Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 203

Văn bản gốc(Tây Tạng)

Trang 17 / 18 (50.000 ký tự/trang)
ྲུ། །གཅིན་ནི་ཁྲག་དང་འདྲ་བར་འཛག །སྨན་པ་མཁས་པར་གྱུར་བ་ཡིས། །དེ་ནི་འཆི་དང་འདྲར་ཤེས་བྱ། །རྟ་གང་སྒྲ་ནི་མི་ཐོས་དང་། །གང་ཞིག་མི་འཕྲོད་

ལ་བརྟེན་ལ། །ཁ་ཟས་དང་ནི་བྲལ་གྱུར་པ། །དེ་ཡང་འཆི་བ་འདྲར་ཤེས་བྱ། །ཤིན་ཏུ་འཁྲུ་ཞིང་མི་ཟད་བྱེད། །བརྒྱལ་རེངས་ཡིད་མི་བདེ་དང་ལྡན། །ཡང་ཞིག་དཀུར་ནི་ལྟ་བྱེད་པ། །དེ་ཡང་སྲོག་ཟད་གྱུར་པ་ཡིན། །གང་ཞིག་རྩ་ནི་མི་ཟ་བར། །རྒྱུན་དུ་སོ་
ནི་འཆའ་བྱེད་ལ། །རྐང་པས་ས་ནི་རྐོ་བྱེད་པ། །དེ་ཡང་འཆི་བར་འགྱུར་ཤེས་བྱ། །གང་གི་ཁ་དང་སྣ་ནས་ནི། །ཁྲག་ནི་རབ་ཏུ་འབྱུང་འགྱུར་ཞིང་། །རྫི་མང་མང་པོར་སྣང་གྱུར་བ། །ཉེ་བར་གྱུར་ཀྱང་མཐོང་མི་ནུས། །མིག་ནི་དམར་ཞིང་འཚུབས་པར་བྱེད། །གཅིན་ནི་
ཁྲག་འདྲ་འབྱུང་འགྱུར་ལ། །སེམས་ཁོང་ཆུད་པར་གྱུར་པ་དག །དེ་འདྲ་འཚོ་བར་འགྱུར་མ་ཡིན། །གང་གི་མིག་ནི་སེར་གྱུར་ཅིང་། །འཁྲུལ་བའི་མིག་གིས་ལྟ་བའམ། །རྐང་པ་ལ་ནི་རྟོག་བྱེད་པ། །རྟ་དེའང་འཆི་བར་འགྱུར་བ་ཡིན། །གང་གི་མིག་ནི་དམར་གྱུར་ཅིང་། །
དཀར་པོའི་ཆ་ནི་མི་མངོན་ལ། །རབ་ཏུ་གཡོགས་པར་གྱུར་པ་གང་། །དེ་ཡང་མྱུར་དུ་མ་རུང་འགྱུར། །འགྲོ་བའི་ཚེ་ན་རྣམ་པར་འཁྱོར། །རྐང་པ་འཛུགས་པར་མི་ནུས་ཤིང་། །འཚེའུ་ཚོ་འཁུམས་པར་བྱེད་པ་དང་། །གཉེའུ་རིངས་གྱུར་བདེ་མི་འཚོ། །རྩིབ་ལོགས་དག་ནི་རེ་རེ་
ཡིས། །ཡང་དང་ཡང་དུ་འབྲེ་བྱེད་ཅིང་། །གསུས་མེ་མཆུ་འཕྱང་ལྕེ་ནག་པ། །འགྲོ་བར་བྱེད་པས་དེ་མི་འཚོ། །འགྲོ་བཞིན་དུ་ནི་ལྕི་བ་དང་། །དཀུ་ལ་ཡང་དང་ཡང་དུ་ལྟ། །ཁ་ནས་བཏུང་བར་གྱུར་པ་རྣམས། །སྣ་ནས་འབྱུང་བར་བྱེད་པ་དང་། །མིག་གིས་མཐོང་བར་མི་
ནུས་ཤིང་། །རྣ་བ་དག་ཀྱང་རེངས་གྱུར་པ། །དེ་ནི་འཆི་བ་དང་འདྲ་བས། །སྨན་གྱི་སྦྱོར་བ་མི་བྱའོ། །གང་ཞིག་རླུང་འཁྱིལ་དྲག་ཏུ་སྤོ། །ཡང་དང་ཡང་དུ་དྲག་ཏུ་འཁྲུ། །འཁྲུ་བ་རིང་དུ་འབྱིན་བྱེད་ཅིང་། །འཁྲུས་ནས་སླར་ཡང་སྦོ་བ་དང་། །གཅིན་དང་རྟུག་པ་ཟད་
གྱུར་ཀྱང་། །རྩ་ནི་ཟ་བར་མི་བྱེད་པ། །དེ་ཡང་འཆི་བ་དང་འདྲ་བས། །སྨན་གྱི་སྦྱོར་བ་མི་བྱའོ། །གང་གི་རྔོག་མ་མཐོར་གྱུར་ཅིང་། །དཀུར་ནི་ལྟ་བར་བྱེད་པ་དང་། །ལྕེ་རྐན་ཁ་དང་མཆུ་གནག་ཅིང་། །འགྲམ་པ་འཐས་པར་གྱུར་བ་དང་། །པགས་པ་སྤུ་དང་

ལུས་དྲིང་། །འཇིག་རྟེན་ཕ་རོལ་འགྲོར་ཤེས་བྱ། །ཁའི་ཚོང་འདྲ་མ་ཤ་རུལ་བའམ། །མདའ་སྒྲོ་བསྲེགས་པ་ལྟ་བུ་ཡི། །རྟ་ནི་གང་ལ་ཡོད་གྱུར་པ། །དེ་ཡང་འཆི་བར་ཤེས་པར་བྱ། །གང་ལ་རྔོ་དང་གཡན་པ་སོགས། །པགས་ནད་འབྱུང་བར་གྱུར་པ་ན། །པགས་
པ་ནག་པོ་ཉིད་འགྱུར་ཞིང་། །སྤུ་ཡི་ཚོགས་ཀྱང་བྱིན་ནས་ནི། །ཆུ་སེར་ཤས་ནི་ཆེ་བ་ཡི། །ཁྲག་ནི་འཛག་པར་བྱེད་གྱུར་པ། །དེ་མཐོང་ནས་ནི་ཟླ་གསུམ་བཅས། །ལྷག་མའི་འཚོ་བར་ཤེས་པར་བྱ། །ལུས་ནི་རྟག་ཏུ་རེངས་པ་དང་། །ཁ་ནས་ཁ་ཆུའི་རྒྱུན་འཛག་
ཅིང་། །ཡང་དང་ཡང་དུ་སྒྲ་འབྱིན་བའི། །འཇིག་རྟེན་ཕ་རོལ་པར་ཤེས་བྱ། །རྟ་གང་ཁ་སྐམ་ལྕེ་དང་ནི། །རྐན་དང་མཆུ་ནི་ནག་པོར་འགྱུར། །མི་རོ་ལྟ་བུའི་དྲི་འབྱུང་བ། །དེ་ཡང་རོ་དང་འདྲ་ཤེས་བྱ། །གང་གི་འབྲས་བུ་ལྐོག་མ་ནི། །རབ་སྐྲངས་མགོ་པོའི་ནད་
ཀྱིས་བཏབ། །ཁ་ཆུ་མདོག་ནི་དུ་མ་འཛག །དེ་ཡང་འཆི་བ་དང་འདྲར་བཤད། །གང་ཞིག་ལུད་པ་མི་བཟད་ལུ། གང་དག་གནས་པར་རྣམ་པར་འགྲོ། །དབུགས་མི་བདེ་ཞིང་རྐང་འཛག་པ། །དེ་འདྲ་བ་ཡང་འཚོ་མི་འགྱུར། །ཟད་བྱེད་ནད་ཀྱིས་བཏབ་གྱུར་
ཀྱང་། །ཡིད་བདེ་ལྟ་བུར་བྱེད་གྱུར་པ། །གང་ལ་མཚན་ཉིད་འདི་ཡོད་པ། །དེ་ཡང་འཆི་བར་ཤེས་པར་བྱ། །མདོག་དང་སྟོབས་དང་སྐད་གསང་ཉམས། །མིག་དང་སྣ་དང་ལུས་སྐྲངས་ཤིང་། །རྣ་བ་མཇུག་མ་བསྐྱོད་མི་ཤེས། །དེ་ཡང་འཆི་བར་
ཤེས་པར་བྱ། །གང་ཞིག་མགོ་དང་དེ་བཞིན་དུ། །རོ་སྟོད་བསྐྱོད་པར་གྱུར་པ་དང་། །ལུད་པ་ལུ་ཚེ་ཁ་ནས་ནི། །ཁྲག་ནི་འབྱུང་བར་བྱེད་པ་དང་། །ལུས་སྐྲངས་གཅིན་ནི་དམར་པོ་འབྱུང་། །དེ་ཡང་རོ་དང་འདྲ་བ་ཡིན། །རྟ་གར་གཅིན་མང་སྣ་ཚོགས་པའི། །
མདོག་ཅན་མེད་དུ་འབྱུང་འགྱུར་ལ། །རྩ་ནི་ཅི་ཡང་མི་ཟ་བ། །དེ་ཡང་རོ་དང་འདྲ་བ་ཡིན། །སྙིང་ག་སྐྲངས་པ་དང་བཅས་པས། །ཤིན་ཏུ་མི་བཟད་ལུད་པ་ལུ། །སྨན་པ་མཁས་པས་མཐོང་གྱུར་ན། །འདི་ནི་མི་འཚོ་ཞེས་བསྟན་བྱ། །རྟ་གང་སྐེ་ནི་ཡང་ཡང་

རྐྱོང་། །འདར་ཞིང་མིག་ནི་དམར་བ་དང་། །ལུས་ལྕི་ཡན་ལག་རེངས་གྱུར་པ། །དེ་ཡང་འཆི་བར་འགྱུར་ཞེས་བྱ། །གང་གི་བུ་གའི་སྒོ་སྐྱ་ཞིང་། །མཆུ་ལྟག་སྐྲངས་པར་གྱུར་པ་དང་། །མིག་ནི་ཐུར་དུ་འགེབས་ཤིང་འགྲོ། །སྤུ་ནི་ཤིན་ཏུ་གཤོར་གྱུར་
པ། །ཡིད་མི་བདེ་བས་རིང་དུ་བདུག །ཕྲག་སོའི་སྟེང་ནི་སྐམ་པོར་སྣང་། །གཉེའུ་རེངས་ཀྱིས་ཀྱང་བཏབ་གྱུར་བ། །རྟ་དེའང་འཚོ་བར་འགྱུར་མ་ཡིན། །རྩོལ་བ་ཆུང་ཞིང་ཆུ་ཉུང་འཐུང་། །ཟས་ཀྱང་ཟ་བར་མི་བྱེད་ཀྱང་། །རྟ་སྦངས་གཅིན་ནི་མང་གྱུར་པ། །དེ་ཡང་
རོ་དང་འདྲ་ཤེས་བྱ། །གང་ཞིག་ཚུལ་ནི་འདི་འདྲ་བའི། །འཆི་ལྟས་སྣང་བར་གྱུར་བ་ན། །དེ་ཡང་ལེགས་པར་སྣང་གྱུར་ན། །གཞན་དུ་འགྱུར་བ་དེ་མ་ཡིན། །ནད་པ་གང་དག་ལུས་འཇམ་ཞིང་། །མདོག་དང་སྤྱོད་བ་མང་གྱུར་ལ། །མིག་དང་སྤྱོད་པ་སྐྱོད་མེད་སྣང་། །
ཐམས་ཅད་དུ་ཡང་སྤྱོད་པ་ཡང་། །དྲོ་གྲང་དུས་ནི་ཅི་བཞིན་ཤེས། །གཅིན་རྟུག་གནོད་པ་མེད་པར་འབྱུང་། །ས་ལ་འགྲོ་བར་གྱུར་ནས་ནི། །སླར་ཡང་ཆུར་འཇུག་པར་མི་བྱེད། །སྨན་གྱི་སྦྱོར་བ་བྱས་པ་ན། །ཕན་དང་གནོད་པའི་ཁྱད་པར་སྣང་། །དེ་ནི་གསོ་བའི་ལས་
རྣམས་ལ། །གྲུབ་པའི་འབྲས་བུ་ཡོད་པ་ཡིན། །དེ་ལྟར་གསོར་སུང་གསོར་མི་རུང་། །ཤེས་ནས་གསོ་བའི་ལས་རྣམས་བརྩམ། །དེ་ལྟར་ཤེས་ནས་གང་སྤྱོད་པ། །སྨན་པ་དེས་ནི་ལས་གྲུབ་འགྱུར། །གསོ་བའི་བྱ་བ་བྱས་ཀྱང་ནི། །འཆོས་པར་
མ་འགྱུར་འཆི་འདོད་པ། །དེ་ལ་སྨན་གྱི་སྦྱོར་བ་ནི། །ཡོན་ཏན་སྐྱེད་པར་འགྱུར་བ་ཡིན། །འཆི་ལྟས་ཀྱི་ནི་མཚན་ཉིད་འདི། །ཡོན་ཏན་མེད་ལ་སྦྱིན་མི་བྱ། །བུ་དང་སློབ་མ་ཡོན་ཏན་གྱི། །སྣོད་ལྡན་རྣམས་ལ་སྦྱིན་པར་བྱ། །
འཆི་ལྟས་བྱུང་བ་གསང་བ་ནི། །ནམ་ཡང་སུ་ལའང་བརྗོད་མི་བྱ། །ཤ་ལི་ཧོ་ཏྲའི་གནས་ཏེ་བརྒྱད་པས་ནད་ཀྱིས་འཆི་ལྟས་བསྟན་པའི་ལེའུའོ།། །།ཤ་ལི་ཧོ་ཏྲ་དྲང་སྲོང་ཆེ། །རྟ་ཡི་ཁང་པ་ལ་དགའ་བ། །ཐོས་ལྡན་བུ་ནི་ལེགས་ཐོས་ཀྱིས། །

ཚིག་ནི་འདི་སྐད་སྨྲས་པར་གྱུར། །ནད་དང་ལྡན་པའི་འཆི་ལྟས་རྣམས། །འདི་དག་ལེགས་པར་ཐོས་ལགས་ལ། །ནད་མེད་རྣམས་ཀྱི་འཆི་ལྟས་ཀྱང་། །གོ་རིམས་བཞིན་དུ་བརྟག་པར་མཛོད། །དེ་སྐད་དྲིས་ཚེ་ལེགས་ལྡན་ནི། །ཤ་ལི་ཧོ་ཏྲས་སླར་སྨྲས་པ། །ནད་མེད་
རྣམས་ཀྱི་འཆི་ལྟས་ཀྱང་། །ལེགས་ཐོས་ཉེ་བར་མཉན་པར་གྱིས། །རྟ་གང་ནད་ནི་མེད་བཞིན་དུ། །ལུས་ཀྱི་ཉམས་ནི་འགྲིབ་པ་དང་། །ཡིད་མི་བདེ་ཞིང་སེམས་ཁོང་ཆུད། །ཕྱིན་ཅི་ལོག་ཏུ་སྣང་གྱུར་ན། །འཚེར་ཡང་ལོག་པར་འཚེར་བྱེད་ཅིང་། །ལོག་པ་ཁོ་ནར་མཐོང་
བར་བྱེད། །དབུགས་ཀྱང་དེ་འདྲར་སྣང་གྱུར་ཅིང་། །ལུས་ནི་དེ་ལྟར་མི་སྡུག་འགྱུར། །དེ་མཐོང་ན་ནི་སྨན་པ་ཡི། །འཆི་བར་ངེས་པར་ཤེས་པར་བྱ། །མང་དུ་ཟ་ཡང་ཉོན་མོངས་བྱེད། །ཁ་ཆུ་མང་དུ་འཛག་བྱེད་ལ། །གཅིན་དང་རྟུག་པ་ཉུང་གྱུར་པ། །དེ་ཡང་མྱུར་དུ་
བརླག་པར་འགྱུར། །ཉི་མའམ་ཡང་ན་མར་མེའམ། །ཟླ་བའམ་ནི་ཆུ་ནང་དུ། །གང་གི་གྲིབ་མ་མི་མངོན་པ། །ཡང་ན་མུན་པའི་ནང་དུ་ནི། །ཤིན་ཏུ་རིང་ངམ་ཐུང་བར་སྣང་། །དེ་ཡང་མྱུར་དུ་འཇིག་པར་འགྱུར། །གང་ཞིག་འགྲོ་བར་བྱེད་པ་ན། །གྲིབ་མ་རྒྱབ་ཏུ་
ཕྱོགས་གྱུར་པའམ། །ཡང་ན་ཉིས་འགྱུར་སྣང་གྱུར་པ། །རྟ་དེའང་འཆི་བར་འགྱུར་བ་ཡིན། །ཕག་གམ་དེ་བཞིན་རྔ་མོའམ། །ཁྱི་དང་འདྲ་བ་སྣང་གྱུར་ཞིང་། །མི་སྡུག་རྟ་དང་མི་འདྲ་བའི། །གྲིབ་མ་གང་ལ་སྣང་གྱུར་པ། །དེ་ཡང་ཡུན་རིང་ནད་ཀྱིས་ནི། །འཆི་
བར་འགྱུར་བ་ཁོ་ན་ཡིན། །ཤིན་ཏུ་དངས་པའི་ཆུ་ལ་ཡང་། །གཟུགས་བརྙན་སྣང་བར་མི་འགྱུར་བའི། །སྐྱོན་དང་བཅས་པར་སྣང་གྱུར་པ། །དེ་ཡང་མྱུར་དུ་འཆི་བར་འགྱུར། །གང་གི་མགོ་ནི་སྟོད་སྨད་དག །མི་འདྲ་བར་ནི་སྣང་གྱུར་ལ། །རྩྭ་ཉུང་ཟ་ཞིང་ཆུ་ལ་
དགའ། །དེ་ཡང་མྱུར་དུ་སྲོག་འཇིག་འགྱུར། །གང་གི་མིག་ནི་མཆི་མས་ཁེངས། །དེ་བཞིན་དབང་པོ་ལོག་པར་འགྱུར། །གང་གི་ལུས་ནི་ཤིན་ཏུ་ཞུམ། །སྐོམ་གྱིས་གདུངས་པ་ལྟ་བུར་སྣང་། །སྦྲང་བུ་རྣམས་ནི་འདུས་ནས་ཀྱང་། །རྒྱུན་དུ་ཆར་པ་མི་བཟད་སྐྱེད། །

