Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 203

Văn bản gốc(Tây Tạng)

Trang 9 / 18 (50.000 ký tự/trang)
ྱིལ་ཆར་གྱི་རྒྱུན་ལ་རེ་བླ་ཡི། །རྫིང་བུ་རྙོག་མ་ཅན་གྱི་ཆུ་དམན་ལ། །དྲེགས་པས་བསྟོད་པའི་མགྲིན་པ་མ་གདུད་ཅིག །སྟོབས་ལྡན་སེང་གེ་རི་དགས་ཤ་ཁྲག་ཟ་འཐུང་ཡང་། །ལོ་གཅིག་ཁྱུད་ཀོར་ལ་ནི་འཁྲིག་
པ་ལན་ཅིག་སྤྱོད། །བོང་བུ་རྡུལ་ཙམ་ཟ་བའང་འདོད་པ་རྟག་ཏུ་སྤྱོད། །དེ་གཉིས་གང་གི་རྒྱུས་བསྐྱེད་ཁྱེད་ཀྱིས་ང་ལ་སྨོས། །ནགས་ཀྱི་གླང་པོ་རྩྭ་ལོ་ཟ་ཡང་སྟོབས་དང་ལྡན། །སྦྲུལ་ནི་ཟས་སུ་རླུང་ཟར་གྱུར་ཀྱང་སྦེགས་པ་མེད། །དྲང་སྲོང་རྩ་བ་འབྲས་བུ་ཙམ་གྱིས་དུས་འདའ་བྱེད། །དེ་བས་
ཁྲེལ་འཛེམ་ཆོག་ཤེས་ཁོ་ནར་འབྱོར་པའི་མཆོག །གང་ཞིག་ཡི་གེ་མཆོག་གིས་བརྒྱན་པའི་ཁ་ནི་གང་ཡིན་པ། །དེ་ནི་ཡིད་འོང་པདྨ་རབ་གསར་རྒྱས་པ་ལྟ་བུར་མཛེས། །ཡི་གེ་མེད་པར་གྱུར་པའི་ཁ་ནི་གང་ཡིན་པ། །དེ་ནི་ཁ་མིན་ས་ཡི་བུ་ག་དག་དང་མཚུངས། །བོང་བུ་ཕྱུགས་
ལ་ནོར་བུ་མུ་ཏིག་ཅི། །དུད་འགྲོ་ཕག་ལ་ཁ་ཟས་ཞིམ་པོ་ཅི། །ལོང་ལ་སྣང་དང་འོན་པ་དག་ལ་གླུ། །གླེན་པ་དག་ལ་ཆོས་ཀྱིས་ཅི་ཞིག་བྱ། །ཀ་ཏན་ཏྲ་ཞེས་སྦྲ་མཁན་དང་། །གཅེས་སྒྲུབ་ཤེས་པའི་སྨན་པ་དང་། །དབྱིག་པ་ཐོག་པའི་རལ་ཀ་བས། །དེ་གསུམ་འཇིག་རྟེན་བཞད་གད་
སའོ། །བདག་ལ་བྱིན་ཟེར་དམན་པའི་ཚིག །མི་སྦྱིན་ཟེར་བ་དམན་པས་དམན། །འདི་ཁྱེར་ཟེར་བ་མཆོག་གི་ཚིག །མི་ཁྱེར་ཟེར་བ་དེ་བས་མཆོག །གནོད་སྤངས་ཕན་པ་བསྟེན་པ་ཡི། །སྦྱོར་བ་གང་ཡང་རུང་བ་ཡིས། །ལུས་ནི་ཤིན་ཏུ་བསྲུང་བྱ་ཡི། །ནོར་ལ་སྲེད་པས་ཅི་

ཞིག་བྱ། །འབྱོར་པ་ཡོད་ཀྱང་གཏོང་མེད་ན། །ཉེ་བར་འཚོ་བས་ཅི་ཞིག་བྱ། །ཀིཾ་ཤུ་ཀ་ཡི་འབྲས་བུ་ནི། །ཆགས་ཀྱང་ཁ་བས་ཅི་བྱར་ཡོད། །འདོད་པས་གདུངས་ལ་ཁྲེལ་མེད་ངོ་ཚ་མེད། །བཀྲེས་པས་གདུངས་ན་སྟོབས་མེད་མདངས་ཀྱང་མེད། །ནད་
ཀྱིས་གདུངས་ན་གཉིད་མེད་བདེ་བ་མེད། །ལམ་གྱིས་དུབ་ན་འཇིགས་དང་བརྩོན་པ་མེད། །གྲོགས་པོ་ནོར་ལ་བརྐམ་པ་སྤང་། ཆུང་མ་ལོག་གཡེམ་ཆེ་བ་སྤང་། །རྒྱལ་པོ་ཆོས་མིན་སྤྱོད་པ་སྤང་། །བློན་པོ་རབ་གཏུམ་དབྱེན་སྨྲ་སྤང་། །ཡུལ་ངན་འཚོ་བ་ངན་པ་སྤང་། །བཤེས་
གཉེན་ངན་པ་སྤང་བར་བྱ། །བཀུར་དཀའ་གསོ་དཔྱད་མི་མཁས་པ། །དེ་ལྟ་བུ་ཡི་སྨན་པ་སྤང་། །ཕན་དང་མི་ཕན་དཔྱོད་པའི་བློ་མེད་ཅིང་། །ཐོས་དང་བསམ་དང་བསྒོམ་པ་རྣམ་སྤངས་ཏེ། །ལྟོ་བ་འགེགས་པ་ཙམ་ཞིག་གཙོར་འཛིན་པ། །སྐྱེས་བུ་དེ་བློ་ཕྱུགས་དང་ཁྱད་ཅི་ཡོད། །
ཆུ་ཡིས་བུམ་པ་ཕྱེད་བཀང་བ། །རབ་ཏུ་འབད་པས་བཟུང་བྱས་ཏེ། །སྤྱི་བོར་བདག་གིས་ཁུར་བ་བཞིན། །སྐྱེ་བོ་ངན་པ་བཀུར་ན་ཁྲོ། །རང་བཞིན་ངན་པའི་མི་རྣམས་དང་། །སྲང་གི་མཚན་ཉིད་ཤིན་ཏུ་མཚུངས། །ཅུང་ཟད་ཙམ་གྱིས་མཐོ་འགྱུར་ལ། །ཅུང་ཟད་ཙམ་གྱིས་
དམའ་བར་འགྱུར། །ཙན་དན་གླ་རྩི་ག་བུར་གྱིས་བྱུགས་ཀྱང་། །སྒོག་སྐྱའི་དྲི་ནི་རང་བཞིན་མི་འདོར་ལྟར། །ལེགས་པའི་གཞུང་ལུགས་བཟང་པོ་རབ་བསླབ་ཀྱང་། །རང་བཞིན་ངན་པའི་མཚན་ཉིད་འདོར་མི་སྲིད། །ཇི་ལྟར་རིགས་པས་བརྒྱན་གྱུར་ཀྱང་། །སྐྱེ་བོ་ངན་པ་
ཡོངས་སུ་སྤང་། །སྦྲུལ་གདུག་ནོར་བུས་བརྒྱན་གྱུར་ཀྱང་། །ཅི་སྟེ་འཇིགས་པ་མི་སྐྱེད་དམ། །ངན་པ་ཇི་ལྟར་ཉམ་ཆུང་བ། །དེ་སྲིད་བར་དུ་རང་བཞིན་བཟང་། །སྟོན་ཀ་ཡི་ནི་ཆུ་བོ་དབ། །སྐྱེས་བུ་ཀུན་གྱིས་རྒལ་བར་བླ། །ཡོན་ཏན་ཚུལ་སྤྱོད་རང་བཞིན་གསལ་བ་ཡིས། །སྐྱེ་བོ་ངན་པ་
བཅོས་སུ་ག་ལ་རུང་། །ཚ་ཞིང་དྲོད་ཆེ་རྩུབ་བས་བསྒྲུབས་པ་ཡི། །བད་ཀན་ནད་བཞིན་རབ་ཏུ་འཕེལ་བར་འགྱུར། །མི་སྲུན་སྐྱེ་བོ་མ་གུས་བྲན། །མ་དུལ་རྟ་དང་ཆུང་མ་ངན། །བརྡུངས་ན་མཉེན་པར་འགྱུར་བ་སྟེ། །འདི་དག་ལེགས་བྱའི་སྣོད་མ་ཡིན། །

རྒྱ་མཚོར་ཆར་ཕབ་དོན་མེད་དོ། །འགྲངས་ལ་ཟས་བྱིན་དོན་མེད་དོ། །ཕྱུག་ལ་ནོར་བྱེད་དོན་མེད་དོ། །དམན་ལ་ལེགས་བྱས་དོན་མེད་དོ། །དམ་པའི་བུ་ཡི་གདོང་ལ་པདྨ་ཡོད། །སྨད་འཚོང་བུ་ཡི་གླང་ནས་དུག་ལོ་སྐྱེས། །ཇི་ལྟ་ཇི་ལྟར་ལོག་པར་སྤྱོད་པར་བྱེད། །དེ་ལྟ་དེ་ལྟར་གོ་འཕང་
འདའ་བར་འགྱུར། །སྤྲིན་གྱི་གྲིབ་མ་སྐྱེ་བོ་ངན་དང་མཛའ། །རྗེ་བོ་ངན་དང་བདག་པོ་དམན་ལ་བརྟེན། །ཟིལ་པའི་ཆུ་དང་རྩྭ་ལས་འབར་བའི་མེ། །དྲུག་པོ་དེ་དག་ཆུ་ཡི་ཆུ་བུར་མཚུངས། །ཤ་སྐམ་དང་ནི་བུད་མེད་རྒན། །ཆང་གསར་ཞོ་ནི་འཆག་མ་ཐག །ཉིན་ཕྱེད་གཉིད་དང་ནམ་
ཕྱེད་ཟས། །འདི་དྲུག་འཕྲལ་དུ་སྲོག་འཕྲོག་པའོ། །མར་གསར་འབྲས་ཆན་འོ་མར་བཅས། །ཤ་གསར་བུད་མེད་གཞོན་ནུ་དང་། །ཤིང་གི་གྲིབ་མ་ཆུ་དྲོན་ཁྲུས། །འདི་དྲུག་འཕྲལ་དུ་སྟོབས་སྐྱེད་དོ། །སྡུག་པ་དང་བྲལ་རང་མིས་བརྙས་པ་དང་། །བུ་ལོན་མང་ཞིང་ངན་པ་དག་
ལ་བརྟེན། །དབུལ་པོར་གྱུར་ནས་མཛའ་བོས་རིང་དུ་སྤངས། །འདི་ལྔ་མེ་མེད་པར་ནི་སྲེག་པའོ། །བོགས་མེད་ཆོང་དང་སྟོབས་ལྡན་དག་ལ་འཚེ། །སློང་ཞིང་འགྱིང་ལ་ནོར་མེད་འདོད་ལ་དགའ། །ན་ཆུང་སྡུག་ལ་ཚིག་རྩུབ་སྨྲ་བྱེད་པ། །འདི་ལྔ་ལོག་པར་སྤྱོད་པའི་སྐྱེས་བུའོ། །གང་
ཞིག་ཆོས་ནི་སྦྱིན་བྱེད་དང་། །མི་འཇིགས་སྦྱིན་དང་ཁ་ཟས་སྦྱིན། །ལུས་སྐྱེད་པ་དང་གདམས་ངན་སྦྱིན། །འདི་ལྔ་ཕན་འདོགས་བྱེད་པའོ། །རབ་ཏུ་བྱུང་ནས་སླར་ལོག་དང་། །བུད་མེད་ཁྱོ་གསུམ་མཐོང་བ་དང་། །ཅེ་སྤྱང་རྙི་ལས་ཤོར་བ་སྟེ། །འདི་གསུམ་གཡོན་ཅན་ཤེས་པར་བྱ། །
སྨན་པ་ཁ་ཟས་མ་ཞུ་དང་། །རྒྱལ་པོ་བརྫུན་དུ་སྨྲ་བ་དང་། །རིགས་ལྡན་སྡིག་པ་སྤྱོད་པ་སྟེ། །འདི་གསུམ་ཤིན་ཏུ་མི་རིགས་པའོ། །གཞན་ལས་ཚོལ་ཞིང་ཟས་ཞིམ་འདོད། །སློང་མོས་འཚེ་ཞིང་ཁེངས་པ་ཆེ། །བསྟན་བཅོས་མི་ཤེས་རྩོད་པར་འདོད། །འདི་གསུམ་འཇིག་རྟེན་
བཞད་གད་རྒྱུ། །རྒྱལ་པོ་སྨྲ་བ་ལན་ཅིག་དང་། །བུ་མོ་གཏོང་བ་ལན་ཅིག་དང་། །འཕགས་པ་མཐོང་བ་ལན་ཅིག་ཏེ། །འདི་གསུམ་འཇིག་རྟེན་ལན་རེ་བ། །དཀའ་ཐུབ་ལུས་ནི་འཚོ་བ་དང་། །མཛེས་མ་གཅིག་པུར་ཉལ་བ་དང་། །དཔའ་བོ་རྨ་མཚན་མེད་པ་སྟེ། །འདི་གསུམ་ཡིད་མི་

ཆོས་པའི་རྒྱུ། །རྒྱལ་པོ་བྱི་གཡེམ་བྱེད་པ་དང་། །བྲལ་ཟེ་གཞན་ལ་འཚེ་བ་དང་། །དགེ་སློང་རྩེད་འཇོ་བྱེད་པ་སྟེ། །འདི་གསུམ་འཇིག་རྟེན་སྨད་པའི་གནས། །མཁས་པ་ང་རྒྱལ་མེད་པ་དང་། །དབའ་བོ་ཉེ་བར་ཞི་བ་དང་། །ཕྱུག་པོ་གཏོང་བའི་སྒོ་ཕྱེ་བ། །འདི་གསུམ་འཇིག་རྟེན་
བསྟོད་པའི་གནས། །བརྩེར་ལྡན་ཕན་འདོགས་ངོམས་པ་མེད། །གདུག་ཅན་འཚེ་བས་ངོམས་པ་མེད། །བྱིས་པ་འདོད་པས་མི་ངོམས་ཏེ། །འདི་གསུམ་འཇིག་རྟེན་ངོམས་མེད་པའོ། །ནོར་ཕྱིར་ཡིད་མི་གདུངས་པ་དང་། །ཁྱིམ་ན་ཆུང་མ་ལོག་པར་སྤྱོད། །བསླུས་དང་བརྙས་པ་བྱས་པ་རྣམས། །བློ་
དང་ལྡན་པས་སྨྲ་མི་བྱ། །མཁའ་ལ་སྐར་མཁན་དག་གིས་རྩིས་བྱས་ན། །ཟླ་བ་དང་ནི་སྐར་མའི་ལམ་རྣམས་ཤེས། །ཁྱིམ་ན་ཆུང་མ་ལག་གཡེམ་བྱེད་པ་དང་། །སྣ་ཚོགས་ངན་སྤྱོད་དེ་ནི་མཐོང་མ་གྱུར། །དེ་ཉིད་ཤེས་ན་སློབ་དཔོན་ཅི། །ནད་དང་བྲལ་ལ་སྨན་པ་ཅི། །ཆུ་བོ་རྒལ་ལ་གྲུ་པ་
ཅི། །ཆགས་བྲལ་མཛེས་མས་ཅི་ཞིག་བྱ། །ལྷ་དང་བྲམ་ཟེ་དམ་པ་དག །བདེན་པ་ཡིས་ནི་དགའ་བར་འགྱུར། །མཁས་པ་ཚིག་ཟབ་སྨྲ་བས་དགའ། །ཕལ་པ་ཟས་དང་སྐོམ་གྱིས་དགའ། །རི་བོ་ཀུན་ལ་རིན་ཆེན་མེད། །ནགས་ཚལ་ཀུན་ན་ཙན་དན་མེད། །ཉ་རྣམས་ཀུན་ལ་མུ་
ཏིག་མེད། །དམ་པ་ཀུན་ལ་ཡོད་མ་ཡིན། །ངང་པ་ཆུ་སྐྱར་ཚོགས་ནང་མཛེས་མ་ཡིན། །ཅང་ཤེས་བོང་བུའི་ཚོགས་ནང་མཛེས་མ་ཡིན། །སེང་གེ་ཝ་ཡི་ཚོགས་ནང་མཛེས་མ་ཡིན། །མཁས་པ་བླུན་པོའི་ཚོགས་ནང་མཛེས་མ་ཡིན། །ཁུ་བྱུག་ཚུལ་ནི་སྒྲ་སྙན་ཡིན། །མཁས་བའི་ཚུལ་
ནི་རིག་པ་ཡིན། །བུད་མེད་ཚུལ་ནི་ཁྲེལ་ཡོད་ཡིན། །དཀའ་ཐུབ་ཚུལ་ནི་བཟོད་པ་ཡིན། །མཐུ་ཆེན་བཅོས་སུ་མི་རུང་ལ། །བཟོད་པ་བྱར་ཡང་ཅི་ཞིག་ཡོད། །ཞི་བ་དུལ་བར་སྤྱོད་པ་ལ། །བཟོད་པ་བྱ་བ་ཅི་ཞིག་དགོས། །ཕན་མེད་གཉེན་ནི་གཞན་ཡིན་ཏེ། །ཕ་རོལ་ཡིན་ཡང་གང་ཕན་
གཉེན། །ལྷན་ཅིག་སྐྱེས་པའི་ནགས་སོགས་དང་། །གངས་ཅན་རི་པོའི་སྨན་བཞིན་ནོ། །མཐུ་ཆེ་བ་དང་འགྲོགས་གྱུར་ན། །མཐོན་པོ་ཉིད་དུ་སུ་མི་འགྱུར། །མེ་ཏོག་ཕྲེང་དང་འབྲེལ་བ་ཡིས། །སྲང་བུ་མགོ་ལ་འཆིང་བར་བྱེད། །རང་བཞིན་བདེན་པར་སྨྲ་བ་ལ། །སླུ་བྱེད་མཁས་པ་ཡིན་

