Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 203

Văn bản gốc(Tây Tạng)

Trang 10 / 18 (50.000 ký tự/trang)
 །སྟོབས་ཆུང་དགྲ་བོ་བརླག་བྱ་སྟེ། །མཐུ་སྟོབས་མཉམ་པའི་དགྲ་ལ་ནི། །མཐུན་མིན་དུལ་མིན་བྱ་བའོ། །གང་གིས་གདུང་འགྱུར་དེ་མི་བྱ། །གང་གིས་ཞུམ་འགྱུར་ཚུལ་མི་སྤྱད། །མཐར་མི་ཕྱིན་པའི་ལས་མི་བརྩམ། །མགོ་ལྟུང་མི་འགྱུར་

བརྡེག་མི་བྱ། །ཕ་རོལ་མི་རྒལ་དེ་མི་བརྩད། །གང་དུ་དགྲ་རྣམས་དེར་འདུག་མིན། །ཤིང་རྩ་མ་ཕྱུང་ཕྱུང་བ་མིན། །གཉིས་སུ་མ་གྱུར་བཅད་པ་མིན། །རྒན་པོ་མེད་པ་ཚོགས་པ་མིན། །ཆོས་མི་སྟོན་གང་རྒན་པ་མིན། །གང་ལ་བདེན་མེད་ཆོས་མ་ཡིན། །ཚིག་
དོན་མ་འབྲེལ་དོན་མ་ཡིན། །ཚེར་མ་གཏིང་དུ་ཟུགས་པ་དང་། །ཆོས་ལས་ཉམས་པ་ཉིད་དང་ནི། །དགྲ་དང་ཤ་ཁོན་ཞུགས་པ་གསུམ། །རྩ་ནས་ཕྱུང་བ་བདེ་བ་ཡིན། །གཏན་དུ་དྲང་པོ་མི་བྱ་སྟེ། །ནགས་སུ་སོང་ལ་ཡོངས་ལྟོས་དང་། །དེར་ནི་ཤིང་
དྲང་གཅོད་འགྱུར་ཏེ། །ཡོན་པའི་ཤིང་ནི་གནས་ལ་ལྟོས། །གང་དང་གང་ནི་ཅི་བསམས་པ། །དེ་དང་དེ་ལ་ཕན་བསམས་ཏེ། །རྗེས་སུ་འཇུག་པའི་མཁས་པ་ནི། །མྱུར་དུ་བདག་གི་དབང་དུ་འགྱུར། །འདི་ལྟར་གསད་བྱ་གང་ཡིན་དེ། །མི་བརྗོད་མཆོར་གསད་བྱ་
སྟེ། །རི་དགས་རྒྱལ་པོ་རབ་འཁྲུགས་པས། །ལུས་བསྐུམས་ན་ནི་གནོད་བྱེད་ལྟར། །སྙིང་ལ་ཁོན་དུ་དམ་བཟུང་ནས། །གཞན་ལ་མ་ལྟོས་སྤྱད་པར་བྱ། །བློ་ལྡན་བཟོད་དང་ལྡན་བྱས་ནས། །གཞན་གྱི་སྐྱོན་ནི་ཡང་མི་བགྲང་། །དཔེར་ན་ཁུ་བྱུག་གྲོག་མ་དང་། །
དངུལ་རྡོ་ལྟ་བུའི་མདོག་ལྡན་པའི། །ལག་འགྲོའི་རྐང་མཐིལ་གང་ཡིན་དེས། །དུས་མ་ཡིན་པར་ཉམས་ཀྱང་ནི། །གང་ཞིག་བློ་གྲོས་ལ་བརྟེན་ཏེ། །གདེངས་ཀ་གོ་འཕང་མི་སྨད་ཅིང་། །དེ་ནི་དུག་ཉམས་མི་འགྱུར་ལྟར། །སྐྱེས་བུ་ཉམས་ཀྱང་གོ་འཕང་མཐོ། །ཅི་སྲིད་
དག་པོ་ཕ་རོལ་ལ། །འདིར་ནི་པུས་བཙུགས་གདུད་བྱ་སྟེ། །སྐྱེ་བོ་དམ་པ་རྣམས་ལ་ནི། །བསྙེན་བཀུར་སྣ་ཚོགས་སྤྱོད་པ་དང་། །རྔོན་པའི་སྤྱོད་ལམ་འཇབ་བུ་ཡིས། །རི་དགས་དྲུང་དུ་ཕྱིན་ནས་ནི། །དུག་བསྒོས་མདའ་ཡིས་བསྣུན་བཞིན་བྱ། །མ་སུརཀྵས་བྱས་པའི་
ལུགས་ཀྱི་བསྟན་བཅོས་ལས་ལེའུ་གསུམ་པའོ།། །།བདག་དོན་འབད་པས་བྱ་བ་སྟེ། །གཞན་དོན་དེ་བཞིན་བསམ་མི་བྱ། །བདག་གཞན་དོན་རྣམས་སྤངས་པས་ནི། །མཛངས་པ་ཐོབ་པར་མི་འགྱུར་རོ། །གཞན་གྱི་དོན་ལ་མི་བརྟུལ་ཏེ། །རང་གི་ལས་ལ་

བརྩོན་པས་བྱ། །མིག་སྨན་སྤྱད་ན་ཟད་སྣང་ཞིང་། །གྲོག་མ་ཡིས་ནི་བསགས་པ་དང་། །དེ་བཞིན་དུ་ནི་མཁས་པ་ཡིས། །བསགས་པ་ཉུང་དུ་སྤྱད་པར་བྱ། །མ་རྨོངས་ཐམས་ཅད་རྨོངས་བྱ་ཞིང་། །རྨོངས་རྣམས་རྟག་ཏུ་མགོ་བསྐོར་བྱ། །
ཡིད་མི་ཆེས་ལ་ཡིད་ཆེས་བྱ། །བདག་ཉིད་སྦ་ཞིང་གཞན་རྗེས་བསམ། །ཉི་མ་དོན་མེད་མི་བྱ་སྟེ། །སྦྱིན་པ་ཁ་ཏོན་ལས་རྣམས་བྱ། །ཇི་ལྟར་སྲིན་འོད་ཁ་ཆུ་ཡིས། །གྲོག་མ་བསླུས་བ་བཞིན་དུ་བྱ། །དམ་པའི་སྐྱེ་བོ་དགའ་བར་བྱ། །མི་སྲུན་སྐྱེ་བོ་བསྟེན་མི་བྱ། །སྐྱེ་བོ་
མ་རུངས་ཡིད་མི་བརྟན། །སྐྱེ་བོ་དགྲ་ལ་དཔའ་བརྟན་བྱ། །བླ་མའི་སྐྱེ་བོ་བཟོད་པར་བྱ། །སྨད་འཚོང་མ་ནི་བྲིད་པར་བྱ། །གང་གིས་དེ་དག་མ་ལུས་པར། །ཐམས་ཅད་ཡོངས་སུ་ཤེས་གྱུར་པ། །དེས་ནི་བླང་དོར་དཔྱད་པ་ཡིས། །འཇིག་རྟེན་འཇིག་རྟེན་ཤེས་
པ་ཡིན། །གང་དང་གང་ལ་ནོར་ལྡན་པའི། །སྐྱེས་བུ་ལས་ལ་ཆགས་འགྱུར་བ། །གང་དང་གང་ལ་དགའ་བའི་ཚིག །དེ་དང་དེ་ཡི་ཡོན་ཏན་བརྗོད། །ཡིད་མི་ཆེས་ལ་ཡིད་མི་བརྟེན། །ཡིད་ཆེས་ལྷག་པར་ཡིད་བརྟན་མིན། །ཡིད་ཆེས་པ་ལས་འཇིགས་པ་འབྱུང་། །རྩ་
བ་ལས་ཀྱང་གཅོད་པར་བྱེད། །འབྱུང་པོ་ཀུན་ལ་ཡིད་མི་བརྟན། །ཀུན་ལ་ཡིད་ཆེས་བྱ་བའང་མིན། །གང་གི་རང་བཞིན་སྦ་བྱ་ཞིང་། །གཞན་གྱི་རང་བཞིན་ཤེས་པར་གྱིས། །གཞན་གྱི་བུད་མེད་དུག་ཡིན་ཏེ། །དེ་བཞིན་ཆུང་མ་གཞན་འགྲོ་དང་། །གཉིས་པོ་དེ་ལ་ཡིད་
རྟོན་པའི། །མི་རྣམས་འཆི་སྒོར་བསྙེན་པ་ཡིན། །བུད་མེད་རྒྱལ་པོ་སྦྲུལ་རྣམས་དང་། །ཁ་དོན་དག་དང་དགྲ་རྣམས་དང་། །ཚེ་དང་ལོངས་སྤྱོད་དག་ལ་ནི། །ཤེས་ལྡན་རྣམས་ཀྱིས་ཡིད་བརྟན་མིན། །རིག་པ་འདོད་པས་མཁས་བརྟེན་བྱ། །ཤེས་པར་གྱུར་
པ་གཞན་སྟེན་བྱེད། །དེ་བས་ལས་རྣམས་ཐམས་ཅད་ནི། །ལུས་པ་མེད་པར་བསླབ་པར་བྱ། །སྡིག་པ་ཅན་ལ་ཡིད་མི་བརྟན། །བློ་ལྡན་བདག་ཅེས་ཟེར་ཡང་ཡིན། །གང་ཕྱིར་དེ་ལ་ཡིད་ཆེས་མིན། །དེ་ཡི་འཚོ་བ་ཉམས་པར་འགྱུར། །གཤིན་རྗེ་གཤེད་པོ་འཆི་བ་དང་། །

ས་འོག་རྒྱ་མཚོ་གླིང་རྣམས་དང་། །སྤྲ་ཡི་སོ་དུག་སྦྲུལ་དག་ནི། །མི་བསྟེན་ཕྱོགས་གཅིག་བུད་མེད་ཡིན། །དགྲ་ཡི་ཕྱོགས་བྱེད་སྤང་པར་བྱ། །བདག་ལ་དགའ་བ་ཡོངས་སུ་བསྡུ། །ཀུན་ལ་བློ་ནི་ཡོད་པ་སྟེ། །ཡུན་རིང་བློ་ནི་དཀའ་བ་ཡིན། །མིག་འབྱེད་མིག་འཛུམས་ཙམ་ཡང་རུང་། །
དགྲ་ལ་མངོན་སུམ་བྱ་བ་མིན། །སྨོད་པ་ན་ཡང་འོན་པ་བཞིན། །དུས་བབ་རལ་གྲིས་བཅད་བཞིན་བྱ། །གང་དུ་ཆུ་ཡོད་ངང་པ་གནས། །ཆུ་སྐམས་མཚོ་ནི་འདོར་བར་འགྱུར། །ཆུ་ཡིས་གང་ན་ཕྱིར་གནས་བཞིན། །ངང་པ་ལྟ་བུའི་གྲོགས་མི་བརྟན། །རྒྱལ་པོ་སྨད་འཚོང་མ་དང་ནི། །དེ་བཞིན་ཉི་དུ་དམན་པ་
དང་། །གཡོག་འཁོར་རྣམས་ལ་རྟག་ཏུ་ཡང་། །ཧ་ཅང་གདུང་པར་མི་བྱའོ། །གང་གི་རྒྱུ་ལས་མྱ་ངན་དང་། །དར་དང་སྡུག་བསྔལ་ཉིད་དང་ནི། །ལུས་ཀྱི་གནོད་བྱེད་རྩ་བ་དེ། །གཅིག་གམ་ཅུང་ཟད་ཙམ་ཡང་རུང་། །མཁས་པས་སྤང་ཞིང་དོར་བར་བྱ། །གསེར་ནི་རྣམ་བཞིས་བརྟག་བྱ་སྟེ། །བདར་བཅད་བསྲེག་
དང་བརྡུང་བར་བྱ། །དེ་བཞིན་རྣམ་བཞིས་སྐྱེས་བུ་བརྟག །ཐོས་དང་ཚུལ་ཁྲིམས་རིག་ལ་སོགས། །ཐམས་ཅད་ཤེས་ཤིང་རིག་པར་བྱ། །ཀུན་ལ་དོགས་བྱ་དུས་ཤེས་ཀྱིས། །འཇིག་རྟེན་སེམས་ནི་བསྲུང་བྱ་སྟེ། །ཚིག་རྣམས་ཀུན་གྱིས་ཡིད་ཆེས་བྱ། །བདག་གིས་གསང་ཚིག་གཞན་མི་
སྨྲ། །མ་སུརཀྵས་བྱས་པའི་ལུགས་ཀྱི་བསྟན་བཅོས་ལས་ལེའུ་བཞི་པའོ།། །།བློན་པོ་བློ་ནི་ཕུན་སུམ་ཚོགས། །བསྟན་བཅོས་ཀུན་ལ་འཇིགས་མེད་ཅིང་། །དབང་མཛོད་སྟོབས་དང་ལྡན་པ་ནི། །མ་བསད་དེར་ནི་ཕྱིར་གསོད་འགྱུར། །ཡིད་ཆེས་སྐྱེས་བུ་
འཆི་འགྱུར་ཏེ། །སྨྱིག་མའི་འབྲས་བུ་བྱུང་བ་བཞིན། །ཡིད་ཆེས་ཞགས་པས་གསོད་འགྱུར་ཏེ། །ནགས་ན་གནས་པའི་རི་དགས་བཞིན། །མིག་རྩ་དམར་ཞིང་ཚིག་འཇམ་སྨྲ། །དགའ་བས་སེམས་ཅན་ཀུན་དང་མཐུན། །དོན་རྣམས་ཀུན་ལ་གྱ་གྱུར་སྨྲ། །གཞན་
ཚིག་དག་ལ་འཇིག་རྟེན་སྨོད། །དེ་ནི་གཡོ་ཅན་སྤྱོད་ལམ་སྟེ། །དེ་སྙིང་ཉེས་པ་ཆེན་པོ་ཡིས། །སྡིག་པ་ཉི་ཚེའི་ཚོགས་བསགས་ནས། །གྲོང་གི་ཚོགས་དེ་བཟློག་བྱ་སྟེ། །གྲོང་ཁྱེར་འཁྲུག་བྱེད་གཡོན་ཅན་འདི། །འབྱུང་ཁུངས་སྐྱེ་བོ་ངན་པའི་གཏེར། །དེ་ནི་འཇིག་

རྟེན་སྤྱི་དགྲ་ཡིན། །མ་རུངས་སྐྱེ་བོ་ཁ་སྙན་ཅིང་། །ཙན་དན་ལྟ་བུ་བསུལ་བའི་ངག །སྙིང་ནི་མ་རུངས་བདག་ཉིད་དེ། །སོག་ལེ་བས་ཀྱང་ཁྱད་པར་འཕགས། །མ་རུངས་བདག་ཉིད་ཚིག་འཇམ་ཞིང་། །སྐྱོན་དང་རྗེས་མཐུན་སྙན་སྨྲ་སྟེ། །མི་མངོན་ཁོན་བཟུང་བྱམས་
བྱེད་ལ། །ཡིད་བརྟན་བྱེད་པ་གཤིན་རྗེ་བཞིན། །ཐག་རིང་མཐོང་ནས་མགོ་སྨད་ཅིང་། །ཤིན་ཏུ་དམ་པའི་ཚིག་བརྗོད་ལ། །སྐད་གསང་ཆུང་བས་སྨྲ་བ་ནི། །གཡོན་ཅན་རྣམས་ཀྱི་མཚན་ཉིད་ཡིན། གང་ཞིག་སྔོན་ཆད་གནོད་བྱས་དང་། །དེ་ལྟར་གང་གིས་གནོད་བྱེད་
པ། །དེ་ལ་ཡིད་ཆེས་མི་རིགས་ཏེ། །ཁུང་ན་གནས་པའི་ལག་འགྲོ་བཞིན། །འབབ་ཆུ་སྡེར་མོ་ཅན་རྣམས་དང་། །རྭ་ཅན་ལག་ན་མཚོན་ཐོག་དང་། །རྒྱལ་པོའི་ཕོ་བྲང་བུད་མེད་ལ། །ཡིད་བརྟན་བཟོད་པར་མི་བྱའོ། །མེ་ཆུ་བུད་མེད་བླུན་པོ་དང་། །སྦྲུལ་དང་རྒྱལ་
རིགས་དག་ལ་ནི། །རྟག་ཏུ་འབད་པས་སྟེན་བྱེད་པ། །འཕྲལ་དུ་སྲོག་འཕྲོག་དེ་དྲུག་ཡིན། །ནོར་རྣམས་མང་པོ་སྟེར་བྱེད་པའི། །དགྲ་ལ་གང་ཞིག་དཔའ་བརྟན་དང་། །ཆུང་མ་ཁྱོ་ལ་མ་ཆགས་གཉིས། །དེ་ཡི་འཚོ་བར་རབ་ཏུ་གཅོང་། །སྔོན་ཆད་དགྲར་འགྱུར་སྟེན་བྱེད་
ཅིང་། །ཁོན་པ་གཞི་མེད་འཁྲུག་བྱེད་པ། །གྲོགས་པོ་འདོད་པ་ཟློག་བྱེད་པའི། །དེ་འདྲའི་གྲོགས་པོ་རིང་དུ་སྤང་། །དགྲ་དང་བཤེས་གཉེན་གཡོག་འཁོར་དང་། །བར་གནས་རྒན་པོ་ཉམ་ཆུང་རྣམས། །རྨོངས་པས་བྱེ་བྲག་མི་ཤེས་པས། །དེ་ནི་སྐྱེས་བུ་ཐ་ཤལ་
ཡིན། །རྐུན་མའི་ཆོས་པ་གསད་པ་དང་། །གྲོགས་འཁུ་མྱུར་དུ་བརྗོད་བར་བྱ། །ཆུང་མ་འཁུ་བ་མལ་སྟན་བྱེད། །བྲམ་ཟེ་ཤེས་བྱེད་སྤྱན་མི་དྲང་། །བདག་གིས་མངོན་སུམ་མ་གྱུར་པར། །གང་གིས་ཉེས་པ་སྨྲ་བྱེད་པ། །གང་གིས་དམྱལ་བར་ལྟུང་བའི་རྒྱུ། །ལམ་
དེ་བརྩམ་བར་མི་བྱའོ། །བདག་ཉིད་བདག་གི་གཉེན་ཡིན་ཞིང་། །བདག་ཉིད་བདག་གི་དགྲ་ཡང་ཡིན། །མཐོ་རེས་དམྱལ་བ་དེ་བཞིན་དུ། །ཐམས་ཅད་བདག་གི་དབང་དུ་བྱ། །མ་སུརཀྵས་བྱས་པའི་ལུགས་ཀྱི་བསྟན་བཅོས་ལས་ལེའུ་ལྔ་བའོ།། །།

