Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 203

Văn bản gốc(Tây Tạng)

Trang 18 / 18 (50.000 ký tự/trang)
གཡན་བ་འབྲུམ་ཕྲན་དང་། །འབྲུམ་བུ་ལྟོ་ཡི་ནད་རྣམས་དང་། །དེ་བཞིན་ལྟོ་ནད་གཞོང་འདྲ་དང་། །ལྐོག་ནད་འབྲས་ཀྱི་ཕྲེང་བ་ལ། །ཞག་
ནི་ཉི་ཤུ་རྩ་གཅིག་བར། །བླུད་ན་བདེ་བ་ཐོབ་པར་འགྱུར། །ཤ་ལི་ཧོ་ཏྲའི་གསང་བའི་གནས་ཏེ་བརྒྱད་པ་ལས་འབྲས་བུ་གསུམ་གྱི་སྦྱོར་བའོ།། །།ལེགས་ཐོས་ཐོས་པ་ཕུན་ཚོགས་པས། །ཤ་ལི་ཧོ་ཏྲ་ལ་དྲིས་པ། །ཨ་རུ་ར་ནི་གང་ན་སྐྱེ། །རིགས་ནི་དུ་ཞིག་རོ་དུ་
མཆིས། །སྐྱེ་གནས་རྣམ་པ་དུ་ཞེས་བགྱི། །མིང་དང་ཁ་དོག་མཚན་ཉིད་དང་། །རྟ་ཡི་ཉེས་པ་གང་དང་གང་། །སེལ་འགྱུར་ཐུབ་མཆོག་ཁྱེད་ཀྱིས་གསུངས། །བུ་ཡིས་དེ་སྐད་དྲིས་པ་དང་། །ཤ་ལི་ཧོ་ཏྲས་སླར་སྨྲས་པ། །བརྒྱ་བྱིན་བདུད་རྩི་འཐུངས་བ་ན། །ཐིགས་
པ་ས་ལ་ལྷུང་བར་གྱུར། །དེ་ལས་རིགས་དང་ཡོན་ཏན་ནི། །ཐམས་ཅད་དང་ལྡན་སྨན་སྐྱེས་འགྱུར། །བསིལ་དང་བདུད་རྩིའི་ཐིགས་ལས་འབྱུང་། །ཡོན་ཏན་གསུམ་ལྡན་ཨ་རུ་ར། །ལན་ཚྭ་ཉིད་ནི་མ་གཏོགས་པ། །རོ་ལྔ་དང་ནི་ལྡན་བཤད་དེ། །བསྐ་དང་མངར་དང་ཆ་
བ་དང་། །ཁ་དང་སྐྱུར་བར་གྲགས་དང་ལྡན། །དེ་ལྟར་རོ་ལྔ་བཤད་ནས་ནི། །དེ་ཡི་མིང་ནི་བཤད་པར་བྱ། །རྣམ་རྒྱལ་འཕེལ་བ་ཞེས་བྱ་དང་། །སྐེམ་བྱེད་དེ་བཞིན་བདུད་རྩི་དང་། །ནག་པོ་དང་ནི་འཇིགས་མེད་དང་། །འཚོ་བྱེད་ཅེས་ནི་མིང་དུ་གྲགས། །རྣམ་རྒྱལ་ཀུ་
བ་ལྟ་བུར་ཟླུམ། །འཕེལ་བྱེད་ཤིན་ཏུ་ཟླུམ་པ་ཡིན། །སྐེམ་བྱེད་རུས་པ་ཆ་ཞིང་དཀར། །བདུད་རྩི་རྩེ་མོ་སྦོམ་པ་ཡིན། །འཚོ་བྱེད་གསེར་གྱི་མདོག་ཅན་དེ། །འཇིག་མེད་ཟུར་ནི་ལྔ་བ་ཡིན། །ནག་པོ་ཟུར་གསུམ་བ་ཉིད་དེ། །རིགས་ནི་བདུན་དུ་ཤེས་
པར་བྱ། །འཇིག་མེད་རྟ་ཡི་རྐང་བ་ཡི། །ནད་ལ་རྟག་ཏུ་གཏང་པར་བྱ། །འཕེལ་བྱེད་དང་ནི་བདུད་རྩི་དག །རྟག་ཏུ་རྟ་ཡི་ལུས་ལ་གཏང་། །ནག་པོ་སྦྱོང་བར་བྱེད་པར་བཤད། །འཚོ་བྱེད་སྟོབས་ནི་འཕེལ་བར་བྱེད། །སྐེམ་བྱེད་མིག་གི་ནད་ལ་གཏང་། །

རྣམ་པར་རྒྱལ་བས་འཁྲུ་བར་བྱེད། །དེ་ལྟར་རིགས་དང་མིང་དག་གིས། །རྣམ་པ་བདུན་དུ་བཤད་པ་ཡིན། །རླུང་དང་མཁྲིས་པ་ལས་གྱུར་དང་། །ཁྱད་པར་དུ་ནི་བད་ཀན་ནད། །མངོན་དུ་འཕྲོག་བྱེད་ཨ་རུ་ར། །སྐྱུར་བས་རླུང་ནི་སེལ་བར་བྱེད། །མངར་
དང་ཁ་བས་མཁྲིས་པ་སེལ། །ཚྭ་དང་བསྐ་བས་བད་ཀན་སལ། །དེ་བས་ཉེས་གསུམ་འཇོམས་ཞེས་བཤད། །རྟ་ལ་ཅི་ལྟར་སྦྱིན་བྱ་བ། །དེ་ཡི་ཉེས་པ་ཉན་པར་གྱིས། །བ་གཅིན་ནང་དུ་ཟླ་བ་གཅིག །ཨ་རུ་ར་ནི་གཞག་པར་བྱ། །དང་པོའི་ཞག་ནི་རྡོག་མ་ལྔ། །
གཉིས་པ་ལ་ནི་བཅུ་སྦྱིན་བྱ། །ཞག་ནི་ཉི་ཤུ་རྩ་གཅིག་བར། །ལྔ་ལྔ་ཡིས་ནི་བསྐྱེད་པར་བྱ། །ནིམ་པ་ཡི་ནི་ཁུ་བ་དང་། །སེང་ལྡེང་ཁུ་བ་དང་བཏགས་ལ། །ལྕགས་ཀྱི་སྣོད་ནང་དུ་བཅུག་སྟེ། །མཚན་མོ་བཀབ་སྟེ་དབེན་པར་གཞག །ལྡེ་གུ་བཏགས་པའི་ཚད་
གང་ཡིན། །སྣུམ་གྱི་ཚད་ཀྱང་དེ་ཙམ་དུ། །སྨན་པ་མཆོག་གིས་སྦྱིན་བྱ་ཡི། །སྣུམ་མང་སྐྱོན་ནི་ཡོད་ཤེས་བྱ། །ཤུ་བ་གཡན་པ་འབྲུམ་བུ་དང་། །མཛེ་དང་རྐང་ཤུ་འབྲས་དང་ནི། །ནད་ནི་རྐང་ལ་ཞུགས་པ་དང་། །གཞང་འབྲུམ་དང་ནི་ཤ་བཀྲ་དང་། །དེ་བཞིན་