ནམ་ཅི། །པང་པར་བརྟེན་ཏེ་ཉལ་བའི་མི། །གསོད་པ་དེ་ཅི་དཔའ་བོའམ། །གཞོན་ནུའི་དུས་ན་ཕ་མའི་དབང་གྱུར་ཅིང་། །ལང་ཚོའི་དུས་ན་བུད་མེད་དབང་གྱུར་ཏེ། །རྒན་པོའི་དུས་ན་བུ་ཡི་དབང་གྱུར་པས། །བླུན་པོ་ནམ་ཡང་རང་དབང་ཡོད་མ་ཡིན། །ཇི་ལྟར་འདོད་ཆགས་མ་གྱུར་པ། །དེ་
སྲིད་ཡོན་ཏན་དེ་ཉིད་ཡིན། །འདོད་ཆེན་འདི་ལ་ཞུགས་གྱུར་ན། །ཡོན་ཏན་བཙུན་པར་ག་ལ་འགྱུར། །སྐྱེ་བོ་ཕལ་ཆེར་རང་གི་ནི། །ཚད་མས་གཞན་དག་འཇལ་བར་བྱེད། །དྲང་སྲོང་གིས་ནི་ཡི་དགས་མཐོང་། །འདི་ནི་དཀའ་ཐུབ་པ་ཞེས་ཟེར། །སྐྱེ་བོ་ངན་པས་སུན་བྱུང་ན། །དམ་པ་
ལ་ཡང་ཡིད་མི་ཆེས། །བྱིས་པ་འོ་མས་ཁ་ཚིག་ན། །ཞོ་ལའང་ཕུ་ཡིས་འདེབས་ཤིང་འཐུང་། །ཟོ་ཆུན་བཟོར་ནི་སྦྱར་གྱུར་ན། །བུད་མེད་ཀྱི་ཡང་དབང་དུ་འགྱུར། །དང་པོ་བརྩམས་པ་གང་ཡིན་པ། །དེ་ནི་ངོ་མཚར་ཆེ་བ་ཡིན། །གང་ཞིག་ཆེན་པོའི་སྤྱིར་བཀུར་བ། །དེ་ཉིད་དམན་པས་རྩྭ་སྙམ་
སེམས། །མཁས་པས་ཕྱག་བྱས་མཆོད་རྟེན་ནི། །ཁྲ་ཡིས་སྟན་དུ་བྱེད་པ་ཡིན། །ཀེ་ཏ་ཀ་ཡི་འབྲས་བུ་ནི། །ཆུ་རྣམས་དང་བར་བྱེད་མོད་ཀྱི། །དེ་ཡི་མིང་ཙམ་བརྗོད་པ་ཡིས། །ཆུ་རྡུལ་དང་བར་མི་བྱེད་དོ། །དམ་པ་དང་པོར་ཁས་འཆེ་མི་བྱེད་ལ། །གལ་ཏེ་དཀའ་བས་ཁས་ནི་བླངས་གྱུར་ན། །རྡོ་ལ་
རི་མོ་བྲིས་པ་ཇི་ལྟ་བར། །ཁས་བླངས་དེ་ནི་ངེས་པར་སྒྲུབ་པར་བྱེད། །དམན་པས་གང་ཚེ་ནོར་ནི་ཅུང་ཟད་རྙེད། །འགྲོ་བ་གཞན་ལ་བརྙས་པའི་ང་རྒྱལ་ལྡན། །དམ་པ་ནོར་གྱི་འབྱོར་པ་ཐོབ་གྱུར་ཀྱང་། །སཱ་ལུ་སྨིན་པ་བཞིན་དུ་ཤིན་ཏུ་འདུད། །ཤེས་རབ་དང་འདྲའི་མིག་མེད་དེ། །རྨོངས་པ་དང་མཉམ་
མུན་པ་མེད། །ནད་དང་འདྲ་བའི་དགྲ་མེད་དེ། །འཆི་བདག་དང་མཉམ་འཇིགས་པ་མེད། །དེ་བས་ཤིན་ཏུ་མི་བཟད་པའི། །འཆི་བ་ངེས་པར་འབྱུང་འགྱུར་གྱི། །འདོད་པ་རྣམས་ལ་སེམས་ཟློག་ལ། །དམ་པའི་ཆོས་ལ་དགའ་བར་གྱིས། །ཡོན་ཏན་ཅན་ལ་རིག་པ་ཡོན་ཏན་འགྱུར། །ཡོན་ཏན་
མེད་ལ་དེ་ཉིད་སྐྱོན་དུ་འགྱུར། །ཆུ་བོའི་ཆུ་ནི་ཤིན་ཏུ་དྲི་མེད་པའང་། །བྱེ་བྲག་ཕྱེད་པའི་བློ་ལྡན་ཡང་། །བྱ་བ་གྲོས་ཀྱིས་བསྒྲུབ་པར་བྱ། །དེ་ལ་ཉེས་དམིགས་མི་འབྱུང་སྟེ། །བྱུང་ནའང་དེ་ཡི་སླར་སྤོང་བྱེད། །བརྟན་ཞིང་འཇམ་ལ་ཚིག་ཉུང་གང་ཡིན་པ། །

དེ་ལ་མི་ཡིས་ཤིན་ཏུ་བག་བྱ་སྟེ། །ཉི་མ་སྤྲིན་སྟུག་མ་ནས་བྱུང་བ་ཡི། །འོད་ཟེར་ཤིན་ཏུ་ཚ་བར་འགྱུར་བ་བཞིན། །ན་ཚོད་གཞོན་ཡང་ཉེ་བར་ཞི་ལ་དགའ། །མཁས་པར་གྱུར་ཀྱང་ཤེས་པའི་ང་རྒྱལ་མེད། །གཟི་བརྗིད་ཆེ་ཡང་བཟོད་ཅིང་དེས་པ་ཡི། །དགྲ་ལས་རྒྱལ་བྱེད་དེ་ནི་རྙེད་པར་
དཀའ། །ཕྱུག་པོ་ཀླ་ཀློ་རྣམས་ལའང་ཡོད། །དཔའ་བོ་དུད་འགྲོ་རྣམས་ལའང་ཡོད། །སྣ་ཚོགས་དོན་ལྡན་གཏམ་སྨྲ་བའི། །དམ་པ་དག་ནི་ཤིན་ཏུ་དཀོན། །འབྱོར་བ་གཡོ་ཞིང་ལང་ཚོ་མྱུར་དུ་འཇིག །སྲོག་ནི་གཤིན་རྗེའི་སོ་ཡི་བར་ན་གནས། །འདིར་བདེ་དོན་གཉེར་ཕ་རོལ་ཡལ་བར་འདོད། །དེ་
ནི་གཡང་སའི་མཐར་གནས་ལོང་བ་བཞིན། །གང་ཞིག་ཉོན་མོངས་ནད་བཅས་པ། །དེ་སྨན་དམ་ཆོས་མི་བསྟེན་པར། །ཡུལ་ལ་བག་ཡངས་སྤྱོད་པ་ནི། །སྲིད་པའི་ལན་ནས་འབྱུང་མི་འགྱུར། །གལ་ཏེ་འགྲོ་བ་འདི་དག་གིས། །འཆི་བདག་སྤྱི་བོར་གནས་མཐོང་ན། །ཟས་ཀྱང་ཡིད་དུ་མི་འོང་
ན། །བྱ་བ་གཞན་ལྟ་ཇི་ཞིག་སྨོས། །བྱ་བ་ཟིན་ནམ་མ་ཟིན་ཞེས། །འཆི་བདག་བསྟོད་པར་མི་འགྱུར་པས། །སང་གི་བྱ་བ་དེ་རིང་ཉི། །ཕྱི་དྲོའི་བྱ་བ་སྔ་དྲོའོ། །འཇིག་རྟེན་འཚོ་བ་བརྟན་མ་ཡིན། །ནོར་དང་ལོང་ཚོ་བརྟན་མ་ཡིན། །བུ་དང་ཆུང་མ་བརྟན་མིན་ཏེ། །ཆོས་དང་བདེན་དང་ཕན་པ་བརྟེན། །
རྒྱལ་པོ་ཡུན་རིང་གསོན་ན་རུང་། །དྲང་སྲོང་མྱུར་དུ་ཤིནའང་རུང་། །རྔོན་པ་ཤིའམ་གསོན་མི་རུང་། །དམ་པ་ཤིའམ་གསོན་ཡང་རུང་། །ཚིགས་སུ་བཅད་པ་བརྒྱ་པ་ཞེས་བྱ་བ། །སློབ་དཔོན་ཆེན་པོ་མཆོག་སྲེད་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བི་ན་ཡཙནྡ་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་
ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་པའོ།། ༄༅༅། །རྒྱ་གར་སྐད་དུ། བིམ་ལ་པྲཤྣོ་ཏ་ཏར་རཏྣ་མཱ་ལི་ནཱ་མ། བོད་སྐད་དུ། དྲི་མ་མེད་པའི་དྲིས་ལན་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་བ་ལ་ཕྱག་འཚལ་ལོ། །དྲི་མེད་དྲིས་ལན་རིན་ཆེན་
ཕྲེང་པ་འདི། །གང་གི་མགུལ་ན་ངེས་པར་གནས་གྱུར་ན། །མཐོང་དང་མ་མཐོང་སྒྲུབ་པ་ལ་མཁས་པས། །ངེས་པར་རྒྱན་དུ་འགྱུར་བ་ཅིས་མ་ཡིན། །བཅོམ་ལྡན་བླང་བྱ་གང་ཞེ་ན། །བླ་མའི་དོན་ལྡན་ཚིག་རྣམས་སོ། །སྤང་བར་བྱ་བ་གང་ཞེ་ན། །བྱ་བ་མ་ཡིན་ཐམས་ཅད་དོ། །བླ་མར་

གྱུར་པ་གང་ཞེ་ན། །དེ་ཉིད་ཇི་བཞིན་རྟོགས་པ་དང་། །རྟག་ཏུ་སེམས་ཅན་ཐམས་ཅད་ལ། །ཕན་པར་མངོན་པར་བརྩོན་པའོ། །མཁས་པས་རིང་བྱ་གང་ཞེ་ན། །འཁོར་བའི་རྒྱུ་ནི་ངེས་བཅད་པའོ། །ཐར་པའི་ས་བོན་ཞིང་མཆོག་གང་། །ཡང་དག་ཡེ་ཤེས་བརྩོན་བྱས་པའོ། །ཤིན་ཏུ་མཐུན་པ་གང་
ཞེ་ན། །ཆོས་ཀྱི་སྤྱོད་པ་སྐྱོན་མེད་པའོ། །འདི་ན་གཙང་བ་གང་ཞེ་ན། །གང་གི་ཡིད་ནི་ཡོངས་དག་པའོ། །མཁས་པར་གྱུར་བ་གང་ཞེ་ན། །བྱེ་བྲག་ཇི་བཞིན་ཕྱེད་པའོ། །གདུག་པའི་དོན་ནི་གང་ཞེ་ན། །བླ་མ་བརྙས་བྱེད་གང་ཡིན་པའོ། །འཁོར་བ་ན་ནི་སྙིང་པོ་གང་། །ཡང་དག་དོན་ལ་རྣམ་
དཔྱོད་ཉིད། །མི་ཡི་དེ་ཉིད་ཐོབ་པ་གང་། །བདག་གཞན་ཕན་པར་བརྩོན་པའོ། །ར་རོ་ལྟ་བུའི་རྨོངས་པ་གང་། །ཕྱིན་ཅི་ལོག་ལ་ཆགས་པའོ། །མི་སྲུན་དགྲ་འདྲ་གང་ཞེ་ན། །མི་བཟད་པ་ཡི་ཡུལ་རྣམས་སོ། །འཁོར་བའི་འཁྲི་ཤིང་གང་ཞེ་ན། །ལོག་པར་སྲེད་པ་དམ་པའོ། །དགྲ་
བོར་གྱུར་པ་གང་ཞེ་ན། །ཡང་དག་དོན་ལ་བརྩོན་མེད་པའོ། །འདི་ལ་འཇིགས་པ་གང་ཞེ་ན། །སྲོག་མཐར་གྱུར་པའི་འཆི་བའོ། །ལོང་བ་ལས་ཀྱང་ལོང་བ་གང་། །ཕུང་ཁྲོལ་འདོད་ཆགས་ཅན་རྣམས་སོ། །སྐྱེས་བུ་དཔའ་བོ་གང་ཞེ་ན། །གང་ཞིག་བུད་མེད་མཛེས་མ་ལ། །ཆགས་པའི་མིག་གི་མདའ་
ཡིས་ནི། །ཡིད་ལ་ཕོག་པར་མ་གྱུར་པའོ། །རྣང་སྙན་བདུད་རྩི་ལྟ་བུ་གང་། ཡང་དག་དོན་གྱི་མན་ངག་གོ། །འདི་ན་ལྕི་བའི་རྩ་བ་གང་། །གང་འདི་བླུན་པར་གྱུར་པའོ། །ཚང་ཚིང་མི་བཟད་གང་ཞེ་ན། །བུད་མེད་རྣམས་ཀྱི་སྤྱོད་པའོ། །ཤིན་ཏུ་སྒྲིན་པ་གང་ཞེ་ན། །གང་གིས་དེས་དྲལ་མ་གྱུར་པའོ། །
འདི་ན་དབུལ་པོ་གང་ཞེ་ན། །གང་ཞིག་ཆོག་ཤེས་མེད་པའོ། །ཤིན་ཏུ་ཡངས་བ་གང་ཞེ་ན། །གཞན་ལྟོས་སློང་མོ་པ་རྣམས་སོ། །དོན་ཡོད་འཚོ་བ་གང་ཞེ་ན། །ཁ་ན་མ་ཐོ་མེད་པའོ། །སྐྱེས་བུ་གླེན་པ་གང་ཞེ་ན། །མཁས་བྱའི་ཡུལ་ལ་མི་སློབ་པའོ། །གཉིད་ཀྱིས་མ་ལོག་གང་ཞེ་ན། །མ་རྨོངས་
དོན་གྱི་བྱེ་བྲག་ཤེས། །གཉིད་ཀྱིས་ལོག་པ་གང་ཞེ་ན། །སྐྱེས་བུ་ཤིན་ཏུ་རྨོངས་པའོ། །པདྨའི་འདབ་ཆགས་ཆུ་ཐིགས་ལྟར། །མི་བརྟན་མྱུར་འཇིག་གང་ཞེ་ན། །སྐྱེས་བུ་རྣམས་ཀྱི་ལང་ཚོ་དང་། །ནོར་དང་དེ་བཞིན་ཚེ་ཉིད་དོ། །ཟླ་ཚེས་ལྟ་བུའི་ཡིད་འོང་གང་། །སྐྱེ་བོ་དམ་པ་ཕན་འདོད་པའོ། །

དམྱལ་དང་འདྲ་བ་གང་ཞེ་ན། །གཞན་གྱི་དབང་དུ་གྱུར་པའོ། །ཤིན་ཏུ་བདེ་བ་གང་ཞེ་ན། །འདུ་འཛི་ཀུན་ལམ་ཆགས་པའོ། །སྲོག་ཆགས་རྣམས་ནི་དགའ་བྱ་གང་། །དོན་ཡོད་འཚོ་བའི་སྲོག་ཉིད་དོ། །ལེགས་པར་བྱིན་བ་གང་ཞེ་ན། །ལན་ལ་རེ་བ་མེད་པའོ། །མཛའ་བཤེས་ཡིད་
འོང་གང་ཞེ་ན། །གང་ཞིག་སྡིག་ལས་ཟློག་བྱེད་པའོ། །མཛེས་པའི་རྒྱན་ནི་གང་ཞེ་ན། །གང་ཞིག་ཚུལ་ཁྲིམས་ཕུན་ཚོགས་པའོ། །ཚིག་གི་རྒྱན་གྱུར་གང་ཞེ་ན། །གཞན་ལ་མི་སླུ་བདེན་པའི་ངག །ཕུང་ཁྲོལ་འབྲས་འབྱིན་གང་ཞེ་ན། །ཡིད་ནི་ཀུན་དུམ་བསྡམས་པའོ། །བདེ་བ་འཐོབ་བྱེད་གང་ཞེ་ན། །ཀུན་
ལ་བྱམས་ཤིང་ཕན་བྱེད་པའོ། །ཕོངས་པ་ཀུན་འཇིག་མཁས་པ་གང་། །ཐམས་ཅད་དུ་ནི་སྐལ་ལྡན་པའོ། །སྐྱེས་བུ་དམུས་ལོང་གང་ཞེ་ན། །བྱ་བ་མ་ཡིན་ལ་དགའ་བའོ། །འོན་པར་གྱུར་པ་གང་ཞེ་ན། །ཕན་དང་མི་ཕན་མི་ཉན་པའོ། །ལྕེ་མེད་ལྐུགས་པ་གང་ཞེ་ན། །གང་ཞིག་སྙན་སྨྲ་མི་ཤེས་པའོ། །
སྐྱེས་བུ་འཆི་བ་གང་ཞེ་ན། །གླེན་ཞིང་གཏི་མུག་ཅན་ཉིད་དོ། །རིན་ཆེན་གྱུར་པ་གང་ཞེ་ན། །གང་ཞིག་དུས་སུ་བྱིན་པའོ། །མི་ཡི་ཟུག་རྔུར་གྱུར་པ་གང་། །དབེན་པར་བྱ་མིན་བྱས་པའོ། །གང་ལ་འབད་བྱ་གང་ཞེ་ན། །རིག་པ་ལེགས་པར་སློབ་པ་དང་། །སྨན་ཆེན་ཚུལ་བཞིན་བསྟེན་པ་དང་། །སྦྱིན་པ་ཀུན་དུ་
གཏོང་བའོ། །ལྟོས་མེད་བྱ་བ་གང་ཞེ་ན། །འགྲོ་བ་མི་སྲུན་འདུལ་མིན་དང་། །ཆགས་གྱུར་གཞན་གྱི་བུད་མེད་དང་། །འབྲེལ་མེད་གཞན་གྱི་ནོར་རྣམས་ལའོ། །གང་ཞིག་ཉིན་དང་མཚན་རྣམས་སུ། །བསམ་པར་བྱ་བ་གང་ཞེ་ན། །འཁོར་བ་སྙིང་པོ་མེད་ཉིད་ལ། །བག་མེད་པར་ནི་མི་བྱའོ། །ཡིད་
དུ་འོང་བ་གང་ཞེ་ན། །གཡོ་མེད་ཀུན་དུ་སྙིང་རྗེར་ལྡན། །སྦྱིན་པར་བྱ་བ་གང་ཞེ་ན། །བྱམས་པའི་སེམས་དང་ཡང་དག་ལྡན། །ལྐོག་མར་སྲོག་ཕྱིན་གྱུར་ཀྱང་ནི། །བདག་དང་མི་འབྲལ་གང་ཞེ་ན། །གླེན་པ་སྐྱོན་མི་ལྡན་པ་དང་། །ཀུན་གནོད་བྱས་པ་མི་གཟོ་བའོ། །མཆོད་བར་བྱ་བ་གང་ཞེ་ན། །
ལེགས་པ་རྣམས་ལ་འཛུད་པའོ། །ཐ་ཤལ་དུ་ནི་ཤེས་བྱ་གང་། །རྩོམ་པ་ཀུན་ལ་མི་བརྟན་པའོ། །འགྲོ་བ་ཀུན་ལ་ཐམས་ཅད་ལས། །ངེས་པར་རྒྱལ་བ་གང་ཞེ་ན། །སྐྱེས་བུ་བདེན་པར་སྨྲ་བ་དང་། །བཟོད་པ་ཡང་དག་ལྡན་པའོ། །ལྷས་ཀྱང་གུས་བས་ཕྱག་བྱ་གང་། །སྙིང་རྗེ་གཙོ་བོར་བྱེད་པའོ། །