བློན་པོས་ལེགས་པར་མཉམ་བཞག་སྟེ། །སྤྱོད་པ་གཞན་ལ་སྨྲ་མི་བྱེད། །ཉི་མ་བཞིན་དུ་དགྲ་རྣམས་ལ། །གཟི་བརྗིད་ཀྱིས་ནི་གདུང་བར་བྱེད། །མི་སྲུན་ལྷན་ཅིག་སྤྱོད་པ་དག །དང་པོ་དགའ་ཞིང་མཉན་པ་དང་། །བར་དུ་རྩོད་པས་དགའ་མེད་དོ། །ཐ་མར་
ཤ་ཁོན་ཞུགས་པ་ཡིན། །བདག་ཉིད་ཚེ་དང་མཚུངས་པར་བྱེད། །དང་པོ་ཆུང་ངུར་བཤེས་བྱེད་ཅིང་། །བར་དུ་དེ་བས་ལྷག་པར་འགྱུར། །ཐ་མར་རབ་ཏུ་དགའ་བས་མཛའ། །དམ་པའི་བཤེས་ནི་འབབ་ཆུ་འདྲ། །དང་པོ་མྱུར་ཞིང་རབ་ཏུ་ཆེ། །རིམ་གྱིས་རིམ་
གྱིས་རྒྱ་ཆེར་འཕེལ། །འགྲོ་བ་ཕྱིར་ནི་བཟློག་པ་མེད། །དུད་འགྲོ་དྲི་ཡིས་མཐོང་བར་བྱེད། །རིག་བྱེད་ཀྱིས་ནི་བྲམ་ཟེ་མཐོང་། །སྨན་གྱི་རིག་པས་སྨན་པ་མཐོང་། །རྒྱལ་པོ་ཉན་རྣམས་མཐོང་བར་བྱེད། །མི་ཡི་དགྲ་ནི་གཞོམ་འདོད་པས། །རྟག་ཏུ་སྙན་
སྨྲ་དྲན་པ་བསམ། །གླུ་ཡིས་བྱིང་པའི་རི་དགས་བཞིན། །སེམས་འཁྲུལ་འགྱུར་ནས་གསད་པར་བྱ། །གང་ལ་ནོར་ཡོད་བཤེས་གཉེན་དང་། །གང་ལ་ནོར་ཡོད་ཉེ་དུ་སྟེ། །གང་ལ་ནོར་ཡོད་འཇིག་རྟེན་མི། །གང་ལ་ནོར་ཡོད་དེ་མཛངས་ཡིན། །ནོར་མེད་
གྱུར་ན་གཉན་བཤེས་དང་། །བུ་དང་ཆུང་མ་ཉེ་དུ་དང་། །སྐྱེ་པོ་སྡུག་པ་རྣམས་ཀྱིས་སྤོང་། །ནོར་ལྡན་གྱུར་ན་ཕྱིར་ཡང་བསྟེན། །ནོར་ནི་འཇིག་རྟེན་མི་ཡི་གཉེན། །གོ་འཕང་མཆོག་ཐོབ་གྱུར་ན་ནི། །བཤེས་གཉེན་གྲོགས་པོ་ལ་སོགས་པ། །
སྔོན་མ་མཐོང་བ་རྣམས་ཀྱང་འདུད། །ནོར་ཟད་གོ་འཕང་ཉམས་དུས་ན། །རང་མི་རྣམས་ཀྱང་དགྲར་འགྱུར་ལ། །ནོར་དང་མི་ལྡན་སྐྱེ་བོ་ཡིས། །བདེན་པ་སྨྲས་ཀྱང་སྤོང་བར་བྱེད། །གསང་ངམ་ཁོང་ནི་གྲིམས་པ་དང་། །བརྣག་པ་མཐར་ཕྱིན་བྱེད་
དུས་དང་། །དགྲ་ལ་རིགས་པ་སྤྱོད་པ་ནི། །དགྲ་བོ་འཇིགས་འགྱུར་ཐེ་ཚོམ་མེད། །དགྲ་ཡི་ཕྱོགས་ལ་མཁས་པ་ཡིས། །དང་པོ་རྩ་བ་གཅད་པར་བྱ། །དེ་ནས་རང་གི་ཕྱོགས་བཅས་པས། །སྔོན་ཆད་གནོད་པ་བྱེད་པ་གསད། །གང་ཞིག་དགྲར་འགྱུར་སྐྱེ་བོ་དང་། །སླར་

ནི་འདུམ་པར་འདོད་གྱུར་པ། །དེ་ནི་འཆི་བ་ཉེར་ལེན་ཏེ། །དྲེའུ་མོ་ཡི་ནི་མངལ་བཞིན་ནོ། །དགྲ་དང་ལྷན་ཅིག་འདུམ་བྱེད་ཅིང་། །ཡིད་བརྟན་བདེ་བར་ཉིད་ལོག་པ། །དེ་ནི་ཤིང་རྩེར་གཉིད་ལོག་པ། །ལྷུང་ནས་གསད་པ་ཇི་བཞིན་ནོ། །གལ་ཏེ་བུའམ་སྤུན་ཟླའམ། །སྣག་
གི་གཉེན་མཚམས་འགྲོགས་བཤེས་རྣམས། །རྒྱལ་པོས་བར་དུ་གཅོད་བྱེད་ན། །གསང་བྱར་འདི་ལ་ཐེ་ཚོམ་མེད། །མཉེན་པས་མི་མཉེན་འཇིག་པ་སྟེ། །འཇམ་པོས་རྩུབ་པ་འཇིག་པར་བྱེད། །མཉེན་པས་མི་འདུལ་ཅུང་ཟད་མེད། །དེ་བས་མཉེན་པ་ཤིན་ཏུ་རྣོ། །
ནོར་མཉམ་ནུས་པ་མཉམ་པ་དང་། །གནས་ལ་མཁས་ཤིང་བརྩོན་འགྲུས་ཆེ། །རྒྱལ་སྲིད་དངོས་དུ་འཕྲོག་པའི་མི། །གལ་ཏེ་མ་བསད་དེས་གསོད་འགྱུར། །ཟབ་མོ་བློ་ལྡན་ངག་འཇམ་ཞིང་། །དམན་པར་སྨྲ་ལ་དབང་པོ་ཐུལ། །བདེན་པར་སྨྲ་ཞིང་གཞན་དབང་ཅན། །ཤིས་
བའི་ཚིག་ལྡན་དེ་ཉིད་རིག །རྗེ་བོ་ལ་ནི་རྟག་གུས་པས། །དེ་འདྲའི་གཡོག་འཁོར་བཟང་པོ་ཡིན། །ཤིན་ཏུ་མཆོག་ཤེས་ལེ་ལོ་མེད། །ལེགས་པར་གཉིད་ལོག་རབ་ཏུ་སད། །བདེ་དང་སྡུག་བསྔལ་གྲོགས་བྱེད་པའི། །གཡོག་འཁོར་འཇིག་རྟེན་རབ་ཏུ་དཀོན། །གཡོ་ཅན་རྣམས་ལ་
གཡོ་སྟོན་ཅིང་། །དྲང་ལ་དྲང་བའི་སྤྱོད་པ་སྟོན། །དགའ་དང་དགའ་བ་ཉིད་དང་ནི། །མི་དགའ་བ་ལ་མི་དགའ་སྟོན། །དངོས་པོ་གང་ལ་གང་དགའ་བའི། །སྐྱེས་པའམ་བུད་མེད་སྟོན་བྱེད་པ། །དམ་པ་རྣམས་ཀྱི་འཇུག་སྒོ་ནི། །ནམ་དུ་ཡང་ནི་མི་འདོར་རོ། །སྐྱེ་བོ་ངན་དང་
འགྲོགས་ན་ནི། །སྐྱེ་བོ་དམ་པའང་ཉམས་བྱེད་ན། །ཆུ་དང་འདམ་དུ་འདྲེས་ན་ནི། །དང་པའང་དྲི་མ་ཅན་དུ་འགྱུར། །ཁ་ལ་སྦྲང་རྩིས་བསྒོས་བཞིན་དང་། །ཁོང་ན་རྙོག་པའི་བདག་ཉིད་དེ། །ནང་ན་ར་གན་ཕྱི་དངུལ་ལམ། །ཁ་ཡི་ནང་གི་རྡོ་ཕྱེ་བཞིན། །ཚིག་འཇམ་བརྩེ་མེད་
ཤེས་རབ་ལྡན། །མི་མངོན་ཤིན་ཏུ་མི་བཟད་པ། །བུ་རམ་དུག་འདྲེས་ལྟ་བུ་ཡི། །དེ་འདྲའི་སྐྱེས་བུ་བསྟེན་མི་བྱ། །ཤིན་ཏུ་མ་རུངས་སྐྱེ་བོ་ལ། །རྗེས་སུ་མཐུན་པས་ཞི་བྱ་ཞིང་། །མངར་བའི་ངག་གིས་བསྒོ་བྱ་སྟེ། །མཁྲིས་པའི་ནད་འབྱུང་ཇི་བཞིན་ནོ། །ནྱ་གྲོངྷ་ཞེས་བྱ་བ་ཡི། །

ཤིང་གི་རྒྱལ་པོར་གྲགས་པ་ཡོད། །དེ་ཡི་མྱུ་གུ་བུ་རྣམས་ནི། །རྩ་བ་ཟུགས་ནས་གཏིང་གནས་ཏེ། །གཅིག་ལ་གཅིག་ནི་འབྲེལ་བྱས་ནས། །དེ་ནས་ཤིང་དེ་འཇིག་པར་འགྱུར། །དེ་བཞིན་བུ་དང་ཚ་བོ་དང་། །བློན་པོའི་ཚོགས་དང་བཅས་པ་ཡི། །རྒྱལ་པོ་གནས་ནས་སྐྱོད་བྱེད་དེ། །ནྱ་
གྲོངྷ་ཡི་མྱུ་གུ་བཞིན། །མ་སུ་རཀྵས་བྱས་པའི་ལུགས་ཀྱི་བསྟན་བཅོས་ལས་ལེའུ་དྲུག་པའོ།། །།ས་བདག་གི་ནི་གཡོག་འཁོར་གྱི། །མཚན་ཉིད་བཤད་ཀྱིས་མཉན་པར་གྱིས། །རྒྱལ་པོ་ཇི་ལྟར་ཤེས་ཉེན་ལྡན། །གཡོག་འཁོར་དེ་ལྟར་བརྟག་པར་བྱ། །ཇི་ལྟར་དབང་
པོ་ལ་སོགས་པའི། །མེ་ནི་ལྷ་རྣམས་ཀུན་གྱི་ཁ། །དེ་བཞིན་རྒྱལ་པོའི་བློན་པོ་ཡང་། །ཡུལ་འཁོར་རྒྱུ་དང་མི་རྒྱུའི་ཁ། །བརྟན་ཞིང་ཟས་མོའི་བློ་དང་ལྡན། །མདངས་ལྡན་ཆོས་དང་བསྟན་བཅོས་རིག །དུལ་ཞིང་བདེན་པར་སྨྲ་བ་དང་། །རྒྱལ་པོའི་འཁོར་ལ་ཕན་པར་སེམས། །རིགས་
བཙུན་རྒྱུད་ནི་མཉེན་པ་དང་། །བླ་མ་ལ་ནི་གུས་ཉན་དང་། །སྐྱེ་དགུ་རྗེས་བརྩེར་ལྡན་པ་ཡི། །རྒྱུད་བྱུང་དེ་ནི་རྒྱལ་སྲས་ཡིན། །རྒྱལ་པོ་སྙིང་རྗེ་ཕན་སེམས་ལྡན། །བླ་མའི་སྐྱོན་ནི་སྦེད་པ་དང་། །གཡུལ་འཇུག་སླར་ཡང་མི་ལྡོག་ཅིང་། །བདེ་དང་སྡུག་བསྔལ་མཉམ་པར་ཤེས། །རིགས་
དང་ཚུལ་ཁྲིམས་ཕུན་སུམ་ཚོགས། །ཆོས་ལུགས་འཆད་པ་མཁས་པ་སྟེ། །དེ་བཞིན་དུལ་དང་དད་པ་དང་། །གྲིམས་པ་རྒྱལ་པོར་རབ་གྲགས་སོ། །ཚིག་གསལ་བློ་ནི་ཕུན་སུམ་ཚོགས། །ལུགས་ཀྱི་བསྟན་བཅོས་དག་ལ་མཁས། །ངང་འཇམ་དཔྱོད་པར་བྱེད་པ་སྟེ། །རྒྱལ་པོའི་
བློན་པོ་དེ་འདྲས་བྱ། །ཡིད་གཞུངས་ཚིག་གསལ་ཤེས་རབ་ལྡན། །གཞན་སེམས་ཉེ་བར་མཚོན་ནུས་དང་། །བརྟན་ཞིང་ཇི་སྐད་བསྒོ་བཞིན་སྨྲ། །རྒྱལ་པོའི་ཕོ་ཉ་དེ་འདྲས་བྱས། །རིག་བྱེད་ཡན་ལག་དེ་ཉིད་ཤེས། །བཟླས་བརྗོད་སྦྱིན་སྲེག་མཆོག་ཏུ་བརྩོན། །རྟག་ཏུ་ཤིས་པ་རྗོད་
བྱེད་པ། །ཤེས་རབ་ལྡན་དེ་མདུན་ན་འདོན། །སྒྲ་རིག་རྩིས་ཀྱང་ཤེས་པ་སྟེ། །ཡི་གེ་བྱང་ཞིང་ལག་པ་མྱུར། །ཡིད་གཞུངས་ཚིག་ནི་གསལ་བ་དང་། །གྲངས་དང་སྦྱིན་ལྡན་ཡི་གེ་པ། །ཡི་གེ་བྱང་ཞིང་སྒྲ་ལ་མཁས། །སྒྲ་ཡི་མཚན་ཉིད་རྟོགས་བྱེད་ཅིང་། །དྲི་ཟ་བཞིན་དུ་དབྱངས་མཁས་ཏེ། །

དེ་འདྲའི་ཀློག་མཁན་བསྒོ་བར་བྱ། །བརྟན་ཞིང་དབང་པོར་རྗེས་སུ་འོས། །ཤེས་རབ་ཆེ་ཞིང་ལེགས་ཉེས་རྟོགས། །གཙང་ཞིང་རྒྱལ་པོའི་སྐུ་ཕྱེད་བརྟེན། །དེ་འདྲ་ཆད་པ་གཅོད་བྱེད་ཡིན། །ཆེ་ཡི་རིག་བྱེད་གོམས་པ་དང་། །ཆོས་རིག་ཡིད་འོང་སྙན་སྨྲ་ཞིང་། །ཆོ་ག་ངང་
ཚུལ་ཕུན་སུམ་ཚོགས། །ཐང་ལ་འབར་བཞིན་གསོ་མཁས་ཤིང་། །ནད་ཀྱི་མཚན་ཉིད་ཀུན་ལ་མཁས། །རྒྱལ་པོ་དེ་འདྲའི་སྨན་པ་བསྟན། །གཞན་གྱི་སྦྱོང་ལམ་ཟུར་གྱིས་ཤེས། །སྟོབས་ལྡན་སྙན་པར་སྨྲ་བ་དང་། །གཞན་གྱིས་བསམ་པ་རྟག་ཏུ་ཤེས། །སྒོ་དཔོན་དེ་འདྲ་བསྒོ་
པར་བྱ། །མཚོན་ལ་གོམས་ཤིང་ནུས་དང་ལྡན། །བཞོན་པ་དག་ལ་བྱ་བཞིན་གོམས། །དཔའ་ཞིང་བརྟན་པ་ཕུན་སུམ་ཚོགས། །དེ་འདྲ་དམག་དཔོན་ཡིན་པར་ཤེས། །ཕ་མེས་རྒྱུད་བྱུང་གྲིམས་པར་ཤེས། །བསྟན་བཅོས་རིག་ཅིང་ཞིམ་པར་འཚེད། །གཙང་སྦྲ་ཆེ་ཞིང་སྙིང་
ཉེ་བ། །དེ་ལྟ་བུ་ཡིས་ཕྱག་ཚང་བྱ། །ཤེས་ཆེར་དཔྱད་མེད་ཕུན་སུམ་ཚོགས། །བསྟན་བཅོས་ཀུན་ལ་འཇིགས་མེད་དང་། །རིགས་ནི་ཆེན་པོར་སྐྱེས་གྱུར་པ། །དེ་ནི་ནང་བློན་ཤེས་པར་བྱ། །ལོང་བ་འཕྱེ་བོ་ཐེང་པོ་དང་། །སྙིང་ཉེ་བརྟན་ལ་རྟག་འགྲུས་ཏེ། །རི་བོ་བཞིན་དུ་མི་
འགུལ་བ། །དེ་འདྲས་བཙུན་མོའི་སྲུང་མ་བྱ། །ལུས་ཀྱི་འགྱུར་བ་བཅས་པ་ཡིས། །གླུ་ཚིག་ལམ་ལ་མཁས་པ་དང་། །གར་དང་སྡེབ་སྦྱོར་མཆོག་ཤེས་པ། །དེ་འདྲའི་སྲུང་མཁན་བསྟེན་པར་བྱ། །བསྟན་ཞིང་རྒྱལ་བ་འཐོབ་པ་དང་། །གདུགས་དཀར་བ་དན་དཀར་བ་སྟེ། །
གཡུལ་ལས་རྟག་པར་རྒྱལ་བ་ན། །རྒྱལ་པོའི་བུ་ཞེས་རབ་ཏུ་གྲགས། །ཇི་ལྟར་ཁྱི་ཞིག་བཀྲེས་ཉེན་ཏེ། །རུས་པ་སྐམ་པོ་ཁར་བཅངས་ནས། །ཁྲག་བྱུང་སྡུག་བསྔལ་བདེ་སྙམ་པ། །དེ་བཞིན་འདོད་རྨོངས་རྣམས་ཀྱིས་ནི། །བུད་མེད་རྣམས་ལ་བདེ་སྙམ་སེམས། །མ་སུ་
རཀྵས་བྱས་པའི་ལུགས་ཀྱི་བསྟན་བཅོས་ལས་ལེའུ་བདུན་པའོ། །ལུགས་ཀྱི་བསྟན་བཅོས་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཨཱ་ཙཱ་རྱངྷརྨ་ཤྲཱིབྷདྲ་དང་། །ལོ་ཙཱ་བ་དགེ་སློང་ཤཱཀྱ་བློ་གྲོས་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།