རྟ་ཡི་རྐང་པའི་ནད། །ཨ་རུ་ར་ཡིས་སེལ་བར་བྱེད། །དབྱར་ཚེ་རྒྱམ་ཚེ་དང་བཅས་སྦྱིན། །སྟོན་ནི་ཁ་ར་ཨ་རུ་ར། །དགུན་ནི་བཅའ་ལྒ་དང་བཅས་པ། །དགུན་སྨད་ཁ་རུ་ཚ་དང་བཅས། །སྦྲང་རྩི་དང་སྦྱར་དཔྱིད་ཚེ་སྦྱིན། །སོས་ཀ་བུ་རམ་སྦྱར་བ་སྦྱིན། །དེ་འདྲས་མེ་
ཡིས་ཤིང་བསྲེགས་ལྟར། །ནད་ཀྱི་ཚོགས་རྣམས་ཟད་པར་བྱེད། །གནད་དང་རུས་པ་ཚིགས་རྣམས་དང་། །དྲུག་མདོ་དང་ནི་གནས་པའི་ནད། །རླུང་མཁྲིས་ལས་ནི་གྱུར་བ་དང་། །དེ་བཞིན་བད་ཀན་ལས་གྱུར་དང་། །ཁྲག་དང་གྱུར་ལས་ཡན་ལག་གི། །ནད་ནི་སྣ་
ཚོགས་གནས་པ་སེལ། །བློ་དང་སྟོབས་དང་དབང་པོ་ཡི། །ཚོགས་ཀྱི་ཁ་ནི་འབྱེད་པ་ཡིན། །རླུང་དང་མཁྲིས་པ་བད་ཀན་གྱི། །ནད་རྣམས་ཁ་ནི་འཛུམས་པར་བྱེད། །གཅིན་དང་དེ་བཞིན་རྟུག་པ་དང་། །དྲི་མ་རྣམས་ནི་སྦྱོང་བྱེད་པ། །ཨ་རུ་རས་ནི་རྟ་ཡི་ནི། །ནད་

ནི་མ་ལུས་འཇོམས་པར་བྱེད། །ཤ་ལི་ཧོ་ཏྲའི་གསང་བའི་གནས་ཏེ་བརྒྱད་པ་ལས་ཨ་རུ་རའི་ཆོ་གའོ།། །།ཤ་ལི་ཧོ་ཏྲ་ཐུབ་མཆོག་ལ། །ལེགས་ཐོས་ཀྱིས་ནི་ཡང་དྲིས་པ། །གུ་གུལ་ཇི་ལྟར་བྱུང་གྱུར་ཅིང་། །རང་བཞིན་མཚན་ཉིད་ཅི་འདྲ་ལགས། །ཚད་དང་
ཚུལ་ནི་ཇི་ཙམ་ཞིག །ནད་ནི་གང་ལ་གཏང་བར་བགྱི། །བུ་ཡིས་དེ་སྐད་དྲིས་པ་དང་། །ཤ་ལི་ཧོ་ཏྲས་སླར་སྨྲས་པ། །བདུན་རྩི་བསྲུབས་པར་གྱུར་བའི་ཚེ། །ཐིགས་པ་ཕྲ་མོར་འཐོར་གྱུར་པ། །འཛམ་བུ་ཆུ་བོའི་གྲུབ་པ་དང་། །དྲི་ཟས་བརྟེན་པའི་གནས་སུ་བཅས། །དེ་
ལས་རྩ་བ་རྒྱས་པ་ཡི། །ཤིང་ནི་ཆེན་པོར་སྐྱེས་བར་གྱུར། །དེ་ཡི་ཁུ་བཅུད་འཛགས་གྱུར་པ། །གུ་གུལ་ཞེས་ནི་བྱ་བར་གྲགས། །བསྐ་ཤིང་ཚ་ལ་བསྐ་བ་སྟེ། །ཞུ་རྗེས་མངར་བོ་ཡིན་པར་བཤད། །སྨིན་པ་འཛམ་བུའི་གསེར་འདྲ་ཞིང་། །སྨིན་པའི་གི་ལྦང་ལྟ་བུ་ཡིན། །དེ་འདྲའི་
གསེར་མདོག་བསྟེན་འོས་ཡིན། །དེ་ལས་བཟློག་པ་སྨད་པར་འོས། །ཞག་བདུན་པ་གཅིག་དང་སྦྱར་བ། །ཞག་བདུན་འབྲས་བུ་གསུམ་དང་སྦྱར། །ཞག་བདུན་མར་དང་སྦྱར་བསྟེན་པ། །རྗེས་སུ་མཐུན་པ་གཏང་བར་བྱ། །རླུང་གི་ནད་ལ་མར་དང་སྦྱར། །བད་
ཀན་ནད་ལ་བ་གཅིན་སྦྱར། །མཁྲིས་པ་འབྲས་བུ་གསུམ་སྦྱར་གཏང་། །འདི་དག་ཚུལ་ནི་རྣམ་གསུམ་ཡིན། །སོས་ཀ་དང་ནི་བྱར་གྱི་ཚེ། །མར་དང་སྦྱར་སྟེ་སྦྱིན་པར་བྱ། །སྟོན་གྱི་ཚེ་དང་དགུན་སྟོད་ནི། །འབྲས་བུ་གསུམ་ཁུ་དང་སྦྱར་གཏང་། །དགུན་སྨན་དང་ནི་
དཔྱིད་ཀྱི་ཚེ། །བ་གཅིན་དང་སྦྱར་སྦྱིན་པར་བྱ། །དང་པོ་སྲང་ནི་ཕྱེད་སྦྱིན་ཞིང་། །སྲང་ཕྱད་ཀྱིས་ནི་རིམ་བཞིན་བསྐྱེད། །སྲང་ལྔ་དག་གི་ཚད་བྱས་པ། །ཆེ་ཚད་ཁོ་ན་ཡིན་པར་བཤད། །རྟ་ལ་སྔ་དྲོ་བླུད་ནས་ནི། །ཕྱི་དྲོ་ཁ་ཟས་སྦྱིན་བྱ་སྟེ། །ཤིན་ཏུ་སྣུམ་ཞིང་གཡོས་སུ་
བྱ། །ཤ་ནི་དེ་ལ་སྦྱིན་པར་བྱ། །ཆུ་ནི་ཉེ་བར་བསྐོལ་བ་དང་། །ལྗང་པ་སྐམ་པོ་སྦྱིན་པ་བསྔགས། །རྟ་ནི་ཆེན་པོ་ཉིད་ལ་ནི། །མཐར་གྱིས་དྲུག་ཅུ་རྩ་བཞི་སྦྱིན། །བར་མ་ལ་ནི་བཞི་བཅུ་བརྒྱད། །ཉ་བར་སྦྱིན་པ་ཉིད་དུ་བྱ། །ཆུང་ངུ་ལ་ནི་སྲང་སུམ་ཅུ། །རྩ་གཉིས་