དེ་ལྟ་བུ་ཡི་རྟ་དེ་ནི། །སྲོག་ཟད་པར་ནི་ཤེས་པར་བྱ། །གང་ཞིག་རྣ་བས་མི་ཐོས་ཤིང་། །དབང་པོ་ཉམས་པར་སྣང་གྱུར་ལ། །རྩྭ་ཡང་ཉུང་དུ་ཟ་བྱེད་པ། །དེ་ཡང་མྱུར་དུ་འཆི་བར་འགྱུར། །གང་གི་རྣ་བ་རེངས་ནས་ནི། །ཤིན་ཏུ་འགྲེང་བར་སྣང་
བ་དང་། །ཡང་དང་ཡང་དུ་འདུག་བྱེད་ཅིང་། །དྲན་པའང་ཡང་དང་ཡང་དུ་སྟེར། །མིག་ཀྱང་ལིང་ཐོག་དག་གིས་ནི། །ཁེབས་པ་ལྟ་བུ་སྣང་གྱུར་པ། །ཤིན་ཏུ་ལྷོད་པར་སྣང་བ་དང་། །རྣམ་པར་བསྐྱེད་པར་མི་ཤེས་ལ། །རྙོག་ཅན་ཚད་ནི་ཆན་པོར་སྣང་། །དེ་ཡང་
མྱུར་དུ་མ་རུངས་འགྱུར། །གང་ཞིག་ཤིན་ཏུ་སྐྲག་པ་ལྟ། །རྒྱས་བསྡུས་འགུགས་པར་སྣང་བ་དང་། །ལྕེ་ཡང་སྐྲང་ཞིང་རིངས་གྱུར་པ། །དེ་ཡང་མྱུར་དུ་འཆི་བར་འགྱུར། །སྐྲངས་པར་གྱུར་པ་མ་ཡིན་ཡང་། །ཤིན་ཏུ་སྐྲངས་པར་ལྟར་སྣང་ལ། །རྟ་ནི་གང་ལ་སྣང་བར་གྱུར། །
དེ་ནི་ཡུན་རིང་འཚོ་མི་འགྱུར། །གང་ཞིག་པདྨ་དཀར་འདྲ་བས། །མིག་ནི་རྣམ་པར་ཁྱབ་ལྟར་སྣང་། །རབ་རིབ་ཡོད་ཀྱང་མཐོང་གྱུར་པ། །དེ་ཡང་མྱུར་དུ་འཆི་བར་འགྱུར། །མདོ་ལ་སྟོབས་དང་ལྡན་གྱུར་ཞིང་། །སྤྱོད་པ་ལ་ཡང་ཐག་ཐོགས་མེད། །དེ་ནས་མྱུར་དུ་ལུས་
ཞུམ་པ། །དེ་ཡང་མྱུར་དུ་འཆི་བར་འགྱུར། །གང་ཞིག་ཁྲུས་ནི་བྱས་མོད་ལ། །དང་པོ་སྙིང་ག་སྐམས་འགྱུར་ཞིང་། །ལུས་ཀུན་རློན་པར་གནས་གྱུར་པ། །དེ་ནི་ཟླ་ཕྱེད་ལས་མི་འཚོ། །གསོས་ཀྱང་རྟས་པར་མི་བྱེད་ཀྱི། །འགྲིབ་པ་ཚབ་ཆེར་སྣང་གྱུར་ལ། །སྟོབས་དང་
མདོག་ནི་མེད་གྱུར་པ། །དེ་ཡང་ཡུན་རིང་འཆོ་མ་ཡིན། །བྱ་ནི་འཕུར་བར་གྱུར་པ་ན། །ཡུན་རིང་བལྟ་ཞིང་འགྲེང་འདོད་ལ། །དྲན་པ་ཉམས་ཀྱང་དགའ་དགའ་ལྟར། །ཡང་དང་ཡང་དུ་འཚེར་བར་བྱེད། །རྟ་དེ་ཚེ་ནི་ཐུག་ཟོས་པས། །རིང་པོར་ཐུབ་པར་འགྱུར་མ་ཡིན། །
བུ་གའི་ཆོགས་རྣམས་སྐམ་གྱུར་ཞིང་། །བློ་ཡང་ཤིན་ཏུ་འགྲིབ་པར་འགྱུར། །ལུས་ཀྱི་ཁྲག་ཀྱང་འགྲིབ་འགྱུར་ཅིང་། །སྤྱི་བག་སྤྱོད་ཀྱང་འབྱར་མི་བཏུབ། །ལུས་ལས་དྲི་ནི་མི་ཞིམ་འབྱུང་། །སྐད་གསང་མདོག་ཀྱང་ཉམས་གྱུར་པ། །ལུས་ཀྱིས་ཀྱང་ནི་ཚ་གྲང་དང་། །འཇམ་

རྩུབ་ཚོར་བར་མ་གྱུར་པའམ། །ཕྱིན་ཅི་ལོག་ཏུ་གྱུར་བ། །རྟ་དེའང་འཆི་བར་འགྱུར་བ་ཡིན། །ཟས་དང་སྤྱོད་ཚུལ་ཐམས་ཅད་ལ། །ཐམས་ཅད་དུ་ནི་འགྱུར་བ་སྟོན། །བློ་དང་ལྡན་པས་དེ་ལྟ་བུ། །སེམས་ཉམས་པར་ནི་ཤེས་པར་བྱ། །མཚན་མར་སྣང་བ་འདི་དག་གིས། །
ཉམས་པར་འགྱུར་བར་ཤེས་པར་བྱ། །ཤ་ལི་ཧོ་ཏྲའི་གསང་བའི་གནས་ཏེ་བརྒྱད་པ་ལས་ནད་མེད་པའི་འཆི་ལྟས་བསྟན་པའི་ལེའུའོ།། །།ཤ་ལི་ཧོ་ཏྲ་དྲང་སྲོང་མཆོག །བསྟན་བཅོས་ཀུན་ལ་འཇིགས་མེད་པ། །ཐོས་ལྡན་བུ་ནི་ལེགས་ཐོས་ཀྱིས། །དུལ་དང་ལྡན་པས་
དྲིས་གྱུར་བ། །ཕོ་ཉ་འོངས་དང་ལམ་དང་ནི། །ཁྱིམ་དུ་འཇུག་ཚེ་ཤེས་བྱ་དང་། །ནད་ལ་མཐོང་བར་གྱུར་པ་དང་། །ལས་ནི་རྩོམ་པར་གྱུར་པ་ན། །ཤིས་དང་མི་ཤེས་མཚན་ཉིད་དག །འདི་ནི་ལེགས་ལྡན་བསྟན་པའི་རིགས། །བུ་ཡིས་དེ་སྐད་དྲིས་པ་དང་། །ཤ་ལི་ཧོ་ཏྲས་
སླར་སྨྲས་པ། །འདི་ནི་རྟ་ཡི་ཕོ་ཉ་ཡི། །མཆན་ཉིད་ང་ཡིས་བཤད་པར་བྱ། །ནད་པའམ་ཞུམ་པའམ་རྟགས་ཅན་ནམ། །ཡང་ན་གོས་ནི་དྲི་མ་ཅན། །སྡང་དང་གདུག་པའི་ལས་ཅན་དག །ཕོ་ཉར་འོངས་པ་མཐོང་གྱུར་ན། །སྨན་པ་མཆོག་གིས་ན་བ་ཡི། །རྟ་དེ་འཆི་
བར་ཤས་པར་བྱ། །ནད་པའི་དོན་དུ་ཕོ་ཉ་ནི། །རྟ་དང་རྔ་མོ་མི་ལ་ནི། །ཞོན་ཏེ་འོངས་པར་མཐོང་གྱུར་ན། །རྟ་དེ་འཆི་བར་ཤེས་པར་བྱ། །ཕོ་ཉར་བུད་མེད་འོངས་པའམ། །མགོ་རེག་སྐྲ་བཅིངས་རལ་པ་ཅན། །གོས་ནི་རྡུལ་ཅན་གྱོན་པའམ། །ཡང་ན་ནག་གམ་རྙོག་ཅན་
གྱོན། །མཐོང་ན་སྨན་པས་རྟ་གསོའི་ཕྱིར། །དེར་ནི་འགྲོ་བར་མི་བྱའོ། །གང་ཞིག་གོས་དམར་རློག་པ་ཡིས། །ལུས་ནི་ཀུན་ནས་དཀྲིས་གྱུར་ཅིང་། །སྨན་པས་དྲིས་པར་འགྱུར་བ་ན། །མེད་ཅིང་བྱ་བའི་ཚིག་སྨྲ་དང་། །སོ་འདར་བ་དང་དེ་བཞིན་དུ། །སེན་མོ་ཕན་ཚུན་འདར་
བདེ་ལ། །སྐྲ་དང་ཁ་སྲུ་རྒྱུ་མེད་པར། །ཤིན་ཏུ་སྦུག་ཅིང་ཉེད་བྱེད་པའི། །ཕོ་ཉ་འོངས་པར་མཐོང་གྱུར་ན། །སྨན་པ་དེར་ནི་འགྲོ་མི་བྱ། །རྩྭ་དང་ཤིང་དང་རྡོ་བ་དག །གཅོད་དམ་བཅོད་པར་བྱེད་པའམ། །ཡང་ན་བཅོད་ཅིང་ཉེད་པའམ། །སྐྲ་དང་ཐལ་བ་

འཐོར་བྱེད་པ། །དེ་ལྟ་བུ་ཡི་ཚུལ་སྟོན་པ། །ཡོངས་སུ་སྤང་བར་བྱ་བ་ཡིན། །ཐལ་བ་ཕྱག་དར་སོལ་ཕུབ་དང་། །གྱོ་མོ་བདར་བར་བྱེད་བཞིན་དུ། །ཕོ་ཉ་འོངས་པར་གྱུར་ན་ནི། །དེས་ནི་དོན་ནི་འགྲུབ་མི་འགྱུར། །སྐྱེས་བུ་ལག་ན་འཁར་ཐོགས་པ། །ཁྲོས་
པའམ་ཤིན་ཏུ་ཞུམ་པ་ཡི། །ཡང་ན་མིག་ནི་མཆི་མས་ཁེངས། །གོས་དང་ཕྲེང་བ་དམར་པོ་ཐོགས། །གང་གི་ཕོ་ཉ་འདི་འདྲ་བ། །རྟ་ནི་དེ་རུ་འཚོ་མི་འགྱུར། །རྣ་བཅད་ཡན་ལག་ཉམས་པ་དང་། །ཡང་ན་ཅུང་ཟད་ཚིག་གྱུར་བ། །ཁ་ནས་མི་ཤིས་ཚིག་སྨྲ་བའམ། །ཡང་
ན་ཡིད་ལ་མི་དགེ་སེམས། །སྨན་པ་ཉམས་ཚེ་འོངས་གྱུར་ན། །དེ་ཡང་ངེས་པར་བརླག་པར་འགྱུར། །ཤིའོ་ཚིག་གོ་ཉམས་སོ་ཞེས། །གཏམ་ནི་སྒྲོགས་པར་བྱེད་པའམ། །མི་ཤིས་པ་ནི་གཞན་སྨྲ་བ། །ཕོ་ཉ་དེས་ཀྱང་འཆི་འདོད་སྟོན། །ཕོ་ཉ་གང་གི་མདུན་ན་ནི། །
མཚུན་གཏོར་བྱེད་པའི་རྫས་ཐོགས་པའམ། །ཤིང་རྟ་ཆག་གྱུར་མཐོང་ན་ནི། །དེ་ཡང་སྤང་བར་བྱ་བ་ཡིན། །གང་གི་མདུན་ན་ཆུ་ཡི་ནི། །བུམ་པ་ཆག་པ་མཐོང་གྱུར་པ། །ནད་པ་དེ་ནི་འཆི་འདོད་ཅིང་། །འཇིག་རྟེན་གཞན་དུ་འགྲོ་ཤེས་བྱ། །སོག་མ་ཕུབ་མ་ཉའི་
རུས་པ། །སྐྲ་དང་ཤ་དང་སེན་མོ་སོ། །ཞིབ་མ་གཏུན་དང་མཆིལ་ལྷམ་དང་། །ཐལ་བ་དང་ནི་ཕྱག་དར་དང་། །རྩྭ་དང་ཤིང་དང་སོལ་བ་དང་། །བོད་པ་ལ་ཡང་རེག་བྱེད་དང་། །ཤིང་དང་སྔོན་པོའི་གོས་གྱོན་པའམ། །མི་རོའི་རྒྱན་གྱིས་བརྒྱད་པའམ། །བཅོམ་དང་ཉམས་
དང་རླག་པ་དང་། །ཚིག་དང་ཆག་དང་དེ་བཞིན་ཤིང་། །དེ་ལ་སོགས་པ་གཞན་དག་ཀྱང་། །མཐོང་ངམ་ཐོས་སམ་རེག་གྱུར་བ། །ཕོ་ཉ་འོངས་པའི་ཐོག་མར་ནི། །སྣང་བར་གྱུར་ན་དེ་མི་འཚོ། །ཕོ་ཉ་འོངས་བར་གྱུར་པ་ན། །རྟ་ཡི་ཚུལ་ནི་དྲིས་པའི་ཚེ། །ནན་གྱིས་
མི་ཤས་སྨྲར་བཅུག་པ། །དེ་འདིར་བརྟག་པར་བྱ་མ་ཡིན། །ཕོ་ཉ་འོངས་བར་གྱུར་པའི་ཚེ། །རོ་ནི་ཡིད་དུ་མི་འོང་པའམ། །ཡང་ན་བཤང་བའམ་གཅི་བ་ཡི། །དྲི་མ་གློ་བུར་བྱུང་གྱུར་པའམ། །འདྲི་བའི་ཚེ་ན་བྱུང་གྱུར་ན། །སྨན་པས་དེ་ནི་སྤང་བར་བྱ། །གསོ་བའི་

གནས་སུ་སོང་བ་དང་། །ནད་པ་མཐོང་བར་གྱུར་བ་དང་། །ལས་ནི་རྩོམ་པར་བྱེད་པ་དང་། །མཚན་མ་མཐོང་བ་བཤད་པར་བྱ། །དམོད་མོ་འདེབས་པའམ་བརྡེག་བའམ། །བཟློག་པའམ་ནི་སྨོད་པའམ། །གོས་དང་གཙུག་ཏོར་སྟོད་གཡོགས་དང་། །ཕྱུགས་
དང་བྱ་ཡི་ཚོགས་རྣམས་དང་། །ཤིང་རྟ་དང་ནི་གླང་པོ་ཆེ། །དེ་འདྲ་འཇིག་པར་འགྱུར་བ་དང་། །གདུགས་དང་རྒྱལ་མཚན་བ་དན་དག །བསྒྲེང་བ་འགྱེལ་བར་མཐོང་བ་དང་། །སྣོད་ནི་གང་བར་གྱུར་པ་དག །མངོན་གསུམ་དུ་ནི་ཆག་གྱུར་བ། །བཅོམ་དང་ཡིད་དུ་མི་འོང་
དང་། །མཆིལ་མ་ཐལ་བ་འཐོར་བ་དང་། །ལམ་ནི་འགེགས་པར་མཐོང་གྱུར་ན། །ནད་པ་ཡི་ནི་སྲོག་ཟད་འགྱུར། །འཇུག་ཚེ་བུམ་པ་གང་དང་མེ། །རྒུན་འབྲུའི་འབྲས་བུ་མར་དང་ནི། །ཁྱུ་མཆོག་བྲམ་ཟེ་རིན་པོ་ཆེ། །ལྷ་ནི་ཕྱིར་འབྱུང་མཐོང་གྱུར་ན། །སྨན་པས་དེར་ནི་ན་བ་
ཡི། །རྟ་དེ་འཚོར་མི་འགྱུར་ཤེས་བྱ། །ཐལ་བས་གང་བའི་སྣོད་དང་ནི། །ཀུན་ནས་ཆག་པར་གྱུར་བ་དང་། །ཉམ་ཆུང་བའམ་ཆག་གྱུར་བ། །ཐལ་བ་ཕུབ་མ་སོལ་བ་དག །ཁྱིམ་གང་དུ་ནི་འཇུག་མཐོང་ན། །དེར་ནི་རྟ་དེ་འཆི་མི་འགྱུར། །ཟས་དང་སྐོམ་དང་སྨན་རྣམས་ནི། །
དེ་བཞིན་ལོངས་སྤྱོད་གཞན་དག་ནི། །རོ་ལ་བྱེད་པ་ལྟར་བྱེད་ན། །རྟ་དེ་འཚོ་བར་འགྱུར་མ་ཡིན། །ནད་པའི་གན་ན་གནས་པ་དག །ཕན་ཚུན་སྤྱོད་པ་བྱེད་པ་ན། །ཤིན་ཏུ་རྨོངས་པ་ལྟར་འཇུག་ན། །དེ་ཡི་སྲོག་ཀྱང་རྙིད་པར་དཀའ། །དུད་པ་སོལ་བ་འཐོར་བྱེད་དང་། །དེ་བཞིན་
ཁྲི་ནི་གཅོག་བ་དང་། །སྦེད་པའམ་ཡང་ན་མི་སྙན་སྨྲ། །ཡང་ན་སྣོད་ནི་གཅོག་པའམ། །གསོ་བ་ལས་ནི་ཟློག་བྱེད་པ། །གལ་ཏེ་སྨན་པས་མཐོང་གྱུར་ན། །དེར་ཡང་ནད་པ་དེ་ཡི་ནི། །སྲོག་ཟད་གྱུར་པར་ཤེས་པར་བྱ། །ཐལ་བས་བསྐུས་པའམ་ཚིག་པའམ། །འདམ་གྱིས་
བསྐུས་པར་འགྱུར་པའམ། །སྨྱོན་པའམ་རྫ་མཁན་མཐོང་གྱུར་ན། །དེ་ནི་འཆི་བར་སྟོན་པ་ཡིན། །སྐྱེས་བུ་གདོལ་བ་མཐོང་བ་དང་། །ཡང་ན་ཏིལ་མར་གྱིས་བསྐུས་མཐོང་། །ཤིན་ཏུ་ཉམས་པར་མཐོང་གྱུར་ན། །དེ་ཡང་མ་རུང་འགྱུར་ཤེས་བྱ། །གློ་བུར་ནས་ནི་དྲི་ང་བ། །བྱུང་

ན་དེ་ནི་འཆི་བར་འགྱུར། །སྨན་པ་ཡིས་ནི་མངོན་སུམ་དུ། །བྲམ་ཟེའི་ཁྱིམ་ནས་ཆུའམ་ནི། །མར་སྣོད་ཐོགས་ཏེ་སོང་གྱུར་ན། །དེ་ཡང་འཚོ་བར་འགྱུར་མ་ཡིན། །གང་ཞིག་ཨག་ཚོམ་དེ་བཞིན་དུ། །མཇུག་མ་ཉེད་ཅིང་ཕྱི་བྱེད་ན། །དེ་འདྲའི་མཚན་མ་
མཐོང་ན་ཡང་། །སྲོག་ཟད་པར་ནི་ཤེས་པར་བྱ། །སྨན་གྱིས་རྣམ་པ་ཐམས་ཅད་དུ། །ནད་ནི་བསལ་བར་མ་ནུས་པ། །གང་ཡིན་དེ་ནི་མྱུར་བ་དུ། །འཆི་བར་འགྱུར་བར་ཤེས་པར་བྱ། །དེ་ལྟར་མི་ཤིས་གྱུར་པ་ཡི། །མཚན་ཉིད་རྒྱས་པར་བསྟན་པ་ཡིན། །དེ་ནས་གཞན་
ཡང་ཤིས་པ་དག །བཤད་ཀྱིས་ད་ལས་མཉན་པར་གྱིས། །གཙང་ཞིང་ཀུན་སྤྱོད་བཟང་དང་ལྡན། །ས་ཕྱོགས་ཡིད་འོང་ཉམས་དགའ་བར། །ཕོ་ཉ་འོངས་གྱུར་མཐོང་ན་ནི། །ལས་གྲུབ་པར་ནི་ཤེས་པར་བྱ། །བཅུ་བཞི་ཆོས་དགུ་མ་ཡིན་དང་། །དེ་བཞིན་བཅུ་བཞི་མ་
ཡིན་ཞིང་། །མཚན་ཕྱེད་དང་ནི་ཉི་མ་གུང་། །དུས་སུ་མ་ཡིན་ན་བ་མིན། །ཤིས་ཤིང་གནོད་པ་མེད་པ་ཡི། །ཡུལ་དང་དུས་སུ་ཅི་བཞིན་འོངས། །སྨན་པས་དེར་ནི་འོངས་པ་ལས། །ལས་གྲུབ་པར་ནི་ཤེས་པར་བྱ། །ལམ་དུ་འགྲོ་བར་གྱུར་པ་ན། །ཤིས་པའི་མཚན་མ་
བཤད་པར་བྱ། །ཞོ་དང་འབྲས་བུ་མ་གནང་དང་། །སྐྱེས་བུ་དྲེགས་དང་ལྡན་པ་དང་། །ཁྱུ་མཆོག་དང་ནི་བུམ་པ་གང་། །མཐོང་ན་འགྲུབ་པར་སྟོན་པ་ཡིན། །རྒྱལ་པོ་དང་ནི་དེད་དཔོན་དང་། །དེ་བཞིན་གདུགས་དཀར་མཐོང་བ་དང་། །བྲམ་ཟེ་ལག་པ་ཁེངས་དག་ནི། །
མཐོང་ན་ལས་རྣམས་འགྲུབ་པར་འགྱུར། །ན་ཆུང་དགའ་སྟོན་བྱེད་པ་དང་། །དེ་བཞིན་རིན་ཆེན་མཐོང་བ་དང་། །ཕྱུགས་གཅིག་བཏགས་པར་གྱུར་བ་དང་། །དེ་བཞིན་མེ་ནི་འབར་བ་དང་། །དྲི་དང་ཕྲེང་བ་ཤིས་པ་དང་། །བུད་མེད་བཟང་དང་རྒོད་མ་དང་། །ས་ནི་འདེགས་
པར་བྱེད་པ་དག །མཐོང་ན་ལས་ནི་འགྲུབ་པར་འགྱུར། །བུད་མེད་རིན་ཆེན་རྣམས་ཀྱི་ནི། །རྒྱན་གྱིས་བརྒྱན་ཅིང་བཀྲ་ཤིས་སྨྲ། །འབྲས་བུས་གང་བའི་སྣོད་དང་ནི། །ཆང་དང་སྦྲང་རྩིས་གང་བ་དང་། །དྲི་དང་སྒྲ་ནི་ཡིད་འོང་དང་། །གོས་དཀར་རོ་ནི་མངར་བ་ཡང་། །

