Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 203

Văn bản gốc(Tây Tạng)

Trang 7 / 18 (50.000 ký tự/trang)
པར་འགྱུར་རོ། །པཎྜི་ཏ་ཛ་ཡ་ཨཱན་ནྡ་དང་ལོ་ཙཱ་བ་ཤེས་རབ་ཪིན་ཆེན་གྱིས་འགྱུར་རྫོགས་སོ།། །།
༄༅༅། །རྒྱ་གར་སྐད་དུ། ཙུཌ་མ་ཎི་ནཱ་མ། བོད་སྐད་དུ། གཙུག་གི་ནོར་བུ་ཞེས་བྱ་བ། །ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །ཀཻ་ལཱ་ས་རིའི་གནས་མཆོག་ཏུ། །བསྟན་བཅོས་དབྱངས་འཆར་ཞེས་བྱ་བ། །གཡུལ་ལས་རྣམ་པར་རྒྱལ་བ་བཤད་དེ། །དེའི་དོན་ཤིན་ཏུ་གསལ་བར་འདིར་བཤད་དེ། །ལ་ལ་
ནི་གཞུང་ཉིད་ཀྱིས་དཀྲུགས་ཤིང་། །རིགས་ལ་སོགས་པ་ཤིན་ཏུ་བསྡུས་ས་མགོ་ཡིད་རྟོགས་པ་དང་། དུམ་བུ་དྲུག་ལ་སོགས་པའི་དུས་སྦྱོར་རྣམས་དབྱངས་འཆར་བའི་རྩིས་དེ་ལྟ་བུ་ཡིན་པས། དེ་དག་ལག་ལེན་དུ་དྲིལ་ཏེ་བཤད་པ་དང་། མན་ངག་སྙིང་གཏམ་དུ་བཤད་པ་དང་། །སྙན་དངགས་དང་སྡེབ་སྦྱོར་
སྤངས་ཏེ་དོན་ཁོལ་བུར་ཕྱུང་བ་དང་། བུ་རྣམས་ལ་ཡང་སྟེ་བཀག་པ་ནི་འདིའོ། །བཅོམ་ལྡན་འདས་ཞེས་པ་ནས་བཤད་དུ་གསོལ་ཞེས་པའི་བར་དུ་བསྟོད་ཅིང་ཞུས་པའོ། །ལམ་ལྔ་ཞེས་བ་ནས་ཀླུ་རྣམས་འཆར་བ་ཞེས་པ་ནི་ལྷ་མོས་འཁོར་ལོ་རྣམས་སྡོམ་དུ་ཞུས་པའོ། །སྔོན་ཚེ་ཞེས་པ་ནས་མི་དགོས་ཞེས་པ་ཡན་
ཆད་ནི། །རྒྱུད་འདིའི་བྱུང་ཚུལ་དང་། །གྲགས་ཕྱོགས་དང་། ཉན་པར་རྣ་གཏད་བསྐུལ་བ་དང་། །རྒྱུད་རྣམས་ཀྱི་རྩ་བར་གདམས་པ་དང་། ལྟ་བརྟོགས་པ་ལ་ནི་དགོས་པར་བཤད་པའོ། །ལུས་གནས་ཞེས་པ་ནས་ལྟས་ཀྱི་མི་དགེ་བཤད་ཅེས་པ་ཡན་ཆད་ནི། །རླུང་དང་ལྟས་ཀྱི་རིམ་པ་སྟེ་གོ་བླའོ། །ཚེས་ཞེས་པ་
ནས་ཐ་མལ་ཞེས་པ་ཡན་ཆད་ནི། །ཞག་གཅིག་ལ་དབུགས་ཉི་ཁྲི་ཆིག་སྟོང་དྲུག་སྟེ་དྲུག་བརྒྱ་རྒྱུ་ཞིང་། ཆུ་སྲང་དང་དབྱུ་གུའང་དེས་ཤེས་སོ། །དབུགས་ཀྱི་གྲངས་ནི་ཞག་གཅིག །ཆུ་སྲང་ནི་ཟླ་བ་གཅིག །དབྱུ་གུ་ནི་ལོ་གཅིག་སྟེ། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་གྲངས་ལ། །བཅུ་གཉིས་ཀྱིས་བགོས་པས།
ནོར་འདི་དུས་སྦྱོར་ཀྱི་ཕུང་པོར་འགྱུར་རོ། །བརྒྱད་ཀྱིས་བགོས་པས་ནོར་ནི་ཐུན་དུ་འོང་ཞིང་། །རྒྱལ་མཚན་ལ་སོགས་པ་ཡང་འཆར་རོ། །དེ་དག་ལ་ལམ་ལྔ་ཡོད་དེ། ས་དང་། །ཆུ་དང་། མེ་དང་། ནམ་མཁའོ། །དེ་དག་ཀྱང་སྣམ་བུག་གི་གཡས་གཡོན། སྟོང་འོག །དབུས་རྣམས་ལ་

རིམ་པ་བཞིན་རྒྱུའོ། །ས་ལ་སོགས་པ་འབྱུང་བ་རེ་རེ་ལ་སུམ་བརྒྱ་བཞི་བཅུ་ཞེ་དགུའི་དབྱུག་གི་དབུགས་རྒྱུའོ། །སྣ་བུག་གཡས་རྒྱུ་ཉི་མ་གཡོན་རྒྱུ་ཟླ་བ། གཉིས་ཀ་རྒྱུ་བ་སྒྲ་གཅན། གཡོས་ལྷོ་གཡོན་བྱང་། ཁྱིམ་འཕྲིན་ལས་རིང་ཐུང་རྣམས་གཞུང་ཉིད་ལ་གསལ་ལོ། །མིག་དམར་
མེ། སྤེན་པ་ཆུ། ཉི་མས། སྒྲ་གཅན། ལག་པ་ནམ་མཁའ། གཞན་རྣམས་ནི་སྒྲ་གཅན་ནམ་མཁར་བཞེད་དོ། གཡས་པའི་འབྱུང་བ་དག་གཞུང་ན་གསལ་ལོ། །དེ་དག་གི་ལམ་ལྔའི་རིམ་པའོ། །སུམ་ཅུ་གཉིས་ཀྱི་མིང་ཡིག་ཤར་བ་དེ་བྱིས་པ། དེ་ནས་བགྲངས་པའི་གཉིས་པའི་གཉིས་པ་གཞིན། གསུམ་
པ་ལང་ཚོ། །བཞི་བ་རྒན། །དགའ་བ་རིམ་བཞིན་དེས་གོ་ཞིང་། ཞིབ་པར་གཞུང་ལས་ཤེས་སོ། །ལེའུ་དང་པོའོ།། །།གཙོ་བོར་དུས་སྦྱོར་སྟོན་པས། དེ་ཡང་ལོ་འདི་དུས་སྦྱོར་སྟོན་པས་ཡིན་ཞིང་། འབྲས་བུས་ཞག་གཅིག་གི་དུམ་བུ་ལ་འབྱུང་བས། དེའི་རྩིས་རླུང་གྲངས་ལ་ལྟ་སྟེ།
ཞག་གཅིག་རྩིས་པ་ནས། ཁྱིམ་བདག་ཡན་ཆད་ནི། དུས་བཅུ་གཉིས་ཀྱི་འཁོར་ལོ་རྣམས་ཀྱི་དང་པོ་སྟེ་རྩ་བ་ཡིན་ནོ། །ཁྱིམ་དབང་བ་ཡང་འདིས་ཤེས་སོ། །དུས་སྦྱོར་ཀྱི་འཁོར་ལོ། འོག་མ་རྣམས་འདིའི་སྟེང་ནས་ལྟ་བ་ཡིན་ནོ། ཆུ་བདག་ངན་ཞེས་པ་ཡན་ཆད་ནི། དུས་སྦྱོར་གྱི་ནུས་པ་ཆེ་ཆུང་
ཕྱོགས་ཀྱི་སྟོབས་ཀྱི་ཙ་ཀྲའོ། ཟླ་བ་བཅུ་གཉིས་ཀྱི་ཉིན་མཚན་གྱི་དབྱུ་གུ་གོ་སླའོ། །ཉིན་མོ་དུ་དབང་བའི་ཆུ་ཚོད་ལ་བརྒྱལ་ཀྱིས་བགོས་པས་ནོར་གྱི་ཐུན་ཕྱེད་དོ། །མཚན་མོ་ཡང་ནོར་ལྷས་བགོས་པས་ཐུན་ཕྱེད་ཅེས་ཏེ། འདི་ནི་མཚོན་ཆ་དར་ཅན་ལྟ་བུ་སྒྲ་གཅན་ལག་ལ་ཆེ། ཆུ་སྲང་ནི་བློས་སྦྱོང་
སྐར་མ་གཉིས་དང་། དབྱུ་གུ་བཅོ་ལྔས་ཁྱིམ་གཅིག་རྫོགས། དེས་གཞན་རྣམས་ཤེས་སོ། །གཞན་ཡང་ཞེས་པ་ནི་ཡན་ལག་ལྔ་རྩིས་ཀྱི་ཉིན་སྐར་དག་པ་ལ་ཟེར་རོ། །འདི་ཕྱོགས་ནི་ཟླ་བ་ལ་དབང་བའི་ཁྱིམ་བཅུ་གཉིས་ཀྱི་ཉི་མའི་འཕོ་བའོ། །ལུག་ལ་སོགས་པར་འཕོས་པའི་འདས་པའི་
ཞག་དུ་ལོན་གནས་གཉིས་སུ་བྱ་སྟེ། ཉི་མ་ཞག་རེ་ཞིང་ཆུ་ཚོད་བགོ་ཞིང་ཆུ་སྲང་ཉི་ཤུ་རྩ་ལྔ་ཟ་བས་སྟེང་བཞི་འོག་ཉི་ཤུ་རྩ་ལྔས་བསྒྱུར་རོ། །དྲག་ཅུས་བགོས་ལྷག་དབྱེ། ནོར་སྟེང་དུ་གཞུག །ཕྱེད་ལྷག་ན་གཅིག་སྦྱིན་ནོ། །སྟེང་དུ་དྲུག་ཅུས་བགོ་བར་བྱ་ཞིང་། ནོར་གྱིས་ཆུ་སྲིན་ལ་སོགས་བྱང་བགྲོད་

དྲུག་ཡང་བྲི། ཀ་ར་ཀ་སོགས་ལྷོ་བགྲོད་དྲུག་ལ་བསྣན་པས་འཕོ་བའི་ཆུ་ཚོད་དག་པར་འགྱུར། ཆུ་ཚོད་དུ་འདས་ལྟ་བ་དེ། །རྒྱ་མཚོ་ཆུ་དང་ཟླ་བ་ལ། །ལུག་དང་སྲང་ལ་དྲུག་སྦྱིན་བྱ། །གླང་དང་བུ་མོ་རང་སར་གཞག །འཁྲིག་པ་སེང་གེ་བརྒྱད་དོར་བྱ། །ཀ་ར་ཀ་གཉིས་ལ་བཅོ་བརྒྱད་དབྲི། །སྡིག་ཉ་གཉིས་
ལ་བཅུ་སྦྱིན་ཞིང་། །གཞུ་དང་ཆུ་སྲིན་བུམ་པ་ནི། །གསུམ་ལ་ཉི་མ་བྱིན་པ་ལ། །ལུག་དང་སྲང་ལ་དྲུག་སྦྱིན་བྱ། ཆ་བདུན་གྲིབ་མར་བཅས་པས་བགོས་པས་ཐོབ་པའི་ནོར་ནི་སྔ་དྲོ་ཆུ་ཚོད་འདས་པ་ཡིན། ཕྱི་དྲོ་ལུས་པ་ཉིད་དུ་འགྱུར་རོ། །འདི་དུས་སྦྱོར་བཅུ་གཉིས་ལ་སོགས་ལ་ངོས་འཛིན་ན། དེའི་དུས་
ཀྱི་ཆུ་ཚོད་ནི་འོངས་པ་དྲུག་ཅུས་བསྒྱུར་བར་བྱ། དེས་ནི་དབྱུ་གུ་ཡང་ཆུ་སྲང་གི་ཕུང་པོར་འགྱུར་རོ། །དེ་ལ་ལུག་ལ་ཉིས་བརྒྱ་ལྟ་བུ་ཁྱིམ་རང་རང་གིས་བགོའོ། །ལུག་སོགས་དྲུག་ལ་ཡས་ཀྱིས་དབྲི་ཞིང་། སྲང་སོགས་དྲུག་ལ་མས་ཀྱིས་དབྲིའོ། །མ་ལྡང་བ་དེ་ཏ་ཏྐལ་ཡིན་ནོ། །དེ་ནི་ཉིན་ཞག་
གཅིག་གི་བཅུ་གཉིས་ཆའོ། །འཕེལ་བ་དེ་ལས་གནས་ལྔ་བྱེད་ན། ལྷག་སུམ་ཅུས་བསྒྱུར་བ་ལ་ཁྱིམ་ཆུ་སྲང་གིས་བགོས་པས། ནོར་ནི་ཆ་ཤས་ཡིན་བས་ཏཏྐལ་འོག་ཏུ་བྲིའོ། །ལྷག་དྲུག་ཅུས་བསྒྱུར་ཞིང་། །ཐོབ་པ་དབྱུ་གུ་ཡིན་ཞིང་། དེའི་ལྷག་དྲུག་ཅུས་བསྒྱུར་བས་ཐོབ་པ་ཆུ་སྲང་ཡིན། དེའི་ལྷག་དྲུག་
གིས་བསྒྱུར་བས་ཐོབ་པ་དབུགས་ཡིན་ནོ། །གནས་ལྔ་ཞེས་ནི་དེ་ལ་ཟེར། དུས་དྲུག་དག་གམ་ལྟ་བ་དང་། །དུམ་བུ་དྲུག་གི་དོན་དུ་ཡང་། །ཏདྐཱ་ལ་ཆུ་སྲང་སུམ་ཅུས་བསྒྱུར། །དེ་ལ་འོག་གི་ཅ་ཤས་གཞུག །དེ་འང་དྲུག་ཅུས་བསྒྱུར་ཞིང་ཆུ་ཚོད་གཞུག །སྟོང་དང་བརྒྱད་བརྒྱས་དེ་ལ་བགོ་བར་བྱ། །ནོར་ནི་
དུས་སྦྱོར་གཅིག་གི་རང་བཞིན་ཏེ། །གོང་གི་དེ་དང་མཉམ་ན་དག་པ་ཡིན། །དག་པར་མ་གྱུར་མཉམ་པའང་མིན་ནོ། །ཆ་ཤས་དྲུག་ཅུས་བསྒྱུར་ཆུ་ཚོད་སྟེང་དུ་གཞུག །དེ་ནི་དུམ་བུ་ལྔའི་དགོད་བྱ་ཡིན་ནོ། །དེ་ལ་དགུ་བརྒྱས་བགོས་ནོར་དུས་སྦྱོར་ཕྱེད་པའོ། །དྲུག་བརྒྱས་བགོས་ནོར་སུམ་ཆ་ཡིན། །
ཉིས་བརྒྱས་བགོས་ནོར་དགུ་ཆ་ཡིན། བརྒྱ་དང་བཅུ་ཡིས་བགོས་ནོར་ནི། །བཅུ་གཉིས་ཆ་རུ་འགྱུར་བ་ལགས། །དྲུག་ཅུས་བགོས་བའི་ནོར་ནི་སུམ་ཅུའོ། །དེ་ལྟར་དུམ་བུ་དྲུག་སྟེ་འདི་རྣམས་ཐམས་ཅད་ལ་ཕྱེད་པས་ལྷག་ལ་རེ་རེ་སྟེང་དུ་སྦྱིན་པར་བྱའོ། །འདི་རྣམས་རྒྱུད་ཀྱི་བཅུད་ལྟ་བུ་ཡིན་ཞིང་།

འོ་མའི་བཅུད་མར་ལྟ་བུའོ། །དུམ་དྲུག་གིས་ནི་གསལ་བའི་མིག་དང་འདྲ་སྟེ་ཐམས་ཅད་མཐོང་ངོ་། །དམག་དང་། རྐུན་མ། རྫས། བྱེད་ལས། བཟང་ངན། ཆགས་ཀ་ཐམས་ཅད་ལ་གནོད་དྲུག་རིམ་གྱིས་རྫས་དང་འདྲའོ། །དུས་འདི་རྩིས་རྣམས་ཀྱི་གཞི་
མ་ཡིན་པས་སྦྱིན་པར་བྱའོ། །ཁྱིམ་བདག་གལ་ཆེ་འདི་བཞིན་རྩིས་ཏེ། ལུག་དང་སྡིག་པའི་མིག་དམར་ཡིན་ནོ། །གླང་དང་སྲད་ནི་པ་བ་སངས་ཡིན་ནོ། །འཁྲིག་པ་བུ་མོ་ལྷག་པའི་ཞིང་ཡིན་ནོ། །ཀ་ར་ཀཊ་ཟླ་བའི་ཁྱིམ་ཡིན་པས། སེང་གེ་ཉི་མའི་ཞིང་ཡིན། གཞུ་དང་ཉི་ཕུར་བུའི་
ཞིང་ཡིན། ཆུ་སྲིན་བུམ་པ་སྤེན་པའི་ཞིང་ལགས་པས་བདག་པོ་རྣམས་ཀྱི་འབྲས་བུ་བཞིན་བརྩིའོ། །བརྟན་གཡོ། ཞི་དྲག །ཕོ། མོ། སྡིག །བསོད། མཉམ། མི་མཉམ་རྣམས་ཞིག་པར་རྒྱུད་ཉིད་ཕག་གསལ་ཞིང་། ཏཏྐལ་ནས་བགྲངས་བའི་བདུན་པ་ན་མཐོང་བ་ཡོད་པའོ། །རྐང་བ་ཞེས་
པ་ནི་ཞིབ་རྩིས་སོ། །སྟོབས་ནི་གོ་སླའོ། །དགྲ་གྲོགས་ནི་གལ་ཆེ་བས་རྒྱུད་ཉིད་ཇི་བཞིན་པར་བལྟའོ། །ཏདྐཱ་ལན་མིག་དམར་ཡོད་ཅིང་། བདུན་པ་ན་ཕུར་བུ་ཡོང་ན་གཟའ་གཉིས་ཀའི་འབྲས་བུ་འབྲས་བུ་འབྱུང་ངོ་། །དེས་གཞན་ཡང་འགྲེའོ། །ཁམས་ནི་ཟླ་བ་ཕུར་བུ་ཡིན་ཞིང་། པ་སངས་མིག་
དམར་རྣམས་རྩ་བ་ཡིན་ནོ། །རྩ་བ་ན་ཤིང་དང་། གོས་དང་། རས་དང་། དར་ལ་སོགས་པ་རྫས་རྩ་བའི་རིགས་སོ། །ལྷག་པ་སྲོག་ཆགས་རིགས་ཡིན་ནོ། །ཉི་མ་སྤེན་པ་ནི་ལྷ་དང་རྐང་མ་ངས་ཀྱི་རིགས་ཡིན་ནོ། །འདི་རྣམས་རྒྱུད་ཉིད་ལ་འཁོར་ཡང་བདག་པོ་གཟའ་ནད་ཡིན་པས་འབྲས་བུ་འབྱུང་
པ་ལ་སོགས་པ་མེད་དོ། །ལེའུ་གཉིས་པའོ།། །།བསམ་པ་ཞེས་པ་ནས་དོན་གསལ་ཚིག་པ་ཡན་ཆད་ནི་ཞུ་བ་པོའི་མཚན་ཉིད་ནི་གལ་ཆེའོ། སློབ་དཔོན་གྱི་མཚན་ཉིད་གོ་སླའོ། །འདྲི་བའི་དུས་སུ་ཟུར་གསུམ་དང་། གྲུ་བཞིར་ཞི་བའི་གཟའ་ཤར་ཞིང་། གཞན་རྣམས་སུ་སྡིག་གཟའ་
ཤར་ན། འདྲི་བྱེད་ཀྱི་དོན་འགྲུབ་སྟེ། ཨུ་བ་ཙ་ཡ་འདི་ཁྱད་པར་དུ་དོན་གཉེར་བ་རིང་ཐུང་ལ་ཤིས་སོ། །ཏཏྐཱ་ལ་ཞེས་པ་ནས། ཞིབ་ཏུ་བརྟག་ཡན་ཆད་ནི། དུས་སྦྱོར་དུམ་བུ་དྲུག་གི་བཟང་ངན། རིགས། རྙེད། མི་རྙེད། རྐུན་མ་ངོས་འཛིན། མ་བརྗོད་ལྐོག་གྱུར་གྱི་རྩིས་ཕྱི་ནང་རྒྱལ་ཕམ། འདུམ།