༄༅༅། །རྒྱ་གར་སྐད་དུ། ས་མུ་དྲ་བྷཛཱ་བིན། བོད་སྐད་དུ། རྒྱ་མཚོས་བསྟན་པའི་མཚན། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །རྐང་བའི་གོང་གི་སོར་མོའི་མཚན་རྣམས་ནི། །སྐྱིད་དང་སྡུག་པ་ཐམས་ཅད་ཤེས་པར་བྱེད། །མཐེ་བོང་ཆེ་ན་སྡུག་བསྔལ་འཐོབ་
པར་བྱེད། །ཆུང་བ་སྐམ་པ་ཡུལ་རྣམས་བསྐོར་ཞིང་སྡུག །ལེབ་མོ་སྐམ་པ་སྐྱ་བོ་མི་བཟང་སྟེ། །མཐེབ་མཛུབ་བར་དུ་ཁ་འདྲ་སྐམ་པ་ནི། །ཉོང་མོངས་ཐམས་ཅད་སྐྱེ་བར་འགྱུར་པ་ཡིན། །མཐེ་བོང་གྱེན་དུ་མཐོ་བ་ལེགས་པར་སྙོམས། །སྣུམ་ཞིང་སྙོམས་པར་སྐྱེས་པ་བདེ་བའི་མཚན། །སོར་མོ་
ཟླུམ་པ་སེན་མོ་ཟངས་ཀྱི་མདོག །ཤིན་ཏུ་དམར་བ་ཁྲག་གི་མདོག་ཅན་ནི། །རྒྱལ་པོར་འགྱུར་པའི་མཐེ་བོའི་མཚན་མ་ཡིན། །རྐང་པའི་མཛུབ་མོ་སྦོམ་ཞིང་རིང་བ་ནི། །བུད་མེད་ལོངས་སྤྱོད་ཀྱི་ནི་རྙེད་པ་ཐོབ། །ཐོབ་པའི་བུད་མེད་མྱུར་དུ་འཆི་བར་བྱེད། །ཡང་ན་བུ་སྐྱེས་འཆི་བར་འགྱུར་བ་ཡིན། །
མཛུབ་མོ་ཆུང་ན་ཀུན་དང་འཁོན་པར་བྱེད། །གུང་མོ་མཐོ་ན་དོན་རྣམས་ཉམས་པར་བྱེད། །ཆུང་ན་སྡུག་བསྔལ་བཞིན་དུ་འབྱུང་བར་འགྱུར། །སྲིན་ལག་རིང་ན་རིག་པ་འཛིན་པར་བྱེད། །ཐུང་ན་ཆུང་མ་འཆི་བར་འགྱུར་བ་ཡིན། །མཐེ་ཆུང་རིང་ན་དོན་རྣམས་འགྲུབ་པར་འགྱུར། །ཆུང་ན་ཕ་རོལ་
ནོར་རྣམས་འཕྲོག་པར་བྱེད། །མཛུབ་མོ་མཐེ་ཆུང་ཤིན་ཏུ་སྦོམ་པ་ནི། །ཨ་མ་འཆི་བར་འགྱུར་བ་རྒྱ་མཚོས་བཤད། །གུང་མོ་སྙོམས་ཤིང་ཟླུམ་པ་ལེགས་པ་ནི། །བུ་སྐྱེས་ཆུང་ངུའི་ལོ་ལ་འཆི་བར་བྱེད། །རྒྱ་མཚོས་བསྟན་པའི་མཚན་གཅིག་པའོ།། །།སོར་མོ་མི་སྙོམས་སྦོམ་ཕྲར་
གནས་པ་ནི། །འབངས་པོའི་འབངས་ཀྱི་ལས་རྣམས་བྱེད་པར་འགྱུར། །འབངས་པོ་མིན་ཡང་གཞན་གྱི་ལས་རྣམས་བྱེད། །སོར་མོ་འཁྱོག་ཅིང་གང་གིས་དང་། །རྟག་ཏུ་སྡུག་བསྔལ་འབའ་ཞིག་སྤྱོད་པར་བྱེད། །སོར་མོ་སྙོམས་པ་གཅིག་ཏུ་སྐྱེས་པ་འདྲ། །ཟླུམ་ཞིང་འདྲིལ་བ་བྱིན་གྱིས་ཕྲ་
བཞི། །རྒྱལ་པོའི་མཚན་གྱིས་བརྒྱན་པའི་སོར་མོ་ཡིན། །སེན་མོ་དཀར་བ་ཤ་དང་བཅས་པ་ནི། །སྐྱེས་པ་སྡུག་བསྔལ་བཞིན་དུ་གནས་པར་བཤད། །སེན་མོ་གས་པ་འདོད་པའི་ལོངས་སྤྱོད་མེད། །སེན་མོ་འཁྱོག་པ་ཆག་པ་སྦོམ་པ་ལས། །རྟག་ཏུ་སློང་མོ་བྱེད་པའི་དབུལ་པོར་

བཤད། །བ་བླ་ལྟ་བུ་སེན་པོ་སེར་པོ་ཡིས། །བྲམ་ཟེ་གསོད་དམ་བཀུར་འོས་གསོད་པར་བཤད། །སེན་མོ་དམར་བ་རྒྱལ་པོར་འགྱུར་བ་སྟེ། །དེས་ནི་གཉེན་པོ་བྱས་པ་མི་བཟང་སྟེ། །རང་གི་རིགས་རྣམས་སྨོད་པར་བྱེད་པ་ཡིན། །སེན་མོ་དུང་གི་མདོག་གིས་
རྒྱལ་བོར་འགྱུར། །ཟངས་ཀྱི་མདོག་ཅན་རྒྱལ་པོའི་སེན་མོ་སྟེ། །པདྨའི་མདོག་ཅན་ཀྱང་ནི་དེ་བཞིན་ནོ། །སེན་མོ་ཁྲག་མདོག་མཆོག་གི་དབང་ཕྱུག་སྟེ། །སྣུམ་པ་ལེགས་པ་ཟངས་མདོག་རྒྱལ་པོར་འགྱུར། །རྒྱ་མཚོས་བསྟན་པ་ལས་མཚན་གཉིས་པའོ།། །།མཐེ་བོང་ནས་
བཟུང་མཐིལ་གྱི་ཤ་རྒྱུད་ནི། །སྙོམས་པ་མདོག་བཟང་རིང་བ་བདེ་བར་འཚོ། །ཐུང་ངུ་མདོག་ངན་མཐོ་དམན་ལྡན་པ་ནི། །བསམ་ངན་ཀུན་ལ་གནོད་ཅིང་བདེ་བ་མེད། །རྐང་པ་པག་གི་ལྟ་བུ་ཡོད་པ་ལ། །རྟག་ཏུ་གཞན་གྱིས་འཆིང་བར་འགྱུར་བ་ཡིན། །མཉམ་སྙོམས་པས་ནི་བདེ་བ་
ཐོབ་པར་བྱེད། །བོལ་ཚིགས་མ་ཧེ་ལྟ་བུ་ཕག་བཞིན་ནོ། །བོལ་ཚིགས་རྡོ་རྗེ་ལྟ་བུ་རྟག་ཏུ་སྡུག །བོལ་ཚིགས་རྟ་ཡི་ལྟ་བུ་དབང་ཕྱུག་ཐོབ། རྒྱ་མཚོས་བསྟན་པ་ལས་མཚན་གསུམ་པའོ།། །།བྱིན་པ་རི་དགས་ལྟ་བུས་རྒྱལ་པོར་འགྱུར། །ཅེ་སྤྱང་ལྟ་བུའི་བྱིན་པས་སྡུག་
བསྔལ་འཐོབ། །བྱིན་པ་སྦོམ་པོས་མཆོག་གི་དབང་ཕྱུག་ཐོབ། །བྱིན་པ་སྦོམ་པོ་རིང་པོ་གང་གིས་ཀྱང་། །རྟག་ཏུ་འགྲོ་བ་འབའ་ཞིག་འཐོབ་པར་བྱེད། །བྱིན་པ་ཕག་པ་ལྟ་བུས་ལོངས་སྤྱོད་མེད། །བྱིན་པ་ཕོ་རོག་ལྟ་བུས་ལོངས་སྡུག་བསྔལ་ཐོབ། །བྱིན་པ་དོམ་མམ་སྤྲེའུ་ལྟ་བུས་འཆིང་། །
སེར་གེ་སྟག་གི་བྱིན་པ་འདྲ་བ་ལས། །ཕ་རོལ་གྲགས་པ་ནོར་རྣམས་མང་པོར་ལྡན། །བ་སྤུ་རེ་རེ་སྐྱེས་པ་རྒྱལ་པོར་འགྱུར། །གཅིག་གཉིས་སྐྱེས་པ་ནོར་གྱི་བདག་པོར་འགྱུར། །གསུམ་བཞི་ཡན་ཆད་གང་ཡང་རྙེད་པ་མེད། །རྒྱ་མཚོས་བསྟན་པ་ལས་མཚན་བཞི་པའོ།། །།
ངང་པ་ནེ་ཙོའི་གདངས་ཅན་རྒྱལ་པོར་འགྱུར། །དེ་གཉིས་འགྲོས་ཀྱིས་འགྲོ་བ་མཆོད་པར་འགྱུར། །ཁྱུ་མཆོག་སེང་གེ་གླང་གི་གདངས་དང་འགྲོས། །ལོངས་སྤྱོད་མང་པོའི་བདག་པོ་བྱེད་པར་འདོད། །སྣ་ཚོགས་བྱ་དང་དུད་འགྲོའི་གདངས་དང་འགྲོས། །ད་དང་དེ་ཡི་ལོངས་སྤྱོད་ཐོབ་

པར་བཤད། །ཆུ་ནང་སེམས་ཅན་བཞིན་དུ་དབུགས་གྱིས་པ། །གནས་པ་མི་ཡི་འཇིགས་དང་སྡུག་བསྔལ་འཐོབ། །ཁྱི་དང་ཕག་དང་མ་ཧེ་ལྟ་བུའི་དབུགས། །འགྲོས་ཅན་དེ་འདྲ་སྡུག་བསྔལ་ངོན་མི་ཐོབ། །རྒྱ་མཚོས་བསྟན་པ་ལས་མཚན་ལྔ་པའོ།། །།བརླ་ཕྲའི་སྐྱེས་པ་དེ་ནི་བུ་དང་བྲལ། །བརླ་སུལ་
མཛེས་པ་སྦོམ་པོ་ལོ་བརྒྱ་འཚོ། །ནན་ཏུར་སྦོམ་ན་སྡུག་བསྔལ་མང་པོ་ཐོབ། །ཤ་རྒྱལ་སྙོམས་པ་མི་ཡི་དབང་ཕྱུག་ཡིན། །སྦོམ་པོ་རིང་བ་གཞན་གྱི་འཆིང་བ་ཐོབ། །སྲབ་མོ་ཕུག་དང་འདྲ་བ་སྡུག་བསྔལ་འཛིན། །ཤ་སྐམས་བརླ་ནི་སྲབ་ཅིང་རྒྱུས་འདྲུལ་བྱེད། །སྦོམ་ཕྲ་མེད་པར་མཛེས་ཤིང་
སྙོམས་པ་ནི། །ཡོན་ཏན་མང་པོ་འཛིན་པར་བྱེད་པ་ཡིན། །བརླ་སྒང་ལེབ་པ་བུད་མེད་རྙེད་པ་ཐོབ། །བརླ་སྟོད་ཕྲ་བ་བརླ་སྨད་སྦོམ་པ་ནི། །རྟག་ཏུ་རྒྱུ་འགྲུལ་བྱེད་པར་འགྱུར་བ་ཡིན། །རྒྱ་མཚོས་བསྟན་པ་ལས་མཚན་དྲུག་པའོ།། །།སོར་མོའི་རི་མོ་གཡས་སུ་འཁྱིལ་བ་ནི། །བུ་ཐོབ་གཡོན་
པར་འཁྱིལ་བ་བུ་མོ་འབྱུང་། །སོར་མོ་མི་སྙོམས་སྦོམ་ཕྲ་རྩ་དང་བཅས། །དེ་འདྲ་གང་ལ་ཡོད་པ་སྡུག་བསྔལ་འཐོབ། །སྙོམས་པ་རིང་བ་རྩ་མེད་ཤ་དང་བཅས། །གང་ལ་ཡོད་པ་དེ་ནི་བདེ་བར་འཚོ། །རྐང་པ་འཕོངས་ཚོས་མཉམ་པོར་འདུག་པ་ལ། །རྟགས་ཀྱིས་ས་ལ་རེག་པ་སྡུག་བསྔལ་
འགྱུར། །དབང་པོས་ཚིགས་ལ་སླེབས་པས་དབང་ཕྱུག་འཐོབ། །སེང་གེ་སྟག་གི་དབང་པོ་འདྲ་བ་ཡིས། །ལོངས་སྤྱོད་དབང་པོའི་བདག་པོ་བྱེད་པར་འགྱུར། །རྟ་ཡི་དབང་པོ་ལྟ་བུའང་དེ་བཞིན་ནོ། །དབང་པོའི་ནང་དུ་པདྨའི་རི་མོ་འདྲ། །གང་ལ་ཡོད་པ་དེ་ནི་རྒྱལ་པོར་འགྱུར། །
གསེར་དངུལ་མུ་ཏིག་རྡོ་རྗེ་ཡི་སྙིང་པོ་དང་། །དམར་བ་སྣུམ་པ་ནོར་བུ་རིན་ཆེན་འདྲ། །གང་ལ་ཡོད་པ་དེ་ནི་རྒྱལ་པོའི་མཚན། །ལྗང་དང་སྔོ་ནག་དངུལ་དང་བཅས་པ་དང་། །རི་མོ་སྔོ་སྐྱ་གས་པ་ཀང་ཀོང་ཅན། །གང་ལ་ཡོད་པ་སྡུག་བསྔལ་མང་པོ་ཐོབ། །བརླ་ཡི་རི་མོ་ལྟ་བུ་རྒྱལ་
པོར་འགྱུར། །མདོག་ངན་རྡུལ་དང་བཅས་པ་རི་མོ་ཅན། །དེ་འདྲ་གང་ལ་ཡོད་པ་རྙེད་པ་མེད། །ཡང་ན་དེ་འདྲའི་མཚན་མ་མ་ནིང་འགྱུར། །མཆོག་ཏུ་འདོད་པ་ཆེ་བ་བུ་མོ་སྐྱེ། །ཨུཏྤལ་སྔོན་པོ་པད་རྒྱས་འདྲ་བ་སྙོམས། །བཟང་པོའི་མཚན་མ་ཡིན་པར་རྒྱ་མཚོས་གསུངས། །དྲི་ཆུ་རིང་པོར་

འགྲོ་བ་བདེ་བར་འཚོ། །དྲི་ཆུ་གཉིས་གསུམ་བཞི་ལྔ་ངན་པར་བཤད། །ནན་ལྟར་མང་པོར་འགྲོ་བ་བདེ་བར་བཤད། །དྲི་ཆུ་སྒྲ་དང་བཅས་པ་བདེ་བར་འཚོ། །དྲི་ཆུ་སྒྲ་མེད་སྡུག་བསྔལ་འབྱུང་བར་བཤད། །འབབ་ཚེ་གཡས་སུ་འཁོར་བ་བཟང་པོར་བཤད། །ཕྱི་ནས་
བུ་དང་ལྡན་པར་འགྱུར་བ་ཡིན། །གཡོན་དུ་འཁོར་ན་བུ་མོ་བཟང་མོ་སྐྱེ། །རལ་གྲི་སྔོན་པོ་ལྟ་བུ་སྡུག་ཅིང་གསོན། །སྐྱ་བ་སྐྱེད་མེད་སྡུག་བསྔལ་མང་པོ་འཐོབ། །རྟགས་ལ་རེག་ཚེ་ཤིང་ལྟར་གྱོང་བ་ཡིས། །རང་གི་རིགས་རྣམས་རླག་པར་བྱེད་པ་ཡིན། །སྙོམས་པ་ཟླུམ་པ་འཇམ་པ་ཆུ་བ་
འཛིན། །གང་ལ་དེ་འདྲའི་རྟགས་ཅན་བདེ་བར་འཚོ། །སོར་གསུམ་སོར་ལྔ་ལྡན་པའི་དབང་པོ་ནི། །གང་ལ་ཡོད་པ་ས་ཡི་བདག་པོར་བཤད། །རྒྱ་མཚོས་བསྟན་པ་ལས་མཚན་བདུན་པའོ།། །།ལྟེ་བ་ཡངས་པ་ཟབ་པ་ནང་དུ་ཟླུམ། །དེ་འདྲ་གང་ལ་ཡོད་པ་བདེ་བར་འཚོ། །ནང་དུ་
ཟླུམ་པ་མེད་ན་སྡུག་ཅིང་གསོན། །ཚང་ར་ཤ་དང་བཅས་པ་བདེ་བར་འཚོ། །ཤ་སྐམས་སྡོ་དང་བཅས་པ་སྡུག་བསྔལ་འཛིན། །ཤ་སྐམས་རྟིང་སོང་རྐུབ་ཚོས་སྤུ་དང་བྲལ། །རྟག་ཏུ་དེ་ལ་སྡུག་བསྔལ་མང་པོ་འབྱུང་། །སྟག་དང་སེང་གེ་ལྟ་བུའི་འཕོངས་ཚོས་བཅས། །རྟག་ཏུ་བདེ་ཆེན་
བདག་པོ་བྱེད་པར་འགྱུར། །དོམ་དང་སྤྲེའུ་ལ་བུ་བདེ་བ་མེད། །ཤ་སྐམས་ཁྱི་ཡི་ལྟ་བུའང་དེ་བཞིན་ནོ། །གསུས་པ་རི་དགས་ལྟ་བུ་བདེ་བའི་མཚན། །གསུས་པ་རྨ་བྱ་ལྟ་བུའང་དེ་བཞིན་ནོ། །སྟག་དང་སེང་གེ་ལྟ་བུ་རྒྱལ་པོར་འགྱུར། །གསུས་པ་ཆུང་བ་མི་ཡི་བདག་པོར་འགྱུར། །གསུས་པ་ཤིན་
ཏུ་ཆེ་བ་བདེ་བའི་མཚན། གསུས་པ་སྦེ་ག་ཟླུམ་པོ་ལྟ་བུ་ནི། །དེ་ནི་ས་ཡི་བདག་པོ་བྱེད་པར་འགྱུར། །ལྟེ་བ་ཟབ་པ་ཟླུམ་པོ་སྐྱེས་བུ་མཆོག །ཟླུམ་པོ་ཕྱི་རུ་འཐོན་ན་ངན་པར་བཤད། །ལྟེ་བ་གཡས་སུ་འཁྱིལ་བས་དོན་རྣམས་འགྲུབ། །གཡོན་དུ་འཁྱིལ་བས་དོན་རྣམས་སྟོང་པར་བྱེད། །སྤུ་གཉིས་
སྙོམས་ཤིང་ཟབ་པ་བདེ་བའི་མཚན། །སྤུ་གཉིས་མི་མངོན་གསུས་པ་སྙོམས་བ་ལས། །བུད་མེད་ལོངས་སྤྱོད་ཐོབ་པ་བདེ་བའི་མཚན། །སྤུ་གཉིས་རི་བོང་ལྟ་བུའང་སྐྱེས་པའི་མཚན། །གསུས་པ་ནས་འདྲ་རྩ་ཡིས་གང་བ་ལས། །མཚན་ངན་སྡུག་བསྔལ་མང་པོ་འཐོབ་པར་བྱེད། །གསུས་