མཐེང་ངམ་ཐོས་ན་བློ་ལྡན་པས། །དོན་གྲུབ་བར་ནི་ཤེས་པར་བྱ། །ཕྲེང་བ་སར་བ་ཡིད་འོང་བ། །དེ་བཞིན་ཟས་སྐོམ་བཟང་པོ་དང་། །ཤིང་རྟ་མི་དང་བཅས་པ་དག །མཐོང་ན་དགེ་བར་བཤད་པ་ཡིན། །རྒྱལ་མཚན་སྒྲེང་བར་གྱུར་བ་དང་། །བ་དན་གྱིས་བརྒྱན་མཐོང་བའམ། །
གླང་པོ་ར་རོ་མཐོང་གྱུར་ན། །བློ་ལྡན་གྲུབ་པར་ཤེས་པར་བྱ། །ལྷ་དང་དེ་བཞིན་བྲམ་ཟེ་དང་། །སྐྱེས་བ་བུད་མེད་ཆས་དང་ལྡན། །པདྨ་འདབ་བརྒྱད་དང་བ་དང་། །ས་ར་ལ་དང་རྨ་བྱ་དང་། །ཡུངས་དཀར་དང་ནི་སཱ་ལའི་ཤིང་། །དེ་བཞིན་གི་ལྦཾ་ཉིད་དག་ནི། །ལམ་དུ་མཐོང་ན་
སྨན་པ་ཡིས། །དོན་གྲུབ་པར་ནི་ཤེས་པར་བྱ། །གང་ན་ཁྱུ་མཆོག་བཟང་པོ་ནི། །ལམ་ཀ་ན་ནི་སྣང་གྱུར་ན། །དེ་ནི་རྙེད་པ་དང་བཅས་པར། །བྱ་བ་ཐམས་ཅད་འགྲུབ་པར་འགྱུར། །ཤིང་རྟ་ས་ཡིས་གང་བ་ནི། །བ་བཞི་ཡིས་ནི་དྲངས་གྱུར་པའམ། །ཡང་ན་འབྲུ་ཡིས་
གང་གྱུར་པ། །མཐོང་ན་དོན་ནི་འགྲུབ་པར་འགྱུར། །ཤིན་ཏུ་བདེ་ལེགས་སྒྲ་དང་ནི། །མི་ནི་ལགས་ན་པདྨ་ཐོགས། །གང་ཞིག་བྲམ་ཟེ་དགེ་སྦྱོང་མཆོད། །བརྒྱན་ཅིང་ཡིད་ལ་རེ་བ་རྫོགས། །དེ་ལས་གང་ཡང་རུང་བ་ནི། །མཐོང་ན་དོན་ནི་འགྲུབ་པར་འགྱུར། །ཁྱིམ་
དུ་འཇུག་ཚེ་བུམ་པ་གང་། །མཚན་མ་སྣ་ཚོགས་ཀྱིས་བརྒྱན་དང་། །དེ་བཞིན་བུད་མེད་རྒྱན་ཅན་དག །མཐོང་ན་ལས་ནི་འགྲུབ་པར་འགྱུར། །དྲི་ཞིམ་མདོག་ནི་བཟང་པོ་དང་། །དེ་བཞིན་རོ་ནི་མངར་ཞིང་གཙང་། །བྱ་དང་རི་དགས་མི་རྣམས་ཀྱི། །སྒྲ་སྐད་སྙན་པ་
ཐོས་ན་དགེ །གདུགས་དང་རྒྱལ་མཚན་བསྒྲེང་བ་དག །འཇུག་པའི་ཚེ་ན་མཐོང་གྱུར་ན། །བློ་ལྡན་དོན་གྲུབ་ཤེས་པར་བྱ། །དུད་དང་རྫ་རྔ་རྔ་བོ་ཆེ། །སྒྲ་ནི་སྙན་ཅིང་སྒྲ་ཆེ་དང་། །གླུ་གར་རོལ་མོའི་སྒྲ་དག་དང་། །སྙན་པའི་སྒྲ་ནི་སྐོར་ཕྱོགས་འགྲོ། །གནས་སུ་
འཇུག་ཚེ་ཐོས་གྱུར་ན། །བློ་ལྡན་དོན་གྲུབ་ཤེས་པར་བྱ། །མཛའ་བོ་ཆུ་ལྷ་སྐེམ་བྱེད་དང་། །ཉི་མ་ཟླ་བ་རྒྱ་མཚོ་ཆེ། །དགའ་བྱེད་དང་ནི་ཁྱབ་འཇུག་དང་། །ཚངས་པ་ལྷ་ཆེན་མི་ཐུབ་དང་། །བརྒྱ་བྱིན་དང་ནི་རྣམ་ཐོས་སྲས། །ཐ་སྐར་གཉིས་དང་ཚོགས་དང་རླུང་། །

མིང་ནི་སྒྲོགས་པར་བྱེད་པ་དག །དོན་གྲུབ་པར་ནི་སྟོན་པ་ཡིན། །དད་པར་བྱེད་དང་རྗེས་མཐུན་དང་། །ནོར་ནི་མང་པོ་བསགས་པ་དང་། །ལས་ཀྱི་མཐའ་ནི་གྲུབ་པ་དང་། །དེ་བཞིན་དགེ་བར་སྨྲ་བ་དང་། །དབུགས་འབྱིན་བྱེད་ཅིང་ཉུག་པ་དང་། །དེ་བཞིན་
སྨན་ནི་འཐུང་པ་དང་། །གྲུབ་པའི་ཕྱིར་ནི་བྱེད་པ་དང་། །དེ་ནི་ནད་མེད་འགྱུར་རྟགས་ཡིན། །སྨན་རྣམས་རྙེད་པར་འགྱུར་བ་དང་། །དེ་བཞིན་དགའ་བ་ཐོབ་པ་དང་། །སྨན་ནི་སྣ་ཚོགས་སྦྱོར་བ་དང་། །བྱེད་པར་མཐོང་ན་འགྲུབ་པར་འགྱུར། །མཚན་ཉིད་ཐམས་ཅད་ཕུན་
སུམ་ཚོགས། །དགེ་བ་ཐམས་ཅད་འདོད་གྱུར་བ། །ལྟས་འདི་ལས་ནི་ནད་མེད་པའི། །དོན་གྲུབ་བར་ནི་འགྱུར་བ་ཡིན། །དེ་ལྟར་ཕོ་ཉའི་གནས་སྐབས་སུ། །རྟགས་ནི་འདི་དག་བསྟན་པ་དང་། །ནད་ཀྱིས་བཏབ་པར་གྱུར་བ་ཡི། །གསོར་རུང་མི་རུང་སྟོན་པ་ཡིན། །ལམ་དང་ཁྱིམ་དུ་
འཇུག་པ་ན། །ནད་པ་མཐོང་བར་གྱུར་པ་དང་། །ལས་ནི་རྩོམ་པར་གྱུར་བའི་ཚེ། །འདིས་ནི་འགྲུབ་དང་མི་འགྲུབ་སྟོན། །འཆི་ལྟས་གསང་བའི་འདི་དག་ནི། །ཡང་དག་ཉིད་དུ་ཤེས་པར་བྱ། །འདི་དག་ཐམས་ཅད་གང་གིས་ནི། །ཡང་དག་ཤེས་ཏེ་སྨན་པའི་མཆོག །ལེགས་
ལྡན་ཤ་ལི་ཧོ་ཏྲ་ཡིས། །དེ་སྐད་རྗེས་བསྟན་སྨྲས་པ་ཡིན། །ཤ་ཡི་ཧོ་ཏྲའི་གནས་བརྒྱད་པ་ལས་གསང་བའི་གནས་ཏེ་ཕོ་ཉའི་ལས་བསྟན་པའི་ལེའུའོ། །རྟའི་ཚེའི་རིག་བྱེད་རྫོགས་སོ།། །།ཤ་ལི་ཧོ་ཏྲ་ཐུབ་ཆེན་ལ། །ལེགས་ཐོས་ཀྱིས་ནི་ཡང་དྲིས་བ། །ལེགས་ལྡན་
ཆོས་རྣམས་ཐམས་ཅད་མཁྱེན། །བསྟན་བཅོས་ཀུན་གྱི་ཕ་མཐར་བྱིན། །གསང་བ་དང་ནི་བཅས་པའི་གནས། །ལེགས་ལྡན་གྱིས་ནི་སྔར་གསུངས་གང་། །ཁྱེད་ཀྱི་དྲིན་གྱིས་ལེགས་པར་ནི། །དེ་ཉིད་མཉན་པར་འཚལ་ལགས་སོ། །བློ་ལྡན་དེ་སྐད་འདྲི་བ་དང་། །ཤ་ལི་ཧོ་ཏྲས་
སླར་སྨྲས་པ། །གསང་བ་ལེགས་རབ་རྙེད་དཀའ་དང་། །ཕྱེ་མ་ཏིལ་མར་སྨན་མར་དང་། །བཅུད་ཀྱིས་ལེན་ནི་བཟང་པོ་དང་། །རོ་ཙ་བ་ཡི་མཆོག་གྱུར་བ། །འདོད་ནས་གནས་ཤིང་བསླབ་བྱ་བ། །བཤད་ཀྱི་བུ་ཡིས་མཉན་པར་གྱིས། །པི་པི་ལིང་དང་བཅའ་ལྒ་དང་། །

བྱི་དང་ག་དང་ལན་ཚྭ་རྣམས། །པི་ཙུ་མར་ད་པ་ཏོ་ལ། །ཨ་རུ་ར་དང་ན་ལེ་ཤམ། །བ་རུ་ར་དང་སྐྱུ་རུ་ར། །ཡུངས་ཀར་ཤིང་ཀུན་ཙི་ཏྲ་ཀ །ཐང་ཤིང་དང་ནི་པ་ལ་ཤ། །དུག་མོ་ཉུང་ཤུན་ཙུ་ཀ་དང་། །ཨར་ཀའི་རྩ་བ་བོང་བ་དང་། །སཔྟ་པརྞ་ཤིང་ཚ་དང་། །ཏེ་ཛོ་བ་ཏི་ཛི་བ་ཏི། །ཀཎྜ་
ཀ་རི་བྲྀ་ཧ་ཎི། །ཨ་མྲའི་ཚི་གུ་སྲུ་སྲུའི་རྩ། །དེ་བཞིན་སྤང་སྤོས་ཀད་ཕ་ལ། །སེའུ་འབྲུ་དང་ནི་ཏི་ཀ། །ཤུ་དག་རུ་རྟ་སྟར་བུ་དང་། །བྱི་ཚེར་བ་དང་སེར་བོ་གཉིས། །དུར་བྱིད་ཏིག་ཏ་རོ་ཧི་ནི། །ནས་ཚིག་འཁུས་ཐལ་ས་ཛི་ཀ །ཧ་རེ་ཎུ་ཀ་ཀྱི་ལྕེ་བ། །ཤུ་ཏི་དང་ནི་མ་ནུ་དང་། །
སླེ་ཏྲེས་དང་ནི་བི་ཤ་ལ། །པི་པི་ལིང་རྩ་དབྱི་མོང་དང་། །དེ་བཞིན་ཧ་རི་པི་པི་ལིང་། །རྒྱ་ཤུག་དང་ནི་དྲ་བན་ཏི། །ཨ་ཤྭ་གནྡྷ་དན་བྱ་དང་། །ཨ་ཛ་མོ་དང་ཟི་ར་ལྔ། །སོ་མ་ཀུན་རྩི་ལ་ལ་ཕུད། །ཤེའུ་ཤིང་དང་དུག་མོ་ཉུང་། །དེ་བཞིན་ཀར་ཀ་ཏ་ཤྲི་ཀ །ཏ་མ་ལ་ག་ག་བྲའི་རྩ། །
ཀེ་ར་ཏ་དང་བུ་ནིམ་པ། །པར་བ་ཏ་དང་གླ་སྒང་དང་། །བྲི་ཡང་ཀུ་དང་བ་ལུ་ཀ །བྲྀ་ཤྩ་ཀ་ལི་སོ་ན་ཀ །གཟེ་མ་དང་ནི་གཡེར་མ་རྣམས། །དེ་དག་ཆ་ནི་མཉམ་བྱས་པ། །ཕྱི་མ་ཞིབ་མོར་བཏགས་པར་བྱ། །ཕྱི་མ་དག་ནི་སྲང་གཅིག་དང་། །ཆང་སྦྱར་བ་ནི་བླུད་པར་བྱ། །ཡང་ན་ཉ་ཁུ་
ཆུའམ་ནི། །ཆུ་ཚན་དང་ནི་སྦྱར་བ་བླུད། །དེ་ཡིས་རྟ་ནི་གང་ཞིག་གི །མེ་དྲོད་ཉམས་དང་མ་སྙོམས་དང་། །ཁོང་པའི་སྲིན་བུ་རྣམས་དང་ནི། །ཟད་བྱེད་ཚངས་པར་འཁྲུ་བ་སེལ། །བ་གཅིན་དང་ནི་སྦྱར་ནས་ཀྱང་། །དེ་ལ་བླུད་པར་གྱུར་ན་ནི། །འདི་ལ་རྟ་ཡི་སྒོམ་དང་དག །
མཆོག་ཏུ་སེལ་བར་བྱེད་པ་ཡིན། །ཤ་ལི་ཧོ་ཏྲའི་གཞུང་བསྒྲུབ་པ། །རྟ་ཡི་སྟོངས་སྐྱེད་བྱེད་པ་ཡིན། །གསང་བའི་གནས་ཏེ་བརྒྱད་པ་ལས་ཕྱི་མ་བདུན་ཅུ་རྩ་ལྔ་བའོ།། །།ཚ་བ་གསུམ་དང་འབྲས་བུ་གསུམ། །ཤིང་ཀུན་པི་པི་ལིང་རྩ་བ། །ཏིན་ཏི་ལི་ཀ་སེའུ་
འབྲུ་དང་། །སྟར་བུ་རྒྱམ་ཚ་ཀྲུ་ཏྲུག་ཏྲེས། །ཕ་ཐ་གླ་སྒང་གཡེར་མ་དང་། །ཤིང་ཚ་སུག་སྨེལ་གཡེར་མ་དང་། །ཀར་ཀ་ཏ་སྲིང་ཧ་པུ་ཤ། །བྱི་དང་ག་དང་ཁ་རུ་ཚ། །ཤུ་དག་ཐང་ཤིང་དུར་བྱིད་དང་། །དུག་མོ་ཉུང་དང་བོང་ར་དང་། །བ་ཐ་མ་ནུ་ག་བྲའི་རྩ། །ཡ་བཀྵ་

ར་བུ་ཙེ་ཤེལ། །འདི་དག་ཆ་ནི་མཉམ་བྱས་ནས། །ཕྱེ་མ་ཞིབ་མོ་ཉིད་དུ་བཏགས། །ཕྱེ་མ་ཁྱོར་གང་ཆང་དང་ནི། །སྦྱར་བ་རྟ་ལ་བླུད་གྱུར་ན། །རླུང་དང་བད་ཀན་ནད་རྣམས་དང་། །དེ་བཞིན་མེ་དྲོད་ཉམས་པ་དང་། །ནད་ཀུན་སེལ་ཅིང་སྟོབས་སྐྱེད་
ལ། །སྲིན་བུའི་ནད་ནི་སྦྱོང་བར་བྱེད། །ཏིལ་མར་ཡང་ན་མར་སྦྱར་བའི། །ཕྱེ་མ་སྣུམ་ཅན་མེ་དྲོད་སྐྱེད། །མཁྲིས་དང་བད་ཀན་ལས་གྱུར་བ། །ལྦ་ར་སྦྲང་རྩི་དང་སྦྱར་སྦྱིན། །རླུང་ལས་གྱུར་བའི་ནད་རྣམས་དང་། །གཉེའུ་རེངས་དང་ལྐོག་ནད་དང་། ཁ་ཡི་ནད་ནི་ཐམས་
ཅད་ལ། །སྦྲང་ཆང་དང་སྦྱར་སྦྱིན་ན་ཕན། །སྦེག་དང་ཟད་བྱེན་ཅན་ལ་ནི། །ཤ་ཁུ་དང་ནི་སྦྱར་ཏེ་སྦྱིན། །གལ་ཏེ་འདི་དག་མ་རྙེད་ན། །དར་བའམ་མཆུ་ཚན་དང་སྦྱར་སྦྱིན། །སྨན་པ་ཡི་ནི་རྟའི་གནས་དང་། །ཉེ་བར་རྟག་ཏུ་འདི་གཞག་བྱ། །ཚ་བ་གསུམ་ལ་སོགས་པའི་ཕྱེ། །
ཤ་ལི་ཧོ་ཏྲས་བཤད་པ་ཡིན། །ཤ་ལི་ཧོ་ཏྲའི་གསང་བའི་གནས་ཏེ་བརྒྱད་པ་ལས་ཚ་བ་གསུམ་ལ་སོགས་པའི་ཕྱེ་མ་བསྟན་པའོ།། །།ཚ་གསུམ་པི་པི་ལིང་མཱུ་ཡ། །ཤུ་དག་ཅི་ཏྲ་འབྲས་བུ་གསུམ། །ཐལ་སྨན་གཉིས་དང་ལན་ཚྭ་ལྔ། །དེ་བཞིན་ཟི་ར་ལྔ་དང་
བཅས། །ཀྱི་ལྕེ་བ་དང་སེར་པོ་གཉིས། །ཀྱི་ལྕེ་བ་དང་གླ་སྒང་དང་། །དབྱི་མོ་ཧ་ཏི་པི་པི་ལིང་། །ལ་ལ་ཕུད་དང་བོང་དང་ཀར། །མུར་བ་དང་ནི་དུག་མོ་ཉུང་། །དེ་བཞིན་དུག་མོ་ཉུང་ཤུན་བ། །ཐང་ཤིང་དང་ནི་ས་ཁྲིས་དང་། །ནིམ་པ་དང་ནི་རོ་ཙ་ཀ །སོ་མར་ཅ་སོ་བ་ན་ཛི། །
རུ་རྟ་དང་ནི་པར་བ་ཏ། །གཡེར་མ་ཤིང་ཀུན་སྒོག་སྐྱ་དང་། །དེ་བཞིན་རྟ་སྒ་ཉིད་དང་ནི། །ཟུར་བ་ཀན་ཏ་ཀ་རི་དང་། །དེ་བཞིན་བྱི་ཛ་སུ་རའི་ཁུ། །འདི་དག་ཆ་མཉམ་བསྡུས་ནས་ནི། །ཕྱེ་མ་ཞིབ་མོ་ཉིད་དུ་བཏགས། །སྦྲང་རྩི་དང་སྦྱར་གོམ་བུའམ། །ཆང་དང་སྦྱར་ཏེ་
བླུད་པར་བྱ། །ཡང་ན་མར་རམ་ཏིལ་མར་རམ། །བ་གཅིན་ཀཱ་ཉྫི་དང་སྦྱར་བླུད། །བད་ཀན་གྱི་ནི་ནད་ཀུན་ལ། །སྦྲང་རྩི་དང་སྦྱར་སྦྱིན་ན་ཕན། །མཁྲིས་པའི་ནད་ནི་ཐམས་ཅད་ལ། །མར་རམ་ཁ་ར་དང་སྦྱར་སྦྱིན། །རླུང་གི་ནད་ནི་ཐམས་ཅད་ལ། །མངར་མ་ཏིལ་