ཀྱི་ནི་ཚད་དུ་སྦྱིན། །འདི་ནི་རྟ་ཡི་ནད་གཞི་གསུམ། །འཁྲུགས་པར་གྱུར་ལ་བསྔགས་པ་ཡིན། །ཚིགས་སྐྲངས་པ་དང་སྐྲན་དང་ནི། །དེ་བཞིན་རྨ་ཡི་ནད་རྣམས་དང་། །ལུས་རེངས་ཡན་ལག་སྐྲངས་པ་དང་། །སྐྲངས་དང་གཞང་ཁའི་ནད་
རྣམས་དང་། །ལྟོ་བ་ཡིན་ནི་ནད་རྣམས་དང་། །དེ་བཞིན་བད་ཀན་ནད་རྣམས་དང་། །འཐེང་བའི་ནད་ནི་ཐམས་ཅད་དང་། །མཛེ་ནད་བད་ཀན་ལས་གྱུར་དང་། །རྟ་གང་མེ་དྲོད་ཉམས་པ་དང་། །དེ་བཞིན་འབྱུང་བ་མི་སྙོམས་དང་། །མཚན་དང་རླིག་པ་སྐྲངས་
པ་དང་། །ནད་རྣམས་སྦྱོར་བར་བྱེད་པ་ཡིན། །རྒོད་མ་རྟེའུ་ཤོར་མངལ་མི་ཆགས། །གང་ཞིག་རྟག་ཏུ་བུ་འཆི་དང་། །གང་ཞིག་རྟག་ཏུ་རླུང་གིས་གནོད། །རྒོད་མ་དེ་ལའང་སྨན་པས་སྦྱིན། །ལུས་ཀྱི་སྟོབས་དང་གོམས་པ་དང་། །མེ་དྲོད་ཆེ་ཆུང་ཤེས་
བྱས་ལ། །ཉམས་སྟོབས་ལྡན་ཞིང་གཟུགས་དྲེགས་བདོ། །ཁུར་དང་སྡུག་བསྔལ་བསྟེན་ནུས་པ། །བྱིན་ན་བདེ་བ་ཉིད་འགྱུར་གྱི། །གཞན་ལ་བཅུད་ཀྱིས་ལེན་མི་འགྱུར། །ཤ་ལི་ཧོ་ཏྲའི་གསང་བའི་གནས་ཏེ་བརྒྱད་པ་ལས་གུ་གུལ་གྱི་ཆོ་གའོ།། །།
ཤ་ལི་ཧོ་ཏྲ་དང་སྲོང་མཆོག །ལེགས་ཐོས་ཀྱིས་ནི་ཡང་དྲིས་པ། །སྒོག་སྐྱ་ཇི་ལྟར་བྱུང་བར་གྱུར། །འདི་ཡི་རོ་ནི་དུ་རུ་བཤད། །རོ་མ་ཚང་ཞེས་ཇི་ལྟར་གདགས། །བཅུད་ཀྱིས་ལེན་དུ་ཇི་ལྟར་འགྱུར། །གང་ཞིག་དང་ནི་སྦྱར་གྱུར་ན། །སྨན་གྱི་བྱ་བ་བྱེད་པ་ལགས། །
ནད་ནི་གང་ལ་སྦྱིན་པར་བགྱི། ཅི་ལྟར་ན་ནི་ལུས་རྒྱས་བགྱིད། །བུ་ཡིས་དེ་སྐད་དྲིས་པ་དང་། །ཤ་ལི་ཧོ་ཏྲས་སླར་སྨྲས་པ། །ལྷ་དང་ལྷ་མིན་དག་གི་ནི། །གནས་སུ་བདུད་རྩི་བྱུང་བར་གྱུར། །དེ་བྱུང་བ་དང་ལྷ་རྣམས་ནི། །ཐམས་ཅད་འབད་དེ་སྲུང་བར་བྱེད། །དེ་ཚེ་མ་
ལ་ཕན་འདོད་པས། །མཁའ་ལྡིང་གིས་ནི་ཕྲོགས་པར་གྱུར། །དེ་ནི་ཤུགས་ཀྱིས་སོང་བ་ན། །བདུད་རྩི་ཐིགས་པ་ས་ལ་ལྷུང་། །མི་གཙང་བ་ཡིས་སྨེས་པ་ཡི། །ལོགས་སུ་ལྷུང་བས་དྲི་དང་གྱུར། །བདུད་རྩི་ལས་ནི་བྱུང་བས་ན། །དེ་བས་བཅུད་ཀྱིས་ལེན་ཉིད་ཡིན། །

སྣུམ་ཞིང་བརྟན་ལ་རོ་ལྔར་ལྡན། །ཚ་ཞིང་སྟོབས་ནི་སྐྱེད་པར་བྱེད། །ལྕི་ཞིང་རོ་ཚ་བྱེད་པ་སྟེ། །སྐྱུར་བའི་རོ་དང་དྲལ་བ་ཡིན། །དེ་བས་རོ་མ་ཚང་བ་ཞེས། །དྲང་སྲོང་རྣམས་ཀྱིས་བཤད་པ་ཡིན། །གང་ཞིག་རླུང་གི་ཤུགས་ཀྱིས་ནི། །ཡན་ལག་འབྱུང་ངམ་འཁུམས་གྱུར་
ཏམ། །གང་ཡང་ཤིན་ཏུ་འཐེང་བ་དང་། །གང་གི་ལམ་དུབ་འཐེང་གྱུར་དང་། །གང་ཡང་འཁྱོར་ཞིང་འགྲོ་བ་དང་། །བྱིན་པ་རྒྱབ་དང་དྲུག་མདོ་དང་། །དཔུང་པ་པུས་མོ་རྣམས་སུ་ནི། །ནད་ནི་ཞུགས་པར་གྱུར་པ་དང་། །རྩ་རྒྱུས་ཤ་དང་རུས་པ་དང་། །རྩ་ལ་ནད་ཀྱིས་
ཁྱབ་གྱུར་པ། །དེ་ལ་སྒོག་སྐྱ་ལས་ལྷག་པའི། །སྟོབས་ལྡན་སྨན་གཞན་ཡོད་མ་ཡིན། །རྟ་ནི་ལྟོ་བའི་ནད་ཀྱིས་ཉན། །སྒོག་སྐྱ་ཆང་དང་སྦྱར་བ་ནི། །ཆོ་ག་བཞིན་དུ་བྱིན་གྱུར་ན། །མྱུར་དུ་དེ་ལས་ཐར་བར་འགྱུར། །རླུང་འཁྱིལ་བ་ལ་སོགས་པའི་ནད། །
ཁོང་པ་ལ་བརྟེན་མི་བཟང་དང་། །སྐྲན་དང་མཆིན་པ་མཁས་མའི་ནད། །ཤིན་ཏུ་གསོ་དཀའ་ཐམས་ཅད་ཀྱང་། །འདི་ཡིས་ཉེ་བར་སེལ་པར་བྱེད། །མངར་དང་ཚ་དང་ཁ་བ་དང་། །བསྐ་དང་དེ་བཞིན་ལན་ཚྭ་སྟེ། །དེ་ལྟར་རོ་ལྔ་དང་ལྡན་ཞིང་། །རོ་སྐྱུར་གཅིག་པོ་