པ་ཟླ་གམ་སྦྲུལ་འདྲ་གྲོད་པ་ཆེ། །སྦྲུལ་དང་ཉ་འདྲ་རང་གི་དཀའ་ཐུབ་ཉམས། །ཁྱི་དང་ཅེ་སྤྱང་ལྟ་བུར་ལྟོགས་ཤིང་སྒོམ། །ཚེ་རིང་ལོ་བརྒྱ་འཚོ་ཡང་སྡུག་ཅིང་གསོན། །རྒྱ་མཚོས་བསྟན་པ་ལས་མཚན་བརྒྱད་པའོ།། །།ནུ་མ་མཐོ་བ་སྣུམ་ཞིང་སྙོམས་པ་ལས། །བདེ་ཞིང་བཟང་པོའི་མཚན་
གྱིས་བརྒྱན་པ་ཡིན། །བྲང་ཞིང་སྙོམས་པ་ཟབ་པ་བདེ་བར་འཚོ། །ཚེ་རིང་ལོ་བརྒྱ་འཚོ་ཞིང་ལོངས་སྤྱོད་ཆེ། །ཤ་རྒྱས་ཆེ་ཞིང་ཟླུམ་པ་རྒྱལ་པོར་འགྱུར། །གདོང་པ་ཤ་མེད་མི་དེ་སྡུག་བསྔལ་འགྱུར། །དབང་ཕྱུག་སྟག་དང་སེང་གེ་འདྲ་བས་ཐོབ། །སྡེ་ཡི་བདག་དང་དཔོན་པོ་ཐོབ་པར་འགྱུར། །སེང་
གེའི་རྒྱབ་ཅན་འདུད་ཅིང་ཀུན་གྱིས་མཆོད། །རྟ་ཡི་རྒྱབ་ཅན་སྐྱིད་སྡུག་ཕྱེད་མར་སྤྱོད། །ཤིན་ཏུ་རྒྱབ་གཞུང་རིང་བ་གཉེན་དང་བཅས། །རྟག་ཏུ་བདེ་བར་སྐྱོང་ཞིང་རང་དོན་མེད། །རྒྱ་མཚོས་བསྟན་པ་ལས་མཚན་དགུ་པའོ།། །།སྙིང་གར་སྤུ་དང་བཅས་པ་བདེ་བར་འཚོ། །སྤུ་དང་བྲལ་ཡང་
བདེ་བར་འཚོ་བར་བྱེད། །སྤུ་སྙོམས་ཅུང་ཟད་སྐྱེས་པ་མཁས་པར་འགྱུར། །སྤུ་གཅིག་སྐྱེས་པ་ཕྱུག་པོར་འགྱུར་བར་བཤད། །གཉིས་དང་གསུམ་དུ་སྐྱེས་པ་ངན་པར་བཤད། །སེར་སྐྱ་སྔོ་ནག་སྤྲིན་གྱི་མདོག་ཅན་དང་། །ལྡོང་རོས་ཟླ་བའི་ཁ་དོག་པདྨ་དང་། །འདྲ་བ་དེ་ལ་རྒྱལ་པོའི་མཚན་མར་
འདོད། །སེར་སྐྱ་ཉི་མ་འཆར་བའི་ཁ་དོག་ཅན། །ས་སྐྱོང་རྒྱལ་པོ་བྱེད་པར་འགྱུར་པ་ཡིན། །རྒྱ་མཚོས་བསྟན་པ་ལས་མཚན་བཅུ་པའོ།། །།གླང་ཆེན་ལྟ་བུར་ལུས་པོ་བྱིན་དུ་རྒྱས། །བདེ་བར་སོན་པ་བཟང་པོའི་མཚན་མ་ཅན། །ཐད་ཀར་ལངས་པ་ལག་པས་པུས་མོར་སླེབ། །ཡོན་ཏན་ཀུན་གྱིས་
བརྒྱན་པའི་ལག་པ་ཡིན། །ཤིན་ཏུ་ལག་པ་ཆུང་བ་འབངས་པོར་འགྱུར། །ལག་པའི་རི་མོ་གཡོན་དུ་འཁྱིལ་བ་ནི། །ཐམས་ཅད་ཡོངས་སུ་རྫོགས་པར་རྒྱས་པ་ཡིན། །ཕ་རོལ་གྲགས་པའི་རྒྱལ་པོ་ཐོབ་པར་འགྱུར། །ལག་པའི་རི་མོ་གཡས་སུ་འཁྱིལ་བ་ནི། །རྟག་ཏུ་སྐྱེས་བ་སྡུག་བསྔལ་འགྱུར་བ་
ཡིན། །ལག་པ་སྙོམས་ལ་མཐུག་པ་སོར་མོ་རིང་། །དམར་ལ་ཟླུམ་པ་ཤ་དང་བཅས་པ་ནི། །འཇམ་པ་ནང་དུ་ཆུ་བླུགས་འཛིན་པར་བྱེད། །དེ་འདྲ་གང་ལ་ཡོད་པ་རྒྱལ་པོར་འགྱུར། །ལག་པ་ཤ་མེད་རྩ་དང་རྡུལ་གྱིས་གང་། །སེར་སྐྱ་སེན་མོ་སེར་བ་སྡུག་བསྔལ་འཛིན། །མཛུབ་མོའི་དཀྱིལ་ལམ་

གྱེན་དུ་ལངས་པ་ཡི། །རི་མོ་གང་ལ་ཡོད་པ་བུ་གསུམ་འགྱུར། །གང་དུ་སྲང་གི་རི་མོ་ཡོད་གྱུར་པ། །ལག་པའི་རྟིང་པར་ཉའམ་རྔ་མ་འདྲ། །གང་ལ་ཡོད་པ་སྒྲུབ་པའི་འབྲས་བུ་ཐོབ། །དེ་ནི་བུ་མང་བདག་པོ་བྱེད་པར་བཤད། །མཐེ་ཆུང་སྲིན་ལག་རྩ་བའི་ཚིགས་གསུམ་གྱི། །འོག་མའི་
དཀྱིལ་དུ་རི་མོ་སྙོམས་པ་གསུམ། །ནན་ཏར་གསལ་བ་ཡོད་ན་ལོ་བརྒྱ་འཚོ། །ལག་པ་གུར་འཆང་ལྟ་བུ་མདོག་ཅན་ནི། །གསེར་དང་ནོར་མང་བདག་པོ་བྱེད་པ་ཡིན། །གཞན་ཡང་རིག་པ་འཛིན་པར་བྱེད་པ་ཡིན། །ལག་པའི་དཀྱིལ་ལམ་ཡང་ན་གནས་གཞན་དུ། །ཧོམ་གཟར་ལྟ་བུ་གང་ལ་ཡོད་པ་དེ། །
ཀུན་གྱིས་བཀུར་རམ་མཆོད་སྦྱིན་བདག་པོར་བཤད། །ལག་པའི་རི་མོ་མང་པོ་ཡོད་གྱུར་ན། །བྲམ་ཟེར་གྱུར་ན་རིག་བྱེད་བཞི་ལ་མཁས། །དབྱུག་པ་གདུགས་དང་ཆུ་བུམ་ལྟ་བུ་ཡི། །རི་མོ་གང་ལ་ཡོད་པ་བྲམ་ཟེའི་རིགས། །དེ་ཡི་རྐང་ལ་རྒྱལ་པོའི་མགོ་བོས་འདུད། །རྡོ་རྗེ་རྩེ་གསུམ་ཤཀྟི་འདྲ་བ་དང་། །
དགྲ་སྟའི་རི་མོ་རལ་གྲི་འདྲ་བའི་གཟུགས། །དེ་རྣམས་ཡོད་པ་དེ་ནི་རྒྱལ་པོར་འགྱུར། །དུང་དང་གདུགས་དང་ལྕགས་ཀྱུ་མཚན་ལྡན་དང་། །གང་ལ་ཡོད་པ་མི་ཡི་རྒྱལ་པོར་འགྱུར། །རི་མོ་དོད་སྙོམས་སྣུམ་པ་འཁོར་ལོ་འདྲ། །གང་ལ་ཡོད་པ་དེ་ཡང་རྒྱལ་པོར་འགྱུར། །རི་མོ་ཆད་པ་རྡུལ་ཅན་ཉུང་ངུ་གསོན། །
རི་མོ་རི་དང་ཤིང་སྡོང་ལྟ་བུ་དང་། །སོར་མོ་རིང་པོ་ཟླུམ་པོ་སྙོམས་པ་ནོ། །དུད་འགྲོ་མང་པོའི་བདག་པོ་བྱེད་པར་འགྱུར། །རི་མོ་གདུགས་དང་རྒྱལ་མཚན་འཁོར་ལོ་དག །གང་ལ་ཡོད་པ་རྒྱལ་པོ་ངེས་པར་ཐོབ། །འགྲོའམ་འདུག་དང་ངེས་པར་བདེ་བར་སོན། །རྒྱ་མཚོས་བསྟན་པ་ལས་མཚན་བཅུ་གཅིག་
པའོ།། །།ལག་པ་མཐོ་བ་ཟླུམ་པོ་ཤ་དང་བཅས། །དེ་ནི་སྡེ་ཆེན་བདག་པོ་བྱེད་པར་འགྱུར། །མགྲིན་པ་རིང་བ་རྔ་མོ་ལྟ་བུ་ནི། །ཕ་རོལ་ནོར་ལ་རློམ་སེམས་བྱེད་པར་འགྱུར། །མགྲིན་པ་སྣུམ་པ་ཀི་ར་ལྟ་བུ་དང་། །གླང་ཆེན་ལྟ་བུ་ཡོད་ན་རྒྱལ་པོར་འགྱུར། །བཟའ་བཏུང་ལོངས་སྤྱོད་མང་པོ་འཐོབ་པར་
བྱེད། །གདོང་བ་ཟླུམ་པོ་ཆོས་དང་ཚུལ་ཁྲིམས་ལྡན། །གདོང་པ་ཤ་དང་བྲལ་བ་ཞ་ཀྱོག་ཅན། །ཕ་རོལ་དོན་རྣམས་མང་པོ་སྨྲ་པར་བྱེད། །མང་པོ་སྨྲ་བ་དེ་ནི་རྐུན་མར་བཤད། །དོན་རྣམས་རྫོགས་པར་སྨྲ་བ་རྒྱལ་པོར་འགྱུར། །ར་དང་སྤྲེའུའི་སྐད་དང་གདོང་པ་ནི། །ཕ་རོལ་གྲགས་པ་ནོར་རྣམས་

མང་པར་འགྱུར། །འགྲམ་མགོ་པདྨའི་འདབ་མ་ལྟ་བུ་ལ། །དེ་ཡི་མགྲིན་པ་ལོངས་སྤྱོད་མང་སོར་ལྡན། །ཡམ་ཆུ་དམར་བསྲབ་པ་མི་ཡེ་བདག །ཡ་མཆུ་མཐུག་པར་གྱུར་པ་རྨོངས་པར་འགྱུར། །ནན་ཏར་སྐམས་ན་སྡུག་བསྔལ་མང་པོ་ཅན། །བིམ་པའི་མཆུ་ཅན་བཟའ་བཏུང་མང་བར་བཤད། །
སོ་རྣམས་ཀུ་ཏུ་ཏ་ལྟར་དཀར་བ་ནི། །མཆོག་ཏུ་བཟང་པོ་མི་ཡི་རྒྱལ་པོར་འགྱུར། །བླང་ཆེན་བོང་བུའི་སོ་ཅན་སྣུམ་པོ་རྣམས། །བདེ་བར་འཚོ་བ་བཟང་པོའི་མཚན་མ་ཡིན། །དོམ་དང་སྤྲེའུ་ལྟ་བུ་ལྟོགས་པར་འགྱུར། །རྡོ་བ་ལྟ་བུ་གདོལ་ཅན་འཁྱོག་པ་ནི། །སྡུག་བསྔལ་ཐོབ་པ་སོ་ཡི་
མཚན་མ་ཡིན། །གཡས་པའི་སོ་གཉིས་སྦོམ་པ་དཔོན་པོར་འགྱུར། །སྟོབས་དང་ལོངས་སྤྱོད་མང་པོ་ལྡན་པ་ཡིན། །གཡོན་པའི་སོ་གཉིས་སྦོམ་པ་ཕ་མ་འཆི། །སོ་བཞི་འཁྱོག་པ་སྡུག་ཅིང་ཕ་མ་འཆི། །དཀར་པོ་རྣོ་བ་ལེགས་པ་ས་ཡི་བདག །རིང་ཞིང་རྣོ་བ་མཁས་པའི་མཚན་མ་
ཡིན། །སུམ་ཅུ་སོ་གཉིས་སོ་ཅན་རྒྱལ་པོར་འགྱུར། །ལོངས་སྤྱོད་དག་དང་ལྡན་པར་འགྱུར་བ་ཡིན། །སུམ་ཅུ་ཡོད་ན་བདེ་བར་འཚོ་བར་འགྱུར། །སུམ་ཅུ་སོ་དགུའི་སོ་ཅན་སྡུག་ཅིང་གསོན། །ཉི་ཤུ་རྩ་བཞི་པ་ནི་བདེ་བར་འཚོ། །དེས་ནི་འདོད་པའི་ལོངས་སྤྱོད་མང་པོ་རྙེད། །ཡ་སོ་མ་སོ་མཉམ་པ་
ནོར་གྱི་བདག །དམར་སྨུག་ལྕེ་ཅན་སྡིག་པ་བྱེད་པ་ཡིན། །མཐུག་བ་རྡུལ་ཅན་ལྕེ་ནི་མི་བཟད་སྟེར། །དཀར་པོ་ལྕེ་ཅན་སྤྱོད་པ་གཙང་བ་ཡིན། །པདྨའི་འདབ་མ་ལྟ་བུའི་རིང་བ་ནི། །ཤིན་ཏུ་སྲབ་པ་མ་ཡིན་མཐུག་པ་མིན། །རྒྱལ་པོར་འགྱུར་བའི་ལྕེ་ཡི་མཚན་མ་ཡིན། །སྣུམ་དང་དམར་བ་རིག་པ་
འཛིན་པར་བྱེད། །དམར་སྨུག་དཀར་ཅན་རིགས་རྣམས་ཉམས་པར་བྱེད། །དེས་ནི་ནོར་མེད་སྡུག་བསྔལ་མང་པོ་འཐོབ། །སེར་ནག་དམར་སྨུག་ཅན་གང་བཟང་པོ་མིན། །སེང་གེ་གླང་ཆེན་ལྟ་བུ་མི་ཡི་བདག །ངང་པ་འབྲུག་གི་གདངས་ཅན་ནོར་དང་ལྡན། །གླང་ངམ་བོང་བུའི་སྐད་ཅན་སྡུག་བསྔལ་
ཆེ། །རྟ་དང་བོང་བུ་བྱ་རོག་སྒྲ་ཅན་སྡུག །ཚེག་གཏམ་ཟེར་བ་སྡིག་ཅན་ཡིན་པར་བཤད། །ཉུང་དུ་སྨྲ་ཞིང་བདེན་པ་རྒྱལ་པོར་འགྱུར། །རྒྱ་མཚོས་བསྟན་པ་ལས་མཚན་བཅུ་གཉིས་པའོ།། །།གླང་ཆེན་རྟ་ཡི་རྣ་ཅན་རྣོ་བ་ནི། །འཇིག་རྟེན་འདྲེན་པ་བྱེད་པར་འགྱུར་བ་ཡིན། །ནེ་ཚོའི་

མཆུ་ཅན་དེ་ཡང་དེ་བཞིན་ནོ། །ཤིན་ཏུ་རྣ་གོང་མཐོ་བ་ལོངས་སྤྱོད་ལྡན། །སྣ་ཆུས་ཆོས་པ་ཚུལ་ཁྲིམས་གཙང་མ་བསྲུང་། །སྣ་གོང་འཁྱོག་པ་སྡིག་པ་བྱེད་པ་ཅན། །སྣ་རྩེ་སྦོམ་པ་མཐུག་པའང་སྡིག་པ་བྱེད། །སྣ་རྩེ་སྦོམ་པ་སྣ་གོང་ལེབ་པ་ནི། །དེ་ཡང་སྡུག་བསྔལ་མང་པོ་འཛིན་པར་བྱེད། །རྒྱ་མཚོས་བསྟན་པ་
ལས་མཚན་བཅུ་གསུམ་པའོ།། །།མེ་ཏོག་དམར་པོ་ལྟ་བུའི་མིག་ཅན་ནི། །ལོངས་སྤྱོད་བདག་པོ་སྡེ་ཡི་འདྲེན་པ་བྱེད། །གླུ་གསུམ་མིག་ཅན་འཇིགས་པ་ཟླུམ་པ་དང་། །ཕྱི་ལ་དང་པ་ལྟ་བུའང་དཔོན་པོར་འགྱུར། །ཁྲག་ལྟར་དམར་བ་ནད་དང་བཅས་ཤིང་སྡུག །མཆོག་ཏུ་མིག་འབོར་མ་ཐོབ་སྡུག་པར་བཤད། །མ་ཧེ་ལུག་དང་
ར་འདྲ་འཁྲུག་པ་རེམ། །གཡོ་བ་མིག་ཅན་ཀུན་དུ་ལྟ་བ་ནི། །ཕ་རོལ་བུད་མེད་ལ་ནི་བསམ་པ་ཅན། །མིག་གཉིས་ནང་དུ་སོང་པ་རིང་པོར་གསོན། །ཟླུམ་པའི་མིག་ཅན་ཉུང་དུ་གསོན་པར་བཤད། །རི་དགས་རྨ་བྱ་ཅེ་སྤྱང་བ་ལང་དང་། །གླང་ཆེན་ལྟ་བུས་ལོངས་སྤྱོད་ཐོབ་པར་བྱེད། །མཆོག་ཏུ་ཆུང་བ་སྐེམ་པོ་ཡོ་བ་ནི། །ཆུ་ཡིས་གང་
པ་ཟག་པ་མཆི་མ་ཅན། །ནོར་མེད་སྡུག་བསྔལ་ཅན་གྱི་མིག་ཏུ་བཤད། །རྒྱལ་མོ་ཤིན་ཏུ་གནག་པ་བདེ་བར་འཚོ། །རྒྱལ་མོ་དཀར་བ་འཆི་བ་འཐོབ་པར་བྱེད། །རྒྱལ་མོ་དམར་བ་ནོར་གྱི་བདག་པོར་བཤད། །མིག་ཀོང་ལེགས་པ་དབང་ཕྱུག་ཐོབ་པར་བྱེད། །མིག་རྩ་དམར་བ་ལོངས་སྤྱོད་ཐོབ་པར་བྱེད། །དམར་དང་དཀར་
བའི་རི་མོ་དོད་པ་ལ། །དེ་ནི་མཁས་ཤིང་བློ་གྲོས་བཟང་པོ་ཅན། །མིག་ནས་མཆི་མ་འཛག་པས་འཁོན་ཞིང་སྡུག །འགྲོ་ཚེ་ལམ་ལ་ལྟ་བ་མཁས་པའི་མཚན། །ཀུན་དུ་ལྟ་བ་བ་ལང་ལྟ་བུ་ངན། །རྒྱ་མཚོས་བསྟན་པ་ལས་མཚན་བཅུ་བཞི་པའོ།། །།པདྨ་སྒྲ་ཅན་དམར་བ་ལེགས་པ་དང་། །མེ་ལྟར་འོད་ཟེར་འབར་བ་མདངས་
དང་བཅས། །དེ་འདྲའི་མདངས་ཅན་འཁོར་ལོས་སྒྱུར་བར་བཤད། །གསེར་གྱི་མདོག་ཅན་དབང་ཕྱུག་ཐོབ་པར་བྱེད། །ཕུག་རོན་ཨ་རོག་ར་དང་ཁུ་བྱུག་དང་། །དབང་ཕྱུག་ལོངས་སྤྱོད་མང་པོ་འཐོབ་པར་བྱེད། །བྱི་ལ་འུག་པའི་མདོངས་ཅན་དཔལ་ཐོབ་ཅིང་། །ཉི་མ་གླང་གི་གཟུགས་ཅན་རྒྱལ་པོར་བཤད། །ཀ་ལ་པིང་ཀའི་
སེར་སྐྱའི་མིག་ཅན་ནི། །འཁོར་ལོས་སྒྱུར་པའི་རྒྱལ་པོ་བྱེད་པར་འགྱུར། །རིན་ཆེན་མུ་ཏིག་མིག་ཅན་མཁས་པར་འགྱུར། །མིག་གཉིས་འབྱེད་འཛུམས་མང་བ་ཉུང་ངུ་གསོན། །འབྱེད་འཛུམས་ཉུང་པ་རིང་དུ་གསོན་པར་བྱེད། །བསྟུད་ནས་འབྱེད་འཛུམས་མང་པ་ནད་མང་ཞིང་། །ལན་གཉིས་འཛུམས་པ་གཡོན་དུ་འགྱུར་