མར་དང་སྦྱར་སྦྱིན། །གཅིན་སྲི་བ་དང་ཟ་གུ་ལ་། །བ་གཅིན་ཀཱ་ཉྫི་དང་སྦྱར་བླུད། །ཆག་གྲུགས་དང་ནི་ལུས་ཞུམ་དང་། །ཁྱད་པར་དུ་ནི་སྦེག་ནད་དང་། །ཟད་བྱེད་ཀྱིས་ནི་བཏབ་པ་ཡི། །རྟ་ལ་སྨན་གྱི་མཆོག་ཡིན་ནོ། །ནད་རྣམས་ཀུན་ལས་རྣམ་གྲོལ་ཞིང་། །སྐྱོན་
ཀུན་དང་ནི་བྲལ་བར་འགྱུར། །ཤུགས་ནི་རླུང་དང་མཉམ་པ་དང་། །སྟོབས་ནི་གླང་བོ་དང་འདྲར་འགྱུར། །ཤ་ལི་ཧོ་ཏྲའི་གསང་བའི་གནས་ཏེ་བརྒྱད་པ་ལས་ཚ་བ་གསུམ་ལ་སོགས་པའི་ཕྱི་མ་གཉིས་པའོ།། །།ཧ་པུ་ཤ་དང་ལྕེ་མྱང་ཚ། །རུ་རྟ་ཤིང་ཀུན་ཟེ་ར་དང་། །ཤུ་དག་ཨེ་
རཎྜའི་ས་བོན། །ར་སྣ་བཅའ་སྒ་ཡུངས་ཀར་དང་། །ཐང་ཤིང་ཨ་ཛ་མོ་ད་དང་། །ནས་ཚིག་འཁུས་ཐལ་ལན་ཚྭ་རྣམས། །ཕྱེ་མར་བྱས་པ་མར་དང་ནི། །ཏིལ་མར་དང་བསྐོལ་དམ་པ་འདི། །རྟ་ནི་རླུང་གིས་ཉེན་པ་ལ། །འཇམ་རྩི་བཏང་ན་སྟོབས་སྐྱེད་ཡིན། །ཕྱེ་མ་འདི་དང་
སྦྱར་བ་ཡི། །སྣུམ་གྱི་འཇམ་རྩི་གཞན་ཡང་བསྔགས། །ནད་མེད་རྟས་བྱེད་རོ་ཙ་བྱེད། །ནད་ཀྱི་གདུངས་ལ་ངལ་བ་སེལ། །སྨན་པ་མཁས་པས་འཇམ་རྩི་ཡི། །ལས་རྣམས་ཀུན་ལ་འདི་སྦྱར་བྱ། །ཤ་ལི་ཧོ་ཏྲའི་གསང་བའི་གནས་ཏེ་བརྒྱད་པ་ལས་ཧ་པུ་ཤལ་སོགས་པའི་ཕྱི་
མའོ།། །།བྱི་དང་ག་དང་སེར་མོ་གཉིས། །ལྕེ་མྱང་ཚ་དང་ཙལ་རུ་ཚ། །པ་ཐ་པ་ཏོ་ལའི་འོ་མ། །པི་པི་ལིང་དང་བཅའ་ལྒ་རྣམས། །ཕྱེ་མར་བཏགས་པ་འདི་སྦྱིན་ན། །སྙིང་ནད་ཁོང་པའི་སྲིན་བུ་སེལ། །མེ་དྲོད་སྐྱེད་ཅིང་སྨིན་བྱེད་ཡིན། །ནད་
ཀུན་རྣམ་པར་ཞི་བྱེད་ཅིང་། །བད་ཀན་དང་ནི་མཛེ་ནད་སེལ། །རྟ་ནི་མེ་དྲོད་ཉམས་པ་ལ། །ལུས་ཀྱི་མེ་དྲོད་སྟོབས་འཕེལ་བྱེད། །ཤ་ལི་ཧོ་ཏྲའི་གསང་བའི་གནས་ཏེ་བརྒྱད་པ་ལས་བྱི་དང་ག་ལ་སོགས་པའི་ཕྱི་མའོ།། །།འབྲས་བུ་གསུམ་དང་སེར་པོ་གཉིས། །དེ་བཞིན་
ཚ་བ་གསུམ་པོ་དང་། །གླ་སྒང་ཏེ་ཛོ་བ་ཏི་དང་། །མུར་པ་ཧ་རི་པི་པི་ལིང་། །ཡུངས་ཀར་པི་པི་ལིང་རྩ་བ། །བ་ལ་ཀ་དང་བུ་ཙེ་ཤེལ། །བྱི་ཚེར་སྲོ་ལོ་ཀྲུ་ཏྲུག་ཏྲེས། །དུག་མོ་ཉུང་གི་ས་བོན་དང་། །པི་ཙུ་མར་ད་པ་ཏོ་ལ། །དྲ་བན་ཏི་དང་དུར་བྱིད་དང་། །བྲྀ་ཤྩི་ཀ་ལི་ཟིར་

དང་། །ག་བྲའི་རྩ་བ་ཐང་ཤིང་དང་། །གཡེར་མ་དང་ནི་བྱི་དང་ག །ཤིང་ཀུན་རུ་རྟ་ཤི་ཀྲུ་དང་། །ཨ་པ་མ་རྒ་བི་ཤ་ལ། །ཤུ་དག་དང་བཅས་ཕྱེ་མ་སྦྱར། །སྨན་གྱི་སྦྱོར་བ་འདི་ཉིད་ནི། །རྟ་ལ་བདུད་རྩི་དང་འདྲ་ཡིན། །རླུང་དང་བད་ཀན་ནད་རྣམས་དང་། །
དེ་བཞིན་རླུང་ཁྲག་འདྲེས་པ་དང་། །དེ་བཞིན་ནད་ཁྲག་ཅན་དང་ནི། །གཡན་པ་བཀྲ་བ་སེལ་བ་ཡིན། །ཁྱད་པར་དུ་ཡང་སྙིང་ནད་དང་། །ལུད་པ་མེ་དྲོད་ཉམས་ལ་བསྔགས། །ཤ་ལི་ཧོ་ཏྲའི་གསང་བའི་གནས་ཏེ་བརྒྱད་པ་ལས་འབྲས་བུ་གསུམ་ལ་སོགས་པའི་ཕྱེ་མའོ།། །།
གཡེར་མ་ཤིང་ཀུན་ཨ་རུ་དང་། །མ་ནུ་དང་ནི་ལན་ཚྭ་བརྒྱད། །ནས་བསྐོལ་ཁུ་བ་དང་སྦྱར་སྦྱིན། །ནད་གཞི་གསུམ་སྐྱེས་གཟེར་རྣམས་འཇོམས། །གནས་བརྒྱད་པ་ལས་གཟེར་འཇོམས་པ་ཞེས་བྱ་བའི་ཕྱི་མའོ།། །།བི་ཅུ་མར་ད་པ་ཏོ་ལ། །ཀ་ཎྜ་ཀ་རི་བྲྀ་ཧ་ཏི། །སླེ་
ཏྲེས་དང་ནི་འབྲས་བུ་གསུམ། །གཡེར་མ་ཆུ་དང་ལྷན་ཅིག་བསྐོལ། །དེ་བཅགས་པ་ཡི་ཁུ་བར་ནི། །མུ་དག་ལེགས་པར་བཙོ་བར་བྱ། །དེ་ནི་ལེགས་པར་ཚོས་པ་དང་། །ཐབ་ནས་སླར་ཡང་ཕོག་ནས་ནི། །དེར་ནི་ཚ་བ་གསུམ་པོ་དང་། །ལན་ཚྭ་དག་ཀྱང་ཚད་ཙམ་
གཞུག །མར་དང་ཏིལ་མར་ཞག་སྦྲང་རྩི། །དེ་དག་ཐམས་ཅད་གཅིག་ཏུ་བསྲེ། །ཚ་ཡི་ཕྱེ་མ་དག་དང་ནི། །མུང་གའི་ཁུ་བ་སྦྱར་བར་བྱ། །དེ་ནས་ཚ་བའི་ཁ་ཟས་ཏེ། །ཉ་ལ་ཆོ་ག་བཞིན་དུ་སྦྱིན། །དེས་ནི་བད་རླུང་སེལ་བྱེད་ཅིང་། །ལུད་པ་དབུགས་མི་བདེ་བ་འཇོམས། །
སྙིང་ནད་ཞི་བར་བྱེད་པ་དང་། །སྐྲངས་པ་དག་ཀྱང་སེལ་བར་བྱེད། །འགོ་བའི་ནད་དང་རྣ་ནད་རྣམས། །ངེས་པར་སེལ་བར་བྱེད་པ་ཡིན། །ལྐོག་ནད་རྣམ་པར་སྦྱོང་བྱེད་ཅིང་། །མཆོག་ཏུ་མེ་དྲོད་ཉམས་ལ་ཕན། །གནས་བརྒྱད་པ་ལས་ཚ་བའི་ཕྱེ་མ་དང་བསྲེས་བ་ཞེས་བྱ་བ་སྟེ་
ཕྱེ་མའི་ལེའུའོ།། །།ཏིལ་མར་དེ་བཞིན་མར་ཆ་མཉམ། །ཞག་དང་རྐང་ནི་ཅི་རྙེད་དང་། །དེ་བཞིན་སྐྱུར་ཡང་ཅི་རྙེད་དང་། །འདིར་ནི་ཞོ་ནི་བཞི་འགྱུར་གཞུག །དེར་ནི་སྨན་ནི་འདི་དག་རྣམས། །ལྡེ་གུ་བཏགས་པ་གཞུག་པར་བྱ། །ཤུ་ད་གར་སྣ་ཤིང་མངར་དང་། །འཚོ་བྱེད་དང་ནི་ཛི་བན་

ཏི། །ཨ་ཤུ་མ་ཏི་འདི་དག་ནི། །བ་ལ་བ་སྒི་བ་སྦྲུ་བ། །འདི་དག་དང་བསྐོལ་སྣུམ་ཆེན་པོ། །སྟོབས་དང་ནད་མེད་སྐྱེད་པར་བྱེད། །རླུང་ལས་སྐྱེས་པའི་ནད་བརྒྱད་ཅུ། །འདི་ཡིས་སེལ་བར་ཐེ་ཚོམ་མེད། །ཤ་ལི་ཧོ་ཏྲའི་གསང་བའི་གནས་ཏེ་བརྒྱད་པ་ལས་སྣུམ་ཆེན་པོའོ།། །།ཀཎྜ་ཀ་རི་
རྩའི་རྩ་དང་། །འབྲས་བུ་བསྲེས་པ་སྲང་བརྒྱ་ནི། །ཆུ་བྲེ་བཞི་ཡི་ནང་དུ་བསྐོལ། །བཞི་ཆ་ལུས་པར་གྱུར་པ་དང་། །དེ་ལས་བྲེ་གང་ལུས་པ་རུ། །མར་ནི་བྲེ་གང་དང་བསྲེས་བསྐོལ། །གོ་རིམས་བཞིན་དུ་བཤད་པ་ཡི། །སྨན་གྱི་ལྡེ་གུ་འདི་ཡང་གཞུག །པི་པི་ལིང་རྩ་བྱི་དང་ག །ཧ་ཏི་པི་ལིང་
ཙི་ཏྲ་ཀ །ནས་ཚིག་འཁུས་ཐལ་ཁ་རུ་ཚ། །ར་སྣ་ཤུ་དག་ཚ་བ་གསུམ། །འདི་བཅུ་མར་གྱི་དུད་པ་ལྔ། །སེལ་ཞིང་ལེགས་པར་གསོ་བར་བྱ། །ནད་ཀུན་སེལ་བར་བྱེད་པ་ཡིན། །སྣུམ་དེ་བདེ་བ་སྐྱེད་བྱེད་ཡིན། །གསང་བའི་གནས་ཏེ་བརྒྱད་པ་ལས་ཀཎྜ་ཀ་རིའི་སྨན་མར་རོ།། །།
ཡུང་དང་སྐྱེར་བ་ཤུ་དག་བཅས། །ནིམ་པ་བྱི་ཚེར་པར་བ་ཏ། །སླེ་ཏྲེས་དང་ནི་ཀྱི་ལྕེ་བ། །བུ་ཙེ་ཤེལ་ནི་ཆ་མཉམ་བྱས། །དེ་ལ་འབྲས་བུ་གསུམ་དང་ནི། །ཏིག་ཏ་ཙནྡན་པི་པི་ལིང་། །དུག་མོ་ཉུང་དང་ག་དུར་དང་། །རི་ཤོ་བ་གཉིས་ཛི་བ་ཀ །ལྡེ་གུར་བཏགས་པ་དང་བསྲེས་
བའི། །མར་བསྐོལ་གྱུར་པ་དེ་ཡིས་ནི། །རྟ་ཡི་མཁྲིས་པ་སེལ་བྱེད་ཅིང་། །གཞང་འབྲུམ་ཁོང་ཚ་ཞི་བར་བྱེད། །རྡོ་དང་གཡན་པ་རྣམས་དང་ནི། །མེ་དཔལ་དང་ནི་རིམས་ལ་ཡང་། །འདི་ནི་རྟག་ཏུ་བསྔགས་པ་ཡིན། །དབྱར་ཚེ་རྟ་ལ་རྟག་ཏུ་ཕན། །ཤ་ལི་ཧོ་ཏྲའི་གསང་བའི་གནས་
དེ་བརྒྱད་པ་ལས་ཚ་བའི་སྨན་མར་རོ།། །།ཨ་ཤྭ་གནྡྷའི་རྩ་བ་དང་། །འབྲས་བུ་ཡལ་ག་སྲང་བརྒྱ་ནི། །ཆུ་བྲེ་བཞི་ཡི་ནང་དུ་བསྐོལ། །དེ་ནས་སྨན་ཁུ་དེ་དང་ནི། །མར་ནི་བྲེ་གང་བསྐོལ་བར་བྱ། །ཏིལ་མར་མར་དང་མཉམ་པ་དང་། །འོ་མ་བཞི་འགྱུར་དེ་རུ་གཞུག །ཙནྡན་
དང་ནི་བཅའ་ལྒ་དང་། །ཨ་ག་རུ་དང་ཤུག་པ་དང་། །རྒུན་འབྲུ་པད་རྩ་འབྲས་བུ་གསུམ། །སྣ་མའི་ལོ་མ་ཤ་རི་བ། །ཀ་ཎྜཀ་རི་བྲྀ་ཧ་ཏི། །ནཱ་ག་ཕུ་ཤྤ་པ་སྤྲུ་བ། །ས་ལ་ཀྲྀ་ཤྞ་པརྞི་གཉིས། །ཤིང་ཚ་གནྡྷ་བྷ་དྲ་དང་། །པདྨ་གེ་སར་ལྡེ་གུ་ནི། །བཏགས་པ་དེར་ནི་གཞུག་པར་བྱ། །འདི་

ཡིས་རྟ་ནི་སྦེག་པ་དང་། །རླུང་གིས་ཉམ་ཐག་གྱུར་པ་དང་། །ཟད་བྱེད་ཀྱིས་ནི་བཏབ་པ་དག །ཤ་སྐྱེད་བྱེད་པའི་མཆོག་ཡིན་ནོ། །ཤ་ལི་ཧོ་ཏྲའི་གསང་བའི་གནས་ཏེ་བརྒྱད་པ་ལས་ཨ་ཤྭ་གནྡྷའི་སྨན་མར་རོ།། །།བོང་དམུར་བ་བུ་ཙེ་ཤེལ། །
གླ་སྒང་ཤིང་ཚ་པ་ཏོ་དང་། །ས་པྟ་རྞི་པ་ཏོ་ལ། །བི་ཙུ་མར་ད་བྱི་ཚེར་མ། །ཕར་བ་ཏ་དང་འབྲས་བུ་གསུམ། །སེར་པོ་གཉིས་དང་དྲ་བན་ཏི། །ཙནྡན་དམར་པོ་མ་དུ་ཀ །རྩ་མཁྲིས་དང་ནི་པི་པི་ལིང་། །ཉེའུ་ཤིང་ཤུག་པ་བུ་ཤེལ་ཙེ། །དོང་ག་དང་ནི་སླེ་ཏྲེས་རྣམས། །དུག་
མོ་ཉུང་གི་ས་བོན་བཅས། །སྲང་རེ་ཆ་མཉམ་སྦྱར་ལྡེ་གུ། །ནིམ་པ་པ་ཏོ་ལ་དང་བཅས། །ཀནྜ་ཀ་རི་བ་ཤ་ཀ །སྲང་ནི་ལྔ་ཡི་ཚད་དུ་བྱས། །སྐྱུ་རུ་ར་ནི་བྲེ་གང་བཅས། །ཆོ་ག་བཞིན་དུ་བསྐོལ་ནས་ནི། །སྨན་ཁུ་མར་ཁུ་དང་བསྲེས་ལ། །མེ་ནི་ཆུང་དུས་བཙོ་བར་བྱ། །
ཏིག་ཏ་ཆེན་པོ་ཞེས་བྱ་སྟེ། །འདི་ནི་གུ་གུལ་དང་བཅས་པའམ། །ཡང་ན་འབའ་ཞིག་སྦྱིན་བྱས་ན། །ཡོན་ཏན་བདུན་རྩི་དག་དང་མཚུངས། །ལུས་ཀྱི་མེ་དྲོད་སྐྱེད་པར་བྱེད། །གཟི་མདངས་སྟོབས་ནི་འཕེལ་བྱེད་ཡིན། །མཛེ་དང་ཁྲག་མཁྲིས་ནད་རྣམས་སེལ། །ལུས་
རྒྱས་པར་ཡང་བྱེད་པ་ཡིན། །ཤ་སྐྱེད་མདོག་ནི་བཟད་བྱེད་ཅིང་། །ནད་ཀུན་སེལ་བའི་དམ་པ་ཡིན། །ཤ་ལི་ཧོ་ཏྲའི་གསང་བའི་གནས་ཏེ་བརྒྱད་པ་ལས་ཏིག་ཏ་ཆེན་པོའི་སྨན་མར་རོ།། །།རྩ་བ་ལྔ་པ་གཉིས་ནིམ་བ། །སླེ་ཏྲེས་ཨ་ཏ་རུ་ཤ་ཀ །དོང་ག་དང་
ནི་བ་ཏོ་ལ། །འབྲས་བུ་གསུམ་ནི་ཆ་མཉམ་བྱ། །ཆམ་ཆོམ་བརྡུངས་ལ་ཆུ་ནད་བསྐོལ། །སྨན་ཁུ་བཞི་ཆ་ལུས་པ་རུ། །དེ་དང་མཉམ་པའི་ཞུན་མར་དང་། །སྨན་ནི་འདི་རྣམས་དང་བཅས་བསྐོལ། །ཀྱི་ལྕེ་བ་དང་པར་པ་ཏ། །ཤ་རི་བ་གཉིས་ཙནྡན་དང་། །ཏིག་ཏ་དང་
ནི་པུ་ཙེ་ཤེལ །བ་ཐ་དང་ནི་བཅས་པ་དང་། །བལ་བུ་དང་ནི་པུ་ཤེལ་ཙེ། །ཨུ་ཏྤལ་སྔོན་པོ་ཤུག་པ་དང་། །བི་པི་ལིང་རྩ་བྱི་དང་ག །ཏེ་ཛོ་བ་ཏི་ཅི་ཏྲ་ཀ །བོང་ང་ཧ་ཏི་པི་པི་ལིང་། །དུག་མོ་ཉུང་ཤུ་ནས་ཁོན་དང་། །སེར་པོ་གཉིས་དང་པི་པི་ནིང་། །ན་ཡི་ཤམ་དང་