གང་ལ་སྐྱོ་བར་བྱ་ཞེ་ན། །མཁས་བས་འཁོར་བའི་འབྲོག་དགོན་ལས། །སྲོག་ཆགས་རྣམས་ཀྱི་ཚོགས་དག་ནི། །གང་གི་དབང་དུ་འགྱུར་ཞེ་ན། །གང་ཞིག་ཕན་དང་སྙན་སྨྲ་དང་། །དུལ་བར་སྤྱོད་པ་རྣམས་ཀྱིས་སོ། །སྐྱེས་བུ་ལེགས་པར་འདོད་པ་ཡིས། །གང་ལ་གནས་པར་བྱ་ཞེ་ན། །མཐོང་
དང་མ་མཐོང་བྱ་བའི་ཕྱིར། །བདེན་པའི་ལམ་ལ་ངེས་གནས་བྱ། །མྱ་ངན་འགྱུར་བ་གང་ཞེ་ན། །འབྱོར་པ་བཞིན་དུ་ཞེན་པའོ། །གློག་ལྟར་མི་བརྟན་གང་ཞེ་ན། །སྐྱེས་བུ་དམ་པ་ཕྲད་བསྟེན་པའོ། །བསྔགས་པར་བྱ་བ་གང་ཞེ་ན། །གང་ཞིག་བློ་གྲོས་ཆེ་བ་དང་། །ཤིན་ཏུ་ཉམ་ཆུང་སྟོབས་མེད་
ལ། །ནུས་དང་ལྡན་ཞིང་བཟོད་བྱེད་པའོ། །རིགས་ཀྱི་རི་ལྟར་མི་གཡོ་གང་། །རྩོད་དུས་སྐྱེས་བུ་དམ་པའོ། །འདི་ན་སྐྱེས་བུས་རྙེད་དཀའ་བའི། །བཟང་པོ་བཞི་ནི་གང་ཞེ་ན། །སྦྱིན་པ་སྙན་སྨྲར་བཅས་པ་དང་། །ཤེས་པ་ཁེངས་པ་མེད་ལྡན་དང་། །བཟོད་པ་བརྩོན་འགྲུས་བཅས་པ་དང་། །
སེམས་ནི་རྣལ་འབྱོར་ལྡན་པའོ། །དྲི་མེད་དྲིས་ལན་རིན་ཆེན་ཕྲེང་བ་ནི། །གང་གི་མགུལ་ན་ལེགས་པར་ཡོང་གྱུར་ན། །དེ་ནི་སྐྱེས་བུ་མཁས་པ་འདུས་ནང་དུ། །མགུལ་གྱི་མུ་ཏིག་རྒྱན་བཞིན་མཛེས་པ་ཡིན། །བརྟགས་ནས་རྒྱལ་སྲིད་རྣམ་སྤོང་བའི། །རྒྱལ་པོ་རིན་ཆེན་ཕྲེང་བ་འདི། །དོན་
ཡོད་འཆར་གྱིས་བྱས་པ་སྟེ། །བློ་བཟད་དམ་པའི་རྒྱན་ཡིན་ནོ། །དྲི་མ་མེད་པའི་དྲིས་ལན་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ། རྒྱལ་པོ་ཆེན་པོ་སྙན་ངག་མཁན་གྱི་དམ་པ་སློབ་དཔོན་དོན་ཡོད་འཆར་གྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཀ་མ་ལ་གུཔྟ་དང་། །ཞུ་ཆེན་གྱི་ལོ་ཙཱ་བ་
དགེ་སློང་རིན་ཆེན་བཟང་བོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ༄༅༅། །རྒྱ་གར་སྐད་དུ། ཙ་ན་ཀ་རཱ་ཛཱ་ནཱ་ཏི་ཤཱསྟྲ། བོད་སྐད་དུ། ཙ་ན་ཀའི་རྒྱལ་པོའི་ལུགས་ཀྱི་བསྟན་བཅོས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འཇིག་རྟེན་གསུམ་གྱི་བདག་པོ་གཙོ། །ཐམས་
ཅད་མཁྱེན་ལ་ཕྱག་འཚལ་ཏེ། །གང་ཞིག་ལེགས་པར་རྟོགས་པ་ཡིས། །མི་རྣམས་ཀྱི་ནི་དོན་བྱེད་དང་། །རྒྱལ་པོའི་ལུགས་ཀྱི་བསྟན་བཅོས་ནི། །སྣ་ཚོགས་ལས་བཏུས་བཤད་པར་བྱ། །བསྟན་བཅོས་འདི་ནི་བསླབས་གྱུར་ན། །ཆོས་བཤད་རིན་ཆེན་རྣམ་གྲགས་པའི། །བྱ་དང་མི་བྱ་དགེ་མི་

དགེ །ཡང་དག་ཉིད་དུ་ཤེས་པར་འགྱུར། །ཀུན་དུ་གྲགས་པ་ཐོབ་འགྱུར་ཞིང་། །ཕོངས་པ་རྣམས་དང་མི་ཕྲད་དོ། །ཕྱེ་ན་དོན་ཆུང་ཕྲ་མ་དང་། །གཞན་གྱི་ཉེས་པ་སྒྲོགས་པ་དང་། །གཞན་དང་འཐོབ་པར་བྱེད་པ་ནི། །རིང་དུ་ཡོངས་སུ་སྤང་བར་བྱ། །ཆོས་རྣམས་ཐམས་
ཅད་མཉན་བྱ་ཞིང་། །ཐོས་པ་ཉིད་ཀྱང་གཟུང་བར་བྱ། །བདག་ཉིད་གང་ལ་མི་དགའ་བ། །གཞན་ལ་ཀུན་དུ་མི་སྤྱད་དོ། །རྩོད་པ་སྨྲ་བ་ཕྲ་མ་དང་། །བལྟ་མིན་ལྟ་བར་བྱེད་པ་དང་། །མཛའ་དང་ལྷན་ཅིག་ཁོན་གཅུགས་དང་། །དགྲ་དང་ཀུན་དུ་མཛའ་བ་སྤང་། །དམ་པ་དག་དང་འགྲོགས་པ་དང་། །མཁས་
དང་ལྷན་ཅིག་སྨྲ་བ་དང་། །བརྐམ་ཆགས་མེད་དང་མཛའ་བ་དག །བྱེད་ན་སྐྱོ་བར་མི་འགྱུར་རོ། །བྱ་དང་བྱེད་པ་ལ་བརྟེན་ཏེ། །དུས་སུ་དབྲ་དང་མཛའ་བ་དང་། །དུས་དུ་མཛའ་དང་འཐབ་པ་ཡིས། །མཁས་པས་དུས་ནི་འདའ་བར་བྱ། །གང་ཞིག་ཤེས་པ་ཙམ་གྱིས་ནི། །ཐམས་ཅད་རྟོགས་པ་
ཉིད་འགྱུར་པའི། །ཙ་ན་ཀ་ལས་ཇི་སྐད་བཤད། །རྩ་བའི་དོན་ནི་རབ་བཤད་བྱ། །གཞན་དང་རྩོད་དང་གཞན་ནོར་དང་། །གཞན་གྱི་བཞད་གད་གཞན་བུད་མེད། །གཞན་གྱི་ཁྱིམ་དུ་གནས་པ་དག །ནམ་ཡང་བྱ་བ་མ་ཡིན་ནོ། །ཕན་བྱེད་གཞན་ཡིན་ན་ཡང་གཉེན། །གཉེན་ཡང་ཕན་མེད་གཞན་ཡིན་ཏེ། །
ཕན་བྱེད་དགོན་པའི་སྨན་དང་ནི། །ཕན་མེད་ལུས་སྐྱེས་ནད་དང་མཚུངས། །གང་ཞིག་ཕན་ལ་སྦྱོར་དེ་གཉེན། །གང་ཞིག་གསོ་བ་དེ་ཕ་ཡིན། །གང་ཞིག་བསྒོ་བ་ཉན་དེ་བྲན། །གང་ཞིག་སྐྱེ་བ་དེ་ས་བོན། །གང་ཞིག་ཡོད་འོང་དེ་ཆུང་མ། །གང་ཞིག་བདེ་སྐྱིད་དེ་བུ་ཡིན། །གང་ཞིག་ཡིད་ཆེས་དེ་མཛའ་
བོ། །གང་དུ་འཚོ་བ་དེ་ཡུལ་ཡིན། །ཁྱིམ་ཚགས་མཁས་གང་དེ་ཆུང་མ། །གང་ཞིག་སྙན་སྨྲ་དེ་ཆུང་མ། །ཁྱིམ་ཐོབ་སྲོག་གཅིག་དེ་ཆུང་མ། །ཁྱིམ་ལས་མི་འཕྱོ་དེ་ཆུང་མ། །རྟག་ཏུ་ཁྲུས་བྱེད་ལུས་དྲིས་བསྒོས། །ཅུང་ཟད་ཟ་ལ་ཉུང་དུ་སྨྲ། །ཀུན་ལ་རྟག་ཏུ་དེས་པ་ནི། །ལྷ་མོ་དེ་ཡིན་མི་མོ་མིན། །
རྟག་ཏུ་བཀྲ་ཤིས་དང་ལྡན་ཞིང་། །རྟག་ཏུ་ཆོས་ལ་དགའ་བ་དང་། །རྟག་ཏུ་ཁྱོ་ལ་གུས་བྱེད་ཅིང་། །རྟག་ཏུ་བཞིན་ནི་འཛུམ་པ་དང་། །རྟག་ཏུ་སྙན་པར་སྨྲ་བ་དང་། །རྟག་པར་དུས་ཚིགས་འདོད་སྤྱོད་ཡིན། །རྟག་ཏུ་ཕན་པར་བྱེད་པ་དང་། །རྟག་ཏུ་ཕན་པའི་ཟས་ཟ་བའི། །བྱ་བ་དེ་དག་ཀུན་གྱིས་ནི། །

སྐལ་བ་བཟང་པོ་རྣམ་པར་འཕེལ། །གང་ལ་འདི་འདྲའི་ཆུང་མ་ཡོད། །དེ་ནི་ལྷ་མོ་མི་མོ་མིན། །ཆུང་མ་གང་ཞིག་ཚིག་མི་སྙན། །དྲི་མ་མང་ཞིང་རྩོད་ལ་དགའ། །ཚིག་ལན་ཡང་ནས་ཡང་དུ་སྨྲ། །དེ་རྒས་རྒས་པ་རྒས་མ་ཡིན། །ཆུང་མ་གང་ཞིག་མིག་མི་སྡུག །གཞན་ཁྱིམ་འགྲོ་བར་
མངོན་པར་དགའ། །ངོ་ཚ་དང་བྲལ་རང་བཞིན་ངན། །དེ་རྒས་རྒས་པ་རྒས་མ་ཡིན། །གང་ཞིག་ཆུང་མ་སྒྲིན་ཞིང་གཙང་། །ཟས་ཞིམ་མཐོང་ན་སྡུག་པ་དང་། །བདག་ཉིད་སྦས་ཤིང་ཁྱོ་ལ་གུས། །དེ་ཉིད་ལྷ་མོའི་གཟུགས་སུ་བཤད། །ཆུང་མ་གང་ཞིག་ཡོད་ཏན་ཤེས། །ཁྱོ་ཡི་
རྗེས་སུ་འཇུག་བྱེད་ཅིང་། །ཉུང་དུ་ཉུང་དུས་ཆོག་ཤེས་པ། །དེ་དཔལ་དཔལ་ན་དཔལ་མོ་ཡིན། །མཛའ་བོ་གཡོན་ཅན་ཆུང་མ་ངན། །བྲན་གཡོག་ནང་ནས་འཁུ་བྱེད་པ། །དེ་ནི་ཁྱིམ་གནས་སྦྲུལ་དང་ནི། །འཆི་བདག་ཡིན་པར་ཐེ་ཚོམ་མེད། །ཁྱིམ་དུ་སྦྲུལ་མཐོང་མི་སྣང་གྱུར་བ་དང་། །
ནད་པ་གཡོ་བ་བྱས་ནས་ལུས་མ་བརྟས། །དགྲ་བོ་ལག་ཏུ་ཆུད་ནས་ཤོར་བ་དང་། །ཁོང་བའི་ནང་ནས་ཟུག་རྔུ་ཡིད་ཅེས་བརྟན། །ཙ་ན་ཀའི་རྒྱལ་པོའི་ལུགས་ཀྱི་བསྟན་བཅོས་ལས་ལེའུ་དང་པོའོ།། །།ཕོངས་བའི་དོན་དུ་ནོར་བསྲུངས་ཏེ། །ནོར་གྱིས་ཀྱང་ནི་ཆུང་མ་བསྲུངས། །
ནོར་དང་ཆུང་མ་དག་གིས་ཀྱང་། །བདག་ཉིད་ཀུན་ཏུ་བསྲུང་བར་བྱ། །ཁྱིམ་གྱི་དོན་དུ་གཅིག་བཏང་སྟེ། །གྲོང་ཁྱེར་ཕྱིན་ནི་ཁྱིམ་བཏང་ངོ་། །ལྗོངས་ཀྱི་ཕྱིན་ནི་གྲོང་ཁྱེར་ཏེ། །བདག་གི་དོན་དུ་ས་རྣམས་བཏང་། །དམྱལ་བར་གནས་པ་མཆོག་ཡིན་གྱི། །དབུལ་པོའི་ཁྱིམ་གནས་
དེ་ལྟ་མིན། །དམྱལ་བར་སྡིག་པ་ཟད་འགྱུར་གྱི། །ཁྱིམ་ནང་དུ་ནི་འཕེལ་བར་འགྱུར། །མཁས་པས་རྐང་པ་གཅིག་བཏེག་ན། །རྐང་པ་གཅིག་ནི་གཟུགས་པར་བྱ། །གནས་གཞན་ལེགས་པར་མ་བརྟགས་བར། །སྔ་མའི་གནས་ནི་དོར་མི་བྱ། །ཡུལ་ནི་འཚོ་བ་མེད་པ་དང་། །འཚོ་
ཡང་འཚེ་བ་ཡོད་པ་དོར། །རྒྱལ་པོ་བཀྲེན་པ་སྤང་བྱ་ཞིང་། །མཛའ་བོ་གཡོན་ཅན་སྤང་བར་བྱ། །སེར་སྣ་ཅན་གྱི་ལག་ནས་ནོར་མི་རུང་། །གཡོན་ཅན་ཕྲག་དོག་ཅན་གྱི་བཤེས་མི་རུང་། །ཡོན་ཏན་ཕ་རོལ་གནོད་བྱེད་ཤེས་ཅི་རུང་། །ཕོངས་དུས་རྒྱབ་ཕྱོགས་མཛའ་བོ་དེས་ཅི་རུང་། །

སྤྱད་དུ་མེད་པའི་ལོངས་སྤྱོད་དེས་ཅི་རུང་། །འབངས་རྣམས་མི་སྐྱོང་རྒྱལ་པོ་དེས་ཅི་རུང་། །རང་གཞན་མི་ཕན་རིག་པ་དེས་ཅི་རུང་། །ནད་ལ་མི་ཕན་སྨན་པ་དེས་ཅི་རུང་། །སྔོན་ཆད་མ་མཐོང་གྲོགས་མང་ཡོད་མིན་གྱིས། །འབྱོར་གནས་གྱུར་ན་ཀུན་ཀྱང་
མཛའ་བོར་འགྱུར། །ནོར་དར་བྲལ་ཞིང་གནས་ལས་ཉམས་གྱུར་པའི། །དུས་སུ་རང་གི་མི་ཡང་དགྲ་བོར་འགྱུར། །གཡུལ་དུ་དཔའ་བོ་དབེན་གཙང་སྦྲ། །འབྱོར་པ་ཟད་ཚེ་ཆུང་མ་དང་། །མུ་གེ་གློ་བུར་མགྲོན་དགའ་དང་། །ཕོངས་ཚེ་མཛའ་པོར་ཤེས་པར་བྱ། །ཤིང་ནི་
འབྲས་བུ་ལྷགས་ན་བྱ་རྣམས་སྤོང་། །མཚོ་སྐམས་གྱུར་ན་བཞད་ནི་སྤོང་བར་བྱེད། །ནོར་མེད་སྐྱེས་བུ་བུད་མེད་སྤོང་བར་བྱེད། །རྒྱལ་སྲིད་ཉམས་ན་བློན་པོས་སྤོང་བར་བྱེད། །སྦྲང་མ་མེ་ཏོག་རྙིང་པ་སྤོང་བྱེད་ཅིང་། །ནགས་ཚིག་གྱུར་པ་རི་དགས་སྤོང་བྱེད་དེ། །སྐྱེ་བོ་ཐམས་ཅད་
བྱས་ལ་རག་ལས་པས། །རྗེས་སུ་འཇུག་ན་སུ་ཡིས་མཛའ་བོ་གང་། །བརྐམ་ཆགས་ཅན་ནི་ནོར་གྱིས་བསྡུ། །ཁེངས་པ་ཐལ་མོ་སྦྱོར་བ་ཡིས། །བླུན་པོ་རྗེས་མཐུན་མགུ་བ་སྟེ། །མཁས་པ་བདེན་བས་མགུ་བར་བྱ། །ལྷ་དང་བྲམ་ཟེ་སྐྱེས་བུ་མཆོག །བདེན་པ་ཉིད་ཀྱིས་མགུ་བར་
འགྱུར། །ཐ་མལ་པས་ནི་ཟས་སྐོམ་གྱིས། །ཚིག་རན་སྦྱིན་པས་མཁས་པ་དགའ། །དམ་པ་རྣམས་ལ་བཏུང་པ་ཡིས། །དཔའ་བོ་ལ་ནི་དབྱེ་བ་སྦྱར། །དམན་ལ་ཅུང་ཟད་སྦྱིན་པ་སྟེ། །མཉམ་ལ་ཕ་རོལ་གནོད་པ་སྦྱར། །གང་གི་བསམ་པ་གང་ཡིན་པ། །དེ་ལ་དེ་དང་མཐུན་པར་ནི། །བློ་དང་
ལྡན་པས་རྗེས་ཞུགས་ལ། །མྱུར་དུ་རང་གི་དབང་དུ་བྱེ། །ཆུ་བོ་དང་ནི་སྡེར་མོ་ཅན། །རྭ་ཅན་ལག་ན་མཚོན་ཐོགས་དང་། །བུད་མེད་རྒྱལ་བོའི་ཕོ་བྲང་ལ། །ཡིད་བརྟན་པར་ནི་མི་བྱའོ། །ནོར་བརླག་ཡིད་ནི་གདུང་པ་དང་། །ཁྱིམ་ན་ཉེས་པ་སྤྱོད་པ་ངང་། །བསླུས་དང་བརྙས་ཐབས་སྤྱོད་པ་
དག །བློ་དང་ལྡན་པས་སྤང་བར་བྱ། །ཉེས་བྲལ་གང་གི་རིགས་ལ་ཡོད། །ནད་ཀྱིས་མ་གཟིར་སུ་ཞིག་ཡོད། །ཕོངས་པ་གང་གིས་མཐོང་མ་གྱུར། །འབྱོར་པ་རྟག་པ་སུ་ལ་ཡོད། །ས་སྟོང་ནོར་རྙེད་སུ་མི་དྲེགས། །དྲེགས་དང་བྲལ་བུ་སུ་ཞིག་ཡིན། །སུ་ཞིག་བུད་མེད་ཀྱིས་མ་སྨས། །རྒྱལ་