པ་ཡིན། །གསུམ་དུ་འཛུམས་བ་བདེ་བར་བྱེད་པ་ཡིན། །ལན་བཞི་འཛུམས་པ་ལྟོགས་པར་གནས་པ་ཡིན། །དེ་ནི་ཚེ་ཐུང་སྡུག་ཅིང་བཀྲེན་པར་བཤད། །དཔྲལ་བ་སྐམས་པ་རྡུལ་དང་བཅས་པས་སྡུག །གཉེར་མ་ལྔ་པ་ལོ་བརྒྱ་འཚོ་བར་བཤད། །གཉེར་མ་བཞི་པ་དགུ་བཅུར་གསོན་པར་བཤད། །གཉེར་
མ་གཉིས་པ་དགུ་བཅུ་གསོན་པར་བཤད། །གཉེར་མ་མེད་པའི་མི་རྣམས་ཚེ་ཐུང་ཞིང་། །གཉེར་མ་ཐུང་ངུ་གཅིག་པ་ནད་མང་ཞིང་། །གཉེར་མ་ཉི་ཤུ་རྩ་ལྔ་སྡུག་བསྔལ་མང་། །དཔྲལ་བར་རྩ་གསུམ་ཡོད་པ་དབང་ཕྱུག་ཐོབ། །གཉེན་འདུན་མང་པོའི་འཁོར་དང་ལྡན་པར་འགྱུར། །མེ་ཏོག་པདྨ་ལྟ་
བུའི་དཔྲལ་བ་ཅན། །ཆོས་དང་ཚུལ་ཁྲིམས་འཛིན་པར་བྱེད་པ་ཡིན། །རྡོ་རྗེ་རྒྱལ་མཚན་འཁོར་ལོ་ཟླ་བ་དང་། །དེ་འདྲ་གང་ཡོད་ས་ཡི་བདག་པོར་བཤད། །གྱེན་དུ་རི་མོ་གཅིག་པ་འབངས་ཀྱི་བདག །ཟླ་ཕྱེད་འདྲ་བས་དབང་ཕྱུག་ཐོབ་པར་བྱེད། །གྱེན་ཐུར་འཕྲེད་ལ་རི་མོ་མང་པོ་ཅན། །སྡུག་བསྔལ་
འཛིན་པའི་སྐྱེས་བུའི་མཚན་མ་ཡིན། །རི་མོ་རིང་པོ་སློབ་དཔོན་བྱེད་པར་འགྱུར། །མགོ་བོ་གདུགས་འདྲ་མི་ཡི་བདག་པོར་འགྱུར། །དཔྲལ་བ་ཏོག་པོར་མཐོན་ནས་རྣོ་བ་ལ། །ལྟོགས་ཤིང་རྟག་ཏུ་ནོར་མེད་དབུལ་པོར་འགྱུར། །མགོ་བོ་གླང་ཆེན་ལྟ་བུ་རྒྱལ་པོ་འདྲ། །དབང་ཕྱུག་དུ་མའི་བདག་པོ་བྱེད་
པར་འགྱུར། །མགོ་པོ་གྲུམ་པ་ལྟ་བུ་སྐྱེས་པ་དང་། །རྡུལ་དང་སྐྲ་དང་ལྡན་པའང་དེ་བཞིན་ནོ། །རྡུལ་ཅན་ཆེན་པོ་མཐུག་པོར་སྐྱེས་པས་སྡུག །སྲབ་མཐུག་སྙོམས་པ་སྐྱེས་པ་བདེ་བར་འཚོ། །ལེགས་པ་རྩ་བ་སྙོམས་པ་རིང་ཐུང་མེད། །དེ་འདྲ་མི་ཡི་དབང་ཕྱུག་ཐོབ་པར་བྱེད། །རྒྱ་མཚོས་བསྟན་པ་ལས་
མཚན་བཅོ་ལྔ་སྐྱེས་པའི་མཚན་བསྟན་པ་རྫོགས་སོ།། །།བུད་མེད་མཚན་རྣམས་བསྟན་གྱིས་མཉན་པར་གྱིས། །པདྨ་ལྟ་བུར་དམར་བ་སྣུམ་པོ་དང་། །རྐང་པ་ཆུང་བའི་བུད་མེད་བདེ་བར་འཚོ། །འཁོར་ལོ་གདུགས་དང་པདྨ་རྒྱལ་མཚན་དང་། །རལ་གྲི་འདྲ་བའི་རི་མོ་གང་ཡོད་པ། །རྒྱལ་པོའི་
བཙུན་མོར་འགྱུར་བར་རྒྱ་མཚོས་བཤད། །རྐང་པའི་སོར་མོའི་འོག་ཏུ་གྱེན་ཐུར་ལ། །རི་མོ་ཡོད་ན་དཔོན་པོའི་ཆུང་མར་འགྱུར། །རྐང་པ་སྲབ་མོ་ཆེ་ན་གཡོག་ཏུ་འགྱུར། །རྐང་པ་སྐམས་པ་ལྟོགས་པར་འགྱུར་བ་ཡིན། །འགྲོ་ན་བྱ་བྲན་ལྟ་བུའང་དེ་བཞིན་དུ། །དེ་ལ་རང་གི་རིགས་དང་ཚུལ་

ཁྲིམས་མེད། །མཐེ་ཆུང་ས་ལ་མི་འབྱར་ཁྱོ་པོ་འཆི། །གུང་མོ་ས་ལ་མ་འབྱར་བུད་མེད་ནི། །སྐྱེས་པ་ལྟ་བུའི་སྤྱོད་པ་བྱེད་པར་འགྱུར། །མཛུབ་མོ་ཟླུམ་པ་ས་ལ་མི་རེག་པ། །ཁྱོ་པོ་སྤངས་ཤིང་སྐྱེས་པ་གཞན་དང་སྤྱོད། །སོར་མོ་སོ་སོར་གྱེས་པ་
སྡུག་ཅིང་གསོན། །དེ་ནི་གཞན་གྱི་གཡོག་མོ་བྱེད་པར་འགྱུར། །སོར་མོ་སྦོམ་པོ་བདེ་བ་མེད་པར་བྱེད། །སོར་མོ་སྐམས་པ་རྩ་དང་བཅས་པ་ནི། །སྡུག་བསྔལ་འཛིན་པར་བྱེད་པའི་བུད་མེད་ཡིན། །རིང་བ་སྙོམས་པ་གཙང་བ་བདེ་བར་འགྱུར། །སོར་མོ་སྙོམས་པ་བར་མེད་ཤ་
དངས་པ། རྟག་ཏུ་བདེ་བར་འགྱུར་བའི་བུད་མེད་ཡིན། །རང་གི་ཁྱོ་བོས་ཆོག་པར་འཛིན་པར་བྱེད། །སོར་མོ་མཐོ་བ་ཟླུམ་པ་པད་མའི་མདངས། །དེ་ལ་བུ་དང་ནོར་རྣམས་བརྟན་པར་འགྱུར། །སོར་མོ་ཆུང་བ་ས་ལ་རེག་པར་བྱེད། །སྐམས་ལ་རྡུལ་དང་བཅས་པའི་བུད་མེད་
དེ། །རྟག་ཏུ་སྡུག་བསྔལ་འབའ་ཞིག་སྤྱོད་པར་བྱེད། མཐེབ་ཆེན་གས་པ་སེན་མོ་ངན་པ་ཅན། །དེ་ཡི་སྤུན་ཟླ་ཉམས་པར་འགྱུར་བ་ཡིན། །རྒྱ་མཚོས་བསྟན་པ་ལས་བུད་མེད་ཀྱི་མཚན་བསྟན་པ་གཅིག་པའོ།། །།རྐང་པའི་མཐིལ་ཀྱི་ཤ་རྒྱུད་མཛེས་ཤིང་ཀོང་། །དེ་
ནི་སྨན་འཚོང་བྱེད་པར་འགྱུར་བ་ཡིན། །ཤིན་ཏུ་སྦོམས་ན་སྡུག་བསྔལ་འབའ་ཞིག་འཐོབ། །ས་ལ་རེག་ཅིང་སྙོམས་པ་བདེ་བར་འཚོ། །བོལ་ཚིགས་མ་ཧེ་ལྟ་བུ་འཆི་བར་འགྱུར། །བོལ་ཚིགས་སྙོམས་པའི་བུད་མེད་བདེ་བར་འཚོ། །བརླ་ཡི་ཤ་རྒྱས་སྙོམས་པ་སྣུམ་པ་དང་། །རྩ་མེད་
སྤུ་དང་བྲལ་བའི་བུད་མེད་དེ། །འགྲོ་བ་འདུག་པ་ཀུན་ཏུ་བདེ་བར་འཚོ། །བརླ་ལ་གྱེན་ཐུར་རི་མོ་གཉིས་ཡོད་ན། །སྨད་འཚོང་བྱེད་དེ་ཚུལ་ཁྲིམས་གཉིས་པ་ཡིན། །རི་མོ་ཆུང་ན་ཁྱོ་པོ་འཆི་བར་འགྱུར། །གྱེན་དུ་རི་མོ་གཅིག་པ་བདེ་བར་འཚོ། །རྒྱ་མཚོས་བསྟན་པ་ལས་མཚན་
གཉིས་པའོ།། །།བརླ་འོག་རི་མོ་འཕྲེད་ལ་ཡོད་པ་ནི། །ཕྱི་རོལ་སྐྱེས་པ་གཞན་རྣམས་འཚོ་བར་བྱེད། །བརླ་སྟོང་ཤིན་ཏུ་ཤ་རྒྱས་བདེ་བའི་མཚན། །ནང་ནས་ཕྱི་རོལ་ཤིན་ཏུ་གནག་པའི་སྤུ། །ཉུང་ངུ་སྙོམས་པར་སྐྱེས་བའི་བུད་མེད་ནི། །མི་ཡི་བདག་པོའི་བཙུན་མོ་བྱེད་

པར་འགྱུར། །མཚན་མ་རུས་སྦལ་རྒྱབ་ཅན་སྣུམ་ཞིང་རྒྱས། །བ་སྤུ་ལྟ་བུའི་སྤུ་དང་བཅས་པ་ནི། །ནོར་དང་དོན་འདོད་བུ་དང་ལྡན་ཞིང་བདེ། །དེ་ནི་ཁྱོ་ལ་བསྙེན་བཀུར་བྱེད་པར་འགྱུར། །ཤ་སྐམས་ཆེན་མོ་རྩ་ཡིས་གང་བ་ནི། །ལྟོགས་ཤིང་སྡུག་བསྔལ་ཆེན་པོ་སྐྱེ་བར་འགྱུར། །
གཡས་ཀྱི་ཤ་རྒྱས་བུ་དང་ལྡན་པ་ཡིན། །གཡོན་པ་མཐོ་ན་བུ་མོ་སྐྱེ་པར་འགྱུར། །དམར་སེར་སྤུ་ཅན་ལྟོགས་པར་འགྱུར་བ་ཡིན། །སྤུ་ནང་སྐྱེས་པ་བདེ་བ་འཚོ་བར་བྱེད། །བ་སྤུ་ལྟ་བུ་མང་པོ་རྒྱས་པའི་སྤུ། །གནག་པ་མ་ཡིན་ཉུང་པ་མ་ཡིན་པས། །ཤིན་ཏུ་བདེ་བ་མང་
པོས་གང་བར་འགྱུར། །ཤིན་ཏུ་དཀྱིལ་འཁོར་གང་བ་མཐའ་མ་ལ། །སྙོམས་ཤིང་མཛེས་པར་གྱུར་པའི་སྤུ་དང་ལྡན། །རུས་སྦལ་རྒྱབ་བྲམ་གླང་ཆེན་སྤྱི་བོ་ལྟར། །འགྲམ་གྱི་ཤ་རྒྱས་ཁྱོ་དང་བཅས་པ་བདེ། །མཚན་མ་སྐམས་པ་ཀོང་པ་དམ་པའི་མཚན། །གང་ལ་ཡོད་
པ་ལྟོགས་དང་སྡུག་བསྔལ་འབྱུང་། །འགྲོ་ཚེ་ཚང་ར་འགུལ་ཞིང་ཕྱི་ནས་སྙོགས། །ཚུལ་ཁྲིམས་གཉིས་པ་བྱེད་པའི་འོས་སུ་འགྱུར། །མི་འགྱུར་བརྟན་པ་བདེ་བ་ཐོབ་པར་བྱེད། །ཚང་ར་སྦོམ་པ་གྲུ་བཞི་གཅར་བ་ནི། །བ་སྤུ་ཅུང་ཟད་ཡོད་པ་བདེ་བར་འགྱུར། །རྒྱ་མཚོས་བསྟན་པ་
ལས་མཚན་གསུམ་པའོ།། །།ལྟེ་བ་ཟབ་པ་སྐྱེས་པས་ཕོངས་པ་མེད། །པདྨ་གེ་སར་ལྟ་བུའི་ལྟེ་བ་ཅན། །བདེ་བར་འཚོ་ཞིང་བཟང་བོའི་མཚན་དུ་བཤད། །ལྟེ་བ་མཐོ་བ་རྒྱས་པ་རྡུལ་དང་སྤུ། །མེད་པ་སྡུག་བསྔལ་མང་པོ་འཛིན་པར་འགྱུར། །ཤ་སྐམས་རིང་པོ་
རྡུལ་དང་སྤུ་ཡིས་གང་། །ལེགས་པ་མེད་པ་གང་ཞིག་འཇིགས་པར་སྐྱེས། །གླང་ཆེན་འགྲོས་དང་བ་ལང་ངང་པ་དང་། །རྨ་བྱ་ནེ་ཙོའི་འགྲོས་ཅན་བཟང་པོའི་མཚན། །འགྲོ་ཞིང་སྨྲ་དང་ཅེ་སྤྱང་སྐད་ཅན་ནི། །བདེ་སྤོང་སྡུག་བསྔལ་ཆེན་པོ་འཛིན་པར་བྱེད། །རྐུབ་ཚོས་རྩ་ཡིས་གང་
དང་མདུད་པ་ཅན། །བུད་མེད་ཁྱོ་དང་བྲལ་བར་ཆགས་པ་ཡིན། ཚུལ་ཁྲིམས་གཉིས་པ་དེ་ནི་སྨད་འཚོང་འགྱུར། །གསུས་པ་ཆུང་ན་བུད་མེད་སྨད་འཚོང་འགྱུར། །གསུས་པ་ཤ་ཡིས་གང་བ་རྩ་དང་བྲལ། །རྟག་ཏུ་ལྟོགས་ཤིང་ནོར་མེད་སྡུག་བསྔལ་འགྱུར། །གསུས་པ་གཙང་

ཞིང་སྣུམ་པ་ལེགས་པ་སྟེ། །ནུ་མ་གཡས་པ་རྒྱས་པ་བུ་དང་བཅས། །གཡོན་པ་མཐོ་ན་བུ་མོ་འབྱུང་བར་འགྱུར། །འཁྱོག་ཅིང་ཡོ་བ་བུ་དང་བྲལ་བར་འགྱུར། །སྐམས་དང་རྩ་བ་ཡོ་བར་འགྱུར་བ་ལ། །རྩེ་མོ་སྐམས་པ་སྡུག་པའི་མཚན་མ་སྟེ། །དེ་ཡི་ཁྱོ་
འཆི་བུ་དང་བྲལ་བ་ཡིན། །ནུ་མ་རྒྱས་པ་ཤ་ཡིས་གང་བ་ཡི། །རབ་ཏུ་དལ་རྒྱས་པ་ནི་མདངས་དང་ལྡན། །དེ་ལ་བུ་དང་ནོར་དང་བུ་མོ་འགྱུར། །རྒྱ་མཚོས་བསྟན་པ་ལས་མཚན་བཞི་པའོ།། །།སྐེད་པ་སྒུར་བ་གཞུ་འདྲ་གཡོག་མོར་འགྱུར། །རྐེད་པ་གྱོད་
པོ་ཁྱོ་པོ་འཆི་བར་འགྱུར། །ཤ་སྐམས་རྩ་ཡིས་གང་བ་སྡུག་པར་འགྱུར། །རྐེད་པ་སྤུ་ཅན་ཤུབ་འདྲ་བར་གང་། །དེ་ལ་སྡུག་བསྔལ་ཆེན་པོ་ཐོབ་པར་འགྱུར། །བྱ་བྲང་བྱུང་བ་སྡུག་པའི་མཚན་མ་ཡིན། །བྲང་ཞེང་སྙོམས་པ་སྤུ་ཡིས་གང་བ་དང་། །ཤ་ཡིས་རྒྱས་པ་ཁྱོ་པོ་བཟང་པོ་
ཐོབ། །བྲང་ཞེང་སྲབ་པ་ཁྱོ་པོ་འཆི་བར་བཤད། །བསྐམས་པའི་བྲང་ཀྱང་དེ་བཞིན་ཁྱོ་པོ་འཆི། །རྒྱ་མཚོས་བསྟན་པ་ལས་མཚན་ལྔ་པའོ།། །།ལག་པ་སྤུ་མེད་ཆུ་འཛིན་ཟངས་ཀྱི་མདོག །སྣུམ་པ་བདེ་ཞིང་ཤ་རྒྱས་ནོར་དང་ལྡན། །ལག་པ་གཡས་པའི་སེན་མོ་
གས་པ་དང་། །ཤིན་ཏུ་སྲབ་པ་སྤུ་ཡིས་གང་བ་ནི། །རྡུལ་ཅན་རྩ་དང་བཅས་པ་ངན་པ་ཡིན། །པདྨ་འདབ་མ་ལྟ་བུ་སྙོམས་ཤིང་དག །གཤིབས་ནས་བསླང་ན་བར་དུ་མཐོང་བ་མེད། །དེ་འདྲའི་བུད་མེད་བདེ་བར་འགྱུར་བའི་མཚན། །ལྟེ་བའི་དཀྱིལ་དུ་གོས་ཀྱིས་གཡོགས་ཤིང་
གནས། །ནོར་བུ་དང་ནི་ལྡན་པར་འགྱུར་བ་ཡིན། །ལག་པ་སྲབ་མོ་རྣ་བ་ཆེན་མོ་ཅན། །ཚེ་ཐུང་མྱུར་དུ་འཆི་བར་འགྱུར་བ་ཡིན། །མཛུབ་མོ་ཆེན་མོའམ་རྣ་བ་ཆེན་པོ་ཅན། །སྲིན་མོའི་རིགས་ཏེ་བདག་པོ་ཟ་བར་བྱེད། །ལག་པའི་རི་མོ་རྒྱང་ནས་གསལ་པོར་མཐོང་། །སྣུམ་པ་མཐོ་བ་དེ་ནི་
བདེ་བར་འཚོ། །ལག་བ་ཆུང་བ་སྣུམ་པ་ད་འདྲ་བ། །བདེ་ཞིང་གསོན་པར་འགྱུར་བའི་མཚན་མ་ཡིན། །ལག་པ་མཐུག་པ་རི་མོ་རྡུལ་དང་བཅས། །དམར་བ་སྣུམ་པ་རིང་བ་མཆོག་ཏུ་བཟང་། །དེ་འདྲའི་ལག་པ་གང་ལ་ཡོད་གྱུར་ན། །རིགས་ངན་ཡིན་ཡང་རྒྱལ་པོའི་བཙུན་མོར་འགྱུར། །