མེད་པ་ཡིན། །འདི་ལ་ས་བོན་མངར་བ་ཡི། །མཚན་ཉིད་ཡོད་པར་བཤད་པ་ཡིན། །རྩ་བ་ཚ་བ་ཉིད་ཡིན་ལ། །ལོ་མ་ཁ་བ་ཡིན་པར་བཤད། །སྡོང་བུའི་རོ་ནི་བསྐ་བ་ཡིན། །སྡོང་བུའི་རྩེ་མོ་ལན་ཚྭ་ཅན། །སྦྱོར་བ་ཇི་བཞིན་བྱས་པ་ཡིས། །འདི་ཡི་ཡོན་
ཏན་བཤད་པར་བྱ། །རླུང་གི་ནད་ལ་མར་དང་ནི། །ཤ་ཁུ་དང་སྦྱར་གཏང་བར་བྱ། །མཁྲིས་པ་ཅན་ལ་འོ་མ་དང་། །ལེགས་པར་བསྐོལ་ཏེ་སྦྱིན་པར་བྱ། །རང་སྐྱུར་ཀཉྗི་དང་སྦྱར་བས། །སྦོ་དང་བཤང་བ་འགགས་པ་སེལ། །ཁོང་བའི་སྲིན་བུ་རྣམས་ལ་ནི། །བ་
གཅིན་དང་ནི་སྦྱར་བ་བླུད། །བད་ཀན་ལ་ནི་འབྲས་བུ་གསུམ། །ཁུ་བ་དང་སྦྱར་བླུད་པར་བྱ། །འདི་ནི་སྦེག་པའི་རྟ་རྣམས་དང་། །རླུང་ནད་ཅན་དང་སེམས་ཉམས་དང་། །རྟ་གང་ཁྲག་དང་ཉམས་སྟོབས་ཟད། །དེ་རྣམས་བརྟ་བའི་མཆོག་ཡིན་ནོ། །ལུད་པ་དབུགས་མི་བདེ་

སེལ་ཞིང་། །ནད་ཀུན་འཇོམས་པར་བྱེད་པ་ཡིན། །ཏིལ་མར་དང་སྦྱར་བད་རླུང་འཇོམས། །མར་དང་སྦྱར་བས་རླུང་མཁྲིས་སེལ། །འོ་མ་བུ་རམ་ཤིང་ཁུར་སྦྱར། །ཁྲག་དང་མཁྲིས་པ་སེལ་བྱེད་ཡིན། །མེ་དྲོད་ཉམས་པ་རྒྱམ་ཚ་དང་། །ཆང་དང་སྦྱར་ཏེ་སྦྱིན་པར་
བྱ། །འོ་བྱང་སོས་ཀ་སྟོན་གྱི་ཚེ། །སྒོག་སྐྱ་སྦྱིན་པར་མི་བྱའོ། །གལ་ཏེ་རྨོངས་པས་སྟེར་གྱུར་ན། །རྟ་ནི་ཉེ་བར་གསོད་བ་ཡིན། །ཞུ་རྗེས་ཁ་དང་མངར་བས་ན། །བད་ཀན་དང་ནི་མཁྲིས་པ་སེལ། །རྒོད་མ་མངལ་ནི་ཆགས་བྱེད་ཅིང་། །གསེབ་ཀྱི་ཁུ་བ་འཕེལ་བར་བྱེད། །རླུང་ནད་
ཀྱིས་ནི་ཉེན་པ་དང་། །ཚིགས་སུ་བྱུང་བའི་སྨན་མཆོག་ཡིན། །སྒོག་པ་ལས་ནི་སྣུམ་ཉིས་འགྱུར། །བྱ་བ་སྦྱོར་བ་ལ་རབ་བསྔགས། །སྣོད་ནི་བཟང་པོའི་ནད་བཅུག་སྟེ། །ཤིན་ཏུ་དབེན་པའི་གནས་སུ་སྦ། །ལོ་གཅིག་ལོན་པར་གྱུར་པའི་ཚེ། །དྲི་ནི་གང་ཚེ་བྱུང་གྱུར་པ། །དེ་ཚེ་
དུས་ཚིགས་ཁྱད་པར་དང་། །རྟ་ནི་སྟོབས་དང་མེ་དྲོད་དང་། །རང་བཞིན་དང་ནི་གོམས་པ་དག །ཤེས་པར་བྱས་ལ་ལེགས་པར་གཏང་། །ཉིན་ཞག་བཟང་ལ་ལུས་སྦྱང་བྱ། །གཏར་ག་སྦྱོང་སོགས་ཀྱིས་བྱས་ལ། །བཅུད་གྱིས་ལེན་གྱི་སྦྱོར་བ་འདི། །རྟ་རྣམས་ལ་ནི་བྱ་བར་
བཤད། །རྟ་ཡི་མཆོག་ནི་རྟག་ཏུ་ནི། །དེ་ལ་སྲང་ནི་ཉི་ཤུ་སྦྱིན། །བར་མ་ལ་ནི་བཅོ་ལྔ་སྟེ། །ཐ་མ་ལ་ནི་བཅུ་ཉིད་སྦྱིན། །ཕག་དང་དེ་བཞིན་མ་ཧེ་དང་། །ཡང་ཉ་བྱིའུ་གོང་མ་སྲེག །རྨ་བྱ་དང་ནི་རི་དགས་ཤ། །མར་བཏབ་གཡོས་ནི་ལེགས་པར་བྱས། །ཁ་ཟས་བཟང་པོ་
དང་སྦྱར་བ། །བྱིན་པས་ལུས་ནི་བརྟ་བར་བྱ། །བཅུད་ཀྱིས་ལེན་གྱི་དམ་པ་འདི། །རྟ་ནི་གང་གིས་བསྟེན་བྱས་པ། །ཤིན་ཏུ་ཉམ་ང་ལ་སྦྱར་ཡང་། །ལུས་ནི་འབྲི་བར་འགྱུར་མ་ཡིན། །སྒོག་པ་དག་ནི་ཚེ་ལ་ཕན། །སྟོབས་སྐྱེད་ཁ་དོག་བཟང་བྱེད་ཅིང་། །ལུས་འདི་རྒྱས་
བར་བྱེད་པས་ན། །རོ་རྣམས་ཀྱི་ནི་མཆོག་ཡིན་ནོ། །འདི་ནི་ལེགས་པར་བརྟན་གྱུར་ན། །ན་ཚོད་རྒས་པར་གྱུར་པ་ཡང་། །ཤིན་ཏུ་གཞོན་པ་ཉིད་འགྱུར་ཞིང་། །ནུས་པ་ཀུན་དང་ལྡན་པར་འགྱུར། །ལེགས་ལྡན་ཤ་ལི་ཧོ་ཏྲ་ཡིས། །རྗེས་བསྟན་དེ་སྐད་སྨྲས་པ་ཡིན། །ཤ་ལི་ཧོ་