པོ་རྟག་ཏུ་ཡོད་འོང་སུ། །གཤིན་རྗེའི་ཡུལ་དུ་མ་གྱུར་གང་། །སློང་བར་གྱུར་ན་སུ་ཞིག་བཙུན། །སྐྱེས་ངན་རྒུས་སུ་སུས་མ་ཆུད། །སྐྱེས་བུ་བདེ་བས་མཐར་བྱིན་སུ། །མཛའ་བོ་རང་མི་གཉེན་འདུན་གྱི། །བློ་ནི་བདག་ཉིད་གང་ཡིན་པའི། །ཕོངས་པའི་བརྡར་ནི་རྟོགས་གྱུར་ནས། །མི་ཡིས་ངེས་
བར་ཤེས་པར་འགྱུར། །ལས་གང་གྲུབ་བར་གྱུར་ན་ཡང་། །ཕུན་ཚོགས་ཆེན་པོར་མི་འགྱུར་ལ། །ཕོངས་ཚེ་སྡུག་བསྔལ་ཆེར་འགྱུར་ལ། །དེ་ལ་མཁས་པ་ཇི་ལྟར་སྤྱོད། །ཡུལ་གང་དུ་ནི་མི་བཀུར་ཞིང་། །མི་འཚོ་ཉེ་དུའང་མེད་པ་དང་། །རིག་པ་འགའ་ཡང་མི་རྙེད་ན། །དེ་བཞིར་གནས་བར་མི་
བྱའོ། །ནད་དང་འཕོངས་བར་གྱུར་པ་དང་། །མུ་གེ་འཚེ་དང་དགྲ་དང་འཐབ། །རྒྱལ་པོའི་སྒོའམ་དུར་ཁྲོད་དུ། །གང་ཞིག་ཕན་འདོགས་དེ་གཉེན་ཡིན། །ནོར་གང་རྒྱལ་པོ་དག་དང་ནི། །རྐུན་པོའི་འཇིགས་པ་མི་འབྱུང་ཞིང་། །གང་ཞིག་ཤི་ནའང་མི་འདོར་པའི། །ནོར་དེ་ལེགས་པར་
བསགས་པར་བྱ། །གང་ཞིག་སྲོག་འཆད་ངལ་བས་བསགས། །ཤི་ན་སྐལ་བ་མི་མཉམ་འགྱུར། །ནོར་ལ་ཆགས་ཤིང་ཉེས་སྤྱོད་བྱས་གྱུར་པ། །དེ་ཉིད་ལྷ་ཡིས་ཉེར་བཅོམ་སྨད་བྱ་ཡིན། །རྫས་གང་བསགས་ཤིང་སྦས་གྱུར་ལ། །ཡང་དང་ཡང་དུ་རེག་གྱུར་པ། །འཇུངས་པའི་ནོར་ནི་བྱེ་བའི་
ལྟར། །སྡུག་བསྔལ་སྐྱེད་པ་ཁོ་ནར་ཟད། །གཅེར་བུ་ཕོངས་ཤིང་ལུས་དུབ་ལ། །ལག་པ་ན་ནི་ཐོད་པ་ཐོགས། །འཇིག་རྟེན་ན་ནི་སྣང་གྱུར་པ། །སྦྱིན་མེད་འབྲས་བུ་འདི་འདྲ་བའོ། །བྲན་ནི་མངག་གཞུག་བྱས་ཚེ་དང་། །ཉེ་དུ་ཕོངས་པར་གྱུར་པ་དང་། །མཛའ་བོ་ཉམ་ཐག་དུས་ན་ནི། །
ཆུང་མ་ཁ་ཟས་མེད་ཚེ་རྟོགས། །བུད་མེད་ཁ་ཟས་ཉིས་འགྱུར་ཏེ། །ངོ་ཚ་དག་ནི་བཞི་འགྱུར་ཡིན། །རྩོལ་བ་དག་ནི་དྲུག་འགྱུར་ཏེ། །འདོད་པ་བརྒྱད་འགྱུར་ཡིན་པར་བཤད། །ཤིང་རྣམས་ཀྱིས་ནི་མེ་དང་ནི། །ཆར་པས་རྒྱ་མཚོ་ཆེན་པོ་དང་། །འབྱུང་པོ་ཀུན་གྱིས་གཤིན་རྗེ་དང་། །སྐྱེས་
བས་བུད་མེད་ངོམས་མི་འགྱུར། །ཟས་ཞིམ་ཟ་བར་བྱེད་པ་དང་། །མཛའ་བོ་སྙན་སྨྲ་དང་འགྲོགས་དང་། །བདེ་བ་དང་ནི་བུ་དང་ནི། །འཚོ་དང་ནོར་གྱིས་ངོམས་པ་མེད། །རྒྱལ་པོ་ནོར་གྱིས་ངོམས་མེད་ཅིང་། །ཕྱུག་པོ་ནོར་སོགས་ངོམས་པ་མེད། །རྒྱ་མཚོ་ཆུ་ཡིས་ངོམས་པ་མེད། །མཁས་

པ་ལེགས་བཤད་ཀྱིས་མི་ངོམས། །བལྟ་ན་སྡུག་པས་མིག་མི་ངོམས། །སྒྲ་སྙན་དྲི་ཞིམ་རོ་མཆོག་དང་། །རེག་བྱ་ཡིད་འོང་ཆོས་རྣམས་ཀྱིས། །རྣ་བ་ལ་སོགས་ངོམས་མི་འགྱུར། འཚོ་བ་རང་གི་ལས་དང་ཆོས་ཀྱིས་བསྔགས། །རང་རང་གི་ནི་ཆུང་མ་ལ་
རྟག་དགའ། །དབང་པོ་དུལ་ཞིང་གློ་བུར་མགྲོན་ལ་དགའ། །སྐྱེས་བུ་དམ་པའི་ཁྱིམ་ན་ཐར་པ་ཡོད། །ཙ་ན་ཀའི་རྒྱལ་པོའི་ལུགས་ཀྱི་བསྟན་བཅོས་ལས་ལེའུ་གཉིས་པའོ།། །།གང་ཞིག་བསྟན་བཅོས་ཡོངས་སྤངས་ནས། །མི་བརྟན་པ་ནི་སྒྲུབ་བྱེད་པ། །དེ་ཡི་བརྟན་
པ་ཉམས་འགྱུར་ཏེ། །མི་བརྟན་ཉམས་པ་ཉིད་དུ་ཟད། །ཟས་ཀྱི་ཆོད་ལས་ཁ་ཟས་སྦྱིན། །བུད་མེད་མཆོག་ལ་དགའ་ནུས་ཤིང་། །འབྱོར་པའི་ཚུལ་ལས་སྦྱིན་པ་སྟེ། །དཀའ་ཐུབ་འབྲས་བུ་ཆུང་མ་ཡིན། །རིག་བྱེད་འབྲས་བུ་སྦྱིན་སྲེག་སྟེ། །ཐོས་པའི་འབྲས་བུ་ཚུལ་ཁྲིམས་དུལ། །
ཆུང་མའི་འབྲས་བུ་དགའ་དང་བུ། །ནོར་གྱི་འབྲས་བུ་སྤྱད་དང་སྦྱིན། །བུ་མོ་རིགས་བཟང་ཤེས་རབ་ལྡན། །གཟུགས་ངན་ན་ཡང་བླང་བར་བྱ། །གཟུགས་བཟང་བ་ལ་དུལ་བ་དག །འདི་འདྲའི་བུད་མེད་ག་ལ་ཡོད། །དུག་ལས་ཀྱང་ནི་བདུད་རྩི་བླང་། །བྱིས་པ་ལས་ཀྱང་ལེགས་བཤད་པ། །
མི་གཙང་ལས་གསེར་བུད་མེད་ནི། །རིན་ཆེན་རིགས་ངན་ལས་ཀྱང་བླང་། །རྒྱལ་པོའི་མཛའ་བོ་རྟག་པ་མིན། །སྦྲུལ་ལ་དུག་མེད་གང་ཡང་མེད། །གང་དུ་བུད་མེད་སྐྱེས་གྱུར་པའི། །རིགས་ལ་སྐྱོན་མེད་ཡོད་མ་ཡིན། །བུ་མོ་རིགས་ནི་བཟང་ལ་བཏང་། །བུ་ནི་རིག་པ་ལ་སྦྱར་བྱ། །
དགྲ་བོ་ཕོངས་པ་ཉིད་ལ་སྦྱར། །མཛའ་བོ་ཆོས་ལ་སྦྱར་བར་བྱ། །བྲན་གཡོག་དང་ནི་རྒྱན་རྣམས་ནི། །འཆམ་པའི་གནས་སུ་ངེས་པར་གཞག །གཙུག་གི་ནོར་བུ་རྐང་པར་ནི། །གདགས་པར་རིགས་པ་མ་ཡིན་ནོ། །མེ་ཏོག་དྲི་དང་ཁ་དོག་ལྟར། །དམ་པའི་ཚུལ་ནི་གཉིས་ཡིན་ཏེ། །འཇིག་
རྟེན་གྱིས་སྤྱིར་བཀུར་བའམ། །ནགས་ཉིད་དུ་ནི་དེངས་པའོ། །རྟ་དང་གླང་པོ་ལྕགས་དང་ནི། །ཤིང་དང་རྡོ་དང་གོས་རྣམས་དང་། །ཆུ་དང་སྐྱེས་པ་བུད་མེད་དག །ཁྱད་ལས་ཁྱད་པར་ཆེ་བ་ཡིན། །བརྟན་པ་ཕོངས་པར་གྱུར་ན་ཡང་། །སྙིང་སྟོབས་ཡོན་ཏན་ཉམས་མི་འགྱུར། །མི་ནི་ཐུར་དུ་

ཁ་བསྟན་ཡང་། །མེ་ལྕེ་ནམ་ཡང་ཐུར་མི་འགྲོ། །རྟ་མཆོག་ལྕག་གིས་གཞུ་མི་དགོས། །སེང་གེས་འབྲུག་སྒྲ་མི་བཟོད་ལྟར། །གཞན་གྱིས་སོར་མོས་བསྟན་པ་ནི། །མཁས་པ་རྣམས་ཀྱིས་བཟོད་མ་ཡིན། །བློ་དང་ལྡན་པའི་མི་རྣམས་ནི། །གལ་ཏེ་འབྱོར་བ་ཉམས་གྱུར་ཏམ། །རང་གི་
ཡུལ་དང་བྲལ་གྱུར་ཀྱང་། །དམན་པ་ལ་ནི་འདུད་མི་བྱེད། །མི་རྣམས་དྲེགས་པ་དང་བྲལ་ཞིང་། །ཤིན་ཏུ་ཕོངས་པར་གྱུར་ན་ཡང་། །ཕལ་ཆེར་གླང་པོ་རྣམས་ཀྱི་ནི། །ཁྲག་ནི་དྲོན་མོ་འཐུང་མི་བྱེད། །ལན་ཅིག་ཞེ་འགྲས་དགྲ་བོ་དང་། །སླར་ཡང་འདུམ་པར་འདོད་པ་ནི། །དེ་ནི་དྲེའུ་མོ་
མངལ་ཆགས་ལྟར། །འཆི་བདག་ཉེ་བར་བཟུང་བ་ཡིན། །དགྲ་བོའི་བུ་ནི་སྙན་པར་སྨྲ་ན་ཡང་། །བློ་ལྡན་མི་ཡིས་བཏང་སྙོམས་མི་བྱ་སྟེ། །དེ་ནི་དུས་གཞན་ཞིག་ཏུ་གནོད་སྐྱེད་དེ། །དུག་གི་ལོ་མའང་ཤིན་ཏུ་མི་བཟད་བཞིན། །ཚེར་མ་རྐང་པར་ཟུག་པ་ལ། །ལག་པ་དག་གིས་འབྱིན་པ་ལྟར། །ཕན་
བཏགས་པ་ཡི་ཚུལ་གྱིས་ནི། །དགྲ་བོས་དགྲ་བོ་བླང་བར་བྱ། །གནོད་པ་བྱེད་ལ་ནམ་ཡང་ནི། །གནོད་པའི་བསམ་པ་མི་བྱ་སྟེ། །ཆུ་འགྲམ་གྱི་ནི་ཤིང་ལྟ་བུར། །རང་ཉིད་ཁོ་ན་འགྱེལ་པར་འགྱུར། །ནོར་གྱིས་ཚུལ་གྱིས་གནོད་སྐྱེད་པས། །དོན་དང་དོན་མིན་ཉེ་བར་བརྟག །ནོར་ལས་ལུང་ཁྲོལ་
འབྱུང་འགྱུར་ཏེ། །དེ་བས་རིག་པས་ཡོངས་སུ་བརྟག །བློ་ལྡན་མཁས་པར་གྱུར་ཀྱང་ནི། །བྱ་བ་གྲོས་ཀྱིས་བསྒྲུབ་པར་བྱ། །འབྱོར་འགྱུར་ཁོ་ནར་མ་ཟད་ཀྱིས། །རྒུད་པར་གྱུར་ཀྱང་མཛེས་པ་ཡིན། །ནོར་དང་འབྲུ་ཡི་སྦྱོར་བ་དང་། །དེ་བཞིན་རིག་པ་བཙལ་བ་དང་། །ཁ་ཟས་ཚོང་སྤོགས་རྣམས་ལ་ནི། །
རྟག་ཏུ་ངོ་ཚ་དོར་མི་བྱ། །ངོ་མཚར་ལྟད་མོ་འཇིགས་མེད་དང་། །ངོ་ཚ་གཞུང་ལུགས་གཏོང་ཚུལ་ཁྲིམས། །ལྔ་པོ་གང་ལ་ཡོད་མིན་པ། །དེར་ནི་འགྲོ་བར་མི་བྱའོ། །ཁྲེངས་ཤིང་དྲེགས་པར་གྱུར་པ་དག །སྐྱེ་དགུའི་གདུང་བར་བྱེད་པ་ཡིན། །ཀུན་དུ་བརྩེ་བ་དང་ལྡན་པའི། །རྒྱལ་པོ་སྤྲིན་དང་
འདྲ་བ་ཡིན། །ཟས་དང་སྐོམ་ལ་ཆགས་གྱུར་པ། །གདུག་ཅིང་ཡོན་པོར་བགྲོ་བ་དང་། །གདེངས་ཀ་སྔགས་ཀྱིས་བསྒྲུབ་བྱ་བའི། །རྒྱལ་པོ་སྦྲུལ་དང་འདྲ་བ་ཡིན། །ལྕེ་གཉིས་བལ་ལས་དུག་ཅིང་། །རྟག་ཏུ་གླགས་སྐབས་ཚོལ་བྱེད་ལ། །ལྟ་བ་གཅིག་ལ་རབ་ཆགས་པའི། །རྒྱལ་པོ་སྦྲུལ་

དང་འདྲ་བ་ཡིན། །ཀུན་ནས་འབད་པ་ཐམས་ཅད་ཀྱིས། །རྒྱལ་པོ་གདུག་པ་སྤང་བར་བྱ། །རྒྱལ་པོའི་རྟོག་ཆེན་མ་ཡེངས་པས། །ཐག་རིང་ལས་ཀྱང་ཐོབ་པར་འགྱུར། །རྒྱལ་པོ་གཅིག་པུ་ཉིད་ཡིན་ཡང་། །སྐྱེས་བུ་ཉན་རྣ་མཁས་པ་ཡིས། །ཀུན་ལ་ལགས་པར་གནས་
ཡིན་ཏེ། །འགྲོ་བ་མ་ལུས་འབྱེར་བར་བྱེད། །གང་ཞིག་ཞོ་ཤས་འཆོ་བ་དང་། །རྒྱལ་པོ་གང་ཞིག་བརྙས་གྱུར་པ། །དེ་ནི་ས་བདག་མ་ཡིན་ཏེ། །གཡོག་འཁོར་རྣམས་ཀྱང་བསྟེན་མི་འགྱུར། །བརྐམ་ཆགས་ལ་ནི་རབ་ཞེན་ལ། །རྒྱུད་པ་རིང་ན་གནས་མ་ཡིན། །མཆིལ་པའི་ཤ་ལ་ཆགས་པ་ཡི། །
ཉ་རྣམས་དང་ཡང་མཚུངས་པ་ཡིན། །ཀུན་གྱིས་ཐམས་ཅད་མི་ཤེས་ཏེ། །ཐམས་ཅད་ཤེས་པ་གང་ནའང་མེད། །གནས་གཅིག་ལ་ནི་མཐཪ་ཐུག་པ། །ཤེས་པའི་སྐྱེས་བུ་གང་ནའང་དཀོན། །འཇིག་རྟེན་ན་ནི་ཀུན་རིག་ཡོད་མིན་ཞིང་། །ཤིན་ཏུ་བླུན་པའང་ཡོད་པ་མ་ཡིན་ཏེ། །ཤེས་པ་
མཆོག་དང་བར་མ་ཐ་མའང་རུང་། །གང་གིས་གང་ཞིག་ཤེས་དེ་མཁས་པ་ཡིན། །ཙ་ན་ཀའི་རྒྱལ་པོའི་ལུགས་ཀྱི་བསྟན་བཅོས་ལེའུ་གསུམ་པའོ།། །།ས་བདག་ཉིད་དང་བྲན་གཡོག་གི །མཚན་ཉིད་ཁོ་ན་བཤད་པར་བྱ། །རྒྱལ་པོ་ཀུན་ལ་མཁས་པ་ཡིས། །བྲན་གཡོག་
ལེགས་པར་བརྟག་པར་བྱ། །བདེན་དང་ཆོས་ལ་གཞོལ་བ་ཡིས། །རྟག་ཏུ་ཡུལ་འཁོར་བསྐྱང་བྱ་ཞིང་། །གཞན་གྱི་དཔུང་ནི་གནོད་པ་དང་། །རྟག་ཏུ་ཆོས་ཀྱིས་ས་བསྐྱང་བྱ། །ཀུན་དགའ་ར་བའི་ཕྲེད་བརྒྱུད་ལྟར། །མེ་ཏོག་མེ་ཏོག་ཙམ་བཏུ་ཡི། །སོལ་བ་མཁན་ནི་ཇི་བཞིན་དུ། །རྩ་
ནས་གཅད་པར་མི་བྱའོ། །འོ་མ་བཞོས་ནས་འཐུང་བཞིན་དུ། །བ་ནི་གསད་པར་མི་བྱའོ། །དེ་བཞིན་རྒྱལ་པོའི་ཡུལ་འཁོར་ནི། །དུས་ཤེས་ནས་ནི་ལོངས་སྤྱོད་བྱ། །བ་ཡི་བརླ་ནི་བཅག་གྱུར་ན། །བཞོ་བས་འོ་མ་ཐོབ་མི་འགྱུར། །དེ་བཞིན་ཡུལ་འཁོར་ཚུལ་མིན་པས། །གནོད་པ་
བྱས་ན་འཕེལ་མི་འགྱུར། །ཡུལ་འཁོར་སྦྲང་རྩི་ལྟར་སྤྱད་ཅི། །སྦྲང་བུ་གསད་པར་མི་བྱའོ། །བ་ལས་བདག་པོས་བཞོ་བ་ལྟར། །རྒྱལ་པོས་ས་ནི་དེ་ལྟར་བསྐྱང་། །དེ་བས་འབད་པ་ཐམས་ཅད་ཀྱིས། །ས་ནི་རྗེས་སུ་བསྐྱང་བྱ་སྟེ། །ས་རྣམས་ལེགས་པར་བསྐྱངས་ན་ནི། །ཚེ་དང་