མི་འདུམ། ཚེ་རིང་ཐུང་། འོང་མི་འོང་། སྦེད་བའི་ས། ཁ་དོག །རྨི་ལམ་རྣམས་བཤད་པས། རྒྱུད་ཉིད་ལས་ཤིན་ཏུ་ཞིབ་པར་གསུངས་ཏེ། བློས་ཞིབ་པར་བརྟག་གོ །སྨྲ་ཤེས་པ་ཡན་ཆད་ཟས་དཀོན་མོད་ཀྱི་རྩིས་སོ། །རྐུན་མ་ངོས་འཛིན་ལོ་གྲངས་ཀྱིས་ངོས་འཛིན་པ་ནི་གོ་སླའོ། །བུ་མོ་སྐྱེ་བ་ལ་
སོགས་པ་གཞུང་ཉིད་ན་ཞིབ་ཅིང་མ་འགྲིག་པས་ཁོ་བོས་རྒྱས་པར་བཤད་དོ། །ལེའུ་གསུམ་པའོ།། །།རྐང་པ་བརྒྱ་བའི་འཁོར་ལོ་འདིས། གཤིན་རྗེ་ལྟོ་བའི་ཙ་ཀྲ་འདི་དག་བྱེད་པ་ཡིན་ནོ། །གལ་ཆེ་བ་ཐམས་ཅད་དུ་མིང་གི་སྐར་མ་ཤེས་ཤིང་མཐོང་བ་ནི་སྒྲ་གཅན་གྱི་རྐང་པ་དགུ་དང་ཉི་མའི་
ཉི་མ་དང་། མིག་དམར་གྱི་མེ་དང་། ཕུར་བུའི་དྲུག་དང་། སྤེན་པའི་ནོར་རྣམས་དང་། །ལྷག་གི་བདུན་དང་། པ་བ་སངས་ཀྱི་ལྔ་པ་རྣམས་མཐོང་ངོ་། །ཟླ་བས་གཡོན་དུ་བསྐོར་བའི་ཉི་ཤུ་གཉིས་མཐོང་ངོ་། །འཁྱུད་པས་ལུས་ལ་ལན་ཚ་སྣ་ཚོགས་པ་འབྱུང་ཞིང་། སྟོབས་བཞིས་འཇིགས་ཞེས་པ་ནི་
འདི་ཁོ་ནས་ཡིན་པས་མིང་སྤོ། གོས་བསྒྱུར་ཡུལ་ནས་འབྲོས་པ་ལ་སོགས་བྱའོ། སོལ་བ་ནི་དྲང་སྲོང་གི་ནད་དང་། །དུག་རོ་རྙིང་པ་དང་། མཛེ་ནད་དང་། གཅོང་ནད་ཀྱིས་ཟིན་ཞིང་། སྲོག་དང་བྲལ་བ་ལ་ཉེའོ། །དུ་བས་ནི་བློའི་སྡུག་བསྔལ་བ་དང་། གཏམ་ངན་འབྱུང་ངོ་། །སྟོང་གིས་སྣ་
ཁྲག་དང་། ཁྲག་ནད་འབྱུང་ངོ་། །འདི་དག་ཀུན་ལ་འཆི་བ་སླུའི་ལུགས་བཞིན། ལྷ་དང་རླུང་བཟུང་བ་དང་། དབང་ཕྱུག་གི་སྐྱབས་ཀྱིས་འཚོ་བར་བྱེད་དོ། །མཐོངས་ནི་གཞུང་ཉིད་ལ་གསལ་ལོ། །ཤ་ལ་ཀ་ཡིས་བག་མ་བརྩིའི། སྟོབས་བཞི་ཡིས་མི་དང་རྟ་ལ་སོགས་པའི་ཐུག་
དབྱེ་བ་བརྩིའོ། །ཉི་མ་གར་གནས་པ་ལས་དང་བྱ་བ་ཅི་བྱེད་ཀྱང་ངན་པས། ཨ་ཏ་མི་ཏ་ཡང་བརྩིའོ། །མདུང་ཆེན་ཆག་ཀྱང་བག་མ་དང་། དོན་གཉེར་བ་རྣམས་ལ་གལ་ཆེའོ། །གྲོང་དང་གྲོང་གི་བྱ་བ་ལ། ཕན་ཡོན་ཆེན་པོའི་ཙ་ཀྲ་གལ་ཆེའོ། །བ་རི་གྷའི་ཙ་ཀྲ་ནི་དགོས་པ་ཆུང་ངོ་། །
བེ་ར་མུ་བའི་ཙ་ཀྲ་ནི། ལོ་གཅིག་གི་ཆགས་ཀ་བརྟག་པ་ལ་དགོས་སོ། །ལེའུ་བཞི་པའོ།། །།སྔགས་ལ་དྲག་པའི་ཕྱིར་ཨ་བ་ཀ་ཧ་ཞེས་བྱ་བའི་ཙ་ཀྲའོ། །གླང་ཆེན་མཆེ་བའི་ཙཀྲ་འང་ཟེར་རོ། །འདི་ནི་འདིས་རྒྱལ་པོ་བྱ་བ་དང་། དམག་དཔོན་དང་། གྲལ་དཔོན་བྱ་བ་དང་། །

ལྷ་ཁང་བརྩིག་པ་དང་། ལྷ་བཞེངས་པ་དང་། རྔམས་ཆེ་བའི་ལས་ལ་མིག་གི་འབྲས་བཞིན་གལ་ཆེའི། །བེལ་སེ་གའང་འདིའི་ནང་ན་ཞིབ་བས་ལྟད་མོ་དང་སྟོན་མོ་གལ་ཆེའོ། །རུས་སྤལ་འཁོར་ལོས་ཡུལ་གྱི་བདེ་སྡུག་དང་། ལེགས་ཉེས་ཤེས་པས་ཞི་དྲག་གི་གཟའ་ལ་
བལྟའོ། དེས་པ་ཙཀྲ་ནི་རྒྱལ་པོའི་བླ་མཆོད་དང་། མི་དཔོན་གྱི་གཡོག་བྱེད་པ་དང་། །རང་ལས་ཆེ་བ་རྣམས་བརྟག་གོ །ལེའུ་ལྔ་བའོ།། །།འཁོར་ལོ་བདུན་ཀྱི་གདན་ལ་བརྟེན་ནས། རླུང་རྒྱུ་བའི་ཡུན་ནམ་རིང་ཐུང་བལྟ་སྟེ། འཆི་ལྟས་དང་། ན་ཚ་དང་། ཁ་སྨྲས་དང་། དེ་རྣམས་ཤེས་ཏེ།
རླུང་རྒྱུ་བ་ཡུན་རིང་འཆི། འབྲིང་ནན། ཡུན་ཐུང་ན་ཁ་སྨྲས་འོང་ངོ་། །ཚེ་ཚད་ནི་ལོ་བདག་དང་སྐྱེ་སྐར་དྲི་སྟེ། །བློ་ཞིབ་ན་བརྟན་ནོ། །གཟའི་ལོ་བདག་རེ་རེ་ཞིང་ཡང་དགེ་མི་དགེ་གཞུང་ཉིད་ཀྱིས་བགོའོ། །སྐྱེས་བུ་དུས་ཇི་ཙམ་ན་སྐྱེས་པའི་དུས་ཀྱི་ཉིན་སྐར་ཁ་ལ་དགོད། དེ་ནས་རྩིའོ། །འདི་ནས་སྐྱེ་
བ་བརྟག་པའི་ཆོག་སྟེ། གཞོན་པ་ཁ་བྱང་གི་རྩིའོ། །ལེའུ་དྲུག་པའོ།། །།ལམ་གྱི་འཁོར་ལོ་ལ་སྦྲུལ་གྱི་ལུས་ལ་རྩ་གསུམ་ལ་སོགས་པ་གཞུང་ཉིད་ཀྱིས་གོ་ཞིང་། དེ་དག་ལ་ཞི་དྲག་གི་གཟའ་གང་གནས་བལྟའོ། །ལམ་དུ་ཞུགས་པའི་ཉིན་ཞག་ལ་དབང་བའི་སྐར་མ་དང་། རྒྱུད་གཅིག་
པའི་རྩ་ལ་གཟའ་དང་གནས་པའི་འབྲས་བུ་འབྱུང་ངོ་། །ས་ཚིགས་ཇི་ཙམ་དུ་འབྱུང་ན། འགྲོ་སར་དཔག་ཚད་དུ་ཡོད་པ་དེ་རྩ་རྒྱུད་ལ་གནས་པའི་གཟའ་དེ་ཡིས་བསྒྱུར། འཁོར་ལོས་བགོ་ནོར་ནི་འགྲོ་ལ་མ་ཡིན། ལྷག་མ་བཞིས་བསྒྱུར། འཁོར་ལོས་ཐོབ་པ་ནི། མདའ་འཕེན་དྲུག་ཅུའམ་རྐང་པ་
གཅིག་ཡིན་ནོ། །ལྷག་མ་དྲུག་ཅུས་བསྒྱུར་ཅིང་ཐོབ་པ་ནི་མདའ་རྒྱད་གང་དུ་འགྱུར་བ་ཡིན་ནོ། །ས་ཡུལ་འདི་ནས་བརྩེས་པའི་དྲོ་ལམ་ཀྱང་ལ། མདའ་འཕེན་རྣམས་འདིའི་འབྲས་བུ་འབྱུང་ཞེས་བྱའོ། །རྒྱན་གྱི་ཙཀྲ་ནི་མིང་ཡིག་ཉེར་གཉིས་རང་གིས་བསྒྱུར་ཏེ། བརྒྱད་ཀྱིས་བགོས་ངས་ཐོབ་པའི་
ལྷག་མ་ལ་བ་ལྟའོ། རྒྱལ་མཚན་ལ་སོགས་འཆར་རོ། །འདས་པའི་དབྱུ་གུ་ལ་བརྒྱད་ཀྱིས་བགོ། དེ་ནི་རྒྱལ་མཚན་པ་འཆར་རོ། །རེ་རེ་ཞིང་གཟའ་བདུན་ཀྱི་བདག་པོ་ཡང་ཡོད་དོ། །མིང་ཡིག་མཉམ་ན་འདུམ་ཞིང་། བཟའ་མི་འང་འགྲོགས་ལུགས་ཡུན་རིང་ངོ་། །མི་མཉམ་ན་གང་མང་རྒྱལ་ལོ། །

ཡ་དང་ཟུང་གཉིས་གཉིས་ཡ་རྒྱལ་བར་བཤད་དོ། སྐྱེས་བུའི་ལུས་ལ་སྐར་མ་བཀོད་དོ། ཟླ་བ་གནས་པའི་ཐོག་ཏུ་རྨ་འོང་ངོ་། །དགུ་ཆའི་དུམ་བུ་ནི་གཞུང་ཉིད་ནས་གསལ་ལོ། །ཏྲི་ཤཱུ་ལ་ཡི་ཙ་ཀྲས་ནི་འཁྲུག་པ་འོང་མི་འོང་དང་། །མིང་སྐར་བལྟ་སྟེ་རྒྱལ་ཕམ་དང་རྩེད་མོ་དང་། བར་དང་ཡུལ་རྣམས་གོ་
སླའོ། །ཞབས་སྐུད་ཀྱི་ཙཀྲ་ནི་མང་བཀོད་དོ། །བརྟག་པའི་འཁོར་ལོའོ། །ཉིན་སྐར་ནས་མགོ་བཙུགས་ཏེ་སྐྱེས་བུའི་ལ་དགོད་དོ། །དེ་ལ་རང་གི་མིང་སྐར་གར་བབས་བལྟའོ། །དགེ་སྡིག་གཞུང་ན་གསལ་ལོ། །འདི་ནི་ཆགས་ཀ་བརྟག་པའི་འཁོར་ལོ་འང་ཟེར་རོ། །རེ་མིག་བཅུ་བཞི་བའི་འཁོར་ལོ་
འདི། སྨིག་རྒྱུ་ལྟ་བུ་ལ་ཁྱད་པར་དུ་གལ་ཆེ་སྟེ་སྟེང་རྣམས་རྒྱལ་ཞིང་། འོག་མ་རྣམས་ཕམ་མོ། །རིགས་གསུམ་གྱི་འཁོར་ལོ་ནི་ལྷན་ཅིག་སྡོད་པ་རྣམས་ལ་བརྟག་སྟེ་གཟའ་མི་དང་དཔོན་གཡོག་གཤིས་མ་ལོག་པ་གལ་ཆེའོ། །མིག་ནི་ཁ་འཕོས་སོ། །ཨ་ཀ་ལ་སོགས་པ་སྡེ་བརྒྱད་ཀྱི་ཙཀྲ་ནི། སྤྱིར་རྒྱལ་
ཕམ་ཀུན་ལ་དགོས་ཤིང་། །ཁྱད་པར་དུ་། ཤོ་དང་རྒྱན་ལེན་པ་དང་། །ཐུག་འགྱེད་པ་དང་། གླང་པོ་ཆེ་འཐབ་པ་རྣམས་ཀྱི་ལས་སོ། །འདབ་ཆགས་བརྒྱད་ནི་ལས་དང་བྱ་བ་གང་ལ་འང་དགོས་ཏེ། ཟླ་བ་ཞག་དུས་ཚོད་རྣམས་སྟོབས་ཆེ་བ་ལ་བྱའོ། །ཤར་དུ་རྒོད། ཉི་མ་འཕྲེད་ཟླ་ཐམས་ཅད་
ཚེས་གཅིག་དང་དགུ་འདི་རྣམས་ཨའི་མིང་ཅན་ཤར་དུ་སྟོབས་ཆེའོ། །ཚངས་པའི་ཙཀྲ་འདི་སྡོད་ལ་ལ་བརྟག་སྟེ། གནོད་པ་བཞིས་ནི་སྲོག་དང་བྲལ་བར་འགྱུར་ཞིང་། གསུམ་གྱིས་ནི་ཡུན་རིང་། གཉིས་ཀྱིས་ཁ་སྨྲས་འོང་། གཅིག་གིས་དོན་ཉམས། དེ་བཞིན་དུ་ཞི་གཟའ་ལ་
ཡོན་ཏན་གྲངས་མང་བ་བཞིན་ཆེའོ། །འདྲི་བའི་ཉིན་པར་སྐར་མ་གང་ལ་གནས་པ་ནས་ཁ་ལ་དགོད་ཅིང་། ཀླུའི་འཁོར་ལོས་ནད་པ་རྣམས་བརྟགས་ཏེ་བདེན་པས་བརྟག་གོ །དཔོན་གཡོག་དང་བཟའ་མི། རྗེ་འབངས། དཔོན་པོ་རྣམས་ལ་ཟམ་པ། མདའ་གཅིག་གི་སྟོང་ལ། ལས་ཚུར་
ཐུག་པ་བཞིན་ཏེ། ཤིན་ཏུ་བདེན་ཞིང་གལ་ཆེ་བས་རྩ་གསུམ་ལ་བལྟའོ། །གདུགས་ཀྱི་འཁོར་ལོས་ནི་ཕྱོགས་ཀྱི་རྒྱལ་པོ་སྟོན་ཏེ་བདེན་པ་ཉུང་ངོ་། །ཐ་སྐར་ལ་སོགས་ཞེས་པ་ནས། རིམ་བཞིན་དུ་ཞེས་པ་ཡན་ཆད་ནི། ཡུལ་དེ་ལ་སྐར་མ་དང་ཟོང་རྣམས་དགོད་པའི་ལུགས་སོ། །