ཏྲའི་གསང་བུའི་གནས་ཏེ་བརྒྱད་པ་ལས་སྒོག་སྐྱའི་ཆོ་ག་རྫོགས་སོ།། །།ཤ་ལི་ཧོ་ཏྲ་དྲང་སྲོང་མཆོག །ཉི་མ་དང་ནི་གཟི་མཉམ་པ། །རྟ་ཁང་ན་ནི་འདུག་པ་ན། །ལེགས་ཐོས་ཀྱིས་ནི་ཡང་དྲིས་པ། །རྟ་ལ་གོ་ཆ་བསྐོན་པ་ནི། །ཅི་འདྲ་བ་ཞིག་བགྱི་བ་གསུངས། །དེ་བཞིན་ཡན་ལག་
གཅིག་པར་ནི། །ཤིན་རྟ་ལ་སྦྱར་བདག་ལ་གསུངས། །གཡུལ་དུ་དགྲ་དང་ལྷན་ཅིག་ནི། །འཐབ་པ་ན་ནི་གནོད་མེད་པ། །རྟ་ཡི་ལས་ཀྱི་ཆོ་ག་མཁྱེན། །འདི་ནི་ཁྱེད་ཀྱིས་བཤད་དུ་གསོལ། །ལེགས་ཐོས་ཀྱི་ནི་ཚིག་ཐོས་ནས། །ཤ་ལི་ཧོ་ཏྲས་སླར་སྨྲས་པ། །ན་ཚོད་ཀྱིས་ནི་ཆེ་
བ་ཡི། །སྐྱེས་བུ་སྔར་ནི་སྨྲས་པ་ཡིན། །སུམ་ཅུ་མ་ལེན་བར་མ་ཡིན། །ལྔ་པོ་འབྲི་བ་ཆུང་ངུ་ཡིན། །གྲགས་ལྡན་རྣམས་ཀྱི་མི་ཡི་ཚད། །དེ་ལྟར་སྔར་ནི་བཤད་པ་ཡིན། །ཤིང་རྟ་པ་ཡང་རྟ་ཡི་ནི། །བསྟན་བཅོས་ཤེས་ཤིང་ལེགས་པར་བྱས། །མདའ་གཞུ་རལ་གྲི་ལ་
སོགས་པའི་། །མཚོན་ཆ་ཡི་ནི་ཐབས་ལ་མཁས། །ལེགས་པར་གོ་འགོས་ཡན་ལག་བདེ། །དེ་ལྟ་བུ་དག་རྟ་ལ་བསྐྱོན། །རྟ་ནི་རིགས་བཟང་ལེགས་བརྟགས་ལ། །འཐབ་པ་རྩེད་མོའི་ཚུལ་དུ་སྦྱར། །འདི་ཡི་དང་པོའི་ཁུར་པོ་ཡི། །མདོར་བསྡུས་ནས་ནི་བཤད་པར་བྱ། །
དང་པོ་གོ་ཆ་སྲང་ཚད་ནི། །བརྒྱད་ཅུ་རྩ་བཞི་ཡིན་པར་བཤད། །ལས་གཅིག་ལ་ནི་རྗེས་བསྔགས་པ། །དེ་ཡི་སྲང་ཚད་སུམ་ཅུར་བཤད། །མགོ་བོ་འགེགས་པ་ལེགས་བརྡུངས་པ། །སྲང་ཚད་སུམ་ཅུ་རྩ་ལྔར་བཤད། །བརླ་འགེབས་པ་ནི་སྲང་བརྒྱད་དང་། །དེ་བཞིན་བཅུ་
ནི་ཡིན་པར་བཤད། །ལྐོག་མ་དང་ནི་རྨིག་པ་སོགས། །བསྲུང་བཞིན་བརྒྱན་པར་བྱེད་པ་ནི། །ཐམས་ཅད་སྲང་ནི་ལྔ་བཅུ་སྟེ། །རྟ་མཆོག་ལ་ནི་དེ་ལྟར་བྱ། །བར་མ་ལ་ནི་རྒྱ་ཡིས་འབྲི། །ཆུང་ངུ་ལ་ནི་བརྒྱ་ལྔ་བཅུ། །ཅི་ནས་གཡུལ་དུ་ཤུགས་དྲགས་པས། །འགྲོ་བར་མི་
འགྱུར་དེ་ལྟར་བྱ། །རལ་གྲི་སྲང་ཚད་ཉི་ཤུ་ལྔ། །གཡོན་ལོགས་སུ་ནི་གདགས་པར་བྱ། །གཞུ་ཉིད་སྲང་ནི་ཉི་ཤུ་ལྔ། །དེ་ཉིད་དུ་ནི་གདགས་པར་བྱ། །གཡས་ངོས་སུ་ནི་མངའ་ཡི་ཚོགས། །བརྒྱ་པོ་སྲང་ནི་ཉི་ཤུ་གསུམ། །ཚད་དུ་ཕྱིན་པ་གདགས་པར་བྱ། །ཕུག་དང་

དེ་བཞིན་ཐག་པ་ཡི། །ཚད་ནི་འདིར་ནི་དེས་མ་བྱས། །མདུང་ལའང་ཚད་གཅིག་ཡོད་གྱུར་པས། །འདི་འདྲ་གདགས་ཞེས་དེ་ལ་སྨྲས། །རྟ་ཡི་རྒྱབ་ཏུ་དགབ་བྱ་བ། །རི་དགས་རིའུ་བལ་ཤར་དག །སྤུ་གཞན་འཇམ་པ་ལས་བྱས་པ། །སྲ་ཞིང་ཤིན་ཏུ་འཇམ་
པ་བྱ། །ཤིན་ཏུ་ལེགས་པར་བཏགས་པ་ལས། །སྣ་ཚོགས་མདོག་གིས་བརྒྱན་པར་བྱ། །དེ་ཡི་འབྲེལ་ཐག་དང་བཅས་པ། །སྲང་ནི་སུམ་ཅུའི་ཚད་དུ་བྱ། །གདོང་རྒྱན་སྲང་ནི་ཉི་ཤུ་ལྔ། །ལེགས་པར་ལྟས་པ་གདགས་པར་བྱ། །གློ་ནི་སྡོམ་པར་བྱེད་པས་ན། །རྒྱབ་ཏུ་གནོད་
སྐྱེད་མི་འགྱུར་བར། །ལུག་བལ་ཤིན་ཏུ་འཇམ་པ་ཡིས། །སྲད་བུ་ལས་ནི་ལེགས་པར་བྱ། །ཡང་ན་པགས་པ་ལེགས་ཉེད་པའམ། །རས་བལ་དཀར་པོ་ལས་བྱས་པའམ། །དར་རམ་གསོ་མ་དར་ལ་བྱས། །གཞན་ཡང་མཛེས་ཤིང་སྲ་ལ་འཇམ། །སྟན་དང་ཆ་བྱད་ལེགས་
པ་ཡི། །རྫས་ཀྱི་བཟོ་ནི་དུ་མ་བྱ། །དེ་བཞིན་གདོང་གཟན་སང་ཚད་ནི། །བཅུ་དག་རྣ་བའི་གྲ་ནས་གདགས། །གདོང་ནི་ལེགས་པར་སྲུང་བྱེད་པ། །ཤིན་ཏུ་ལེགས་པ་ཉིད་དུ་བྱ། །གཡེར་ཁ་ཤིན་ཏུ་སྙན་པ་ནི། །སྲང་རེ་ཡི་ནི་ཚད་བྱས་པས། །སྲ་ཞིང་ལུས་ནི་བརྟན་པ་