སྙན་པ་གྲགས་དཔུང་འཕེལ། །བརྟན་རྣམས་ཕོངས་པ་ཐོབ་གྱུར་ཀྱང་། །རྣམ་པར་ཉམས་པར་མི་འགྱུར་ཏེ། །ཟླ་བ་སྒྲ་གཅན་ཁར་ཆུད་ཀྱང་། །སླར་ཡང་འཆར་བར་མི་བྱེད་དམ། །གླུ་མཁན་གར་མཁན་རི་མོ་མཁན། །རོལ་མོ་མཁན་དང་རྩིས་མཁན་དང་། །དོན་གྱི་བསྟན་བཅོས་འཕང་སློབ་
དཔོན། །ས་ཡི་བདག་པོས་འབད་དེ་སྲུང་། །བྲན་གཡོག་ལ་ནི་རྒྱུ་མེད་པར། །གང་ཞིག་ཁྲོ་བར་བྱེད་པ་དག །དེ་ནི་སྦྲུལ་ནག་མཆེ་བ་ཟུག །ཉེས་པའི་དུག་གིས་ཟིན་པ་ཡིན། །རྒྱལ་པོས་འགྱུར་ཞིང་གཡོན་ཅན་ལ། །ཡོན་པོ་ཉིད་དུ་ཀུན་དུ་སྤྱད། །སྡུག་ལ་མཛའ་དང་གཡོ་ལ་གཡོ། །དྲང་པོ་
རྣམས་ལ་ཁོང་དྲང་ཉིད། །མི་བརྟན་པ་ལ་བརྟན་པ་དང་། །ལོག་བར་སྨྲ་ལའང་དེ་བཞིན་ནོ། །གཙང་སྦྲ་སྤྱོད་དང་དེ་བཞིན་དུ། །གཡོག་འཁོར་ཚོགས་ནི་སྦྱིན་པས་བསྡུ། །གཡོག་འཁོར་ནོར་གྱིས་དྲེགས་པ་དང་། །གང་ཞིག་རྒྱལ་པོ་ལ་བསྡོ་དང་། །ཉམ་ཆུང་གཡུལ་དུ་འཇུག་པ་ནི། །དགྲ་ཡི་ཟིལ་
གྱིས་གནོན་པར་འགྱུར། །ས་བདག་རྟག་ཏུ་རྒྱུ་མེད་པར། །ཁྲོ་གཉེར་དག་ནི་མི་བྱ་ཞིང་། །བྲན་གཡོག་ནོར་མེད་པར་མ་ཡིན། །རྒྱལ་པོའི་ཆོས་ནི་བསྲུང་བར་བྱ། །ས་བདག་གིས་ནི་རྩེད་མོ་དང་། །བདེ་ལ་ཆགས་པ་རིང་དུ་སྤང་། །ཁྱིམ་ན་གནས་བཞིན་དགྲ་བོ་ལའང་། །བདེ་བས་རབ་ཏུ་
གདུལ་བར་བྱ། །བརྩོན་དང་བརྟུལ་ཕོད་བརྟན་པ་དང་། །བློ་དང་ནུས་པ་ཕ་རོལ་གནོན། །ཡོན་ཏན་དྲུག་པོ་གང་ལ་ཡང་། །དེ་ལ་ལྷ་ཡང་དགའ་བ་སྐྱེ། །གང་སྲིད་རྒྱལ་སྲིད་འདོད་པ་ཡིས། །སྒྲུབ་ཀྱང་ཐོབ་པར་མ་གྱུར་ན། །དེ་ནི་བསོད་ནམས་རྒྱུ་ཡིན་གྱི། །སྐྱེས་བུའི་རྩོལ་བས་ཉེས་པ་མིན། །ཙ་ན་
ཀའི་རྒྱལ་པོའི་ལུགས་ཀྱི་བསྟན་བཅོས་ལས་ལེའུ་བཞི་པའོ།། །།གཡོག་འཁོར་གང་གི་ཡོན་ཏན་ནི། །གང་ཡིན་ཡོངས་བརྟགས་བཤད་པར་བྱ། །མཛངས་ཤིང་བྱ་བ་ཀུན་ལ་མཁས། །གྲུབ་མཐའ་བསྟན་བཅོས་ལ་རབ་བྱང་། །རྟག་པར་རྒྱལ་པོའི་བྱ་བ་སྒྲུབ། །འདི་ནི་བློན་པོ་ཡིན་པར་
བཤད། །རིག་བྱེད་ཀྱི་ནི་ཡན་ལག་ཤེས། །བཟླས་དང་སྦྱིན་སྲེག་དག་ལ་བརྩོན། །རྟག་ཏུ་ཤིས་བརྗོད་ལ་བརྩོན། །འདི་ནི་རྒྱལ་པོའི་མདུན་ན་འདོན། །ཚེ་ཡི་རིག་བྱེད་ལ་ལེགས་བསླབས། །ཐམས་ཅད་ཤེས་ཤིང་བལྟ་ན་སྡུག །ངང་ཚུལ་བཟང་ལ་བྱ་བ་མཁས། །འདི་ནི་སྨན་པ་ཡིན་ཞེས་

བྱ། །བློ་ལྡན་སྨྲ་མཁས་ཤེས་རབ་ཆེ། །བདེན་པར་སྨྲ་ཞིང་དབང་པོ་དུལ། །བསྟན་བཅོས་ཐམས་ཅད་ལེགས་མཐོང་བ། །འདི་ནི་ཡི་གེ་པ་ཞེས་བྱ། །རིགས་དང་ངང་ཚུལ་ཡོན་ཏན་ལྡན། །བདེན་དང་ཆོས་ལ་མཆོག་ཏུ་གཞོལ། །གཟུགས་བྱད་ཤིན་ཏུ་བཟང་བ་ནི། །
རྒྱལ་པོའི་སྤྱད་མིག་ཡིན་པར་བཤད། །རང་ལུགས་མ་འཆོས་རྒྱལ་ལ་བསྟེན། །རིན་ཆེན་ཐམས་ཅད་ཡོངས་རྟོགས་ཤེས། །སྨ་མ་བབ་ཅིང་རྩོལ་བ་ཅན། །དམག་ཅན་ཡིན་པར་ཤེས་པར་བྱ། །བརྡ་ལ་ལེགས་པར་བྱང་གྱུར་ཅིང་། །སྟོབས་ལྡན་མཐོང་ན་སྡུག་པ་དང་། །བག་ཡོད་ནོར་ནི་ཆེ་བ་
དག །སྒོ་དཔོན་ཆེན་པོར་དེ་བཤད་དོ། །བློ་ལྡན་ཤེས་རབ་ཆེ་བ་དང་། །གཞན་གྱི་བསམ་པ་རྟོག་མཁས་ཤིང་། །བརྟན་ལ་ཇི་བཞིན་ལན་འདེབས་ཤིང་། །འདི་ནི་ཕོ་ཉར་ཤེས་པར་བྱ། །གཡོས་ཀྱི་བསྟན་བཅོས་ཀུན་ལ་མཁས། །དགེ་ཞིང་སྙན་སྨྲ་དབང་པོ་ཞི། །གཙང་སྦྲ་ཆེ་ཞིང་ཡིད་
བརྟེན་རུང་། །འདི་ནི་ཕྱག་ཚང་ཡིན་པར་བཤད། །ཞར་བ་ཞ་བོ་མ་ནིང་དང་། །སྒུར་པོ་རྒན་པོ་དབང་པོ་བསྡམས། །འདི་དག་བཙུན་མོའི་སྲུང་མར་ནི། །རྒྱལ་པོས་ཉེ་བར་སྦྱར་བར་བྱ། །བྲན་གཡོག་མཆོག་དང་ཐ་མ་དང་། །བར་མ་མང་པོ་ཤེས་བྱས་ནས། །དེ་རྣམས་ལས་དོན་གསུམ་
པོ་ལ། །ཅི་རིགས་པར་ནི་སྦྱར་པར་བྱ། །སྨྲ་མང་ཁེངས་དང་ལེ་ལོ་ཅན། །གདུག་དང་གཡོན་ཅན་ཕོངས་ཆོས་ལྡན། །ཆོག་མི་ཤེས་དང་སྨེ་ཤ་ཟ། །བྲན་གཡོག་རྒྱལ་པོས་སྤང་བར་བྱ། །བདག་པོ་ལ་འཁུ་སྤང་བྱ་ཞིང་། །ཤིན་ཏུ་བཀྲེན་པའི་མི་སྲུན་ཡང་། །བཀྲེན་པས་བྱེ་བྲག་མི་ཤེས་པས། །
དེ་བཀྲེན་འདི་གནོད་བྱེད་པ་ཡིན། །མི་སྲུན་བརྐམ་ཆགས་ཕོངས་ཆོས་ཅན། །མུ་ཅོར་སྨྲ་དང་གུས་པ་མེད། །ཞེ་འགྲས་པ་དང་སྡིག་ལས་ཅན། །རྒྱལ་པོས་ཡོངས་སུ་སྤང་བར་བྱ། །སྐྱོན་དང་སྨྲ་བ་ལྕེ་གཉིས་དང་། །གདུག་ཅིང་གཅིག་ཏུ་མི་སྲུན་དང་། །རང་བཞིན་ངན་དང་འཚེ་བར་དགའ། །
གནོད་པ་འབའ་ཞིག་སྐྱེད་བྱེད་ཡིན། །གལ་ཏེ་རིག་པས་བརྒྱན་གྱུར་ནའང་། །སྐྱེ་བོ་ངན་པ་སྤང་བྱ་སྟེ། །སྦྲུལ་ནི་ནོར་བུས་བརྒྱན་ན་ཡང་། །འདི་ན་འཇིགས་པ་མི་སྐྱེད་དམ། །གང་ཞིག་རྟག་ཏུ་བརྣགས་དཀའི་ཚིག་ངན་ནི། །སྨྲ་ཞིང་རྒྱུ་མེད་པར་ནི་མི་བཟད་ཁྲོ། །དུག་ཆེན་སྦྲུལ་དང་མཚུངས་

པར་བྱེད་པ་ཡི། །རང་བཞིན་ངན་ལ་འཇིགས་པ་སུ་མི་སྐྱེད། །ཟབ་ཅིང་སྙན་དང་རན་པར་སྨྲ་བ་དང་། །དབང་དུལ་བདེན་ལ་གཞོལ་ཞིང་རང་དབང་འགྱུར། །དངོས་དོན་ལེགས་ཤེས་ཡང་དག་དོན་ལ་མཁས། །བྲན་གཡོག་ཕལ་ཆེར་རང་དབང་གྱུར་པ་ཡིན། །ལེ་ལོ་མེད་ཅིང་ཆོག་ཤེས་
ལ། །ལེགས་པར་གཉིད་ལོག་རབ་ཏུ་སད། །བདེ་སྡུག་མ་མཉམ་བརྟན་པ་ཡི། །བྲན་གཡོག་འཇིག་རྟེན་ན་རྙེད་དཀའ། །བཟོད་མེད་མགུ་བར་དཀའ་བ་དང་། །གཏོང་དང་བྲལ་ཞིང་ནོར་ལ་དགའ་བ་དང་། །སྨོད་བྱེད་སྟོབས་ཆུང་རབ་ཏུ་གདུག །རྟེན་མི་བདག་པོ་སྤང་བར་བྱ། །
གཡོ་དང་ཟོལ་ལ་དགའ་བ་དང་། །སྨྲ་ཞིང་སྐལ་བཟང་དང་བྲལ་བ། །མེད་པར་འཇིགས་ཤིང་སྐྲག་གྱུར་པ། །རྒྱལ་པོས་འདི་ནི་སྤང་བར་བྱ། །ཟླ་བ་དྲུག་གམ་ལོ་གཅིག་ནས། །རྒྱལ་པོས་སྡུམས་ནི་བྱ་བ་ཡིན། །བདག་ཉིད་ལ་ནི་དགའ་བསམས་ལ། །དགྲ་དང་ཉེ་བར་འཐབ་པར་བྱ། །གླེན་པའི་
ལས་ལ་སྦྱར་བ་ནི། །གྲགས་པ་ངན་དང་དོན་ཉམས་དང་། །དམྱལ་བར་ལྟུང་བ་ཉིད་དག་སྟེ། །རྒྱལ་པོ་ལ་ནི་ཉེས་གསུམ་འབྱུང་། །མཁས་པའི་ལས་ལ་སྦྱར་གྱུར་ན། །གྲགས་དང་ཚེ་དང་ཡོན་ཏན་དང་། །གཉེན་དང་ནོར་ནི་འཕེལ་བ་དང་། །མཐོ་རིས་གནས་དུ་སྐྱེ་བར་འགྱུར། །དགེ་བའམ་
ཡང་ན་མི་དགེ་བའི། །ལས་རྣམས་གང་དག་བྱེད་པ་ནི། །ལེགས་སྤྱོད་དང་ནི་ཉེས་སྤྱོད་ཀྱི། །རྒྱལ་པོ་དེ་དང་འབྲེལ་པ་ཡིན། །དེ་བས་ས་ཡི་དབང་ཕྱུག་གིས། །ཆོས་དང་འདོད་དོན་གྲུབ་བྱའི་ཕྱིར། །དགེ་སྦྱོང་དང་ནི་བྲམ་ཟེ་དག །རྟག་ཏུ་ཕན་དང་བདེ་ལ་སྦྱར། །ཙ་ན་ཀའི་རྒྱལ་པོའི་
ལུགས་ཀྱི་བསྟན་བཅོས་ལས་ལེའུ་ལྔ་པའོ།། །།ཡོན་ཏན་ལྡན་པ་བསྟེན་བྱ་ཞིང་། །ཡོན་ཏན་མེད་པ་སྤང་བྱ་སྟེ། །མཁས་ལ་ཡོན་ཏན་ཀུན་ཡོད་དེ། །བླུན་པོ་ལ་སྐྱོན་འབའ་ཞིག་ཡིན། །རྟག་ཏུ་དམ་པ་དང་འགྲོགས་ཤིང་། །དམ་པ་རྣམས་དང་འདྲ་བ་དང་། །བྱ་རྩོམ་དམ་པ་
དང་བྱ་ཡི། །ཅི་ཡང་ངན་པ་དང་མི་བྱ། །གྲོག་མཁར་དང་ནི་སྦྲང་རྩི་དང་། །ཡར་ངོ་ཡི་ནི་ཟླ་བ་དང་། །རྒྱལ་པོའི་ནོར་དང་སྤྲང་པོའི་ནོར། །ཅུང་ཟད་ཅུང་ཟད་ཙམ་གྱིས་འཕེལ། །མིག་སྨན་དག་ནི་ཟད་པ་དང་། །གྲོག་མཁར་ཡང་ནི་བསགས་པས་མཐོ། །འདུ་ལས་འགོད་པ་ཆུང་བྱ་བ། །འདི་

ཉིད་ཁོ་ན་མཁས་པ་ཡིན། །ནགས་སམ་ཁྱིམ་ན་གནས་ཀྱང་རུང་། །གཞན་དང་རང་ལ་ཕན་འགྱུར་བའི། །སྦྱིན་དང་ཀླག་པའི་ལས་རྣམས་ལ། །ཉིད་ཞག་དོན་མེད་མི་བྱའོ། །ཆགས་ཅན་ནགས་ན་གནས་ཀྱང་ཉེས་པ་འབྱུང་། །དམ་པ་ཁྱིམ་ན་གནས་ཀྱང་དབང་པོ་དུལ། །ནགས་
ན་གནས་པའི་གཅན་གཟན་ཁྲོ་བ་དང་། །ཁྱིམ་ན་གནས་པའི་རྟ་མཆོག་དུལ་བ་བཞིན། །དམ་པས་སྨད་པའི་ལས་ལ་རབ་འཇུག་ཅིང་། །ཡུལ་ལ་ཆགས་པའི་ནགས་ནི་ཉེས་པའི་གནས། །མ་སྨད་པ་ཡི་ལས་ལ་འཇུག་བྱེད་ཅིང་། །འདོད་ཆགས་ལས་ལོག་ཁྱིམ་ཉིད་དཀའ་ཐུབ་ཚལ། །སེམས་ཀྱིས་
ཆོས་ནི་བསྲུང་བར་བྱ། །རིག་པ་དག་ནི་སྦྱོར་བས་སྲུང་། །གཟུགས་ནི་བྱི་དོར་གྱིས་བསྲུང་ཞིང་། །རིགས་ནི་ངང་ཚུལ་དག་གིས་བསྲུང་། །རྟག་ཏུ་སྦྱིན་པ་གཏང་བྱ་སྟེ། །སྐྱེ་བོ་བཀྲེན་པར་མི་བྱའོ། །འབྱོར་བ་སྤྱད་པས་མི་ཟད་ཀྱང་། །སྐལ་བ་ཟད་བས་ཟད་པར་འགྱུར། །སྦྱིན་པས་ཟད་བར་
མི་འགྱུར་ཞིང་། །མ་སྤྱད་པ་ཡིས་འཕེལ་མི་འགྱུར། །གཞན་དུ་སྔོན་ཆད་བསགས་པ་ཡི། །ལེགས་སྤྱད་ཟད་པས་ཟད་པར་འགྱུར། །བྱིན་ཞེས་མི་སྨྲའི་ནོར་ཅི་རུང་། །སྟེར་བ་ན་ཡང་འཕེལ་འགྱུར་ཏེ། །ཁྲོན་པ་ལས་ཆུ་བླངས་གྱུར་ཀྱང་། །ཉིན་རེ་ཆུ་ནི་མང་པོར་འགྱུར། །གང་ལ་ཆོས་ཡོད་
བདེ་བ་སྟེ། །གང་ལ་ཆོས་མེད་སྨད་བྱ་ཞིང་། །ཆོས་ནི་འཇིག་རྟེན་ལ་རྟོགས་པས། །ནོར་གྱི་དོན་དུ་དེ་མི་སྤང་། །སྐྱེ་བོ་བཀྲེན་པ་ནོར་འདོད་པས། །སྡུག་བསྔལ་གང་ཞིག་བྱས་གྱུར་པ། །དེ་ཡིས་གལ་ཏེ་ཆོས་དོན་གཉེར། །སླར་ཡང་ཉོན་མོངས་གནོད་མི་འགྱུར། །གཙང་སྦྲ་དག་ནི་ཐམས་
ཅད་ལས། །ནོར་གྱི་གཙང་སྦྲ་ཁྱད་པར་འཕགས། །གང་འདིར་ནོར་ཡོད་གཙང་སྦྲ་ཡིན། །ས་དང་ཆུ་གཙང་གཙང་མ་ཡིན། །བདེན་པའི་གཙང་སྦྲ་སེམས་གཙང་སྦྲ། །དབང་པོ་དུལ་བའི་གཙང་སྦྲ་དང་། །སེམས་ཅན་ལ་བརྩེའི་གཙང་སྦྲ་དང་། །ཆུ་ཡི་གཙང་སྦྲ་ལྔ་པ་ཡིན། །བསྒུལ་པས་འགུལ་
བར་མི་འགྱུར་ཞིང་། །བརྙས་པས་འཁྲུག་པར་མི་བྱེད་ལ། །ཁྲོ་མེད་སྐྱེས་བུ་ཞེས་བཤད་དེ། །འདི་ནི་དམ་པའི་མཚན་ཉིད་ཡིན། །སྐྱེས་བུ་དབུལ་པོ་རྣམས་ཀྱི་ཚིག །མཁས་ཤིང་སྙན་པར་སྨྲ་བ་དང་། །དུས་སུ་སྨྲ་ཞིང་ཕན་སྨྲས་ཀྱང་། །སུ་ཡང་ཉན་པར་མི་བྱེད་དོ། །བསྔགས་