བཅའ་ལྒ་དང་། །ཐང་ཤིང་ཞེས་བྱ་ཐམས་ཅད་ནི། །ཆ་མཉམ་དེར་ནི་གཞུག་པར་བྱ། །མེ་ཆུང་གིས་བསྐོལ་ཚོས་པ་དང་། །ཤིན་ཏུ་སྦྱངས་པའི་སྣོད་དུ་གཞུག །ཏིག་ཏ་ཆེན་པོའི་སྨན་མར་འདི། །རྟ་ཡི་སྨན་གྱི་མཆོག་ཏུ་བཤད། །ལུད་པ་དབུགས་མི་བདེ་དང་མཛེ། །ལ་བ་
འབྲས་ཀྱི་ཕྲེང་བ་དང་། །བད་ཀན་གྱི་ནི་ནད་རྣམས་དང་། །དེ་བཞིན་རྣ་རྣག་གྱུར་པ་དང་། །བད་ཀན་ནད་ནི་གཞན་དག་ལའང་། །འདི་ནི་ཤིན་ཏུ་བསྔགས་པ་ཡིན། །འདི་ནི་ནད་ཀུན་སེལ་བྱེད་ཅིང་། །གཟི་མདངས་སྟོབས་ནི་སྐྱེད་པ་དང་། །བརྟན་ཞིང་ལུས་ནི་སྲ་བར་བྱེད། །དབང་
པོ་གསལ་བར་བྱེད་པ་དང་། །ཡིད་ཀྱང་དགའ་བར་བྱེད་པ་ཡིན། །ཁྲག་དང་མཁྲིས་པ་སེལ་བྱེད་ཅིང་། །གཅོང་ཆེན་རིམས་དང་ལུད་པ་འཇོམས། །པགས་པ་ལ་སྣད་ནད་རྣམས་དང་། །གང་ཡང་ཁྲག་ལ་གནས་པ་དང་། །རུས་པ་རྐང་ལ་ཞེན་པ་རྣམས། །མར་འདི་ཡིས་ནི་
སེལ་བར་བྱེད། །ནད་ཀྱི་རྒྱ་མཚོ་རྒལ་འདོད་ལ། །གཟིངས་དང་འདྲ་བ་མར་འདི་ཡིན། །ཏིག་ཏ་ཆེན་པོའི་སྨན་མར་གཉིས་པའོ།། །།ཤྲི་ཤ་དང་ནི་ཡན་ལག་ལྔ། །ཆ་མཉམ་སྲང་ནི་བརྒྱ་རུ་བྱ། །ཆུ་བྲེ་བཅུ་དྲུག་ནང་དུ་བསྐོལ། །བཞི་ཆ་ལུས་པར་གྱུར་པ་དང་། །དེ་རྣམས་སྨན་ཁུ་དེ་དང་
ནི། །མར་ནི་བྲེ་དོ་བསྐོལ་བར་བྱ། །སྨན་ནི་འདི་དག་ཉིད་ཀྱི་ནི། །ལྡེ་གུ་དེར་ནི་གཞུག་པར་བྱ། །པི་པི་ལིང་རྩ་ཚ་བ་གསུམ། །བྲྀཤྩི་ཀ་ལི་འབྲས་བུ་གསུམ། །ཤུ་ཏི་དང་ནི་ཐང་ཤིང་དང་། །སྤང་སྤོས་དང་ནི་བ་ལུ་དང་། །བྱ་ཀྲ་ན་ཀ་ཤྲི་ཀ་ཏ། །ཙི་ཏྲ་ཀ་དང་ན་ཀུ་ལི། །བཙོད་དང་ཛི་བ་
ནི་ཡ་དང་། །ཧ་ཏི་པི་པི་ལིང་ཙནྡན། །གནྡྷ་བྷ་དྲ་རུ་རྟ་རྣམས། །ལྡེ་གུར་བྱས་བཅུག་མེ་ཆུང་བསྐོལ། །རྟ་གང་རླུང་ནད་ཅན་དང་ནི། །དེ་བཞིན་མཁྲིས་པའི་ནད་ཡོད་དང་། །བད་ཀན་སྙིང་གར་འཁྱིལ་གྱུར་པ། །དེ་རྣམས་ཀྱི་ནི་སྨན་མཆོག་ཡིན། །ཤྲི་ཤ་ལ་སོགས་སྨན་མར་འདི། །
ནད་ཀུན་སེལ་བའི་མཆོག་ཡིན་ནོ། །ཤ་ལི་ཧོ་ཏྲའི་གསང་བའི་གནས་ཏེ་བརྒྱད་པ་ལས་ཤྲི་ཤ་ལ་སོགས་པའི་སྨན་མར་རོ།། །།ཤྲི་ཤ་ཡི་ནི་ལོ་མ་ནི། །ཆུ་བསྐོལ་དེ་ཡི་ཁུ་བ་དང་། །མར་ནི་ཚད་བཞིན་བསྐོལ་བ་རུ། །ཚ་བ་གསུམ་དང་འབྲས་བུ་གསུམ། །དེ་བཞིན་ཧ་ཏི་པི་པི་ལིང་། །

ལྡེ་གུར་སྦྱར་བ་དང་བསྲེས་བསྐོལ། །མཛེ་ཡི་ནད་ནི་ཐམས་ཅད་དང་། །དུག་སེལ་མེ་དྲོད་སྐྱེད་མཆོག་ཡིན། །རླུང་དང་མཁྲིས་པ་ལས་གྱུར་དང་། །ཁོང་ཚ་ཁྲག་གི་ནད་རྣམས་སེལ། །དབྱར་གྱི་ཚེ་ན་བྱིན་གྱུར་ན། །འདི་ནི་བདུད་རྩི་དང་འདྲ་ཡིན། །ཤྲི་ཤ་ལ་
སོགས་པའི་སྨན་མར་གཉིས་པའོ།། །།མུར་བ་དང་ནི་འབྲས་བུ་གསུམ། །ཙི་ཏྲ་ཀ་དང་ཤུ་དག་དང་། །བཅའ་ལྒ་དང་ནི་སེར་པོ་གཉིས། །བ་ཐ་ཤིང་ཚ་བར་བ་ཏ། །ན་ལེ་ཤམ་དང་གླ་སྒང་དང་། །དེ་བཞིན་ནཱ་ག་གེ་སར་དང་། །ཙནྡན་དང་ནི་ཤ་རི་བ། །རྒྱ་སྤོས་དང་ནི་མ་ལུ་ཀ །
བོ་དང་ཧ་ཏི་པི་པི་ལིང་། །དན་ད་དང་ནི་དྲ་བན་ཏི། །རོ་ཧི་ནི་དང་ཙི་ཏྲ་ཀ །དབྱི་མོ་དཱུར་བ་ཀྱི་ལྕེ་བ། །ཆ་མཉམ་སྦྱར་ཏེ་ཆུ་དང་ནི། །མར་དང་མེ་ནི་ཆུང་དུས་བཙོ། །ཚོས་ཏེ་མར་ནི་ལུས་པ་དང་། །དེ་ནི་དེ་ལས་དབབ་པར་བྱ། །འདི་བླུད་རྟ་ནི་མགྱོགས་པ་དང་། །ལུས་སྟོབས་རྒྱ་ཆེར་འཕེལ་བར་
འགྱུར། །པགས་པར་གཏོགས་པའི་ནད་ཀྱི་ཚོགས། །རྡོ་ལ་སོགས་དང་བྲལ་བར་འགྱུར། །རླུང་དང་མཛེ་ཡི་ནད་རྣམས་དང་། །མཁྲིས་པའི་ནད་དང་ལུས་རེངས་དང་། །དེ་བཞིན་དབུགས་མི་བདེ་ཀུན་དང་། །ནད་ནི་སྣ་ཚོགས་གཞན་ཡང་སེལ། །འདི་ནི་ནད་འཇོམས་མཆོག་ཡིན་ཞིང་། །
བཀྲ་ཤིས་པར་ཡང་བྱེད་པ་ཡིན། །ཤ་ལི་ཧོ་ཏྲའི་གསང་བའི་གནས་ཏེ་བརྒྱད་པ་ལས་མུར་པ་ལ་སོགས་པའི་སྨན་མར་རོ།། །།ནིམ་པ་པ་ཏོ་ལ་འབྲས་གསུམ། །སེར་པོ་གཉིས་དང་པུ་ཙི་ཤེལ། །བྱི་ཚེར་བ་དང་པར་བ་ཏ། །དྲ་བན་ཏི་དང་སླེ་ཏྲེས་རྣམས། །འདི་དག་ཆ་ནི་མཉམ་
བྱས་ལ། །བརྡུངས་བ་ཆུ་ནང་བསྐོལ་བར་བྱ། །བཞི་ཆ་ལུས་བར་གྱུར་པ་རུ། །སྨན་འདི་དག་གི་ལྡེ་གུ་གཞུག །ཙནྡན་པི་པི་ལིང་ལྒ་སྒང་། །རི་ཤོ་བ་གཉིས་ཛི་བ་ཀ །ཀན་ད་ཀ་རི་ཏིག་ཏ་དང་། །དུག་མོ་ཉུང་གི་ས་བོན་རྣམས། །ཆ་ནི་མཉམ་པར་སྦྱར་བྱས་ནས། །དེ་བཞིན་
དུ་ནི་མར་ཁུ་དང་། །འོ་མ་སྣུམ་དང་མཉམ་བཅུག་ལ། །མེ་ནི་ཆུང་དུས་བཙོ་བར་བྱ། །འདི་ནི་ཏིག་ཏ་ཆེན་ཞེས་བྱ། །མཛེ་དང་རིམས་དང་མེ་དཔལ་དང་། །འབྲུམ་བུ་དང་ནི་འབྲས་ནད་དང་། །དེ་བཞིན་པགས་ནད་གཞན་དག་ཀྱང་། །ཁྲག་མཁྲིས་ནད་རྣམས་སེལ་བར་བྱེད། །སྨན་

པ་མཁས་པས་འདི་ཉིད་ནི། །རྟ་ལ་ཉེ་བར་བླུད་པར་བྱ། །དཔྱིད་དང་དགུན་གྱི་ཚེ་ན་ནི། །སྣ་སྨན་འཇམ་རྩིར་བཏང་ན་ཕན། །དབྱར་གྱི་ཚེ་ན་ཁྱད་པར་དུ། །སྨན་འདི་རབ་ཏུ་བསྔགས་པ་ཡིན། །ཤ་ལི་ཧོ་ཏྲའི་གསང་བའི་གནས་ཏེ་བརྒྱད་པ་ལས་ཏིག་ཏ་ཅན་གྱི་སྨན་མར་རོ།། །།དུར་བྱིད་
ཆེན་པོ་བརྡུངས་ནས་ནི། །ཆུ་བྲེ་བཞི་ཡི་ནང་དུ་བསྐོལ། །བཞི་ཆ་ལུས་པར་གྱུར་པ་དང་། །དེ་རུ་མར་ཁུ་བྲེ་གང་བླུགས། །ར་མ་ཉེ་ཀྵི་ར་ཀ་ཀོལ། །རི་ཤོ་བ་གཉིས་ཛི་བ་ཀ། །བ་ལ་ཨ་ཏི་བ་ལ་དང་། །དེ་བཞིན་ཀྵི་ར་བ་དང་ནི། །མེ་ད་མ་ཧཱ་མེ་ད་དང་། །ཤིང་མངར་དང་
ནི་ཤ་རི་བ། །ཆ་ནི་མཉམ་པོར་བྱས་ནས་ཀྱང་། །དེ་ནི་ལྡེ་གུར་བཏགས་པར་བྱ། །མར་དེར་བཅུག་ནས་དཀྲུགས་ནས་ནི། །མེ་ནི་ཆུང་དུས་དལ་གྱིས་བཙོ། །དེ་ནི་ཚོས་པར་ཤེས་པ་ན། །དེ་ལས་ཕོག་སྟེ་བཙགས་པར་བྱ། །སྣུམ་འདི་རྟག་ཏུ་བཏུང་བ་དང་། །འཇམ་རྩི་ཡི་
ནི་ལས་ལ་སྦྱར། །རྒྱུན་དུ་བྱིན་ན་མོ་གཤམ་ཡང་། །བུ་སྐྱེད་པར་ནི་ནུས་པ་ཡིན། །ཤ་ལི་ཧོ་ཏྲའི་གསང་བའི་གནས་ཏེ་བརྒྱད་པ་ལས་ཤ་མ་དུར་བྱིད་སྨན་མར་རོ།། །།ནིམ་པ་དང་ནི་པ་ཏོ་ལ། །སྐྱེར་པ་ཙནྡན་པུ་ཙེ་ཤེལ། །ཀྱི་ལྕེ་བ་དང་ལ་ལ་ཕུད། །པར་པ་
ཏ་ནི་སྲང་རེ་དང་། །སྐྱུ་རུ་ར་ནི་བྲེ་གང་བཅས། །ཆུ་བལ་ཅན་གྱི་ཆུ་ལས་ནི། །ཆུ་བྲེ་བཞི་ཡི་ནང་དུ་བསྐོལ། །བཞི་ཆ་ལུས་དང་མར་བྲེ་གང་། །གླ་སྒང་རྩ་མཁྲིས་ཤིང་མངར་དང་། །བཙན་དུག་དུག་མོ་ཉུང་ལ་ཕུད། །པི་པི་ལིང་དང་བཅས་བསྐོལ་བའི། །མར་གྱིས་སྣ་
མིག་རྣ་ནད་འཇོམས། །རྒྱུ་རླུགས་རིམས་དང་ནད་དང་ནི། །མེ་དཔལ་ལ་སོགས་སེལ་བར་བྱེད། །ཤ་ལི་ཧོ་ཏྲའི་གསང་བའི་གནས་ཏེ་བརྒྱད་པ་ལས་ནིམ་པ་ལ་སོགས་པའི་སྨན་མར་རོ།། །།ནིམ་པ་པ་ཏོ་ལའི་ལོ་མ་དང་། །སླེ་ཏྲེས་དང་ནི་ཀཎྜ་ཀ་རི་ཉིད། །ཆ་མཉམ་
སྲང་བཞིན་ཉེར་ཤུར་བྱས་པ་དག །ཆུ་ནི་སྨན་གྱི་བཅུ་དྲུག་ནང་དུ་བསྐོལ། །སྨན་གྱི་ཁུ་བ་བཞི་ཆ་ལུས་པ་དང་། །སྨན་ཁུ་དེ་དང་མཉམ་པའི་མར་དང་བསྐོལ། །དེར་ནི་ཚ་བ་གསུམ་ནི་སྲང་གསུམ་དག །ཞིབ་ཏུ་བཏགས་པའི་ཕྱེ་མ་གཞུགས་པར་བྱ། །དེ་ནི་ལེགས་པར་

ཚོས་པར་ཤེས་པ་དང་། །གུ་གུལ་དང་སྦྱར་རྟ་ལ་བླུད་པ་བྱ། །ཡང་ན་དེ་དང་མར་བསྲེས་འགའ་ཞིག་སྦྱིན། །དེས་ནི་མཛེ་ཡི་ནད་ཀུན་སེལ་བར་འགྱུར། །ཁྲག་མཁྲིས་རྡོ་དང་དེ་བཞིན་གཡན་པ་དང་། །འབྲུམ་བུ་འབྲུམ་ཕྲན་དེ་བཞིན་ཤུ་བ་ནི། །སེལ་
ཞིང་རྟ་ཡི་མདོག་དང་སྟོབས་ནི་སྐྱེད། །ནད་ཀྱི་ཚོགས་འཇོམས་བདུད་རྩི་དང་འདྲ་ཡིན། །ཤ་ལི་ཧོ་ཏྲའི་གསང་བའི་གནས་ཏེ་བརྒྱད་པ་ལས་བདུད་རྩི་ལྟ་བུའི་སྨན་མར་རོ།། །།ཀ་རན་ཛ་དང་བ་ཤ་ཀ །སྥོར་ཁྱིམ་གྱི་དུད་པ་དང་། །ཀ་པིད་ཐ་དང་དོང་ག་དང་། །ཡུག་སྣམ་
དང་ནི་པདྨ་དང་། །ཀ་ར་བཱི་ར་བོང་བ་དང་། །རོ་ཧི་ཏ་དང་སླེ་ཏྲེས་དང་། །བྲྀ་ཧ་ཏི་ཡི་འབྲས་བུ་ནི། །ར་ཐུག་གི་ནི་གཅིན་དང་བཏགས། །འདི་དག་སྲང་གཉིས་སྦྱར་བ་ལ། །མར་སྲང་སུམ་ཅུ་རྩ་གཉིས་བསྐོལ། །མར་དང་མཉམ་པའི་འོ་མ་གཞུག །བསྐོལ་བའི་སྨན་མར་
སྟོབས་ཆེན་ཡིན། །མཛེ་ཡི་ནད་ནི་ཐམས་ཅད་ལ། །རྟག་ཏུ་བསྐུལ་དང་བླུད་ན་ཕན། །ཤ་ཚིལ་རུས་པ་སྐྱེད་བྱེད་ཅིང་། །པགས་པར་ཞུགས་པའི་ཁྲག་སྦྱོང་བྱེད། །མཛེ་ནད་འཛག་པར་བྱེད་པ་ཡང་། །ཐམས་ཅད་ཞི་བར་བྱེད་པ་ཡིན། །ལེགས་ལྡན་ཤ་ལི་ཧོ་ཏྲ་ཡིས། །
དེ་སྐད་རྗེས་བསྟན་སྨྲས་པ་ཡིན། །ཤ་ལི་ཧོ་ཏྲའི་གསང་བའི་གནས་ཏེ་བརྒྱད་པ་ལས་ཀ་ར་ན་ཛ་ལ་སོགས་པའི་སྨན་མར་རོ། །སྨན་མར་གྱི་ལེའུའོ།། །།དེ་ནས་གཞན་ཡང་ཏིལ་མར་གྱི། །ལེའུ་ངེས་པར་བཤད་བྱ་སྟེ། །པྲ་ས་ར་ནི་སྲང་བརྒྱ་ནི། །ཆུ་པྲེ་བཅུ་དྲུག་ནང་དུ་བསྐོལ། །
བཞི་ཆ་ལུས་པར་གྱུར་པ་ན། །ཁུ་བ་དེ་ནི་ཐབ་ལས་དབོག །སྨན་ཁུ་དེ་དང་མཉམ་པ་ཡི། །ཏིལ་མར་ཉེ་བར་གཞུག་པར་བྱ། །ཀཉྫི་རང་སྒྱུར་ཉིས་འགྱུར་གཞུག །དེ་ལ་སྨན་ནི་འདི་དག་གི །ལྡེ་གུ་ཉེ་བར་གཞུག་པར་བྱ། །ར་སྣ་བ་ལ་གཟེ་མ་དང་། །ལྕ་མྱང་ཚ་དང་ཤི་ཀྲུ་
དང་། །པྲས་ར་ནའི་རྩ་བ་དང་། །པི་པི་ལིང་གི་རྩ་བར་བཅས། །ཙི་ཏྲ་ཀ་དང་བཅའ་ལྒ་དང་། །ཤུ་ཏི་དང་ནི་ཐང་ཤིང་དང་། །བསེ་ཤིང་འབྲས་བུ་བོང་བ་དང་། །པི་པི་ལིང་ཡང་སྲང་རེ་ནི། །ཆ་ནི་མཉམ་པོར་སྦྱར་ནས་ཀྱང་། །ཕྱེ་མ་ཞིབ་མོ་འཐག་ཏུ་གཞུག །མེ་ནི་ཆུང་ངུ་