དག། །རྣ་བའི་ངོས་ན་གདགས་པར་བྱ། །དེ་ལྟར་ཐམས་ཅད་བཏགས་ནས་ནི། །དེ་རྗེས་རྟ་ལ་ཞོན་པར་བྱ། །གཡུལ་དུ་རྟ་ཡིས་བསྐུར་བྱ་བའི། །ཁུར་དག་བདག་གིས་བཤད་པ་ཡིན། །ཤ་ལི་ཧོ་ཏྲའི་གསང་བའི་གནས་ཏེ་བརྒྱད་པ་ལས་གོ་ཆ་ལ་སོགས་པའི་ཁུར་བསྟན་
པའོ། །།དེ་ནས་ཤིང་རྟ་དང་སྦྱར་བའི། །ངེས་པ་ང་ཡིས་བཤད་པར་བྱ། །རྟ་ནི་གང་གི་མཆུ་ལྟག་ན། །ཤིན་ཏུ་ཤིས་པའི་མཚན་མ་ཡོད། །བ་དན་བཟང་པོའམ་ཟླ་བ་རྒྱས། །ཉ་དང་རྒྱལ་མཚན་ཡོད་གྱུར་པ། །རྟ་དེ་རྟག་ཏུ་བསྔགས་པ་ཡིན། །དེ་འདྲའི་མཚན་ཉིད་དང་
ལྡན་པའི། །རྟ་ནི་ས་རྟེང་ཤིས་པར་བཤད། །ངང་ཚུལ་བཟང་ཞིང་བུ་བཟང་ལ། །སྐད་ནི་དུང་དང་འདྲ་གྱུར་བ། །རྟ་དེ་རྒྱལ་པོ་ལ་ཤིས་པས། །རིགས་མཐུན་ཤིང་རྟ་ལ་སྦྱར་བྱ། །མདོག་དང་ཚད་ནི་མཚུངས་གྱུར་ཅིང་། །སྟོབས་ལྡན་ཉོན་མོངས་བཟོད་པ་ཤིས། །འཐབ་པའི་

ཚེ་ན་མོ་སྐྲག་ཅིང་། །འདྲེས་པ་ན་ཡང་མི་འཐེན་ལ། །མདའ་དང་དབྱིག་པ་མདུང་སོགས་ཀྱིས། །བརྒྱབ་པ་ན་ནི་སྲན་ཆེ་བ། །དེ་འདྲ་བ་ཡིས་རྟ་དག་ནི། །གཡུལ་གྱི་དུས་སུ་བསྔགས་པ་ཡིན། །རྣ་བར་བཟླས་པའི་ཚེ་ན་ནི། །མིག་ལས་མཆི་མ་འབྱིན་བྱེད་ཅིང་། །སྣ་སྦུབས་ཤིན་ཏུ་རྒྱས་བྱས་ནས། །
ཉི་མ་ལ་ཡང་བལྟ་བར་བྱེད། །རྐང་པ་གཡས་པ་ས་ལ་ནི། །ཡང་དང་ཡང་དུ་རྡེབས་པར་བྱེད། །འདི་ནི་སྐྱེ་བ་དྲན་པ་ཡི། །མཚན་ཉིད་དང་ལྡན་མཆོག་ཏུ་བཤད། །དེ་ལས་གཞན་པའི་རྟ་ངན་དག །ཤིང་རྟ་ལ་ཡང་སྦྱར་མི་བྱ། །ལེགས་ཐོས་རྣམ་པ་ཐམས་ཅད་དུ། །རྣ་བར་བཟླས་ལ་བརྟག་པར་
བྱ། །སྔོན་ཚེ་དེ་ཡིས་ཇི་ལྟར་ཐོས། །རྣ་བར་བཟླས་པ་གང་གི་ནི། །རྟ་ནི་ཤིན་ཏུ་རིགས་ལྡན་འབྱུང་། །དོན་མེད་མི་འགྱུར་དེ་མཉན་གྱིས། །ཤིང་རྟ་ཡན་ལག་ཀུན་ལྡན་ཞིང་། །འཁོར་ལོ་ལེགས་པར་བཏགས་པ་དང་། །གདུགས་དང་རྒྱལ་མཚན་ལེགས་པར་བསྒྲེང་། །ཤིན་ཏུ་རྫོགས་པ་ཉིད་
དུ་སྦྱར། །ལེགས་པར་སྤྲེལ་ཞིང་ཤིན་ཏུ་ཕྱིས། །ཉི་མ་ལྟ་བུར་གཟི་མདངས་ལྡན། །རིགས་དང་མཚན་ཉིད་བཟང་པ་ཡིན། །རྟ་བཞི་དང་ནི་ཡང་དག་ལྡན། །ཁ་ལོ་བསྒྱུར་བ་བཟང་པོར་བཅས། །འབྲུག་སྒྲ་ལྟ་བུའི་སྒྲ་སྒྲོགས་པ། །ཤིང་རྟ་དེ་ནི་ལེགས་གནས་པས། །ཤར་ཕྱོགས་སུ་ནི་ཁ་
བསྟན་གཞག །གཡས་སུ་བསྐོར་ཞིང་བཀྲ་ཤིས་དང་། །ཤིས་པར་བརྗོད་པ་ལེགས་པར་བྱ། །དེ་ཡི་རྣ་བ་གཡས་པར་ནི། །སྔགས་ཀྱི་ཚིག་འདི་བརྗོད་པར་བྱ། །ཁྲོད་ནི་དྲི་ཟའི་རིགས་སུ་སྐྱེས། །རིགས་སུན་པར་ནི་མ་བྱེད་ཅིང་། །ཁྱོད་ནི་དངུལ་ལས་བྱུང་གྱུར་ཅིང་། །དཔལ་མོའི་ལག་ཏུ་
གནས་ན་འཕེལ། །མེ་ཡི་བུ་ཉིད་ཁྱོད་དྲན་བྱོས། །ཀོ་ཏུ་བ་ལི་ནོར་བུའང་དྲན། །འོ་མའི་མཚེ་ལས་བདུད་རྩིའི་ཕྱིར། །ལྷ་དང་ལྷ་མིན་གྱིས་བསྲུབས་ཚེ། །དང་པོ་ཨུ་ཙ་སྲ་བ་བྱུང་། །དེ་ལས་ཁྱོད་སྐྱེས་དྲན་པར་གྱིས། །ཤུགས་མཆོག་སྟོན་དེ་ང་ཡིས་ནི། །དགྲ་དཔུང་མ་ལུས་ལས་ལས་རྒྱལ་གྱིས། །
ཚངས་པ་དང་ནི་ཟླ་བ་དང་། །ཆུ་ལྷ་ཡི་ནི་བདེན་ཚིགས་དང་། །ཉི་མ་ཡི་ནི་གཟི་བརྗིད་དང་། །དེ་བཞིན་དྲང་སྲོང་དཀའ་ཐུབ་དང་། །སྟོབས་བཟང་གི་ནི་ཚངས་སྤྱོད་དང་། །དེ་བཞིན་རླུང་གི་ཤུགས་ཉིད་དང་། །མེ་ཉིད་ཀྱི་ནི་ནུས་མཐུ་ཡིས། །རྟ་ཁྱོད་རྒྱལ་བ་སྐྱེད་གྱུར་ཅིང་། །འཐབ་པའི་ཚེ་ན་རྟ་ཁྱོད་ཀྱིས། །

