Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 203
Văn bản gốc(Tây Tạng)
Trang 4 / 18 (50.000 ký tự/trang)
་དམར་སེར་དུ་སྣང་བ་དེ་ལྟ་བུའི་མཚན་མ་སྣང་བར་མཐོང་ན་དེ་ནི་རླུང་གིས་གཡོས་པ་ཞེས་བྱ་སྟེ། དེའི་ཕན་གནོད་ཀྱི་འབྲས་བུ་བསྟན་པ་ཉོན་ཅིག །དེའི་ཚེ་ཤེས་རབ་ཅན་བདག་གང་ཡང་མི་འགྲོ་བར་གོ་སྟེ། འདུག་ལ་མཚོན་ཆ་བསྐྱབ་ པའི་གཅན་རྩིག་པ་དང་། འོངས་བརྐོ་བ་གྱིས་ཤིག །རྒྱལ་པོ་ཕ་རོལ་པོ་དང་། མཚམས་གཅིག་ཏུ་འདུག་པ་དང་རྩོད་པར་འགྱུར་ཏེ། སྐྱེ་བོ་ལ་འཇིགས་པ་འབྱུང་བར་འགྱུར་རོ། །དེ་ལྟར་ས་གཡོས་པ་ཐམས་ཅད་ནི་ལྷག་པར་མི་རྣམས་ལ་གནོད་པ་འབྱུང་བར་བསྒྲགས་ཏེ། དེ་ལྟ་བུ་ནི་རླུང་གིས་གཡོས་ པ་ཞེས་བྱ་བའོ། །ཡང་ས་གཡོས་པའི་རྗེས་ལ་ཞག་བདུན་ཚུན་ཆད་དུ་དེའི་ཚེ་སྐར་མདའ་ཤིན་ཏུ་དྲག་པོ་ལྟུང་བ་དང་། ནང་ནུབ་ཀྱི་ཚེ་དམར་པོར་གྱུར་ལ། ཉི་མ་དང་ཟླ་བ་ཡང་དམར་པོར་སྣང་སྟེ། ཚུལ་དེ་ལྟར་མཐོང་ན་དེ་ནི་མེའི་ས་གཡོས་པ་ཞེས་བྱ་སྟེ། ཁྱིམ་རྣམས་བསྲུངས་ཀྱང་མེས་ཚིགས་བར་འགྱུར་རོ། ། དུ་བ་དང་། མེ་དང་། མཚོན་རབ་ཏུ་འབྱུང་བར་འགྱུར། ཟླ་བ་དགུར་ཆར་མི་འབབ་སྟེ། ཞིང་ཐ་བར་ལུས་པར་འགྱུར། དེ་ལྟར་ས་གཡོས་པ་ནི་ངན་ཅིང་མི་དགེ་སྟེ། མེའི་ས་གཡོས་པ་ཞེས་བྱའོ། །དེ་ལ་སྔ་དྲོས་གཡོས་ན་རྒྱལ་པོ་དང་། དམག་གི་དཔུང་དང་ལྡན་པ། རྟ་དང་། གླང་པོ་ཆེ་དང་། དམག་ དཔོན་དང་། བློན་པོར་བཅས་པ་ལ་མི་དགེའོ། །ཉི་མ་གུང་ལ་ས་གཡོས་ན་ནད་ཀྱི་འདེབས་སོ། །ཕྱི་མ་རེད་ས་གཡོས་ན་བ་ལང་དང་། ཕྱུགས་དང་། དམངས་རིགས་དང་། དེ་བཞིན་དུ་རྗེའུ་རིགས་རྣམས་ལ་གནོད་པར་འགྱུར་རོ། །ནད་པར་དང་། ཉི་མ་ནུབ་པ་དང་། ནམ་གྱི་གུང་དུ་ས་མཚམས་སུ་ས་གཡོས་ ན་རྐུན་པོ་དང་། གོས་དམར་པོ་གྱོན་པའི་མི་རྣམས་ལ་མི་དགེའོ། །མཚན་མོ་སྲོད་ལ་ས་གཡོས་ན་གནོད་པ་བྱེད་པ་དང་། མཐའ་འཁོབ་ན་གནས་པའི་རྐུན་པོ་རྣམས་དང་། མ་ནིང་རྣམས་དང་། མཚན་གྱུར་བ་རྣམས་དང་། ཕྱུག་པོ་རྣམས་དང་། ཚོང་སྦོགས་བྱེད་པའི་ཚོང་བ་དང་། ཞིང་རྨེད་པ་ལ་མི་དགེའོ། །ཟླ་ བ་མར་གྱི་དེའི་ནམ་གུང་ལས་གཡོས་ན་གཏུམ་པོ་དྲག་ཤུལ་ཅན་ངན་བྱེད་པ་རྣམས་ལ་མི་དགེའོ། །ཟླ་བ་ཡར་གྱི་ངོའི་ནམ་ཆུང་ལ་ས་གཡོས་ན་མཆོད་སྦྱིན་བྱེད་པའི་ཡོ་བྱད་དང་། བྲམ་ཟེ་མཆོད་སྦྱིན་བྱེད་པ་རྣམས་ལ་གནོད་པར་འགྱུར་རོ། །ས་གཡོས་ཀྱི་ལེའུ་སྟེ་ཉི་ཤུ་བཞི་པའོ།། །།ཉི་མ་ དང་ཟླ་བའི་འོད་དང་། གཟུགས་བརྙན་གྱི་མཚན་མ་བསྟན་པ། ཡུལ་གང་དུ་ཉི་མ་ཤར་བའི་ཚེ་ཉི་མ་དང་འདྲ་བར་ནམ་མཁའ་ལ་སྣང་ན་དེའི་ལྷོ་བྱང་གི་ཕྱོགས་ཀུན་དུ་ཉི་མའི་དཀྱིལ་འཁོར་གྱི་གཟུགས་རབ་ཏུ་གསལ་བ་ཡང་མ་ཡིན། །འོར་ཟེར་ཡང་མི་གསལ་ལ། སྤྲིན་གྱིས་ཀྱང་ནམ་ ཀུན་ཆོད་ན་དེ་ནི་ཆར་འབབ་པ་ཡིན་ཏེ། དབྱར་གྱི་ཚེ་ནི་ཉི་མ་འདྲ་བ་རྟག་པར་ཡང་འབྱུང་ངོ་། །དུས་འདི་མ་ཡིན་པ་དུས་གཞན་གྱི་ཚེ་ཉི་མ་འདྲ་བ་སྣང་ན་འཇིགས་པ་འབྱུང་བར་འགྱུར་རོ། །ཡུལ་གང་དུ་ཉི་མ་འདྲ་བ་དཀར་པོ་ཤར་ན་ཡུལ་དང་བྲམ་ཟེ་རྣམས་ལ་མི་རུང་ངོ་། །ཉི་མ་འདྲ་བའི་ཁ་དོག་དམར་པོ་ ཤར་ན་རྒྱལ་རིགས་རྣམས་དང་། མཚོན་ཆ་ཐོགས་པས་འཚོ་བ་ལ་གནོད་པར་ཤེས་པར་བྱའོ། །ཉི་མ་འདྲ་བ་ཁ་དོག་སེར་པོ་འམ་ཁ་དོག་སྔོན་པོར་འགྱུར་ན་རྗེའུ་རིགས་རྣམས་དང་། བ་ལང་དང་། ཕྱུགས་ཀྱིས་འཚོ་བའི་མི་རྣམས་ལ་གནོད་པར་ཤེས་པར་བྱའོ། །གལ་ཏེ་ཡུལ་གང་དང་གང་དུ་ཉི་མ་འདྲ་བ་ ཁ་དོག་ནག་པོར་ཤར་ན་དམངས་རིགས་རྣམས་ལ་གནོད་པ་དང་། ཆར་པ་ཆེར་འགྱུར་རོ། །གལ་ཏེ་ཉི་མའི་གཡས་རོལ་དུ་ཉི་མ་འདྲ་བ་བྱུང་ན་ལྷོ་ཕྱོགས་སུ་འཇིགས་པ་ཆེར་འབྱུང་། ཞག་བདུན་ཚུན་ཆད་ཆར་འབབ་པར་བཤད་དོ། །ཉི་མའི་བྱང་ཕྱོགས་ནི་ཉི་མ་འདྲ་བར་ཁ་དོག་དཀར་པོར་སྣང་བ་བྱུང་ན་དེ་ནི་བྱང་ ཕྱོགས་ཀྱི་རྒྱལ་པོ་ལ་འཇིགས་པ་ཆེར་འགྱུར། ཆར་མི་འབབ། མུ་གེ་འབྱུང་། །ཕན་ཚུན་དུ་འཐབ་པར་འགྱུར། གལ་ཏེ་ཡུལ་གང་དུ་ཉི་མའི་དཀྱིལ་འཁོར་དམར་བར་སྣང་ན་བཙོད་ཀྱི་ཁ་དོག་ལྟར་དམར་ལ། གལ་ཏེ་སྔོན་པོ་ཡང་སྣང་ན་ཟླ་བ་ལྔ་ན་རྒྱལ་པོ་འཆི་བར་འགྱུར་རོ། །དེ་ལྟ་བུ་བྱུང་ན་དེའི་རྗེས་ལ་ལྟས་ ངན་དྲག་པོ་འབྱུང་སྟེ། རྒྱལ་པོ་འཐབ་ཅིད་གསོད་པ་དང་། ཁྲག་དང་མཁྲིས་པའི་ནད་རྣམས་ཀྱང་འབྱུང་བར་འགྱུར་རོ། །ནམ་ཉི་མའི་དཀྱིལ་འཁོར་གྱི་ནང་ན་མེ་སྐྱེས་པའི་གཟུགས་འདྲ་བ་གོ་དང་བཅས་པ་གསལ་བར་སྣང་ན་ཟླ་བ་བཞི་ཚུན་ཆད་དུ་རྒྱལ་པོ་འཆི་བར་འགྱུར་རོ། །ཡུལ་དེར་རྒྱལ་པོ་སྡེ་དང་བཅས་ ཏེ་མ་རུང་བར་འགྱུར་རོ། །ཉི་མའི་དཀྱིལ་འཁོར་གྱི་ནང་ན་ཞགས་པ་སྔོན་པོ་དང་། སེར་པོ་དང་དམར་པོ་ཤར་བ་རྣམས་སྣང་བའི་ཚེ་ཟླ་བ་བཞིན་མིའི་དབང་པོ་མ་རུང་པར་འགྱུར་བ་དང་། ཡུལ་དུ་མི་ནད་ཀྱང་འབྱུང་སྟེ། འཇིགས་པ་ཆེན་པོ་ཤེས་པར་བྱའོ། །ནམ་ཉི་མའི་དཀྱིལ་འཁོར་ལ་རལ་གྲི་གྱེན་དུ་འགྲེང་ པ། ཨུཏྤལ་སྔོན་པོའི་འདབ་མ་དང་འདྲ་བ་ཆར་ཟུང་དང་བཅས་པ་གསལ་བར་སྣང་བ་དང་། གང་དུ་ཞགས་པར་སྣང་བ་དེ་ཉིད་ཀྱི་འབྲས་བུ་ཡང་འདིར་བསྟན་ཏེ། ཁྱད་པར་དུ་མི་མང་པོ་མཚོན་གྱིས་འཆི་བར་འགྱུར་རོ། །ཉི་མའི་དཀྱིལ་འཁོར་གྱི་ནང་ན་རིལ་བ་སྤྱི་བླུགས་ལྟ་བུའམ། རེང་རེང་པོའམ། ། ཕུབ་ལྟ་བུ་སྣང་ན་ཟླ་བ་གསུམ་ཚུན་ཆད་དུ་བྲམ་ཟེ་རྣམས་དང་། རྒྱལ་པོ་ལ་ཡང་གནོད་པ་འབྱུང་བར་སྟོན་ཏོ། །དེའི་ཚེ་ལོ་མ་རུང་པར་འགྱུར་བའི་ཆར་མོ་ཆེ་འབབ་པ་དང་། མུ་གེ་འབྱུང་བར་འགྱུར་རོ། །ཉི་མའི་དཀྱིལ་འཁོར་གྱི་ནང་ན། བསིལ་ཡབ་འདྲ་བ་དང་། །ཡང་ན་སྦྲུལ་འདྲ་བ་སྣང་ན་ཟླ་བ་གསུམ་ ན་ཡུལ་དུ་འཇིགས་པ་དྲག་པོ་འབྱུང་བར་སྟོན། མི་སྦྲུལ་གྱིས་ཟིན་པ་རྣམས་ཀྱང་སྦྲུལ་གྱི་དུག་ཕོག་པས་མེ་འཚོ་བར་འགྱུར་རོ། །ཉི་མའི་དཀྱིལ་འཁོར་གྱི་ནང་དང་། གལ་ཏེ་བྱ་རོག་ལྟ་བུ་སྣང་ངམ་འོན་ཏེ་བྱ་སྣང་ན་བྲམ་ཟེ་རྣམས་དང་། རྒྱལ་པོ་ལ་གནོད་པ་ཟླ་བ་ཕྱེད་དང་གསུམ་ན་འབྱུང་བར་འགྱུར་རོ། ཡང་ཉི་མའི་དཀྱིལ་འཁོར་གྱི་ནང་ན་བྱ་རྒོད་ཀྱི་གཟུགས་དང་། གཅན་གཟན་སྨྲི་གང་མ་ཏི་ཀའི་གཟུགས་ལྟ་བུ་སྣང་ན་ཟླ་བ་ཕྱེད་དང་གཉིས་ན་གནོད་པ་འབྱུང་ངོ་། །ལྦའི་གཟུགས་ལྟ་བུ་སྣང་ན་ཟླ་བ་གཅིག་ན་གནོད་པ་འབྱུང་ངོ་། །ལུང་བོད་གི་གཟུགས་ལྟ་བུ་སྣང་ན་ཞག་བཅུ་ན་གནོད་པ་འབྱུང་ངོ་། །ཡང་ཉི་ མའི་དཀྱིལ་འཁོར་གྱི་ནང་ན་དབྱིག་པ་ལྟ་བུའམ། གཏན་པ་སྦོམ་པོ་ལྟ་བུ་ཉི་མའི་ནང་ན་སྣང་ན་རྒྱལ་པོ་ཕན་ཚུན་གཅིག་པས་གཅིག་སྲིད་ཆེ་བས་བསྙེམས་པ་དང་། རྒྱ་མཚོ་བཞི་ལས་དབང་བའི་མིའི་དབང་པོ་དེ་ལྟ་བུ་ལ་མི་དགེ་སྟེ། འཇིགས་པ་མངོན་དུ་འབྱུང་བར་འགྱུར་རོ། །དེ་ལྟར་ལྟས་ངན་གྱི་འབྲས་བུ་ འབྱུང་བའི་དུས་ངེས་པ་བསྟན་པ་ལས་དུས་དེར་གནོད་པ་མ་བྱུང་སྟེ་མི་སྣང་ན་དེ་ནི་ལོ་གཅིག་ན་འབྲས་བུ་སུམ་འགྱུར་དུ་སྐྱེ་སྟེ། གནོད་པ་འབྱུང་བར་སྟོན་ཏོ། །ཟླ་བ་དུམ་བུར་ལྷགས་སམ། མདོག་གྱུར་ཏམ། གས་པ་དང་། ཟླ་བའི་གཟུགས་ཆེན་པོར་གྱུར་ཏམ། འཕྲོ་བ་དང་། རབ་ཏུ་གཡོ་བ་དང་། ཟླ་བ་ ཆོས་པའི་རྭ་མི་གསལ་བ་འདི་རྣམས་ལྟར་སྣང་ན་སྐྱེ་བོ་ལ་འཇིགས་པ་བྱུང་བའམ་སྐྱེ་བོ་ལ་འཇིགས་པ་འབྱུང་བར་འགྱུར་རོ། །ཟླ་བ་དེ་ལ་གཟའ་སྤྱང་ཀིས་ཐམས་ཅད་ཟིན་ན་ཡང་སྐྱེ་བོ་ལ་འཇིགས་པ་འབྱུང་བར་བཤད་དོ། །ཚུལ་འདི་དང་འདྲ་བར་ཉི་མ་ལ་གཟའ་ཞུགས་ཏེ། ཉི་མ་ཤི་ན་ཡང་ཟླ་བ་དང་འདྲ་བར་ བལྟ་ཞིང་བག་ཡོད་པར་ཡིད་ལ་བཟུང་ཞིང་ཤེས་པར་བྱའོ། །ཡང་ཟླ་བའི་མདོག་ཐལ་བ་འདྲ་བ་དང་། སྔོ་རེང་འདྲ་བ་དང་། ཟངས་འདྲ་བའི་མདོག་དང་། མདོག་སེར་པོ་དང་། སྐྱ་བོ་དང་། བྱི་རུའི་མདོག་ཏུ་སྣང་བ་དང་། ཟླ་བའི་མདོག་མི་གསལ་བ་སྣང་ན་མིག་ནད་ཀྱི་འཇིགས་པ་འབྱུང་ བ་དང་། མཚོན་གྱིས་འགྱེད་པ་དང་། ནད་ཀྱི་འཇིགས་པ་འབྱུང་བ་དང་། གཞན་ཡང་གནོད་པ་འབྱུང་བར་འགྱུར་རོ། །ཡང་ཟླ་བའི་མདོག་དཀར་ལ་སྣུམ་ཞིང་གསལ་བར་སྣང་ན་ཕྱོགས་སུ་བདེ་བ་དང་ཆར་ཆེ་བ་དང་ཞི་བར་འགྱུར་རོ། །དེ་ལྟར་ཟླ་བ་འགྲོ་བ་དང་། བྱ་བ་དང་། གནས་པ་དང་། ཟླ་བའི་ཚད་དང་། མདོག་ གྱུར་པ་དང་། ཚུལ་དང་། ཟ་བ་རྒྱུ་བ་ཡང་སེམས་ཅན་གྱི་བསོད་ནམས་ཡིན་པ་བྱས་པའི་འབྲས་བུ་མུ་གེ་དང་། མཚོན་དཀར་འགྱེད་པ་དང་། འཆི་བ་དང་། ཚོགས་འབྱུང་བའི་གནོད་པ་འབྱུང་བར་སྟོན་ཏོ། །མཚན་མོ་ཟླ་བ་ཚེས་པ་ནས་གཟའ་རྣམས་ཀྱིས་ཟླ་བའི་སྟེང་ན་ཕར་ཐལ་ཏེ་སོང་ན་དེ་རྣམས་ཀྱི་གནོད་ པའི་དམིགས་པ་སོ་སོར་བསྟན་ཏེ། སྤྱིར་ནི་རྒྱལ་པོ་དང་། མི་དམ་པ་མ་རུང་པར་འགྱུར་། ཆར་པ་ཀ་ཅང་ཆེ་བ་དང་། བླ་མ་མ་རུང་བར་འགྱུར་བ་དང་། རྒྱལ་སྲིད་མ་རུང་བར་སྤྱིར་སྟོན་ཏོ། །ཟླ་བའི་སྟེང་ན་པ་སངས་ཀྱི་མནན་ཏེ་སོང་ན་རྒྱལ་པོ་ངན་པ་མ་རུང་བར་འགྱུར་རོ། །ཟླ་བའི་ཐོག་ནས་མིག་དམར་དང་ སྤེན་པས་ནོན་ཏེ་སོང་ན་བཀྲིས་པས་འཇིགས་པ་དང་། ཁོན་དྲག་ཤུལ་ཅན་དུ་འབྱུང་བ་དང་། རབ་ཏུ་འཇིགས་པ་འབྱུང་བར་འགྱུར་རོ། །ཟླ་བ་ལ་ཕོད་མཇུག་རིངས་ཀྱི་ནོན་ཏེ་སོང་ན་མུ་གེ་དང་། མཚོན་གྱིས་འགྱེད་པར་སྟོན་ཏོ། །ཟླ་བ་ལ་གཟའ་ལག་གིས་ནོན་ཏེ་སོང་ན་ལོ་ལེགས་པ་དང་། བདེ་བར་ འགྱུར་རོ། །དེ་ལྟར་ཟླ་བའི་སྟེང་ན་ཕར་གཟའ་རྣམས་ཀྱིས་ནོན་ཅིང་ཕུག་སྟེ་སོང་བའི་འབྲས་བུ་དེ་ལྟར་བསྟན་པ་ཡིན་ནོ། །གཟའ་རྣམས་ཀྱིས་ཟླ་བ་ཕུག་སྟེ་སོང་བ་དེའི་འབྲས་བུ་ནི་ཟླ་བ་གཟས་ཕུག་པ་ལས་ཟླ་བའི་གཟུགས་ཆེར་སྐྱེས་ལ་འོད་ལྷག་པར་ཆེན་དེ་ནི་རྒྱལ་བ་ཞེས་བྱའོ། །གལ་ཏེ་ཕམ་པར་གྱུར་ཏེ། མཐུ་ རྩལ་བྲི་བ་ན་ཟླ་བ་འདར་ཞིང་གཡོན་ཕམ་པ་ཞེས་བྱའོ། །དེ་ལ་པ་བ་སངས་ཀྱིས་ཕུག་སྟེ་ཕུག་སྟེ་སོང་ན་ཡུལ་མན་ཏྲ་དང་། ཡུལ་བ་ན་ཏྲ་ཅལ་དང་། ཡུལ་མ་ག་དྷཱ་དང་། ཡུལ་ད་མོ་ཏྲ་དང་། ཡུལ་ཀུ་བ་ར་དང་། མར་གྱི་ཡུལ་དང་། ཡུལ་ས་ར་ག་ར་དང་། ཡུལ་ཁ་ཤ་དང་། ཡུལ་བུ་ལིན་ཏྲ་དང་། ཡུལ་ཀེ་ཀེ་ལ་ དང་། ཁ་ཆེའི་ཡུལ་དང་། པར་སིག་གི་ཡུལ་དང་། རི་ཁྲོད་ན་གནས་པ་རྣམས་དང་། བུད་མེད་རྒྱལ་མོ་བྱེད་པའི་ཡུལ་དང་། ཡུལ་ཨུ་བ་ཏྲི་ཏྲ་དང་། ཡུལ་ཨང་ག་དང་། ཡུལ་ཨུ་ཏུ་ཀུར་ཙ་དང་། ཡུལ་སུ་ཙ་དང་། ཡུལ་སུ་ཤི་ན་ར་དང་། ཡུལ་པུ་རུ་ཤ་དང་། ཡུལ་པུ་ལི་ན་ཏ་དང་། བལ་ཡུལ་དང་། བ་ལང་རྗི་ལ་སོགས་པ་རྣམས་དང་། ཡུལ་པྲ་ཏ་ན་དང་། ཡུལ་སྟ་ལ་ད་ན་དང་། བཅུ་ལ་གནས་པའི་མི་རྣམས་དང་། གངས་རིའི་ལྷོ་ཕྱོགས་ཀྱི་ངོས་ལ་གནས་པའི་མི་རྣམས་ལ་ཟླ་བ་བདུན་ཚུན་ཆད་ཀྱི་གཉེན་དང་བཅས་པ་རྣམས་མ་རུང་བར་འགྱུར་བ་འབྱུང་བར་འགྱུར་རོ། །ནམ་ཟླ་བ་འོད་གསལ་བ་ལ་ཕུར་ བུས་ཕུག་སྟེ་སོང་ན་ཡུལ་བ་ས་ཏ་དང་། ཡུལ་ས་ནི་དྷ་དང་། ཡུལ་ག་ན་དྷ་ར་དང་། རི་ཁྲོད་ན་གནས་པའི་མི་རྣམས་དང་། བག་ལེའི་ཡུལ་དང་། སོག་ལེའུ་ཡུལ་གྱི་ལུང་པའི་སྗོན་ནས་རི་ཁྲོད་པ་བརྒྱ་སྟོང་སྙེད་དང་། ཁ་ཆེ་ཡུལ་གྱི་མི་ལ་ཟླ་བ་བཅུ་ཚུན་ཆད་ཀྱིས་གནོད་པར་ཐེ་ཚོམ་མེད་པར་འགྱུར་རོ། ། ནམ་ཟླ་བའི་འོད་གསལ་བ་མིག་དམར་གྱིས་ཕུག་ན་རྒྱལ་པོ་ཡུལ་གཞན་དུ་འགྲོ་བའམ། རྒྱལ་སྲིད་བྱ་བར་བརྩོན་པའམ། རྒྱལ་སྲིད་བྱེད་པར་ཞུགས་པ་ལ་མ་རུང་བར་འགྱུར་རོ། །བཞོན་པའི་རྟ་རྣམས་ཟད་པར་འགྱུར། །ཕན་ཚུན་དུ་དབྱེ་ཞིང་གནོད་པ་དང་། དུག་དང་མཚོན་མང་པོས་མ་རུང་བར་ འགྱུར་། ཡུལ་ཨ་ཡོ་དང་། ཡུལ་པུ་ལིན་དང་། ཡུལ་ཀ་ལིང་ཀའི་རྒྱལ་པོ་རྣམས་དང་། ཡུལ་པུ་རི་དང་། ཡུལ་ཤ་ཀ་ཏི་མི་ཏའི་སྐྱེ་བོ་རྣམས་མ་རུང་བར་འགྱུར་རོ། །ཡུལ་ཏེ་ག་ར་ཏ་དང་། ཡུལ་མ་ལ་ཡ་བ་དང་། ཡུལ་ཀུ་ར་དང་། ཡུལ་པ་ཏད་ཙ་ར་དང་། ཡུལ་ཤི་བ་ཡའི་མི་རྣམས་དང་། དམག་དཔོན་རྣམས་དང་། མིའི་ཚོགས་རྣམས་དང་། དམག་གི་ཚོགས་རྣམས་དང་། དཔུང་དང་ལྡན་པའི་དུས་དང་། ངང་ཚུལ་ལ་སོགས་པ་དང་ལྡན་པའི་མི་རྣམས་དང་། ཡུལ་ལྷོ་ཕྱོགས་ན་གནས་ཤིང་རྟེན་པའི་མི་རྣམས་ལ་ཟླ་བ་དྲུག་གིས་འཇིགས་པ་འབྱུང་བར་སྟོན་ཏོ། །ནམ་ཟླ་བ་གཟའ་སྤེན་ པས་ཕུག་སྟེ་སོང་ན་བྲམ་ཟེ་གཙོ་བོ་དང་། རྒྱལ་པོ་གདུགས་ཐོགས་པ་འཐབ་མོའི་གཡུལ་དུ་འཇུག །འཐབ་པར་བྱེད། བློན་པོ་དང་བཅས། སྡེའི་གཙོ་བོ་དཔོན་ཚན་རྣམས་འཐབ་པར་འགྱུར། གྲོང་རྡལ་དང་། ཚོང་པ་ལམ་དུ་ཞུགས་པ་དང་། ཡུལ་ཨ་ཙུ་ཏའི་མི་དང་། ཡུལ་གོའུ་སའི་མི་དང་། ཡུལ་ ཨ་བི་ཤ་ཧའི་མི་དང་། ཡུལ་ག་ཤུ་ད་ཏྲའི་མི་དང་། ཡུལ་མ་ལ་བ་དང་། ཡུལ་ཨ་བིར་དང་། མྱ་ངན་རྣམས་དང་། ཡུལ་མང་བ་རྣམས་དང་། བ་ལང་དང་། བོང་བུ་དང་། རྔ་མོ་དང་། འདི་རྣམས་རྒྱལ་མཚན་དུ་བྱེད་པའི་ཡུལ་རྣམས་མ་རུང་བ་དང་། ཡུལ་རུས་པ་ཅན་དུ་འགྱུར་ རོ། །ཡུལ་དེ་རྣམས་ཀྱི་མི་ལ་ཟླ་བ་བཅུ་བཞི་ན་སྡིག་པ་ཞི་བ་དང་ལྡན་པ་ཡིན་ནོ། །ནམ་གཟའ་ལག་གིས་ཟླ་བ་ཕུག་ན་ལོ་ལེགས། ནད་མེད་ཆར་པ་ལེགས་པར་འབབ། སྐྱེ་བོ་ལ་གནོད་པ་མེད་ཅིང་བདེ་བ་དང་། ཞི་བར་འགྱུར་རོ། །ཟླ་བ་ཕོད་མཇུག་ར་རིས་ཀྱི་ཕུག་སྟེ་སོང་ལ། གལ་ཏེ་སྐར་ཐོད་ལས་ དུད་པ་འཐུལ་ན་མི་དཔའ་བོ་དང་། མཚོན་གྱི་འཚོ་བ་རྣམས་དང་། ཆོམ་རྐུན་བྱེད་པའི་མི་རྣམས་གཞན་གྱི་མཐུ་རྩལ་དང་། གནོད་པ་དང་། དྲག་ཤུལ་གྱིས་འཆི་བར་འགྱུར་རོ། །ཡང་གལ་ཏེ་ཟླ་བ་དེ་ལ་གཟའ་གཞན་གྱིས་འབུགས་ཤིང་ཟླ་བའི་ངོས་ལ་འདུད་ཅིང་རེག་པར་སོང་ན་མཚོན་གྱི་གནོད་པ་སྣ་ ཚོགས་མང་པོ་འབྱུང་ངོ་། །གལ་ཏེ་ཟླ་བའི་ནང་དུ་གཟའ་རྣམས་སོང་སྟེ་ནུབ་ན་རྒྱལ་པོ་འཆི་བ་དང་། ལུས་དང་ནོར་ཡང་མདུང་བར་འགྱུར་རོ། །ཡང་བཅས་པའི་བླ་སྐར་གྱི་ནང་དུ་གཟའ་སྤྱང་ཀི་ཞུགས་པའམ། །ཟླ་བ་ལ་གཟའ་སྤྱང་གི་ཞུགས་ལ་སྐར་མདའ་ཟླ་བ་ལ་ཕོག་ན་རྒྱལ་པོ་འཆིའོ། །ཟླ་བ་དང་ གཟའ་གཉིས་ཀྱི་འོད་ཟེར་ཕྲད་པ་དང་། གཟའ་ཟླ་བའི་ཐོག་ན་ཡར་ནོན་ཏེ་རེག་པར་སོང་ན་གསར་དུ་ཞུགས་པས་སྡན་གནས་པ་རྣམས་ཕམ་པར་བྱེད་དོ། རྒྱལ་པོས་སྐྱེ་བོ་རྣམས་འཇོམས་ཤིང་ཟ་བར་འགྱུར་རོ། །ཟླ་བ་མེ་ཏོག་པདྨ་དང་མེ་ཏོག་ཀུ་མུ་ད་དང་འདྲ། ཚེས་གྲངས་བཞིན་དུ་ཟླ་བ་སྐྱེ་ཞིང་ཤས་ ཆེར་སྣང་ན། དཀྱིལ་འཁོར་འོད་ཟེར་ལྡན་ཏེ་ཉམས་པ་མེད་པར་འགྲོ་བ་ཡིན། དེ་ལྟར་འོད་ཟེར་བསིལ་ལྡན་མི་རྣམས་རྒྱལ་བར་འགྱུར། ཟླ་བ་འཆར་ཞིང་འགྲོ་བར་བཤད་པའོ།། །།རྒྱུ་སྐར་དང་། རྒྱུ་སྐར་གྱི་ཁྱིམ་གྱི་ནང་དུ་གཟའ་མིག་དམར་ཞུགས་པའི་མཚན་མ་བསྟན་པ། རྒྱུ་སྐར་རྒྱུ་སྐར་ གྱི་ཁྱིམ་གང་ཡང་རུང་བའི་ནང་དུ་གཟའ་མིག་དམར་འོད་ཀྱི་མདོག་འཇམ་པ་དང་ལྡན་ཞིང་ཆེན་པོར་འགྱུར་ཏེ། ཟླ་བ་བརྒྱད་དམ། ཟླ་བ་བདུན་གྱི་བར་དུ་ཞུགས་ཤིང་འདུག་པ་ལས་འོད་ཀྱི་ཁ་དོག་དང་། བོངས་ཆེ་བ་ཉམས་ན་དེ་ནི་མི་དགེ་བ་ཡིན་ཏེ། རྒྱུ་སྐར་གང་དང་གང་གི་ནང་དུ་གཟའ་མིག་ དམར་ཞུགས་པ་དེ་ཉིད་ལ་གནོད་པར་འགྱུར་རོ། །གཟའ་མིག་དམར་ཚུལ་དེ་ལྟ་བུར་ཞུགས་པ་ནི་སྐྱེ་བོ་རྣམས་ལ་གནོད་པར་འགྱུར་རོ། །ཡང་གཟའ་མིག་དམར་ཡོན་པར་འགྲོ་ཞིང་འཇུག་པ་དང་། ཕྱིར་ཡང་འཁོར་ཞིང་ཞུགས་པ་དང་། མིག་དམར་གྱི་འོད་དང་མདོག་ཉམས་པ་དང་། གཟའ་མིག་དམར་ རྒྱུ་སྐར་དང་ཉེ་ཞིང་འོད་འདྲེས་པ་དང་། མིག་དམར་ལས་དུད་པ་འཐུས་པ་དང་། འབར་བ་དང་། མིག་དམར་གྱི་རྩེ་མོ་ལུས་འོད་ཟེར་དང་ལྡན་པར་འགྱུར་བ་དང་། ཕན་ཚུན་དུ་འཕོ་ཞིང་འགྲོ་བའམ། ལམ་གཅིག་ཏུ་འདུག་ལ་འོད་དམར་པོའམ། ཡང་ན་དུད་པ་མི་སྡུག་པ་ཆེར་འཐུལ་ན་གནོད་པ་བྱེད་འདོད་པ་དེ་ནི་རྒྱལ་པོ་འཆི་བར་འགྱུར་རོ། ཡང་ན་གཟའ་མིག་དམར་འོད་དམར་པོ་འབར་ན་འབྱུང་པོ་ཐམས་ཅད་པ་མི་རུང་བར་འགྱུར་རོ། །ཡང་ན་གཟའ་མིག་དམར་ནམ་མཁའ་ལ་རྒྱུ་ཞིང་ཤར་ནུབ་ལྟས་མེ་སྣང་བ་འགྲོ་ན། མི་རིགས་བཞི་རྣམས་འཇིགས་པར་འགྱུར། གང་དང་གང་གི་རྒྱུ་སྐར་ནང་དུ་ཞུགས་སོ། །དེ་ལྟར་མི་སྣང་ན་མི་དེ་དག་ལ་གནོད་པར་འགྱུར་རོ། །ནམ་གཟའ་མིག་དམར་རྒྱུ་སྐར་ དང་སྐར་མ་ཀུན་གྱི་ནང་དུ་འོད་ཀྱི་མདོག་བཟང་པོར་སྣང་ན། མི་རིགས་བཞི་ཐམས་ཅད་ལ་ཕན་པར་འགྱུར་རོ། །མིག་དམར་གྱི་མདོག་དང་། འོད་ཉམས་ན་མི་དགེ་སྟེ་ངན་པར་བལྟའོ། །ཡང་གཟའ་མིག་དམར་ཡོད་པར་འགྲོ་ཞིང་འཇུག་པ་ཚ་བ་ཞེས་བྱ་བ་དང་། གདོང་མཆི་མ་ཅན་ཞེས་བྱ་བ་དང་། སྦྲུལ་ཞེས་བྱ་བ་དང་། གདོང་དམར་པོ་ཞེས་བྱ་བ་དང་། མིག་དམར་ ཡོན་པོར་འགྲོ་བར་དྲག་ཤུལ་ཅན་ཞེས་བྱ་བ་དང་། དེ་བཞིན་དུ་གཏུན་བུ་ཞེས་བྱ་བ་དང་། མིག་དམར་ཤར་བ་རྒྱུ་སྐར་བདུན་གྱི་ནང་དུ་ཞུགས་པ་དང་། ཡང་ན་རྒྱུ་སྐར་དགུ་འམ་ཡང་ན་རྒྱུ་སྐར་བརྒྱད་ཀྱི་ནང་དུ་ཞུགས་པ་ལས་ཕྱིར་ལོག་ན་དེ་ནི་ཡོན་པོ་ཚང་བ་ཞེས་བྱའོ། །མིག་དམར་དེ་ལྟར་ཞུགས་པ་ལ་དེའི་ཚེ་ཁར་ཐོག་གི་ཐད་ཀའམ་ནགས་ཚལ་གྱི་ཏོར་ཏོའི་ ཀ་ནས་མིག་དམར་རྟག་ཏུ་རྒྱལ་བ་བཞིན་དུ་འདུག་ལ། །ནག་གུ་རིང་རིང་པོ་ཞིག་ཏུ་གྱུར་ན་རིམས་ནད་ཀྱང་འབྱུང་། རབ་ཏུ་དགའ་བ་མེད་པར་བྱེད། གང་དག་མིའི་ལས་ཀྱི་འཚོ་ཞིང་བཙོ་བ་དང་། སྲེག་པར་བྱེད་པ་དེ་དག་ཀྱང་མར་ཤོར་ཞིང་ཐར་པས་སྐྱེ་བ་ཟད་པར་འགྱུར་རོ། །རྒྱུ་སྐར་བཅུ་གཅིག་གམ་ལར་ན་རྒྱུ་སྐར་བཅུའམ་ཡང་ན་བཅུ་གཉིས་ཀྱི་ནང་དུ་ ཞུགས་ཏེ་འདུག་ན་དེ་ནི་གཟའ་དྲག་པོ་ཡོན་པོར་ཞུགས་པ་གདོང་འཆི་མ་ཞེས་བྱ་སྟེ། གཟའ་དེ་ལྟར་ཞུགས་པ་ན་སྤྲིན་དུ་ཆར་པ་འབབ་སྟེ། ཆར་ལེགས་པར་འབབ་ཀྱང་གཞན་གྱིས་གནོད་པ་བྱས་པས་ཕམ་པར་མི་འགྱུར། མིའི་ལུས་ཀྱི་སྲོག་གཟུང་ལྔ་ཡང་ནད་ཅན་དུ་འགྱུར་བ་དེའི་ཕྱིར་ན་ནད་དམར་པོ་འབྱུང་བས་མི་ཀུན་རེད་ཅིང་སྐེམས་པ་དང་། འཇིག་ རྟེན་དུ་མི་རྣམས་ལན་དམར་པོ་འབྱུང་འགྱུར་རོ། །རྒྱུ་སྐར་བཅུ་གསུམ་མམ་ཡང་ན་རྒྱུ་སྐར་བཅུ་བཞིའི་ནང་དུ་གཟའ་མིག་དམར་ཞུགས་པ་ལས་སླར་ལོག་ན་དེ་ནི་ཡོན་པོ་སྦྲུལ་ཞེས་བྱ་སྟེ། གླང་པོ་ཆེ་རྣམས་དང་། སྦྲུལ་པོ་ཆ་དང་། སྦྲུལ་རྣམས་ཀྱིས་གནོད་པ་བྱེད་པར་འགྱུར། །མཚོན་གྱིས་སྨས་པ་རྣམས་མི་འཚོ། །སྨན་དང་འབྲས་བུ་རྣམས་ དང་། ལྡུམ་བུ་རྣམས་ལེགས་པར་སྨིན་ཅིང་འཁྲུངས་པར་འགྱུར། །ཆར་སྙོམས་པར་འབབ། །ས་བོན་ཐམས་ཅད་རབ་ཏུ་འཁྲུང་ངོ་། །ཡང་རྒྱུ་སྐར་བཅོ་ལྔ་འམ། །བཅུ་དྲུག་གི་ནང་དུ་གཟའ་ཞུགས་ན། གང་འདྲག་ཤུལ་ཅན་དེ་གདོང་དམར་པོ་ཞེས་བྱ་སྟེ། རྒྱལ་པོ་ཕན་ཚུན་འཐབ་ཅིང་གཡུལ་བཀྱེ་སྟེ། མཚོན་གྱིས་སྨས་པས་དེའི་ཚེ་ཤ་ཁྲག་གི་ འདམ་དུ་འགྱུར་རོ། །ཡང་གཟའ་མིག་དམར་རྒྱུ་སྐར་བཅུ་བདུན་གྱི་ནང་དུ་ཞུགས་ཏེ། ཕྱིར་ལོག་ན་དེ་ནི་དྲག་ཤུལ་ཅན་དང་། གཏན་པུ་དྲག་པོ་ཞེས་བྱ་སྟེ། དེའི་ཚོ་ན་སྐྱེ་བོ་མང་པོ་རྣམས་སྙིང་རྗེ་མེད། སྙིང་བརྩེ་བ་མེད། བཀའ་ཁྲིམས་དང་། ཆོས་ལུགས་མེད་དེ། དེའི་དུས་ནི་སྐྱེ་བོ་རྣམས་གཅིག་ལ་གཅིག་རལ་གྲི་དང་། མདུད་བུས་འདེབས་ ཤིང་འཕེལ་བར་འགྱུར་རོ། །གཞན་ཡང་གཟའ་མིག་དམར་གཟའ་དྲུག་ཏུ་འཕོ་ཞིང་འགྲོ་བ་ཚངས་པ་སྐྱེ་དགུའི་བདག་པོ་ལྟར་རབ་ཏུ་སྟོན། དེ་ལྟ་བུ་ལ་མིག་དམར་དེ་སོང་ངམ། འདུག་གམ། ཡོད་དམ། མེད་དམ་བྱར་ཡང་མི་རུང་སྟེ། དེ་ལ་ནམ་ཟླ་བ་གསུམ་གྱི་བར་དུ་གཟའ་མིག་དམར་རབ་ཏུ་སང་ན་དེའི་ཆེ་སྐྱེ་བོར་མིས་ནད་ཀྱིས་མ་རུང་བ་དང་། སའི་བཅུད་ཟད་པར་འགྱུར་རོ། །གཟའ་མིག་དམར་བོངས་ཆུང་ངུ་འགྱུར། རྣམ་པར་གཟེར་བར་འགྱུར། རྣམ་པར་གནོད་པར་འགྱུར། དཀྱིལ་འཁོར་ཆུང་ངུར་འགྱུར་པར་ཡུལ་ཕྱོགས་གང་ན་སྣང་བ་དེའི་ཚེ་མིག་དམར་ཕན་པ་ཞེས་བྱ་སྟེ། དེ་ནི་ཡུལ་ཕྱོགས་སུ་གནོད་པར་འགྱུར་རོ། །གཟའ་མིག་དམར་དེ་ལྟར་གྱུར་ན་མེའི་ལས་དང་། མེ་ལ་རྗེད་པའི་ལས་བྱེད་པའི་མི་དང་། ཡུལ་མ་ལེ་བྱའི་མི་དང་། ཡུལ་ཀུ་ཤའི་མི་དང་། ཡུལ་ཉ་ཤའི་མི་དང་། ཡུལ་བི་ཏིའི་མི་དང་། ཡུལ་ས་ལད་མའི་མི་རྣམས་དང་། ཡུལ་ལ་བའི་མི་དང་། ཡུལ་མོག་ཏུའི་མི་དང་། ཡུལ་ལྷའི་རྗེད་པའི་མི་རྣམས་དང་། ཡུལ་མོ་གུ་ར་དང་། ཡུལ་མེའི་དབང་པོ་ཞེས་བྱ་བ་དང་། ཡུལ་སྦར་ཞེས་པ་འདི་ རྣམས་ལ་གཟའ་གཞན་གྱིས་གཟའ་མིག་དམར་ཕམ་པར་བྱས་ནས་ཡུལ་དེ་རྣམས་ཀྱི་མི་ལ་གནོད་པར་འགྱུར་རོ། །གཟའ་མིག་དམར་འཇུག་པ་བསྟན་པའོ། །ཨཱ་རྱ་ཤ་རུ་ཀ་རྞའི་ནང་ནས་གཟའ་སྐར་གྱི་ལྟས་འབྱུང་བ་བཏུས་པ། ལྟས་དང་མཚན་མ་དགེ་བར་གྱུར་ཅིག །རྫོགས་སོ།། །། ༄༅། །རྒྱ་གར་སྐད་དུ། ཡུ་དྷ་ཛ་མཱ་རྞ་བ་ཏནྟྲ་རཱ་ཛ་སྦ་རོ་ད་ཡ་ནཱ་མ། བོད་སྐད་དུ། གཡུལ་ལས་རྣམ་པར་རྒྱལ་བ་ཞེས་པའི་རྒྱུད་ཀྱི་རྒྱལ་པོ་དབྱངས་འཆར་བ་ཞེས་བྱ་བ། འཕགས་པ་འཇམ་དཔལ་གཞོན་ནུར་འགྱུར་པ་ལ་ཕྱག་འཚལ་ལོ། །རྗེ་བཙུན་ཡི་ཤེས་འོད་ཟེར་གྱིས། འགྲོ་བ་མུན་པར་ལྡོངས་པ་རྣམས། །རྨོངས་པ་ཐར་མཛད་འདྲེན་པའི་གཙོ། །ཞི་བ་ཉི་ཟེར་གུས་ཕྱག་འཚལ། །དཔལ་ལྡན་ཀཻ་ལཱ་ས་རི་ལ། །ལྷ་མཆོག་བཅོམ་ལྡན་འདས་བཞུགས་ཏེ། །ལྷ་མོ་གངས་རིའི་སྲས་མོ་ཡང་། །མྱུར་དུ་གཙོ་བོ་མཉེས་བྱེད་བརྩོན། །གྲུབ་པའི་ཚོགས་མཉམ་ ཐམས་ཅད་དང་། །ཐུབ་པའི་ཚོགས་རྣམས་འོངས་ཤིང་འདུས། །འཇིགས་རྟེན་དོན་གཉེར་འདུས་པ་ཀུན། །སྟོན་པའི་མདུན་ན་མཉམ་འདོད་འཁོད། །ལྷ་མོས་གསོལ་པ། །བཅོམ་ལྡན་ལྷ་ཡི་ལྷ་མཆོག་གཙོ། །རི་བོང་ཅན་ནི་སྤྱི་བོར་འཛིན། །དབང་ཕྱུག་ཆེན་པོ་ཡི་ཤེས་དོན། །དཀར་ མོ་བདག་ལ་རྣམ་པར་འབྱེ། །མཆོག་ཏུ་དགའ་བ་གསང་བ་ཅན། །དབྱངས་འཆར་ཞེས་བྱ་གསང་བའི་རྒྱུད། །ཁྱེད་ཀྱིས་བདག་ལ་སྔར་གསུངས་པ། །སྐྱེ་བོ་བློ་གྲོས་དམན་པ་ལ། །རྒྱས་མིན་ཤིན་ཏུ་གསལ་བ་ནི། །འདོད་པའི་དོན་ཀུན་སྒྲུབ་བྱེད་པ། །དབང་ཕྱུག་ཆེ་ལ་བདག་གསོལ་བས། ། མདོར་བསྡུས་པ་ནི་བཤད་པར་གསོལ། །ལམ་ལྡན་རྣམ་པར་ཤེས་པ་དང་། །དབྱངས་དང་གསལ་བྱེད་འཆར་བ་ལས། །སྟོབས་ཀྱི་བྱེ་བྲག་ཇི་ལྟར་ལགས། །གཟའ་གནས་དུས་སྦྱོར་འཆར་བ་ཡིས། །དགེ་དང་མི་དགེ་བདེ་དང་སྡུག། དེ་བཞིན་རྙེད་དང་མི་རྙེད་དང་། །འཚོ་དང་འཆི་ བ་དེ་བཞིན་ཅི། །དེ་བཞིན་རྒྱལ་དང་འཕམ་པ་དང་། །འགྲོ་དང་འོང་བའི་བྲག་ཅི། །རང་གི་ལུས་ཀྱི་སྦྱོར་བ་ཡིས། །གཞན་གྱི་སེམས་དང་ཁུ་ཚུར་གྱི། །དེ་བཞིན་བྱེ་བྲག་ཤེས་པ་དང་། །ཕོ་ཉ་ཡིས་ནི་སྨྲས་བ་ཡི། །མིང་གི་དབྱངས་དང་གསལ་བྱེད་ཀྱི། །བྱེ་དྲག་སོ་སོར་ཤེས་ གསོལ། ལམ་དང་རྔོན་པོའི་འཁོར་ལོ་དང་། །དཀར་པོའི་འཁོར་ལོ་ཇི་ལྟར་ལགས། །རྨ་ལ་རྩེ་གསུམ་འཁོར་ལོ་ཙི། །སྐར་མས་རིགས་རྣམས་ཤེས་པ་ཅི། །འདབ་ཆགས་འཁོར་ལོ་ཇི་ལྟ་བུ། །ཚངས་པས་སྦྲུལ་གྱི་འཁོར་ལོ་དང་། །སེང་གེ་གདམ་གྱི་ བདག་ཉིད་ཅི། །མདའ་གཞུ་རལ་གྲིའི་འཁོར་ལོ་དང་། བུམ་པའི་འཁོར་ལོ་དེ་བཞིན་ཅི། པདྨའི་འཁོར་ལོ་རྫོང་འཁོར་ལོ། །སྒྲ་གཅན་འཁོར་ལོ་བདག་ལ་གསུངས། །སྤེན་པ་དང་ནི་བྱ་ཁྱུང་དང་། བཀྲིས་པའི་འཁོར་ལོ་ལྷ་ཆེན་ཅི། །མིང་གི་གསལ་བྱེད་ཕྱོགས་མཚམས་ སུ། །རྒྱལ་བའི་འཁོར་ལོ་བཤད་དུ་གསོལ། །དུས་སྦྱོར་ཕྱེད་པ་ཤེས་པ་དང་། །ཟླ་བའི་སྙིགས་མ་གནས་པ་དང་། །ཀླུ་རྣམས་འཆར་བ་ཇི་ལྟར་ལགས། །བདག་ནི་ཁྱོད་མཉེས་བྱེད་སྤྲོ་བས། །དབང་ཕྱུག་ལྷ་ཡི་ལྷ་མཆོག་ལ། །ཇི་ལྟར་བདག་གིས་ཞུས་པའི་དོན། ། གནང་ན་དཀར་མོ་བདག་ལེགས་ཉན། །ལྷ་ཆེན་ངེས་པར་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཁྱོད་ཀྱིས་ཇི་ལྟར་ཞུས་པ་བཞིན། །ཐམས་ཅད་རིམ་པས་གསལ་བར་བཤད། །དབྱངས་དང་གསལ་བྱེད་གཟའ་རྣམས་ནི། །མཛེས་མ་ཁྱོད་ལ་བདག་ གིས་བཤད། །འཁོར་ལོ་མཚན་ཉིད་ཐམས་ཅད་དང་། །རིགས་ལྡན་མཚན་ཉིད་མཐར་ཐུག་པ། །ཁྱོད་ལ་དགོས་པ་གང་ཡིན་པ། །མངོན་སུམ་ངེས་པར་བཤད་པར་བྱ། །སྔོན་ཚེ་ལྷ་དང་ལྷ་མིན་དག །བ་སྤུ་ལྡང་བའི་གཡུལ་འགྱེད་ཚེ། །ལྷ་ཡི་དབང་པོས་བདག་ལ་དྲིས། །འདི་བཤད་ ལྷ་མིན་ཕམ་པར་བྱས། བསྟན་བཅོས་གསང་བ་ཆེན་པོའི་རྒྱུད། །གཡུལ་ལས་རྣམ་པར་རྒྱལ་བར་གྲགས། །གཞན་དུ་རྫོགས་པར་ངས་མ་བཤད། །གསང་ཆེན་འཁོར་ལོ་མ་ལུས་པ། །ཐུབ་པའི་ཚོགས་རྣམས་ང་ལ་ཉོན། འདི་ལ་གཙོ་མོ་དགའ་བར་གྱིས། །རྒྱུད་རྣམས་ཀུན་དུ་ སྦས་པ་སྟེ། །གསང་བ་ལས་ཀྱང་ཆེས་གསང་བ། །གང་གིས་དབྱངས་འཆར་མི་ཤེས་པར། །གཡུལ་ལས་རྒྱལ་བར་འདོད་པ་ནི། །མཁའ་ལ་ཁུ་ཚུར་བསྣུན་འདོད་དང་། །སྨིག་རྒྱུའི་ཆུ་ནི་སྙེགས་པ་བཞིན། །མཛེས་མ་ཇི་ལྟར་འཇིག་རྟེན་དུ། །དུས་ཀྱི་ལྷ་རྣམས་འཆར་བ་ལ། ། བརྟག་དཔྱད་མེད་པར་འཇུག་པ་ནི། །བླུན་པོར་ངེས་སོ་རྫོང་ལྷ་མོ། །དུས་ཀྱི་བདག་པོ་རྣམས་འབྱུང་བས། །བརྟགས་ཤིང་དཔྱད་ནས་འཇུག་པར་བྱ། །ཤིས་དང་མི་ཤིས་ཐམས་ཅད་ཀྱི། །མཚན་ཉིད་རྣམས་ནི་སྟོན་པར་བྱེད། །གཅིག་ཏུ་ཡིད་ནི་དག་པ་ལ། །མི་རྟོག་ཕྱིར་ན་འདི་མི་ དགོས། །ལུས་ནད་རླུང་གི་བྱེ་བྲག་གིས། །དུས་གསུམ་འབྲས་བུ་ཤེས་པར་བྱེད། །དེས་ན་ནང་གི་རླུང་ལ་ནི། །མཉམ་པར་གཞག་ལ་རིག་པར་བྱ། །གང་ཚེ་ཡུལ་དུ་ཆས་པ་ན། །སེམས་ནི་དང་ཞིང་མཛེས་པ་དང་། །སྤྲོ་ཞིང་གསལ་བ་དགེ་བ་ཡིན། །རྡ་ལ་རང་སྒྲ་བྱུང་ན་དགེ། །རལ་གྲི་ ལ་སོགས་མཚོན་ཆ་རྣམས། །གསལ་ཞིང་རང་སྒྲ་འོང་འབར་དགེ །རྒྱལ་མཚན་བ་དན་རྟ་དང་གླང་། །སྒྲ་འདོན་གསལ་ཞིང་སྟོབས་འབྱེད་དགེ །མདུན་ནས་བརྟན་གཡོའི་རང་བཞིན་ཡང་། རང་གིས་བརྟགས་ལ་ཤེས་པར་བྱ། །དེ་ལས་བཟློག་ན་མི་ཤིས་པ། །རོལ་མོ་བརྡུངས་ཀྱང་སྒྲ་མི་ གསལ། །རླུང་རྣམས་རྒྱུད་ལས་བཟློག་པ་དང་། །ཡིད་ནི་ལྡང་ཀྱོག་མྱ་ངན་ཟིན། །རོལ་མོ་མཚོན་ཆ་ལ་སོགས་རྣམས། རལ་དང་ཆག་སོགས་ངན་པ་ཡིན། །གང་ཚེ་ཚོང་ལ་ཆས་པ་ན། །དེ་ཚེ་ཟོད་ལ་བྱི་བས་ཟོས། །ཆག་གམ་སྟོང་རམ་མི་མཛེས་པ། །མི་ཤིས་ལྟས་མཐོང་ལོག་པར་བྱ། ། དེ་བཞིན་དགོས་དོན་བྱ་བ་ཀུན། །ལྟས་ཀྱི་དགེ་དང་མི་དགེ་དཔྱད། །ཚེས་ལ་དབྱངས་དང་གསལ་བྱེད་དང་། །རྒྱུ་སྐར་གཟའ་རྣམས་འཆར་བར་འགྱུར། །རྣལ་འབྱོར་པ་གང་ཡིད་ནང་ཆུད། །མཉམ་ཉིད་དབྱིངས་ནས་མེ་བཟུང་ལ། །རང་གི་ལུས་ལ་གནས་པ་ཡི། །ལམ་ལྔ་སྟོན་ནོ་ལྷས་མཆོད་ མ། །འདི་ནི་རྒྱས་པར་མ་བསྟན་ཏེ། །ཅུང་ཟད་ཙམ་ཞིག་བསྟན་པར་བྱ། །ལུས་ཅན་རྣམས་ཀྱི་ཞག་གཅིག་ལ། །སྟོང་ཕྲག་ཉི་ཤུ་རྩ་གཅིག་དང་། །བརྒྱ་ཕྲག་དྲུག་གི་ལྷག་པའི་དབུགས། །རྒྱུ་བའི་གྲངས་སུ་ཤེས་པར་བྱ། །དབུགས་འབྱུང་འཇུག་དང་བར་མ་སྟེ། །དབུགས་ཞེས་བྱ་བར་ཡོངས་སུ་ གྲགས། །དབུགས་དྲུག་ཆུ་སྲང་ཞེས་བྱ་སྟེ། །དྲུག་ཅུ་ལ་ནི་དབྱུ་གུ་གཅིག །དབྱུ་གུ་དྲུག་ཅུ་ཞག་གཅིག་ཡིན། །ཐ་མལ་གནས་ལ་རིག་པར་བྱ། །དེ་ལ་འཕོ་བ་བཅུ་གཉིས་ཏེ། །ཐུན་ནི་བརྒྱད་དུ་བསྟན་པ་ཡིན། །གཡས་དང་གཡོན་པའི་ལམ་ལྔ་ལས། །དཀྱིལ་འཁོར་ལྔ་ནི་རྣམ་པར་ རྒྱུ། །གཡས་ནས་ས་ལ་སོགས་པ་སྟེ། །ནམ་མཁའ་ལ་སོགས་གཡོན་ནས་རྒྱུ། །ས་སོགས་དཀྱིལ་འཁོར་རེ་རེ་ལ། །དྲག་པོ་རྐང་པ་དང་བཅས་ཀྱིས། །ཉུང་བའི་ལེའུ་སུམ་བརྒྱ་དྲུག་ཅུའོ། །ཉུང་བ་དབུ་མའི་ཁམས་སུ་གྲགས། །མེ་མཉམ་པ་དང་མཉམ་པའི་ཁྱིམ། ། ལུག་དང་གླང་སོགས་རིམ་པ་བཞིན། །དུས་མངའ་རྐང་པ་དང་བཅས་བས། །ཉུང་བའི་བརྒྱ་ཕྲག་བཅོ་བརྒྱད་ལམ། །ཉུང་བ་དབུ་མའི་ལམ་དུ་གྲགས། །དེ་ལྟར་འཕོ་བ་བཅུ་གཉིས་ལ། །བདུན་ཅུ་རྩ་ལྔས་ལྷག་པ་ཡི། །དྲུག་བརྒྱར་རབ་ཏུ་གྲགས་པ་ཡིན། །མདོར་ན་དབུ་མའི་ལམ་ཉིད་ནས། ། སུམ་བུ་གཉིས་ཀྱི་ཆ་ཤས་གཅིག །དམན་པ་རྣམས་ལ་འཆི་སྟེར་ཞིང་། །རྣལ་འབྱོར་པ་ལ་མཆོག་སྟེར་འགྱུར། །ཉི་མ་ཟླ་བའི་ལམ་གཉིས་པོ། །ལྷོ་དང་བྱང་གི་བགྲོད་པ་སྟེ། །དཀྱིལ་འཁོར་ལྔ་ནི་རབ་ཏུ་རྒྱུ། །བྱང་གི་བགྲོད་པ་ཟླ་བ་ལ། །ནམ་མཁའ་མེ་ཆུ་ས་རླུང་ནི། །དབུས་དང་སྟེང་ འོག་ཀ་བ་དང་། །ཟུར་ལ་རྟེན་ནས་རིམ་པ་བཞིན། །ནམ་མཁའ་ལུག་གི་ཁྱིམ་ཡིན་ཏེ། །མེ་ནི་གླང་དུ་ཡོངས་སུ་གྲགས། །ཆུ་ནི་ཉ་ཡི་འཕོ་བ་ཡིན། །ས་ནི་བུམ་པ་ཞེས་བྱ་སྟེ། །རླུང་ནི་འཁྲིག་པར་ཡོངས་སུ་གྲགས། །ཟླ་རྒྱུ་བྱང་བགྲོད་ཆུ་སྲིན་ནོ། །ནམ་མཁའ་དབུས་མའི་སྦྱོར་བ་སྟེ། །མེ་ ནི་གྲུབ་པའི་སྦྱོར་ཞེས་བྱ། །ཆུ་ནི་བདུད་རྩིའི་སྦྱོར་བར་བརྗོད། །དངོས་གྲུབ་སྦྱོར་བ་དབང་ཆེན་པོ། །ཕུན་སུམ་ཚོགས་པའི་སྦྱོར་བ་རླུང་། །པ་སངས་ཟླ་བ་གཟའ་ལྷག་དང་། །ཕུར་བུ་རིམ་བཞིན་མཁའ་མ་གཏོགས། །བཞི་དང་བཅུ་དྲུག་བཅུ་གཉིས་དང་། །བརྒྱད་ཀྱི་སོར་དུ་ཡོངས་སུ་གྲགས། །ལྷོ་ཡི་བགྲོད་པའི་ཉི་མ་ ལ། །དཀྱིལ་འཁོར་སྔ་མའི་རིམ་པ་ལས། །ནམ་མཁའ་སྲང་གི་ཁྱིམ་དུ་བརྗོད། །མེ་ནི་སྡིག་པའི་དུས་སྤྱོར་ཏོ། །ཆུ་ནི་བུ་མོའི་འཕོ་བ་ཡིན། །ས་ནི་སེང་གེའི་ཁྱིམ་དུ་གྲགས། །རླུང་ནི་གཞུ་ཞེས་དེ་བཞིན་ནོ། །ལྷོ་བགྲོད་ཉི་མ་ཀ་ར་ཀཊ། །ནམ་མཁའ་འཇིགས་བྱེད་སྦྱོར་བ་སྟེ། །མེ་ནི་འཆི་བའི་ སྦྱོར་བར་གྲགས། །མི་ཤེས་པ་ཡི་སྦྱོར་བ་ཆུ། །དབང་ཆེན་གྱིས་ནི་སྲེག་སྦྱོར་བ། །རླུང་ནི་མྱ་ངན་སྦྱོར་བར་བཤད། །མིག་དམར་དང་ནི་སྤེན་པ་དང་། །དེ་བཞིན་ཉི་མ་སྒྲ་གཅན་རྣམས། །ནམ་མཁའི་ལྷག་མ་རིམ་པ་བཞིན། །དེ་ནས་གཞན་དག་འཕོ་བ་ནི། །སྟོང་དང་བརྒྱད་བརྒྱའི་གྲངས་ ལ་ནི། །གཡས་ནས་ལུས་སོགས་མི་མཉམ་དྲུག །གཡོན་ནས་གླང་སོགས་མཉན་པ་དྲུག །རིམ་བཞིན་དུ་འཕོ་འགྱུར་ཏེ། །རགས་པའི་ཆ་ལ་བསྟན་ཞེས་ཟེར། །དེ་ལྟར་ནང་གི་འཕོ་བ་ལ། །དགེ་དང་མི་དགེ་ལ་སོགས་རྣམས། །འདྲི་བར་བྱེད་པའི་སྐྱེ་བོ་ལ། །ལེགས་པར་བརྟགས་ཏེ་བཤད་ བར་བྱ། །དེ་ནས་གཞན་ཡང་བཤད་པར་བྱ། །ལམ་ལྔའི་མཚན་ཉིད་བཟང་བོ་མཆོག །ས་ཡི་ལམ་གྱིས་རྒྱལ་སྲིད་དེ། །ནོར་དང་འབྱུང་དང་ལོངས་སྤྱོད་དང་། །རྒྱལ་དང་ཕུན་སུམ་ཚོགས་པ་དང་། །རྙེད་པ་ཐོབ་དང་སྡུད་པར་བྱེད། །ཆུས་ནི་དོན་རྣམས་འགྲུབ་པར་སྟོན། །ཡིད་ལ་བསམས་པ་ཐམས་ཅད་ ཀྱི། །འདོད་པའི་དོན་བསྒྲུབ་ཀུན་བྱེད་བས། །མཛེས་མ་དེ་ལྟར་ཡིད་ལ་གཟུང་། །མེ་ཡི་ལམ་ནས་རྒྱུ་བ་ལས། །བཀྲེས་སྐོམ་ངལ་དུབ་སྡུག་བསྔལ་བྱེད། །བྱ་བ་ཐམས་ཅན་ཉམས་འགྱུར་ཞེས། །ཤེས་པར་གྱིས་ཤིག་བཟང་མོ་ཀྱེ། །རླུང་གིས་འཐབ་རྩོད་སྐྱོ་དད་རྨོངས། །ནོར་ཟད་བྱེས་འཁྱམས་གདུང་ བར་བྱེད། །ཟླ་བ་དང་ནི་ཉི་མ་དང་། །སྒྲ་གཅན་ལམ་ནས་རྒྱུ་བ་ལ། །བཟང་ངན་བྱེ་བྲག་ཤེས་བར་བྱ། །དུག་སོགས་གཞོམ་དང་རྒྱལ་ལ་སོགས། །ཟླ་བའི་རྒྱུ་བར་རབ་ཏུ་བསྔགས། །གཡུལ་བཤམ་རོལ་རྩེད་སྟོན་མོ་དང་། །གཅད་བསྲེག་བཙོ་ལ་སོགས་པ་དང་། །དབང་དང་དགུག་པའི་ལས་ལ་ནི། །ཉི་མའི་ སྟོབས་ནི་བསྔགས་པ་ཡིན། །གཉིས་ཀའི་བདག་ཉིད་སྟོན་བྱེད་པས། །ཤིས་དང་མི་ཤིས་ངེས་མེད་པར། །སྒྲ་གཅན་ཐེ་ཚོམ་ཅན་ཞེས་བྱ། །མཛེས་མ་ཟླ་བའི་ལམ་རྒྱུ་ལ། །སྐྱེ་བོ་ཉི་མའི་ཕྱོགས་ནས་འདྲི། །འདོད་པའི་དོན་ནི་ཉམས་པར་འགྱུར། །ཉི་མ་ལས་རྒྱུ་ཟླ་བར་གནས། །སྔ་མ་བཞིན་དུ་དོན་མེད་ འགྱུར། །གང་ནས་ཉི་མ་ཟླ་བ་རྒྱུ། །དར་གནས་འདྲི་བའི་སྐྱེ་བོ་ནི། །བསམ་པའི་དོན་ཀུན་འགྲུབ་པར་འགྱུར། །གལ་ཏེ་གཉིས་ཀར་གནས་པ་ལས། །འདྲི་ན་ཐེ་ཚོམ་ཅན་ཞེས་བྱ། །ལམ་ལྔ་ལ་ནི་རྒྱུ་བ་གསུམ། །འགྲོ་དང་འོང་དང་གནས་པའོ། །འདྲི་བར་བྱེད་པའམ་རང་གིའང་། །འོང་བས་ཐམས་ཅད་དགེ་ བ་སྟེ། །འགྲོ་བས་ངལ་བ་དོན་མེད་འགྱུར། །གནས་པ་ལ་ནི་ཐེ་ཚོམ་འགྱུར། །ལམ་ལྔ་རྣམ་པར་རྒྱུ་བ་ལས། །དགེ་དང་མི་དགེ་མཁས་པས་བརྟག །ཆུ་དང་ས་དང་མེ་དང་ནི། །རླུང་གི་དཀྱིལ་འཁོར་རྒྱུ་བ་ལས། །ཞེ་རྒྱས་དབང་དང་དགུག་པ་དང་། །གསད་དང་བསྐྲད་སོགས་ཤེས་པར་བྱ། །ལམ་ ལྔའི་དེ་ཉིད་མི་ཤེས་བར། །བྱ་བ་ཐམས་ཅད་མ་འགྲུབ་སྟེ། །དེ་ཡི་སྤྱོར་བ་མི་ཤེས་པར། །དེ་ཡི་ངལ་བ་དོན་མེད་འགྱུར། །རླུང་ནི་ཐམས་ཅད་བྱེད་པ་སྟེ། །རྟོག་གེ་བ་ཡིས་མི་ཤེས་སོ། །ལྷ་མོ་འདི་རྣམས་ལེགས་བཟུང་ལ། །དགེ་དང་མི་དགེ་བཤད་པར་གྱུར། །ལྷ་མོས་གསོལ་བ། དབང་ ཕྱུག་ཆེན་པོ་བཅོམ་ལྡན་འདས། །ལྷ་ཡི་ལྷ་མཆོག་ཐམས་ཅད་མཁྱེན། །ལམ་ལྔ་ལེགས་པར་ཁྱེད་ཀྱིས་གསུངས། །ད་ཡང་བདག་ལ་ཅུང་ཟད་ཙམ། །ཞུ་བ་མཆིས་པས་གསན་དུ་གསོལ། །དབྱངས་དང་གསལ་བྱེད་འཆར་བ་ཅི། །དབྱངས་ཀྱི་གྲངས་ནི་དུ་ཞིག་མཆིས། །དེ་བཞིན་གསལ་བྱེད་གྲངས་ནི་ དུ། །རིང་ཐུང་བྱེ་བྲག་ཇི་ལྟར་འཆར། །དཀར་ནག་ཕྱོགས་ལ་གང་འཆར་ལེགས། །བདག་གིས་མི་ཤེས་ལྷ་ཁྱོད་ལ། །ངེས་པར་ཐེ་ཚོམ་མེད་པར་ཡང་། །མ་ལུས་པ་ནི་བདག་ཞུ་བས། །དེ་རྣམས་མཐར་ཐུ་གང་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཇི་ལྟར་ཁྱོད་ཀྱིས་བདག་ཞུས་པ། ། ཐམས་ཅད་བཤད་ཀྱིས་མཉན་པར་གྱིས། །དབྱངས་དང་གསལ་བྱེད་བཟང་བོ་རྣམས། །ཇི་ལྟར་འཆར་བའི་ངེས་པ་ནི། །དཔྱིད་ཟླ་འབྲིང་སོགས་ཟླ་བ་ཡི། །བཅུ་དྲུག་ནས་བཟུང་སྟོང་གི་བར། །དཀར་ཕྱོགས་ཞེས་བྱ་རི་སྲས་མོ། །དེ་ཡི་ཚེས་གཅིག་ནས་བརྩམས་ཏེ། །ཉ་ཡི་བར་ནི་ནག་ཕྱོགས་འདོད། །དེ་ ལ་དཔྱིད་འབྲིང་ཟླ་བར་གྲགས། །དེ་ལྟར་རིམ་བཞིན་ཤེས་པར་བྱ། །དེ་ལ་དཔྱིད་འབྲིང་ལ་སོགས་པའི། །ཚེས་ལ་འཆར་བའི་དབྱངས་རྣམས་ནི། །ཨ་ཡིག་དང་ནི་ཨི་ཡིག་དང་། །དེ་བཞིན་གསུམ་པ་ཨུ་ཡིག་སྟེ། །ཨེ་ཡིག་ལྷ་མོ་ཡིད་འཕྲོག་མ། །ཨེ་ཡིག་དང་ནི་ལྔ་རུ་འདོད། །དེ་ལྟར་ང་ཡིས་དབྱངས་སུ་ བརྗོད། །དབྱངས་ཀྱི་རང་བཞིན་རིམ་བཞིན་དུ། །ས་དང་ཆུ་མེ་རླུང་དང་ནི། །ནམ་མཁའི་སྦྱོར་བས་ཤེས་བར་བྱ། །དྲི་དང་རོ་དང་གཟུགས་དང་ནི། །རེག་བྱ་སྒྲ་རྣམས་རིམ་བཞིན་དྲན། །དབྱངས་ལྔ་ཞེས་བྱ་ལྷ་ཆེན་མ། །བྱ་བ་ཀུན་ལ་ཤེས་བར་བྱ། །རིང་བ་ལྔ་རྣམས་དཀར་ཕྱོགས་ལ། །ལན་གསུམ་དུ་ཡང་ འགྱུར་བ་ཡིན། །ཀ་ནས་ཧ་ཡི་མཐར་ཐུག་པ། །ང་ཉ་ཎ་གསུམ་སྤངས་བ་ཡིས། །གསལ་བྱེད་ཕྱོགས་གཉིས་དག་ལས་འཆར། །དཀར་ཕྱོགས་ནག་ཕྱོགས་དག་ལ་ཡང་། །མཛེས་མ་ཡི་གེ་སུམ་ཅུར་འགྱུར། །གསལ་བྱེད་ཀ་ནས་ང་ཡི་བར། །དཀར་པོའི་ཕྱོགས་ལ་རིམ་བཞིན་འཆར། །དཀར་ཕྱོགས་ རིང་བ་ལན་གསུམ་སྟེ། །ཀ་སོགས་རྣམས་དང་ལན་གཅིག་འགྱུར། །དཀར་པོའི་ཕྱོགས་ཀྱི་ཆོས་རྣམས་དང་། །ནག་པོའི་ཕྱོགས་ཀྱི་ཚེས་ལ་ཡང་། །དགའ་བ་ནས་ནི་བརྩམས་ནས་སུ། །ལན་གསུམ་དུ་ཡང་འཆར་བ་ཡིན། །རྀ་རཱྀ་ལྀ་ལཱྀ་སྤངས་པ་ཡི། །དབྱངས་ཡིག་ཐུང་ངུ་ལྔ་བོ་རྣམས། །ནག་པོའི་ཕྱོགས་ ལ་འཆར་བ་ནི། །ངྷ་སོགས་རྣམས་དང་ལྷན་ཅིག་འཆར། །སོ་སོའི་ཚེས་ཀྱི་བྱེད་པ་རྣམས། །བདག་པོར་ལན་གསུམ་དུ་ཡང་འགྱུར། །ཛ་ན་མ་ཧ་ནི་ཨན་ཏཀ །ཛ་ན་མ་ཧ་ནི་རིམ་པ་བཞིན། །བྱིས་པ་གཞོན་ནུ་ལང་ཚོ་རྒན། །སྨིན་ཏེ་ཤི་བ་རིམ་པ་བཞིན། །ཨ་སོགས་དབྱངས་ཀྱི་བྱེ་བྲག་དང་། །ཚེས་ནི་ལྔ་ལ་ རིམ་པས་སྦྱར། །བྱིས་པ་རྒན་པ་ལ་སོགས་ལ། །དར་རྒུད་ལས་ཀྱི་བྱེ་བྲག་བྱེད། །ཚེས་ལ་འཆར་པའི་དབྱངས་རྣམས་དང་། །མིང་གི་དབྱངས་རྣམས་སྦྱར་བར་བྱ། །དཔྱིད་འབྲིང་དཀར་ཕྱོགས་སོགས་བརྩམས་ནས། །དབྱངས་རྣམས་འཆར་རོ་ལྷ་མོ་ཀྱེ། །ཉིན་ཞག་བདུན་ཅུ་རྩ་གཉིས་ལ། །དབྱངས་ནི་རེ་རེ་འཆར་ བར་འགྱུར། །དེ་བཞིན་ཞག་ནི་བཅུ་གཉིས་ལ། །དབྱངས་ནི་རེ་རེ་འཆར་བ་དང་། །དེ་བཞིན་ཞག་ལྔ་དག་ལ་ཡང་། །དབྱངས་རྣམས་འཆར་བར་འགྱུར་བ་དང་། །ཉིན་རེ་བཞིན་དུ་དབྱངས་རེ་འཆར། །ཐུང་དང་རིང་པའི་དབྱངས་ལྔ་པོ། །ཉིན་ལྔ་མཚན་ལྔ་འཆར་བའང་དྲན། །ལྔ་དང་སུམ་ཅུ་བདུན་ཅུ་གཉིས། །རགས་ པ་ཕྲ་བའི་དབྱེ་བ་ཡིས། །འཆར་བར་འགྱུར་རོ་དཀར་མོ་ཀྱེ། །དཀར་ནག་ཕྱོགས་ཀྱི་སོ་སོ་ལ། །གསལ་བྱེད་རེ་རེ་འཆར་རོ་ཀྱེ། །ནག་པོའི་ཕྱོགས་ཀྱི་ཟླ་ཕྱེད་ལ། །རི་བོང་ཅན་དང་དུས་དྲུག་དང་། །དྲག་པོའི་ཚེས་གྲངས་རྣམས་ལ་ཡང་། །དགའ་བ་དང་ནི་ཨ་ཡིག་དག །ནག་པོའི་ཕྱོགས་ལ་ཐུང་རྣམས་འཆར། ། མིག་དང་ཐུབ་པ་ཉི་མ་ལ། །བཟང་པོའི་མིང་ཅན་ཚེས་དང་ནི། །དབྱངས་ཀྱི་ཡི་གེ་གཉིས་པ་ནི། །སོ་སོར་སྐྱེ་ཞིང་འཆར་བར་བྱེད། །མེ་དང་བཀྲ་ཤིས་འདོད་ཚེས་ལ། །རྒྱལ་བ་ཞེས་བྱར་གྲགས་པ་དང་། །ཨུ་ཞེས་འབྱུང་བའི་དབྱངས་ཡིག་འཆར། །བཞི་ཡི་ཉིན་ཞག་བུ་ག་དང་། །དེ་བཞིན་བཅུ་བཞིའི་ཉིན་ཞག་ ལ། །སྟོང་པར་བརྗོད་པའི་ཆེས་དང་ནི། །ཨེ་ཡི་ཡི་གེ་དབང་བྱེ་བྲག། །མདའ་དང་ཕྱོགས་ཞེས་བྱ་བ་དང་། །དེ་བཞིན་བཅོ་ལྔ་ཚེས་གྲངས་ལ། །རྫོགས་པ་ཞེས་པའི་ཚེས་དང་ནི། །དབྱངས་ཡིག་ཨོ་ནི་ངེས་པར་འཆར། །དཀར་པོའི་ཕྱོགས་ཀྱི་ཚེས་གྲངས་ལ། །ཨ་སོགས་ལྔ་ནི་འཆར་བར་དྲན། །སྔར་བཞིན་བརྗོད་ པའི་ཆེས་རྣམས་ལ། །ལྷ་མོ་རིང་བོར་ཤེས་པར་གྱིས། །དགའ་བ་བཟང་བོ་རྒྱལ་པ་དང་། །སྟོང་བ་རྫོགས་པའི་བྱེ་བྲག་ལ། །མིག་དམར་གཟའ་ལྷག་ཕུར་བུ་ཉིད། །པ་བསངས་སྤེན་པ་རིམ་བཞིན་སྦྱར། །དཀར་ནག་ཕྱོགས་ཀྱི་བྱེ་བྲག་ལ། །དབྱངས་དང་གསལ་བྱེད་འཆར་བ་ལ། །རང་བཞིན་ དབང་གིས་དགེ་མི་དགེ །ར་ཡ་མའི་འབྲས་བུ་མཐོང་བར་འགྱུར། །དགའ་བའི་ཆས་ལ་མིག་དམར་དང་། །རྒྱུ་སྐར་སྨིན་དྲུག་ཨ་ཡིག་རྣམས། །འཛོམ་ན་དང་པོའི་མིང་ཡིག་ཨ། །ན་འཆི་རྨ་འབྱུང་འབྲས་བུ་མེད། །བཟང་པོའི་ཚེས་དང་གཟའ་ལྷག་ཅེས། །རྒྱུ་སྐར་མཆུ་དང་ཨ་ཡིག་དབྱངས། །འཆར་ཚེ་ཨི་ཡིག་ ཅིང་ཅན་རྣམས། །ཉོན་མོངས་འགྱུར་ཏེ་སྔ་མ་བཞིན། །རྒྱལ་བོའི་ཚེས་ལ་བླ་མའི་གཟའ། །རྒྱུ་སྐར་སྐག་འཆར་ཨུ་ཡིག་དབྱངས། །ཨུ་ཡིག་མིང་ཅན་སྲོག་མཐར་བྱེད། །བག་མ་ལ་སོགས་འབྲས་བུ་མེད། །སྟོང་བའི་ཚེས་དང་པ་བསངས། །རྒྱུ་སྐར་མོན་གྲུ་དེ་བཞིན་ཏེ། །དབྱངས་ནི་ཨེ་ཡིག་འཆར་བ་ལ། །ཨེ་ ཡིག་སྔར་བཞིན་འབྲས་བུ་མེད། །རྫོགས་པའི་ཚེས་ལ་སྤེན་པ་དང་། །རྒྱ་སྐར་བྲ་ཉེ་ཉིད་འབྱུང་ནི། །དབྱངས་ཡིག་ཨོ་འཆར་དུས་སུ་ནི། །མིང་ནི་ཨོ་ཅན་མྱུར་དུ་བརླག །དགའ་བའི་ཚེས་ལ་ཉི་མའི་རེས། །ཨ་དང་མིང་ཅན་ནད་ཡུན་རིང་། །བཟང་པོར་ཟླ་བའི་ངེས་ལ་ནི། །ཨི་དང་དེ་མིང་དེ་བཞིན་ནོ། །རང་ས་ ནས་ནི་ལྔ་པ་ལ། །ནུས་པར་གྱུར་རོ་དཀར་ཟློག་མ། །ཨ་ནི་ཨོ་ལ་ནུབ་པ་སྟེ། །ཨི་ནི་ཨ་ལ་དེ་བཞིན་ནོ། །ཨུ་ཡང་ཨི་ལ་རབ་ཏུ་ནུབ། །ཨེ་ནི་ཨུ་ཡི་དབྱངས་ལ་ནུབ། །ཨུ་ནི་ནུབ་པ་ཨེ་ཞེས་བཤད། །མདོར་ན་ས་ནི་ནམ་མཁའ་ལ། །ཆུ་ནི་ས་ལ་ནུབ་པར་འགུར། །དེ་བཞིན་དུ་མི་ཤེས་པར་བྱ། །རྩོད་ པ་ནད་དང་གཡུལ་འགྱེད་དང་། །བྱ་བ་ཀུན་ལ་ཤེས་པར་བྱ། །འཆར་བའི་དུས་ས་དགེ་བ་སྟེ། །ནུབ་དུས་མི་ཤིས་པར་ཡང་དྲན། །བྱིས་གཞོན་ལང་ཚོ་རྒན་དང་འཆི། །གནས་སྐབས་ལྔ་རུ་བརྗོད་པ་ཡིན། །རང་སར་བྱིས་པར་གྲགས་པ་སྟེ། །གཉིས་པ་གཞོན་ནུ་གསུམ་ལ་འཚོ། །བཞི་པ་རྒན་ཏ་ལྔ་བ་ཤི། །བྱེ་ བྲག་སོ་སོར་ཤེས་པར་བྱ། །གསལ་བྱེད་ནུབ་ན་ནད་འབྱུང་སྟེ། །དབྱངས་ནི་འཆི་བ་སྟེར་བར་བྱེད། །ལུས་དང་སྲོག་གི་དབྱེ་བ་ཡིས། །གསལ་བྱེད་དབྱངས་ལ་ཤེས་པར་བྱ། །གཞན་ཡང་ཕྱོགས་ཀྱི་བྱེ་བྲག་ནི། །ཤར་དུ་ཨི་ཡིག་ལྷོ་ཕྱོགས་སུ། །ཨེ་ཡི་ཡི་གེ་འཆར་བར་འགྱུར། །ཨུ་ཡིག་ནུབ་ཏུ་འཆར་བ་སྟེ། །བྱང་དུ་ ཨེ་ནི་འབྱུང་ཞིང་འཆར། །དབུས་སུ་ཨོ་ཡིག་ཞེས་བྱར་གྲགས། །དབྱངས་དང་གསལ་བྱེད་འཆར་ཕྱོགས་སུ། །འགྲོ་བ་བྱ་བ་ཀུན་ལ་སྤང་། །དེ་ལྟར་དབྱངས་རྣམས་གང་འཆར་བ། །བལྟས་ན་ཡིད་ལ་རབ་ཏུ་བཟུང་། །རགས་པ་དང་ནི་ཕྲ་བ་ཡི། །གནས་སྐབས་བྱེ་བྲག་ལ་འཆར་བ། །བདག་གིས་ཇི་ལྟར་བཤད་ པ་བཞིན། །ཤེས་པར་གྱིས་ཤིག་གངས་རིའི་བདག །གཡུལ་ལས་རྣམས་པར་རྒྱལ་བ་དབྱངས་འཆར་བ་ཞེས་བྱ་བའི་རྒྱུད་ལས་འམ་སྔ་དང་དབྱངས་འཆར་བ་ངེས་པར་བསྟེན་པ་ཆེན་པོ་སྟེ་ལེའུ་དང་པོའོ།། །།ལྷ་མོས་གསོལ་པ་བཅོམ་ལྡ་འདས། །ལྷ་ཆེན་ཁྱོད་ཀྱིས་དབྱངས་འཆར་བ། །ཤིན་ཏུ་ བདག་ལ་རྒྱས་པར་གསུང་། །ཡང་ནི་བདག་ལ་ཞུ་བ་མཆིས། །རཱ་ཤིའི་དཀྱིལ་འཁོར་འཆར་བ་ལས། །འདྲི་བྱེད་རྙེད་དང་མི་རྙེད་དང་། །རྒྱལ་དང་ཕམ་པ་ཐམས་ཅད་ནི། །མཛེས་དགའ་ཁྱོད་ལ་ཇི་བཞིན་ཞུ། །ཤིན་ཏུ་གསང་བ་བཤད་དུ་གསོལ། །ལོ་གཅིག་གི་ནི་དཀྱིལ་འཁོར་ལ། །ཆ་ཤད་དུམ་མའི་ མཚན་ཉིད་དང་། །གཙོ་བོ་སྟོབས་ཀྱི་བྱེ་བྲག་དང་། །དུས་སྦྱོར་ཕྱེད་པའི་མཚན་ཉིད་དང་། །དུས་སྦྱོར་ཇི་ལྟར་ཡིན་པ་དང་། །དེ་ལ་འདྲི་བྱེད་དགེ་མི་དགེ །གཟའ་ཡི་རིགས་ལ་སོགས་པ་ལས། །ལ་སོགས་བྱེ་བྲག་ཤེས་པ་དང་། །དུས་གསུམ་བྱེ་བྲག་ཤེས་པ་རྣམས། །དབང་ཕྱུག་གཙོ་བོས་བཤད་དུ་གསོལ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། །ཉོན་ཅིག་མཛེས་མ་མ་ལུས་བ། །རཱ་ཤིའི་མཚན་ཉིད་ཐམས་ཅད་དང་། །གཟའ་རྣམས་ཁྱིམ་ལ་འཁོད་པ་དང་། །ཞག་གཅིག་གི་ནི་ཆ་ཤས་ལ། །བགོས་པས་དུས་སྤྱོར་བཅུ་གཉིས་ཏེ། །དུས་སྦྱོར་དཀྱིལ་འཁོར་མཉམ་པར་སྦྱོར། །དུས་སྦྱོར་གཟའ་བདུན་གནས་པ་ ཡི། །འབྲས་བུ་དཀར་བོ་ཡུམ་ཁྱོད་ཉོན། །ལུག་གླང་འཁྲིག་པ་ཀར་ཀཊ། །དེ་བཞིན་སེང་གེ་བུ་མོ་དང་། །སྲང་སྡིགས་གཞུ་དང་ཆུ་སྲིན་དང་། །བུམ་པ་ཉ་ཡི་ཁྱིམ་རྣམས་སུ། །མིག་དམར་པ་བསངས་གཟའ་ལྷག་དང་། །ཟླ་ཉི་གཟའ་ལྷག་པ་བ་སངས། །མིག་དམར་ཕུར་བུ་སྤེན་པ་ཡི། །ཕུར་བུ་ཞེས་བྱ་ཁྱིམ་བདག་ གཟའ། །ལུང་གླང་འཁྲིག་བ་ཀ་ར་ཀ་ཊ། །ཤར་ལྷོ་ནུབ་བྱང་རིམ་པ་བཞིན། །སེང་གེ་ལ་སོགས་བརྒྱད་རིམ་བཞིན། །ཁྱིམ་གྱི་ཕྱོགས་ཀྱི་སྟོབས་སུ་བརྗོད། །ཉི་མ་པ་སངས་མིག་དམར་དང་། །རཱ་ཧུ་སྤེན་ཟླ་གཟའ་ལྷག་ཕུར། །ཤར་ནས་དཔལ་ལྡན་མཐར་ཐུག་པར། །གཡས་བསྐོར་ལམ་གྱི་འཁོར་ལོ་སྟེ། །ཉི་ མ་ཤར་དགེ་ཆུ་བདག་ངན། །དེ་བཞིན་ཀུན་ལ་ཤེས་པར་བྱ། །ལུག་ལ་ཉིན་མཚན་དབྱུ་གུ་ནི། །ནམ་མཁའ་མེ་ཞེས་ཡོངས་སུ་གྲགས། །སུམ་ཅུ་སོ་གཅིས་ཉི་ཤུ་བརྒྱད། །གླང་གི་ཉིན་མཚན་ལས་ཤེས་བྱ། །འཁྲིག་པར་ཉིན་མོ་སུམ་ཅུ་བཞི། །ཉི་ཤུ་རྩ་དྲུག་མཚན་དུ་དྲང་། །ཀར་ཀ་ ཉིན་མོ་སུམ་ཅུ་དྲུག །མཚན་ལ་ཉི་ཤུ་རྩ་བཞི་ཟེར། །སེང་གེར་ཉིན་མོ་སུམ་ཅུ་བཞི། །ཉི་ཤུ་རྩ་དྲུག་མཚན་མོའི་ཚད། །བུ་མོར་གྲགས་པའི་ཉིན་མཚན་ལ། །སུམ་ཅུ་སོ་གཉིས་ཉི་ཤུ་བརྒྱད། །སྲང་ནི་ལུག་དང་འདྲ་བ་ཡིན། །སྡིག་པའི་ཉིན་ལ་ཉི་ཤུ་བརྒྱད། །མཚན་མོ་སུམ་ཅུ་རྩ་གཉིས་ཟེར། །གཞུ་ཡི་ ཁྱིམ་ལ་ཉི་ཤུ་དྲུག །ཉིན་མོའོ་མཚན་མོ་སུམ་ཅུ་བཞི། །ཆུ་སྲིན་ཉིན་མོ་ཉི་ཤུ་བཞི། །མཚན་ལ་སུམ་ཅུ་རྩ་དྲུག་གྲགས། །བུམ་པའི་ཉིན་མོ་ཉི་ཤུ་དྲུག །སུམ་ཅུ་རྩ་བཞི་མཚན་ལའོ། །ཉི་ཤུ་རྩ་བརྒྱད་ཉ་ཡི་ཉིན། །མཚན་མོ་སུམ་ཅུ་སོ་གཉིས་ཟེར། །དེ་ལྟར་ཆུ་ཚོད་ཤེས་པར་བྱ། །འཕོ་བ་གང་ལ་ གནས་པ་ཡི། །འདས་པའི་ཞག་གྲགས་ཇི་རྙེད་པའི། །གནས་གཉིས་སྟེང་མ་ཆུ་ཡིས་བསྒྱུར། །ཆུ་སྲིན་ཉི་ཤུ་རྩ་ལྔ་ཡིས། །འོག་མ་བསྒྱུར་ལ་དྲུག་ཅུས་བགོ །རྙེད་པ་སྟེང་དུ་སྦྱིན་པར་བྱ། །ཕྱེད་པས་ལྷག་ན་གཅིག་སྦྱིན་བྱ། །སྟེང་མ་དྲུག་ཅུས་ཐོབ་པ་རྣམས། །ཆུ་སྲིན་ལ་སོགས་བྱང་བགྲོད་ལ། །སྦྱིན་པ་ཉིད་ དུ་བྱ་བ་ཡིན། །ཀར་ཀ་ཊ་སོགས་ལྷོ་བགྲོད་ལ། །དོར་བས་ཉིན་མོའི་ཆུ་ཚོད་ཡིན། །སྟེང་མས་དྲུག་ཅུ་ལ་ཕྲི་ལ། །དེ་ལ་གཅིག་ཕབ་ལྷག་མས་དབྲི། །དེས་ནི་མཚན་མོའི་ཆུ་ཚོད་ཤེས། །འཕོ་བའི་ཉིན་མཚན་ཆུ་ཚོད་དེ། །སྟེང་མ་བརྒྱད་ཀྱིས་ཐོབ་པ་ནི། །ཐུན་ཕྱེད་ཆུ་ཚོད་བྱ་བར་གྲགས། །ལྷག་མ་དྲུག་ཅུས་བསྒྱུར་བ་ ལས། །འོག་གི་ཆུ་སྲང་སྟེང་དུ་གཞུག །བརྒྱད་ཀྱི་ཆས་རྙེད་ཐུན་ཕྱེད་ཀྱི། །ཆུ་སྲང་ཞེས་ཀྱང་དཀར་ཟློག་མ། །སྐར་མིག་དབྱུག་ཚེས་ལུག་གི་ཚད། །རིག་བྱེད་མཁའ་མེ་གླང་དུ་བརྗོད། །རོ་དང་ཞེ་ལྔ་འཁྲིག་པའི་ཡིན། །དགུ་དང་ནམ་མཁའ་ཀར་ཀ་ཊ། །དྲག་དང་བཅོ་ལྔ་སེང་གེའོ། །བཅུ་གསུམ་སུམ་ཅུ་བུ་ མོར་དྲན། །ཚེས་དང་བཞི་ལ་སྲང་ཡིན་ཟེར། །ནོར་ཟླ་སྟོང་པ་སྡིག་པར་གོ །ཉི་ཤུ་བཅོ་ལྔ་གཞུ་ཡིན་མཉམ། །ཟུར་མིག་སུམ་ཅུ་ཆུ་སྲིན་མཐོང་། །རྒྱལ་བ་མདའ་ཆུ་བུམ་པར་གྲགས། །འཁོར་ལོ་ཉ་རུ་ཤེས་པར་བྱ། །ཁྱིམ་གྱི་འཁོར་ལོ་རྫོགས་པ་ཡིན། །མཚན་ཉིད་རྣམས་ནི་བསྟན་པ་ཡིན། །གཞན་ཡང་ སྐར་མ་དྲུག་ཅུས་བསྒྱུར། །འོག་གི་ཆུ་ཚོད་སྟེང་དུ་བླངས། །མདའ་དང་ཡོན་ཏན་ཟླས་ཐོབ་པ། །འདས་པའི་ཁྱིམ་ཡིན་ལྷག་མ་ལ། །སུམ་ཅུས་བསྒྱུར་ལ་ཆུ་སྲང་ནི། །གཉིས་ཀྱིས་བགོས་ཐོབ་གཞུག་པར་བྱ། །མངའ་དང་ཡོན་ཏན་ཟླས་ཐོབ་པ། །གང་ནས་ཁྱིམ་གྱི་འདས་ཞག་ཡིན། །དེ་ལ་དབྱུ་གུ་ཆུ་སྲང་ དང་། །དབུགས་ཀྱི་དོན་དུ་གོ་རིམས་བཞིན། །བསྒྱུར་བས་ཐོབ་པ་དབྱུ་གུ་དང་། །ཆུ་སྲང་དབུགས་སུ་རིམ་བཞིན་འགྱུར། །རྒྱ་མཚོ་ཆུ་དང་ཟླ་བ་ལ། །ཆ་བདུན་ཐུར་མ་གྲིབ་མར་བཅས། །བགོས་པས་ཐོབ་པ་ཆུ་ཚོད་ཡིན། །ཆུ་སྲང་དབུགས་ཀྱང་རིམ་བཞིན་སྦྱར། །ལུག་དང་སྲང་བ་དྲུག་སྦྱིན་བྱ། ། གླང་དང་བུ་མོ་རང་སར་གཞག །འཁྲིག་པ་སེང་གེར་བརྒྱད་དོར་རོ། །ཀར་ཀ་ཊ་རུ་བཅོ་བརྒྱད་དབྲི། །སྡིག་པ་ཉ་ལ་བཅུ་བ་སྦྱིན། །གཞུ་དང་ཆུ་སྲིན་བུམ་པ་ལ། །བཅུ་གཉིས་དག་ནི་སྦྱིན་པ་ལས། །སྔ་དྲོ་འདས་པའི་ཕྱི་དྲོ་ལས། །དེ་ཡིས་འདས་པའི་དབྱུ་གུར་བྲོ། །ལྷག་མ་ལུས་དང་འདས་པ་ ཤེས། །ནམ་མཁའ་མཁའ་ཟུང་ལུག་གི་ཚད། །ནམ་མཁའ་རིག་བྱེད་མཆོ་མ་གླང་། །སྟོང་པ་ནོར་ལྷ་ཟུང་འཁྲིག་པ། །མཁའ་སོ་ཀ་ར་ཀཊ་རུ་དྲན། །མཁའ་དུས་མེ་རྣམས་སེང་གེ་ལའོ། །ནམ་མཁའ་མཁའ་མཚོ་བུ་མོ་དྲན། །རིམ་པའི་རིམ་པ་སྨིན་པ་ལས། །སྲང་སོགས་བཟློག་གོ་གངས་རིའི་བདག ཐམས་ཅད་ཉི་མའི་རྗེས་འབྲངས་ཏེ། །ཞག་གཅིག་ལ་ནི་ལས་ཀྱང་བྱེད། །ལུག་སོགས་ཁྱིམ་རྣམས་རེས་འཇོག་ཏུ། །མི་མཉམ་པ་དང་མཉམ་པར་ཤེས། །མི་མཉམ་པ་ནི་ཕོ་ཡིན་ཏེ། །མཉམ་པ་མོ་ཞེས་བྱ་བར་དྲན། །ཕོ་ཁྱིམ་རྣམས་ནི་དྲག་པོ་སྟེ། །མོ་ཁྱིམ་རྣམས་ནི་ཞི་བར་བརྗོད། །གཡོ་དང་རྟན་ དང་གཉིས་རང་བཞིན། །ལུས་སོགས་རིམ་བཞིན་དུ་གནས། །དུས་སྦྱོར་རྗེས་སུ་འབྲས་བུ་རྣམས། །ཐོབ་པར་འགྱུར་རོ་ལྷ་མཛེས་མ། །ཁྱིམ་གྱི་དུས་སྤྱོར་དུམ་བུ་དྲུག །བཤད་ཀྱིས་ལྷ་མོ་ཆེན་མོ་ཉོན། །དུས་སྤྱོར་གཅིག་དང་ཕྱེད་པ་དང་། །སུམ་ཆ་དགུ་ཆ་བཅུ་གཉིས་ཆ། །སུམ་ཅུའི་ཆ་ཤས་བྱེ་ བྲག་རྣམས། །ཤེས་པར་གྱིས་ཤིག་ལྷ་མཛེས་མ། །དུས་སྤྱོར་གྱི་ནི་ཆུ་ཚོད་དང་། །ཕྱེད་དང་སུམ་ཆ་དགུ་ཆ་དང་། །བཅུ་གཉིས་ཆ་ཡ་ཆུ་ཚོད་དང་། །སུམ་ཅུའི་ཆ་ཤས་རབ་གྲུབ་པའི། །དབྱུ་གུའི་གྲངས་རྣམས་བཤད་པ་ནི། །ཞག་གཅིག་ལ་ནི་བཅུ་གཉིས་ཏེ། །དེ་ཡི་གཅིག་གི་ལོངས་སྤྱོད་པ། །མཁའ་ དང་ནམ་མཁའ་བརྒྱད་དང་གཟུགས། །དུས་སྦྱོར་གཅིག་གི་ཚད་དུ་བརྗོད། །ཕྱེད་པ་ལ་སོགས་བྱེ་བྲག་རྣམས། །ལྷ་མོ་དུས་སྦྱོར་ཉིད་ལས་ཕྱེ། །མཁའ་མཁའ་བུག་མཁའ་མཁའ་རོ། །མཁའ་མཁའ་མིག་དང་མཁའ་དང་ཚེས། །ནམ་མཁའ་རོ་རྣམས་རིམ་པ་བཞིན། ། ཤེས་པར་བྱའོ་བཟང་མོ་ཀྱེ། །དུས་སྦྱོར་ཕྱེད་སོགས་མཚན་ཉིད་བཤད། །སྐལ་བ་ཆེན་པོའི་བདག་མོ་ཉོན། །ལུག་ལ་སོགས་པའི་འཕོ་བ་ཡི། །འདས་པའི་ཞག་གྲངས་ཇི་སྙེད་པ། །རང་གི་ཆུ་སྲང་དག་གིས་བསྒྱུར། །སུམ་ཅུས་བགོས་བས་རྙེད་པ་ནི། །ཁྱིམ་དེའི་འདས་པའི་ཆུ་སྲང་ཡིན། ། དེ་ཡིས་ཁྱིམ་གྱི་ཆུ་སྲང་ལ། །ཕྲི་བའི་ལྷག་མ་མ་འོངས་པ། །དེས་ནི་འཕོ་བའི་འདས་པ་དང་། །མ་འོངས་པ་ནི་ཤེས་པར་བྱེད། །དུས་སྦྱོར་གང་ཡིན་ངོས་གཟུང་ཕྱིར། །དེ་ཡི་དུས་ཀྱི་ཆུ་ཚོད་ནི། །འདས་རྣམས་དྲུག་ཅུས་བསྒྱུར་བར་བྱ། །དེ་ལ་མ་འོངས་ཆུ་སྲང་གིས། །ཕྲི་བས་མ་ལྡང་དེ་ཉིད་ ཡིན། །ལྡང་ན་སོ་སོར་རིམ་བཞིན་དབྱེ། །ལུག་སོགས་དྲུག་ལ་རིམ་པ་སྟེ། །སྲང་སོགས་དྲུག་ལས་བཟློག་པས་དབྱི། །གང་ཚེ་མ་ལྡང་ཐིག་ལེ་ཤར། །དེ་ཚེ་དུས་སྤྱོར་ཏད་ཀཱ་ལ། །ཕྲི་བའི་ལྷག་མ་སུམ་ཅུས་བསྒྱུར། །དེ་ལ་ཏད་ཀལ་ཆུ་སང་གིས། །བགོས་པས་ཐོབ་པ་ཆ་ཤས་ཡིན། །ལྷག་མ་ དྲུག་ཅུས་བསྒྱུར་པ་ལ། །ཆུ་སྲང་གིས་ཐོབ་དབྱུ་གུ་སྟེ། །ཡང་ལྷག་དྲུག་ཅུས་བསྒྱུར་བ་ལ། །ཆུ་སྲང་གིས་ཐོབ་ཆུ་སྲང་ཡིན། །ཡང་ལྷག་བསྒྱུར་བགོས་ད་ཐོབ་དབུགས། །ཏད་ཀཱ་ལ་ཆ་ཤས་དབུགས་སྲང་དབུགས། །དུས་སྦྱོར་གྱི་ནི་གནས་ལྔར་བཞད། །དུས་སྦྱོར་ཐོག་མར་གཞག་པའི་ཕྱིར། །ཏད་ ཀཱ་ལ་ནི་སུམ་ཅུས་བསྒྱུར། །འོག་གི་ཆ་ཤས་སྟེང་དུ་བཅུག །དེ་ཡང་དྲུག་ཅུས་བསྒྱུར་བྱ་སྟེ། །འོག་གི་ཆུ་ཚོད་སྟེང་དུ་གཞུག །མཁའ་མཁའ་བརྒྱད་དང་གཟུགས་ཀྱིས་བགོ །ཐོབ་པ་དུས་སྦྱོར་ཏད་ཀཱལ། དུས་སྦྱོར་ཕྱེད་པ་ལྟ་བའི་ཕྱིར། །ཆ་ཤས་དྲུག་ཅུས་བསྒྱུར་བ་ལ། །འོག་གི་ཆུ་ཚོད་སྟེང་དུ་ གཞུག །མཁའ་མཁའ་བུ་གས་བགོས་པ་ལས། །ཕྱེད་པས་ལྷག་ནག་ཅིག་སྦྱིན་བྱ། །གཉིས་བསམ་མང་བ་མི་སྲིད་དེ། །གཅིག་ནི་བདག་པོ་ཉི་མ་སྟེ། །གཉིས་ཀྱི་ཟླ་བ་བདག་པོ་ཡིན། །དེ་ནས་དུས་སྦྱོར་སུམ་ཆ་བརྟག །སྔར་བཞིན་ཆ་ཤས་དྲུག་ཅུས་བསྒྱུར། །ཆུ་ཚོད་སྟེང་གཞུག་དྲུག་བརྒྱས་ བགོ །ཇི་སྲིད་ལྷག་ན་གཅིག་སྦྱིན་བྱ། །རྙེད་པ་གསུམ་ལས་མང་པ་མིན། །གཅིག་ནི་ཏད་ཀཱ་ལ་ཡིན་ཏེ། །གཉིས་ནི་ཏད་ཀཱ་ལ་ནས་བགྲངས་ལྔ། །གསུམ་བྱུང་དགུ་པའི་དུས་སྦྱོར་ཏེ། །གང་ཡིན་བདག་པོའི་འབྲས་བུ་འབྱུང་། །དེ་ནས་དགུ་ཆ་བརྟག་པར་བྱ། །ཆ་ཤས་དྲུག་ཅུས་བསྒྱུར་བ་ལ། ། རྒྱུ་ཚོད་སྟེང་གཞུག་མཁའ་སྟོང་མིག །བགོས་བས་ལྷག་ན་གཅིག་སྦྱིན་བྱ། །དེ་ནི་དུས་སྦྱོར་དགུ་ཆ་སྟེ། །ཐོག་མར་ཏད་ཀཱ་ལ་གང་ཡིན་ནམ། །བཟུང་ལ་དགུ་ཆ་གང་ཡིན་བལྟ། །གང་ཡིན་བདག་པོའི་འབྲས་བུ་འབྱུང་། །ལུག་སེང་གཞུ་རྣམས་ལུག་ནས་བགྲང་། །ཆུ་སྲིན་བུ་མོ་གླང་རྣམས་ ནི། །ཆུ་སྲིན་ནས་ནི་ཐོག་མ་བྱ། །འཁྲིག་པ་བུམ་པ་སྲང་རྣམས་ནི། །དང་པོར་སྲང་ནས་གྲགས་བཟུང་ངོ་། །ཀར་ཀཊ་དང་སྡིག་པ་ཉ། །ཀར་ཀཊ་ཉིད་ཐོག་མར་གཞག །བཅུ་གཉིས་ཆ་ནི་བལྟ་བ་ལ། །ཆ་ཤས་དྲུག་ཅུས་བསྒྱུར་བ་ལ། །ཆུ་ཚོད་སྟེང་གཞུག་མཁའ་ཆོས་ཀྱིས། ཐོབ་ལ་ ལྷག་ན་གཅིག་སྦྱིན་བྱ། །ཏན་ཀཱ་ལ་ནས་བགྲངས་པ་ཡི། །གང་ཡིན་བདག་པོའི་འབྲས་བུ་འབྱུང་། །གཞན་ཡང་སུམ་ཆའི་ཆ་ལ་ཡང་། །ཆ་ཤས་སྔར་བཞིན་བསྒྱུར་བར་བྱ། །ཆུ་ཚོད་བཅུག་ལ་མཁའ་རོས་བགོ །ལྷག་མཐོང་ན་གཅིག་སྦྱིན་བྱ། །མིག་དམར་སྤེན་པ་ཕུར་བུ་དང་། །གཟའ་ ལྷག་པ་བསངས་རིམ་པས་བཞག །ལྔ་དང་ལྔ་དང་བརྒྱད་བདུན་ལྔ། །གནས་གཉིས་དག་ལ་དགོད་པར་བྱ། །ལུག་སོགས་མི་མཉམ་པ་ཡི་ཁྱིམ། །རིམ་པ་བཞིན་དུ་བསྲངས་བ་ཡི། །དབུས་ཀྱི་བདག་པོའི་འབྲས་བུ་འབྱུང་། །གླང་སོགས་མཉམ་ལ་རིམ་མིན་ཏེ། །དེ་ལྟར་ཤེས་བྱ་མཛེས་མ་ཀྱེ། ། བུམ་དྲུག་བདེན་པའི་གཟའ་རྣམས་ནི། །རིམ་པ་བཞིན་དུ་བཞག་པ་ལ། །དགེ་དང་མི་དགེའི་མཚན་མ་བརྟག །ལུག་གླང་ཀ་ར་ཀ་གཞུ་དང་ནི། །ཆུ་སྲིན་དུས་སྦྱོར་འོག་ལྟས་སྐྱེ། །ཉ་ནི་འཕྲེད་ལྟས་སྐྱེ་བ་སྟེ། །ལྷག་མ་སྐྱེ་བ་སྟེང་དུ་ལྟ། །བུ་མོ་འཁྲིག་པ་བུམ་པ་སྲང་། །མདོག་བཟང་གཞན་ནི་ངན་ པ་ཡི། །དུས་སྦྱོར་གནས་སྟོབས་ཉེ་བར་ཤེས། །མི་རྣམས་ལ་ནི་ཡོངས་སུ་གྲགས། །འཁྲིག་པ་བུ་མོ་སྲང་བུམ་པ། །ཤར་དུ་སྟོབས་དང་ལྡན་པ་སྟེ། །ལུག་གླང་སེང་གེ་གཞུ་རྣམས་ནི། །ལྷོ་རུ་དེ་བཞིན་སྟོབས་སུ་འགྱུར། །སྡིག་པའི་དུས་སྦྱོར་གཅིག་བུ་ནི། །ནུབ་ཏུ་སྟོབས་ཆེར་འགྱུར་བར་ གྲགས། །ཀར་ཀ་ཆུ་སྲིན་ཉ་ནི་བྱང་། །ཕྱོགས་ཀྱི་སྟོབས་སུ་བཤད་པ་ཡིན། །ལུག་གླང་འཁྲིག་པ་ཀ་ར་ཀཊ། །གཞུ་དང་ཆུ་སྲིན་མཚན་མོ་ལ། །སེང་གེ་བུ་མོ་སྲང་སྡིག་པ། །བུམ་ཉ་ཉིན་མོ་སྟོབས་དང་ལྡན། །ཏད་ཀཱ་ལ་ཡི་དུས་སྦྱོར་གྱི། །མཐོང་བའི་ས་ན་བདག་པོའི་ གཟའ། །ཡོད་ན་ཤིན་ཏུ་བཟང་བ་སྟེ། །དེ་ཡི་གྲོགས་པོ་ཡོད་ཀྱང་བཟང་། །བཏང་སྙོམས་ལ་ནི་བཏང་སྙོམས་འགྱུར། །ཉ་ཡི་ཁྱིམ་བདག་ཕུར་བུ་སྟེ། །དེ་ཡིས་མཐོང་བའི་ས་རྣམས་ལ། །དེ་དང་གྲོགས་པོ་ཡོད་ན་བཟང་། །དགྲ་རྣམས་ཡོད་ན་མི་དག་སྟེ། །བདུན་ལ་དགྲ་ཡོད་འཆི་བར་འགྱུར། ། དགེ་སྡིག་གང་ཡོད་སྟོབས་ཆེ་སྟེ། །དྲན་པའི་སྟོབས་སུ་རབ་ཏུ་གྲགས། །དེ་ནས་གཞན་ཡང་དུས་སྦྱོར་གྱི། །དུམ་བུ་སུམ་ཅུའི་ཆ་ཤས་བཤད། །ལུག་ཏུ་ཉི་མར་ཆ་ཤས་བཅུ། །གླང་ལ་ཟླ་བ་ཆ་ཤས་གསུམ། །ཀ་ར་ཀ་ཕུར་པ་ལྔ་ཡང་དགེ །བུ་མོ་གཟའ་ལྷག་བཅོ་ལྔའོ། །སྲང་དུ་ སྤེན་པ་མཁའ་མིག་དང་། །ཆུ་སྲིན་མིག་དམར་ཉི་ཤུ་བརྒྱད། །ཉ་ལ་པ་བསངས་ཉི་ཤུ་བདུན། །ཆ་ཤས་འདི་དག་ཡུན་ལ་དགེ །རཱས་ནས་ནི་བགྲངས་པ་ཡི། །བདུན་པ་ལ་ནི་མི་དགེ་བ། །ལུག་ཏུ་སྤེན་པ་ཉི་ཤུ་སྟེ། །ཀ་ར་ཀ་མིག་དམར་ཉི་ཤུ་བརྒྱད། །བུམ་པར་གཟའ་ལྷག་བཅོ་ལྔ་སྟེ། །བུ་ མོར་པ་སངས་ཉི་ཤུ་བདུན། །སྡིག་པར་ཟླ་བ་གསུམ་ཡིན་ནོ། །ཆུ་སྲིན་ཕུར་བ་ལྔ་ཡིན་ནོ། །སྲང་དུ་ཉི་མ་ཆ་ཤས་བཅུ། །འདི་དག་ཆ་ཤས་ཡུན་ལ་ངན། །ཏད་ཀཱ་ལ་ཡི་དུས་སྦྱོར་ལ། །ཞིང་བདག་གཟའ་ནི་འཆར་བ་དང་། །དེ་ལས་གཞན་པའི་ཁྱིམ་རྣམས་སུ། །ཁྱིམ་བདག་གཟའ་རྣམས་ འཆར་བའི་ཚེ། །དེ་ཡིས་དགོས་པའི་དོན་རྣམས་ནི། །འགྲུབ་འགྱུར་མཛེས་དགའ་བདེ་སྐྱེད་མ། །རང་གི་སྐྱེ་བའི་ཁྱིམ་དང་ནི། །ཏད་ཀཱ་ལ་ཡི་དུས་སྦྱོར་ནས། །མཐོང་བའི་ས་ནི་བདུན་ཡིན་ཏེ། །གསུམ་དང་བཅུ་ལ་རྐང་པ་གཅིག །བཞི་དང་བརྒྱད་ལ་རྐང་པ་གསུམ། །ལྔ་དང་དགུ་ལ་ཕྱེད་མཐོང་ བཤད། །བདུན་པ་ཐམས་ཅད་རྫོགས་པར་མཐོང་། །བཞི་ནི་མི་མཐོང་མཛེས་དགའ་མ། །མཐོང་དགའ་སྟོབས་ཀྱི་བྱེ་བྲག་བཤད། །རང་རང་སྡེ་ཚན་གནས་པ་ལས། །ཉི་མ་ཕུར་བུ་བ་བ་སངས། །ཉིན་མོ་སྟོབས་དང་ལྡན་པར་འགྱུར། །མིག་དམར་རཱ་ཧུ་སྤེན་པ་ཟླ། །མཚན་ལ་སྟོབས་ཆེར་ལྡན་ འགྱུར་ཏེ། །ཉིན་དང་མཚན་ལ་སྟོབས་ཆེ་བ། །གཟའ་ལྷག་ཅེས་བྱར་ཡོངས་སུ་གྲགས། །ཕུར་བུ་དང་ནི་པ་བ་སངས། །དཀར་པོའི་ཕྱོགས་ལ་སྟོབས་ཆེ་སྟེ། །ཉི་མ་དང་ནི་སྤེན་པ་དག །ནག་པོའི་ཕྱོགས་ལ་སྟོབས་སུ་འགྱུར། །གཉིས་ཀ་ལ་ནི་སྟོབས་བྱེད་པ། །ཟླ་བ་མིག་དམར་གཟའ་ ལྷག་གོ །ཟླ་བ་དང་ནི་པ་བ་སངས། །གླང་སོགས་མོ་རྣམས་སྟོབས་ལྡན་ཏེ། །ལྷག་མའི་གཟའ་རྣམས་ཕོ་ཁྱིམ་ལ། །སྟོབས་དང་ལྡན་འགྱུར་མཐོང་དགའ་མ། །བྱང་དུ་བགྲོད་ཚེ་སྟོབས་ཆེ་བ། །ནམ་མཁའི་ནོར་བུའི་རི་བོང་ཅན། །དེ་ལས་གཞན་པའི་གཟའ་རྣམས་ནི། །ལྷོར་བགྲོད་སྟོབས་ བྱེད་ཡིད་འདྲེན་མ། །ཉི་མ་ཟླ་བ་བཞི་པ་ལ། །སྟོབས་འགྱུར་མཛེས་དགའ་སྙིང་འདྲེན་མ། །རྒྱས་པར་གཟའ་ལྷག་དེ་བཞིན་ཏེ། །པ་བ་སངས་ཀྱིས་དབང་ལ་སྟོབས། །མིག་དམར་དགུག་པ་ཕུར་བུ་བསྐྲང་། །གསད་ལ་སྟོབས་ཆེ་སྤེན་པའོ། །དེ་རྣམས་དབང་བྱེད་ཁྱིམ་རྣམས་ལའང་། ། སྟོབས་དང་ལྡན་པར་རབ་ཏུ་གྲགས། །རང་རང་ཁྱིམ་དུ་འོངས་བའི་ཚེ། །སྟོབས་དང་ལྡན་པར་བདག་གིས་དྲན། །གཞན་དག་ཞིང་དེར་འོངས་པའི་ཚེ། །འདི་ཡི་འབྲས་བུ་ག་ལ་སྟེར། །གཟའ་རྣམས་སྟོབས་ཀྱི་བྱེ་བྲག་ནི། །སྤེན་པ་མིག་དམར་གཟའ་ལྷག་དང་། །ཕུར་བུ་པ་སངས་ ཟླ་བ་ཉིད། །དེ་བཞིན་ཉི་མ་རིམ་པ་བཞིན། །གཅིག་ནས་བདུན་གྱི་བར་དུ་ཡང་། །རེ་རེ་ཡིས་ནི་སྟོབས་འཕེལ་འགྱུར། །ཉི་མའི་གྲོགས་པོ་ཕུར་བུ་སྟེ། །ཟླ་བའི་ཕུར་བུ་གཟའ་ལྷག་གོ། །གཟའ་ལྷག་དང་ནི་པ་བ་སངས། །མིག་དམར་གྲོགས་པོར་ཡོངས་སུ་གྲགས། །ཟླ་བ་མིག་དམར་ཕུར་ བུ་དང་། །པ་སངས་དང་ནི་སྤེན་པ་དག །གཟའ་ལྷག་དང་ནི་གྲོགས་པོར་དྲན། །ཕུར་བུའི་གྲོགས་པོ་ཉི་ཟླ་དང་། །དེ་བཞིན་པ་སངས་སྤེན་པར་བརྗོད། །དེ་བཞིན་པ་བ་སངས་ཀྱི་གྲོགས། །མིག་དམར་གཟའ་ལྷག་ཕུར་བུ་སྤེན། །ཡང་ནི་སྤེན་པར་གྲགས་པ་ལས། །གཟའ་ལྷག་ཕུར་བུ་པ་བ་ སངས། །གྲོགས་ལས་གཞན་པ་དགྲ་ཞེས་གྲགས། །གཞན་དག་གྲོགས་དང་གྲོགས་མིན་པ། །བཏང་སྙོམས་འདོད་ཟེར་ལྷས་མཆོད་མ། །མཆོད་སྦྱིན་ངེས་བརྗོད་སྲིད་སྲུང་དང་། །སྙན་ངག་དག་གི་རིག་བྱེད་ལ། །ཕུར་བུ་པ་སངས་མིག་དམར་དང་། །གཟའ་ལྷག་རིམ་བཞིན་བདག་པོར་ བརྗོད། །ནག་ཆད་ག་ལ་དབང་བྱེད་པ། །ཟླ་བ་ཉི་མ་མིག་དམར་དང་། །སྲིན་པའོ་དཀར་ཆ་དབང་བྱེད་པ། །ཟླ་བ་དེ་བཞིན་ཕུར་བུ་དང་། །པ་སངས་དགེའོ་རྗེ་བཙུན་མ། །གཟའ་ལྷག་གཉིས་ཀའི་མཚམས་ལ་དབང་། །ཉི་མ་མིག་དམར་ཕུར་བུ་རྣམས། །སྐྱེས་བའི་ གཟའ་རུ་བསྟན་པ་ཡིན། །ཁུ་བ་དང་ནི་རི་བོང་ཅན། །བུད་མེད་དག་གི་གཟའ་ཞེས་གྲགས། །གཟའ་ལྷག་དང་ནི་སྤེན་པ་དང་། །མ་ནིང་ཞེས་བྱ་ལྷ་ཆེན་མ། །ཕུར་བུ་དང་ནི་པ་བ་སངས། །བྲམ་ཟེའི་རིགས་སུ་བསྟན་པ་ཡིན། །ཉི་མ་དང་ནི་མིག་དམར་དང་། །རྒྱལ་རིགས་ཞེས་བྱར་ཡོངས་ སུ་གྲགས། །ཟླ་བ་རྗེ་རིགས་ཞེས་བྱ་སྟེ། །གཟའ་ལྷག་དམངས་རིགས་དག་ཏུ་བརྗོད། །ཕ་ནི་བྲམ་ཟེ་མ་ནི་དམངས། །དེ་ཡི་བུ་ནི་སྤེན་ཞེས་བྱ། །སྒྲ་གཅན་ཞེས་བྱར་གྲགས་པ་ནི། །གདོལ་པའི་རིགས་སུ་ཤེས་པར་བྱ། །ཉི་མ་དང་ནི་ཟླ་བ་དག །རྒྱལ་པོའི་རིགས་སུ་ཡོངས་སུ་ གྲགས། །ཕུར་བུ་པ་སངས་བློན་པོའི་གཟའ། །མིག་དམར་དམག་དཔོན་བདག་པོར་གྲགས། །གཟའ་ལྷག་རྒྱལ་པོའི་བུ་ཞེས་གྲགས། །བྲན་གྱི་གཟའ་ནི་སྤེན་པར་གྲགས། །མིག་དམར་སྤེན་པ་སྒྲ་གཅན་ཉི། །དྲག་པོའི་གཟའ་རུ་ཡོངས་སུ་གྲགས། །ལྷག་མ་རྣམས་ནི་ཞི་བར་ བརྗོད། །པ་སངས་ཕུར་བུ་ལྷག་པ་ཟླ། །བསོད་ནམས་དག་གི་གཟའ་ཡིན་ཏེ། །གཞན་ནི་སྡིག་ཅན་ཞེས་བྱར་དྲན། །མཛེས་དགའ་གཟའ་ཡི་རང་བཞིན་ཡིན། །ཕུར་བུ་ཙམ་པ་བཞིན་དུ་སེར། །ཉི་མ་དམར་སྐྱའི་མདོག་ཏུ་གསལ། །མིག་དམར་དམར་ནག་རི་བོང་ཁྲག །ཟླ་བ་དཀར་ལ་ སེར་བའི་མདངས། །གཟའ་ལྷག་སྔོ་དང་ལྗང་དམར་སྟོན། །པ་སངས་ཁ་དོག་སྣ་ཚོགས་པ། །སྤེན་པ་ནག་པོ་སྒྲ་གཅན་སྔོ། །དེ་ལྟར་གཟའ་ཡི་ཁ་དོག་བཞེད། །ཉི་མ་དང་ནི་མིག་དམར་དག །བཞུ་དང་མི་བཞུའི་ཁམས་ཞེས་བྱ། །གཟའ་ལྷག་དང་ནི་སྤེན་པ་ལ། །རྩ་བ་ཞེས་བྱ་གོས་ལ་ སོགས། །ཟླ་བ་ཕུར་བུ་པ་བ་སངས། །སྲོག་ཆགས་རིགས་ཡིན་དཀར་མོ་ཆེ། །དེ་ལྟར་དུས་སྦྱོར་བཅུ་གཉིས་ཀྱང་། །ལུག་གླང་འཁྲིག་པ་ལ་སོགས་པ། །ཁམས་དང་རྩ་བ་སྲོག་རིམ་བཞིན། །ཐ་སྐར་བྲ་ཉེ་སྨིན་དྲུག་སོགས། །ཁམས་རྩ་སྲོག་སོགས་གོ་རིམས་བཞིན། །ཀུན་ལ་ སྦྱར་ཏེ་ཤེས་པར་བྱ། །ལུས་ནོར་སྤུན་ཟླ་གྲོགས་པོ་དང་། །བུ་དགྲ་ཆུང་མ་འཆི་དང་ཆོས། །ལས་དང་རྙེད་སྟོར་གོ་རིམས་བཞིན། །ཏད་ཀཱལ་དུས་སྦྱོར་སོགས་ཤེས་བྱ། །ཏད་ཀཱ་ལ་ཡི་དུས་སྦྱོར་ལ། །ཏད་ཀཱ་ལ་དང་བཞི་བ་དང་། །བདུན་པ་དང་ནི་བཅུ་བ་རྣམས། །ཨུ་པ་ཙ་ཡི་བདག་ཉིད་ དུ། །གནས་ཀྱི་དབང་གིས་གྲུ་བཞིར་གྲགས། །ཏད་ཀཱལ་དུས་སྦྱོར་གནས་པ་ལས། །གསུམ་དྲུག་བཅུ་དང་བཅུ་གཅིག་རྣམས། །ཨུ་པ་ཛ་ཡའི་བདག་ཉིད་དུ། །ཤེས་པར་བྱའོ་ལྷ་ཆེན་མ། །དང་པོ་གསུམ་སོགས་མི་མཉམ་པ། །ཨུ་བ་ཛ་ཏེ་གེ་བ་ཡིན། །གཉིས་པ་བཞི་སོགས་ མཉམ་པ་སྟེ། །ཨུ་བ་ཛ་ཏི་མི་དགེར་བརྗོད། །ཏད་ཀཱལ་ལྔ་པ་དགུ་པ་རྣམས། །ཟུར་གསུམ་ཞེས་བྱར་ཡོངས་སུ་གྲགས། །བར་དུ་གཉིས་ནི་གནས་པ་ལ། །གྲུ་བཞིའི་མཚན་ཉིད་ཤེས་པར་བྱ། །གསུམ་ནི་བར་དུ་གནས་གྱུར་པ། །ཟུར་གསུམ་དུ་ཡང་བརྗོད་པ་ཡིན། །ལྔ་པ་དང་ ནི་བདུན་པ་དག །དེ་བཞིན་གྲིབ་མར་ཡོངས་སུ་གྲགས། །བརྒྱད་པ་ཉིན་ངོས་ཞེས་བྱ་སྟེ། །དེ་བཞིན་བཅུ་གཉིས་མཚམས་ཞེས་བྱ། །བཞི་དང་བརྒྱད་པ་ལས་གནས་ཏེ། །བཞི་པ་ཞེས་བྱར་ཡོངས་སུ་གྲགས། །གཉིས་པ་དང་ནི་ལྔ་པ་དང་། །བརྒྱད་དང་བཅུ་གཅིག་མཐར་ཐུག་པ། ། དུས་སྦྱོར་ཏད་ཀཱལ་གནས་པ་ཡི། །ཐུར་སྨད་ཅེས་ནི་ཡོངས་སུ་གྲགས། །གསུམ་དྲུག་དགུ་བ་བཅུ་གཉིས་པ། །དེ་བཞིན་གྱེན་སྟོད་ཅེས་སྦྱར་སྨྲ། །གསུམ་པ་དང་ནི་བཅུ་པ་ལ། །རྐང་པ་གཅིག་ནི་མཐོང་བར་དྲན། །དེ་བཞིན་ལྔ་དང་དགུ་པ་ལ། །རྐང་པ་གཉིས་ནི་མཐོང་ཞེས་གྲགས། ། བཞི་བ་དང་ནི་བརྒྱད་པ་ལ། །རྐང་པ་གསུམ་མཐོང་བདེ་སྟེར་མ། །བདུན་པའི་གནས་སུ་གཞན་པ་ལ། །བཞི་པ་ཡོངས་སུ་རྫོགས་པར་མཐོང་། །མ་ལུས་པ་ནི་གནས་པ་ལ། །གཟའ་ཡི་འབྲས་བུ་བསྐྱེད་པ་ཡིན། །གསུམ་དང་བཅུ་ལ་སྤེན་པ་གནས། །ཡོངས་སུ་རྫོགས་པ་སྟེར་བ་ཡིན། ། ལྔ་དང་དགུ་ལ་ཕུལ་བུ་གནས། །བཞི་དང་བརྒྱད་ལ་མིག་དམར་དང་། །བདུན་པ་ལ་ནི་ལྷག་པ་ཞེས། །གཟའ་མཆོག་རྫོགས་པར་སྟེར་བ་ཡིན། །རང་གི་སྐྱེ་བའི་དུས་སྦྱོར་ལ། །བདུན་པའི་གནས་སུ་གཞག་པ་ལ། །དུས་མེ་འཆར་ཚེ་འཆི་བར་གྲགས། །ཉི་མ་ནད་འབྱུང་མིག་དམར་དགྲ། ། སྤེན་པས་ནོར་ནི་ཉམས་པར་འགྱུར། །ཀེ་ཏུས་དོན་ཉམས་ལྷས་མཆོད་མ། །སྒྲ་གཅན་ཤར་ན་དགྲ་ཡང་ཕམ། །ཟླ་བས་རང་རྒྱལ་གཟའ་ལྷག་རྩོད། །པ་བ་སངས་ཀྱིས་དོན་རྣམས་འགྲུབ། །ཕུར་བུས་སྔགས་རྣམས་འགྲུབ་པར་སྟོན། །མདོར་ན་སྐྱེ་གནས་ བདུན་པ་ལ། །བཟང་ངན་ཞི་དྲག་གནས་བས་ཤེས། །དེ་ལྟར་རཱ་ཤིའི་དཀྱིལ་འཁོར་གྱི། །ཆོ་གའི་བྱེ་བྲག་བདག་གིས་བཤད། །གཡོ་བ་ཟུང་ནི་འཕྱང་བ་ཁྱོད། །ལེགས་པར་རྟོགས་སམ་འདོད་དགའ་མ། །བྲམ་ཟེ་རྣམ་པར་དག་པའི་ཚོགས། །ཕུང་བོ་གསུམ་མཁྱེན་ཐུབ་དབང་བོ། །སྒྲ་ ཡི་བསྟན་བཅོས་དོན་སྤངས་བ། །ཀླགས་པས་ཆོག་པ་དོན་གྲུབ་པ། །ཉན་པར་འདུས་པའི་སེམས་དགེ་མ། །བླ་མ་དམ་པའི་རིམ་པ་ཡིས། །མཆོག་ཏུ་གསང་བའི་བསྟན་བཅོས་འདི། །གཟི་བརྗིད་དགའ་བ་མ་ལུས་མཐོང་། འདི་ནི་གཡུལ་ལས་རྣམ་པར་རྒྱལ་བ་ཞེས་བྱ་བའི་རྒྱུད་ལས། དུས་ སྦྱོར་གྱི་གཟིའི་དུམ་བུ་དྲུག་གི་དོན་རབ་ཏུ་ཕྱེ་བ་ཆེན་པོ་སྟེ་ལེའུ་གཉིས་པའོ།། །།ལྷ་མོས་གསོལ་བ། སྐལ་ལྡན་ལྷ་ཡི་ལྷ་མཆོག་གཙོ། །རིང་བོང་ཅན་གྱིས་དབུ་ལ་བརྒྱན། །མཆོག་ཏུ་དགེ་བ་ཐམས་ཅད་མཁྱེན། །ཇི་ལྟར་དུས་སྦྱོར་དགེ་མི་དག །བཞི་དང་ཆོ་ག་སྔར་གསུངས་ ནས། །ལྷ་ཆེན་རྫུ་འཕྲུལ་མངའ་བ་ཁྱོད། །དུས་སྦྱོར་ཕྲིན་ལས་ཐམས་ཅད་ནི། །མི་གསུང་བཞུགས་པ་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དཀའ་ཟློག་ལྷ་མོ་མཆོག་ཏུ་ནི། །གསང་བ་བཤད་ཀྱིས་གྲོགས་མོ་ཉན། །བསམ་པ་སྔོན་དུ་ལེགས་བཞག་སྟེ། །བྱེ་ བྲག་སོ་སོར་ལེགས་བསམས་ཏེ། །སྔ་དྲོའི་དུས་སུ་སེམས་དགེ་བས། །མངོན་སུམ་དྲན་པ་སོར་བཞག་ནས། །མདུན་བསྡད་གདོང་ནི་མངོན་ཕྱོགས་ཏེ། །ཡིད་ཆེས་ཐེ་ཚོམ་མེད་དགའ་བས། །གུས་པས་ཕྱག་ནི་བཙལ་བྱས་ཏེ། །ཡོན་ཕུལ་ནས་ནི་མཉེས་བར་བྱས། །དེ་ལྟར་སྔོན་དུ་བྱས་ ནས་ནི། །ལངས་དང་རྒྱབ་ཀྱི་ཕྱོགས་པ་མིན། །གཡས་དང་གཡོན་ནས་མ་ཡིན་པར། །མདུན་དུ་དམའ་སར་བསྡད་ནས་ནི། །དགོས་པའི་བསམ་པ་སྔོན་བཏང་སྟེ། །དོན་གསལ་ཚིག་གིས་དྲི་བར་བྱ། །སློབ་དཔོན་མཁས་ཤིང་བྱེ་བྲག་ཤེས། །དགའ་ཞིང་བློ་གསལ་ཡིན་གཞུགས་ པས། །ཏད་ཀཱ་ལ་དུས་སྦྱོར་རབ་ཤེས་པས། །དུམ་བུ་དྲུག་གི་བྱེ་བྲག་མཐོང་། །གཟའ་རྣམས་ཁྱིམ་དང་རྒྱུ་སྐར་ལ། །གནས་པའི་ལོངས་སྤྱོད་ཤེས་པ་དང་། །གཟའ་སྐར་ཚེ་དང་བྱེད་སྦྱོར་སོགས། །རྣམ་པར་དག་པ་དེས་བྱས་ཏེ། །དྲི་བར་བྱེད་པའི་ཚིག་ཚོགས་ཀུན། །ཁོང་དུ་ཆུད་ ནས་སྨྲ་བར་བྱ། །ཟུར་གསུམ་པ་དང་བསོད་ནམས་ཤར། །ཨུད་པ་ཙ་ལ་སྡུག་ཅན་གནས། །འདྲི་བྱེད་རྙེད་པ་འབྱུང་ཞེས་བསྟན། །དེ་ལས་བཟློག་ན་རྙེད་པ་མེད། །ཏད་ཀཱལ་དུས་སྦྱོར་ཕུར་བུ་གནས། །བཞི་དང་བདུན་ལ་ཟླ་བ་གནས། །བཅུ་བར་ཉི་མ་སྣང་གྱུར་ན། །སྨྲས་མ་ཐག་ཏུ་ དོན་རྣམས་འགྲུབ། །དང་པོ་དང་ནི་གཉིས་པ་ལ། །བཅུ་དང་བཅུ་གཅིག་བསོད་ནམས་ཡོད། །དེ་མ་ཐག་ཏུ་དོན་རྣམས་ནི། །དེ་ལྟར་འགྲུབ་པར་བསྟན་པ་ཡིན། །ཏད་ཀཱལ་དུས་སྦྱོར་གཡོ་བ་ལ། །སྡིག་ཅན་གཟའ་དང་ལྷན་ཅིག་གནས། །དོན་རྣམས་མེད་ཅིང་རྣམ་པར་འཇོམས། ། སྔར་ནས་མེད་པའི་སྡུག་བསྔུལ་འབྱུང་། །ཏད་ཀཱལ་དུས་སྦྱོར་བདག་ཡོད་པ། །དེ་ཡི་གྲོགས་པོ་སྣང་ཡང་དེ། །བཞི་བ་ལ་ནི་ཡོད་ན་ཡང་། །ཐེ་ཚོམ་མེད་པར་བདེ་བར་སྟོན། །བཅུ་གཅིག་པ་དང་བརྒྱད་པ་ལ། །སྡིག་ཅན་ཉེ་བར་གནས་པ་དང་། །བཞི་པ་ལ་ཡང་སྡིག་ཅན་གནས། །འདྲ་ བྱེད་སྡུག་བསྔལ་འབྱུང་བར་དྲན། །དང་པོ་གཉིས་པ་བ་མི་དང་། །བདུན་བརྒྱད་བཅུ་ལ་བསོད་ནམས་ཡོད། །འདྲི་བྱེད་ཚེ་རིང་ལོ་མང་ཐུབ། །གྲུབ་བཞི་ལ་ཡང་དེ་བཞིན་ནོ། །ཏད་ཀཱ་ལ་ཡི་དུས་སྦྱོར་དང་། །བཞི་དང་བརྒྱད་ལ་སྡིག་པ་ནས། །དགྲ་རྣམས་ཀྱིས་འཚེ་དོན་ཉམས་ཤེས། །འདྲི་ བྱེད་འཆི་བར་འགྱུར་བ་ཡིན། །ཏད་ཀཱལ་དུས་སྦྱོར་སྡིག་གཟའ་ཡོད། །ལུས་ལ་ནད་རྣམས་འབྱུང་བར་འགྱུར། །བཞི་བར་སྡིག་ཅན་ཡོད་པ་ན། །གཉེན་བཤེས་རྣམས་ནི་འཐབ་རྩོད་འཁྲུག །དེ་བཞིན་བདུན་པར་སྡིག་ཅན་ཡོད། །ཆུད་མ་འོད་ཚད་འཆི་བར་སྟོན། །བཅུ་པ་སྡིག་ཅན་ རྟག་པར་གནས། །བྱ་བའི་ལས་རྣམས་འགྲུབ་མི་འགྱུར། །དེ་ལས་བཟློག་སྟེ་བསོད་ནམས་ཡོད། །རིམ་པ་བཞིན་དུ་དགེ་ལ་ཡིན། །གྲུ་བཞི་ཚང་བར་དགེ་བ་ཅན། །འདྲི་བྱེད་གྲགས་དང་སྙན་པར་འབྱུང་། །དང་པོ་ལྔ་པ་བདུན་དང་བརྒྱད། །དེ་ལ་བསོད་ནམས་སྣང་འགྱུར་ཞིང་། ། གསུམ་དྲུག་བཅུ་དང་བཅུ་གཅིག་ལ། །ཟླ་ནས་ནད་ཅན་མྱུར་དུ་གྲོལ། །དང་པོ་ལྔ་དང་བདུན་བརྒྱད་ལ། །སྡིག་ཅན་གཟའ་དང་ཟླ་བ་འཛོམ། །དྲི་བྱེད་ནད་ནི་འབྱུང་བ་སྟེ། །ནད་ཅན་ཡིན་ན་འཆི་བར་འགྱུར། །དང་པོ་ལྔ་བདུན་བརྒྱད་ལ་སྡིག། །དང་པོ་གཉིས་བཞི་ ལྔ་བདུན་བརྒྱད། །བཅུ་གཉིས་ཟླ་གནས་དེ་བཞིན་ནོ། །གསུམ་ལ་སོགས་པ་རོ་མིག་རྣམས། །ཁྱིམ་དུ་གནས་ཤིང་འཇུག་པ་སྟེ། །དགུ་པ་ལ་སོགས་དེ་བཞིན་དུ། །ཡུལ་ལམ་ཁྱིམ་ནས་འཐོན་པར་གྲགས། །འདུག་ལ་ཞི་བའི་ལྷ་རྣམས་འབྱུང་། །འདྲི་བར་བྱེད་པ་རྒྱལ་བར་བཤད། ། འཐོན་ལ་ཞི་བའི་གཟའ་རྣམས་ཚང་། །ཕམ་པ་རྒྱལ་བར་བྱེད་པ་ཡིན། །འཇུག་ལ་སྡིག་ཅན་གཟའ་རྣམས་ཤར། །གང་ཞིག་འདྲི་བ་ཕམ་པ་སྟེ། །འཐོན་ལ་དྲག་པོའི་གཟའ་རྣམས་འབྱུང་། །རྒྱལ་བ་ཕམ་པར་འགྱུར་བ་ཡིན། ཞི་དྲག་གཉིས་ཀ་ཕྱེད་མར་གནས། །ཕན་ཚུན་འཁྲུག་པ་ འདུམ་པར་བརྗོད། །རྒྱལ་བ་ཞི་བའི་གཟའ་ཡོན་ན། །ཤིན་ཏུ་དགེ་སྟེ་རྒྱལ་བར་དེས། །ཕམ་ལ་ཞི་བའི་གཟའ་ཡོད་ན། །ཐོག་མར་ཕམ་ནས་དེ་ནས་རྒྱལ། །རྒྱལ་ལ་སྡིག་ཅན་ཡོད་པ་ན། །དང་པོ་རྒྱལ་ནས་དེ་ནས་ཕམ། །འཁྲུག་པའི་གྲོས་བྱེད་དང་པོ་ནི། །ཕམ་པ་ཞེས་ནི་བྱ་བ་སྟེ། ། ཕྱི་ནས་གྲོས་བྱས་རྒྱལ་བ་ཞེས། །བདེ་སྟེར་ལྷ་མོས་ཤེས་པར་གྱིས། །དང་པོའི་བདུན་པར་བསོད་ནམས་ཡོད། །གསུམ་དང་དྲུག་དང་བཅུ་པ་དང་། །བཅུ་གཅིག་པ་ལ་སྡིག་པ་གནས། །དེ་ཚེ་འདི་བྱེད་སྐྱེས་བུ་རྒྱལ། །གཟའ་ལྷག་ཕུར་བུ་པ་སངས་གསུམ། །བཅུ་བ་ལ་ནི་ཤར་བ་ན། །དཔུང་ གི་ཚོགས་ནི་རྣམ་པར་རྒྱལ། །ཐམས་ཅད་འཇོམ་མམ་རེ་རེའང་བཟང་། །ལུག་གླང་སེང་གེ་གཞུ་རྣམས་ནི། །ཏད་ཀཱ་ལ་དུས་སྦྱོར་ལ་འཆར་ཞིང་། །དེ་ལ་སྡིག་ཅན་ཡོད་པ་ན། །དགྲ་བོས་བདག་ཉིད་འཆི་བར་འགྱུར། །བཞི་བར་ཡང་ནི་དེ་འཆར་ཚེ། །དེ་དང་འདྲ་སྟེ་དགྲ་བོས་འཆིང་། །ཏད་ཀཱལ་ དུས་སྦྱོར་ལ་སོགས་པ། །དུས་སྦྱོར་གནས་ནི་རེ་རེ་ལ། །གཟའ་ནི་གཉིས་གསུམ་བཞི་ལ་སོགས། །འཛོམ་པར་འགྱུར་བ་ལེགས་པར་བརྟག །ལྔ་དང་དགུ་པར་སྡིག་ཅན་ཡོད། །དེ་ཚེ་དགྲ་ནི་འོངས་གྱུར་ཏམ། །ཆོམ་རྐུན་ལ་སོགས་འོང་བ་ན། །བདག་གིས་ཕམ་པར་བྱས་ཏེ་སོང་། །ཉི་མ་ མིག་དམར་སྤེན་པ་གསུམ། །བཞི་ཡི་གནས་སུ་འཛོམ་པ་ན། །ལམ་དུ་ཞུགས་པའི་གཏམ་ཐོས་ཀྱང་། །དགྲ་བོ་འབྱུང་བར་ག་ལ་འགྱུར། །གཟའ་ལྷག་ཕུར་བུ་པ་སངས་གསུམ། །སྔར་བཞིན་བཞི་པར་འཛོམ་གྱུར་ན། །དོགས་པ་མེད་ཀྱང་དགྲ་བོ་རྣམས། །འོང་སྟེ་དགྲ་ཉིད་འཇོམས་ པར་འགྱུར། །གང་ཚེ་གཡོ་བའི་ཏད་ཀཱ་ལ། །ཉི་མ་དང་ནི་ཕུར་པ་ཤར། །དགྲ་བོ་ལམ་དུ་ཞུགས་ཏེ་འོང་། །དེ་ཚེ་བཟློག་པར་ཐེ་ཚོམ་མེད། །བརྟན་པའི་ཏད་ཀཱལ་དུས་སྦྱོར་ལ། །ཉི་མ་ཕུར་བུ་འཛོམ་སྟེ་གནས། །ཕ་རོལ་དམག་གི་དཔུང་ཚོགས་ཀྱང་། །ལམ་དུ་མི་འཇུག་དགེ་བ་ཡིན། །ཉི་ མ་གཟའ་ལྷག་ཕུར་བུ་དཀར། །གཡོ་བའི་དུས་སྦྱོར་ལ་འཛོམ་ན། །རེ་རེའང་ཐམས་ཅད་གང་ཡིན་པ། །འདྲི་བ་དོན་རྙེད་དགྲ་ལས་རྒྱལ། །ཏད་ཀཱལ་དུས་སྦྱོར་བསྟན་པ་ལ། །ཕུར་བུ་སྤེན་པ་མཉམ་པར་གནས། །དགྲ་རྣམས་འབྱུང་བར་འགྱུར་བ་རྣམས། །གལ་ཏེ་མ་འོངས་པའང་སྲིད། ། ཏད་ཀཱལ་དུས་ནས་བགྲངས་པ་ཡི། །གཉིས་ལ་གསུམ་པ་ཕུར་པ་ལ། །པ་སངས་ཤར་ན་ཕ་རོལ་དགྲ། །འོང་སྟེ་རང་ཉིད་ཕམ་པར་འགྱུར། །ལུག་སེང་སྡིག་པའི་དུས་སྦྱོར་ལ། །ཉི་མ་མིག་དམར་མཐོང་སར་ཡོད། །བརྐུས་སམ་སྦས་སམ་སེམས་པ་ནི། །བཞུ་དང་མི་བཞུའི་ཁམས་ ལས་གྲུབ། །བུ་མོ་ཆུ་སྲིན་འཁྲིག་བུམ་ལ། །གཟའ་ལྷག་སྤེན་པ་འཛོམས་པའམ། །རེ་རེ་མཐོང་ན་རྩ་བའི་རིགས། །ཁུ་ཚུར་རམ་ནི་སྟོར་བ་སོགས། །སེམས་སོགས་ཚིག་ཏུ་མ་བརྗོད་རྣམས། །དེ་ལས་གྲུབ་པོ་མཐོང་དག་འམ། །སྲང་གཞུ་ཉ་གླང་ཀར་ཀ་ཊར། །ཟླ་བ་ཕུར་བུ་པ་བ་སངས། ། འཛོམ་མམ་རེ་རེ་མིག་གིས་མཐོང་། །མ་སྨྲས་སྲོག་ཆགས་རིགས་ཡིན་ཀྱེ། །མ་བརྗོད་ལྐོག་གྱུར་ཁ་དོག་ནི། །གཟའ་ཡི་མདོག་དང་བསྟུན་པ་ཡིན། །བརྟན་པའི་ཁྱིམ་དང་དགུ་ཆའི་ཁྱིམ། །གཅིག་པར་གྱུར་བ་དེ་ཡི་ཚེ། །སྟེར་བའི་རྫས་དང་ལོངས་སྤྱོད་རྣམས། །རང་མའི་ཁྱེར་བར་ཐེ་ཚོམ་ མེད། །ཏད་ཀཱལ་དུས་སྦྱོར་དགུ་ཆ་ཡིས། །གཉིས་ཀ་གཡོ་བར་གྱུར་བ་ན། །རྐུན་མོ་ཕྱི་ཡི་མི་ཡིན་ཏེ། །ནོར་དེ་གཞན་དུ་ཁྱེར་ནས་སོང་། །ཏད་ཀཱལ་ཁྱིམ་དང་ཨ་ས་ཁྱིམ། །གཉིས་ཀའི་རང་བཞིན་ཡིན་པའི་ཚེ། །ཕྱི་ནང་གཉིས་ཀར་གཏོགས་པའི་མིས། །ནོར་དེ་ཕྱི་ནང་མཚམས་སུ་སྦས། ། གྲུ་བཞི་དང་ནི་གཉིས་པ་དང་། །ཨུ་བ་ཙ་ལ་བསོད་ནམས་ཡོད། །འདྲི་བྱེད་སྟོར་བ་རྙེད་འགྱུར་ཏེ། །དེ་ལས་བཟློག་ན་མི་རྙེད་དོ། །ཟླ་བ་དཀར་ཆར་གྱུར་པ་དང་། །ཏད་ཀཱལ་དུས་སྦྱོར་གཟའ་ལྷག་དང་། །ཕུར་བུ་པ་སངས་སྣང་གྱུར་ན། །སྟོང་བའི་ནོར་ནི་རྙེད་པ་ཡིན། །དེ་ ལྟར་རྐུ་བར་བྱེད་པ་ཡི། །སྐྱེས་བུའི་རིགས་དང་ཁ་དོག་དང་། །ལས་སང་ནུས་པ་ལ་སོགས་པ། །དུས་སྦྱོར་བདག་པོའི་གཟའ་ཡིས་ཤེས། །དགུ་ཆའི་ལོངས་སྤྱོད་བརྩམས་པ་ཡི། །ཐོབ་པ་སྔོན་ཆད་སོང་བའི་གྲངས། །ལྷག་མ་ཡིས་ནི་མ་འོངས་བའི། །གྲངས་དེས་རྙེད་པའི་དུས་ ཚོད་ཤེས། །དགུ་ཆའི་བདག་པོའི་གཟའ་ལ་དྲིས། །ཟླ་བ་ཆུ་ཚོད་ལ་རྩིས་ཏེ། །དེ་ཡི་གྲངས་ཀྱིས་རྙེད་པ་ཡིན། །མིག་དམར་ཞག་གྲངས་ཀྱིས་འཛིན་ཏེ། །དགུ་ཆའི་བཅོ་ལྔ་ཟླ་ཕྱེད་ལ། །སུམ་ཅུ་ཟླ་བ་གཅིག་ན་རྙེད། །གཟའ་ལྷག་ཟླ་བ་གཉིས་ལ་བརྩི། །སུམ་ཅུ་བྱུང་ན་ཟླ་བ་གཉིས། །བཅོ་ལྔ་ ཟླ་བ་གཅིག་ན་རྙེད། །ཉི་མ་ཟླ་བ་དྲུག་ཡིན་པས། །སུམ་ཅུ་ཚང་ན་ཟླ་བ་དྲུག །བཅོ་ལྔས་ཟླ་གསུམ་དག་ན་རྙེད། །ཕུར་བུ་ཟླ་བ་དགུར་འགྱུར་བས། །སུམ་ཅུ་ཚང་ན་ཟླ་དགུ་སྟེ། །བཅོ་ལྔ་ཟླ་བ་ཕྱེད་དང་ལྔ། །པ་སངས་ཟླ་བ་ཕྱེད་ན་བྱེད། །བཅོ་ལྔ་བྱུང་ན་ཕྱེད་དང་བརྒྱད། །སྤེན་པ་ལོ་ཡི་བདག་ཉིད་ པས། །སུམ་ཅུ་ཚང་ན་ལོ་གཅིག་སྟེ། །བཅོ་ལྔ་ཟླ་བ་དྲུག་ན་རྙེད། །དེ་ཡི་བར་གྱི་གྲངས་ཀྱི་དུས། །མཁས་པས་ཞིབ་ཏུ་དཔྱད་པར་བྱ། །ཏད་ཀཱ་ལ་ཡི་དུས་སྦྱོར་རམ། །དགུ་པ་ཡི་ནི་དུམ་བུ་ཡི། བདག་པོའི་གཟའ་ནི་བལྟོས་ནས་ཀྱང་། །གཞན་ལ་བཤད་བྱ་མཛེས་དགའ་མ། །གལ་ཏེ་ཉི་མ་ ཡོད་པ་ན། རྒྱལ་པོ་དང་ནི་མེད་དང་ཁྲག །ཉི་མ་ཤར་དང་མེ་ཏོག་གི །དམར་པོའི་རིགས་རྣམས་རྨི་ལམ་ཡིན། །ཟླ་བ་བུད་མེད་མེ་ཏོག་དང་། །རིན་པོ་ཆེ་དང་སྣ་ཚོགས་རྨི། །ས་ལེ་སྦྲམ་ལ་སོགས་པ་ཡི། །དཀར་པོའི་རིགས་རྣམས་རྨི་བ་ཡིན། །མིག་དམར་བྱི་རུ་ཁྲག་དང་ནི། །ནམ་མཁའ་ལ་ནི་འཕུར་ལ་ སོགས། །ཏད་ཀཱ་ལ་ཡིས་དུས་སྦྱོར་ལ། །མིག་དམར་སྣང་ན་རྨི་བ་ཡི། །གཟའ་ལྷག་དག་ལ་རྨི་ལམ་ནི། །ཆོས་བཤད་པ་དང་ཉན་པ་རྨི། །ཕུར་པས་རི་མོ་འབྲི་བ་དང་། །ཀློག་དང་རིག་པ་སྣ་ཚོགས་དང་། །རྟ་དང་བྱིས་བ་རྩེ་བ་དང་། །པུ་ཏི་ལྷ་དང་གཉེན་མཐོང་རྨི། །པ་སངས་ཆུ་ལ་རྒལ་བ་ དང་། །གར་དང་རྩེ་དང་འཁྲུག་པ་རྨི། །ཁྱིམ་དང་གཟའ་ནི་སོ་སོ་སྟེ། །ཁྱིམ་བདག་མིན་པའི་གཟའ་ཤར་ན། །རྨི་ལམ་འདྲེན་མ་འབྱུང་པའམ། །ཡང་ན་རྨི་ལམ་མི་ཤེས་སོ། །ཁྱིམ་བདག་གཟའ་ཡི་དགྲར་གྱུར་པའི། །གཟའ་རྣམས་ཤར་ན་ངན་པ་རྨི། །ཉི་མ་གནས་པ་ནས་བགྲངས་པའི། ། བདུན་ན་ཟླ་བ་ཡོད་པའམ། །ཟླ་གནས་བདུན་ལ་ཉི་མ་ཡོད། །དེ་ཚེ་འདྲི་ན་རྨི་ལམ་ཡོད། །དེ་ལས་གཞན་པ་འདྲི་བ་ལ། །རྨི་ལམ་མེད་པར་ཤེར་བར་བྱ། །རྨི་ལམ་རྨི་བའི་དུས་བསྟན་པ། །ཏད་ཀཱལ་ཆ་ཤེས་སུམ་ཅུ་ཡི། །རང་བཞིན་ཡིན་པས་དེ་ལ་བལྟ། །ཆ་ཤས་བཅུ་ཤར་སུམ་ཆ་ན། །བཅོ་ ལྔ་ཤར་ན་ནམ་ཕྱེད་ན། །སུམ་ཅུ་ཡོད་ན་ཐོ་རངས་ཏེ། །དེ་ལ་སོགས་པའི་བྱེ་བྲག་རྣམས། །མཁས་པས་ཞིབ་ཏུ་བརྟག་པར་བྱ། །འཕོ་བའི་རྒྱུ་སྐར་ཚེས་བསྲེས་ལ། །སྤྱོད་པའི་གཟའ་ཡིས་ལེགས་པར་བསྒྱུར། །མིང་ཡིག་དང་པོའི་གསལ་བྱེད་ནི། །རིམ་པས་བསྲེས་ལ་གསུམ་གྱིས་བགོ ། དེ་ཡི་ལྷག་མས་དཀོན་མོད་དང་། །རིམ་གྱི་བྱེ་བྲག་སྟོན་པར་བྱེད། །ཟང་དཀོན་རིམས་མང་རི་བོང་ཅན། །དབུ་མར་བརྗོད་པ་གཉིས་ལྷག་པ། །མ་ལུས་བ་ལ་རིམས་མེད་མོད། །ཟླ་རེ་བཞིན་དུ་བརྟགས་ཏེ་སྨྲ། །སྐྱེས་བུ་ཇི་སྙེད་སྣང་གྱུར་པ། །མི་རྣམས་རྒན་པའི་རིམ་པ་ཡི། །དབྱངས་དང་ གསལ་བྱེད་ཇི་སྙེད་པ། །རེ་རེ་བྲི་ལ་གསལ་བྱེད་སྡོམ། །གཉིས་ཀྱིས་བསྒྱུར་ལ་དབྱངས་ཀྱིས་དབྲི། །སྐྱེས་བུས་བགོས་ལྷག་རྒན་པོ་ནས། །ར