སྤེན་པ་གང་ལ་གནས་པ་ནས་མི་རྙེད་ཅིང་དཀོན་པའོ། །འཕོ་བའི་རྒྱུ་སྐར་ཚེས་བསྲེས་ཏེ་ཞེས་པའང་འདི་དང་སྦྱར་རོ། །སེང་གེ་བརྟན་ནི་མིང་དང་འདྲ་སྟེ། །བདེན་པ་བཞི་བརྟན་ནོ། །མདའ་གཞུ་ནི་སྐྱེས་བུ་མདའ་འཛིན་རྣམས་ལ་དགོས་ཏེ། གཡས་གཡོན་ནི་སྟེང་འོག་གོ །རང་
གི་སྐྱེས་སྐར་དང་མིང་སྐར། སྟོང་ལ་སོང་ན་འཆི། ན། འཕམ། རྨ་འབབ་པོ། རྩེ་ལ་སོང་ན་ཐམས་ཅད་རྒྱལ་ལོ། །རལ་གྲི་ནི་གོ་སླའོ། །ཡ་ཏྲ་ན་ལྟད་མོ་སྟེ། འདི་བུམ་པ་བཞིས་བརྟག་གོ། །ཉི་མ་གནས་པའི་ཕྱོགས་ལྟད་མོ་ལ་སོགས་བྱས་ན་འཆི་ཞིང་རྨ་འབབ། རྟ་འགྱེལ། ལུག་འཆི། གླང་ཆེན་
གུམ་རྩེད་མོ་བསྡུམས་སྟོང་པར་འགྲོའོ། །ཉི་མ་དང་བྲལ་ན་དགོས་པས་རང་རྒྱུད་གང་སྟེ་བཟང་ངོ་། །བྱེས་སུ་སོང་བ་རྣམས་ལ་པདྨའི་འཁོར་ལོས་བརྟག་སྟེ། ཤིན་ཏུ་བདེན་ཞིང་གཞུང་ཉིད་ནམ་སྦས་པས་གསལ་ལོ། །བྲེའི་འཁོར་ལོ་ནི། ཐུབ་པའི་ཚོགས་རྣམས་ལ་གཞན་དུ་ཞིབ་པར་བཤད་དོ། །
ལེའུ་བདུན་པའོ།། །།བྱིས་པ་སྐྱོང་གི་རྫོང་ནི་གཞུང་ནས་ཇི་ལྟར་བཤད་པ་བཞིན། ཁྱད་པར་བསྲུངས་པ་རྣམས་ལ་གཅེས་སོ། །རྫོང་དང་། རྫོང་དག་གི་མིང་སྐར་ལ་དགྲ་མ་དར་གཅེས་སོ། །བྷི་ཏྲི་རང་གལ་ཆེའོ། །སྲིན་པོའི་རྫོང་འདིས་གཞན་འབེབས་པ་ལ་གལ་ཆེ་སྟེ། དུས་རཱ་ཧུ་ལ་རྒྱལ་
བོ་ཡིན་པས་སྟོབས་ཆེའོ། །གཟའ་གཞན་རྣམས་བློན་པོ་ཡིན་པས་གཞུང་པ་བསྟན་ཏོ། །རྩ་བའི་སྒྲ་གཅན་ལ་རྣབ་གཡས་པ་བསྟན། སྐར་མ་རྣམས་ཟས་ཀྱིས་བཅོས་ཤིང་། གཟའ་བདུན་གྱི་གོས་ཆས་སུ་ཞུགས་ཏེ། དུས་སྦྱོར་གྱི་གནས་བརྩེ་ཞིང་ཉི་མ་ལ་རྒྱབ་བསྟན། ཟླ་བ་མདུན་དུ་བཞག་སྟེ། །
ཐུན་ཕྱེད་པའི་སྒྲ་གཅན་དང་བསྡོངས་ནས་འབེབས་པ་ཡིན་ཏེ། །རྩི་ཏའི་དོན་ཁོ་ནའོ། །ཆུའི་མཚན་ཉིད་ལ་ཡུལ་དེའི་མིའི་འདྲི་ཚིག་དང་པོ་བཟུང་སྟེ་བརྟག་གོ། །སྡེ་ཚན་འདོམ། དབྱངས་འཁྲུ། གསལ་བྱེད་སོར། དེས་ཤེས་སོ། །བྷི་ཚན་རཱ་ཧུ་ནི་རྫོང་བདག་ལ་ཆེ་བས་བརྟག་གོ། །ཉི་ཟླའི་
སྟོབས་ལས་ཆེའོ། །དྲག་གཟའ་ནང་དུ་ཆུད། ཞི་གཟའ་ཕྱི་རུ་གནས་ན། འབེབས་མི་འགྲུག་པ་རྣམས་ཀྱི་བསམ་པ་འགྲུབ། དེ་ལས་བཟློག་ན་བསྲུངས་མཁན་རྒྱལ་ལོ། །རིགས་ཀྱི་ནུས་པ་ནི་རྩིས་བདེའོ། །ལེའུ་བརྒྱད་པའོ།། །།གྲུབ་བཞི་ཞེས་པ་ནས། རྣམ་པར་ཕྱེད་ཞེས་པ་ཡན་ཆད་ནི། །

རཱ་ཧུའི་རྩིད་རྣམ་པ་དགུ་སྟེ། མཁར་ལེན་ལ་ཁྱིམ་གྱི་རཱ་ཧུ་གཅེས་སོ། །དྲག་ལས་ལ་རྩ་བའི་རཱ་ཧུ་གཅེས་སོ། །གཏད་ལ་ཡུད་ཙམ་གཅེས་སོ། །རིམ་གྲོལ་ཆེས་ཀྱི་རཱ་ཧུ་གཅེས་སོ། །ས་བོན་ལ་སོགས་ལ་དཀར་ནག་གི་རཱ་ཧུ་གཅེས་སོ། །བ་གམ་ལ་ཉི་མ་ལ་སོགས་པའི་རཱ་ཧུ་གཅེས་སོ། །ཐུན་ཕྱེད་
པ་ནི་མཚོན་ལ་དར་གྱིས་ཞུགས་པ་དང་འདྲ་སྟེ། ཀུན་ལ་གཅེས་པས་འདི་ཁོ་ན་བལྟའོ། །ལེའུ་དགུ་བའོ།། །།སྤེན་པའི་ཙཀྲ་འདིས་གཞོན་པའི་སྐྱེས་སྐར་དང་རྒན་པའི་མིང་སྐར་བལྟ་སྟེ། དགེ་སྡིག་གཞུང་ནས་བཤད་དོ། །བྱ་ཁྱུང་ནི་གོ་སླ་སྡེ་བདུན་དུ་རུང་ངོ་། །བིཥྚི་བརྒྱད་པོ་འདི་ནི།
དོན་བསྒྲུབ་པ་དང་། འགྲོ་དོན་བྱ་བ་དང་། ཁྱད་པར་དུ་ལྷ་འདྲེའི་ལས་བྱེད་ན་གལ་ཆེ་ཞིང་དགོས་སོ། །ཚེས་ལ་དབང་བས་བརྟག་པ་ཞིབ་ཏུ་བྱའོ། །རྣལ་འབྱོར་མ་བརྒྱད་ནི། བྲེའི་འཁོར་ལོ་དང་། ལམ་ལྔ་དང་མཐུན་ནུས་པ་ཆེ་བས། ཕན་གནོད་ཀྱི་འཁོར་ལོ་ལ་གཅེས་སོ། །དུས་སྦྱོར་བྱེད་
པ་འདི་རྣམས་མངོན་ཡང་ནུས་པ་ཆུང་བས་བརྟག་པ་དཀའོ། །རིགས་ལྡན་ནི་ཀླུ་བརྒྱད་ཡོད་དོ། དེ་བཞིན་དུ་གཟའ་བདུན། རཱ་ཧུ་དང་བརྒྱད་ཡོད་པས། ཐུན་ཕྱེད་པའི་རཱ་ཧུ་ལ་བལྟས་ཏེ། རིག་ལྡན་དུས་སུ་ལས་ཅིའང་སྤང་ཞིང་། ཁྱད་པར་དུ་ཟས། སྨན། གཏམ། བསྲེག །ནད་པའི་ལས་རྣམས་སྤང་
ངོ་། དགོས་ནོར་ཀུན་འབྱུང་ཞིང་། ཆ་ཤས་ཕྲ་བ་གཏམ་ལ་འབེབས་ཤིང་། གནད་ཆེ་བས་གདམས་པ་ཡང་འདི་ཁོ་ན་ཟབ་པོ། །རྒྱུད་ཀྱི་འཁྲུགས་བསྡེབས་དང་། མང་བ་བསྡུས་ཤིང་ཉུང་བ་བཤད་དེ། གལ་ཆེ་བ་རྣམས་ཞིབ་ཏུ་བྱས་ལ། མི་གོ་བ་རྣམས་གོ་སླ་བར་སྨྱོས་པའོ། །
མིག་ནང་ནུས་འབྲས་བུ་བཞིན། འདི་དང་རྒྱུད་དོ། །ལེའུ་བཅུ་པའོ།། །།དཔལ་གཙུག་གི་ནོར་བུ་ཞེས་བྱ་བ་རྫོགས་སོ།། །།རྒྱ་གར་ཤར་ཕྱོགས་ཀྱི་བཎྜིཏ་དཔལ་ལྷན་ཅིག་སྐྱེས་པའི་ཞལ་སྔ་ནས་དང་། ཨུ་རྒྱུན་པ་རིན་ཆེན་དཔལ་གྱིས་ལྗོངས་ཏེ་རཱ་ཧུའི་ཏིར་བསྒྱུར་
བའོ།། ༄༅༅། །རྒྱ་གར་སྐད་དུ། ཨཱ་ཡུ་གཎི་ཏ་ཕ་ལ་བྲ་ཀ་ཤ་ནཱ་མ། བོད་སྐད་དུ། ཚེ་རྩིས་ཀྱི་འབྲས་བུ་གསལ་བར་བྱེད་པ་ཞེས་བྱ་བ། འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །གནས་སྐབས་བཞིན་ཤེས་སྐྱེས་བུ་ཡིས། །དང་པོའི་གནས་སྐབས་གསལ་འདོད་ན། །མཁའ་

ཉི་དྲུག་སོགས་ལོ་ཡིས་བསྒྱུར། །དེ་ལ་མཁའ་ཉིས་བགོས་ཐོབ་ལོ། །དག་ན་ཀུན་བསྡོམས་མཁའ་ཉིང་གྲུབ། སོ་སོའི་མེ་རྣམས་མཁའ་དུས་མས། །བསྒྱུར་ཏེ་མཁའ་ཉིས་རྙེད་བརྟན་པའོ། །རང་རང་བརྟན་པ་དྲུག་སོགས་བསྒྱུར། །མཁའ་དུས་མེ་ཡིས་ཐོབ་པ་ལོ། །
ལྷག་མ་མཁའ་མེས་ཐོབ་ཟླ་བ། །དེ་ཡི་ལྷག་མ་ཞག་ཏུ་འགྱུར། །དག་ན་རང་ལོའི་འགྲོ་ལྡོག་ངེས། །དང་པོའི་ཆ་ཤས་དེས་རྒྱས་ཤེས། །བརྒྱ་སོགས་གསུམ་ལའང་དྲུག་ལ་སོགས། །གཟའ་དགུ་སོ་སོའི་ལོ་ཡིས་བསྒྲེ། མཁའ་དང་ཉི་མས་ཐོབ་པ་ལོ། །ལྷག་ལ་ནམ་མཁའ་མེ་ཡིས་
བསླུ། །ཐོབ་པ་ཟླ་བ་ལྷག་མ་ཞག །དེ་ནས་སོ་སོའི་ལོ་རྣམས་ཀུན། །མཁའ་དུས་མེ་ཡིས་བསྒྱུར་བར་བྱ། །ཟླ་བ་མཁའ་ལ་མེས་བསྒྲེས་པ་སྦྱིན། །མཁའ་རོས་རྙེད་པ་བརྟན་པ་ཞག །ལྷག་མ་དྲུག་ཅུས་ཐོབ་ཆུ་ཚོད། །དེ་ནས་རང་རང་བརྟན་པ་རྣམས། །དྲུག་ལ་སོགས་པའི་རང་ལོས་བསྒྲེ། །མཁའ་
དུས་མེས་བགོས་ཐོབ་པ་ལོ། །གལ་ཏེ་རྙེད་པར་མ་གྱུར་ན། །མཁའ་མེས་བགོས་པ་ཟླ་བ་བྱ། །དེ་ཡི་ལྷག་མ་ཞག་ཏུ་འགྱུར། །དག་ན་ལྔ་སོགས་རང་གི་ལོ། །དགུ་ཚན་རེ་ལ་འགྲོ་ལྡོག་ངེས། །ཆ་ཤས་ཕྱི་མ་རྒྱས་པའོ། །ཆ་ཤས་རེ་རེ་དྲུག་ཆ་རེ། །ཕྲི་བས་བརྟག་པའང་དྲུག་ཆ་འབྲི། །དེ་ནི་
རྩིས་ཀྱི་གཞི་མ་ཡིན། །བསྒྱུར་དང་འགོད་བྱེད་མཚུངས་པར་ལྡན། །དེ་ལྟར་ཟླ་ཀླུ་རྣམས་གཞི་ཤེས། །གཞན་ཡང་ཚེ་ཡི་སྣོད་འབྲིད་དང་། །བསླུ་ཞིང་བསྲོང་བའི་ཆོ་ག་རྣམས། །ཁོང་དུ་ཆུད་ནས་སྟོན་པར་གྱིས། །རྡོ་རྗེའི་ཚིག་འབྱེད་ལྡེ་མིག་འདི། །ཇི་སྙེད་མཁྱེན་པས་བསྒྱུར་བའོ། །ཚེ་
འབྲས་ཀྱི་རྩིས་གསལ་པར་བྱེད་བ་མ་ན་པུ་རུ་ཐས་མཛད་པ། །ཨྠི་ནི་ཀ་ར་ཀཊའི་བྲམ་ཟེ་ལག་མ་ཏི་དང་། མཁའ་འགྲོ་རྡོ་རྗེས་བསྒྱུར།། ༄༅༅། །རྒྱ་གར་སྐད་དུ། སྭ་རོད་ཡ་ཨ་རཱ་སཾ་གྲ་ཧ། བོད་སྐད་དུ། དབྱངས་འཆར་བའི་དོན་བསྡུས་པ། འཕགས་པ་འཇམ་དཔལ་
གཞོན་ནུར་གྱུར་བ་ལ་ཕྱག་འཚལ་ལོ། །མགོན་པོ་དུས་གསུམ་སྒྲིབ་པ་མེད། །ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ནས། །དགོས་པ་ཐམས་ཅད་བྱེད་པ་ཡི། །རྒྱུད་ཀྱི་དོན་བསྡུས་བཤད་པར་བྱ། གཡུལ་ལས་རྒྱལ་བར་འདོད་པ་ཡིས། །དབྱངས་འཆར་རྒྱུད་ཀྱི་དོན་བསྒྲུབ་པ། །ལེགས་

བརྟགས་ལ་ཀུན་བྱེད་པ་ཡིན། །དགའ་བ་སྟེར་འདི་མཉན་པར་གྱིས། །གང་དུ་ཡིད་ནི་དག་པ་ལ། །མི་རྟག་ཕྱིར་ནི་འདི་མི་དགོས། །འཇིག་རྟེན་གསུམ་གྱི་བྱེད་པའོ། །སེམས་འདི་གཅིག་པུ་ཡིན་པའི་ཕྱིར། །དུས་གསུམ་དུས་མེད་མ་རྟོགས་པ། །བདེ་བ་འདོད་པས་འདི་བསྒྲུབ་བྱ། །སྡིག་པའི་
གཟའ་ཡིས་གནོད་བྱས་པས། །སྐར་མ་ཇི་བཞིན་ལས་མི་བཟད། །ཁྱིམ་དང་འགྲོས་ཀྱི་བྱེ་བྲག་གིས། །གཟའ་ཡི་ལས་ཀྱང་སོ་སོར་མཐོང་། །ཇི་ལྟར་གསུངས་པའི་བདག་པོ་རྣམས། །གནོད་པའི་དབང་གིས་གཞན་དུ་འགྱུར། །འདི་ལྟར་མཁན་པོ་འདྲི་བྱེད་དང་། །རྒྱུ་དང་འབྲས་བུ་བཞི་
ཞེས་དྲན། །མཁན་པོ་མཁས་ཤིང་བྱེ་བྲེག་ཤེས། །སྤྲོ་ཞིང་བློ་གསལ་ཡིད་གཞུངས་པ། །འདྲི་བྱེད་ལེའུ་གསུམ་པ་ལས། །ཇི་ལྟར་གསུངས་བའི་མཚན་ཉིད་ཅན། །རྒྱུ་ཡི་མཚན་ཉིད་ཅེས་བྱ་བ། །ལུས་ངག་ཡིད་ཀྱི་བྱེད་པ་སྟེ། །རེས་ཀྱི་གཟའ་དང་རྒྱུ་སྐར་དང་། །བྱེད་སྦྱོར་ཚེས་ཀྱི་ཡན་
ལག་དང་། །གཟའ་རྣམས་ཁྱིམ་ལ་འཁོད་པ་དང་། །དུས་སྦྱོར་ཐུན་ཚོད་བྱེ་བྲེག་རྣམས། །ལམ་ལྔའི་རྣམ་པར་ཤེས་པ་དང་། །དབྱངས་དང་གསལ་བྱེད་འཆར་ནུབ་དང་། །ལྟས་དང་ཡི་གེའི་བྱེ་བྲག་དེ། །འདི་ལ་ངེས་པར་ཤེས་པར་བྱ། །མཐོང་དང་འབྲས་བུ་གཉིས་ཀྱིས་ཀ །འབྲས་བུ་
ཐམས་ཅད་བསྡུས་པ་ཡིན། །མཐོང་བ་རྒྱལ་པོ་བློན་པོ་དང་། །བུད་མེད་དམག་དང་མཚོན་ཆ་དང་། །གཏོང་ལེན་སྲིད་སྡེ་འབྲུ་ནད་དང་། །ཐས་དང་དཔའ་དར་བཤེས་དང་ནི། །ཕན་ཚུན་མཐུན་པ་ཞེས་བྱ་བ། །དེ་ལྟར་བཅུ་གཉིས་བསྟན་པ་ཡིན། །གནས་ཀྱི་གཟའ་དགུ་རྒྱལ་བོས་ཏེ། །བཀའ་
སྩལ་གང་གསུངས་མཐོང་བར་བྱ། །ཁྱེད་ཀྱི་རྒྱུ་སྐར་བློན་པོ་སྟེ། །རྗེ་ཡི་ཁ་ལོ་སྒྱུར་བ་ཡིན། །ཡན་ལག་ལྔ་བསྡུས་དམག་དཔུང་སྟེ། །བཟང་ངན་གང་མང་བལྟ་བ་བར་བྱ། །ཏ་ཏྐཱལ་དུས་སྦྱོར་མཚོན་ཆ་སྟེ། །ཐེབས་ན་འགྱུར་བ་མེད་པ་ཡིན། །རང་གི་བསོད་ནམས་བུད་མེད་འདྲ། །མོ་ངག་དབང་
དུ་ཀུན་ཀྱང་འགྲོ །ཧོ་མར་ཐུན་ཕྱེད་ལས་རྣམས་ནི། །གཡུལ་གྱི་མཚོན་ཆ་གཏོང་ལེན་འདྲ། །འདི་ལ་བསྒྲིམས་ཏེ་སྤང་བླང་བྱ། །ལྟས་ཀུན་སྲིད་སྡེ་ཉིད་ཡིན་ཏེ། །དང་པོར་ཅི་སྣང་བརྟག་པར་བྱ། །ལམ་ལྡན་ནད་པའི་ཟས་དང་འདྲ། །འཕྲལ་དུ་ཕན་གནོད་བྱེད་པ་ཡིན། །ལྡང་དུས་སྔ་