གལ་དེ་ལོག་པར་འགྲོ་འགྱུར་ན། །བྲམ་ཟེ་ཕ་མ་གསོད་འདྲ་ཡི། །ཉེས་དེ་ཁྱོད་ཀྱིས་འཐོབ་པར་འགྱུར། །གལ་ཏེ་ཡུལ་ལས་རྒྱལ་གྱུར་ན། །བདག་པོ་བདེ་བ་ཉིད་སྐྱེད་བྱེད། །ཨོཾ་ན་མ། །ཨཱདིད་ཏྱ་ཡ་ཨུ་བ་ཡ་ག་ག་ག་སྭཱཧཱ། །རྟ་ཡི་རྣ་བ་གཡས་པར་ནི། །འཐབ་པའི་ཚེ་ན་བརྗོད་
གྱུར་ན། །སྐྱེ་བ་དྲན་པ་ཙམ་གྱིས་ནི། །དོན་མེད་ཉིད་དུ་འགྱུར་མ་ཡིན། །དེ་འདྲའི་སྟོབས་དང་སྙིང་སྟོབས་ལྡན། །རྟ་དང་སྦྱར་བའི་ཤིང་རྟར་ཞུགས། །གོབ་གོས་མཚོན་ཆར་ལྡན་བརྩོན་པ། །ཡུལ་འཁོར་འཇིགས་པ་ལས་བསྐྱབ་བྱ། །ཤ་ལི་ཧོ་ཏྲའི་གསང་བའི་གནས་ཏེ་བརྒྱད་པ་ལས་ཤིང་རྟ་དང་
སྦྱར་བའི་ཆོ་གའོ།། །།དེ་ནས་རྣ་བར་བཟླ་བྱ་བ། །གང་ཞིག་ཤེས་པ་ཙམ་གྱིས་ནི། །སྔོན་གྱི་སྐྱེ་བ་དྲན་བྱེད་པ། །ཤིན་ཏུ་ངེས་པར་བཤད་པར་བྱ། །བུ་ཡིས་མཚན་ཉིད་འདི་དག་ནི། །དང་པོར་རང་ལས་མཉན་པར་གྱིས། །སྦྲང་མ་ནས་པ་སྱ་བཱདེ་ནས། །སོམས་པ་ཏུ་ནས་ཙཿ ཨོཾ་ཛྭ་སྭ་
ཙཻབ་སུ་ཏྱ་སྱ། མཱ་ནི་ནམ་ཏ་པ་སཏྟ། །བྷ་དྲ་སཾ་བྷ་མ་ཙ་རྱེ་ན། །པ་བྷ་ནས་པ་ལེན་ཙ་སྲ་བྷ་བཱ་ནྟུ་ཏ། །ཤྭཱ་སཱ་བརྡྷ་ས་ཏྭཾ་ཏུ་རཾ་ག་མཿ ཨོཾ་ཡ་ཡ་ཡ་ཡ། གག་གག་སྭཱ་ཧཱ། །འདི་ནི་བདག་ཉིད་ཆེན་པོ་ནི། །རྟ་ཡི་སྙིང་པོར་གྱུར་པ་ཡིན། །གཡུལ་གྱི་དུས་སུ་དྲན་བྱ་ཡི། །གཞན་དུ་ནམ་ཡང་མ་
ཡིན་ནོ། །ལེགས་པར་བཏགས་ཤིང་གོ་བགོས་ལ། །འདྲ་བ་ལ་རྟ་གཞོན་ནས་ནི། །འགལ་ཞིག་རང་གི་དོན་གྱི་ཕྱིར། །རྨོངས་པས་བདག་ཉིད་སྐྱོབ་བྱེད་ཀྱི། །ལེགས་ཐོས་རྟ་ཡི་ལུས་ཡན་ལག །ལེགས་པར་སྲུང་བ་མི་བྱེད་ན། །དེ་ཚེ་སྡིག་ཅན་དམྱལ་བར་ནི། །ཡུན་རིང་དུ་ནི་
འཚེད་པར་འགྱུར། །རྟ་ཡི་སྤུ་ནི་ཅི་སྙེད་པའི། །དམྱལ་བར་དེ་ཚེ་གནས་པར་བྱེད། །རྟ་ལ་གོ་ཞིག་མ་བསྐོན་ཡང་། །བདག་ཉིད་གོ་གྱོན་ཞོན་གྱུར་པ། །མང་དུ་བཤད་པས་ཅི་ཞིག་བྱ། །དེ་འདྲའི་སྡིག་པ་ཡོང་མ་ཡིན། །དེ་བས་འབད་པ་ཐམས་ཅད་ཀྱིས། །རྟ་ནི་ལེགས་པར་བསྲུང་
བར་བྱ། །དཀའ་ཐུབ་ཡོན་ཏན་ཀུན་གྱི་གཏེར། །རྟ་ཚེའི་རིག་བྱེད་ལ་མཁས་པ། །ལེགས་ལྡན་ཤ་ལི་ཧོ་ཏྲ་ཡིས། །འདི་སྐད་ཅེས་བསྟན་སྨྲས་པ་ཡིན། །ཤ་ལི་ཧོ་ཏྲའི་གསང་བའི་གནས་ཏེ་བརྒྱད་པ་ལས་རྣ་བར་བཟླས་པ་བསྟན་པའོ། །དྲང་སྲོང་ཆེན་པོ་ཤ་ལི་ཧོ་ཏྲས་ཡང་དག་པར་བསྡུས་པའི་

རྟའི་ཚེའི་རིག་བྱང་མཐའ་དག་རྗེས་སུ་བསྟན་པ་ཞེས་བྱ་བ་རྒྱས་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཨཱ་ཙཱ་རྱ་དྷ་རྨ་ཤྲཱི་བྷ་དྲ་དང་། །བུ་དྒྟ་ཤྲཱི་ཤཱནྟི་དང་། །ཞུ་ཆེན་གྱི་ལོ་ཙཱ་བ་ཆེན་པོ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།དཔལ་ལྡན་རྒྱལ་པོའི་
རྒྱལ་པོ་ཆེ། །མི་དབང་མངའ་བདག་ཅེས་གྲགས་པ། །རྩོད་བའི་དུས་སུ་འཁྲུངས་གྱུར་ཀྱང་། །དམ་པའི་སྤྱོད་པ་ཀུན་དང་ལྡན། །ཁྱེད་ནི་ཐམས་ཅད་མཁྱེན་དང་ཅིང་། །ཁྱེད་ལ་བཟོད་དང་བདེན་སོགས་མངལ། །ཁྱེད་ལ་ཡོན་ཏན་ཀུན་གནས་པས། །ཁྱོད་ཉིད་བསྟོད་པར་འོས་པ་དང་། །
ཁྱེད་ལ་མཁས་དང་རྒྱལ་ཕྲན་གཞན། །བྲམ་ཟེ་སློང་མོ་བ་རྣམས་ཀྱིས། །རང་རེ་གསེར་གྱི་དབང་ཕྱུག་ཏུ། །རྒྱལ་ཆེན་ཁྱེད་ནི་གཅིག་ཏུ་བསྒྲགས། །མི་དབང་རྒྱལ་པོ་དགྱེས་པ་དང་། །གསང་དཔྱད་ཀྱིས་གཞན་ཕན་གདགས་ཕྱིར། །བཀའ་ཡིས་བསྐུལ་བས་གཞུང་རྒྱས་འདི། །བོད་ཀྱི་