དང་བཙོས་ཏེ། །སྣུམ་དེ་སྣོད་ནི་བཟང་པོར་གཞུག །འདི་ནི་སྣ་སྨན་བསྐུ་བ་དང་། །འཇམ་རྩི་བཏུང་བ་དག་ལ་བསྔགས། །རྟ་ནི་རླུང་ནད་ཀྱིས་བཅོམ་དང་། །མིའམ་ཡང་ན་གླང་པོ་རུང་། །ལུས་འཐེང་ཡུན་རིང་ནད་ཀྱིས་བཏབ། །ངེས་པར་བདེ་བ་འཐོབ་པར་འགྱུར། །རྟ་གང་
བུ་ནི་མི་ཆགས་པ། །འདི་ཡིས་ངེས་པར་མངལ་སྐྱེད་འགྱུར། །ཕོ་མིན་སྐྱེས་པ་ཉིད་འགྱུར་ཞིང་། །མོ་གཤམ་ཡང་ནི་བུ་སྐྱེད་བྱེད། །འདི་ཡིས་ལོང་བ་ཁྱབ་འཇུག་རིགས། །རབས་ཆད་བུ་ནི་ཡིད་འོང་སྐྱེས། །པྲ་ས་ར་ཡི་ཏིལ་མར་འདི། །ནད་ཀུན་འཇིག་པར་བྱེད་པ་ཡིན། །
ཤ་ལི་ཧོ་ཏྲའི་གསང་བའི་གནས་ཏེ་བརྒྱད་པ་ལས་པྲ་ས་རའི་ཏིལ་མར་རོ།། །།པྲ་ས་ར་ཡི་རྩ་བ་དང་། །ཡལ་ག་ལོ་མ་བཅས་སྲང་བརྒྱ། །རྩ་བ་བཅུ་ནི་དེ་ཡི་ཕྱེད། །ཆུ་གྲེ་བཅུ་དྲུག་ནང་དུ་བསྐོལ། །བཞི་ཆ་ལུས་པར་གྱུར་བ་དང་། །ཐབ་ལས་སླར་ནི་དབོག་པར་བྱ། །སྨན་ཁུ་དེ་
ཡིས་ཉིས་འགྱུར་གྱི། །ཀཉྫི་དང་སྐྱུར་གཞུག་པར་བྱ། །ཞོ་ཡང་སྨན་ཁུའི་ཉིས་འགྱུར་ནི། །དེ་ལ་ཉེ་བར་གཞུག་པར་བྱ། །སྨན་ནི་འདི་རྣམས་སྲང་རེ་ལ། །ལྡེ་གུར་བྱས་ལ་དེ་རུ་གཞུག །བསེ་ཤིང་འབྲས་བུ་བཅའ་ལྒ་དང་། །ཙི་ཏྲ་ག་དང་ལྕེ་མྱང་ཚ། །པྲ་ས་ར་ཡི་རྩ་བ་
དང་། །དེ་བཞིན་པི་པི་ལིང་རྩ་བ། །ཐང་ཤིང་དང་ནི་ཤུ་ཏི་དང་། །མེ་ད་ཙ་ཀྲ་ཧཱ་གན་དང་། །ཨེ་རཎྜའི་རྩ་ཛི་བན་ཏི། །རུ་རྟ་ཤུ་དགས་ཧ་ཙ་ར། །པོ་སོན་ཆ་ནི་བཟང་པོ་དང་། །དེ་བཞིན་མང་དུ་སྲ་བ་དང་། །ས་བོན་ཛ་ན་སེར་པོ་གཉིས། །ཨ་ཤྭ་གནྡྷ་ཧ་པུ་ཤ། བ་མ་སེང་
ཕྲོམ་མི་རྐང་དང་། །ཤྲེ་ཡ་སེ་ནི་ཆ་མཉམ་གཞུག །འདི་ནི་བསྐུ་དང་སྣ་སྨན་དང་། །བཏུང་དང་འཇམ་རྩི་དག་ལ་གཏང་། །རླུང་གི་ནད་ནི་ཐམས་ཅད་དང་། །དེ་བཞིན་གཞན་ཀུན་སེལ་བར་བྱེད། །སྨྱོ་དང་འབྱུང་བོ་བརྗེད་བྱེད་དང་། །དེ་བཞིན་གདོན་ནད་སྣ་ཚོགས་དང་། །
ཞ་བོ་མེ་དབལ་གྱིས་ཐབས་ལ། །ཏིལ་མར་བསྟེན་ན་བདེ་ཐོབ་འགྱུར། །སྐམ་དང་རུས་པའི་ནད་རྣམས་ལ། །ཏིལ་མར་འདི་ནི་གཏང་བར་བྱ། །རྒོད་མ་བུ་ནི་མི་ཆགས་པ། །འདི་བླུད་ན་ནི་བུ་ཆགས་འགྱུར། །རྒོད་མ་དང་ནི་རྟ་ཕོ་ཡི། །རླུང་ནད་བརྒྱད་ཅུ་སེལ་བར་བྱེད། །

གཉེར་མ་འདུས་ཤིང་ན་ཚོད་རྒས། །སླར་ཡང་ལང་ཚོ་ཐོབ་བར་འགྱུར། །པྲ་ས་ར་ཡི་ཏིལ་མར་འདི། །རྟ་ལ་ཕན་བྱེད་མཆོག་ཏུ་བཤད། །ཚེ་དང་སྟོབས་ནི་སྐྱེད་བྱེད་ཅིང་། །དྲན་པ་སེམས་གསལ་དཔལ་སྐྱེད་བྱེད། །རྒྱུས་པ་ཆད་དང་རྩ་ཆད་ལ། །ཏིལ་
མར་འདི་ཡིས་སྣ་སྨན་གཏང་། །ཤ་ལི་ཧོ་ཏྲའི་གསང་བའི་གནས་ཏེ་བརྒྱད་པ་ལས་པྲ་ས་རའི་ཏིལ་མར་གཉིས་པའོ།། །།སླེ་ཏྲེས་ཆུ་ཡི་ནད་བསྐོལ་ལ། །ཁུ་བ་བཞི་ཆའི་ཏིལ་མར་གཞུག །འོ་མ་དེ་དང་མཉམ་བཅུག་ལ། །སྨན་འདི་དག་གི་ལྡེ་གུ་གཞུག །པི་པི་ལིང་
རྩ་ཚ་བ་གསུམ། །ཙི་ཏྲ་ཧ་ཏི་པི་པི་ལིང་། །ཤུ་དག་རུ་རྟ་བྱི་དང་ག །སྐྱེར་པ་དང་ནི་ལྕེ་མྱང་ཚ། །པྲ་ས་ར་ནི་བ་ལ་དང་། །ར་སྣ་གཟེ་མ་ཧ་པུས་པ། །བཅུག་ལ་མེ་ནི་ཆུང་དུས་བཙོ། །དེ་བཞིན་བཅའ་ལྒ་གཞུག་པར་བྱ། །འདི་ཡིས་སྣ་རེངས་རླིག་སྤོས་དང་། །ལུས་
རེངས་རྐེད་པ་ན་བ་དང་། །དེ་བཞིན་རྒྱབ་ནི་རེངས་པ་དང་། །རླུང་ནད་པ་ལ་ཤ་དང་ནི། །རླུང་ལས་གྱུར་བའི་མིག་ནད་ལ། །ཁྱད་པར་དུ་ནི་རྟག་ཏུ་བཏང་། །སླེ་ཏྲེས་ལ་སོགས་ཏིལ་མར་ནི། །ཚངས་པས་སྔོན་ཚེ་བཤད་པ་ཡིན། །ཤ་ལི་ཧོ་ཏྲའི་གསང་བའི་གནས་ཏེ་བརྒྱད་
པ་ལས་སླེ་ཏྲེས་ལ་སོགས་པའི་ཏིལ་མར་རོ།། །།ཤུ་ཏི་ར་སྣ་དོང་གྲ་དང་། །བཙོད་དང་རུ་རྟ་ལྕེ་མྱང་ཚ། །ཐང་ཤིང་དང་ནི་བ་ལ་གཉིས། །སེར་པོ་གཉིས་དང་ཙནྡན་དམར། །སླེ་ཏྲེས་ཀྱི་ནི་ཁུ་བ་དང་། །ཏིལ་མར་འོ་མ་བཅས་བསྐོལ་བ། །འཐེང་པའི་ནད་ནི་ཐམས་ཅད་ལ། །
བསྐུ་དང་སྣ་སྨན་འཇམ་རྩི་གཏང་། །གསང་བའི་གནས་ཏེ་བརྒྱད་པ་ལས་ཤུ་ཏིའི་ཏིལ་མར་སོ།། །།པི་པི་ལིང་དང་པོ་སོན་ཆ། །བིལ་བ་ཤིང་མངར་ཤུ་ཏི་དང་། །རུ་རྟ་དེ་བཞིན་མ་ནུ་དང་། །ཙི་ཏྲ་ཀ་དང་ཐང་ཤིང་ནི། །བཏགས་ཏེ་ཏིལ་མར་འོ་མ་ནི། །ཉིས་འགྱུར་བཅུག་སྟེ་བསྐོལ་བར་
བྱ། །གཞང་འབྲུམ་རླུང་ནི་འཁྱིལ་བ་ལ། །འཇམ་རྩིར་གཏང་བའི་མཆོག་ཡིན་ནོ། །གཞང་འབྲུམ་པ་དང་གཟེར་ནད་དང་། །གཅིན་སྲི་བ་དང་ཟ་གུ་དང་། །རྐེད་པ་བརླ་ཡི་ནད་རྣམས་དང་། །སྦེག་པ་དང་ནི་སྦོས་ནད་དང་། །ཁྲག་འཛག་པ་དང་གཞང་ཁ་སྐྲངས། །རླུང་འཁྱིལ་བ་ནི་སེལ་བར་

བྱེད། །དེ་ལ་སོགས་པའི་ནད་རྣམས་ནི། །འཇམ་རྩི་བཏང་ན་སེལ་འགྱུར་སོ། །གསང་བའི་གནས་ཏེ་བརྒྱད་པ་ལས་པི་པི་ལིང་ལ་སོགས་པའི་ཏིལ་མར་སོ།། །།འཚོ་བྱེད་ཤིང་མངར་མ་དང་། །པི་པི་ལིང་དང་པོ་སོན་ཆ། །ཤུ་དག་ར་སྣ་བ་ལ་དང་། །བིལ་བ་ཉེའུ་ཤིང་ཤུ་ཏི་
ནི། །བཏགས་པའི་ལྡེ་གུ་ཏིལ་མར་དང་། །འོ་མ་ཉིས་འགྱུར་བཅུག་སྟེ་བསྐོལ། །ཏིལ་མར་འདི་ནི་འཇམ་རྩི་རུ། །བཏང་ན་རླུང་ནད་སེལ་བར་བྱེད། །གསང་བའི་གནས་ལས་འཚོ་བྱེད་ལ་སོགས་པའི་ཏིལ་མེ་རོ།། །།མ་ཤའི་རྩ་བ་སྲང་བརྒྱ་ནི། །དུས་སུ་སྐྱེས་པ་བཏུ་བར་བྱ། །
ཆུ་བྲེ་བཅུ་དྲུག་ནང་དུ་བསྐོལ། །བཞི་ཆ་ལུས་པར་གྱུར་བ་དང་། །སྨན་གྱི་ཁུ་བ་དེ་དང་ནི། །ཏིལ་མར་བྲེ་བཞི་བསྲེས་པ་རུང་། །སྨན་འདི་དག་ནི་སྲང་གཉིས་པ། །མཉམ་བྱས་ལྡེ་གུ་བཅུག་སྟེ་བསྐོལ། །བཙོད་དང་ཨ་ཤྭ་གནྡྷ་དང་། །རྒྱམ་ཚ་དང་ནི་ཤིང་མངར་དང་། །ནིམ་
བའི་རྩ་བ་ཤུ་ཏི་དང་། །ར་སྣ་ཡང་ནི་བཅུག་སྟེ་བསྐོལ། །མེ་ཆུང་ལ་བསྐོལ་ཏིལ་མར་འདིས། །རླུང་གི་ནད་ཀུན་སེལ་བྱེད་ཅིང་། །ལུས་རེངས་པ་ཡི་ནད་རྣམས་ནི། །རབ་ཏུ་འཇོམས་པར་བྱེད་པ་ཡིན། །རླུང་ལས་གྱུར་བའི་ནད་བརྒྱད་ཅུ། །ཐམས་ཅད་འདི་ཡིས་སེལ་བར་
བྱེད། །གསང་བའི་གནས་ཏེ་བརྒྱད་པ་ལས་མ་ཤའི་ཏིལ་མར་རོ།། །།ར་སྣ་ལ་སོགས་བཤད་བྱ་ཡིས། །ལེགས་ཐོས་མ་ཡེངས་མཉན་པར་གྱིས། །ར་སྣའི་རྩ་བ་ལོ་མ་དང་། །འབྲས་བུ་ཡལ་ག་སྲང་བརྒྱ་ནི། །བརྡུངས་ཏེ་ཆུ་བྲེ་བཅུ་དྲུག་དང་། །བསྐོལ་ལ་བཞི་ཆ་
ལུས་ཕན། །དེ་ཡི་ཁུ་བ་བྲེ་བཞིར་ནི། །ཏིལ་མར་བྲེ་ངོ་གཞུག་པར་བྱ། །ར་སྣ་དེ་ཉིད་ལྡེ་གུ་བྱས། །སྲང་བཅུ་དེར་ནི་བཅུག་པར་བྱ། །དེར་ནི་འོ་མ་བཞི་འགྱུར་དང་། །བློ་ལྡན་སྨན་པས་སྦྱར་བར་བྱ། །ཁ་ར་སྲང་ནི་བཅོ་ལྔ་དག །སྲང་བཅུ་ཉེ་བར་གཞུག་པར་བྱ། །ཁ་ར་རྙེད་བར་མ་
གྱུར་ན། །བུ་རམ་ཉིས་འགྱུར་གཞུག་པར་བྱ། །མེ་ནི་ཆུང་དུས་བསྐོལ་ནས་ནི། །ཨུ་དུ་མླྦཱ་རའི་སྣོད་ནང་གཞག །ཏིལ་མར་འདིས་ནི་རླུང་གྱུར་དེ། །བརྒྱད་ཅུ་སེལ་བར་བྱེད་པ་ཡིན། །ར་སྣའི་སྦྱོར་བ་ཅི་བཞིན་དུ། །ཧ་ས་ཙ་རའང་དེ་དང་འདྲ། །སྣ་སྨན་བསྐུ་བ་བཏུང་བ་དང་། །

འཇམ་རྩིའི་ལས་ལའང་སྔགས་པ་ཡིན། །ཤ་ལི་ཧོ་ཏྲའི་གསང་བའི་གནས་ཏེ་བརྒྱད་པ་ལས་ར་སྣ་ལ་སོགས་པའི་ཏིལ་མར་རོ།། །།འབྲས་བུ་གསུམ་དང་ན་ལེ་ཤམ། །བཅའ་ལྒ་ལྡོང་རོས་བ་བླ་དང་། །ནག་ཚུར་དུར་བྱིད་གླ་སྒང་དང་། །དེ་བཞིན་ཨར་
ཀའི་ལོ་མ་དང་། །ཐང་ཤིང་དང་ནི་སེར་པོ་གཉིས། །སྤང་སྤོས་དང་ནི་ཙནྡན་དམར། །འདི་དག་སྲང་རེའི་ཚད་བྱས་པ། །བ་གཅིན་དང་ནི་ལྷན་ཅིག་བསྐོལ། །ཡུངས་མར་སྲང་ནི་སུམ་ཅུ་དང་། །དུག་ནི་སྲང་གཅིག་གཞུག་པར་བྱ། །ལྕགས་ཀྱི་སྣོད་དུ་མེ་ཆུང་གིས། །རིམ་
གྱིས་དེ་ནི་བསྐོལ་བར་བྱ། །ཏིལ་མར་འདི་ཡིས་རྟ་ཡི་ནི། །ལུས་ཀྱི་ནད་རྣམས་སེལ་བར་བྱེད། །གཡན་བ་དང་ནི་རྐང་ཤུ་དང་། །དེ་བཞིན་འབྲུམ་བུ་སྣ་ཚོགས་ནི། །བསྐུས་པ་ཡིས་ནི་སེལ་བྱེད་ཅིང་། །མཉན་པར་ཡང་ནི་འགྱུར་བ་ཡིན། །གང་ཞིག་རྨ་རེད་གྱུར་བ་དག །
དེ་ལའང་སྨན་ནི་མཆོག་ཡིན་ནོ། །ཤ་ལི་ཧོ་ཏྲའི་གསང་བའི་གནས་ཏེ་བརྒྱད་པ་ལས་དུག་གི་སྙིང་པོ་ཅན་གྱི་ཏིལ་མར་རོ།། །།རུ་རྟ་རྒྱམ་ཚ་སེར་པོ་གཉིས། །ཀ་ར་བཱི་ར་ན་ལེ་ཤམ། །ན་ཏ་མ་ན་ཏ་བི་ཤ་ལ། །ཀམ་པི་ལི་དང་སྲ་རྩི་པོག། །ཡུངས་ཀར་གླ་སྒང་པ་ཏོ་ལ། །ནི་
བི་སྦད་མ་སྐྱེར་ཁཎ་དང་། །བྱི་དང་ག་ནི་ཆ་མཉམ་བྱ། །འདི་དང་ཏིལ་མར་བ་གཅིན་ནི། །ཉིས་འགྱུར་བཅུག་ལ་བསྐོལ་བར་བྱ། །ཏིལ་མར་བསྐ་བར་གྱུར་པའི་ཚེ། །རྙིགས་མར་བཅས་པས་བསྐུས་ན་ནི། །རྡོ་དང་གཡན་པའི་ནད་རྣམས་དང་། །མཛེ་ནད་ལོ་མང་ལོན་པ་
འཛོམས། །རྐང་ཤུ་དང་ནི་ཤ་བཀྲ་ཡང་། །ལན་ཅིག་བསྐུས་པས་སེལ་བར་བྱེད། །མཛེ་ཡི་ནད་ནི་བཅོ་བརྒྱད་དག །དབང་པོའི་ཐོག་བབ་ལྟ་བུར་འཇོམས། །ཤ་ལི་ཧོ་ཏྲའི་གསང་བའི་གནས་ཏེ་བརྒྱད་པ་ལས་རུ་རྟ་ལ་སོགས་པའི་ཏིལ་མར་རོ། །ཏིལ་མར་གྱི་ལེའུ་
རྫོགས་སོ། །།ར་སྣ་བ་ལ་སླེ་ཏྲེས་དང་། །བ་སྤུ་བ་དང་ཨེ་རཎ་དང་། །ཤི་ཀྲུ་བཅའ་ལྒ་ཐང་ཤིང་དང་། །ཨ་ཤྭ་གནྡྷ་ཉེའུ་ཤིང་དང་། །རྩ་བ་ལྔ་པ་ཨ་རུ་ར། །ས་ཧ་ཙ་ར་སྲུ་སྲུའི་རྩ། །ཆུ་དང་བསྐོལ་བའི་སྨན་ཁུ་འདི། །གུ་གུལ་བཅས་པའང་དེ་