དང་སྟོབས་དང་རྩོད་པ་དང་། །ཤེས་དང་སྐྱེས་བུའི་རྩོལ་བས་ཀྱང་། །དངོས་གང་རྙེད་པར་མ་གྱུར་པ། །དེ་ལ་སུ་ཞིག་གདུང་བར་བྱེད། །བདེ་བའམ་ཡང་ན་སྡུག་བསྔལ་དག །ཐོབ་པར་བྱེད་པ་མ་ཐོབ་ཅིང་། །བགྲོད་པར་བྱ་བ་མ་བགྲོད་ལ། །རྙེད་པར་བྱ་བ་མ་རྙེད་ལས། །དོན་གཅིག་གྲུབ་པར་
གྱུར་ན་ནི། །དེ་ལ་གདུང་བྱར་ཅི་ཞིག་ཡོད། །གང་དུ་འཆི་བདག་ཡོད་དེར་འཆི། །གང་ན་དཔལ་གནས་དེར་ཕུན་ཚོགས། །རང་གི་ལས་ཀྱིས་ཁྲིད་ནས་ནི། །དེ་དང་དེར་ནི་བདག་ཉིད་འགྲོ། །དགེ་དང་མི་དགེའི་ལས་རྣམས་ནི། །སྔོན་ཆད་བྱས་པ་གང་ཡིན་པ། །སྔོན་ཚེ་ཇི་ལྟར་སྤྱད་པ་བཞིན། །
བྱེད་པ་པོ་ཡི་རྗེས་སུ་འབྲང་། །སྐྱེ་བོ་ངན་པ་གཞན་གྱི་སྐྱོན། །ཡུངས་འབྲུ་ཙམ་ལ་རྟོག་བྱེད་ཀྱི། །རང་སྐྱོན་བིལ་བ་ཙམ་ཡང་ནི། །ཡོད་དུ་ཟིན་ཀྱང་མི་མཐོང་ངོ་། །གཞན་དབང་ཐམས་ཅད་སྡུག་བསྔལ་ཏེ། །རང་དབང་ཐམས་ཅད་བདེ་བ་ཡིན། །བདེ་དང་སྡུག་བསྔལ་གཉིས་མཚན་ཉིད། །མདོར་ན་
འདི་དག་ཡིན་ཞེས་བྱ། །བདེ་བའི་རྗེས་ལ་སྡུག་བསྔལ་ཞིང་། །སྡུག་བསྔལ་རྗེས་ལ་འོང་བདེ་བ་སྟེ། །མི་རྣམས་ཀྱི་ནི་བདེ་སྡུག་དག །འཁོར་ལོ་བཞིན་དུ་ཡོངས་སུ་འཁོར། །གང་ཞིག་སོང་བ་དེ་འདས་ཟིན། །གང་ཞིག་མ་འོངས་དེ་ཐག་རིང་། །གང་ཞིག་གདུང་བར་མི་འགྱུར་བར། །དེ་ལྟར་བྱུང་བ་
གནས་བར་གྱིས། །ཙ་ན་ཀའི་རྒྱལ་པོའི་ལུགས་ཀྱི་བསྟན་བཅོས་ལས་ལེའུ་དྲུག་པའོ།། །།འགའ་ཡང་སུ་ཡི་མཛའ་བོའང་མིན། །སུ་ཡང་གང་གིའང་དགྲ་བོ་མིན། །མཛའ་བོ་དང་ནི་དགྲ་བོ་ཡང་། །རང་གི་ནུས་པ་ཉིད་ལས་བྱུང་། །མྱ་ངན་དགྲ་སྐྱེད་འཇིགས་ལས་སྐྱོབ། །ཡིད་ཆེས་
གནས་གྱུར་སྙིང་དུ་སྡུག །མཛའ་ཞེས་བྱ་བའི་ཡི་གེ་གཉིས། །གང་གིས་རིན་ཆེན་འདི་སྤྲུལ་འགྱུར། །གལ་ཏེ་རྟག་ཏུ་མཛའ་འདོད་ན། །ཕོ་ཉ་ནོར་གྱི་ཁེ་སྤོགས་དང་། །དེ་མིན་ཆུང་མ་ལ་ལྟ་བ། །ཉེས་པ་གསུམ་པོ་སྤང་བར་བྱ། །རླུང་ཤུགས་མི་བཟད་ལྡང་བ་དང་། །རྒྱ་མཚོ་ཆེན་པོའི་དཔའ་
རླབས་དག །འབྱུང་བ་དགག་པ་ནུས་སྲིད་ཀྱི། །རྗེས་ཆགས་སེམས་ནི་དེ་ལྟ་མིན། །མེ་དང་ཆུ་དང་བུད་མེད་དང་། །བླུན་པོ་སྦྲུལ་དང་རྒྱལ་པོ་དྲུག །འཕྲལ་དུ་སྲོག་འཕྲོག་བྱེད་མིན་པས། །རྟག་ཏུ་བག་དང་ཆས་པས་བསྟེན། །གཞན་གྱིས་རང་སྐྱོན་མི་རྟོགས་པས། །རང་གི་སྐྱོན་ཡང་ཤེས་

པར་བྱ། །རུས་སྦལ་ཡན་ལག་སྦེད་པ་ལྟར། །རང་གི་ཡོན་ཏན་སྦ་བར་བྱ། །གཞན་གྱི་རང་བཞིན་མ་བརྟགས་ན། །རྔོན་པའི་གླུ་ཡིས་རི་དགས་ལྟར། །བཅོས་མའི་ཚིག་གིས་སླུ་བྱེད་པས། །གཞན་གྱི་རང་བཞིན་ཤེས་པར་བྱ། །དམའ་བར་རྩ་དང་ཆུ་སྔོན་པོ། །དུལ་བས་སློབ་མ་བྲིད་
བྱས་པ། །དཀའ་ཐུབ་ཀྱིས་ལྷ་ནོར་བུ་མེད། །ཡོན་ཏན་གྱིས་ནི་ཐམས་ཅད་བསྡུ། །མཛའ་བོ་ལག་ཡོས་རྙོག་པོས་ཆོས། །གཞན་ལ་གནོད་པས་སྦྱོར་བ་དག །རྩུབ་པས་བུད་མེད་བདེར་རེག་པ། །གང་ཞིག་འདོད་དེ་མཁས་པ་མིན། །གང་ཞིག་རྒན་པོའི་གྲོས་མི་ཉན། །བསྟན་བཅོས་ཤེས་པའི་
སྐྱེ་བོ་མེད། །མ་བརྟགས་པར་ནི་སྤྱོད་འགྱུར་བ། །དེ་ཡི་བྱ་བ་མོད་ལ་འཇིག །བགྲོད་དཀའ་བར་ནི་གནས་གྱུར་ཀྱང་། །མི་ཡིས་གནས་ཐུབ་རང་དབང་འགྱུར། །ཕྱེ་བར་གྱུར་བས་འཁྲུག་པ་ནི། །གཡུལ་གྱི་བུ་བཞིན་མྱ་ངན་སྐྱེ། །དཀའ་ཐུབ་ལུས་ནི་འཇམ་པ་དང་། །དཔའ་བོ་རྨ་ནི་མེད་པ་དང་། བུད་
མེད་དམ་པ་ཆང་འཐུང་དང་། །རྒྱལ་པོ་ཆོས་མེད་ཡིད་མི་ཆེས། །མཛའ་བོ་མིན་ལ་ཡིད་མི་བརྟན། །གལ་ཏེ་མཛའ་བོ་ཁྲོས་གྱུར་ན། །གསང་ཚིག་ཐམས་ཅད་སྨྲ་བར་བྱེད། །བྱེད་པ་པོ་ལ་མ་ལྟོས་པར། །བྱ་བ་ཅི་ཡང་མི་འགྲུབ་པས། །བྱ་བ་ཀུན་ལ་འཇུག་ན་ཡང་། །བློ་ནི་བརྟན་པ་ཉིད་དུ་བྱ། །བུ་
ལོན་དབུལ་པོའི་དུག་ཡིན་ཏེ། །རྒན་པོའི་དུག་ནི་གཞོན་ནུ་མ། །བློ་ངན་གྱི་ནི་རིག་པ་དུག །མ་ཞུ་ཟས་ཟ་དུག་ཡིན་ནོ། །ལྐོག་མ་མི་བདེ་གླུ་ལ་དགའ། །དམངས་རིགས་སྟན་མཐོ་ལ་དགའ་དང་། །དབུལ་པོ་གཏང་བ་ལ་དགའ་ཞིང་། །རྒན་པོ་གཞོན་ནུ་ལ་དགའ་བྱུང་། །ཆུ་མང་འཐུང་ཞིང་སྟན་སྲབ་དང་། །
ལུས་ཟུངས་ཟད་དང་ཤུགས་བཀག་དང་། །ཉིན་པར་གཉིད་ལོག་མཚན་གཉིད་མེད། །དྲུག་པོ་འདི་རྣམས་ནད་སྐྱེད་བྱེད། །ཤ་སྐམ་དང་ནི་བུད་མེད་རྒན། །ཆང་གསར་ཞོ་ནི་ཆགས་མ་ཐག །ནད་པར་འཁྲིག་སྤྱོད་ཉིན་གཉིད་ལོག །དྲུག་པོ་འཕྲལ་དུ་སྲོག་འཕྲོག་ཡིན། །ཆང་རྙིང་ཤ་དང་མར་
གསར་དང་། །བུད་མེད་གཞོན་དང་འོ་མ་འཐུང་། །ཆུ་ཚན་དང་ནི་བསིལ་གྲིབ་དག །འཕྲལ་དུ་སྲོག་ནི་སྟེར་བྱེད་ཡིན། །ཁྲུས་བྱས་འོ་མ་ཆུ་སྤྱོད་ཤ །འཕྲལ་དུ་སྟོབས་སྐྱེད་གསུམ་ཡིན་ནོ། །གོས་ངན་སོ་ཡི་དྲི་མ་འཇོག་པ་དང་། །མང་དུ་ཟ་ཞིང་བརླང་པའི་ཚིག་སྨྲ་དང་། །ཉི་མ་འཆར་དང་ནུབ་

བའི་ཚེ་ན་ཉལ། །དེ་ཡི་དཔལ་ནི་ཉམས་པ་ཉིད་དུ་འགྱུར། །མགོ་བོ་བྱི་དོར་བཟང་བྱས་རྐང་ལེགས་བཀྲུས། །བུད་མེད་མཆོག་བསྟེན་ཁ་ཟས་ཉུང་དུ་ཟ། །གཅེར་བུ་མི་ཉལ་དུས་ཚིགས་འདོད་པ་སྤྱོད། །དྲུག་པོ་ཡུན་རིང་དཔལ་ཉམས་སླར་སྐྱེད་བྱེད། །གང་དང་གང་གི་མེ་ཏོག་ནི། །མཆོག་ཏུ་དཀར་
བར་གྱུར་པ་དག །མགོ་ལ་བཞག་པར་གྱུར་ན་ནི། །བྱུར་ནི་རབ་ཏུ་འཇིག་པར་བྱེད། །མར་མེ་ཐ་མའི་གྲིབ་མ་དང་། །མལ་ཁྲི་ཡི་ནི་གྲིབ་མ་དང་། །ཁྲུས་མཁན་གྱི་ནི་ཆུ་ངོགས་གང་། །དེར་ནི་དཔལ་མིན་གནས་པ་ཡིན། །རང་མི་ལ་དྲང་སྐྱེ་བོ་གཞན་ལ་གཡོ། །སྐྱེ་བོ་དམ་པ་དང་མཛའ་མི་སྲུན་སྤོང་། །
དགྲ་ལ་དཔའ་ཞིང་བླ་མ་ལ་གུས་པ། །འདི་དག་གང་གིས་ཤེས་དེ་དུས་ཤེས་ཡིན། །གཟུགས་ལྡན་རིགས་མཐོ་མཁས་པར་གྱུར་པ་དག །རིགས་ལྡན་ལྡན་ཞིང་བསྟན་བཅོས་མང་ཐོས་ལ། །གལ་ཏེ་ཡོན་ཏན་སྣ་ཚོགས་ཀྱིས་བརྒྱན་ཀྱང་། །གོས་ངན་སྐྱེ་བོ་མཛེས་པར་སྣང་མ་ཡིན། །བུད་
མེད་རྒྱལ་པོ་སྦྲུལ་དང་ནི། །ཁ་དྲག་དགྲ་དང་གྲོགས་པོ་དང་། །ལོངས་སྤྱོད་ཉིད་དང་ཚེ་ལ་ནི། །ནམ་ཡང་ཡིད་བརྟན་མི་བྱའོ། །དགྲ་བོ་དག་དང་སྔུམས་བྱས་ནས། །བག་ཕེབས་ནས་ནི་བདེར་ཉལ་བ། །དེ་ནི་ཤིང་རྩེར་ཉལ་གྱུར་པ། །སད་ནས་ལྷུང་བར་འགྱུར་དང་མཚུངས། །འཇམ་པོས་
འཇམ་པོ་འཇོམས་བྱེད་ཅིང་། །འཇམ་པོས་རྩུབ་མོའང་འཇོམས་བྱེད་དེ། །འཇམ་པོས་མི་འགྲུབ་ཅི་ཡང་མེད། །དེ་བས་འཇམ་ཉིད་རྣོན་པོ་ཡིན། །ཤིན་ཏུ་དྲང་པོར་མི་བྱ་སྟེ། །ནགས་སུ་སོང་ལ་ལྟོས་ཤིག་དང་། །དེར་ནི་ཤིང་དྲང་གཅོད་བྱེད་ཀྱི། །ཡོན་པོ་ལུས་པར་གྱུར་པ་ཡིན། །འབྲས་
བུ་དང་ལྡན་ཤིང་འདུད་ཅིང་། །སྐྱེ་བོ་མཁས་པ་དུལ་བ་ཡིན། །ཤིང་སྐམ་དར་ནི་བླུན་པོ་དག །འདུད་པར་མི་བྱེད་དུལ་མ་ཡིན། །ཤེས་དང་བྱེ་བྲག་ཤེས་མེད་ཅིང་། །བླུན་པོ་རྣམས་ནི་རྟག་ཏུ་དགའ། །ཤེས་པའི་ལྕགས་ཀྱུས་དབང་བྱས་པའི། །མཁས་པ་རྟག་ཏུ་སེམས་འདུལ་
བྱེད། །རི་ཡི་རྩེ་མོར་ཆར་འབབ་ཅིང་། །བུད་མེད་མཛའ་བོ་ངན་ལ་དགའ། །དཔལ་ནི་བླུན་པོ་ལ་གནས་ཤེས། །མཁས་པ་ཕལ་ཆེར་དབུལ་པོར་ཡོད། །ཙ་ན་ཀའི་རྒྱལ་པོའི་ལུགས་ཀྱི་བསྟན་བཅོས་ལས་ལེའུ་བདུན་པའོ།། །།ཆུང་མ་ངན་དང་མཛའ་བོ་ངན། །རྒྱལ་པོ་ངན་དང་བཤེས་ངན་

དང་། །འབྲེལ་བ་ངན་ལ་བརྟེན་པ་ནི། །རིང་དུ་ཡོངས་སུ་སྤང་བར་བྱ། །ཡུལ་འཇིགས་པ་དང་རིགས་ཟད་དང་། །ཆུང་མ་གཞན་སེམས་ཕྲོགས་པ་དང་། །བུ་ནི་ལོག་པས་ཕོངས་ལ་གནས། །གང་ཞིག་མ་མཐོང་དེ་སྐལ་ལྡན། །ངན་པའི་ཡུལ་དུ་སུ་ཞིག་སྡོད། །བུ་
ངན་པ་ལ་སུ་ཞིག་དགའ། །མཛའ་བོ་ངན་ལ་སུ་ཡིད་རྟོན། །རྒྱལ་པོ་ངན་ལ་སྲོག་ཡོད་མིན། །གཞན་གྱི་ཟས་དང་གཞན་གྱི་གོས། །གཞན་གྱི་ཡུལ་དང་གཞན་བུད་མེད། །གཞན་གྱི་ཁྱིམ་དུ་གནས་གྱུར་ན། །བརྒྱ་བྱིན་ཡིན་ཡང་དཔལ་ཉམས་འགྱུར། །དྲེགས་པས་དཔལ་ནི་ཉམས་འགྱུར་ཞིང་། །
ཁྲོ་བས་དཀའ་ཐུབ་ཉམས་པར་བྱེད། །ལས་རིང་གིས་ནི་སྟོབས་ཉམས་བྱེད། །བྲམ་ཟེ་གཙང་སྦྲ་མེད་བས་ཉམས། །སྨད་རིགས་རྩོད་པ་ཉིད་གྱིས་དགའ། །དམ་པ་འདུམ་པས་དགའ་བ་ཡིན། །མི་མཆོག་གོ་འཕང་བསྟོད་འདོད་དེ། །གོ་འཕང་བསྟོད་པ་ནོར་གྱི་མཆོག །བུད་མེད་ཚོགས་སྤྱོད་བྲན་
གྱུར་ང་རྒྱལ་ཆེ། །སྨད་འཚོང་སྙན་པར་སྨྲ་པར་བྱེད་པ་དང་། །དཀའ་ཐུབ་ཆོས་གཟོབ་ནོར་མེད་འདོད་ལ་གདུང་། །ལྔ་པོ་འདི་དག་ཚུལ་མིན་སྤྱོད་པ་ཡིན། །གཏོང་དགའ་དབུལ་ཞིང་སེར་སྣ་ཅན་ནོར་ལྡན། །རང་ལ་མི་སྐུར་བུ་ནི་བསྒོ་མི་ཉན། །གཞན་ལ་ཕན་བྱེད་སྔོན་དགའ་ཆེ་ཐུང་བ། །ལྔ་པོ་སྐྱེ་
དགུའི་བདག་པོས་ཉེས་སྤྱད་ཡིན། །ཆུང་མ་དང་བྲལ་རང་མིས་བརྙས་པ་དང་། །བུ་འོན་ལྷག་མ་སྐྱེ་བོ་ངན་ལ་བརྟེན། །དབུལ་པོར་གྱུར་ནས་སྐྱེ་བོས་རྒྱབ་ཀྱིས་ཕྱོགས། །ལྔ་པོ་མེ་མེད་པར་ཡང་ཤིན་ཏུ་སྲེག །རིགས་པས་དོན་བྱེད་བུ་ནི་བསྒོ་བ་ཉན། །ནད་མེད་པ་དང་དམ་པ་དག་དང་འགྲོགས། །
རང་དབང་ཡོད་ཅིང་རྗེས་འཇུག་ཆུང་མ་བརྟེན། །ལྔ་པོ་སྡུག་བསྔལ་རྩ་ནས་འབྱིན་བྱེད་ཡིན། །ཞུམ་དང་མདོག་ངན་ཟེངས་པ་དང་། །གོས་ངན་རང་ཉིད་འོངས་པ་ནི། །ལྔ་པོ་འདི་དག་ཕུར་མི་ཡིས། །མཆོད་སྡོང་ཡིན་ཡང་མཆོད་མི་འགྱུར། །ཚེ་དང་ལས་དང་སེམས་དང་ནི། །མཛའ་བོ་དང་ནི་
ནོར་རྙེད་དེ། །ལྔ་པོ་འདི་དག་ལུས་ཅན་རྣམས། །སྐྱེ་བའི་རྗེས་ལ་རྗེས་སུ་སྐྱེས། །རི་བོ་ལ་འཛེགས་ཆུ་དང་ནི། །བ་ལང་ཁྱི་དང་འཐབ་པ་དང་། །འགྱེལ་བ་ལས་ནི་སློང་བ་སྟེ། །བེ་རྒའི་ཡོན་ཏན་ལྔ་རུ་བཤད། །འཇིག་རྟེན་ན་ནི་སྲོག་མི་བརྟེན། །ནོར་དང་ལང་ཚོ་བརྟན་མ་ཡིན། །མཛའ་