དྲོའི་ཟས་དང་འདྲ། །ཉིན་གཅིག་དེ་ཡི་འབྲས་བུ་བྱེད། །གསལ་བྱེད་དབྱངས་འཆར་དབའ་སྔར་འདྲ། །འཆར་ནུབ་དང་རྒུད་བརྟག་པར་བྱ། །མིང་དང་ཕོ་ཉའི་ཡི་གེའི་རྣམས། །སྔར་འདྲིས་མི་དང་འདྲ་བས་ན། །ཅིར་ཕུག་ཏུ་ཡང་ཤེས་པ་ཡིན། །དུས་སྦྱོར་བྱེ་བྲག་ཕྲ་
བ་ཡི། དུས་སྦྱོར་བྱེ་བྲག་གང་ཡིན་པ། །འཁུས་པའི་མེ་དང་འདྲ་བ་ཡིན། །བཟང་ངན་ཐམས་ཅད་འདི་ཡིས་བྱེད། །ཐུན་མོང་དང་ནི་ཁྱད་པར་དེ། །འབྲས་བུ་རྣམ་པ་གཉིས་སུ་དྲན། །འདྲི་བྱེད་ལུས་ཀྱི་གནས་སྐབས་ལ། །སྡིག་ཅན་གནོད་པའི་མཚན་ཉིད་རྣམས། །དབྱངས་དང་གསལ་
བྱེད་དར་ནུབ་དང་། །ཤ་ལ་ཀ་ཡི་ཙ་ཀྲ་དང་། །བརྒྱད་ཅུ་རྩ་གཅིག་འཁོར་ལོ་དང་། །གླང་ཆེན་ཆེ་བའི་མཚན་ཉིད་དང་། །ཚངས་བ་ཀླུ་དང་སྦྲུལ་དང་ནི། །བི་ཆིན་རཱ་ཧུའི་འཁོར་ལོ་དང་། །རཱ་ཧུ་གདོད་དང་སྤེན་པ་དང་། །བྱ་ཁྱུང་འཁོར་ལོ་རྣམས་ལ་བརྟག །ཁྱོ་ཤུག་ལ་སོགས་ལྷན་ཅིག་ཏུ། །གནས་
པ་རྣམས་ལ་མིང་ཡིག་དང་། །རིགས་གསུམ་སྟོབས་ཀྱི་བྱེ་བྲག་རྣམས། །ཇི་ལྟར་གནས་པ་བརྟག་པར་བྱ། །ཁྱད་པར་འབྲས་བུ་ཅི་སྙེད་པ། །རང་རང་ལས་ལ་ཤིས་པ་བརྟག །ལམ་ལྔས་འཕྲལ་གྱི་བྱ་བ་བརྟག །དབྱངས་འཆར་དར་རྒུད་ལས་ལ་བརྟག །ཕོ་ཉའི་བྱ་བ་ཐམས་ཅད་ལ། །
ཏཏྐཱལ་དུས་སྦྱོར་བརྟག་པར་བྱ། །གཡུལ་དུ་ཆས་པར་འདོད་པའི་ཚེ། །ལྟས་ཀྱི་རིམ་པ་བརྟག་པར་བྱ། །ཟོང་ནི་འཕོ་བའི་དུས་ཚོད་བརྟག །ཆོམ་རྐུན་མིང་ལ་བརྟག་པར་བྱ། །སྦྲུམ་མ་ཕོ་ཉའི་མིང་ལ་བརྟག །དོན་ནི་ཕོ་ཉའི་གསལ་བྱེད་ལ། །སྐྱེས་སྐར་ཞག་གྲངས་ལྷག་མས་བརྟག །ཉིན་
གཅིག་དགེ་སྡིག་ལྡང་དུ་བརྟག །ཏཏྐཱ་ལ་སྐར་མའི་བྱེ་བྲག་བརྟག །ཤ་ར་ཀ་ཡི་འཁོར་ལོར་བརྟག །ཡུལ་རྣམས་མཚན་ཉིད་ཅེས་བྱ་བ། །ཀུ་རྨའི་ཙཀྲ་བརྟག་པར་བྱ། །གོང་མའི་གནས་སུ་འགྲོ་བ་ན། །སེ་བའི་ཙ་ཀྲ་བརྟག་པར་བྱ། །འཆི་ཞུགས་ལམ་གྱི་འཁོར་ལོར་བརྟག །དུས་ཀྱི་འཁོར་ལོ་
ལས་ཤེས་བྱ། །ཇི་ལྟར་ལུས་ནི་གནས་པ་ལས། །ཚེ་ཡི་གནས་སྐབས་འབྲས་བུ་བརྟག །བསོད་ནམས་སྡིག་པའི་བྱེ་བྲག་གིས། །འདི་ཡི་འབྲས་བུ་ཞེས་སུ་སྨྲ། །ཇི་ལྟར་སྐྱེས་པའི་འདུ་ཤེས་ལས། །ཛྭ་ཏིའི་ཙཀྲ་བརྟག་པར་བྱ། །ལམ་ཞུགས་ལམ་གྱི་འཁོར་ལོར་བརྟག །དཀར་པོའི་

འཁོར་ལོས་བུད་མེད་བརྟག །རྔོན་པའི་འཁོར་ལོས་རི་དགས་བརྟག །རྒྱན་གྱི་འཁོར་ལོས་སྟོབས་ལ་བརྟག །རྒྱལ་འཕམ་མིང་གི་ཡི་གེས་བརྟག །ཐུན་མོང་རྨ་ནི་ཏྲི་ཤཱུ་ལ། །བྱེ་བྲག་རྨ་ནི་འཁོར་ལོས། །རིམ་པ་བཞིན་དུ་བརྟག་པར་བྱ། །ཚངས་བའི་འཁོར་ལོས་གནས་སྐབས་བརྟག །
གདུགས་ཀྱི་འཁོར་ལོས་ཤར་ནུབ་དང་། །དབུས་ཀྱི་རྒྱལ་བོའི་ལེགས་ཉེས་བརྟག །སེང་གེ་གདན་གྱི་འཁོར་ལོས་ཀྱང་། །ལྷོ་བྱང་དབུས་ཀྱི་རྒྱལ་པོ་དང་། །ནོར་བུ་རྟ་དང་གླང་པོ་ཆེ། །པོ་ཏི་གསེར་དང་ཆོས་རྣམས་བརྟག །མདའ་གཞུའི་ཙ་ཀྲ་དེ་ཉིད་བརྟག། །རལ་གྲིའི་ཙ་ཀྲས་དེ་ཉིད་བརྟག །
རལ་གྲི་བཞི་ཡིས་གསོད་པ་དག །བུམ་པའི་ཙ་ཀྲས་པ་ཏྲ་བརྟག །བདྨའི་ཙཀྲས་བྱེས་འགྲོ་བརྟག །བྲེ་ཡི་ཙཀྲས་སྦྲུམ་མ་བརྟག །བསྲུང་དང་འཛོམས་པའི་ཙ་ཀྲ་ལས། །རྫོང་གི་འཁོར་ལོ་བཤད་པ་ཡིན། །བུམ་པའི་ཙ་ཀྲས་ཁྲོན་པ་བརྟག །དྲག་པོའི་ལས་ལ་ལ་བིཥྚི་བརྟག །གཡུལ་དུ་
མཁའ་འགྲོ་མ་བརྒྱད་བརྟག །དུས་ཚོད་གཟིམ་པར་བྱ་བ་ནི། །དུས་སྦྱོར་ཕྱེད་དང་ཐུན་ཕྱེད་ཡིན། །ཟླ་བའི་སྙིགས་མ་བྱ་བ་བརྟག །འཕོ་བའི་བརྟག་པ་འཕོ་བ་ཡིས། །དགེ་སྡིག་བྱེ་བྲག་ཤེས་པར་བྱ། །འདི་ལྟར་འཁོར་ལོ་ཇི་སྙེད་པ། །ལྷ་ཡི་དབང་པོས་གསུངས་བ་ལ། །ལམ་ལྔའི་རྣམ་པར་
ཤེས་པ་དང་། །དུས་ཀྱི་འཁོར་ལོའི་ཆོ་ག་བཤད། །རྡུལ་ཚོན་དཀྱིལ་འཁོར་དམ་པ་རུ། །མི་རྣམས་འཇུག་པ་བྱས་ལ་བྱིན། །དུས་ཀྱི་འཁོར་ལོའི་བྱེད་བ་ནི། །འདོད་ལྷ་མཆོད་དེ་བསྟེན་པར་བྱ། །རྗེས་སུ་བསྔགས་པའི་ཚིགས་བཅད་སྟོང་། །དབུ་ཞབས་དུམ་བུར་མ་ཡིན་པ། །དེ་ལྟར་བདག་
པོ་རྣམས་འབྱུང་མོད། །ཇི་སྐད་གསུངས་པའི་ཆོ་ག་རྣམས། །སྐད་ཅིག་རེ་རེ་ལེགས་བརྟགས་པས། །བྱེ་བྲག་མ་འཁྲུལ་ཤེས་པར་བྱ། །ཡང་དག་ངེས་པ་ཐུབ་པའི་མི། །གནོད་པ་ཀུན་གྱིས་མི་འཇིགས་ཤིང་། །ཚེ་རིང་ཕུན་སུམ་ཚོགས་པ་དང་། །གནས་སྐབས་ཀུན་དུ་བདེ་ཐོབ་འགྱུར། །
དབྱངས་འཆར་བའི་དོན་བསྡུས་པ། །པཎྜི་ཏ་ཆེན་པོ་སེང་གེའི་གོ་ཆས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པཎྜིཤྲཱི་ཛ་ཡ་ཨཱ་ན་ནྡ་དང་། ལོ་ཙཱ་བ་དགེ་སློང་རྨོངས་བའི་གཉེན་པོ་དགོས་འདོད་ཐམས་ཅད་འབྱུང་བས་བལ་ཡུལ་རྣལ་འབྱོར་བའི་གཙུག་ལག་ཁང་དུ་ཞུས་ཤིང་བསྒྱུར་ཏེ་

གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། སྭ་རོ་ད་ཡ་ཀཱ་ལ་ཡུག་ཕ་ལ་ཨུ་བ་དེ་ཤ །བོད་སྐད་དུ། དབྱངས་འཆར་བའི་དུས་སྦྱོར་གྱི་འབྲས་བུ་ཉེ་བར་མཁོ་བ། ཨཱ་རྱ་མ་ཉྫུ་ཤྲི་ཡེ་ན་མཿ། ལུག་གི་དུས་སྦྱོར་ཤར་མ་ཐག་ཏུ། །དགྲ་དང་འཐབ་པ་
དང་དབང་བསྐུར་བ་དང་། འཐབ་རྩོད་ཀྱི་ལས་དང་། ཁམས་ལ་སོགས་པ་ལ་སྤ་བ་དང་། །རང་དང་གཞན་འབྲེལ་པར་བྱེད་པ་ལ་སོགས་པའི་ལས་བྱའོ། །གླང་གི་དུས་སྦྱོར་ཤར་བ་དང་། །བག་མ་དང་། །བརྟག་པའི་ལས་བྱའོ། །ཁང་བའི་བྱ་བ་དང་། རང་གི་གནས་སུ་གཞུག་པ་དང་། གཞོན་
ནུ་མའི་གོས་དང་། །རྒྱན་ལ་སོགས་པ་བྱ་བ་དང་། །སྦྱིན་པའི་ལས་དང་། །ཞིང་ཉོ་བ་དང་། །ཞིང་ལས་བྱའོ། །འཁྲིག་པའི་དུས་སྦྱོར་ཤར་བ་དང་། སྒྱུ་རྩལ་གྱི་ལས་དང་བཟོ་དང་རྒྱན་ལ་སོགས་པ་དང་། གཞན་གྱི་དུས་སྦྱོར་དུ་བཤད་པ་ཐམས་ཅད་ཀྱང་བྱའོ། །ཀརྐཊའི་དུས་སྦྱོར་ལ་བབ་པ་ན། །
རྫིང་བུ་དང་། ཁྲོན་པའི་ལས་དང་། ཆུ་བསྒྱུར་བ་དང་། རྒྱས་པའི་ལས་དང་། གྲུབ་པའི་ལས་དང་། མཐར་ཟོན་པའི་ལས་རྣམས་བྱའོ། །སེང་གེའི་དུས་སྦྱོར་ཤར་བའི་དུས་སུ། ཚོང་བྱ་བ་དང་། ཤེས་པར་བྱ་བའི་ལས་དང་། ཚོང་ཕྲན་དང་། ཧེ་ཧ་ལས་དང་། མིའི་བདག་པོར་
དབང་བསྐུར་བའི་ལས་དང་། གཞན་དང་མཐུན་པར་བྱ་བ་དང་། ལུག་གི་དུས་སྦྱོར་དུ་བཤད་པ་ཐམས་ཅད་ཀྱང་བྱའོ། །བུ་མོའི་དུས་སྦྱོར་ལ་སྨན་གྱི་ལས་དང་། ཟས་སྦྱོར་དང་། བཟོ་བྱ་བ་དང་། བརྟག་པ་དང་། གཡོ་བའི་ལས་དང་། རྒྱས་པའི་ལས་ཐམས་ཅད་བྱའོ། །སྲང་གི་དུས་སྦྱོར་
ཤར་བའི་ཚེ། སོ་ནམ་བྱ་བ་དང་། ཚོང་དང་བརྟག་པའི་ལས་དང་། སྒྱུ་འཕྲུལ་དང་། སྲང་ལ་སོགས་པ་ལ་གཞན་པའི་ལས་བྱའོ། །སྡིག་བ་ཤར་བའི་དུས་སྦྱོར་ལ། འབེབས་པའི་ལས་དང་། དྲག་པོའི་ལས་དང་། ཁྲག་གི་ལས་དང་། རྒྱལ་བོ་བསྙེན་བཀུར་བྱ་བ་དང་། དབང་བསྐུར་
བྱ་བ་དང་། དབའ་བོའི་མཚོན་ཆ་བྱ་བའི་ལས་དང་། བརྟག་པའི་བྱ་བ་རྩོམ་པར་དག་བྱའོ། །གཞུའི་དུས་སྦྱོར་ཤར་དུས་སུ། གཞན་དུ་སོགས་པ་དང་། རྒྱས་པའི་ལས་དང་། བག་མའི་ལས་དང་། ཕྱུགས་ཀྱི་འདུལ་སྦྱང་བྱ་བ་དང་། ཡོངས་སུ་བཟུང་བ་དང་། ནད་ཟད་པར་བྱེད་པ་ལ་སོགས་

པ་བྱའོ། །གཡོ་བའི་ལས་དག་བྱའོ། །ཆུ་སྲིན་གྱི་དུས་སྦྱོར་ལ། ཞིང་ལས་དང་། བརྟན་པ་བརྩལ་བའི་ལས་དང་། ཆུའི་ལས་དང་། རྒྱུ་འགྲུལ་བྱ་བ་དང་། བཅིངས་པ་བཀྲོལ་བ་དང་། །ཆུ་བརྟོལ་བར་བྱ་བ་དང་། གཡོག་མོ་གཞུག་པ་དང་། རྐང་པའི་ལས་དང་། རྔ་མོའི་ལས་ངག་བྱའོ། །བུམ་
པའི་དུས་སྦྱོར་ཤར་བ་དང་། གྲུ་བའི་ལས་ཐམས་ཅད་དང་། ཆུ་སྦྱིན་པ་དང་། བརྟན་པའི་ལས་དང་། ས་བོན་བསྡུ་བའི་ལས་རྣམས་བྱའོ། རིག་པ་རྩོམ་པ་དང་། རྒྱན་འདོགས་པ་དང་། བཟོའི་ལས་དང་། སོ་ནམ་བྱ་བ་དང་། ཕྱུགས་ཀྱི་ལས་དང་། སྒྱུ་
འཕྲུལ་བྱ་བ་དང་། བཟའ་བ་དང་། བག་མ་དང་། ཆོས་སློབ་པ་ལ་སོགས་པ་མཁས་པའི་ལས་བྱའོ། །འཕོ་བ་ཡང་དེ་དང་འདྲ་བར་ཤེས་པར་བྱའོ། །དུས་སྦྱོར་བརྟག་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤྲཱི་ཛ་ཡ་ཨཱ་ནནྡ་དང་། ཆག་ལོ་ཙཱ་བ་དགེ་སློང་ཆོས་རྗེ་དཔལ་གྱིས་བསྒྱུར་པའོ། །
༄༅༅། །རྒྱ་གར་སྐད་དུ། བྲ་ཛྙཱ་ཤ་ཏི་ཀ་ནཱ་མ་བྲ་ཀར་ཎ། བོད་སྐད་དུ། ཤེས་རབ་བརྒྱ་བ་ཞེས་བྱ་བའི་རབ་ཏུ་བྱེད་པ། འཇམ་དཔལ་གཞོན་ནུ་གྱུར་བ་ལ་ཕྱག་འཚལ་ལོ། །གང་ཞིག་ལེགས་པར་རྟོགས་པ་ཡིས། །མི་རྣམས་ཤེས་རབ་བརྒྱ་བསྐྱེད་པ། །དོན་གྱི་བསྟན་བཅོས་ལུགས་དག་
གི །འབྱུང་གནས་ཆེན་པོར་རབ་ཏུ་བཤད། །མཁས་པས་དོན་གྱི་བསྟན་བཅོས་ལས། །དངོས་པོ་གང་དག་གཟིགས་ཕྱུར་པ། །དེ་དག་ཡི་གེ་མང་པོ་ཡིས། །འཇིགས་པའི་ཆེད་དུ་འདིར་བསྡུས་བྱས། །ཡི་གེ་ཉུང་ལ་དོན་མང་བ། །གཏན་ཚིགས་སྣ་ཚོགས་རྣམས་ཀྱིས་བརྒྱན། །འདི་ནི་ཚིགས་
སུ་བཅད་པ་བརྒྱ། །ཤེས་རབ་བརྒྱ་བ་ཞེས་བྱའོ། །མཐོང་དང་མ་མཐོང་ཡོན་ཏན་འདི། །ཀུན་གྱི་རྩ་བ་ཤེས་རབ་ཡིན། །དེ་ལྟར་གཉིས་ཀ་བསྒྲུབ་པའི་ཕྱིར། །ཤེས་རབ་ཡོངས་སུ་གཟུང་བར་བྱ། །ཆོས་དོན་འདོད་དང་ཐར་བ་ཡི། །འབྱུང་གནས་ཆེན་པོ་རིག་པ་ཡིན། །དེ་ལྟར་དང་པོ་གུས་
པ་ཡིས། །ཤེས་རབ་ཡུམ་ཆེན་གཟུང་བར་བྱ། །ཤེས་རབ་ལྡན་པ་གཅིག་རྐྱ་ཡང་། གཞན་གྱིས་འདི་ལ་གནོད་མི་འགྱུར། །དོར་ཐབས་ལྡན་པའི་ལུས་ཆུང་ཡང་། །མཚན་དང་ལྡན་པས་ཡོ་མི་བརྙས། །ཤེས་རབ་ཀྱིས་ནི་ལུས་བསྲུངས་ལ། །དགྲ་ཡི་ཚོགས་ཀྱིས་ཅི་བྱར་ཡོད། །འགན་