གཅིག་པུ། །སྦྲང་རྩི་དང་ནི་སྦྱར་བྱས་པས། །སྐེ་རེངས་རྒྱབ་རེངས་མཇུག་དོའི་ནད། །གཞང་འབྲུམ་རོ་སྟོད་ནད་རྣམས་དང་། །སྣ་རྣག་འབྱུང་བ་སེལ་བར་ངེས། །ཤ་ལི་ཧོ་ཏྲའི་གསང་བའི་གནས་ཏེ་བརྒྱད་པ་ལས་སྣ་ལ་སོགས་པའི་སྨན་གྱི་ཁུ་བའོ།། །།གླ་སྒང་
བོ་དང་བ་ཐ་དང་། །ཤུ་དག་དང་ནི་ཨ་རུ་ར། །པུ་ཙེ་ཤེལ་དང་ཀྱི་ལྕེ་བ། །ཐང་ཤིང་དང་ནི་པར་པ་ཏ། །པི་པི་ལིང་རྩ་བྱི་ཚེར་བ། །སླ་ཏྲེས་དང་ནི་བཅའ་ལྒ་དང་། །པ་ཏོ་ལ་ཡི་ལོ་མར་བཅས། །སྨན་ཁུ་བཟང་པོ་བསྐོལ་བར་བྱ། །མེ་དྲོད་བྲི་དང་རིམས་བཅས་དང་། །སེམས་
ཁོང་ཆུད་དང་ལྐོག་ནད་དང་། །གཞོང་འདྲ་སྐྲངས་ནད་ལུད་པ་དང་། །མ་ཞུ་རླུང་དང་སྟོབས་ཟད་བའི། །རྟ་ཡི་ནད་ལ་བཏང་གྱུར་ན། །ནད་ཀུན་སེལ་པའི་མཆོག་ཡིན་ནོ། །གསང་བའི་གནས་ཏེ་བརྒྱད་པ་ལས་གླ་སྒང་ལ་སོགས་པའི་སྨན་ཁུའོ།། །།ཤྲིང་ག་ཏ་ཀ་ཤྲི་ཤ་ཡི། །
ཤུན་བ་ལ་ཀའི་རྩ་བ་དང་། །ཨ་ཤྭ་གནྡྷ་ར་སྣ་དང་། །སྲ་པ་ར་ཡི་རྩ་བ་ནི། །ཆ་ནི་མཉམ་པོར་སྦྱར་བྱས་ལ། །གཏུན་གྱི་ནང་དུ་བརྡུངས་ཏེ་བསྐོལ། །བཞི་ཆ་ལུས་བར་གྱུར་པ་དང་། །དྲོ་འཇམ་རྟ་ལ་བླུད་པར་བྱ། །བྲང་གི་ནད་ནི་ཐམས་ཅད་ལ། །སྨན་ཁུ་འདི་ནི་མཆོག་ཏུ་
བསྔགས། །གསང་བའི་གནས་ཏེ་བརྒྱད་པ་ལས་ཤྲིང་ག་ཏ་ཀ་ལ་སོགས་པའི་སྨན་ཁུའི་ལེའུའོ། །སྨན་ཁུའི་ལེའུ་རྫོགས་སོ།། །།རྟ་ནི་མ་ཞུར་གྱུར་བ་དག །རྩྭ་ཉུང་ཟ་ཞིང་ཡིད་མི་བདེ། །བྱིན་པ་གཉིས་ནི་འཐེང་གྱུར་ཞིང་། །ཉམས་ཐག་པ་ཡིས་གཅིན་རྟུག་གཏོང་། །ཡང་
ན་བྱིན་པ་སྐྲངས་པའམ། །རྨ་ཡི་ནད་ནི་འབྱུང་བར་འགྱུར། །སྲོད་དང་ང་རྒྱལ་མེད་འགྱུར་ཞིང་། །རྨོངས་བག་མ་ཞུ་ལས་བྱུང་སྐྱེ། །དེ་ལ་ཅི་སྲིད་ནད་མེད་ནི། །ཉམ་ཆུང་གྱུར་པར་སྐྱུང་བར་གཞག །ཤིང་ཏུ་ན་ན་ནད་གཞི་གསུམ། །སེལ་བའི་སྨན་ཁུ་དྲོ་འཇམ་བླུད། །རྟ་ལ་སྐྱུང་བ་བྱས་རྗེས་
ལ། །དུས་མཐུན་ཟས་དང་སྐོམ་བྱིན་ཏེ། །ཞག་ལྔའམ་ཞག་བཞིའི་བར་དུ་ནི། །རྗེས་སུ་བཏུང་བ་བླུད་པར་བྱ། །དེ་ཡིས་ནད་བྱང་མ་གྱུར་ན། །ནད་སྟོབས་སྐྱེས་ལ་སྨན་པ་ཡིས། །ཞག་བདུན་གྱི་ནི་རྗེས་ལ་ནི། །གཏར་ག་ཉེ་བར་གདབ་པར་བྱ། །རྣ་བ་མུར་འགྲམ་རྩེའུ་ཆུང་

དང་། །བླང་གི་རྩ་ལ་གཏར་ག་གདབ། །བྱིན་པ་རྐང་པ་ཚེའུ་ཚེ་ཡི། །རྩ་ལས་འཐེང་གྱུར་གཏར་ག་གདབ། །ཤ་ལི་ཧོ་ཏྲའི་གསང་བའི་གནས་ཏེ་བརྒྱད་པ་ལས་མ་ཞུ་བ་སྦྱང་བའོ།། །།དེ་ནས་རྟ་ཡིས་སོར་བཏུང་། །ཁྱེད་ལ་ཡང་དག་བཤད་པར་
བྱ། །ཨ་རྫ་མོ་དང་ལ་ལ་ཕུད། །པི་པི་ལིང་དང་ཙི་ཏྲ་ཀ །པི་པི་ལིང་གི་རྩ་བ་དང་། །བཅའ་ལྒ་ཡང་ནི་ཆ་མཉམ་སྦྱར། །འདི་དག་གི་ནི་ཕྱེ་མ་དག །ཆུ་ཚན་དང་སྦྱར་བླུད་པར་བྱ། །བཙོད་དང་སྦྲང་རྩི་ད་ཏ་ཀི། །སེར་པོ་གཉིས་དང་ལོ་མ་བདུན། །བྲི་ཡང་ཀུ་དང་ཁ་ར་དང་། །
ཡུངས་དཀར་དམར་དང་པི་པི་ལིང་། །འདི་དག་ཆ་ནི་མཉམ་བྱས་ལ། །བུ་རམ་ཆང་དང་སྦྱར་བ་བླུད། །འདིས་ནི་རྟ་ཡི་ལྟོ་བ་ན། །གནས་པའི་ནད་རྣམས་སེལ་བར་བྱེད། །གསང་བའི་གནས་ཏེ་བརྒྱད་པ་ལས་སོ་སོར་བཏུང་བའོ།། །།པི་པི་ལིང་དང་ན་ལེ་ཤམ། །བཅའ་ལྒ་ཤུ་དག་
བྱི་དང་ག །ཤིང་ཀུན་གཡེར་མ་ཙི་ཏྲ་ཀ །དན་ད་དང་ནི་པུ་ཙེ་ཤེལ། །ཆང་དངས་དང་ནི་སྦྱར་པ་ནི། །སོ་སོར་བཏུང་བ་བླུད་པར་བྱ། །གསང་བའི་གནས་ཏེ་བརྒྱད་པ་ལས་སོ་སོར་བཏུང་བ་གཉིས་པའོ།། །།པི་པི་ལིང་དང་ལན་ཚྭ་དང་། །ཤུ་དག་དང་ནི་ཤིང་ཚར་བཅས། །
ཨ་ཛ་མོ་ད་གོ་སྙོད་དང་། །ཙི་ཏྲ་ཀ་དང་ན་ལེ་ཤམ། །ཆང་དངས་དང་ནི་སྦྱར་བ་ཡི། །རྗེས་སུ་བཏུང་བ་བླུད་པར་བྱ། །འདི་ཡིས་རླུང་དང་བད་ཀན་གྱི། །ནད་རྣམས་སེལ་བར་བྱེད་པ་ཡིན། །གསང་བའི་གནས་ཏེ་བརྒྱད་པ་ལས་རྗེས་སུ་བཏུང་བའོ།། །།ལུས་ཀྱི་རྩ་བ་མཇུག་ཁུང་
ཡིན། །སྨན་ལུགས་དེ་ནི་རབ་ཏུ་གནས། །འདི་ཡིས་རྐང་མཐིལ་སྤྱི་བོའི་བར། །ལུས་ཀུན་རྟས་པར་བྱེད་པ་ཡིན། །ཁུར་ཆེན་དང་ནི་བཀྲིས་དང་སྐོམ། །ཆར་དང་དེ་བཞིན་རླུང་རྣམས་ནི། །རྟ་ཡིས་རབ་ཏུ་བརྣགས་ནུས་ཤིང་། །རྩ་མེད་ན་ཡང་སེམས་མི་ཞུམ། །རྟ་ནི་ཤ་ཚིལ་རུས་
པ་བརྟན། །གོམ་པ་ཤིན་ཏུ་ཡངས་པ་དང་། །ལུས་ནི་མཛེས་པར་སྣང་བ་དང་། །རྒྱབ་དང་རྐང་པ་སྲ་བར་འགྱུར། །ཇི་ལྟར་ཤིང་ནི་རྩ་བ་ནས། །ཆུ་ཡིས་བརླན་པར་གྱུར་པ་ན། །ལོ་འདབ་ལ་སོགས་རྒྱས་པར་འགྱུར། །རྟ་ཡི་འཇམ་རྩིའང་དེ་དང་འདྲ། །ལུས་ལ་གནས་པའི་

རླུང་ལྔ་པོ། །སྲོག་དང་གྱེན་རྒྱུ་ཐུར་སེལ་དང་། །མེ་དང་མཉམ་གནས་ཁྱབ་བྱེད་རྣམས། །རྗེས་སུ་མཐུན་པར་རྒྱུ་བར་འགྱུར། །དེ་ཚེ་ཐུར་སེར་རླུང་གིས་ནི། །མེ་དང་མཉམ་གནས་སྐྱེད་པར་བྱེད། །མཉམ་གནས་ཀྱིས་ཀྱང་ཁྱབ་བྱེད་བརྟན། །དེས་ཀྱང་གཞན་དག་བརྟན་པར་
བྱེད། །དེ་ལྟར་གོང་ནས་གོང་དུ་ནི། །འདི་དག་རིམ་གྱིས་རྗེས་མཐུན་གནས། །དཔེར་ན་སོས་ཀའི་ཉི་མ་ཡིས། །ས་ལ་གནས་པའི་ཆུ་ཚོགས་ཀྱི། །གཟི་མདངས་བླངས་པར་གྱུར་ནས་ནི། །ནམ་མཁའི་ངོས་ལ་གནས་པ་ཡིན། །རྟ་ལ་འཇམ་རྩི་ལེགས་བཏང་པ། །
དེ་དང་འདྲ་བར་ཤེས་པར་བྱ། །ཇི་ལྟར་ལེབ་རྒན་རྩིས་བསྒྱུར་བའི། །མཚོན་པའི་འདག་ཆལ་གྱིས་སེལ་ལྟར། །དེ་བཞིན་མས་གཏོང་ནི་རུ་ཧ། །ཕྲ་བའི་ལམ་ནས་ཞུགས་གྱུར་པས། །མགོ་ནས་རྐང་པའི་བར་གྱི་ནི། །ནད་རྣམས་སེལ་བར་བྱེད་པ་ཡིན། །ཤ་ལི་ཧོ་
ཏྲའི་གསང་བའི་གནས་ཏེ་བརྒྱད་པ་ལས་མས་གཏོང་བའི་ལས་ཀྱི་ཡོན་ཏན་བསྟན་པའོ།། །།སྣ་སྨན་གཏོང་བའི་སྦུ་གུ་ནི། །སོར་བཅུ་རུ་ནི་བྱ་བར་བཤད། །ཡང་ན་སྟེང་ནས་བླུགས་བྱ་སྟེ། །དེ་ཡང་རས་བལ་ཉིད་ལ་གཟག །སྔ་དྲོ་ལྟོ་སྟོང་གྱུར་པ་ཡི། །རྟ་ཡི་ལུས་
ནི་དྲང་པོར་གཞག །འཕྲལ་དུ་བླུགས་ཀྱིས་རྒྱུན་དུ་མིན། །དབུགས་དབྱུང་ཚ་ན་སྤྱད་པར་བྱ། །སྣ་སྨན་གཏོང་བ་རྩོལ་བ་དང་། །ཆུ་འཐུང་བ་ལས་བསྲུང་བར་བྱ། །གསང་བའི་གནས་ལས་སྣ་སྨན་བཏང་བའི་ཆོ་གའོ།། །།རུ་རྟ་ཡང་བ་པི་པི་ལིང་། །བཅའ་
སྒྲ་ཤིང་ཁུན་སྐྱར་ཁཎ་དང་། །པྲི་ཡང་ཀུ་དང་ར་སྣ་ནི། །ལྷན་གཅིག་སྦྱར་ཏེ་བཏགས་པར་བྱ། །སྨན་ཁུ་དེ་ལ་ར་སྣ་ནི། །བཞི་ཆ་སླར་ཡང་གཞག་པར་བྱ། །སྣ་སྨན་འདི་ནི་གཉེའུ་རེངས་དང་། །རྣ་རྩེའི་ནད་ལ་གཏང་བར་བྱ། །དེ་ནི་འཐེང་དང་བྲང་ཁ་ན། །འགྲམ་པ་དང་ནི་བརླ་
རེངས་དང་། །རླུང་དང་བད་ཀན་ལས་གྱུར་བའི། །ནད་ཀུན་སེལ་བར་བྱེད་པ་ཡིན། །གསང་བའི་གནས་ལས་རུ་རྟ་ལ་སོགས་པའི་སྣ་སྨན་ནོ།། །།བུ་རམ་བཅའ་ལྒའི་ར་བའམ། །པི་པི་ལིང་དང་རྒྱམ་ཚར་སྦྱར། །སྣ་སྨན་བཏང་ན་འགྲམ་པ་སྣད། །དཔུང་པ་མགོ་བའི་ནད་རྣམས་དང་། །

ལྐོག་ནད་དང་ནི་རྣ་བའི་ནད། །རྒྱབ་རེངས་སེལ་བར་བྱེད་པ་ཡིན། །གསང་བའི་གནས་ལས་བཅའ་ལྒ་ལ་སོགས་པའི་སྣ་སྨན་ནོ།། །།པི་པི་ལིང་དང་བཅའ་ལྒ་དང་། །རྒྱམ་ཚ་བྲི་ཧ་ཏིའི་འབྲས་བུ། །བ་གཅིན་དང་ནི་སྦྱར་བ་དག །སྣ་སྨན་དུ་ནི་གཏང་བར་
བྱ། །སྣ་སྨན་འདི་ཡིས་རེངས་པའི་ནད། །ཅུང་ཟད་རྙིང་པར་འགྱུར་བ་ཡིན། །གསང་བའི་གནས་ལས་པི་པི་ལིང་སོགས་པའི་སྣ་སྨན་ནོ།། །།བྲྀ་ཧ་ཏི་ཡི་འབྲས་བུ་ན། །ཆུ་དང་བཅས་པ་ཞིབ་ཏུ་བཏགས། །སྣ་སྨན་སྦྱར་བར་བཏང་གྱུར་ན། །ནི་རན་ཀའི་ནད་སེལ་འགྱུར། །
གསང་བའི་གནས་ལས་བྲྀ་ཧ་ཏིའི་འབྲས་བུ་ལ་སོགས་པའི་སྣ་སྨན་ནོ།། །།ཤྲི་ཤ་ནི་དང་ཛི་བན་ཏི། །ཤུ་དག་ར་སྣ་ཐང་ཤིང་དང་། །ཨ་ར་ཤ་དང་བཅས་པ་ནི། །བ་གཅིན་གྱི་ནི་ནང་དུ་བསྐོལ། །རླུང་ལས་གྱུར་པའི་ནད་བརྒྱད་ཅུ། །སེལ་བར་བྱེད་པར་ཐེ་ཚོམ་མེད། །གསང་བའི་
གནས་ལས་ཤྲི་ཤ་ལ་སོགས་པའི་སྣ་སྨན་གྱི་ལེའུའོ།། །།ཨ་ཤྭ་གནྡྷ་ཤུ་དག་དང་། །ཉེའུ་ཤིང་རུ་རྟ་ཐང་ཤིང་དང་། །ཨ་བ་དང་ནི་ཨ་པུ་ཤ། །སེན་དུ་བ་ར་སེར་པོ་གཉིས། །ཆུ་ཡི་ནང་དུ་བསྐོལ་ནས་ནི། །བཞི་ཆ་ལུས་པར་གྱུར་པ་ནི། །རླུང་ནད་ཅན་གྱི་རྟ་རྣམས་ལ། །མས་
གཏོང་བ་ཡི་སྦྱོར་བ་བྱ། །རླུང་ནད་རྐད་པའི་ཚིགས་གནས་དང་། །དེ་བཞིན་བརླ་ལ་བརྟེན་པ་ལ། །རུས་པ་ལ་གནས་དེ་ཐམས་ཅད། །མྱུར་དུ་སེལ་བར་བྱེད་པ་ཡིན། །མདོག་དང་སྟོབས་ནི་སྐྱེད་བྱེད་དེ། །རྟ་ཡི་འཇམ་རྩི་མཆོག་གྱུར་ཡིན། །སྦྱོར་བ་འདི་ཡེས་ལམ་རིང་དུ། །བཀོལ་ཡང་
གནོད་པ་མེད་པར་འགྱུར། །འདི་བྱས་གྱུར་ན་རྟ་དེ་ནི། །རང་གི་ལུས་སྟོབས་བྲི་མི་འགྱུར། །ཤ་ལི་ཧོ་ཏྲའི་གསང་བའི་གནས་ཏེ་བརྒྱད་པ་ལས་ཨ་ཤྭ་གནྡྷ་ལ་སོགས་པའི་འཇམ་རྩིའོ།། །།ཨུ་པུ་ཤ་དང་ལྕེ་མྱང་ཚ། །ཙི་ཏྲ་ཀ་དང་དབྱི་མོང་དང་། །ཤུ་ཏི་རུ་ཧ་ཤུ་དག་དང་། །
ཐང་ཤིང་དང་ནི་ཡུངས་ཀར་རྣམས། །སྨན་གྱི་ཕྱེ་མར་བྱས་པ་ཡིས། །འཇམ་རྩིའི་སྦྱོར་བ་བྱས་གྱུར་ན། །རླུང་གི་ནད་ནི་བརྒྱད་ཅུ་དང་། །མཁྲིས་པའི་ནད་ནི་བཞི་བཅུ་དང་། །བད་ཀན་ནད་ནི་ཉི་ཤུ་དག །འཇམ་རྩི་འདི་ཡིས་སེལ་བར་འགྱུར། །ཤ་ལི་ཧོ་ཏྲའི་གསང་བའི་