བར་རྩོམ་པ་མི་བརྟན་ཏེ། །ཆོས་དང་གྲགས་དང་སྙན་པ་བརྟན། །མི་རྣམས་ཚེ་ནི་རབ་ཐུང་ལས། །དེ་ཕྱེད་མཚན་མོས་འདས་པར་བྱས། །ནད་རྒས་ཉོན་མོངས་ཕོངས་པ་ཡིས། །ཕྱེད་པོ་དེ་ཡང་ཚང་མ་ཡིན། །འགྲོའམ་འདུག་པར་གྱུར་པའམ། །གཉིད་མ་ལོག་པར་ཉལ་བ་ན། །གང་ཞིག་གཞན་
དོན་མི་སེམས་པ། །དེ་ཡི་སྤྱོད་པ་ཕྱུགས་དང་མཚུངས། །ཕན་དང་མི་ཕན་དཔྱོད་པའི་བློ་མེད་ཅིང་། །བློ་དང་ཐོས་པ་མང་པོ་དང་བྲལ་ལ། །ལྟོ་བ་འགེངས་པ་འབའ་ཞིག་འདོད་གྱུར་པ། །དེ་ཡི་བསམ་པ་ཕྱུགས་ལས་ཁྱད་ཅི་ཡོད། །མཛའ་བོ་རྣམས་ལ་ཕན་གདགས་བྱ་བ་དང་། །དགྲ་བོ་རྣམས་ལ་
གནོད་པ་བྱ་བའི་ཕྱིར། །མཁས་པས་རྒྱལ་པོ་རྣམས་ལ་བརྟེན་བྱ་ཡི། །ལྟོ་འགྲངས་འབའ་ཞིག་ཙམ་ཞིག་སུ་ཞིག་བྱེད། །མཁས་ཤིང་རྩལ་དང་གྲགས་ལྡན་སྨ་མ་བབ། །མིས་བཀུར་འཚོ་བ་སྐད་ཅིག་གང་ཡིན་པ། །དེ་ནི་གསོན་པོ་ཡིན་ཞེས་དམ་པ་འཆད། །ཁྭ་ནི་ཡུན་རིང་འཚོ་ཡང་གཏོར་
ཟར་ཟད། །ཆུ་ཆུང་གྲོག་པོ་དགང་སླ་ཞིང་། །བྱིས་པའི་སྙིམ་པ་དགང་སླ་ལ། །སྐྱེ་བོ་ངན་པ་མགུ་སླ་སྟེ། །ངན་ངོན་གྱིས་ཀྱང་མགུ་བར་བྱེད། །སྤྲིན་གྱི་གྲིབ་མ་རྩྭ་ཡི་མེ། །བླུན་པོ་ལ་བརྟེན་སྐམ་སའི་ཆུ། །སྨད་འཚོང་ཆགས་དང་མི་སྲུན་མཛའ། །དྲུག་པོ་འདི་དག་ཆུ་བུར་མཚུངས། །ཉམ་
ཆུང་དཔུང་ནི་རྒྱལ་པོ་ཡིན། །བྱིས་པའི་དཔུང་ནི་ད་མོ་ཡིན། །གླེན་པའི་དཔུང་ནི་མི་སྨྲ་ཡིན། །རྐུན་མའི་དཔུང་ནི་བརྫུན་ཚིག་ཡིན། །ཇི་ལྟ་ཇི་ལྟར་སྐྱེས་བུ་ཡིས། །བསྟན་བཅོས་ལེགས་པར་རྟོགས་གྱུར་པ། །དེ་ལྟ་དེ་ལྟར་ཤེས་པ་ཡིས། །ཁྱད་པར་ངེས་པར་སྐྱེ་བར་འགྱུར། །ཇི་ལྟ་ཇི་ལྟར་
སྐྱེས་བུ་ཡིས། །བློ་ཡིས་དགེ་བའི་ལས་བྱེད་པ། །དེ་ལྟ་དེ་ལྟར་དོན་རྣམས་ཀུན། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །བརྐམ་ཆགས་བག་མེད་ཡིད་ཆེས་པས། །གསུམ་པོས་སྐྱེས་བུ་སླུ་བར་བྱེད། །དེ་བས་བརྐམ་ཆགས་བག་མེད་དང་། །ཡིད་ཆེས་སུ་ཡང་མི་བྱའོ། །ལྐོག་ན་བྱ་བ་ཉམས་
བྱེད་པ། །མངོན་སུམ་དུ་ནི་སྨྲ་བྱེད་པ། །དུག་བུམ་ཁ་ན་འོ་མ་ཅན། །དེ་འདྲའི་མཛའ་བོ་སྤང་བར་བྱ། །སྐྱེ་བོ་ངན་དང་འདྲེས་པ་ཡིས། །སྐྱེ་བོ་ངན་པའང་རླག་པར་བྱེད། །ཆུ་ནི་ཤིན་ཏུ་དང་པ་ཡང་། །འདམ་གྱིས་རྙོག་པ་ཅན་དུ་བྱེད། །གང་ཞིག་མཐོན་མཆོད་ལྷག་མར་གྱུར་དེ་ཟས། །གང་

ཞིག་སྡིག་པ་མི་བྱེད་དེ་ཤེས་ལྡན། །གང་ཞིག་ལྐོག་ཏུ་ཕན་དེ་མཛའ་བོ་ཡིན། །གང་ཞིག་གཡོ་མེད་པས་བྱེད་དེ་ཆོས་ཡིན། །གང་ཞིག་རྒན་མེད་བ་དེ་འདུན་ས་མིན། །གང་ཞིག་ཆོས་ལྡན་མི་སྨྲ་དེ་རྒན་མིན། །གང་ལ་བདེན་མེད་དེ་ནི་ཆོས་མ་ཡིན། །གང་ཞིག་སླུ་བ་
དང་འབྲེལ་དེ་བདེན་མིན། །གང་དུ་སེམས་དང་དགའ་བ་བཀྲ་ཤིས་དེ། །གང་ཞིག་གཞན་ལ་མི་རྟེན་དེ་འཚོ་བ། །གང་ཞིག་རང་མི་དང་སྤྱོད་དེ་བསགས་པ། །གང་ཞིག་དགྲ་བོ་ཟིལ་གནོན་དེ་ང་རྒྱལ། །གང་ཞིག་ང་རྒྱལ་བྲལ་དེ་དེས་པ་ཡིན། །གང་ཞིག་སྲེད་པས་མ་རྨོངས་དེ་དཔལ་ཡིན། །གང་
ཞིག་བག་ཕེབས་གྱུར་བ་དེ་མཛའ་བོ། །གང་ཞིག་དབང་པོ་དུལ་བ་དེ་དཔའ་བོ། །རྒྱལ་པོ་མེད་པར་འདུག་མི་བྱ། །བུད་མེད་གཙོ་བོ་བྱེད་པ་དང་། །གཙོ་མང་ཡོད་བར་གནས་མི་བྱ། །རྒྱལ་པོ་མཁས་ཡོད་གནས་པར་བྱ། །གཞོན་ནུའི་ཚེ་ན་ཕས་བསྲུངས་ལ། །ལང་ཚོའི་ཚེ་ན་ཁྱོས་བསྲུངས་ཤིང་། །རྒན་
པའི་ཚེ་ན་བུས་བསྲུངས་པས། །བུད་མེད་རང་དགར་གནས་མ་ཡིན། །གཅེར་བུའི་ཁྲུས་དང་གླང་པོ་མྱོས། །བ་ནི་དང་པོ་བེའུ་སྐྱེས་པ་དང་། །ཆུ་མེད་པ་ཡི་སྦལ་པ་དག །རིང་དུ་ཡོངས་སུ་སྤང་བར་བྱ། །ནོར་གྱིས་གདུངས་ལ་གཉེན་མེད་བཤེས་ཀྱང་མེད། །འདོད་པས་གདུངས་ལ་འཇིགས་མེད་ངོ་ཚ་
མེད། །བཀྲེས་པས་གདུངས་ལ་སྟོབས་མེད་མདངས་ཀྱང་མེད། །ནད་ཀྱིས་གདུངས་ལ་གཉིད་མེད་བདེ་བ་མེད། །རིགས་ནི་སྤྱོད་པས་སྟོན་པར་བྱེད། །ཡུལ་ནི་སྐད་ཀྱིས་སྟོན་པར་བྱེད། །བརྩེ་བར་རྟབ་རྟབ་བྱེད་པས་སྟོན། །ཁ་ཟས་ལུས་ཀྱིས་སྟོན་པར་བྱེད། །གང་ཞིག་ཡིད་དང་མཐུན་གྱུར་
པ། །རིང་ན་གནས་ཀྱང་གམ་ན་འདུག །གང་ཞིག་ཡིད་དུ་མི་འོང་བ། །གམ་ན་གནས་ཀྱང་ཐག་རིང་ཡིན། །མི་ནི་སྨྲ་སྤོབས་ཞན་པའི་རིག་པ་དང་། །བསྟན་བཅོས་སྐྱེས་བུ་ངན་པའི་ལག་གནས་པ། །ལོང་བའི་ཆུང་མ་གཟུགས་བཟང་ལྟ་བུ་སྟེ། །ལུས་ཅན་དགའ་བ་སྐྱེད་བར་བྱེད་མ་
ཡིན། །ནོར་ནི་རི་བྲགས་ཀུན་ན་མེད། །མུ་ཏིག་ཉ་རྣམས་ཕལ་ལ་མེད། །ནགས་ཚལ་ཀུན་ལ་ཙན་དན་མེད། །དམ་པ་ཀུན་ན་ཡོད་པ་མིན། །རྐང་གཉིས་པ་ལ་མངོན་བུམ་ཕྱུགས། །བླུན་པོ་ཡོངས་སུ་སྤང་བར་བྱ། །མི་མངོན་པ་ཡི་ཚེར་མ་ལྟར། །ཚིག་གི་ཟུག་རྔུས་གནོད་

པ་སྐྱེད། །མཁས་པས་རྟག་ཏུ་བུ་དག་ནི། །རིག་པ་སྣ་ཚོགས་ལ་སྦྱར་བྱ། །མཁས་ཤིང་བློ་ནི་ཕུན་ཚོགས་དན། །རྟག་ཏུ་མཆོད་པ་ཉིད་དུ་འགྱུར། །གང་ཞིག་གཞོན་ཚེ་རིག་མི་སློབ། །ཕ་དགྲ་མ་ནི་ཞེས་དགྲ་ཡིན། །ངང་པའི་ནང་ན་ཆུ་སྐྱར་ལྟར། །མང་པོའི་ནང་ན་མཛེས་མ་ཡིན། །
གལ་ཏེ་བློ་རྒྱ་ཆེ་འདོད་ན། །ཚིགས་བཅད་དམ་ནི་དེ་ཡི་ཕྱེད། །རྐང་པའམ་ཡི་གེ་བསླབས་པ་ཡིས། །ཉི་མ་དོན་མེད་མི་བྱའོ། །གཟུགས་དང་ལང་ཚོ་ཕུན་ཚོགས་ཤིང་། །རིགས་མཐོ་བ་ལས་བྱུང་གྱུར་ཀྱང་། །རིགས་དང་བྲལ་ན་མི་མཛེས་ཏེ། །ཀིང་ཀུ་ཀ་ཡི་མེ་ཏོག་
ལྟར། །བྲིད་པ་ལས་ནི་ཉེས་པ་འབྱུང་། །བརྡེག་པ་ལས་ནི་ཡོན་ཏན་མང་། །དེ་བས་བུ་དང་སློབ་མ་ལ། །བརྡེག་པར་བྱ་ཡིས་བྲིད་མི་བྱ། །ལོ་ལྔའི་བར་དུ་བྲིད་བྱ་སྟེ། །ལོ་བཅུའི་བར་དུ་བརྡེག་པར་བྱ། །ལོ་ནི་བཅུ་དྲུག་ལོན་པ་དང་། །བུ་ལ་མཛའ་བ་བཞིན་དུ་སྤྱད། །དྲི་རབ་
བཟང་ཞིང་མེ་ཏོག་རྒྱས། །ཤིང་གཅིག་གིས་ཀྱང་ནགས་སུ་ནི། །ནགས་དེ་ཐམས་ཅད་བསྒོས་པར་འགྱུར། །རིགས་ལ་བུ་བཟང་དེ་དང་འདྲ། །རང་བཞིན་བཟང་ཞིང་རིགས་ལྡན་པ། །བུ་ནི་བཟང་པོ་གཅིག་པ་ཡིས། །རིགས་ནང་སྐྱེས་བུ་སེང་གེ་དེ། །ཟླ་བ་ལྟ་བུར་གསལ་བྱེད་
ཡིན། །ཤིང་སྐམ་སྡོང་བུ་གཅིག་པུ་ཞིག །མེ་ཡིས་ཚིག་པར་གྱུར་པ་ན། །ནགས་དེ་ཐམས་ཅད་སྲེག་པ་ཡིན། །རིགས་ནང་བུ་ངན་དེ་དང་འདྲ། །ཚིག་ཙམ་ཀླག་པ་ཉིད་དང་ནི། །གང་གཞན་བསྟན་བཅོས་ལ་དཔྱོད་དང་། །ཐམས་ཅད་ཉོན་མོངས་ལྡན་པ་སྟེ། །བྱ་བར་
མ་རྨོངས་གང་དེ་མཁས། །ལ་ལ་མི་ཤེས་བས་ཉམས་ལ། །ཁ་ཅིག་བག་མེད་པ་ཡིས་ཉམས། །ཁ་ཅིག་རང་བཞིན་གྱིས་ཉམས་ལ། །ལ་ལ་ཉེས་པ་ཉིད་ཀྱིས་ཉམས། །ཤེས་ལྡན་མཁས་པ་གཞན་ཡིན་ལ། །བསྟན་བཅོས་མཁས་པའང་གཞན་ཡིན་ཞིང་། །
གཞན་དག་གནས་དེ་མི་ཤེས་པས། །གཞན་དུ་འཇིག་རྟེན་ཉོན་མོངས་སོ། །གང་གིས་ཡི་གེ་གཅིག་ཙམ་ཞིག །བླ་མས་སློབ་མ་ལ་བསླབས་ན། །གང་བྱིན་བུ་ལོན་མེད་གྱུར་པའི། །རྫས་དེ་ས་སྟེང་ཡོད་མ་ཡིན། །བླ་མ་གང་ནི་ཡི་གེ་གཅིག །སྟེར་ལ་ཕྱག་ནི་མ་བྱས་ན། །ཁྭ་

ཡི་སྐྱེ་གནས་བརྒྱར་སྐྱེ་ནས། །སྨེ་ཤ་ཅན་དུ་སྐྱེ་བར་འགྱུར། །རིག་པ་གླེགས་བམ་ལ་བསླབས་ཤིང་། །བླ་མའི་ཐད་ནས་མ་བསླབས་ན། །འཕྱོན་མའི་བུད་མེད་སྦྲུམ་མ་བཞིན། །ཚོགས་ཀྱི་ནང་ན་མཛེས་མ་ཡིན། །བྲམ་ཟེའི་བླ་མ་མེ་ཡིན་ལ། །རིགས་
ཀྱི་བླ་མ་བྲམ་ཟེ་ཡིན། །ཆུང་མའི་བླ་མ་ཁྱིམ་ཐབ་ཡིན། །ཀུན་གྱི་བླ་མ་གློ་བུར་ལྷགས། །མཛའ་བོ་ལ་ལ་ཕྲེང་བ་འདྲ། །མཛའ་བོ་ལ་ལ་ཤིང་བལ་འདྲ། །མཛའ་བོ་ལ་ལ་ལྷུན་པོ་འདྲ། །མཛའ་བོ་ལ་ལ་ས་གཞི་འདྲ། །མཛའ་བོ་ཕྲེང་བ་འདྲ་སྤང་ཞིང་། །ཤིང་བལ་དང་འདྲའི་མཛའ་
བོ་དང་། །ལྷུན་པོ་དང་འདྲའི་མཛའ་བོའང་སྤང་། །ས་གཞི་དང་འདྲའི་མཛའ་བོ་བསྟེན། །པདྨ་དམར་བ་ཉིད་དང་ནི། །དམ་པ་གཞན་དོན་བྱེད་ཉིད་དང་། །དམ་པ་མིན་པའི་བརྩེ་མེད་ཉིད། །གསུམ་པོ་རྣམས་གསུམ་ངང་གིས་འགྲུབ། །ཚེར་མ་རྣོ་བར་གྱུར་པ་སུ་ཡིས་བྱས། །རི་དྭགས་བྱ་
ཡི་རི་མོ་སུ་ཡིས་བྲིས། །བུ་རམ་ཤིང་མངར་ནིམ་པ་ཁ་བ་དག །འདི་དག་ཐམས་ཅད་ངོ་བོ་ཉིད་ཀྱི་འགྲུབ། །གང་ན་སྐྱེ་བོ་གླང་པོ་མྱོས་ལྟར་དྲེགས། །གང་ན་རྟ་དང་བོང་བུ་ཁྱད་པར་མེད། །གང་ན་མཆིད་བུ་མ་རྒད་དབྱེར་མེད་པ། །དེ་རུ་ཡོན་ཏན་ཅན་གནས་ཅི་རུ་རུང་། །ཡུལ་
གང་ན་ནི་ཡོངས་རྟོགས་མཁས་པ་མེད། །རྒྱ་མཚོ་ལས་བྱུང་ནོར་བུ་དེར་མི་བྲིན། །ནོར་བུ་ཆུ་ཤེལ་རིན་ཐང་ཆེ་བ་ལ། །བ་ལང་རྫི་ནི་ཕུལ་གསུམ་སྦྱིན་ཞེས་ཟེར། །ཁྭ་ཡི་ཚོགས་ནང་ངང་པ་མཛེས་མ་ཡིན། །ཝ་ཡི་ཚོགས་ནང་སེང་གེ་མཛེས་མ་ཡིན། །བོང་བུའི་ཚོགས་ནང་རྟ་མཆོག་
མཛེས་མ་ཡིན། །སྐྱེས་བུ་བླུན་ནང་མཁས་པ་མཛེས་མ་ཡིན། །ཡོན་ཏན་ཤེས་པའི་ནང་དུ་ཡོན་ཏན་འགྱུར། །ཡོན་ཏན་མེད་ལ་དེ་ཉིད་སྐྱོན་དུ་འགྱུར། །ཆུ་བོའི་ཆུ་ནི་ཤིན་ཏུ་ཞིམ་པ་དག །རྒྱ་མཚོར་ཕྱིན་ན་བཏུང་དུ་མི་རུང་འགྱུར། །ཡོན་ཏན་འབད་པས་འགྲུབ་པ་ཡིན། །འབད་པ་
བདག་ཉིད་ལ་གནས་པས། །འབད་ནས་ཡོན་ཏན་མི་སློབ་པར། །གཞན་དག་ཡོན་ཏན་ལྡན་ཞེས་སྒྲོགས། །ཡོན་ཏན་ཀུན་ཏུ་མཆོག་བྱེད་ཀྱི། །ཕ་མེས་རིགས་ནི་དོན་མེད་ཡིན། །ཁྱབ་འཇུག་ལ་ནི་སྐྱེ་བོ་རྣམས། །ཕྱག་འཚལ་ནོར་ལྷ་ལ་མ་ཡིན། །ཆོས་ཀྱི་རྩེ་མོ་རྒྱལ་པོ་སྟེ། །ཆོས་