ཤ་ཡིས་གང་ལ་བཀྲ་ཤིས་མཚན་མ་ཅན། །དཔོན་པོའི་ཆུང་མ་ནོར་གྱི་དབང་ཕྱུག་འགྱུར། །སྤུ་མེད་དཀར་པོར་གནས་བ་ཟངས་ཀྱི་མདོག །སྣུམ་པ་དེ་ཡང་བདེ་བར་འཚོ་བའི་མཚན། །སེན་མོ་གས་པ་རྡུལ་ཅན་བུ་གས་གང་། །སྤུ་དང་བཅས་པ་དེ་ནི་སྡུག་པར་འགྱུར། །ལག་པ་བཀྲ་
ཤིས་རྟགས་ཅན་སྣུམ་པ་ནི། །བུ་དང་ནོར་རྣམས་ཐོབ་པར་བྱེད་པ་ཡིན། །ལག་པ་དམར་པོ་སྣུམ་པ་གཙང་བ་ནི། །ཡོད་པ་དེ་ནི་རྒྱལ་པོའི་བཙུན་མོར་འགྱུར། །མེ་ཏོག་གདུགས་དང་བུམ་པ་བཀྲ་ཤིས་མཚན། །རྔ་མ་རལ་གྲི་ཡོད་པ་དོན་གསུམ་འགྲུབ། །གཙང་མ་པདྨོ་རྒྱལ་མཚན་ཡོད་
གྱུར་ན། །དེ་ལ་སྐྱེས་བ་རྒྱལ་པོ་འདྲ་པར་འགྱུར། །རྒྱ་མཚོས་བསྟན་པ་ལས་མཚན་དྲུག་པའོ།། །།ཧ་ཅང་ལག་ཆུང་ཉོན་མོངས་སྐྱེ་བར་འགྱུར། །ནན་ཏུར་ཆེ་བ་བདག་པོ་འཆི་བར་འགྱུར། །སྤུ་ཡིས་གང་བའང་དེ་བཞིན་འགྱུར་བ་ཡིན། །རིང་བ་སྙོམས་པ་བདེ་བ་འཐོབ་
བར་བྱེད། །མཆོག་ཏུ་མགྲིན་པ་སྦོམ་པའང་དེ་བཞིན་ནོ། །གང་ཞིག་མདུན་དུ་སྒུ་བ་སྡུག་པ་ཡིན། །གཡོན་ན་ཤ་མཚན་ནག་པོ་ཡོད་པ་ན། །དེ་ཡི་ཁྱོ་པོ་འཆི་བར་འགྱུར་བ་ཡིན། །ཤ་མཚན་དཀར་པོ་གཙང་བ་ཡོད་པ་ནི། །དཔོན་པོའི་ཆུང་མ་བྱེད་པར་འགྱུར་བ་ཡིན། །མགྲིན་
པ་ཤ་སྐམས་རྩ་ཡིས་གང་བ་ནི། །སྡུག་བསྔལ་མང་པོ་སྐྱེ་བར་འགྱུར་བ་ཡིན། །རྒྱ་མཚོས་བསྟན་པ་ལས་མཚན་བདུན་པའོ།། །།མཆུ་ལ་སེར་ཀ་མང་པོ་ཤུ་བ་ཅན། །མཆོག་ཏུ་མཐུག་པ་སྨད་འཚོང་བྱེད་པར་འགྱུར། །སྐམས་པའི་མཆུ་ཅན་ཁྱོ་པོ་འཆི་བར་འགྱུར། །
རྩ་བའི་མཐའ་ཅན་སྣུམ་པ་སྙོམས་པ་ནི། །བུ་དང་བྲལ་བ་དམར་བ་ནོར་དང་བུ། །རྒྱས་ཤིང་རྟག་ཏུ་བདེ་བ་ཐོབ་པར་འགྱུར། །མཆུ་སྒྲོས་ཐད་ཀར་གྱེན་དུ་རི་མོ་ཅན། །ཤིན་ཏུ་བདེ་ཞིང་སྐྱིད་པའི་མཚན་མ་ཡིན། །ནག་པོའི་མཆུ་ཅན་ཀུན་དང་འཁོན་པར་བྱེད། །སྐམས་བརྡུལ་ཅན་མཐུག་པ་
སྡུག་པའི་མཚན། །སྙོམས་པ་དཀར་པོ་སྣུམ་པ་བདེ་བར་བྱེད། །མ་སོ་འཁྱོག་པ་བུ་མོ་འཆི་བར་བྱེད། །ཡ་སོ་འཁྱོག་པ་བུ་རྣམས་འཆི་བར་འགྱུར། །བརྫུན་ཅན་སྨན་འཚོང་བྱེད་པའི་རིགས་སུ་འགྱུར། །སོ་ལ་རེག་ན་ལྡེག་བར་ལྟོགས་པ་དང་། །བཅུ་དྲུག་ལོན་ནས་སྐྱེས་པ་འཚོ་བར་འགྱུར། །

རྒྱ་མཚོས་བསྟན་པ་ལས་མཚན་བརྒྱད་པའོ།། །།ལྕེ་མདོག་དམར་པོ་ནོར་དང་ལྡན་པར་འགྱུར། །སྲབ་མཐུག་སྙོམས་པའི་ལྕེ་ཡང་དེ་བཞིན་ནོ། །མཆོག་ཏུ་སྲབ་བ་དཀར་བ་ནད་དང་བཅས། །ཤིན་ཏུ་མཐུག་པའི་ལྕེ་ཡང་དེ་བཞིན་ནོ། །དེ་ནི་ཀུན་དང་འཁོན་པར་བྱེད་པ་ཡིན། །
རིང་བར་སླེབ་ཅིང་དམར་བ་སྣུམ་པ་ནི། །དེ་ཡིས་བདེ་བ་ཆེན་པོ་ཐོབ་པ་ཡིན། །རྐན་གྱི་ཁ་དོག་དཀར་བ་ལྟོགས་པ་ཡིན། །རྡུལ་ཅན་རྐན་ནི་ཆོས་ལ་རྟོན་པར་འགྱུར། །སེར་མོ་མཆོག་ཏུ་སྡུག་བསྔལ་ཆེན་པོ་འཐོབ། །པདྨའི་འདབ་ཅན་བདེ་བ་ཐོབ་ཅིང་མཆོད། །ཆུ་བྱའི་སྐད་ཅན་ངང་པ་ཁུ་བྱུག་གི །གདངས་
ཅན་རྒྱལ་པོའི་བཙུན་མོ་བྱེད་པར་འགྱུར། །འགྲམ་འོག་སྣུམ་བ་ཤ་རྒྱས་བདེ་བར་འགྱུར། །སྐམས་པ་རྡུལ་ཅན་ཤུབ་མདབ་དང་། །རྩ་ཡིས་གང་བ་སྡུག་བསྔལ་མང་པོ་ཐོབ། །དེ་ལ་བུ་དང་འབྲལ་བ་རྒྱ་མཚོས་བཤད། །སྣ་གོང་རིང་བ་ཁྲོ་བར་འགྱུར་བ་ཡིན། །ནན་ཏུར་ཆུང་ན་གཡོག་པོར་
འཁོལ་བར་འགྱུར། །སྣ་གོང་སྲབ་བ་ཁྱོ་བོ་འཆི་བར་འགྱུར། །རིང་པོའི་རྡུལ་དང་ཚུལ་ཁྲིམས་གཉིས་པ་ཡིན། །ཆེ་ཆུང་སྙོམས་པ་བུད་མེད་བདེ་བ་ཆེ། །སྣ་གོང་མཐོ་བ་བདེ་བ་ཆེན་པོར་བཤད། །རྒྱ་མཚོས་བསྟན་པ་ལས་མཚན་དགུ་པའོ།། །།དམར་སེར་མིག་ལ་རྩ་དང་
ལྡན་པ་ནི། །བུ་དང་བདེ་བ་མང་པོ་འཐོབ་པར་བྱེད། །གཡོན་པ་མཐོ་བ་བདེ་བ་མེད་པར་འགྱུར། །གཡས་པ་མཐོ་ན་བུད་མེད་དོན་དང་བྲལ། །སྦྲུལ་དང་བྱི་ལའི་མིག་ཅན་དགེ་བ་མེད། །དམར་སེར་མིག་ཅན་གྱོས་པོའམ་བུ་དང་ནི། །ཕ་ལ་སོགས་བ་རྣམས་ལ་སྦྱོར་བར་བྱེད། །པདྨའི་
འདབ་མ་ལྟ་བུ་སྙོམས་ཤིང་སྡུག །སྣུམ་པ་རིང་ཞིང་ཞིབ་པའི་མདངས་ཅན་དང་། །རྨ་བྱ་ངང་པ་རི་དགས་ལྟ་བུ་ཡང་། །བུད་མེད་མཆོག་ཏུ་གྱུར་པའི་མཚན་མ་ཡིན། །མིག་གི་རྫི་མ་མང་པ་སྣུམ་ཞིང་གཙང་། །ནོར་ཅན་ནོར་གྱི་བདག་པོ་བྱེད་པར་འགྱུར། །སྨིན་མ་མཐོ་ནག་རིང་ཞིང་སྙོམས་ལ་
གཙང་། །རྣ་བ་ཆེན་པོ་ཤ་ཅན་ཞུམ་ཞིང་གཙང་། །སྐྲ་མང་ཆུང་བ་གནས་ནི་བདེ་བའི་མཚན། །དཔྲལ་བར་རི་མོ་གསུམ་པ་རྩ་དང་སྤུ། །སྙོམས་པ་དྲུག་པ་ཚེ་རིང་བདེ་བའི་མཚན། །ཆེ་ཆུང་སྙོམས་པ་རིང་ཐུང་མེད་པ་ནི། །རི་མོ་ལེགས་པར་མཐོང་བ་རྒྱལ་པོ་དང་། །ལྷན་ཅིག་གནས་པར་

གྱུར་པ་རྒྱ་མཚོས་བཤད། །བུད་མེད་དྲེད་ཀྱི་སྐྲ་ཅན་སྦོམ་ཞིང་རིང་། །དེས་ནི་ཁྱོ་བོ་ཟ་བར་འགྱུར་བ་ཡིན། །བུད་མེད་ཕག་གི་གཟུགས་ལྟར་སྦོམ་ཞིང་རིང་། །སེར་སྐྱའི་སྐྲ་ཅན་ཁྱོ་དང་འཁོན་པར་བྱེད། །རྡུལ་ཅན་སྐྲ་ཚོགས་སྲབ་བ་སྡུག་བསྔལ་ཐོབ། རིང་ཐུང་ལག་པའི་ཚད་ཅན་སྣུམ་
པ་དང་། །རྨ་བྱའི་མདངས་ཅན་རྒྱལ་པོའི་སྦྱོར་བར་འགྱུར། །རྒྱ་མཚོས་བསྟན་པ་ལས་བུད་མེད་ཀྱི་མཚན་བཅུ་པ་རྫོགས་སོ།། །།པཎྜིཏ་བྲབྷཱ་ཀ་ར་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཨུ་རྒྱན་པས་བསྒྱུར་པའོ།། ༄། །མི་དཔྱད་ཀྱི་བསྟན་
བཅོས་བསྡུས་པ་བཞུགས། །༄༅༅། །གང་ལ་གཉེར་མ་ལྔ་ཡོད་ཅིང་། །དེ་ཡི་སྣ་རྒྱུད་མཐོ་བ་དང་། །དཔྲལ་བའི་མཐའ་གཉིས་རྒྱས་ཤིང་མཐོ། །ལུས་པོ་ཤིན་ཏུ་སྦོམ་ལ་སྙོམས། །མགོ་བོ་ཟླུམ་ཞིང་རབ་ཏུ་རྒྱས། །སྨ་ར་སྲབ་ཅིང་སྙོམས་པ་དང་། །ན་ཆུང་ལྟ་བུར་ནུ་མ་རྒྱས། །
དཀར་དངས་སོ་ནི་དམ་ཞིང་སྙོམས། །མིག་གི་དབང་པོ་རྒྱས་ལགས་ལ། །རྣ་བ་མདངས་སྙུག་ཆུང་ཞིང་སྙོམས། །ཕྲག་གོང་རབ་ཏུ་རྒྱས་པ་དང་། །རྐང་པའི་སོར་མོ་བཅུ་བོ་ནི། །ཤ་རྒྱས་བཀྲག་བཟང་བོ་ལ་གོང་མཐོ། །གང་གི་མཆན་ཁུང་སྤུ་མེད་པ། །ལག་པ་ཆུང་ཤིང་ཤ་རྒྱས་པ། །དེ་
རྣམས་མཚན་ལྡན་ལྷ་ཡི་རིགས། །སྐོམ་གདུང་ཆེ་ཞིང་ཆུང་ངུ་ཟ། །ཤ་ཡི་ཟས་ལ་རྣམ་པར་རྩི། །ནད་མེད་དེ་ཡི་ལུས་ལ་ནི། །ཉི་ཤུ་རྩ་ལྔའི་ལོ་ལོན་ཚེ། །ཆུ་ཡི་གནོད་པ་འབྱུང་བར་འགྱུར། །ཡུལ་རྣམས་བསྐོར་ཞིང་རྣམ་པར་འཁྱམས། །ཀུན་དུ་བདེ་སྐྱིད་ལྡན་པར་བྱེད། །བརྫུན་
ཚིག་སྤངས་ཤིང་ཐམས་ཅད་སྟེར། །འདོད་པ་ཆུང་ཞིང་མི་རྐུ་བ། །དོན་རྣམས་སྨྲ་བ་བཞིན་དུ་སྒྲུབ། །གང་ཞིག་མི་ཡི་རིགས་གྱུར་པ། །གདོང་རིང་གྱེན་དུ་གཉེར་མ་ཅན། །སྨྲ་ར་ཉུང་ཞིང་རྣ་ཤལ་རིང་། །བསྡུས་པ་ལག་པ་རྣམ་པར་འགུལ། །འབྲུ་ཚུགས་སུ་ནི་རྣམ་པར་ལྟ། །ལུས་
པོ་རྡུད་ཅིང་སྐེམས་པ་དང་། །བ་སྤུ་མང་ཞིང་རིང་བ་དང་། །དེ་ཡི་མིག་ནི་གཏིང་དུ་སོང་། །སྣ་ནི་ཆུང་ཟད་ལབ་པ་དང་། །ལུས་བོང་རིང་ཞིང་བརྣབ་སེམས་ཆེ། །མང་དུ་ཟ་ཞིང་ཀུན་ལ་འཁོན། །འདོད་པ་ཆེ་ལ་གཅིག་ཏུ་བརྗོད། །ཆོས་མིན་སྤྱོད་ཅིང་ཐོབ་ཚད་ཟ། །སེམས་ངན་དེ་ནི་མི་ཡི་

རིགས། །རྐང་པ་རིང་ཞིང་གདོང་པ་སྐམས། །རྐང་ལག་སེར་ཀ་མང་བ་དང་། །གནག་ཅིང་བ་སྤུ་མེད་པ་དང་། །ཟས་ངན་བཟའ་ཞིང་བཟང་པོ་འདོར། །མཚན་ངན་དེ་ནི་ཉི་མ་འདོད། །ལག་པའི་ནོར་རྣམས་ཉམས་པར་བྱེད། །དེ་རྣམས་མཚན་ངན་ཡི་དགས་
མི། །འགྲོ་ཞིང་འགྲོ་ཞིང་སྡོད་པ་དང་། །འགྲོ་ཞིང་ཕྱོགས་རྣམས་ཀུན་དུ་བལྟ། །རྐང་པ་ཤ་མེད་རྩ་ཡིས་གང་། །སྨ་ར་ཆེའམ་ཡང་ན་མེད། །དེ་རྣམས་མཚན་ལྡན་དུད་འགྲོའི་རིགས། །དེ་རྣམས་རྣམ་པར་བཤད་བྱ་བ། །གང་གི་དཔྲལ་བའི་སྐྲ་མཚམས་ལ། །ཐིག་ལེའམ་
རི་མོ་མངོན་ཅན་ཆགས། །བློ་ལས་ལྡན་ཞིང་སྡུག་བསྔལ་ཐོབ། །སྣ་ཡི་གཡས་གཡོན་མཁུར་བ་ལ། ཤ་མཚན་ནག་པོ་ཆགས་གྱུར་ན། །ཟླ་དྲུག་ལོན་ནས་ནད་ཀྱི་འདེབས། །མིག་ལ་ནག་པོ་ཆགས་པ་ན། །ནོར་ཡོད་ཟས་ཀྱིས་ཕོངས་པར་འགྱུར། །གདོང་པ་གཙང་
ཞིང་མདངས་བཟང་ན། །ནད་མེད་གཙང་ཞིང་བདེ་བར་འཚོ། མཁུར་བ་གཡས་སམ་གཡོན་པ་ལ། །མཛེར་པ་ཆུང་ངུ་ཆགས་པ་ན། །ལོངས་སྤྱོད་ལྡན་ཞིང་རྙེད་པ་ཐོབ། །སྣ་འདེབས་ནང་ན་སྨེ་བ་ཆགས། །གང་ཞིག་སུམ་ཅུ་ལོན་པའི་ཚེ། །གསེར་དང་རྟ་ཡི་རྙེད་པ་ནི། །རྒྱལ་
པོ་ལས་ནི་ཐོབ་པར་འགྱུར། །མི་དཔྱད་འདི་རྡོ་རྗེ་གདན་དུ་ཨུ་རྒྱན་པས་བསྒྱུར་པའོ།། ༄༅༅། །རྒྱ་གར་སྐད་དུ། ས་མུ་དྲི་ཀམ་པ་རཱི་ཀྵ་ཏེ་ན་ར་ལཀྵ་ཎེ་ནཱ་མ། བོད་སྐད་དུ། མིའི་མཚན་ཉིད་བརྟག་པ་རྒྱ་མཚོ་ཞེས་བྱ་བ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །ཐམས་ཅད་མཁྱེན་
པས་ཐམས་ཅད་གཟིགས། །དང་པོའི་ལྷ་ལ་ཕྱག་འཚལ་ནས། །སྐལ་བཟང་སྐྱེས་པ་བུད་མེད་ཀྱི། །རྒྱ་མཚོར་རབ་ཏུ་བཤད་པར་བྱ །སྔོན་དུ་ཚེ་ནི་ཡོངས་སུ་བརྟག །ཕྱི་ནས་མཚན་ཉིད་ལ་སོགས་རྣམས། །ཚེ་ཐུང་པ་ཡི་མི་
རྣམས་ལ། །མཚན་ཉིད་ཀྱིས་ནི་ཅི་ཞིག་བྱ། །བུད་མེད་རྣམས་ཀྱི་གཡོན་གྱི་ཆ། །སྐྱེས་པ་དེ་ནི་གཡས་སུ་དེ། །རྒྱ་མཚོ་ཡི་ནི་ཚིག་བཞིན་དུ། །དེ་རྣམས་མཚན་ཉིད་ངེས་པར་བརྟག །གནས་ལྔ་རིང་ཞིང་བཞི་ནི་ཐུང་། །ལྔ་ནི་འཕྲ་ཞིང་དྲུག་ནི་མཐོ། །བདུན་ནི་དམར་ཞིང་གསུམ་