གདུགས་དང་བཅས་པ་ལ། །ཆར་གྱི་རྒྱུན་གྱིས་རྫི་བ་མེད། །ཤེས་རབ་རྩལ་དང་བྲལ་བ་ནི། །གཞན་གྱི་བྲན་བྱེད་ཁོ་ན་ཟད། །གླང་ཆེན་རི་བརྩེགས་ལྟ་བུ་ཡི། །ལུས་དང་ལྡན་པ་སྣང་བ་བཞིན། །ཤེས་རབ་མིག་ཕྱེ་རྣམས་ལ་ནི། །རྒུད་པ་རྣམ་པར་འཇིག་འགྱུར་ཏེ། །ལག་དམར་
མེ་ཐོགས་པ་ཡི། །མདུན་ན་མུད་པ་མེད་པ་བཞིན། །ཤེས་རབ་མེད་པའི་ཕུན་སུམ་ཚོགས། །གནས་བབས་བཞིན་དུ་བྱུང་བ་ཡང་། །སྐད་ཅིག་ཁོ་ནས་དེ་དག་མེད། །མ་རུངས་བ་རྣམས་བཤེས་པ་བཞིན། །ལེགས་པར་བརྟགས་ཏེ་བྱེད་པ་ལ། །མ་རུངས་པ་དག་མི་སྣང་སྟེ། །འཕྲོད་པ་ཟབ་བའི་
ལུས་ལ་ནི། །ནད་ཀྱི་བར་ཆད་མི་འབྱུང་ངོ་། །གང་ལ་རང་དོན་འཕེལ་འགྱུར་བའི། །ཤེས་ཉེན་ཡོད་པ་དེ་མཁས་པ། །ཆུ་ཡིས་གང་བའི་མཚོ་ལ་ནི། །མཁའ་ལ་རྒྱུ་བ་རྣམས་ཀྱང་བརྟེན། །གང་ཞིག་ཉེན་དང་འབྲེལ་བ་ཡི། །ནོར་དེ་ཡང་ནི་ཅི་རུ་རུང་། །སྤྲུལ་གཡི་མགོ་ལ་འདུག་པ་ཡི། །ནོར་
བུ་ལ་ནི་སུ་ཞིག་རེག །རང་དོན་བསྒྲུབ་བར་བྱ་བ་རྣམས། །བག་མེད་ལས་ཀྱིས་བསྒྲུབ་མི་བྱ། །སྦྲུལ་སོ་ཤིན་ཏུ་གདུག་པ་ཡིས། །དོན་མ་བསྒྲུབས་པར་ཕུང་བར་སྣང་། །རང་དོན་བསྒྲུབ་པར་བྱ་བ་རྣམས། །བག་དང་བཅས་པའི་ལས་ཀྱིས་བསྒྲུབ། །སྲིན་བུ་བད་པ་ཟོན་ཅན་ལུས། །ཁྲག་
འཐུངས་བཞིན་དུ་མི་མཐོང་ངོ་། །རང་གི་གཏིང་འཛུགས་འདོད་པ་ཡིས། །གཞན་གྱི་ཕན་ལ་བརྩོན་པར་བྱ། །གཏིང་འཇུགས་སྦྱོར་བ་མ་བྱས་པའི། །སྒྲུབ་པ་པོ་ཡིས་ཅི་མི་འགྲུབ། །གཞན་གྱི་ཕྱོགས་གཞོམ་འདོད་པས་ཀྱང་། །བདག་ཉིད་ཡོན་ཏན་ལྡན་པར་བྱ། །གཞུ་ནི་རྒྱུད་དང་མི་
ལྡན་པའི། །མདས་ལྟ་གང་དུ་ཕྱིན་པར་འགྱུར། །དབྲི་མཁྱུད་མེད་པར་སྨ་བ་དང་། །ཇི་སྐད་སྨད་བཞིན་སྒྲུབ་པ་དང་། །ཆས་བཞི་ཉམས་དང་སྦྱོར་བ་ཡི། །མི་ཕོ་རྣམས་ནི་བདེ་བར་འཚོ། །ཡ་རབས་རྣམས་ཀྱི་སྦྱོད་པ་ལ། །སྐྱེ་བོ་ངན་པས་གནོད་མི་འགྱུར། །རིན་ཆེན་སྒྲོན་མེ་འབར་
བའི་ཚེ། །འཐོར་རླུང་ཚོགས་ཀྱིས་མི་སོད་དོ། །གྱ་ནོམ་སྐྱེས་བུའང་ཇི་ཞིག་ལྟར། །ངན་པའི་གནས་སུ་ཕྱིན་འགྱུར་ན། །དུར་ཁྲོད་ཀྱི་ནི་མེ་བཞིན་དུ། །གྲོགས་ངན་བསྟན་ལས་འཇིགས་པ་འབྱུང་། །གཡོན་ཅན་ངག་འཇམ་སྨྲ་བ་ལ། །མཁས་པས་ནན་ཏན་མ་བརྟགས་པར། །

ཡིན་བརྟན་བྱ་བར་རུང་མ་ཡིན། །རྨ་བྱ་ཡིད་འོང་སྒྲ་སྒྲོགས་པར། །ཟས་སུ་དུག་ཆེན་ཟ་བ་བཞིན། །ཤེས་རབ་ཅན་གང་དགྲ་ལ་ཡང་། །མཛའ་བཤེས་ལྟ་བུར་སྒྲུབ་བྱེད་པ། །རྒྱ་མཚོ་བཞིན་དུ་མི་འཁྲུགས་ཏེ། །སྐྱེ་བོ་ངན་པས་དྲོད་མི་ཟིན། །ཕྱིར་རྗེས་སུ་ནི་ལྟ་བ་དང་། །བག་ཡོད་ཁོང་ཁྲོ་
མེད་པ་དང་། །བརྩོན་འགྲུས་བརྟན་ཞིང་མི་གཡེལ་བའི། །མི་ལ་དཔལ་མགོན་ཉེ་བར་གནས། །གང་ཞིག་ལན་ལ་མི་རེ་བར། །སྦྱིན་པ་གཏོང་ལ་སེམས་སྤྲོ་བ། །དེ་ནི་སྙན་དངགས་མཁས་པ་བཞིན། །མི་ཡུལ་འདི་ན་གྲགས་པས་མཛེས། །གང་ཞིག་དབང་བོ་བྲན་ལྟ་བུར། །བཀའ་བཞིན་རྗེས་སུ་
མཐུན་བྱེད་པ། །རྒྱ་མཚོ་ཆེ་ལ་རིན་ཆིན་བཞིན། །དེ་ལ་འདོད་དགུ་ཕུན་སུམ་ཚོགས། །བྱ་བ་མ་ཡིན་མི་བྱེད་ཅིང་། །བཤམས་པ་མཁས་སུ་ཕེབས་པ་དང་། །ཡུལ་ལ་འདོད་པ་ཐག་བསྲིངས་བའི། །སྐྱེས་བུ་མཁས་པ་སུས་མི་བཀུར། །མཐུ་རྩལ་ལྔ་བའི་ཁེངས་སེམས་ཀྱིས། །ལུགས་ཀྱི་གདམས་
ངག་ཡོངས་མི་སྤང་། །རུ་ཤིང་བཟང་པོའི་གཞུ་མཆོག་ཀྱང་། །རྒྱུ་མེད་གཡུལ་ངོར་ཅི་ཞིག་བྱ། །གཡོན་ཅན་རྣམས་ཀྱི་གྲོན་ཅན་ཚིག །མཛངས་པས་ལེགས་པར་མ་བརྟགས་ན། །ཁོང་གླུའི་དོན་རྣམས་མ་དཔྱད་པའི། །རི་དྭགས་གཞན་གྱིས་བརླབ་པར་སྣང་། །མཁས་པ་རྟག་ཏུ་དགྲ་ལ་ཡང་། །མཉེན་
དེས་ཅན་དུ་བྱ་དགོས་ཏེ། །འཁྲི་ཤིང་མཉེན་པོས་ལྗོན་ཤིང་ལ། །འཁྲིས་ནས་རྩེ་མོར་ཕྱིན་ཏེ་གནས། །ཁོང་རྒྱུད་དོགས་པ་ཙམ་གྱིས་འདིར། །དགོས་དགུ་འགྲུག་པར་མི་འགྱུར་བས། །ཡིད་ཀྱི་ལེགས་པར་རྣམ་བརྟགས་ཏེ། །ངག་གིས་ཀུན་དང་མཐུན་པར་བྱ། །ངག་གིས་བཞབས་ཏེ་སྨྲ་བྱ་
ཞིང་། །རེས་འགའ་བྱི་ལའི་སྤྱོད་པའང་སྤྱད། །ཐབས་དང་ལྡན་པའི་སྤྱོད་པ་ལ། །མཁས་པ་སུ་ཡང་སྨོད་མི་བྱེད། །རྔོན་པ་པུས་མོ་གཉིས་བཙུགས་ཏེ། །ཡན་ལག་རྣམས་ཀྱི་གུམ་ཕག་ཏུ། །བྱས་ཏེ་ཁོང་གླུ་སྙན་ལེན་པས། །རི་དྭགས་སོང་པར་མི་འགྱུར་རམ། །རྒྱལ་པོའི་བཞེད་པ་མི་སྦྱོར་བ། །
མཁས་པས་རྟག་ཏུ་འབད་དེ་སྤང་། །ས་བདག་འཁོར་བཅས་ཐག་རིང་ཞེས། །ཁྱད་དུ་གསང་བ་རུང་མ་ཡིན། །ལུགས་ལ་མཁས་པའི་བློན་པོ་ཡིས། །སྐྱེ་བོ་མ་ལུས་སྐྱོང་བྱེད་པའི། །རྒྱལ་བོ་གཅིག་བུ་ཁོ་ནས་ཀྱང་། །ས་རྣམས་མ་ལུས་ཆོམ་རྐུན་དུ་ཕེབས། །གང་ན་རྒྱལ་པོ་འབངས་རྣམས་

ཀྱིས། །ལེགས་ཉེས་སེམས་པར་བྱེད་པ་ཡི། །ཡུལ་དེ་རྒྱལ་པོ་ཡོད་ཅེས་བྱ། །དེ་ལྟར་དེ་དག་གཙོར་བརྟག་གོ། །གད་ན་རྒྱལ་པོ་འབངས་རྣམས་ཀྱིས། །ལེགས་ཉེས་སེམས་པར་མི་བྱེད་པ། །རྒྱལ་པོ་དེ་དག་གཙུག་ལག་ལ། །མཁས་པ་རྣམས་ཀྱིས་བརྟེན་མི་བྱ། །
ཡོན་ཏན་ལྡན་པ་ཆུང་ཡང་ནི། །འཇིག་རྟེན་ཐབས་ཆེན་ཐོབ་པར་འགྱུར། །ཟླ་བ་ཤས་ཙམ་ལུས་པ་ཡང་། །དྲག་པོ་ཡིས་ནི་སྤྱི་ལ་ཐོགས། །མཁས་པ་གང་ཞིག་བག་མེད་པའི། །གནས་ནས་བྱོལ་ཏེ་འབྲོས་པ་དཔའ། །རི་དགས་རྒྱལ་པོ་མི་གཙང་བའི། །གནས་ནས་འཛུར་བ་
ག་ལ་ལྟར། །ལེགས་ཉེས་དོན་ཆེན་མི་སེམས་པར། །མུན་སྤྲུལ་བརྟུལ་བ་དཔའ་མ་ཡིན། །དོན་མེད་དཔག་ཚད་བརྒྱ་ཡོད་པའི། །གཡང་སར་མཆོང་བ་ཅི་ཆ་ཡོད། །ཡོན་ཏན་ལྡན་ཡང་ཐམས་ཅད་དུ། །གྲགས་ཆེན་ཐོབ་པར་འགྱུར་མ་ཡིན། །ཟླ་བའི་འོད་ཟེར་བསིལ་བ་རྣམས། །
པདྨའི་རྫིང་དང་འཕྲོད་མི་འགྱུར། །མཇུག་ཏུ་སྐྱར་འབྱིན་བྱེད་པ་ཡི། །སྙན་ཚིག་མཁས་པ་སུས་མི་བསྔགས། །གང་གིས་ཁམས་འཁྲུག་འགྱུར་བ་ཡི། །ཁ་ཟས་ཞིམ་པོ་དེ་སུ་ཟ། །མཁས་རྣམས་རྣ་བར་མི་སྙན་ཡང་། །ཕན་ཚིག་སྨན་བཞིན་བསྟེན་པར་གྱིས། །རེ་ཞིག་ཅིག་
ན་དེ་དག་ཀྱང་། །ཡང་དག་བདུད་རྩི་ལྟ་བུར་འགྱུར། །རིགས་པའི་དོན་དང་མི་ལྡན་པའི། །གཞུང་ལུགས་གང་ཞིག་རྩོམ་བྱེད་པ། །དེ་ཡང་དགོས་པ་འགྲུབ་མི་འགྱུར། །སྔགས་དང་བྲལ་བའི་སྦྱིན་སྲེག་བཞིན། སྐྱོན་དང་ཡོན་ཏན་འདི་གཉིས་ལ། །གཅིག་ཏུ་མཁས་པར་བྱས་
ནས་ནི། །དགོས་པ་རྩོམ་པར་བྱེད་པ་གང་། །དེ་ལ་ཉེས་པ་རྒྱབ་ཀྱིས་ཕྱོགས། །སྙིང་ལ་ཁོང་དུ་དམ་བཟུང་ནས། །བཤེས་པའི་ཚིག་ནི་སྟོན་བྱེད་པ། །དེ་དག་མཛེས་པ་མ་ཡིན་ཏེ། །སྲིན་བུས་ཟོས་པའི་སྡོང་རུལ་བཞིན། །གང་དག་ཚིག་ཏུ་སྙན་སྨ་ཞིང་། །སྙིང་ལ་གཞན་ཞིག་འདོག་བྱེད་པ། །
རི་དགས་གཟུགས་ཅན་སྟག་ལྟ་བུར། །དེ་བས་ཡིད་བརྟན་གནས་མ་ཡིན། །གསོན་ཚེ་གྲགས་པ་དགའ་བའི་རྒྱུ། །འཇིག་རྟེན་ཕ་རོལ་ཕན་འགྱུར་བ། །དེ་གཉིས་གཅིག་ཀྱང་མེད་པ་ནི། །འཇིག་རྟེན་གཉིས་ན་ཅི་ཞིག་མི། །གར་སྐྱེས་སུ་ནི་ཟད་ཅེས་ཏེ། །རང་གི་བརྩོན་པ་དོན་མི་བྱ། །འབད་པ་

མེད་པར་ཏིལ་དག་ལས། །ཏིལ་མར་ཐོབ་པར་འགྱུར་མ་ཡིན། །ཀུན་ལ་གཉེན་དེས་མི་བྱ་སྟེ། །ཧ་ཅང་དེས་པ་གནོད་པར་འགྱུར། །ཆུ་ཤིང་སྙིང་པོ་མེད་པ་ལ། །སུ་ཞིག་སྤྱོད་པར་རྩོམ་མི་བྱེད། །གང་ཞིག་གཏོང་ཕོད་བློ་ལྡན་དཔའ། །ཚིག་བདེན་གཙང་ལ་བྱས་པ་གཟོ། །དེ་ལ་རྟག་ཏུ་དཔལ་གྲོགས་
རྣམས། །གྲིབ་མ་བཞིན་དུ་རྗེས་སུ་འབྲང་། །ནགས་ཀྱི་གླང་ཆེན་ཞགས་པ་ཡིས། །བཅིངས་ནས་དབང་དུ་བྱེད་པ་ཡང་། །ཐབས་མཁས་ཚུལ་ལ་གནས་པ་ཡི། །ཡོན་ཏན་རྣམས་ཀྱི་མཐུ་སྟོབས་ཡིན། །རྗེ་དཔོན་རང་དོན་ལྷུར་ལེན་པ། །གཡོག་འཁོར་རྟེན་པར་མི་བྱེད་དེ། །ཤ་ལ་བརྐམ་པའི་
སེང་གེ་ལ། །ཝ་སྐྱ་རེ་ཐག་ཆད་པ་བཞིན། །གང་ཞིག་ལེགས་བྱས་མི་ཚོར་བ། །དེ་ལ་གཡོག་འཁོར་རྟེན་མི་བྱེད། །ཚ་སྒོ་ཅན་ལ་ལེགས་རྨོས་ཀྱང་། །ལོ་ཏོག་ཕུན་སུམ་ཚོགས་མི་འགྱུར་། །བདོག་པ་ཧ་ཅང་སྤེལ་བ་ཡང་། །མཇུག་ཏུ་རྒུད་པས་གདུངས་པར་འགྱུར་། །ཚང་ཚིང་མང་དང་ལྡན་པ་
ཡིས། །ས་ཕྱོགས་ཚིག་པར་འགྱུར་བ་བཞིན། །གང་ཞིག་སྐྱེ་དགུ་འཚོ་བྱེད་པ། །དེ་ནི་ལས་ཉིད་སྟོན་པར་བྱེད། །བྱིས་པ་གནས་ས་མ་བྱེ་བར། །ནུ་ཞོ་འཐུང་བ་སུ་ཡིས་བསྟེན། །གང་ལ་ཞེ་འགྲས་ཡོད་པ་ཡི། །དགྲ་བོ་དེ་དང་གཞར་མི་འགྲོགས། །ཟ་བས་བག་ཙམ་བརྗོད་པ་ཡིས། །སྒྲ་
གཅན་འཛིན་གྱིས་ཉི་མ་ཟིན། །བྱ་བ་ཉམས་ཀྱིས་མི་ལྕོགས་པ། །གཞན་གྱིས་རྦད་ཀྱང་བྱར་མི་རུང་། །དགེའོ་དགེའོ་ཞེས་སྨྲས་པས། །མེ་ཡི་ནང་དུ་སུ་ཞིག་མཆོང་། །ཅི་ནས་བདག་དམུས་མ་བྱུང་བའི། །ལས་ཀྱིས་སྦྱོར་བ་རྣམས་བྱ་སྟེ། །གསང་བར་འདི་ནི་སློབ་མ་རྣམས། །བློན་པོ་
ཉིད་དུ་འགྱུར་དམ་ཅི། །ཕོངས་པ་ལས་གང་བྱེད་པ་སྟེ། །རྣལ་མར་འདུག་པས་བྱར་མི་རུང་། །མཛེ་ཅན་མེར་ནི་འཇུག་ཅེས་ཏེ། །དེ་ཅི་གཞན་གྱི་སྨན་ཡིན་ནམ། །གང་གིས་འཇིག་རྟེན་འདི་དང་ནི། །གཞན་དུ་སྡུག་བསྔལ་མི་འགྱུར་བ། །འདི་འདྲ་བ་ཡི་ཚུལ་དེ་ནི། །ཤིན་ཏུ་ཡུན་
རིང་དུས་སུ་སྤྱད། །གང་དག་རྒས་རབ་མི་བསྟེན་པ། །དེ་དག་གཙུག་ལག་མཁས་མི་འགྱུར། །གཟུ་ལུམས་ཅན་གྱི་སྤྱོད་པ་རྣམས། །དགོས་བ་མྱུར་དུ་ཉམས་པར་འགྱུར། །ཧ་ཅང་སོག་ལ་ཞེན་པ་ཡི། །བདོག་པ་གཞན་གྱི་དོན་དུ་འགྱུར། །སྦྲང་མས་འབད་དེ་བསགས་པ་ཡི། །སྦྲང་རྩི་