རང་སྐད་སྤྱོད་ཡུལ་བྱས། །ཆོས་ལྡན་གཞུང་ལུགས་ལ་མཁས་པས། །ས་རྣམས་ལེགས་པར་སྐྱོང་མཛད་ཅིང་། །ཡོན་ཏན་ཕུན་ཚོགས་ཀུན་ལྡན་པས། །སྐྱེ་དགུ་ཡུན་རིང་རྒྱས་པར་མཛོད། །དྲང་སྲོང་ཤེས་པ་རྒྱ་མཚོ་ཕ་མཐར་ཕྱིན། །མངོན་ཤེས་ལྔ་ལྡན་ཡོན་ཏན་ཕུན་ཚོགས་པའི། །ཤ་
ལི་ཧོ་ཏྲས་ཚངས་པ་ལས་ཐོས་ནས། །རྟ་ཡི་ཚེ་ཡི་རིག་བྱེད་གང་གཏམས་ཏེ། །ཡུལ་མཐོ་ས་གཙང་འཛམ་གླིང་དཀྱིལ་སྒང་ན། །མེ་རྗེ་ལྟས་མཛད་སྦུ་རྒྱས་བཙན་པོའི་གདུང་། །བྱང་ཆུབ་སེམས་དཔའི་སྤྲུལ་པའི་རྒྱུད་དུ་འཁྲུངས། །མཐའ་བཞིའི་རྒྱལ་པོ་གཞན་ལས་ཁྱད་པར་
འཕགས། །འཁོར་དང་སྟེང་སྡེ་གསེར་དབྱེད་ཀུན་ལ་མཁས། །ས་ཡི་བདག་པོ་སེང་གེའི་གཟི་བྱིན་གྱིས། །རྒྱལ་ཕྲན་གླང་ཆེན་མྱོས་པའི་དྲེགས་འཕྲོག་པ། །མི་དབང་བཀྲ་ཤིས་ལྷ་ལྡེ་བཙན་གྱི་བཀས། །གསང་སྔགས་ཕ་རོལ་ཕྱིན་དང་བདེན་པ་ཡི། །
ལུང་དང་རིགས་པའི་བསྟན་བཅོས་ཀུན་ལ་མཁས། །སྐྱེ་འགྲོ་དམ་པ་མི་དང་མགྱོགས་འགྲོ་ཡི། །ཚེ་ཡི་རིག་བྱེད་ཀུན་ཀྱང་ཞུགས་སླད་དུ། །དམན་ལ་སྙིང་བརྩེ་བག་ཡོད་ཁྲེལ་ལ་སོགས། །གཏོང་ལ་སོགས་པའི་ཡོན་ཏན་རྣམས་དང་ལྡན། །མི་ཤེས་

བརྡ་སྤྲོད་སྒྲ་བསྒྱུར་ལོ་ཙཱ་བས། །ལྷ་མི་སྐལ་བ་ཅན་གྱི་མཆོད་པའི་གནས། །རིན་ཆེན་ཀུན་ལ་ཡོད་ཀྱང་བཟང་པོ་མེད། །རིན་ཆེན་སྔོན་འགྲོ་བཟང་པོས་མཐའ་བརྒྱན་པ། །གུས་པ་སྔོན་འགྲོའི་བཀའ་ཡིས་རབ་བསྐུལ་བས། །
སྒྲ་དང་ཚད་མའི་བསྟན་བཅོས་ལ་མཁས་པ། །རྒྱ་གར་མཁན་པོ་སངས་རྒྱས་ཞི་དཔལ་དང་། །རྟ་དཔྱད་ཤ་ལི་ཧོ་ཏྲས་བསྡུས་པ་བསྒྱུར། །འདི་ནི་དབང་པོའི་རྡོ་རྗེ་བསྡེབས་ཚུལ་དུ། །ཚིགས་བཅས་ཕྱེད་དང་བདུན་དུ་བྱས་པའོ།། །།ཨོཾ་སྭ་སྟི་སི་དྡྷིཾ།
གྲགས་པའི་འོད་ཟེར་བྱེ་བ་རབ་སྤྲོ་ཞིང་། །རྒྱལ་མཚན་ཐུབ་བསྟན་ཤར་རིའི་རྩེར་སོན་ནས། །ཚོགས་གཉིས་རྟ་ལྗང་ཤུགས་ཀྱིས་གླིང་བཞི་ཡི། །མུན་སེལ་ནམ་མཁའི་ནོར་བུ་དེ་ལ་འདུད། །ཁྱེད་ཀྱིས་བསྐལ་བ་བྱེ་བ་དཔག་ཡས་སུ། །རང་གཞན་དོན་དུ་
ཚོགས་གཉིས་རབ་རྫོགས་བྱས། །ཕུལ་ཆེན་ཤུགས་ཀྱིས་སྟོབས་ཀྱི་འཁོར་ལོས་སྒྱུར། །འཛིན་མའི་ཁྱོན་ཉུལ་ཁམས་གསུམ་བདེ་མཛད་བསྟོད། །བསོད་ནམས་ཕུལ་ཕྱིན་སྟོབས་ཀྱིས་རབ་བསྐྱོད་པས། །སྲིད་ཞིའི་དཔལ་འབྱོར་ལོངས་སྤྱོད་གང་
མཆོག་དང་། །གསང་སྔགས་ལུང་རིགས་མན་ངག་བསྟན་བཅོས་སོགས། །མ་ལུས་ཉིད་ཀྱི་དྲུང་དུ་འདུ་བའི་ཕྱིར། །མངལ་བདག་བཙན་པོ་སྡེ་ཡིས་རབ་བསྒྲུབས་པའི། །མགྱོགས་འགྲོ་དཔལ་མོའི་བུ་ཡི་བླང་དོར་གྱི། །གཏན་ཚིགས་ཆེན་པོ་བསྟན་
བཅོས་རབ་གསལ་བ། །ཤིན་ཏུ་གསང་ཞེས་ཡང་ཡང་གདམས་པ་འདི། །གསང་སྔགས་ཟབ་མོར་སྤྱད་ན་དངོས་གྲུབ་ཐོབ། །འཆོལ་བར་སྤྱོད་པ་མཁས་པའི་ཚུལ་མིན་པས། །ཙནྡན་ཚུལ་དབང་ཀླུ་དབང་ནོར་བུ་ལྟར། །ཉམས་སུ་དོན་བཞེས་
དཀོར་མཇོད་དུ་གཞག་གསོལ། །ཅེས་པ་དང་བཅས་པ་འདི་དག་ཕག་ལོ་ཟླ་བ་དང་པོའི་ཚེས་གཅིག་གི་ཉིན། །ཐོས་པ་ཅུང་ཟད་འཛིན་པ་མ་ཏི་བྷ་དྲས་གསོལ་པ་ཕྱོགས་ཀུན་དུ་བདེ་ལེགས་ཀྱིས་གང་བར་གྱུར་ཅིག།། །།