ནི་ཟབ། །གསུམ་ནི་རབ་ཏུ་ཡངས་པར་བསྔགས། །ལག་པ་མིག་དང་བྲང་དང་ནི། །དེ་ནི་པུས་མོ་སྣ་དེ་ནི། །ཡན་ལག་འདི་རྣམས་རིང་བ་ནི། །ལྔ་པོ་རིང་བར་བསྔགས་པ་སྟེ། །མགྲིན་པ་རྐང་པ་རྒྱབ་དང་ནི། །རྗེ་ངར་རྣམས་ནི་ཐུང་བར་བསྔགས། །གང་གི་བཞི་པོ་ཐུང་བ་
རྣམས། །རྟག་ཏུ་མཆོད་པ་ཐོབ་པར་འགྱུར། །སོར་མོ་ཕྲ་ཞིང་ཚིགས་པ་རྣམས། །སོ་དང་སྐྲ་དང་སེན་མོ་པགས། །གང་གི་ལྔ་པོ་ཕྲ་བ་ཉིད། །དེ་ནི་མཚན་ཉིད་མཆོག་ཡིན་ནོ། །མཆན་འོག་རྩིབ་འོག་བྲང་དང་ནི། །སྣ་དང་དཔུང་བ་དཔྲལ་བ་རྣམས། །རྒྱ་མཚོ་ཆེན་པོའི་བདག་
ཉིད་ཀྱིས། །དྲུག་པོ་མཐོ་ན་དགེ་བར་བཤད། །ལག་པ་རྐང་པའི་མཐིལ་དམར་ཞིང་། །མིག་གི་མཐའ་དང་སེན་མོ་དང་། །རྐན་དང་ལྕེ་དང་མཆུ་རྣམས་ནི། །བདུན་བོ་རྣམས་ནི་དམར་བར་བསྔགས། །དབྱངས་དང་སེམས་དང་ལྟེ་བ་སྟེ། །གསུམ་པོ་རྣམས་ནི་ཟ་བན་
བསྔགས། །བྲང་དང་མགོ་བོ་དཔྲལ་བ་སྟེ། །གསུམ་པོ་རྣམས་ནི་ཡངས་པ་བསྔགས། །བྲང་དང་མགོ་བོ་དཔྲལ་བ་སྟེ། །གསུམ་པོ་རྣམས་ནི་ཡངས་པ་བསྔགས། །ལུས་ཀྱི་ནང་ནས་བཞིའམ་ནི། །ཡང་ན་ཐམས་ཅད་དུ་ཡང་བརྗོད། །དེ་ལ་མཆོག་ཏུ་རྣ་དང་ནི། །དེ་བཞིན་མཆོག་ཏུ་སོ་རྣམས་དང་། །ཁ་དོག་རྣམས་ནི་མཆོག་ཏུ་སྣུམ། །དབྱངས་ནི་
མཆོག་ཏུ་སྙན་པ་དང་། །དབྱངས་ལས་མཆོག་ཏུ་བདེན་པ་དང་། །ཀུན་ནས་བདེན་པས་རབ་ཏུ་གནས། །མིག་དམར་བུད་མེད་སྤོང་མི་བྱེད། །གསེར་མདོག་དམར་སྐྱ་ནོར་མེད་མིན། །ལག་རིང་རྣམས་ནི་དབང་ཕྱུག་སྟེ། །ཡན་ལག་མཛེས་བསྔགས་བདེན་པར་བྱེད། །དབང་
པོ་ཆུང་ན་ནོར་ལྡན་ཞིང་། །བུ་བྲལ་ཆེ་བས་ནོར་རྣམས་དམན། །སྒྲོ་བའི་གཡོན་དམའ་བུ་ནོར་ཉམས། །གཞན་རྣམས་མོན་པོ་བུ་ལྡན་དབུལ། །མགོ་བོ་ཆེ་ཞིང་རྩ་ཕྲ་དང་། །རྩུབ་དང་རྩ་ནི་མཐོ་བ་དང་། །སྦོམ་དང་མདུད་པ་གང་འགྱུར་དབུལ། །མཉེན་པས་རྟག་ཏུ་བདེ་བ་དང་། །
རྟགས་ནི་གྱོང་པོ་ཡུལ་གཞན་འཁྱམ། །ཆུང་ངུ་རྣམས་ནི་སྐལ་བ་བཟང་། །ཆེན་པོ་ཡིས་ནི་དབུལ་པོ་དང་། །དམའ་མོས་བུད་མེད་ངེས་པར་རྒྱལ། །སྒྲོ་བ་མཉམ་ཞིང་འཛེས་པར་མཐོང་། །ཕན་པ་དང་ནི་ཚེ་དང་ལྡན། །བྲང་ཡངས་འབྲུ་དང་ནོར་རྣམས་སྤྱོད། །བུ་ཡངས་མི་

བདག་མཆོད་དང་ལྡན། །རྐེད་ཡངས་བུ་ནི་མང་དུ་སྤྱོད། །རྐང་པ་ཡངས་པ་ནོར་དང་ལྡན། །མིག་སྣུམ་པ་ནི་སྐལ་བ་བཟང་། །སོ་སྣུམ་པ་ནི་ཟས་དང་ལྡན། །བགས་པ་སྣུམ་པ་བདེ་བར་འགྱུར། །རྐང་པ་སྣུམ་པ་བཞོན་པར་ལྡན། །ལས་མེད་ལག་པ་དག་ནི་སྲ། །
རྐང་པ་དག་ནི་ལམ་ལ་མཉེན། །གང་གི་ལག་པ་རྐང་པར་ལྡན། །དེ་ནི་རྒྱལ་པོར་ངེས་པར་ལྡན། །གང་ལ་ཉ་ཡི་དབྱིབས་ཡོད་ན། །བརྒྱ་ཡི་བདག་པོར་ཤེས་པར་བྱ། །ཕན་ཚུན་གྱིས་ནི་སྟོང་དུ་ཤེས། །དུང་གིས་བྱེ་བར་ཤེས་པར་བྱ། །པདྨ་ཡིས་ནི་བྱེ་བ་སྟོང་། །མཐེའུ་ཆུང་
གི་ཕྱོགས་རྣམས་ནས། །མིང་མེད་ལ་ནི་རི་མོ་འགྲོ། །རྟགས་ནི་དེ་ཡི་སུམ་ཅུའི་ལོར། །འཚོ་བ་ཉིད་དུ་ཤེས་པར་བྱ། །མཐེའུ་ཆུང་གི་ཕྱོགས་རྣམས་ནས། །གུང་མོ་ལ་ནི་རི་མོ་འགྲོ། །འདི་ཡི་རྟགས་ཀྱིས་དྲུག་ཅུའི་ལོར། །འཚོ་བ་ཉིད་དུ་ཤེས་པར་བྱ། །མཉམ་པའི་ཕྱིར་ན་
བརྒྱད་ཅུར་འཚོ། །མ་མཉམ་དེ་བཞིན་བདུན་ཅུར་འཚོ། །ཚིགས་པས་དམན་པའི་སྐྱེས་བུ་རྣམས། །ལོ་ནི་དྲུག་ཅུར་འཚོ་བར་འགྱུར། །མཐེབ་ཆེན་གྱི་ནི་ཚིགས་ཀྱི་དབུས། །གང་ལ་ནས་ཡོད་རྣམ་པར་དགེ །རྙེད་དང་ཟས་སུ་ལོངས་སྤྱོད་ཅིང་། །མི་དེ་བདེ་བའི་ལོངས་སྤྱོད་ལྡན། །
རི་མོ་མང་པོ་ཉོན་མོངས་ཤིང་། །ཉུང་བ་ཡིས་ནི་ནོར་དམན་ནོ། །དམར་བོ་ཡིས་ནི་བདེ་བ་ཐོབ། །ནག་པོ་ཡིས་ནི་ཁོལ་པོར་བྱེད། །སློ་མའི་དབྱིབས་དང་རྣམ་པར་རྩུབ། །སེན་མོ་ཡོན་པོ་སྐྱ་བོ་དང་། །རྩེ་མོ་ལ་ནི་རི་མོ་དང་། །ཤིན་ཏུ་དཀར་བར་གྱུར་པ་དང་། །རྐང་པའི་སོར་མོ་
སྤྲད་པ་ནི། །དབུལ་བའི་སྡུག་བསྔལ་རབ་ཏུ་སྟེར། །གང་གི་རྐང་པ་ཚ་བ་དང་། །ངུར་སྨྲིག་འདྲ་བར་གྱུར་པ་ནི། །རིགས་ནི་རྣམ་པར་ཆད་པ་སྟེ། །ཚངས་འཇོམས་གཞན་གྱི་ལས་བྱེད་པ། །ས་སྟེངས་དབང་མེད་མནར་བར་བྱེད། །རྡུལ་མི་འབྱུང་ཞིང་མཐིལ་ནི་མཉེན། །པདྨའི་ལྟེ་
བ་ལྟ་བུས་ཏེ། །སོར་མོ་འབྱར་ཞིང་མཛེས་པ་དང་། །སེན་མོ་ཟངས་མདོག་རྟིང་པ་ལེགས། །བྲོ་ཞིང་རྩ་ནི་མི་མངོན་དང་། །ལོང་བུ་དག་ནི་མི་མངོན་ཞིང་། །རྐང་པ་རུས་སྦལ་ལྟར་མཐོ་ན། །མི་རྣམས་ཀྱི་ནི་དབང་ཕྱུག་གོ །ཤིན་ཏུ་བློ་ལྡན་གྲགས་པ་ལྡན། །དེ་བཞིན་དུ་ནི་རྣམ་

པར་གནོན། །བདེ་དང་ཤིན་ཏུ་སྣུམ་པའི་མིག །དེ་རྣམས་ཚེ་ནི་ཐུང་བར་བཤད། །གོས་ངན་སོ་ཡི་དྲི་མ་སེལ། །མང་དུ་ཟ་ཞིང་ཚིག་རྩུབ་སྨྲ། །ཉི་མ་ནུབ་ཤར་ཉལ་བ་རྣམས། །གལ་ཏེ་འཁོར་ལོ་ལག་ལྡན་ཡང་། །དཔལ་ནི་རྣམ་པར་སྤོང་བར་འགྱུར། །མགོ་བོ་ལ་
ནི་མེ་ཏོག་བཅས། །རྐང་པ་ལ་ནི་ལེགས་པར་མཆོད། །ཡན་ལག་མཆོག་ལྡན་བསྟེན་པ་དང་། །ཁ་ཟས་ཐུང་ངུ་སྤྱོད་པ་དང་། །གོས་མེད་ཉལ་བར་མི་བྱེད་ཅིང་། །དུས་ཚིགས་འཁྲིག་པ་མི་བསྟེན་ན། །དཔལ་ནི་རབ་ཏུ་ཉམས་གྱུར་ཀྱང་། །སླར་ཡང་རབ་ཏུ་ཐོབ་པར་
འགྱུར། །མི་སྦྱིན་གྱིས་གསུངས་པའི་རྒྱ་མཚོ་ལས་སྐྱེས་པའི་མཚན་ཉིད་བརྟག་པའི་ལེའུ་སྟེ་དང་པོའོ།། །།མི་སྦྱིན་གྱི་ནི་གསུང་ཇི་བཞིན། །བུད་མེད་མཚན་ཉིད་བཤད་པར་བྱ། །ཉི་མ་འཆར་ཁའི་འོད་མཚུངས་པའི། །བུ་མོ་ཟླ་བ་གང་བའི་གདོང་། །མིག་ཡངས་མཆུ་
ནི་དམར་བ་ཡི། །བུ་མོ་དེ་ནི་རྙེད་ན་བདེ། །ཨུཏྤལ་སྔོན་པོའི་མདོག་ལྟར་སྔོ། །རི་དགས་མིག་ཅན་གླང་ལྟར་དཀར། །ནོར་བུ་རིན་ཆེན་མཐའ་དག་དང་། །གསེར་གྱི་རྒྱན་གྱིས་བརྒྱན་གྱུར་མ། །དེ་ནི་གང་ཞིག་མིག་ནག་པའི། །བུ་མོ་དཀར་མོ་ཤིན་ཏུ་མཛེས། །མིག་ཡངས་མཆུ་
ནི་དམར་བ་ཡི། །བུ་མོ་དེ་ནི་རྙེད་ན་བདེ། །གང་ཞིག་འགྲོ་བ་ཙམ་གྱིས་ནི། །ས་གཞི་གཡོ་བ་ལྟར་བྱེད་འགྲོ། །ཇི་ལྟར་མི་སྦྱིན་གསུངས་པ་ན། །དེ་ཡི་ཞེ་འགྲས་བྱེད་པར་གསུངས། །གང་གི་སོར་མོ་མི་སྡུག་ཅིང་། །རྐང་པའི་མཐིལ་ནི་ཉག་པོར་གྱུར། །དེ་ཡང་ཞེ་འགྲས་བྱེད་པ་
ནི། །ཇི་ལྟར་མི་སྦྱིན་གྱིས་ནི་གསུངས། །གང་ཞིག་རྐང་པའི་མཐེ་ཆུང་དག །ས་གཞི་ལ་ནི་མི་རེག་ན། །བདག་པོ་བརྒྱ་ཡང་མྱུར་འཇོམས་ཞིང་། །དེ་སྲིད་དེ་ནི་འཚོ་བར་འགྱུར། །གང་གི་སྐྲ་ཡི་ཚོགས་པ་རྣམས། །རྟག་ཏུ་ལངས་པར་གྱུར་པ་ནི། །རྒྱལ་རིགས་ཉིད་དུ་སྐྱེས་གྱུར་
ཀྱང་། །དེ་ནི་བྲན་མོ་ཉིད་དུ་འགྱུར། །རྨ་བྱ་འཁོར་ལོ་པདྨ་དང་། །བུམ་པ་གང་དང་རྟ་བབས་ལྡན། །དེ་ནི་བྲན་མོའི་རིགས་སྐྱེས་ཀྱང་། །རྒྱལ་པོ་ཡི་ནི་བཙུན་མོར་འགྱུར། །གང་གི་ལག་མཐིལ་རི་མོ་ལ། །སོ་དང་རྟ་བབས་རབ་ཏུ་གནས། །བྲན་མོའི་རིགས་སུ་སྐྱེས་གྱུར་ཀྱང་། །

དེ་ནི་རྒྱལ་པོའི་བཙུན་མོར་འགྱུར། །རྣམ་པར་བརྩོན་པའི་ངང་ཚུལ་ཅན། །བློ་ནི་རྐུ་བ་ལ་དགའ་ཞིང་། །གཞན་གྱི་རིགས་དང་ལྡན་གྱུར་པ། །སྡིག་པ་མང་བྱེད་ལས་མེད་ཅིང་། །གཞན་གྱི་ཁྱིམ་ལ་ཉེར་བརྟེན་ན། །གལ་ཏེ་བུ་དང་བཅས་གྱུར་ཀྱང་། །མི་ཡིས་དེ་འདྲའི་ཆུང་མ་
སྤང་། །མིག་སྐྱ་ཁྲོན་པའི་འགྲན་པ་དང་། །ཕ་རོལ་སྐྱེས་བུ་རྣམས་ལ་དགའ། །བྱིན་པ་སྦོམ་ཞིང་སྐྲ་ནི་འཕྱར། །མཆུ་འཕྱང་རྩིབས་ནི་རིང་བ་དང་། །སོ་ནི་སྤྲད་པོ་ཁ་དོག་སྔོ། །རྐན་དང་མཆུ་དང་རྐེད་ལྕེ་དང་། །ཡན་ལག་སྐམས་ཤིང་ཁ་སྐམས་དང་། །ནུ་མ་ཟུང་དག་མི་མཉམ་
དང་། །སྣ་དང་བུས་མོ་རིང་བ་རྣམས། །བུ་བྲལ་ཚུལ་ཉམས་བུད་མེད་དེ། །བུ་མོ་དེ་ནི་ནོར་རྣམས་སྤོང་། །རྡུལ་མི་འབྱུང་ཞིང་མཐོལ་ནི་མཉེན། །པདྨའི་ལྟེ་བ་ལྟ་བུ་སྟེ། །སོར་མོ་འབྱར་ཞིང་མཛེས་པ་དང་། །སེན་མོ་ཟངས་མདོག་རྟིང་པ་ལེགས། །དྲོ་ཞིང་རྩ་ནི་མི་མངོན་
པ། །ལོང་བུ་དག་ནི་མི་མངོན་ཞིང་། །རྐང་བ་རུས་སྦལ་ལྟར་མཐོ་དང་། །བརླ་རྒྱས་འགྲམ་པ་རྒྱས་པ་དང་། །སོ་ནི་དཀར་ཞིང་མཉམ་པ་དང་། །པདྨའི་འདབ་འདྲ་སྦྱན་ཡངས་མ། །བིམ་པའི་མཆུ་དང་སྣ་མཐོ་དང་། །གོམ་བ་གླང་པོ་ལྟར་འགྲོ་དང་། །གཡས་སུ་བསྐོར་ཞིང་
ལོག་པ་དང་། །ལུས་ནི་སྣུམ་ཞིང་ཁ་དོག་མཛེས། །གསང་གནས་མཉེན་ཞིང་མཐུག་པ་དང་། །དབྱངས་སྙན་སྐྲ་ནི་མཛེས་པ་རྣམས། །དེ་ནི་བདག་མོའི་ཞིང་དུ་འགྱུར། །སྐལ་བཟང་བུ་བཅས་བུད་མེད་དེ། །རྔུལ་ཆུ་སྤུ་ནི་ཉུང་བ་དང་། །གཉིད་དང་ཟས་ནི་ཆུང་བ་དང་། །མིག་དང་ལུས་ལ་སྤུ་མེད་ན། །
བུད་མེད་རྣམས་ཀྱི་མཚན་ཉིད་མཆོག །གཉིས་པོའི་མཚན་ཉིད་ཡང་དག་ལ། །གཞོན་ནུ་མ་དང་སྐྱེས་བུ་ཡང་། །དགེ་བ་དང་ནི་མི་དགེའི་ལས། །དེ་བཞིན་དུ་ནི་བྱེད་པར་འགྱུར། །ཞེས་པ་ནི་བུད་མེད་ཀྱི་མཚན་ཉིད་མི་སྦྱིན་གྱི་གསུངས་ལས། མིའི་མཚན་ཉིད་བརྟག་པ་
རྒྱ་མཚོ་ཞེས་བྱ་བ་རྫོགས་སོ།། །།སྡེ་སྣོད་འཛིན་པ་ཆེན་པོ་བྷོ་ཊ་པཎྜི་ཏའི་གསུང་གིས་བསྐུལ་ནས་པཎྜི་ཏ་ངྷརྨ་བྷ་རིའི་ཞལ་སྔ་ནས། ཡར་ལུངས་པ་གྲགས་པ་རྒྱལ་མཚན་གྱིས་དཔལ་ས་སྐྱའི་གཙུག་ལག་ཁང་ཆེན་པོར་བསྒྱུར་པའོ།། ༄། །སློབ་དཔོན་པདྨ་དགེ་བསྙེན་གྱིས་