གཞན་དག་སྤྱོད་པར་སྣང་། །ངན་པ་རྣམས་དང་བཤེས་འདོད་པ། །ཕུང་བ་ཁོ་ནར་འགྱུར་བར་ཟད། །ཆུ་བོས་དྲུང་ནས་ཟོས་པ་ཡིས། །ལྗོན་ཞིང་འགྲེང་ཡང་འགྱེལ་དང་འདྲ། །ཕན་སྐྱབས་ཆེ་ལ་བརྟེན་ན་ནི། །ཆུང་ཡང་བཙན་པོ་ཉིད་དུ་འགྱུར། །རི་རབ་བཙན་ལ་བརྟེན་
བའི་བྱ། །གསེར་གྱི་མདོག་ཏུ་འགྱུར་ཞེས་གྲགས། །ཁང་བཟངས་ཟོ་མདོག་གྱ་གྱུ་མེད། །ཀླན་ཀ་མི་ཚོལ་འཇར་ལ་ཕན། །སྒྲུབ་པའི་འབྲས་བུ་ཡོད་པ་ཡི། །གྲོགས་པོ་རྣམས་ལ་ལྷ་ཡང་དགའ། །མང་པོ་རྣམས་ནི་འཇིང་དྲིལ་ནས། །ལོངས་སྤྱོད་ཕྱིར་ནི་དཔུང་འཆང་བ། །ཆགས་པའི་
དབང་གིས་ཕུང་འགྱུར་ཏེ། །ནས་དང་བྲལ་བའི་སྲིན་བཞིན་ནོ། །དོན་རྣམས་ཀུན་ལ་མི་གསལ་བའི། །ངན་པ་རྣམས་ནི་འཛིངས་བསྡོངས་ནས། །གོ་འཕང་ཐོབ་ཀྱང་རླག་འགྱུར་ཏེ། །སྲིན་བུར་བའི་ཁར་ཕྱིན་བཞིན། །ཡུལ་ངན་བཤེས་ནི་ངན་པ་དང་། །ཆུང་མ་ངན་དང་འཁོར་ངན་དང་། །རྒྱལ་པོ་
སྐྱེ་བོ་ངན་སྤོང་བ། །དེ་དག་རྟག་ཏུ་བདེ་བ་འཐོབ། །སྐྱེས་བུ་མཁས་པ་གཅིག་རྐྱ་ཡང་། །འདོད་པའི་དོན་མཆོག་གྲུབ་པར་འགྱུར། །རི་དགས་རྒྱལ་པོ་གཅིག་པུ་ཡིས། །གླང་ཆེན་དྲེགས་ཁྱུའི་གླད་པ་འགེམས། །མང་པོ་ཚོགས་པར་གྱུར་པ་ཡི། །ནང་ན་འདུག་ན་གཞན་དག་གིས། །དེ་འདིར་ཟད་ཅེས་
མི་རྩི་བ། །སྐྱེས་བུ་ཐ་ཤལ་ཡིན་སྙམ་བྱེད། །རང་དོན་བསྒྲུབ་པར་འདོད་པ་ཡིས། །རྟག་ཏུ་སྐྱབས་ཆེན་བཙལ་བར་བྱ། །གང་དག་རྒྱ་མཚོ་ཆེར་ཕྱིན་ན། །རང་གི་མིང་ཡང་མི་གླེང་ངོ་། །རང་བཞིན་ངན་པའི་སྐྱེ་བོ་དང་། །ཤིན་ཏུ་མཛའ་བོར་བྱས་ཀྱང་ནི། །མར་མེའི་མེ་ལྕེ་ཚ་བ་བཞིན། །ཉིད་ཀྱི་རང་བཞིན་མི་
འདོར་རོ། །ཁོན་ཆེན་ཞགས་པས་ཕན་ཚུན་དུ། །གླགས་པའི་སེམས་དང་ལྡན་པ་རྣམས། །འཆི་འཕོ་སྐྱེས་ནའང་དེ་དག་ལ། །ཁོན་ཆེན་དེ་བཞིན་རྗེས་སུ་འབྲང་། །དཔེར་ན་སྦྲུལ་དང་ནེའུ་ལེ་དང་། །བྱ་རོག་འུག་པ་མ་ཧེ་རྟ། །ཚེ་རབས་གཞན་ལ་བསྒྲུབས་པ་གང་། །དེ་མི་འདི་ལ་མི་སྣང་ངམ། །
ཁྲོ་བ་ལ་ནི་བརྟེན་རྣམས་ཀྱིས། །རང་གི་དོན་ཡང་མི་རིགས་པས། །མཁས་པས་རྣམ་པར་མ་བརྟགས་པར། །ཁྲོ་བའི་ཡུལ་སུ་མི་བྱའོ། །གང་ལ་བཟོད་པའི་རང་བཞིན་ཆུ། །ཁྲོ་བའི་མེ་ནི་ཞི་བྱེད་བ། །གདུལ་བའི་ཐབས་ཀྱི་མཆོག་ཡོང་བ། །དེ་ལ་དགྲ་རྣམས་ག་ལ་སྡང་། །གཡུང་དྲུང་ཆོས་ཀྱི་གོ་འཕང་

མཆོག །ལེགས་པའི་གཞི་ལ་མ་འབད་ན། །མཐོང་དང་མ་མཐོང་ཕུན་སུམ་ཚོགས། །ཆུ་ཡི་ཆུ་བུར་བཞིན་དུ་གཡོ། །སྙིང་ལ་ཡོད་པའི་གསང་ཚིག་རྣམས། །ངན་པ་རྣམས་ལ་སྤེལ་མི་བྱ། །བྲང་འགྲོ་གདུག་པ་ཁྲོས་པ་བཞིན། །དེ་ལ་དེ་ཡིས་གནོད་འགྱུར་སྲིད། །བློ་ལྡན་གང་ཞིག་རྩོམ་པ་ཀུན། །ཆོས་
གཙོར་བྱེད་པའི་དཔལ་ལྡན་པ། །དེ་ལ་འདི་དང་གཞན་དུ་ཡང་། །བདེ་བར་འགྱུར་བ་ཐེ་ཚོམ་མེད། །ཐབས་མཁས་ཆོ་གར་ལྡན་པ་ལ། །དགྲ་རྣམས་ཀྱིས་ནི་རྫི་མི་འགྱུར། །ཆོ་ག་རབ་ཏུ་སྦྱར་ལེགས་ན། །དུག་ཀྱང་བདུད་རྩི་ཉིད་དུ་འགྱུར། །དགྲ་བཅོམ་ཕྱོགས་དང་བྲལ་བ་ཡིས། །སེམས་ཀྱི་གནོད་
པ་ག་ལ་སྤོང་། །མཚོན་ཆག་གཡུལ་ངོར་ཆེར་ཞུགས་པ། །གདོན་མི་ཟ་བར་ཕམ་པར་འགྱུར། །གྲོགས་མི་བདོག་པ་འགས་ཀྱང་ནི། །དགྲ་དཔུང་གཞོམ་པར་དཀའ་བར་འགྱུར། །ཚང་ཚིང་ཉུང་ཟད་བསྲེགས་པ་ཡི། །མེ་ཡང་རླུང་ལ་ལྟོས་དགོས་སོ། །བདག་དང་གཞན་ལ་མི་ཕན་པའི། །
ཕྱུག་པོ་བཀྲེན་དང་ཅིས་མི་མཚུངས། །བུད་ཤིང་རྣམས་དང་ཕྲད་པའི་མེ། །བུད་ཤིང་བསྲེགས་ནས་ཤི་བ་བཞིན། །གཞན་གྱིས་བཟུང་བའི་བུད་མེད་དག །རུམ་དུ་བཅུག་སྟེ་ཉལ་བ་ནི། །ལྕགས་ཀྱོ་མེད་པར་གླང་པོ་ཆེ། །མྱོས་པའི་རྒྱབ་ཏུ་ཞོན་པས་ཐུ། །གང་ཞིག་རྟག་ཏུ་སྨད་འཚོང་མའི། །
བུད་མེད་རྣམས་ལ་གླ་འཇལ་བ། །སྟོན་ཀའི་ཆུ་བོའི་རྩ་ལག་བཞིན། །དེ་ཡི་ཕུན་སུམ་ཚོགས་པ་འགྲིབ། །བློ་ལྡན་སྤྱོད་ལམ་ཞི་བ་ཡི། །ལུས་ཀྱི་ཕན་པ་འགྲུབ་པར་བྱེད། །ཆུ་སྐྱར་སྤྱོད་ལམ་ཞི་བ་ཡིས། །སྤྱོད་པས་ཉ་རྣམས་འབྱིན་པར་བྱེད། །བདོག་པ་རིགས་པས་ཉེར་བསྒྲུབས་ཤིང་། །
འཇིག་རྟེན་ཀུན་ལ་ཕན་འདོགས་གང་། །དེ་ནི་འཇིག་རྟེན་ཐམས་ཅད་ཀྱིས། །སྤྱི་ལ་མེ་ཏོག་ཕྲེང་བཞིན་བཀུར། །འཇིག་རྟེན་འདི་ན་མཁས་པ་གང་། །དགྲ་རྣམས་སྙིང་ནར་འཇུག་འདོད་པ། །ངེས་ཀྱང་བདག་ཉིད་རྟག་པར་ནི། །ཡོན་ཏན་རྣམས་དང་ལྡན་པར་བྱ། །གང་ཞིག་གཞན་དག་བརླག་
བྱ་ཞེས། །ཁྲོས་བའི་མེ་ཡིས་རང་རྒྱུད་སྲེག །ཡོན་ཏན་ལྷུར་ལེན་མི་བྱེད་པ། །དེ་དག་ནམ་ནམ་ཞར་ཞར་ཕུང་། །གང་ལ་རང་གི་ཤེས་རབ་མེད། །དེ་ལ་བསྟན་བཅོས་མི་བྱར་ཡོད། །མིག་གཉིས་དང་ནི་བྲལ་བ་ལ། །མེ་ལོང་གིས་ནི་ཅི་ཞིག་བྱ། །སྦྲུལ་ལ་འོ་མ་བླུད་པ་ནི། །དུག་འཕེལ་

འགྱུར་བ་ཁོ་ནར་ཟད། །ངན་པ་རྣམས་ལ་གདམས་པ་ཡང་། །ཚིག་པ་ཟ་འགྱུར་ཞི་མི་འགྱུར། །ཡོན་ཏན་མཆོག་ལྡན་མི་རྣམས་ནི། །སྙིང་དང་ཡིད་ཀྱང་འདྲེན་བར་བྱེད། །མཁས་པ་ཡོན་ཏན་ལྕགས་ཀྱོ་ཡིས། །ལམ་ལོག་གླང་ཆེན་དྲངས་ཏེ་བཀོལ། །འཇིག་རྟེན་ཀུན་
གྱི་དཔལ་འདི་ནི། །ཡིད་ཀྱིས་ལག་ཏུ་འོངས་དང་འདྲ། །དཔའ་བོ་ཚམ་ཚོམ་མེད་རྩོམ་པ། །མཐུ་སྟོབས་ཅན་གྱི་དབང་དུ་འགྱུར། །དཔལ་གྱི་འགྲོ་བ་བཟང་མོ་འདི། །འདི་དང་རང་དབང་མེད་པར་འདུག །མཐུ་རྩལ་ལྡན་པའི་སྐྱེས་མཆོག་གིས། །ལག་ནས་དྲངས་པ་བཞིན་དུ་སྦྱོད། །གང་
ཞིག་འབྱུང་པོ་ཐམས་ཅད་ལ། །རྟག་ཏུ་བདག་དང་འདྲར་བྱེད་པ། །མཛའ་བཤེས་འཕེལ་བ་འདི་ལ་ནི། །ཕུན་སུམ་ཚོགས་པའི་ཚོ་བ་མེད། །བཙན་ལ་མི་འགྱུར་ཐབས་མཁས་ཤིང་། །སྐྱེ་དགུ་རྣམས་ཀྱི་གདུང་བ་སེལ། །ཀུན་ལ་སྙིང་བརྩེར་བཅས་པ་ཡི། །མི་དབང་རྣམས་ནི་སྤྲིན་དང་འདྲ། །གནམ་
ལ་སྤྲིན་ཆེན་དལ་སྙོམས་པ། །ས་ལ་ལོ་ཏོག་ཀུན་གྱི་གསོས། །བཟོད་ཆེན་གྲིབ་མར་ལྡན་པ་ཡི། །ལྗོན་ཤིང་སྐྱེ་དགུའི་གདུང་བ་སེལ། །མི་ཡི་ཆོས་ལུགས་ལེགས་སྤྱད་ན། །ལྷ་ཡུལ་བགྲོད་པ་ཐག་མི་རིང་། །ལྷ་དང་མི་ཡི་ཐེམ་སྐས་ལས། །འཛེགས་ན་ཐར་པ་གམ་ན་འདུག །དོན་གྱི་བསྟན་
བཅོས་ལུགས་ཆེན་པོ། །དོན་མང་ཕྲེང་བ་བརྒྱུས་པ་ལས། །གཅེས་པའི་སྙིང་པོ་མདོར་བསྡུས་པ། །ཤེས་རབ་བརྒྱབ་འདི་ཡིན་ནོ། །གང་ཞིག་གཞན་དྲིང་མི་འཇོག་པར། །ཤེས་རབ་རྩལ་གྱིས་འཚོ་འདོད་པ། །དེ་ཡིས་ཕྱོགས་འདི་བརྟག་བྱས་པས། །རང་གཞན་དོན་དུ་སྤྱད་པ་སྤྱོད། །བྱང་ཆུབ་སེམས་
དཔའི་དང་པོ་རབ་ཏུ་དགའ་བ་བརྙེས་ཤིང་། ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བའི་དོན་རྟོགས་པ། དེ་བཞིན་གཤེགས་པ་ཡེ་ཤེས་འབྱུང་གནས་འོད་ཅེས་བྱ་བར་ལུང་བསྟན་པ། སངས་རྒྱས་གཉིས་པར་གྲགས་པ། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་ཤེས་རབ་བརྒྱ་བ་ཞེས་བྱ་བའི་རབ་ཏུ་
བྱེད་པ་བརྒྱ་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་སརྦ་ཛྙཱ་དེ་བ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ནཱི་ཏི་ཤཱསྟྲ་པྲཛྙཱ་དཎྜནཱ་མ། བོད་སྐད་དུ། ལུགས་ཀྱི་བསྟན་བཅོས་ཤེས་རབ་སྡོང་

བུ་ཞེས་བྱ་བ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །མི་སྲུན་སྐྱེ་བོ་གདུལ་བར་བྱ། །ཡོན་ཏན་ཅན་ནི་བཀུར་བར་བྱ། །དྲང་པོའི་སྤྱོད་པས་དཀོར་མཛོད་དགང་། །རང་གི་ཡུལ་འཁོར་བསྐྱང་བར་བྱ། །བདག་གི་གསང་དང་གཞན་གྱི་གསང་། །རང་གི་བུ་གཅེས་བཞིན་བསྲུངས་ནས། །ས་
རྣམས་ལ་ནི་སྙོམས་གྱུར་པའི། །མི་ནི་གཅེས་པ་རབ་གཅེས་འགྱུར། །ཆུང་མ་ངན་དང་འཛའ་བོ་ངན། །རྒྱལ་པོ་ངན་དང་ཉེ་དུ་ངན། །ཁྱིམ་མཚེས་ངན་དང་ཡུལ་ངན་རྣམས། །ཐག་རིང་དུ་ནི་སྤང་བར་བྱ། །གྲོགས་པོ་ནོར་དད་ཆེ་བ་སྤང་། །ཆུང་མ་ལོག་གཡེམ་དད་ཆེ་སྤང་། །བཀུར་དཀའ་སོ་མི་
མཁས་པ་ཡི། །དེ་ལྟ་བུ་ཡི་སྨན་པ་སྤང་། །བྱེ་བྲག་ཕྱེད་བའི་བློ་ལྡན་ཡང་། །བྱ་བ་གྲོས་ཀྱིས་བསྒྲུབ་པར་བྱ། །འགྲུབ་འགྱུར་ཁོ་ནར་མ་ཟད་གྱི། །མ་འགྲུབ་ན་ཡང་མཛེས་པ་ཡིན། །བརྟན་ཞིང་འཇམ་ལ་ཚིག་ཉུང་གང་ཡིན་པ། །དེ་ལ་ཤིན་ཏུ་ཤིན་ཏུ་བག་བྱ་སྟེ། །ཉི་མ་སྤྲིན་བུག་ནང་ནས་
བྱུང་བ་ཡི། །འོད་ཟེར་ཤིན་ཏུ་ཚ་བར་གྱུར་པ་བཞིན། །བརྟན་རྣམས་སྡུག་བསྔལ་མྱོང་གྱུར་ཀྱང་། །ཡིད་ནི་གདུང་བར་མི་བྱེད་དེ། །ཟླ་བ་སྒྲ་གཅན་ཁར་ཞུགས་ནས། །འཆར་བར་ཅི་ག་མི་བྱེད་དམ། །ཀུན་དགའ་ར་བའི་ཕྲེང་རྒྱུད་ལྟར། །མེ་ཏོག་རྒྱས་པ་བཏུ་བྱ་ཡི། །ཇི་ལྟར་སོལ་བ་མཁན་
བཞིན་དུ། །རྩ་ནས་བཅད་པར་མི་བྱའོ། །གསུག་དང་རྒྱལ་པོའི་བཀའ་དྲིན་དང་། །སྨད་འཚོང་གླ་དང་ལེགས་བརྗོད་དང་། །གྲུ་ཡི་གླ་དང་གནས་ཀྱི་སྐལ། །འདི་ཉིད་དུ་ནི་བླང་བྱ་སྟེ། །དྲུག་པོ་ཡུན་རིང་ཐོབ་མི་འགྱུར། །རིག་སྔགས་ལོག་པར་ཤེས་པ་དུག །ནད་ལ་བཏང་སྙོམས་བྱས་པ་
དུག །རྒན་པོས་གཞོན་ནུ་བསྟེན་པ་དུག །དབུལ་པོ་ཉིན་པར་ཉལ་བ་དུག །དམ་པ་མང་པོ་ཁས་འཆེས་མི་བྱེད་ལ། །གལ་ཏེ་དཀའ་བས་ཁས་ནི་བླངས་གྱུར་ན། །རྡོ་ལ་རི་མོ་བྲིས་བ་ལྟ་བུར་ནི། །ཤི་ཡང་གཟན་དུ་བྱེད་པར་མི་འགྱུར་རོ། །དུས་སུ་དགྲ་དམ་འདུམ་བར་བྱ། །དུས་སུ་བཤེས་དང་
འཐབ་བར་བྱ། །བྱ་དང་མི་བྱའི་ཚོད་ཤེས་བས། །མཁས་པས་དུས་ནི་འདའ་བར་བྱ། །ཁ་ཡི་ཉེས་པས་ཕུང་འགྱུར་ཏེ། །ནེ་ཙོ་རི་སྐེགས་ཏི་ཏི་ར། །མི་སྨྲ་ཆུ་སྐྱར་མིས་མི་འཛིན། །ཐམས་ཅད་འགྲུབ་བྱེད་མི་སྨྲ་ཡིན། །ཆས་བཞག་བསྟར་བར་དགྲ་བོ་གདུལ། །གོས་ངན་གྱིས་ནི་ཆུད་མ་