གནས་ལས་ཨ་པུ་ཤ་ལ་སོགས་པའི་འཇམ་རྩིའོ།། །།རྟ་ལ་ཕན་པར་འདོད་པ་ཡིས། །རུ་རྟ་བརྒྱད་པ་བཤད་པར་བྱ། །རུ་རྟ་ཤུ་ཏི་ཤིང་མངར་དང་། །ཨེ་རཎྜ་དང་ཐང་ཤིང་དང་། །སྐྱེར་བ་དང་ནི་ཧ་པུ་ཤ། །པོ་སོན་ཆ་ཡི་འབྲས་བུ་ནི། །ཆ་མཉམ་ཉིད་དུ་བསྡུས་
ནས་ཀྱང་། །ཕྱེ་མ་ཞིབ་མོར་བཏགས་ནས་ནི། །ཕྱེ་མ་དེ་ལས་སྲང་གཅིག་ཅིག །མར་རམ་ཏིལ་མར་དང་སྦྱར་ལ། །འཇམ་རྩི་རྟང་ནི་བཏང་གྱུར་ན། །རླུང་འཁྱིལ་བ་ཡི་ནད་རྣམས་སེལ། །ཁུ་བ་ཟད་དང་གཅོང་ཆེན་དང་། །རླུང་ནད་སྨད་དུ་ཞུགས་པ་དང་། །རླིག་སྐྲངས་
གཅིན་ནི་སྲི་བ་དང་། །རླུང་ནད་ཀྱིས་ནི་སེམས་བཅོམ་པ། །དུས་དང་མཐུན་པའི་སྣུམ་དང་ནི། །བྱིན་ན་ཕན་པར་འགྱུར་པ་ཡིན། །ཤ་ལི་ཧོ་ཏྲའི་གསང་བའི་གནས་ལས་རྟ་བརྒྱད་པ་ཞེས་བྱ་བའི་འཇམ་རྩིའོ།། །།པི་པི་ལིང་དང་བཅའ་ལྒ་དང་། །ན་ལེ་ཤམ་དང་དུར་
བྱིད་དང་། །བྲྀ་ཧ་ཏི་ཡི་འབྲས་བུ་དང་། །གུར་གུམ་དེ་བཞིན་ག་བུར་དང་། །གླ་རྩི་དང་ནི་རྒྱ་སྤོས་དང་། །དེ་བཞིན་སྨིག་རྐང་ཉིད་དང་ནི། །སྐྱེར་པ་རྣམས་ནི་ཆ་མཉམ་བྱས། །ཕྱེ་མར་ཞིབ་ཏུ་བཏགས་པར་བྱ། །དེ་ལས་འཇམ་རྩིའི་སྦྱོར་བ་ནི། །བྱས་ཏེ་རྟ་ལ་བཏང་གྱུར་ན། །རླུང་
དང་མཁྲིས་པའི་ནད་རྣམས་ནི། །འཇམ་རྩི་འདི་ཡིས་སེལ་བར་བྱེད། །གསང་བའི་གནས་ལས་པི་པི་ལིང་ལ་སོགས་པའི་འཇམ་རྩིའོ།། །།ཤ་ཁི་ར་ནི་སྲང་གཅིག་དང་། །མད་དུ་ཀ་ནི་སྲང་གཉིས་དང་། །དེ་བཞིན་མར་ནི་སྲང་ལྔ་དང་། །འོ་མ་ལས་ཀྱང་སྲང་
བཅུ་དྲུག །འོ་མའི་འཇམ་རྩི་འདི་བཏང་ན། །མཁྲིས་པའི་ནད་རྣམས་སེལ་བར་འགྱུར། །ཁྲག་དང་མཁྲིས་པ་ཞི་བྱེད་ལ། །སྟོན་དང་སོས་ཀའི་ཚེན་བསྔགས། །གསང་བའི་གནས་ལས་འོ་མའི་འཇམ་རྩིའོ། །ཤ་ལི་ཧོ་ཏྲའི་གསང་བའི་གནས་ཏེ་བརྒྱད་པ་ལས་
འཇམ་རྩིའི་ལེའུའོ།། །།ཕྱེ་མ་མར་ནི་ཁ་རའམ། །བུ་རམ་དག་དང་སྦྱར་བྱས་ལ། །ཆུ་གྲང་དག་དང་སྐྱེས་པ་ནི། །ནང་བར་རྟ་ལ་བྱིན་གྱུར་ན། །ངལ་དང་ལྟོགས་དང་དབུགས་མི་བདེ། །གཅིན་འགགས་པ་ཡི་ནད་རྣམས་ནི། །འདི་ཡིས་འཕྲས་དུ་ཞི་བྱེད་

ཅིང་། །སྟོབས་ཀྱང་སྐྱེད་བྱེད་བྱེད་པ་ཡིན། །སྦེག་དང་གཅོད་ཆེན་གྱིས་ཉེན་དང་། །ཉམ་ཆུང་ལམ་གྱིས་དུབ་པ་ལ། །འོ་མ་མར་དང་ཕྱེར་བྱས་བའི། །ལྡེ་གུ་དེ་ལ་སྦྱིན་པར་བྱ། །ཡང་ན་ཕྱེ་མར་པི་པི་ལིང་། །ཁ་ར་དང་སྦྱར་སྦྱིན་གྱུར་ན། །སེམས་
ནི་གསལ་བར་འགྱུར་བ་ཡིན། །མཁྲིས་ནད་ངལ་བ་སེལ་བར་འགྱུར། །ལུས་ཀྱང་སྦོམ་པ་ཉིད་འགྱུར་བས། །རྟག་ཏུ་རྟ་ལ་འདི་སྦྱིན་བྱ། །སྔ་དྲོ་ཁྲུས་བྱས་ཆུ་འཐུངས་ནས། །ཕྱེ་མར་ལྡེ་གུ་སྦྱིན་པར་བྱ། །གང་གི་ཁོང་པར་རླུང་ཞུགས་དང་། །ལུས་ལ་མཁྲིས་པས་ཉེན་གྱུར་
པ། །དེ་ལ་བཏུང་བ་དང་སྦྱར་སྦྱིན། །རླུང་མཁྲིས་ནད་རྣམས་སེལ་བར་བྱེད། །ཤ་ལི་ཧོ་ཏྲའི་གསང་བའི་གནས་ཏེ་བརྒྱད་པ་ལས་ཕྱེ་མའི་ལྡེ་གུའོ།། །།ཡ་བ་ཀྵ་ར་ཚ་བ་གསུམ། །སེར་པོ་གཉིས་དང་ཙི་ཏྲ་ཀ །ཀ་ར་བཱི་ར་དཀར་ཙ་བ། །ལྕེ་མྱང་ཚ་དང་བཅས་པ་
དང་། །ཨ་རྐའི་རྩ་བ་བི་ཤ་ལ། །ཁང་པའི་དུད་པ་ཡུངས་ཀར་བཅས། །དེ་བཞིན་ས་རྫི་ཀ་ཀྵ་ར། །དུག་ནི་ཆ་ཕྱེད་དང་བསྲེས་པ། །རང་སྐྱུར་དང་ནི་བཏགས་ནས་ཀྱང་། །གྲིབ་མ་ལ་ནི་བསྐམ་པར་བྱ། །བ་གཅིན་དང་ནི་སྦྱར་ནས་ཀྱང་། །སྔ་དྲོ་མཛེ་ཅན་རྟ་ལ་སྦྱིན། །ལྗན་ལྡིན་
རྣམ་པར་བསལ་ནས་ཀྱང་། །ཐལ་སྨན་གྱིས་ཀྱང་དྲིལ་ཕྱིས་བྱ། །ཕྱི་བ་དང་ནི་བསྐུ་བ་དང་། །ཞག་བདུན་གྱི་ནི་བར་དུ་བྱ། །འདི་ཡིས་འབུས་ཟོས་སྦྲུལ་གྱིས་ཟིན། །གཡན་པ་རྡོ་དང་འབྲུམ་ཕྲན་དང་། །དེ་བཞིན་པགས་པའི་ནད་གཞན་དང་། །སྡིག་པ་དང་ནི་དེ་བཞིན་
དུ། །སྲོག་ཆགས་གདུགས་པས་ཟིན་པ་དང་། །རྐང་ནད་གསོར་ནི་མི་རུང་རྣམས། །ངེས་པར་སེལ་བར་བྱེད་པ་ཡིན། །ཐལ་སྨན་གྱི་ནི་སྦྱོར་བ་འདི། །དྲང་སྲོང་རྣམས་ཀྱིས་སྔོན་ཚེ་བཤད། །འདི་ཡིས་རྨ་རེད་རྟག་ཏུ་ནི། །སྦྱོར་བར་བྱེད་པར་ཐེ་ཚོམ་མེད། །ཤ་ལི་ཧོ་ཏྲའི་
གསད་པའི་གནས་ཏེ་བརྒྱད་པ་ལས་ཨ་རྐའི་ཐལ་སྨན་ནོ།། །།ནས་ཚིག་འཁུས་ཐལ་ཆོ་ག་བཞིན། །བྱིན་པ་དེ་ཡི་ཡོན་ཏན་གང་། །དེ་ནི་ང་ཡིས་ཤེས་པར་བྱ། །ངས་བཤད་པ་ལས་མཉན་པར་གྱིས། །ཆེན་པོ་ལ་ནི་སྲང་གཅིག་བྱིན། །ཆ་གཅིག་ཁྲི་བ་བར་

མ་ལ། །ཐ་མ་ལ་ནི་སྲང་ཕྱེད་བྱིན། །ཡང་ཐ་ལ་ནི་ཞོག་གཉིས་སོ། །དབྱར་ཚེ་ཏིལ་མར་དང་སྦྱར་བ། །རྟག་ཏུ་སྦྱིན་པར་བྱ་བ་ཡིན། །དུས་ཀུན་དུ་ནི་མར་བཅས་པར། །བྱིན་པར་གྱུར་བ་རབ་ཏུ་བསྔགས། །འདི་ཡིས་སྐྲངས་པ་དུག་དང་ནི། །མཛེ་ནད་ཁོང་བའི་སྲིན་
བུ་དང་། །རླུང་འཁྱིལ་བ་ཡང་སྦོས་ནད་དང་། །གཟེར་གྱི་ནད་དང་གཞང་འབྲུམ་དང་། །ཕོ་བ་ཡི་ནི་ནད་རྣམས་དང་། །ཁ་ཡི་ནད་རྣམས་མ་ལུས་དང་། །ཤུ་བའི་ནད་རྣམས་སེལ་བ་ཡིན། །དེ་ནི་ཚད་ཙམ་བྱིན་གྱུར་ན། །སྟོབས་སྐྱེད་མདོག་ནི་གསལ་བར་བྱེད། །
རྟ་ལ་ནས་ཚིག་འཁུས་ཐལ་པ། །བཅུད་ལེན་མཆོག་ནི་ཡིན་པར་བཤད། །རྟ་གང་རྟག་ཏུ་མི་འཐུངས་བ། །དེ་ནི་རྟག་ཏུ་ནད་མེད་འགྱུར། །དེ་ནི་རླུང་གི་ནད་རྣམས་དང་། །མཁྲིས་པ་དང་ནི་བད་ཀན་དང་། །ལྡན་པ་དང་ནི་འདུས་པ་དང་། །དེ་བཞིན་གློ་བུར་བ་ཡི་
ནད། །ཁྲག་ལས་བྱུང་བའི་ནད་རྣམས་སེལ། །ཤ་ལི་ཧོ་ཏྲའི་གསང་བའི་གནས་ཏེ་བརྒྱད་པ་ལས་ནས་ཚིག་འཁྲུས་པའི་ཐལ་བའི་ཆོ་གའོ།། །།དེ་ནས་གཞན་ཡང་ལན་ཚྭ་ཡི། །ཆོ་ག་དམ་པ་བཤད་པར་བྱ། །ལན་ཚྭ་ཡི་ནི་ཡོན་ཏན་རྣམས། །བཤད་
ཀྱིས་དེ་ནི་མཉན་པར་གྱིས། །རྒྱམ་ཚ་རྟ་ལ་ཕན་པའི་མཆོག །རླུང་དང་བད་ཀན་སེལ་བར་བྱེད། །དེ་ཡིས་སྙིང་ནད་སྙིང་ནད་མ་ཞུ་བའི། །ནད་རྣམས་སེལ་བར་བྱེད་པ་ཡིན། །རྟ་རྣམས་ནད་མེད་པར་འགྱུར་ཞིང་། །རྔ་རྔོག་ཀྱང་ནི་ལེགས་པར་སྐྱེ། །མེ་དྲོད་བྲི་བར་མི་
འགྱུར་ཞིང་། །ཕོ་བའི་ནད་རྣམས་འབྱུང་མི་འགྱུར། །ཟོས་པ་མྱུར་དུ་འཇུ་འགྱུར་ཞིང་། །བདེ་བ་ཁོ་ནར་སྦྱིན་པར་བྱེད། །ལན་ཚྭས་རྟ་ཡི་གཅིན་ཏུ་དག །བདེ་བ་ཁོ་ནར་འབྱུང་བར་འགྱུར། །བདེ་བ་ཁོ་ནར་འབྱུང་བར་འགྱུར། །ལན་ཚྭ་རྟ་ཡི་ཚེ་ཡིན་པས། །དུས་ནི་རྟག་ཏུ་བསྔགས་པ་ཡིན། །སྨན་
པས་དགུན་སྟོད་དགུན་སྨད་ཚེ། །ལན་ཚྭ་སྔ་དྲོ་སྦྱིན་པར་བྱ། །དཔྱིད་དང་སོས་ཀ་དབྱར་དང་སྟོན། །ཕྱི་དྲོའི་དུས་སུ་སྦྱིན་པར་བྱ། །རྟ་ནི་མཆོག་ཏུ་གྱུར་པ་ལ། །ལན་ཚྭ་སྲང་དྲུག་སྦྱིན་པར་བྱ། །བར་མ་ལ་ནི་སྲང་བཞི་སྦྱིན། །ཆུང་བ་ལ་ནི་སྲང་གསུམ་སྦྱིན། །དབྱར་གྱི་

ཚེ་ན་ལན་ཚྭ་ནི། །ནིམ་པའི་ལོ་མ་དང་སྦྱར་སྦྱིན། །དགུན་གྱི་ཚེ་ནི་དགུ་ཐི་ཡི། །ལོ་མ་དང་བཅས་སྦྱིན་པར་བྱ། །པ་ཏོ་ལ་ཡི་ལོ་མར་བཅས། །དགུན་སྨད་དང་ནི་དཔྱིད་དུས་སྦྱིན། །སོས་ཀ་དང་ནི་སྟོན་གྱི་ཚེ། །མར་དང་སྦྱར་བ་སྦྱིན་
པར་བྱ། །ལན་ཚྭ་ཡི་ནི་སྦྱོར་བ་འདི། །བུ་ལ་ང་ཡིས་ཤེས་པ་ཡིན། །ཤ་ལི་ཧོ་ཏྲའི་གསང་བའི་གནས་ཏེ་བརྒྱད་པ་ལས་ལན་ཚྭའི་ཆོ་གའོ།། །།ཚངས་བ་དྲག་པོ་ཁྱབ་འཇུག་ནི། །བད་ཀན་མཁྲིས་པ་རླུང་དག་ཅད། །ཕན་ཚུན་བསྟེན་པར་བྱེད་པ་
དང་། །གཅིག་ལ་གཅིག་ནི་མ་འདྲེས་གནས། །དེ་ལ་ཚངས་པ་བད་ཀན་ཏེ། །དྲག་པོ་མཁྲིས་པ་ཡིན་པར་བཤད། །ཁྱབ་འཇུག་རླུང་གི་བདག་ཉིད་ཅན། །དེ་ལྟར་ཚུལ་ནི་རྣམ་གསུམ་ཡིན། །ས་ལ་བཅོས་མས་གནས་པ་ཡིན། །ཚངས་པ་ལ་སོགས་ལྷ་
གསུམ་པའོ། །ལུས་ཅན་རྣམས་ཀྱི་བརྟེན་པའི་རྒྱུ། །ཨ་རུ་ར་དང་སྐྱུ་རུ་ར། །བ་རུ་ར་སྟེ་འབྲས་བུ་གསུམ། །འདི་ཡི་ཡོན་ཏན་རྣམས་དང་ནི། །སྦྱོར་བའི་ཁྱད་པར་བཤད་པར་བྱ། །རྐེད་པ་བརླ་ཡི་ནད་སེལ་ཅིང་། །ལུས་ཟུངས་ཐམས་ཅད་དང་བར་བྱེད། །མདོག་
དང་སྟོབས་ནི་སྐྱེད་པའི་མཆོག །དེ་བཞིན་གནས་གསུམ་སྦྱོར་བར་བྱེད། །འདིས་ནི་མེ་དྲོད་སྐྱེད་བྱེད་ཅིང་། །སྨིན་དང་ཉམས་བྱེད་མཆོག་ཡིན་ནོ། །དེ་བས་རླུང་དང་མཁྲིས་པ་དང་། །བད་ཀན་འཁྲུགས་པར་གྱུར་བ་ན། །འབས་བུ་གསུམ་བསྐོལ་སྦྱོར་བ་
ཡིས། །ནད་ནི་སྦྱོར་བར་བྱེད་པ་ཡིན། །ཨ་རུ་ར་ནི་ཆ་གཅིག་སྟེ། །བ་རུ་ར་ནི་དེའི་ཉིས་འགྱུར། །སྐྱུ་རུ་ར་ནི་བ་རུ་རའི། །ཉིས་འགྱུར་ཁོ་ནར་གཞུག་པར་བྱ། །སྨན་ནི་བྲེ་གང་དག་དང་ནི། །ཆུ་ནི་བྲེ་བཞི་བསྐོལ་བར་བྱ། །བཞི་ཆ་ལུས་པར་གྱུར་པ་དང་། །
སྨན་ཁུ་དེ་ནི་ཐབ་ལས་དཔོག །ཚགས་ཀྱིས་ལེགས་པར་བཙགས་ནས་ནི། །དུས་ཀྱི་ཆོ་ག་ཤེས་པ་ཡིས། །མེ་སྟོབས་ཆེ་ཆུང་བརྟགས་བྱས་ལ། །རྟ་ལ་ཉེ་བར་བླུད་པར་བྱ། །རླུང་ནད་ཅན་ལ་ཏིལ་མར་སྦྱིན། །མཁྲིས་པ་ཅན་ལ་མར་སྦྱར་བླུད། །བད་ཀན་ཅན་ལ་

སྲེ་ཏྲེས་དང་། །པི་པི་ལིང་དང་སྦྱར་བ་བླུད། །མིག་གི་ནད་དང་རླིག་སྐྲངས་དང་། །རྨ་དང་རྒྱུས་ནད་འཁུམས་པ་དང་། །རྡོ་དང་