འཇིག་རྟེན་དབང་ཕྱུགས་གྲུབ་པ་ཐོབ་པའི་ལོ་རྒྱུས་བཞུགས།། ༄༅༅། །ན་མོ་ལོ་ཀི་ཤྭ་རཱ་ཡ། སྔོན་རྒྱ་གར་ལྷོ་ཕྱོགས་ན་བསྟན་པ་དར་བའི་ཚེ་གཙུག་ལག་ཁང་ཆེན་པོ་གཅིག་ན་པཎྜི་ཏ་ཏིང་ངེ་འཛིན་ལ་བརྟན་པ་ཐོབ་པ་ཅིག་སྔ་དྲོ་རང་གི་བྲང་ཁང་སྒོ་བསྡམས་ཏེ་ཏིང་ངེ་འཛིན་ལ་བཞུགས་ནས།
པོ་ཊ་ལ་ཀེའི་རི་ལ་ཐུགས་རྗེ་ཆེན་པོ་ལ་ཉི་མ་རེ་རེ་ཞིང་ཆོས་གསན་དུ་གཤེགས་སྐད། དེ་ལ་གཡོག་དགེ་བསྟེན་གཅིག་ཡོད་པ་ན་རེ། སློབ་དཔོན་ཉིན་རེ་ཞིང་སྒོ་བསྡམས་ནས་ཐུགས་དམ་མཛད་པ་དེ་ཅི་ལགས་ཞེས་ཞུས་པས། དེ་ཁྱོད་ལ་དོན་ཅི་ཡོད་ཅེས་གསུང་ངོ་། །དེས་བདག་ལ་ཡང་
ཆོས་དེ་ཞུས་ནས་སློབ་དཔོན་བཞིན་དགེ་སྦྱོར་བགྱིད་ཅེས་བྱས་པས། །པཎྜི་ཏའི་ཞལ་ན་རེ་ཁྱོད་ཀྱིས་མི་འོང་སྟེ། དགེ་སྦྱོར་གཞན་མི་བྱེད་དང་ལ་པོ་ཊ་ལར་ཐུགས་རྗེ་ཆེན་པོ་ལས་ཆོས་ཉན་དུ་འགྲོ་བའི་ཡིན་གསུང་ངོ་། །དགེ་བསྙེན་གྱིས་བདག་ཀྱང་དེ་བཞིན་དུ་ཞུ་ཞེས་བྱས་པས། ཇོ་བོ་ལ་ཞུ་དགོས་
གསུངས་ཏེ། །ནང་པར་ཆོས་ཐོན་རྗེས་ལ་བཅོམ་ལྡན་འདས་ལ་ཕྱག་དང་བསྐོར་བ་བྱས་ནས་ཞུས་པས། །བཅོམ་ལྡན་འདས་ཀྱི་ཞལ་ནས། ལས་ངན་ཚན་པོ་ཆེ་བྱས་པས་དམྱལ་བར་མྱུར་དུ་སྐྱེ་བ་དེ་དང་མཇལ་བའི་སྐལ་བ་མེད་པས་དེ་སྐད་མ་ཟེར་ཅིག་ཅེས་གསུང་ངོ་། །དེའི་ཚུལ་ཞུས་
པས་ཁྱེད་རང་གི་གཙུག་ལག་ཁང་དེ་ན་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཡུལ་བརྒྱད་སྟོང་པ་དངུལ་གྱི་གླེགས་བམ་ལ་གསེར་གྱིས་བྲིས་པའི་ཤོག་བུ་གཉིས་བརྐུས་ཏེ་གཟུགས་འཚོང་ལ་བྱིན་གསུང་ངོ་། །དེ་པཎྜིཏ་དེ་ལྟ་བུར་རང་གི་ལས་ངན་ཡང་མི་ཤེས་པའི་སེམས་ཅན་གྱིས་བཅོམ་
ལྡན་འདས་ལ་གསོལ་བ་འདེབས་སུ་འཛུད་པ་སྙམ་དུ་སྡུག་བསྔལ་ནས་དེར་ལོག་སྟེ་སྒོ་ཕྱིར་བྱོན་པ་དང་། །དགེ་བསྙེན་གྱིས་སློབ་དཔོན་ལ་ཕྱག་ཕུལ་ནས་ཞུས་པས། ཁྱོད་དམྱལ་བར་སྐྱེ་བ་དེ་ལྟ་བུའི་ལས་བྱས་པས་མི་ཤེས་པར་ཞུར་བཅུག་ངན་པ་ཡིན་ཞེས་གསུང་ངོ་། །བདག་གིས་ཅི་
བགྱིས་ཞེས་སྨྲས་པ་སྔར་གྱི་གཏམ་བསྙེན་པ་དང་། དེ་ངོ་ཚ་བ་དང་རྣམ་སྨིན་དམྱལ་བར་སྐྱེ་བས་སྐྲག་ནས་མང་པོ་དུས་སོ། །དེ་ནས་ཡང་སློབ་དཔོན་ལ་ཕྱག་ཕུལ་ཏེ་བདག་ལས་ངན་པ་འདི་ལས་ཐར་པའི་ཐབས་ཀྱིས་རྗེས་སུ་གཟུང་དུ་གསོལ་ཞེས་ཞུས་པས། དེ་ཁྱོད་ཀྱིས་ནུས་ན་ནི་ངས་

མི་ཤེས་པས་བཅོམ་ལྡན་འདས་ལ་ཞུ་དགོས་ཞེས་གསུངས་ཏེ། ནང་པར་ཆོས་ཐོན་པའི་རྗེས་ལ་ཕྱག་དང་བསྐོར་བ་བྱས་ནས་བདག་གིས་སྡིག་དེ་ལས་ཐར་བའི་ཐབས་བདོག་ན་ཐུགས་རྗེས་གཟུང་བར་ཞུ་ཞེས་གསོལ་བས། ཐབས་གཞན་མེད་མ་ཤི་བ་ལ་ངའི་ཡི་གེ་དྲུག་པ་འདི་སྒོམ་
བཟླས་རྒྱུན་མི་ཆད་པར་བྱས་ན་ཐབས་ཀྱི་མཆོག་གོ་ཞེས་གསུང་ངོ་། །པཎྜི་ཏས་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ་ཕྱིར་བྱོན་ནས་ཁྱོད་བྱ་བ་གཞན་ཐམས་ཅད་བཏང་སྟེ། བཅོམ་ལྡན་འདས་ཡི་གེ་དྲུག་པའི་སྒོམ་བཟླས་ཀྱིས་དུས་འདའ་བར་བྱས་ན་ཕན་ཡོན་ཆེན་པོ་འབྱུང་ཞེས་འཕགས་པ་གསུང་ངོ་ཞེས་སྨྲས་
པས། དེར་དགེ་བསྙེན་གྱིས་སློབ་དཔོན་ལ་གདམས་ངག་རྫོགས་པར་ཞུས་ཏེ། དེ་སྡིག་པའི་འབྲས་བུ་ལ་ཤིན་ཏུ་འཇིགས་སྐྲག་པས་ལྷོ་ཕྱོགས་དཔལ་གྱི་རིའི་ནགས་གསེབ་ཤིན་ཏུ་དབེན་པར་ཕྱིན་ཏེ། ཤིང་མ་ལའི་སྡོང་པོའི་ལོགས་ལ་བུག་པ་ཁོང་སྟོང་ཡོད་པའི་ནང་དུ་བསྡད་དེ་ཤིང་དེའི་པགས་
པ་ཟ་ཞིང་ལོ་བཅུ་གཉིས་གཞན་ཅི་ཡང་ཡིད་ལ་མི་བྱེད་པས་དེར་སྒྲུབ་པ་བྱས་སོ། །ནམ་ཞིག་ཕྱིར་སྒོམ་བཟླས་བྱེད་པའི་ཚེ་བྱ་རོག་ཅིག་གིས་ཡུལ་གཞན་ནས་འབྲས་ཟན་དུམ་བུ་ཁྱེར་ཏེ་སྡོང་པོ་དེའི་ཡལ་གའི་སྟེང་དུ་བཟའ་བར་བརྩམས་པ་དང་ཁ་ནས་ཤོར་ཏེ་ལྷུང་བ་དེ་དང་པོའི་ཟས་སུ་དྲན་ཏེ་ཟོས་པས་དེ་
ལ་སྲེད་པ་ཆེན་པོ་སྐྱེས་ཏེ་གྱོ་མོའི་དུམ་བུ་ཁྱེར་ནས། མཐར་གྱིས་འགྲོ་བའི་ཁྱིམ་ཀུན་གྱི་སྒོར་ཕྱིན་ནས་བླངས་པས་འབྲས་ཟན་ལ་སོགས་པ་ཁྱེར་ནས་ཕྱིན་ཀྱང་ཅི་ཡང་མ་མཐོང་སྟེ། ཐམས་ཅད་ཀྱང་དེ་བཞིན་ནང་དུ་ལོག་པས། དེའི་བསམ་པ་ལ་འདི་ནི་ངེས་པར་ང་རང་གི་ལས་ངན་ལེན་ཏེ། དེ་དང་ལས་
ངན་མ་ཟད་སྙམ་པའི་ཁྲོ་བ་དང་བཅས་པས་གྱོ་མོ་ས་ལ་བརྡབས་ནས་ཡང་སྡོང་པོའི་སར་ལོག་གོ། །དེའི་ཚེ་གྱོ་མོ་ཆག་པའི་དུམ་བུ་ཅིག་སའི་གཏིང་དུ་སོང་དེ་ཀླུ་ནོར་རྒྱས་ཀྱི་མདུན་དུ་བྱུང་བ་དང་ས་གཡོ་བ་ལ་སོགས་པའི་ལྟས་བྱུང་བ་དང་། །ཀླུའི་རྒྱལ་པོས་འདི་གཉིས་ཀྱི་རྒྱུ་ཅི་ཡིན་སྙམ་དུ་མངོན་
ཤེས་ཀྱིས་བལྟས་པས་དེ་ལས་བྱུང་བར་ཤེས་ཏེ། དེས་བཟའ་བཏུང་ཕུན་སུམ་ཚོགས་པ་ཁྱེར་ནས་དེའི་དྲུང་དུ་ཕྱིན་ཏེ་དྲངས་པས། འདི་མི་འདོད་དེ་ང་ལས་ངན་པ་བསགས་པའི་གང་ཟག་ཡིན། དེ་རིང་འདི་ཟན་ནང་པར་ཅི་བཞེས་གསུངས་ནས་མ་བཞེད། ཀླུ་རྒྱལ་གྱིས་ནང་བར་ནས་ཀྱང་བདག་

གིས་ཉི་མ་རེ་རེ་ཞིང་འདྲེན་བས་ཅིས་ཀྱང་གསོལ་བར་ཞུ་ཞུས་པས། དེར་ཟོས་ཏེ་ཀླུའི་རྒྱལ་པོ་ཡང་དགའ་བཞིན་དུ་ལོག་སྟེ། ནང་པར་ནས་ཉི་མ་རེ་རེ་ཞིང་བཟའ་བཏུང་མང་པོ་བུ་མོ་ལ་བསྐུར་ཏེ་གཉིས་ཀ་ཡང་སློབ་དཔོན་ཀྱི་དྲུང་དུ་འོང་ངོ་། །དེ་ནས་ཀླུའི་བུ་མོ་དེ་སློམ་དཔོན་ལ་ཆགས་ཏེ་ཕ་
ལ་སྨྲས་པ། །ཡབ་གཅིག་བདག་སློབ་དཔོན་གྱི་ཇོ་མོ་བྱེད་པས་ཕུལ་ཅིག་ཅེས་སྨྲས་ཏེ་ཀླུའི་རྒྱལ་པོས་སློབ་དཔོན་ལ་འབུལ་ལགས་ཀྱིས་ཞེས་གསོལ་བ་བཏབ་པས་མ་གནང་ངོ་། །དེའི་ཚེ་ཀླུའི་རྒྱལ་པོས་གསོལ་བ་ཆེར་བཏབ་པ་དང་། ད་སློབ་དཔོན་གྱིས་འདི་མི་འགྲུབ་སྙམ་སྟེ་འོ་ན་ངའི་ཕ་
ཐུགས་རྗེ་ཆེན་པོ་དང་། མ་རྗེ་བཙུན་སྒྲོལ་མ་ཡིན་ཏེ། བུ་མོ་འདི་ལ་ཕས་ཁྲུས་དང་། མས་བཀྲ་ཤིས་གསོལ་ན་བྱ། དེ་མ་གྲུབ་ན་ང་དེ་ལྟ་བུའི་བྱ་བ་མི་བྱེད་དོ་གསུངས་པས་ཀླུའི་རྒྱལ་པོས་པོ་ཊ་ལར་ཕྱིན་ནས་གཉིས་པོ་ལ་ཕྱག་བྱས་ཏེ། དེ་ལྟ་བུ་ཁྱེད་ཀྱི་སྲས་པོ་ལ་རུང་ན་བདག་གི་བུ་མོ་ལ་
ཐུགས་རྗེས་གཟིགས་པར་ཞུས་བས། རུང་ཞེས་གསུངས་ནས་མྱུར་བར་གསུམ་ཀས་བྱོན་ཏེ། འཕགས་པས་སྐུ་ཁྲུས་དང་། འཕགས་མས་ཨཥྚ་མངྒ་ལ་ཞེས་བྱ་བའི་བཀྲ་ཤིས་གསོལ་ནས་བཙུན་མོར་བཞེས་སོ། །དེ་འཇིག་རྟེན་དུ་ཀ་མ་ལ་གོ་མི་ཞེས་པའི་གྲུབ་ཐོབ་ཆེན་པོར་གྲགས་སོ། །
དེས་ན་དམ་པ་རྣམས་ཀྱིས་ལོ་རྒྱུས་འདི་ཡིད་ཆེས་པར་བྱས་ནས། ཡི་གེ་དྲུག་པའི་སྒོམ་བཟླས་ལ་བརྩོན་པར་བྱས་ན་ངེས་པར་འགྲུབ་གསུང་ངོ་། །སློབ་དཔོན་པདྨ་དགེ་བསྙེན་གྱིས་འཇིག་རྟེན་དབང་ཕྱུག་ལས་གྲུབ་པ་ཐོབ་པའོ་ལོ་རྒྱུས་སོ། །པཎྜི་ཏ་བི་མ་ལ་ཤྲཱི་མི་ཏྲ་དང་། ལོ་ཙཱ་བ་ལྡན་མ་ཚུལ་ཁྲིམས་སེང་གེས་
བསྒྱུར་བའོ།། ༄༅༅། །ཏཱ་རཱའི་སྔོན་གཙུག་ལག་ཁང་ཞིག་ན་སློབ་དཔོན་ཟླ་གྲགས་དང་ཙནྡྲ་གོ་མི་གཉིས་ཅུང་ཟད་འགྲན་སྐད། སློབ་དཔོན་ཟླ་གྲགས་སྐུ་འཆག་པའི་ཚེ་རྒན་མོ་ཅིག་གིས་བུ་མོ་བག་མར་གཏོང་བའི་ནོར་བླངས་པས་ང་ལ་མེད་ཕ་གི་ལ་སློངས་ཞེས་སློབ་དཔོན་ཙནྡྲ་གོ་མི་ལ་ཁ་བསྟན་ནོ། །དེར་
བསླངས་པས་སློབ་དཔོན་ལན་བཟང་ལབ་ཅིག་དང་། །པོ་ཏི་ཅིག་མེད་པ་ཅི་ཡང་མེད་བས་མ་དགྱེས་ནས་བཤུམ་སྐད། དེ་ནས་སློབ་དཔོན་གྱིས་རྩིག་པའི་ལོ་གསལ་སྒྲོལ་མ་རྒྱན་དང་བཅས་པ་ཅིག་བྲིས་ནས་མ་ཧཱ་ཏཱ་ར་ཤྲཱི་བུ་ཏ་ཞེས་པ་སྒྲོལ་མ་དཔལ་ཆེན་མོ་ལ་བསྟོད་པ་ཞེས་པ་ཚིགས་སུ་བཅད་པ་བཞི་བཅུ་བ་ཅིག་མཛད་པས་

ཞབས་གྱི་གདུ་བུའི་ནོར་བུ་རིན་པོ་ཆེ་བརྒྱ་སྟོང་རི་བ་ཅིག་བོག་ནས་བྱུང་བ་དེ་བྱིན་ནས་ཚིམ་པར་མཛད་སྐད་དོ། །ཙནྡྲ་གོ་མོའི་གཏམ་རྒྱུད་བིན་ཡ་ཤྲཱིས་བསྒྱུར་བའོ།། ༄༅༅། །ན་མོ་ལོ་ཀི་ཤྭ་རཱ་ཡ། བི་ཁྱཱ་ཏ་དེ་བས་ཐུགས་རྗེ་ཆེན་པོའི་གྲུབ་པ་ཐོབ་པའི་གཏམ་རྒྱུད་ནི། དེ་རྒྱ་གར་ཤར་ཕྱོགས་སུ་འཁྲུངས་
ཏེ་བི་ཀྲ་མར་རབ་ཏུ་བྱུང་རིག་པའི་གནས་ལ་མཁས་པར་གྱུར་ཏོ། །འོད་ཀྱང་སྲེད་པ་ཆེ་བའི་སྐྱོན་གྱིས་དེར་མ་བཞུགས་པར་རྡོ་རྗེ་གདན་དུ་ཇོ་མོ་གཅིག་དང་ལྷན་ཅིག་འཁོར་ཁ་ཅིག་ལ་ཆོས་སྟོན་གྱིན་བཞུགས་སོ། །ནུབ་ཅིག་གི་རྨི་ལམ་ན་ཐུབ་པ་ཆེན་པོའི་ཞལ་ནས་ཁྱོད་ད་ལོ་གསུམ་ན་ནད་དྲག་ལ་ཡུན་རིང་བས་ཤི་
ནས་ལས་ངན་པས་དམྱལ་བར་སྐྱེ་བས། ད་བཤད་བས་མི་ཕན་གྱི། ཡི་གེ་དྲུག་པའི་སྒོམ་བཟླས་གྱིས་ཤིག་ཅེས་གསུངས་སོ། །སད་པ་དང་ཤིན་ཏུ་སྐྲག་སྟེ་འཁོར་རྣམས་ལ་སྨྲས་ནས་ཇོ་མོས་གཡོག་བྱས་འཁོར་རྣམས་ཀྱིས་འཚོ་བ་སྦྱར་ནས་སྒྲུབ་པ་མཛད། དེ་ནས་ལོ་དུས་སུ་ནད་དེ་འདྲ་བས་གྲོངས་ཏེ། འཁོར་རྣམས་
ཀྱིས་དུར་ཁྲོད་དུ་མེའི་གསེབ་ཏུ་གཞུག་སྟེ་མེ་མཐའ་ནས་སྦར་བ་དང་། ཤིང་གི་སྟེང་དུ་འཐོན་བྱུང་ངོ་། །རོ་ལངས་བྱུང་སྙམ་སྟེ་བྲོས་པ་དང་། མ་འབྲོས་པའི་བརྡ་བྱས་བས་འཁོར་རྒན་པོ་ཕོ་ཚོད་ཅན་ཅིག་གིས་ཉི་མ་རིང་བསྡད་པས་མ་གྲོངས་པར་ཤེས་ནས། དེར་ཐམས་ཅད་ཀྱིས་ཅི་ལགས་ཞུས་པས། ངས་བཤད་
མི་ནུས་ཞོད་