གདུལ། །སྨྱུང་བ་བྱས་པས་ནད་རྣམས་གདུལ། །གོམས་པ་ཡིས་ནི་མ་རིག་གདུལ། །རང་གི་སྤྱོད་པ་སྦ་བར་བྱ། །འདམ་གྱི་ནང་དུ་ལུས་བཅུག་པའི། །གལ་ཏེ་མྱུ་གུས་མ་བོས་ན། །པདྨའི་རྩ་བ་སུ་ཡིས་རྙེད། །གལ་ཏེ་མངོན་སུམ་གྱུར་ཀྱང་ནི། །མི་སྲིད་དངོས་པོ་སྨྲ་མི་བྱ། །
རི་མོ་ལ་གནས་རྨ་བྱ་ཡིས། །ཇི་ལྟར་ནོར་བུ་ཟ་བར་བྱེད། །གང་ཞིག་ཡིད་ལ་གནོད་བྱེད་འདོད། །དེ་ལ་རྟག་ཏུ་སྙན་ཚིག་བརྗོད། །རྔོན་པ་རི་དགས་གསོད་མཐོང་ཚེ། །ཡིད་འོང་གླུ་སྙན་ལེན་པ་བཞིན། །བསམ་པ་གང་དང་གང་གིས་ནི། །མི་རྣམས་ཡིད་ནི་ཡང་དག་སྦྱོར། །དེས་ན་དེ་ཡི་དབང་དུ་
འགྱུར། །སྣ་ཚོགས་ནོར་བུ་ཇི་བཞིན་ནོ། །གཞན་གྱི་ཁུ་ཚུར་འཚོ་བ་བླ། །ནག་ན་ཤིང་ཤུན་གྱོན་བ་བླ། །མི་རྣམས་ཤི་བར་གྱུར་ཀྱང་བླ། །ཉིན་རེ་བཞིན་ཏུ་བརྙས་ཐབས་མིན། །མ་བརྙས་མི་ཡི་རྩ་བ་ཡིན། །བརྙས་པའི་ནོར་གྱིས་ཅི་ཞིག་བྱ། །ང་རྒྱལ་དྲེགས་པས་རབ་བཅོམ་པའི། །ནོར་དང་སྲོག་
གིས་ཅི་ཞིག་བྱ། །བྱ་བ་མི་ལྕོགས་རྩོམ་པར་བྱེད་པ་དང་། །ཚོགས་དང་འཁོན་ཞིང་སྟོབས་ལྡན་དག་ལ་རྒོལ། །བུད་མེད་ལ་ནི་ཡིད་བརྟན་བྱེད་པ་སྟེ། །འཆི་བདག་བཞི་པོ་སྒོ་ཡི་དྲུང་ན་སྡོད། །རྒྱལ་པོ་ངན་པ་ཡོད་མ་མཐོང་། །མཛའ་བོ་གཡོན་ཅན་ཡོད་མ་མཐོང་། །འདོད་ལྡན་ཆུང་མ་ཡོད་མ་
མཐོང་། །སྐྱེ་བོ་སྡིག་ཅན་ཡོད་མ་མཐོང་། །གང་ཞིག་ཀུན་དུ་བགྲོད་བྱ་ལོད་པ་དེ། །རང་ཡུལ་ཆགས་པས་བརླག་པར་ཅི་ཕྱིར་བྱེད། །སྐྱེ་བོ་ངན་པ་བདག་གི་ཁྲོན་པ་ནི། །འདི་ཡིན་ཟེར་ཞིང་བ་ཚྭ་ཅན་ཆུ་འཐུང་། །སྐྱེ་བོ་བློ་དཔངས་མཐོ་བ་ལ། །འདི་ན་བདེ་སྐྱིད་གཉིས་ཡོད་དེ། །འདུ་འཛི་ཐམས་ཅད་སྤངས་
བའམ། །འབྱོར་པ་ཤིན་ཏུ་རྒྱ་ཆེ་བའོ། །དཔལ་ནི་རྒྱབ་ཀྱིས་ཕྱོགས་གྱུར་ཅིང་། །རྩོལ་བ་དོན་མེད་ཉིད་གྱུར་པའི། །དམ་པ་དབུལ་བོར་གྱུར་པ་ལས། །ནགས་ལས་གཞན་དུ་བདེ་བ་མེད། །དམ་པའི་འགྲོ་བ་གཉིས་ཡིན་ཏེ། །མེ་ཏོག་དག་གི་མགོ་ལྕོགས་བཞིན། །འཇིག་རྟེན་ཀུན་གྱིས་སྤྱིར་བཀུར་
བའམ། །ནགས་ཉིད་དུ་ནི་དེངས་པར་བྱ། །ངང་གིས་སྐད་ཡིག་འཇིག་པ་ཡི། །ཚེ་ཡི་སྙིང་པོ་འདི་ཡིན་ཏེ། །མཇའ་དང་མཁས་དང་ཤེད་མ་བྱེ། །ལྷན་ཅིག་བག་ཡངས་གནས་པའོ། །བསགས་ན་གྲོགས་འཁར་འཕེལ་འགྱུར་ལ། །སྤྱད་ན་མིག་སྨན་ཟད་འགྱུར་ལྟར། །དུས་ལས་འགོད་པ་

ཆུང་འགྱུར་བ། །དེ་ཉིད་ཁོ་ན་མཁས་པ་ཡིན། །གྲོགས་འཁར་དང་ནི་སྦྲང་རྩི་དང་། །ཟླ་བ་ཚེས་པ་ཡར་གྱི་ངོ་། །རྒྱལ་པོའི་ནོར་དང་སྦྲང་པོའི་ནོར། །ཅུང་ཟད་ཅུང་ཟད་བསགས་པས་འཕེལ། །ཧ་ཅང་སྲེད་པར་མི་བྱ་སྟེ། །སྲེད་པ་ཆེ་ལ་ཉེས་པ་འབྱུང་། །ཧ་ཅང་སྲེད་པས་རྨོངས་བྱས་ན། །ཅེ་
སྤྱང་གཞུ་མཆོག་གཙུག་ཏོར་བཞིན། །བྱ་བའི་དོན་དུ་རྗེས་སུ་འབྲང་། །བྱས་ཟིན་པ་ལ་བརྟེན་མི་བྱེད། །བློ་ངན་ཞོ་ཡི་རྣ་བ་ཅན། །བསྲུང་བར་བྱ་བ་ཁྱོད་ཀྱིས་བཅོམ། །རབ་ཏུ་གྲགས་པ་འགྲོ་མི་བྱ། །བདག་ཉིད་ཀྱིས་ནི་མངོན་སུམ་བྱ། །བིལ་བ་ཆུ་ནང་ལྷུང་བ་ཡིས། །ནགས་ཚལ་སྟོང་པར་
ཕྱུར་ལ་ལྟོས། །གནད་དུ་འཕོག་པའི་ཚིག་མི་བརྗོད། །ཤིན་ཏུ་གནོད་པའང་བརྗོད་མི་བྱ། །སྐྱེས་བུ་དང་ནི་མཚོན་ཆ་ཡི། །ཕ་རོལ་དག་ནི་ཤེས་པར་བྱ། །དགྲ་བོའི་བུ་ནི་སྙན་པར་སྨྲ་ན་ཡང་། །མཁས་བ་ཡིས་ནི་བཏང་སྙོམས་མི་བྱ་སྟེ། །དུག་ལོ་ཤིན་ཏུ་མི་བཟད་ཡིན་པས་ན། །དེ་ཉིད་དུས་
གཞན་དག་ཏུ་གནོད་པ་སྐྱེད། །གང་ཞིག་དགྲ་བོ་དག་ལ་ཡང་། །གཡོ་མེད་སེམས་ཀྱིས་ཕན་བྱེད་པ། །དེ་ལ་དགྲ་བོ་ཐམས་ཅད་ཀྱང་། །ཐལ་མོ་སྦྱོར་བ་ཉིད་དུ་བྱེད། །དགྲ་བོ་ཟིལ་གནོན་འདོད་པ་ཡིས། །བདག་ཉིད་ཡོན་ཏན་གྱིས་བསྟོད་ཀྱི། །གནོད་སེམས་ངན་པས་ཅི་ཞིག་བྱ། །དེས་ནི་
བདག་གནོད་དགྲ་ལ་མིན། །མི་སྲུན་སྐྱེ་བོ་ཞི་བས་མིན། །དེ་དང་འཚམ་པའི་རྩུབ་པས་བསྟེན། །བུ་ནི་མི་བསྒྲུངས་པ་དག་ལ། །ཕན་འདོད་པ་ཡིས་མི་བསྡིགས་སམ། །ཇི་སྲིད་ལམ་ནི་མཐོང་བ་དང་། །ཇི་སྲིད་རྐང་པ་བརྟན་པ་དང་། །ཇི་སྲིད་ཤེས་རབ་མ་ཉམས་པ། །དེ་སྲིད་རང་གི་
ཕན་པ་གྱིས། །རྣམ་པ་ཀུན་དུ་རང་ཕན་སྤྱད་བྱ་ཡི། །འགྲོ་མང་ནང་དུ་གནས་པས་ཅི་ཞིག་བྱ། །སྐྱེ་བོ་ཐམས་ཅད་ཡོངས་སུ་མགུ་འགྱུར་བ། །དེ་འདྲའི་ཐབས་ནི་གང་ཡང་ཡོད་མ་ཡིན། །གཞན་ལས་ཚོལ་ཞིང་ཟས་ཞིམ་འདོད། །སློང་མོས་འཚོ་ཞིང་ཁེངས་པ་ཆེ། །བསྟན་བཅོས་ཤེས་མེད་རྩོད་པར་འདོད། །
ཁྱོད་ཀྱི་དེ་གསུམ་བཞད་གད་རྒྱུ། །ནགས་བསྲེགས་པ་ཡི་མེ་ལ་ནི། །རླུང་གིས་གྲོགས་སུ་འགྱུར་བ་ཡིན། །དེ་ཉིད་མར་མེ་འཇིག་བྱེད་པས། །ཉམ་ཆུང་བ་ལ་བཤེས་ཡོད་མིན། །གཞན་ལ་གནོད་པ་མ་བྱས་དང་། །དམན་ལ་འདུད་པ་མ་བྱས་ཤིང་། །དམ་པའི་ལམ་ནི་མ་སྤངས་གང་། །ཉུང་བ་དེ་ནི་

མང་པོ་ཡིན། །ནད་ཀྱི་འཇིགས་པ་མ་བྱུང་ཞིང་། །དམ་པ་དག་དང་འགྲོགས་པར་བརྩོན། །དམན་པའི་ཚིག་ནི་མ་སྨྲས་པའི། །ཉིན་གཅིག་ལོ་བརྒྱ་བས་མཆོག་ཡིན། །དམན་པས་གང་ཚེ་ནོར་ནི་ཅུང་ཟད་རྙེད། །འགྲོ་བ་ཐམས་ཅད་བརྙས་པའི་བརྒྱ་ལ་ལྡན། །དམ་པ་ནོར་གྱི་འབྱོར་བ་ཐོབ་གྱུར་
ཀྱང་། །སཱ་ལུ་སྨིན་པ་ལྟ་བུར་ཤིན་ཏུ་འདུད། །རིགས་རུས་དམའ་བའི་སེམས་ཅན་དག །ནོར་རམ་རིག་པ་རྙེད་གྱུར་ན། །འགྲོ་བ་ཀུན་ལ་རྩྭ་སྙམ་སེམས། །པགས་པ་སྔོན་པོའི་ཝ་བཞིན་ནོ། །ནོར་རམ་རིག་པར་ལྡན་གྱུར་ན། །དམན་པ་རྣམས་ནི་དྲེགས་པར་འགྱུར། །གོ་འཕང་གཉིས་པོ་དེ་དག་གིས། །
མཁས་པ་ཤིན་ཏུ་དུལ་བར་འགྱུར། །བོགས་མེད་ཚོང་དང་འཁོར་ལྡན་དག་ལ་འཚེ། །སློང་ཞིང་འགྱིང་ལ་ནོར་མེད་འདོད་ལ་དགའ། །བུད་མེད་གཞོན་ལ་ཚིག་རྩུབ་སྨྲ་བ་སྟེ། །སྐྱེས་བུ་ལོག་པར་སྤྱོད་པ་དེ་ལྔའོ། །རྨ་བྱ་སོ་པའི་ཚ་བས་གདུངས་གྱུར་ཀྱང་། །མཁའ་དཀྱིལ་ཆར་གྱི་རྒྱུན་ལ་རེ་བླ་ཡི། །
རྫིང་བུ་རྙོག་པ་ཅན་གྱི་ཆུ་ངན་ལ། །དྲེགས་པས་བསྟོད་བའི་མགྲོན་པ་མ་གདུད་ཅིག །ཏི་ཏི་ར་ནི་ཟིལ་པ་ཡི། །ཐིགས་པས་སྤོག་ནི་འཛིན་བྱེད་ཀྱང་། །བསླ་ངན་གཏུགས་བའི་འཇིགས་པ་ཡིས། །བརྒྱ་བྱིན་ལ་ཡང་མི་སློང་ངོ་། །དེ་ཉིད་ཤེས་ན་སློབ་དཔོན་ཅི། །ནད་པོས་སྨན་པ་ག་ལ་དགོས། །ཆུ་བོ་
བརྒལ་ན་གྲུ་པས་ཅི། །ཆགས་བྲལ་བྱད་མས་ཅི་ཞིག་བྱ། །ངན་པ་ཇི་སྲིད་ཉམ་ཆུང་བ། །དེ་སྲིད་བར་དུ་རང་བཞིན་བཟང་། །སྟོན་ཀ་ཡི་ནི་ཆུ་བོའི་ཆུ། །སྐྱེ་བོ་ཀུན་གྱིས་བགྲོད་པ་བླ། །གང་དུ་བྱི་པས་མཛོད་པ་བྱེད། །བྱི་ལས་མར་ནི་བསྲུང་པ་དང་། །ཁྭ་ཡིས་ཕྱག་ཚང་བྱེད་པ་ཡི། །དངོས་དེ་ལ་ནི་སྨོས་ཅི་
དགོས། །གང་ན་ཞལ་ཏ་བྱེད་པ་མང་། །ཐམས་ཅད་མཁས་པར་ང་རྒྱལ་ཆེ། །ཀུན་ཀྱང་གཙོ་བོ་བྱེད་འདོད་པ། །དེ་ཡི་ཚོགས་རྣམས་འཇིགས་པར་འགྱུར། །ཉིན་པར་འཁྲིག་དང་ཉིན་ཉལ་དང་། །ཆང་གསར་ཞོ་ནི་གཞོན་ནུ་འཐུང་། །ཤ་སྐམ་བུད་མེད་རྒན་ཉལ་ཏེ། །འདི་དྲུག་ལུས་ཀྱི་སྟོབས་
འཕྲོག་པའོ། །གང་ཞིག་ཁྲོ་ནའང་འཇིགས་མེད་ལ། །དགའ་ནའང་ཕན་འདོགས་མི་ནུས་པ། །ཚར་གཅོད་བསྡུ་བ་མེད་འགྱུར་བའི། །དེ་ཁྲོས་པས་ནི་ཅི་བྱར་ཡོད། །ནད་དང་ཕངས་དུས་བྱུང་བ་དང་། །མུ་གེའི་ཚེ་དང་དགྲས་འཇིགས་དང་། །རྒྱལ་པོའི་སྒོ་དང་གཤིན་རྗེའི་གནས། །དེ་རྣམས་

ཀུན་གྱི་གཉེན་པོར་འགྱུར། །དགོས་པའོ་དོན་དུ་འཇིག་རྟེན་སྒྲུབ། །དམ་པའི་དོན་དུ་དེ་དག་མིན། །བེའུས་འོ་མ་ཟད་མཐོང་ནས། །བ་ནི་རིང་དུ་སྤང་བ་བཞིན། །སྡུག་པ་དང་བྲལ་རང་མིས་བརྙས་པ་དང་། །བུ་ལོན་མང་ཞིང་ངན་པ་དག་ལ་བརྟེན། །དབུལ་བོར་མཐོང་ནས་མཛའ་བོས་སྤངས་པ་སྟེ། །
མེ་མ་ཡིན་པས་ལུས་སྲེག་དེ་ལྔའོ། །མི་མཐུན་ཆུང་དུ་འཕེལ་བ་ལ། །མི་གང་ཞི་བར་མི་བྱེད་པ། །སྦྲང་རྩིའི་ཐིགས་པ་འཛག་པ་དང་། །ཡུལ་འཁོར་འཇིག་པར་འགྱུར་པ་བཞིན། །གང་ཞིག་རིགས་ལྡན་དེ་བཞིན་བརྟེན་པ་དང་། །དམ་པ་ཕངས་ཀྱང་ཡོན་ཏན་གཏོང་མི་བྱེད། །ཉི་མའི་རང་བཞིན་
ཚ་བས་གདུངས་ཀྱང་ནི། །ཁ་བ་གྲང་བའི་རང་བཞིན་གཏོང་མི་བྱེད། །སྡིག་པ་ཟད་འདོད་བདེ་བར་གཤེགས་ལ་དད། །སྐལ་བ་ཟད་འདོད་སྐྱེ་བོ་ངན་དང་བསྟེན། །རིགས་རྒྱུད་ཟད་འདོད་ཀླན་ཞིང་ལྐུགས་པ་སྐྱེ། །འབྲུ་རྣམས་ཟད་འདོད་ཕོ་བའི་མེ་དྲོད་སྐྱེ། །འདོད་པས་ལོང་བས་སྡིག་མི་མཐོང་། །དམུས་ལོང་
གིས་ནི་གཟུགས་མི་མཐོང་། །དྲེགས་པ་ཡིས་ནི་སྐྱོན་མི་མཐོང་། །བདག་ལྟས་དེ་ཉིད་མི་མཐོང་ངོ་། །རྒྱལ་པོ་ཡུར་ཆུ་འཁྲི་ཤིང་དང་། །བུད་མེད་དམུས་ལོང་ལྔ་པོ་ནི། །གཡོན་ཅན་བློ་ཡིས་ཇི་ལྟར་ཁྲིད། །ཁྲིད་རྣམས་གཞན་གྱི་དབང་དུ་འགྱུར། །བདེ་བའི་རྗེས་ལ་སྡུག་བསྔལ་ཏེ། །སྡུག་བསྔལ་རྗེས་ལ་བདེ་བ་ཡིན། །མི་
རྣམས་ཀྱི་ནི་བདེ་སྡུག་དག །འཁོར་ལོ་བཞིན་དུ་འཁོར་བར་བྱེད། །མ་མཐོང་བ་དག་མདུན་དུ་ལྷགས། །སླར་ཡང་མ་མཐོང་བ་རུ་སོང་། ཁྱོད་ཀྱི་དེ་ཅི་ཁྱོད་ཀྱང་ཅི། །དེ་ལ་མྱ་ངན་སུ་ཞིག་བྱེད། །ཇི་ལྟ་ཇི་ལྟར་ཤིང་དག་ནི། །རྒྱ་མཚོ་ཆེ་ལ་མཉམ་འགྲོ་བ། །དབའ་རླབས་ཀྱིས་ནི་སོ་སོར་ཕྱེ། །དེ་ལ་
མྱ་ངན་སུ་ཞིག་བྱེད། །བློ་གྲོས་ཆེ་ལྡན་ཁྲོ་བས་ཤུགས་ལས་རྒྱལ། །སྐྱེ་བོ་ངན་པ་ཁྲོ་བས་མོད་ལ་ཕམ། །ཕམ་པས་ཕམ་པར་བྱས་པའི་བློ་ངན་དག །བློ་ལྡན་དག་དང་ལྷན་ཅིག་ཅི་ཕྱིར་འགྲན། །ཕ་བོང་འབད་པ་ཆེན་པོ་ཡིས། །རི་ཡི་རྩེ་མོར་འདེགས་པར་ནུས། །ཅུང་ཟད་ཙམ་གྱིས་དེ་
སྐུར་བ། །རང་གི་སྐྱོན་ཡོན་དེ་དང་མཚུངས། །མེ་གང་བྱ་བ་མ་ཡིན་པའི། །བྱ་བ་ལ་ནི་སྦྱོར་བྱེད་པ། །དེས་ནི་ངེས་པར་ཕུང་འགྱུར་ཏེ། །ཁྱིའུ་འབྱིན་པའི་སྤྲེའུ་བཞིན། །རང་གི་ཕྱོགས་ནི་ཡོངས་སྤངས་ནས། །གཞན་གྱི་ཕྱོགས་ལ་དགའ་བ་གང་། །དེ་ནི་ངེས་པར་བརླག་འགྱུར་ཏེ། །རྒྱལ་