རྩ་དགེ་སློང་བྲམ་ཟེ་ཡིན། །རྩ་བ་ལས་ནི་འབྲས་བུ་སྐྱེ། །དེ་བས་རྩ་བ་གནོད་མི་བྱ། །ཆོས་ཀྱི་འབྲས་བུ་རྒྱལ་པོ་ཡིན། །མེ་ཏོག་དགེ་སྦྱོང་བྲམ་ཟེ་ཡིན། །མེ་ཏོག་ལས་ནི་འབྲས་བུ་སྐྱེ། །དེ་ཕྱིར་མེ་ཏོག་ལ་མི་གཙོ། །རྒྱལ་པོ་ཤིང་དེ་དགེ་སྦྱོང་རྩ་བ་ཡིན། །བློན་པོ་ཡལ་ག་གྲོང་མི་
འདབ་མ་ཡིན། །རྩ་བ་བསྲུངས་ན་ཤིང་དེ་མི་ཉམས་པ། །དེ་ཕྱིར་དགེ་སྦྱོང་བྲམ་ཟེ་ལེགས་པར་བསྲུང་། །ཐམས་ཅད་གཞན་ལ་རག་ལས་གྱུར་ཀྱང་ན། །མི་ཡི་དབང་པོས་དགེ་སྦྱོང་བྲམ་ཟེ་བསྲུང་། །ཆོས་དང་ནོར་དང་གྲོགས་དང་སྙན་པ་དག །དགེ་སྦྱོང་བྲམ་ཟེ་ལེགས་པར་
བསྐྱངས་ལས་འཐོབ། །རྒྱལ་པོ་ཙ་ན་ཀ་ཡི་བློས། །བསྟན་བཅོས་ཐམས་ཅད་ལེགས་བརྟགས་ནས། །ལོངས་སྤྱོད་ལྷ་ཡིས་བསྟངས་པ་དང་། །ཁྱད་པར་ཤེས་པ་ཉིད་དུ་འགྱུར། །བློ་ལྡན་མཁས་པ་ཐར་པའི་ཕྱིར། །གང་གིས་བསྟན་བཅོས་འདི་བསླབ་ཅིང་། །བསླབས་པས་འདི་
ལ་གནས་གྱུར་ན། །དབལ་དང་དགེ་བ་ཐོབ་པར་འགྱུར། །དེ་ལ་དགྲ་ཡིས་མི་ཚུགས་ཤིང་། །ནད་ཀྱིས་འཇིགས་པ་ཡོད་མ་ཡིན། །ནང་པར་དང་ནི་དགོངས་ཀའི་ཚེ། །རྒྱལ་པོས་འདི་ནི་བཟླ་བར་བྱ། །གང་གིས་འདི་དོན་ལེགས་བསམས་ནས། །ཇི་བཞིན་རྗེས་སུ་བསྒྲུབས་
གྱུར་ན། །དེས་ནི་རྒྱལ་སྲིད་ཡུལ་འཁོར་ཡང་། །རྟག་ཏུ་འཕེལ་བ་ཉིད་དུ་འགྱུར། །དཔལ་ལྡན་བ་ལ་ཀ་ཏྱའི་བུས། །ལུགས་ཀྱི་བསྟན་བཅོས་ལས་བཏུས་པ། །ཐོས་པའི་ནོར་མེད་ས་སྟེངས་ན། །ལོང་པ་ཡིན་སྙམ་བསམས་ཏེ་བྱས། །ཙ་ན་ཀའི་རྒྱལ་པོའི་ལུགས་ཀྱི་བསྟན་
བཅོས་ལས་ལེའུ་བརྒྱད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པྲ་བྷཱ་ཀར་ཤྲཱི་མི་ཏྲ་དང་། །ཞུ་ཆེན་གྱི་ལོ་ཙཱ་པ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་གཏན་ལ་ཕབ་པ།། ༄༅༅། །རྒྱ་གར་སྐད་དུ། ནཱི་ཏི་ཤཱ་སྟྲ། བོད་སྐད་དུ། ལུགས་ཀྱི་བསྟན་བཅོས།
ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །དོན་གྱི་བསྟན་བཅོས་བྱེ་བྲག་ལས། །བསྟན་བཅོས་བདག་ལ་ཕན་པ་དང་། །མི་རྣམས་བློ་ནི་བསྐྱེད་བྱའི་ཕྱིར། །མ་སུརཀྵས་བསྡུས་ཏེ་བཤད། །འཇིག་རྟེན་དག་ནི་དགའ་བ་བསྐྱེད་པ་དང་། །སྤྱོད་པ་ངན་པ་རྣམས་ནི་སྤང་ཕྱིར་དང་། །ཤེས་

རབ་བསླབ་ཅིང་ཡང་དག་དོན་སྒྲུབ་ཕྱིར། །བློ་སྐྱེད་ཕྱིར་ནི་ཚིགས་བཅད་ཚུལ་འདི་བརྗོད། །དངོས་པོ་ཀུན་ལ་མཁས་ཤིང་གོམས་པར་བྱ། །ཆོས་སྤྱད་གཞན་གྱི་མངོན་སུམ་བསྲུང་བར་བྱ། །ཁྲོ་བ་སྤང་ཞིང་མཁས་པ་བསྟེན་པར་བྱ། །བདེན་པར་སྨྲ་ཞིང་སྒྲ་
ཉམས་བརྗོད་མི་བྱ། །བྲམ་ཟེ་བཀུར་ཞིང་ངན་ལའང་བརྙས་མི་བྱ། །རྒྱལ་པོས་འཇིགས་ཤིང་སྤྱོད་པ་སྤ་བར་བྱ། །དགྲ་བོས་ཤེས་བྱ་མི་རྣམས་བརྙས་མི་བྱ། །དྲེགས་པ་སྤང་ཞིང་སྨད་དངོས་བསྟེན་མི་བྱ། །ཕན་པའི་ཟས་བསྟེན་གྲོགས་པོ་མཉེས་པར་བྱ། །མེ་ལ་མི་འགོམ་གཡུལ་
ལ་བལྟ་མི་བྱ། །སྙན་ངག་མཉན་བྱ་སྲོག་ཆགས་གནོད་མི་བྱ། །བྱ་མིན་མི་བྱ་ཁྲོན་པ་བགོམ་མི་བྱ། །རིག་པ་བླང་ཞིང་སྦྲུལ་དང་རྩེ་མི་བྱ། །ཅི་ནུས་སྦྱིན་ཞིང་དམན་ལ་བསླང་མི་བྱ། །བདག་ལ་མི་བསྟོད་གཞན་ལ་སྨད་མི་བྱ། །དེ་ཉིད་ཤེས་བྱ་མཚན་མོ་རྒྱུ་མི་བྱ། །ཞགས་
པ་དང་བྲལ་གླང་པོའི་རྗེས་མི་འགྲོ། ལྷམ་མེད་མི་འགྲོ་གྲོགས་མེད་ལམ་མི་འགྲོ། །སྨྱོ་བྱེད་བློ་ངན་རིང་དུ་སྤང་བར་བྱ། །ཆུང་མ་མ་རུངས་སྤང་ཞིང་ཡིད་འོང་བསྟེན། །མ་འདྲིས་པ་དང་ནམ་ཡང་མཐུན་མི་འཇུག །རྒྱལ་པོའི་བྲན་མོ་འདོད་སྤང་མའི་ངག་ཉན། །གང་དང་ལྷན་ཅིག་ཞེ་འགྲས་
ཡོང་མི་བྱ། །བེའུ་གཞོན་པ་རིང་དུ་སྤང་བར་བྱ། །བུད་མེད་རྣམས་ལ་ནམ་ཡང་ཡིད་མི་བརྟན། །ཆུ་བོ་རྒལ་དཀའ་རྒྱ་ཆེར་འཇུག་མི་བྱ། །ཆང་འཐུངས་ར་རོ་ཤིང་མཐོང་འཛེག་མི་བྱ། །དོན་རྣམས་བསྒྲུབ་ཅིང་ཆོས་དང་ནོར་མི་སྤང་། །གང་དུ་བསྲུང་བ་མེད་པའི་ཡུལ་དུ་ཡང་། །
ཀུན་གྱི་གསང་ཚིག་ནམ་ཡང་མི་སྨྲ་སྟེ། །ཀུན་ལ་ཡིད་བརྟན་མི་བྱ་ལེགས་པར་བརྟག །ཁར་རྗེར་མི་གཏད་སྐྱེས་བུའི་རྩོལ་ལ་འབད། །གསང་བོར་སྨྲ་ཞིང་འབྲེལ་མེད་ཚིག་མི་བརྗོད། །གློ་བུར་ལྕག་མདུན་དུས་སུ་ལེགས་འོངས་བརྗོད། །མི་དང་ལྷ་དང་བྲམ་ཟེ་རྣམས་ལ་མཆོད། །
བསོད་ནམས་ཡུལ་ནི་རྟག་ཏུ་བསྟེན་པར་བྱ། །རྟག་ཏུ་ཁྲུས་དང་གོས་དཀར་གྱོན་ལ་འགྲུས། །ཧ་ཅང་བུད་མེད་ཆགས་མིན་ཞུ་ནས་ཟ། །ཤེས་ལྡན་གང་ཞིག་དེ་ལྟར་བྱེད་པ་ནི། །འཚོ་བ་ནད་མེད་ཚེ་རིང་ཤེས་པར་བྱ། །ས་སུརཀྵས་བྱས་པའི་ལུགས་ཀྱི་བསྟན་བཅོས་

ལས་ལེའུ་དང་པོའོ།། །།བདག་གིས་གསང་དང་གཞན་གྱིས་གསང་། །བུ་གཅིག་གཅེས་བཞིན་བསྲུང་བྱ་སྟེ། །ས་བཞིན་ཀུན་ལ་སྙོམས་བྱས་ནས། །མི་རྣམས་དགའ་བས་རབ་ཏུ་དགའ། །གནད་ཀྱི་ཚིག་རྣམས་མི་བརྗོད་ཅིང་། །གནད་དུ་ཕོག་འགྱུར་
མི་བསྒྲགས་ཏེ། །གཞན་གྱི་གནད་རྣམས་སྨྲ་བ་ནི། །སྐྱེས་བུས་མཚོན་ཆ་བཞིན་ཞེས་བྱ། །སྙིང་ལ་ཚམ་ཚོམ་མེད་བྱས་ཏེ། །བུ་རམ་ཆུ་བཞིན་ཁ་ནས་བརྗོད། །ཞེ་འགྲས་ཡིད་ཆེས་བྱས་ནས་ནི། །དེ་ནས་ངག་གམ་མཚོན་གྱིས་གཞོམ། །དགྲ་རྣམས་སྙན་པ་བརྗོད་
ཀྱང་ནི། །བློ་ལྡན་བཏང་སྙོམས་མི་བྱའོ། །དེ་ཉིད་མཐར་ནི་གནོད་བྱེད་དེ། །ཇི་ལྟར་དུག་གནོད་མི་བཟད་བཞིན། །རང་སྟོབས་ཆུ་བོ་མི་བརྟན་ཏེ། །ཆུ་བོའི་རྒྱ་ཁྱོན་ཡོངས་བརྟགས་ནས། །དེ་བཞིན་དུས་སུ་བརྒལ་བྱ་སྟེ། །རང་དོན་དེ་བཞིན་རྗེས་སུ་བསམ། །ཇི་སྲིད་
འཇིགས་པ་མ་བྱུང་བ། །དེ་སྲིད་བར་དུ་འཇིགས་པར་བྱ། །འཇིགས་པ་མངོན་སུམ་བྱུང་ན་ནི། །འཇིགས་པ་བཏང་སྟེ་བརྡེག་པར་བྱ། །དོན་ནི་ཆུ་སྐྱར་བཞིན་དུ་བསམ། །ཕ་རོལ་གནོན་པ་སེང་གེ་བཞིན། །བྱི་བའི་དྲི་ཆོར་བྱི་ལ་ལྟར། །ཤེས་ནས་ཤིན་ཏུ་བརྟུལ་
བར་བྱ། །སེང་གེའི་གཅིག་དང་ཆུ་སྐྱར་གཅིག །བྱ་གག་གི་ནི་བསླབ་པ་བཞི། །བྱ་རོག་ལྔ་དང་ཁྱི་ཡི་དྲུག །བོང་བུའི་བསླབ་པ་གསུམ་རྣམས་སོ། །བྱ་བ་མང་ཉུང་གང་ཡང་རུང་། །སྐྱེས་བུ་གང་ཞིག་བྱེད་འདོད་པ། །རྟོག་མེད་བྱ་བ་ཀུན་བསལ་ཏེ། །སེང་གེའི་
གཅིག་ཅེས་གྲགས་པ་ཡིན། །དབང་པོ་རྣམས་ནི་རབ་བསྡམས་ཤིང་། །ཡུལ་དང་དུས་ལ་ཅི་རིགས་པར། །བྱ་བ་རྣམས་ནི་བརྟག་དཔྱོད་དེ། །སྐྱེས་བུ་མཛངས་པ་ཆུ་སྐྱར་བཞིན། །ཐོ་རངས་ལྡང་དང་འཐབ་པ་དང་། །གཉེན་ལ་ཁ་ཟས་སྙོམས་པར་འགྱེད། །མོ་ལ་རབ་གནོན་
ཉེ་བར་སྤྱོད། །ཁྱིམ་བྱའི་བསླབ་པ་བཞི་ཡིན་ནོ། །མི་མངོན་འཁྲིག་དང་རྔོམ་པ་དང་། །དུས་སུ་གནས་ནི་འཆའ་བ་དང་། །བག་ཡོད་པ་དང་ཡིད་མི་ཆེས། །འདི་ནི་བྱ་རོག་བསླབ་པ་ལྔ། །མང་དུ་ཟ་དང་ཅུང་ཟད་ཆོག །ལེགས་པར་གཉིད་ལོག་མྱུར་དུ་སད། །དཔའ་

ལ་སྙིང་ཉེ་བརྟན་པ་སྟེ། །ཁྱི་ཡི་སྤྱོད་པ་དྲུག་ཡིན་ནོ། །ཁལ་གྱིས་བཀལ་ན་འདེགས་པ་དང་། །གྲང་དང་ཚ་བས་མི་སྐྱོ་དང་། །རྟག་ཏུ་ཆོག་ནི་ཤེས་པ་སྟེ། །བོང་བུའི་སྤྱོད་པ་གསུམ་ཡིན་ནོ། །དེ་ལྟར་ཉི་ཤུ་ཤེས་བྱ་སྟེ། །སྐྱེས་བུ་གང་ཞིག་སྤྱོད་
འགྱུར་པ། །འདི་ནི་དགྲ་ལས་རྒྱལ་འགྱུར་ཏེ། །དགྲ་རྣམས་ཀུན་གྱིས་ཚུགས་མི་འགྱུར། །མ་སུརཀྵས་བྱས་པའི་ལུགས་ཀྱི་བསྟན་བཅོས་ལས་ལེའུ་གཉིས་པའོ།། །།ཇི་སྲིད་དུས་ལ་མ་བབ་པར། །དགྲ་ནི་ཕྲག་གོང་བཀུར་བྱ་སྟེ། །དེ་བཞིན་དུས་སུ་ཕྱིན་
གྱུར་ན། །རྡོ་ལ་རྫ་མ་བསྣུན་བཞིན་གཞོམ། །དམན་ཞིང་སྙིང་རྗེའི་སྐད་བརྗོད་ཀྱང་། །དགྲ་ནི་གཏང་བར་མི་བྱའོ། །དེ་ལ་སྙིང་རྗེ་མི་བྱ་ཞིང་། སྔོན་ཆད་གནོད་པ་བྱེད་པ་གཞོམ། །བུ་ལོན་མེ་ཡི་ལྷག་མ་དང་། །དེ་བཞིན་དགྲ་ཡི་ལྷག་མ་ནི། །ཡང་དང་ཡང་དུ་འཕེལ་
འགྱུར་བས། །དེ་བས་ལྷག་མ་གཞག་མི་བྱ། །བྱས་ལ་ལན་དུ་ཕན་བྱ་སྟེ། །འཆི་བ་བྱེད་ལ་སླར་ཡང་གཙོ། །དེ་ལ་ཉེས་པར་མི་ལྟ་ཞིང་། །མ་རུ་དུས་བྱེད་ལ་མ་རུངས་བྱ། །ཕོངས་བའི་དོན་དུ་ནོར་རྣམས་བསྲུང་། །ནོར་བས་ཆུང་མ་བསྲུང་བར་བྱ། །ནོར་དང་ཆུང་མ་
གཉིས་པས་ཀྱང་། །ཐམས་ཅད་དོན་དུ་བདག་བསྲུང་ངོ་། །ལྐོག་ན་འཕྱ་བ་བྱམས་བྱེད་ཅིང་། །མངོན་སུམ་སྙན་པར་སྨྲ་བྱེད་པ། དེ་འདྲའི་གྲོགས་པོ་སྤང་བྱ་སྟེ། །བུམ་ཁའི་འོ་མའི་དུག་བཞིན་ནོ། །བརྐམ་ཆགས་སྦྱིན་པ་མི་སྟེར་དང་། །ཁེངས་པ་ཐལ་མོ་མི་
སྦྱོར་དང་། །དེ་འདྲའི་གླེན་པའི་རྗེས་མཐུན་པར། །ཇི་ལྟ་དེ་ལྟར་ཐབས་ལ་མཁས། །དགྲ་ལ་ཐལ་སྦྱར་ཡིད་ཆེས་དང་། །སྤྱི་བོས་གཏུགས་ཏེ་གུས་བྱ་ཞིང་། །གདུང་གྱུར་མཆི་མ་འཛག་སོགས་བྱ། །འབྱོར་བར་འདོད་པས་དེ་ལྟར་སྤྱད། །དགྲ་བོ་སྟོབས་
ལྡན་རྗེས་མཐུན་བྱ།
Luận tạng Tây Tạng (Tengyur) — Tập 203 | Tra cứu Kinh điển | Tàng Kinh Việt