པོ་རབ་དམར་ཇི་བཞིན་ནོ། །མཁའ་ལ་སྐར་མཁན་དག་གིས་རྩིས་བྱས་ན། །ཟླ་བ་དང་ནི་སྐར་མའི་ལམ་རྣམས་ཤེས། །ཁྱིམ་ན་མི་དང་ཁྱིམ་ཐབ་ལོག་པ་དག །སྣ་ཚོགས་སྤྱོད་པ་དེ་ནི་མཐོང་མ་གྱུར། །རྙོག་མེད་ཆུ་ནང་ཟླ་ཚེས་སྣང་གྱུར་པ། །པདྨའི་རྩ་བ་ལེན་པར་
ཁྱོད་བྱེད་གྱུར། །ངང་པ་ཆུ་དང་འོ་མ་འབྱེད་ཤེས་པའི། །ཁྱོད་ཀྱི་བློ་གྲོས་དེ་རིང་གང་དུ་སོང་། །མི་གང་བྱ་བ་ཆེན་པོ་གང་། །ཅུང་ཟད་བྱེད་པར་འདོད་ན་ཡང་། །དེ་ནི་བསྒྲིམས་ནས་རབ་བྱ་སྟེ། །སེང་གེའི་ལས་གཅིག་ཡིན་པར་བཤད། །ཇི་ལྟར་རྒྱལ་སྲིད་བསྐྱང་པ་དང་། །བསྡོ་པའི་དགྲ་
རྣམས་འདུལ་བ་དག །འབངས་ལ་རེ་བ་མ་འཇོག་པར། །ཞལ་བཞུགས་ཚེ་ན་སྨྱུར་ཏེ་མཛོད། །སྙིང་དུ་སྡུག་པའམ་གཞན་གང་ཞེས། །སེམས་ཡང་བ་དག་རྩེ་བར་བྱེད། །སྤྱོད་པ་རྒྱ་ཆེན་ལྡན་པ་དག །ས་ཡི་དཀྱིལ་འཁོར་ཐམས་ཅད་གཉེར། །རྟག་ཏུ་སྙན་ཚིག་སྨྲ་བ་ཡི། །རྒྱལ་
པོས་སྐྱེ་དགུ་བྲིད་པར་སླ། །ཕན་ཚིག་སྨན་དང་འདྲ་བ་དེ། །ཉན་པ་བས་ཀྱང་སྨྲ་བ་དཀོན། །གལ་ཏེ་ཆོས་དོན་རྟོགས་པ་ཡིས། །ཞལ་ཆེ་ལམ་སྲང་སྐྱོན་ན་ནི། །འགྲོ་བ་བློ་ལྡན་གཅིག་གྱུར་ཀྱང་། །དེ་ལས་བདག་ནི་རྣམ་པར་རྒྱལ། །ནོར་མཉམ་ནུས་པ་མཉམ་པ་དང་། །གནད་ཤེས་
འབད་རྩོལ་ཆེ་བ་ཡི། །འཁོར་གྱིས་ངེས་པར་གནོད་འགྱུར་གྱི། །གང་དགྲས་མི་ཕུང་དེ་ཡིས་ཕུང་། །ཆུ་ཡི་ནང་ནས་མེ་འབར་ན། །མེ་དེ་གང་གིས་ཞི་བར་བྱེད། །སྐྱོབ་པ་ལས་ནི་འཇིགས་པ་བྱུང་། །འཇིགས་པ་དེ་ལས་དུ་ཡིས་སྲུང་། །མ་བསྐུལ་མི་སྙན་དགྲ་སྟོན་ལ། །བསྐུལ་ནས་
སྙན་པ་མི་སྒྲོགས་ལ། །འཇིག་རྟེན་རྔ་ཟླུམ་དང་འདྲ་ལ། །དེ་ལྟར་བསྐུལ་ཞིང་སྒྲ་སྙན་སྒྲོགས། །ས་བདག་འདོད་ལ་ཆགས་པས་ཕན་དང་གནོད་པ་ཤེས་མི་འགྱུར། །ཇི་ལྟར་རང་དགར་རང་སྤྱོད་མྱོས་པའི་གླང་ཆེན་བཞིན་དུ་སྤྱོད། །དེ་འོག་འགྱོད་པས་རབ་གདུངས་ཉམ་ངའི་མྱ་ངན་གཡང་
སར་ལྷུང་། །དེ་ཡིས་འཁོར་ལ་ཉེས་པ་བགོད་བྱེད་རང་གི་སྐྱོན་མ་རིག །རྩོད་དུས་རྒྱལ་པོ་ནོར་ཚོགས་ཐོབ་པ་ལས། །སྲོག་ནི་སྲུང་གི་ནོར་ནི་གཏང་བར་བྱ། །ཇི་ལྟར་ཤན་པས་ལུག་གི་བལ་བྲེགས་ནས། །སྲོག་ཐར་བྱས་པ་རྙེད་བ་ཆེ་བ་བཞིན། །རྩ་བ་བྲང་འགྲོ་རྩེ་མོ་མཁའ་ལྡིང་དང་། །ཡལ་

ག་སྤྲེ་འཇོགས་མེ་ཏོག་བུང་བས་བསྐོར། །གང་ཞིག་གདུག་པའི་སེམས་ཅན་གནས་བཅས་པ། །ཙན་དན་ཤིང་དེ་ལ་ནི་བསྙེན་དུ་མེད། །གང་གིས་ཐབས་ཀྱིས་ཕ་རོལ་གནོན། །ནུས་པས་མ་ཡིན་ཐབས་ཀྱིས་དེ། །བྱ་རོག་གིས་ནི་གསེར་ཕྲེང་གི །སྦྲུལ་དག་གསད་པར་གྱུར་ལ་ལྟོས། །གང་ལ་བློ་ཡོད་དེ་
སྟོབས་ལྡན། །བློ་མེད་སྟོབས་ཀྱིས་ཅི་ཞིག་བྱ། །ཅི་ཞིག་སེང་གེ་སྟོབས་དང་ལྡན། །རི་བོང་གིས་ནི་སྲོག་དང་ཕྲལ། །བྱ་བའི་ཐབས་ཀྱིས་གྲོགས་བྱེད་ན། །བློ་ལྡན་དག་ལ་དྲི་བར་བྱ། །ཕུན་སུམ་ཚོགས་པས་སྨོས་ཅི་དགོས། །ཕུང་གྱུར་ན་ཡང་མཛེས་པ་ཡིན། །ཡོན་ཏན་ཚུལ་སྤྱོད་རང་
བཞིན་གསལ་བ་ཡིས། །སྐྱེ་བོ་ངན་པ་བཅོས་སུ་ག་ལ་རུང་། །ཚ་ཞིང་དྲོད་ཆེ་རྩུབ་པས་བསྒྲུབས་པ་ཡི། །བད་ཀན་ནད་བཞིན་ཤིན་ཏུ་འཕེལ་བར་འགྱུར། །སྙིང་ལ་ཁོན་དུ་གཟུང་བྱ་ཡི། །དེ་ལ་ཚིག་གིས་མི་བསྐུལ་བར། །དགྲ་བོའི་རྐང་པ་ནས་གཟུང་ཞིང་། །ཚིག་གི་མཚོན་ཆས་བསྣུན་པར་
བྱ། །ཇི་སྲིད་འཇིགས་པ་མ་བྱུང་བ། །དེ་སྲིད་འཇིགས་ལ་འཇིགས་པར་བྱ། །འཇིགས་པ་མངོན་དུ་བྱུང་བའི་ཚེ། །འཇིགས་མེད་ལྟ་བུར་གཞོམ་པར་བྱ། །བདེན་པ་ཞུགས་པར་གྱུར་པ་ལ། །སླུ་བྱེད་མཁས་པ་ཡིན་ནམ་ཅི། །པང་པར་བརྟེན་ཏེ་ཉལ་བ་ལ། །གསོད་པ་དེ་ཅི་དཔའ་
བོའམ། །གཞོན་ཡང་རྒན་པའི་ཉེ་བར་ཞི་ལ་དགའ། །མཁས་པར་གྱུར་ཀྱང་ཤེས་པའི་ང་རྒྱལ་མེད། །གཟི་བརྗིད་ཆེ་ཡང་བཟོད་ཅིང་དེས་པའི་ངང་། །ཇེ་མཐོར་ཕྱིན་ཡང་ང་རྒྱལ་དྲེགས་པ་མེད། །རྟག་ཏུ་སེམས་ཅན་ཕན་དགའ་རྣམས། །རིན་ཆེན་སྨོན་ལྟར་མཆོག་ཡིན་ཏེ། །
སྣུམ་ལ་ལྟོས་པར་མི་བྱེད་ཅིང་། །སྣོད་དང་སྡོང་བུ་ལ་ལྟོས་མིན། །སྨན་པ་ཟས་ནི་མ་ཞུ་དང་། །རྒྱལ་པོ་བརྫུན་དུ་སྨྲ་བ་དང་། །རིགས་ལྡན་སྡིག་པ་སྤྱོད་པ་སྟེ། །འདི་གསུམ་ཤིན་ཏུ་མི་རིགས་པའོ། །མཐུ་ཆེ་བ་དང་འགྲོགས་གྱུར་ན། །མཐོན་པོ་ཉིད་དུ་སུ་མི་འགྱུར། །མེ་ཏོག་
ཕྲེང་བར་འབྲེལ་པ་ཡི། །སྐུད་པ་མགོ་ལ་འདོགས་པར་བྱེད། །དུས་ལ་བབ་པར་སྟོན་པ་དང་། །གནས་སྐབས་བཅས་པར་སྨྲ་བ་དང་། །ཤིན་ཏུ་ངོ་མཚར་གྱུར་ལ་འགོད། །འཇིག་རྟེན་ཆེན་པོ་ཉིད་ཐོབ་འགྱུར། །བརྩོན་འགྲུས་བརྟུལ་ཕོད་བརྟན་པ་དང་། །སྟོབས་དང་བློ་གྲོས་ཕ་

རོལ་གནོན། །འབད་རྩོལ་ཡོན་ཏན་དྲུག་ལྡན་པ། །དེ་ལ་ལྷ་ཡང་འཇིགས་པ་སྐྱེ། །སྐྱོན་ཆད་དགྲ་བོ་ཕམ་པར་བྱས་པ་དག །མཛའ་བོར་འདོད་འོངས་པ་ལ་ཡིད་མི་བརྟན། །བྲག་ཕུག་འུག་པའི་ཚོགས་ཀྱིས་གང་བ་ལ། །བྱ་རོག་གིས་ནི་མེ་བཏང་བསྲེགས་ལ་ལྟོས། །
ཟད་པ་གཉིད་ལོག་འཇིགས་དང་འཁྲིག་པ་སྤྱོད། །མི་དང་ཕྱུགས་རྣམས་དེ་དག་མཉམ་པ་ཡིན། །ཆོས་སྤྱོད་པ་ཡི་མི་རྣམས་ཁྱད་པར་འཕགས། །ཆོས་མི་ཤེས་ན་ཕྱུགས་དང་ཅི་མི་མཉམ། །གང་ཞིག་ཆོས་ལ་སྨོད་པ་རྣམས། །ཉི་མར་འགྲོ་དང་འོང་ན་ཡང་། །དེ་ནི་མགར་བའི་སྦུད་པ་ཡིན། །དབུགས་
འབྱིན་ཀྱང་ནི་གསོན་མ་ཡིན། །སངས་རྒྱས་མགོན་པོ་ཡོངས་སྤངས་ཏེ། །ལྷ་གཞན་ལ་ནི་ཕྱག་བྱེད་པ། །བློ་ངན་གང་གཱའི་འགྲམ་དུ་ནི། །སྐོམ་ནས་ཁྲོན་པ་བྱེད་དང་མཚུངས། །ཡུལ་ནི་ཤིན་ཏུ་ཡུན་རིང་གནས་ཀྱང་ངེས་པ་ཁོ་ནར་འགྲོ་བར་འགྱུར། །འབྲལ་ལ་ཁྱད་པར་ཅི་ཞིག་ཡོད་ལ་འགྲོ་བ་རང་ཉིད་སྦྱོང་
མི་བྱེད། །དབང་མེད་འབྲལ་བས་ཡིད་ལ་ཡོངས་སུ་གདུང་བ་མཐའ་ཡས་སྐྱེད་པར་བྱེད། །འདི་དག་རང་གིས་སྦོང་ན་ཞི་བའི་བདེ་བ་མཐའ་ཡས་འཐོབ་པར་འགྱུར། །འདོད་པ་ཡིད་འོང་ཡིན་པ་བདེ། །འབྱོར་པ་མཉམ་དགའ་ཡིན་མོད་ཀྱི། །འོན་ཀྱང་འཚོ་བའི་འཇིག་རྟེན་འདི། །ནད་མེད་ཆང་འཐུང་ཁུར་པར་
མཚུངས། །འགྲོ་བའི་དྲི་མ་ཆགས་པ་འདྲ་བ་མེད། །གཞན་ལ་གནོད་པ་ཕྲག་དོག་འདྲ་བ་མེད། །མཛའ་བོ་སློང་མོ་པ་འདྲ་ཡོད་མིན་ཏེ། །གཏོང་དང་མཉམ་པའི་གཉེན་བཤེས་གང་ཡང་མེད། །ཤེས་རབ་དང་མཉམ་མིག་མེད་དེ། །རྨོངས་པ་དང་མཉམ་མུན་པ་མེད། །ནད་དང་འདྲ་བའི་དགྲ་མེད་
དེ། །འཆི་བ་དང་མཉམ་འཇིགས་པ་མེད། །དེ་བས་ཤིན་ཏུ་མི་བཟད་པའི། །འཆི་བ་ངེས་པར་འབྱུང་འགྱུར་བས། །འདོད་པ་རྣམས་ལ་སེམས་བཟློག་ལ། །དམ་པའི་ཆོས་ལ་དགའ་བར་གྱིས། །གྲོགས་པོ་འདི་ན་ནོར་དེ་ཡོད་ལེགས་པས། །ཡིད་བཞིན་ནོར་ཁྱེད་རྡོར་འགྱུར་ནོར་མ་བྱེད། །སྤུར་
ལོང་རྒྱན་གྱི་དམ་པར་བྱེད་འགྱུར་པ། །དེར་ནི་འདི་འདྲའི་ནོར་བུ་འཇིག་རྟེན་ཕུང་། །གང་ཞིག་ས་སྟེངས་འབྲུ་རྣམས་དང་། །གསེར་དང་ཕྱུགས་དང་ནད་མེད་རྣམས། །དེ་དག་ཀུན་གྱིས་གཅིག་མི་ངོམས། །དེ་ལྟར་ཤེས་ནས་ཞི་བར་གྱིས། །འབད་པས་བསགས་པའི་ནོར་ལ་ནི། །ཡང་དང་ཡང་དུ་

ཉུགས་པར་བྱེད། །བཀྲེན་པས་བྱི་བ་ཇི་བཞིན་དུ། །ནོར་རྣམས་སྡུག་བསྔལ་ཁོ་ནར་ཟད། །འཇིག་རྟེན་འཚོ་བ་བརྟན་མ་ཡིན། །ནོར་དང་ལོངས་སྤྱོད་བརྟན་མ་ཡིན། །བུ་དང་ཆུང་མ་བརྟན་མིན་གྱི། །ཆོས་དང་གྲགས་པ་སྙན་པ་བརྟན། །རྒྱལ་པོ་ནོར་སོགས་ངོམས་པ་མེད། །མཁས་པ་ལེགས་
བཤད་ཀྱིས་མ་ངོམས། །རྒྱ་མཚོ་ཆུ་ཡིས་ངོམས་པ་མེད། །འཇིག་རྟེན་སྡུག་ལ་བལྟས་མི་ངོམས། །མེ་ལ་ཤིང་གིས་ངོམས་པ་མེད། །བྱིས་པ་འདོད་པས་ངོམས་པ་མེད། །ཚུལ་ཁྲིམས་དག་དང་དུལ་བ་དང་། །སེམས་ནི་དུལ་བར་གྱུར་པ་དང་། །གང་ཞིག་དྲང་པོར་ཞུགས་པ་དག །
དེ་ལ་གནས་ན་ཅི་ཞིག་དགོས། །ཆོག་ཤེས་དབང་ཕྱུག་ལ་གནས་ན། །སྐྱེ་བོ་ངན་པའི་ས་དང་རིང་། །ལོངས་སྤྱོད་འདོད་པའི་སླེད་བས་བཅིང་། །གོམ་རེ་བརྙས་བ་ཐོབ་པར་འགྱུར། །ལུས་ཞེས་བྱ་བ་སྐྱོན་ལྡན་འདི། །ཡོན་ཏན་ཆེན་པོ་གཅིག་ཡིན་ཏེ། །གནས་སྐབས་གང་དང་གང་ཕྲད་པ། །
དེ་དང་དེར་འགྲོ་ང་གོར་བ། །ནགས་ཀྱི་གླང་པོ་རྩྭ་ལོ་ཟ་ཡང་སྟོབས་དང་ལྡན། །སྦྲུལ་ནི་ཟས་སུ་རླུང་ཟར་གྱུར་ཀྱང་སྦེགས་པ་མེད། །དྲང་སྲོང་རྩ་བ་འབྲས་བུ་ཙམ་གྱིས་དུས་འདས་བྱེད། །དེ་བས་ཁྲེལ་འཛེམ་ཆོག་ཤེས་ཁོ་ན་འབྱོར་པའི་མཆོག །ཚོད་མ་དག་དང་རྡུལ་མེད་པའི། །ཆུ་ཡི་
དགོན་པ་ག་ནའང་ཡོད། །ཟླ་བ་ཐུན་མོང་མར་མེ་ཡིན། །འབྱོར་པ་དག་གིས་ཅི་ཞིག་བྱ། །ཆོག་ཤེས་ངེས་པའི་བདག་ཉིད་ཅན། །འཚོ་བ་གང་ནའང་བཙལ་མི་དཀའ། །རྩྭ་དང་ལོ་མ་ཆུ་ཡི་གནས། །གང་ནའང་མེད་པ་མ་ཡིན་ནོ། །ནགས་མཆོག་སྟག་དང་གླང་པོའི་གཙོས་བསྟེན་པར། །རྩྭ་ཡི་
སྟན་བྱས་ཤིང་ཤུན་གོས་སུ་གྱོན། །ཤིང་གི་འབྲས་བུ་ལ་སོགས་ཟས་ཟ་བའི། །ནོར་མེད་ཉེ་དུའི་ཚོགས་ནང་གསོན་པ་མིན། །བཟང་པོའམ་ན་ནི་ངན་པ་ཡི། །སྦྱོར་བ་གང་ཡང་རུང་བ་ཡིས། །ལུས་ནི་ཤིན་ཏུ་བསྲུང་བྱ་ཡི། །ནོར་ལ་ཆགས་པས་ཅི་ཞིག་བྱ། །བསོད་ནམས་ཆེན་པོའི་རིན་གྱིས་
ནི། །ཁྱོད་ཀྱིས་ལུས་ཀྱི་གྲུ་ཉོས་པ། །ཇི་སྲིད་ཆག་པར་མ་གྱུར་པར། །སྡུག་བསྔལ་རྒྱ་མཚོའི་ཕ་རོལ་སོང་། །ཇི་སྲིད་སྡུག་པའི་དུས་ཀྱི་ཟླ་རྒྱས་པ། །འཆི་བདག་གཟའ་ཆེན་འདི་ཡིས་མ་རྙེད་པ། །དེ་སྲིད་བག་ཡོད་པར་ནི་གནས་བྱ་སྟེ། །རང་གི་བྱ་བ་དག་ནི་བྱ་བའི་རིགས། །གང་ཚེ་

འདུ་ཤེས་བྲལ་ཞིང་མིག་མ