Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 203
Văn bản gốc(Tây Tạng)
Trang 8 / 18 (50.000 ký tự/trang)
ི་གཡོ། །སྐིགས་བུ་རྒྱུན་འབྱུང་དབུགས་མཐར་ཐུག་པས་སླེབས། །མུན་པར་གཡང་ས་ཆེར་ཁྲིང་ལྟར་གྱུར་ན། །དེ་ཚེ་བུ་དང་ཆུང་མ་གཉེན་ཅིར་འོང་། །སྙིང་རྗེས་གདུངས་པའི་ཡིད་དང་དབང་པོ་དུལ་ཞིང་སེམས་ནི་ཆོག་ཤེས་དག་ལ་དགའ་བ་ དང་། །ཆགས་བྲལ་མངོན་དགའི་སེམས་དང་ཤིང་དྲུང་དག་ན་ལྷུང་པའི་འབྲས་བུས་བཟའ་བའི་བྱ་བ་བྱེད། །ལུས་རིང་ཤིང་ཤུན་གྱོན་ཞིང་རྒྱལ་བ་ཞེས་ནི་སྙན་པ་ལྟ་བུར་སྒྲ་སྒྲོགས་ལ། །བཱ་རཱ་ཎ་སཱིར་གཤིན་རྗེའི་དབང་གྱུར་བཅོམ་པའི་ལུས་ཆིག་འདི་ནི་ནམ་ཞིག་སྤོང་བར་འགྱུར། །བསྟན་བཅོས་ འཛིན་པས་ཐར་བ་ཡིན། །ལུས་དུབ་པས་ཀྱང་མ་ཡིན་ཏེ། །ཤེས་རབ་ཀྱིས་ནི་སེམས་བཏུབ་ན། །ཐར་བ་ཐག་ཉེ་འདི་ན་ཡོད། །ཉེས་པའི་སྐྱོན་ནི་བྲེག་པར་གྱིས། །མགོ་བོ་བྲེགས་པས་ཅི་ཞིག་བྱ། །གང་ཞིག་ཡིད་ཀྱི་གོས་མེད་ན། །རས་ཀྱི་ཆོས་གོས་ཅི་ལ་ཕན། །སེམས་ཅན་རྣམས་ལ་གང་གི་ཚེམས། ། སྙིང་རྗེས་བརླན་པར་གྱུར་པ་དག །ཐར་དང་ཡེ་ཤེས་དེ་ཡིན་གྱི། །ཐལ་བ་རལ་བ་ཆོས་གོས་མིན། །གང་ཞིག་ལང་ཚོ་ལ་ཞི་བ། །དེ་ནི་ཞི་བར་བདག་གིས་ཤེས། །ཁམས་རྣམས་ཡོངས་སུ་ཟད་པ་ན། །ཅི་ཡི་ཕྱིར་ན་ཞི་མི་འགྱུར། །མཛའ་བཤེས་ཉེ་དུ་དུར་ཁྲོད་དུ། །དུ་བ་འཐུལ་ནས་ ལྡོག་པར་བྱེད། །གང་ཞིག་རང་དང་ལྷན་ཅིག་འགྲོགས། །ལས་ཏེ་ངེས་ན་དགེ་བ་སྤྱད། །གང་ཞིག་རབ་ཏུ་ཉོན་མོངས་དང་། །ཆོས་དང་འགལ་བར་བྱེད་པ་དང་། །དགྲ་ལ་འདུད་པའི་ནོར་རྣམས་ནི། །གང་གི་ནོར་དུ་རུང་མ་ཡིན། །དམ་པ་ལེགས་སྤྱོད་ལ་སྲེད་ཤིན་ཏུ་བསྡམས་གྱུར་ཏེ། །ཀུན་ དུའང་སྐྱེ་བོས་སྨོད་འཇིགས་རྟག་ཏུ་སྡུག་བསྔལ་གནས། །གང་ཞིག་འཛོམ་མེད་ལོངས་སྤྱོད་ངག་གི་རྩ་རྩོལ་བ། །རིགས་དང་མི་རིགས་དཔྱོད་མེད་ཐམ་ལ་སྐྱེ་བོ་སྐྱེད། །རིགས་དང་མི་རིགས་དཔྱོད་པའི་བློ་མེད་ཅིང་། །ཐོས་དང་སྡོམ་པ་མང་པོ་རྣམ་སྤངས་ནས། །ལྟོ་བ་འགེངས་པ་ཙམ་ཞིག་ འབའ་ཞིག་འདོད། །སྐྱེས་བུ་ཕྱུགས་དང་ཕྱུག་མ་ལ་ཁྱད་ཅི་ཡོད། །མཐོང་དང་མ་མཐོང་ཡོན་ཏན་གྱི། །འབྱུང་གནས་ཆེན་པོ་རེགས་པ་ཡིན། །དེས་ན་དེ་བས་དོན་གཉེར་བས། །ཤེས་རབ་ཡོངས་སུ་གཟུང་བར་བྱ། །བརྒྱ་ཡི་ནང་ནས་དཔའ་བོ་སྐྱེ། །སྟོང་གི་ནང་ནས་མཁས་པ་འབྱུང་། །བརྒྱ་ སྟོང་ལས་ནི་མཛངས་པ་སྟེ། །སྟོང་པ་སྐྱེའམ་མི་སྐྱེའང་སྲིད། །མཁས་པས་རིག་པ་རྣམ་ཀུན་དུ། །ན་ཚོད་ཡོལ་ཡང་བསླབ་པར་བྱ། །གལ་ཏེ་འདིར་འདྲས་མི་སྟེར་ཡང་། །སྐྱེ་བ་གཞན་དུ་རྙེད་པ་སླ། །སྐྲ་དཀར་གཉེར་མ་ལྷགས་དུས་སུའང་། །ཐོག་པ་བསགས་པར་བྱ་བ་སྟེ། །གང་དུ་ཐོས་མང་ འགྲོ་འགྱུར་བ། །དེར་ནི་ཕུང་པོ་འགྲོ་མི་འགྱུར། །རྒྱལ་པོ་དང་ནི་ཡོན་ཏན་ལྡན། །དེ་གཉིས་འདྲ་བ་མ་ཡིན་ཏེ། །རྒྱལ་པོ་རང་གི་ཡུལ་ན་བཀུར། །ཡོན་ཏན་ལྡན་པ་ཀུན་དུ་བཀུར། །ཡོན་ཏན་ལྡན་པ་སྐྱོན་ཡོད་ཀྱང་། །ཡོན་ཏན་དགའ་རྣམས་སྐྱོ་མི་བྱེད། །ཟླ་བ་རྙོག་པ་ཡོད་གྱུར་ཀྱང་། ། བརྟན་རྣམས་དགའ་བས་ལྟ་བར་བྱེད། །ཡོན་ཏན་དང་འདྲ་ལུས་ཀྱི་རྒྱན་གཞན་མེད། །སེམས་ལས་དང་འདྲ་ལུས་ཀྱི་སྡུག་བསྔལ་མེད། །བཟོད་པ་དང་འདྲ་ལུས་ཀྱི་སྲུང་མ་མེད། །གཏོར་བ་དང་མཉམ་གཉེན་ནི་གདན་མེད། །དམ་པ་རིང་ན་གནས་གྱུར་ཀྱང་། །ཡོན་ཏན་ཕོ་ཉ་ཉིད་ བྱེད་དེ། །ཀེ་ཏ་ཀ་ཡི་དྲི་བསྣམས་ནས། །བུང་བ་རང་ཉིད་འོང་བར་འགྱུར། །ཡོན་ཏན་དག་ལ་འབད་བྱ་ཡི། །འགྱིང་ཚུལ་དགོས་པ་ཅི་ཞིག་ཡོད། །བ་ནི་འོ་མ་མེད་པ་ལ། །དྲིལ་བུ་བཏགས་ཀྱང་ཉོ་མི་འགྱུར། །དུས་ནི་ཡུན་ཐུང་རིག་པའི་རྣམ་པ་མང་། །ཚེ་ཡི་ཚད་ཀྱང་ཇི་ཙམ་མི་ ཤེས་པས། །ངང་པས་ཆུ་ནང་ནས་ནི་འོ་མ་བཞིན། །གང་ཞིག་གཅེས་པ་དེ་ནི་བསྟེན་པར་བྱ། །སྐར་མ་ཆེན་པོ་མང་དུ་ཤར་གྱུར་ཅིང་། །ས་ཡི་རྒྱན་གྱུར་ཟླ་བ་ཤར་ན་ཡང་། །གང་དུ་ཉི་མ་ནུབ་ན་མཚན་མོར་འགྱུར། །ཉི་མ་མ་གཏོགས་ཤར་ནུབ་མིང་མི་འདོགས། །གང་ཞིག་ཤར་བར་ གྱུར་ན་ནི། །མུན་པ་མེད་ཅིང་གཟི་ཅན་བྱེད། །ཉི་མ་ཤར་བ་མཆོག་ཡིན་གྱི། །གཞན་རྣམས་ཤར་བས་ཅི་ཞིག་བྱ། །སྐྱེས་བུ་བྱ་བ་གང་ཡིན་གཅིག་བྱས་མཐར་ཕྱིན་པས། །སེམས་འཕགས་འགྱུར་ཏེ་མང་པོ་ཅི་ལ་དགོས། །ཟླ་བ་རྒྱས་པས་ས་སྟེངས་གསལ་བ་བཞིན། །སྐར་མ་མང་ པོའི་ཚོགས་ཀྱིས་ནུས་མ་ཡིན། །ཡོན་ཏན་སྐྱེས་པ་རང་ཁར་ལས། །རྫས་ནི་བསོན་ནམས་ཁར་ལས་པས། །སྐྱེས་བུ་ལ་ནི་ཅི་ཕྱིར་སྨྲ། །ཡོན་ཏན་འབད་པས་བསྒྲུབ་བྱ་ཡིན། །འབད་པའང་བདག་ཉིད་ལ་གནས་ན། །གཞན་དག་ཡོན་ཏན་ལྡན་ཞེས་ཏེ། །དེ་ལྟར་གསོན་པ་སུ་ཡིས་ བཟོད། །བསྟན་བཅོས་དོན་ནི་ཤེས་པའི་མི། །འདི་ན་ཞ་བོ་རྣམས་ལའང་མང་། །རལ་གྲིའི་རྩ་མོ་རྣོན་པོ་ཡིས། །དགྲ་ལས་རྒྱལ་བྱེད་དེ་རྙེད་དཀའ། །ཕྱུག་པོ་ཀླ་ཀློ་རྣམས་ལའང་ཡོད། །དཔའ་བོ་དུད་འགྲོ་རྣམས་ལའང་མང་། །སྣ་ཚོགས་དོན་གྱི་གཏམ་སྨྲ་བའི། །དམ་པ་དག་ནི་ ཀུན་དུ་དཀོན། །རི་བོ་ཀུན་ལ་ཙནྡན་མེད། །གླང་པོ་ཀུན་ལ་མུ་ཏིག་མེད། །ཡང་དག་དོན་གྱི་གཏམ་སྨྲ་པའི། །མཁས་པའང་ཀུན་ན་ཡོད་མ་མིན། །ཡོན་ཏན་ཤེས་ལ་དེ་ཉིད་ཡོན་ཏན་འགྱུར། །ཡོན་ཏན་མེད་ན་དེ་ཉིད་སྐྱོན་དུ་འགྱུར། །ཆུ་བོའི་ཆུ་ནི་ཤིན་ཏུ་སྐྱོན་མེད་པའང་། །རྒྱ་མཚོར་ཕྱིན་ན་བཏུང་དུ་མི་རུང་འགྱུར། ། ཡོན་ཏན་ལྡན་པ་ཡོན་ཏན་ལ་དགའ་ཡི། །ཡོན་ཏན་མེད་པ་ཡོན་ཏན་གྱིས་མི་མགུ། །བུང་བ་ནགས་ནས་པདྨར་འོང་འགྱུར་གྱི། །སྦལ་པ་ལྷན་ཅིག་གནས་ཀྱང་དེ་ལྟ་མིན། །མཁས་པ་རྣམས་ཀྱི་གྲགས་པ་ནི། །མཁས་པ་ཉིད་ཀྱི་ནང་དུ་འཕེལ། །རིན་ཆེན་ཤེལ་ལ་རིན་ཆེན་དང་། །གཡུལ་ངོ་དག་ ཏུ་དཔའ་བོ་བཞིན། །ངང་པ་ཁྲ་ཡི་ཚོགས་ནང་མཛེས་མ་ཡིན། །ཅང་ཤེས་བོང་བུའི་ཚོགས་ནང་མཛེས་མ་ཡིན། །སེང་གེ་ཝ་ཡི་ཚོགས་ནང་མཛེས་མ་ཡིན། །མཁས་པ་བླུན་པོའི་ཚོགས་ནང་མཛེས་མ་ཡིན། །གང་ཞིག་ཆེན་པོས་སྤྱི་བོས་བཀུར། །དེ་ཉིད་དམན་པས་རྩྭ་སྙམ་སེམས། །མཁས་ པས་ཕྱག་བྱས་མཆོད་རྟེན་ནི། །ཁྭ་དག་སྟན་དུ་བྱེད་པ་ཡིན། །བདག་ལ་གྲངས་མེད་ཡོད་གྱུར་ཀྱང་། །གཞན་ལ་ཉུང་ཟད་ཡོད་པ་ཡི། །ཡོན་ཏན་མེད་ལ་དམ་པ་དགའ། །སྤྱོད་པ་འདི་ནི་ངོ་མཚར་ཆེ། །ཐམས་ཅད་མཁྱེན་པའི་ཡོན་ཏན་ནི། །ཐམས་ཅད་མཁྱེན་པ་ཉིད་ཀྱིས་མཁྱེན། །ས་གཞི་ཡི་ནི་ ལྕི་བའི་ཚད། །མཐའ་ཡས་ཉིད་ཀྱིས་ཤེས་པ་ཡིན། །གཞན་གྱིས་གཞན་དག་བསྒྲགས་ན་ནི། །མེད་པའང་ཡོན་ཏན་ཅན་དུ་འགྱུར། །ཡོན་ཏན་རང་ཉིད་སྒྲོགས་པ་ནི། །བརྒྱ་བྱིན་ཡིན་ཡང་མི་བཙུན་འགྱུར། །གང་དུ་ཡོན་ཏན་ལྡན་མི་མཆོད། །མཁས་པ་དེ་རུ་ཅི་ཕྱིར་འགྲོ། །གོས་མེད་ གཅེར་བུའི་གྲོང་ཁྱེར་དུ། །ཁྲུས་མཁན་གྱིས་ནི་ཅི་ཞིག་བྱ། །ཀྱེ་མ་འཇིག་རྟེན་གླེན་པ་འདི། །རང་རྒྱུད་གྲུབ་པ་ཡོད་མིན་ཏེ། །གཞན་གྱིས་བྱས་པའི་རྗེ་འབྲང་བས། །ཟངས་མའི་སྣོད་ནི་སྟོར་ནས་མེད། །བཞད་གད་མཁན་དང་མཁས་པ་གཉིས། །བླུན་ལ་བཞད་གད་བྱེད་པ་མཆོག །བཞད་གད་ མཁན་གྱིས་ནོར་རྙེད་ཀྱིས། །མཁས་ལ་ནོར་མེད་སྟོང་པར་འགྲོ། །སྣ་ཚོགས་དོན་ལྡན་གཏམ་རྒྱུད་ཀྱིས། །མཁས་པ་དུས་ནི་འདའ་བར་བྱེད། །དབུལ་བོ་ཆོས་ཀྱིས་ཕོངས་གྱུར་བས། །གཉིད་ལོག་ན་ཡང་འཐབ་བར་བྱེད། །གང་ཞིག་མང་པོ་ཚོགས་པར་གྱུར་པ་ལས། །སྐྱེ་བོ་དམ་པའི་ཡོན་ཏན་ སྟེན་མི་བྱེད། །དེ་ནི་རང་གི་མ་ཡི་སྡུག་བསྔལ་གྱིས། །བསྐྱེད་དེ་སྐྱེས་པར་གྱུར་ཀྱང་ཅི་ཞིག་ཕན། །མཁས་པའི་ཚུལ་ནི་རིགས་པ་ཡིན། །ཁུ་བྱུག་ཚུལ་ནི་སྒྲ་སྙན་ཡིན། །དཀའ་ཐུབ་ཚུལ་ནི་བཟོད་པ་ཡིན། །བུད་མེད་ཚུལ་ནི་ཉོན་མོངས་ཡིན། །སྐར་རྩིས་དེ་བཞིན་གྲུབ་མཐའ་དང་། །མཁའ་ལྡིང་ སྔགས་དང་སྔགས་སྨྲ་བ། །དོན་གྱི་དེ་ཉིད་གཟུང་བྱ་ཡི། །སྒྲ་ལ་དཔྱད་པར་མི་བྱའོ། །གླེགས་བམ་ལ་བཞག་རིག་པ་དང་། །གཞན་ལ་ཚོལ་བའི་ནོར་དག་ནི། །དགོས་པའི་དུས་ལ་བབ་པ་ན། །དེ་ནི་ནོར་མིན་རིག་པ་མིན། །བཟོ་སློབ་པ་ཡི་ཡོན་ཏན་ཀུན། །ཡོན་ཏན་འཚོ་བའི་རྒྱུ་ཙམ་ ཡིན། །འཁོར་བ་གཅོད་པའི་བློ་གྲོས་གང་། །ཅི་ཡི་ཕྱིར་ན་དེ་མི་བྱིན། །མི་ནི་སུ་ལའང་མ་བརྟགས་པར། །གདམས་ངག་སྦྱིན་པར་མི་བྱ་སྟེ། །སྤྲེའུ་ཙམ་གྱི་གནས་བཅས་དང་། །གནས་མེད་པར་ནི་བྱས་ལ་ལྟོས། །ཁ་ཅིག་སྨྲ་བ་ལྷུར་ལེན་ཏེ། །ཁ་ཅིག་མི་སྨྲ་དོན་ཡང་བསྒྲུབ། །འདམ་ བུ་མེ་ཏོག་འབྲས་བུ་མེད། །སྟར་ཀ་འབྲས་བུ་མེ་ཏོག་ལྡན། །ཀེ་ཏ་ཀ་ཡི་འབྲས་བུ་ནི། །ཆུ་རྣམས་དང་བར་བྱེད་མོད་ཀྱི། །དེ་ཡི་མིང་ཙམ་སྨོས་པ་ཡིས། །ཆུ་རྡུལ་དང་བར་མི་བྱེད་དོ། །གཞུང་ལུགས་དག་ལ་བྱང་བྱས་ཀྱང་། །ཉམས་སུ་ལེན་པའི་པར་མི་བྱེད་ན། །ལག་ན་སྒྲོན་མ་ ཡོད་ཀྱང་ནི། །ལོང་བས་ལམ་ནི་མཐོང་མི་འགྱུར། །ཟླ་བ་ཡར་ངོ་མར་ངོ་ལྟར། །དམ་པ་དམ་མིན་བསྟེན་པ་ལས། །ཡོན་ཏན་ཆུང་ངུའང་རྒྱས་འགྱུར་ཞིང་། །རྒྱ་ཆེན་པོ་ཡང་འགྲིབ་པར་འགྱུར། །མཁས་པས་དགྲ་བོར་གྱུར་པའང་བླའི། །མི་མཁས་པ་དང་མཛའ་བ་མིན། །རྐུན་པོས་ བྲམ་ཟེ་བསྲུངས་པ་དང་། །སྤྲེའུས་རྒྱལ་པོའི་མིག་བཅར་བཞིན། །མཁས་པ་དང་ནི་དུལ་བ་དང་། །ཆོག་ཤེས་བདེན་པར་སྨྲ་བ་དང་། །འཆི་བ་ན་ཡང་འདུག་བླ་ཡི། །སྐྱེ་བོ་ངན་དང་རྒྱལ་སྲིད་མིན། །སྦྲུལ་གདུག་སྐྱེ་བོ་ངན་པ་དུག །སྦྲུལ་ལས་ལྷག་པར་སྐྱེ་ངན་དུག །སྦྲུལ་ གདུག་སྨན་དང་སྔགས་ཀྱིས་ཐུབ། །སྐྱེ་ངན་གདུག་པ་གང་གིས་ནི། །སྐྱེ་བོ་ངན་པ་ཡོན་ཏན་བརྒྱ་ཡིས་ཕན་བཏགས་ཏེ། །དགའ་བར་གྱུར་ཀྱང་དེ་ནི་ཚིག་རྩུབ་སྨྲ་བར་བྱེད། །གང་ཞིག་རིགས་ལྡན་དེ་བཞིན་བརྟན་པ་དང་། །བསྔགས་འོས་ཕོངས་ཀྱང་ཡོན་ཏན་ གཏོང་མི་བྱེད། །རང་བཞིན་ངན་པའི་མི་དག་དང་། །སྲང་གི་མཚན་ཉིད་དག་དང་མཚུངས། །ཅུང་ཟད་ཙམ་གྱིས་མཐོ་འགྱུར་ཞིང་། །ཅུང་ཟད་ཙམ་གྱིས་དམའ་བར་འགྱུར། །ཙན་དན་བླ་རྩི་ག་བུར་གྱིས་བྱུགས་ཀྱང་། །སྒོག་སྐྱའི་རང་བཞིན་དྲིད་མི་འདོར་ལྟར། །རིགས་པའི་གཞུང་ལུགས་ མང་པོ་རབ་བསླབས་ཀྱང་། །རང་བཞིན་ངན་པའི་མཚན་ཉིད་འདོར་མི་སྲིད། །དམ་པའི་བུ་ལ་གདོང་ན་པདྨ་མེད། །སྨད་འཚོང་བུ་ལ་གླད་ནས་རྭམ་སྐྱེས། །ཇི་ལྟ་ཇི་ལྟར་ལོག་པར་བྱེད་གྱུར་པ། །དེ་ལྟ་དེ་ལྟར་ནལ་བུའི་མཚན་ཉིད་ཡིན། །ཁ་ནས་སྨྲས་པའི་ཚིག་གཞན་ལ། །ཡིད་ལ་སེམས་པའི་ བསམ་པ་གཞན། །ཀྱེ་མ་ཡོན་པོའི་བློ་གྲོས་ཅན། །འདི་ཡི་རང་བཞིན་སུ་ཡིས་སྤྲུལ། །འབད་པས་སྐྱོན་ནི་ལེན་པར་བྱེད། །ཡོན་ཏན་རྟག་ཏུ་སྤོང་བར་བྱེད། །སྐྱོན་ལེན་ཡོན་ཏན་སྤོང་བ་ཡི། །སྐྱེ་བོ་ངན་པ་ཆུ་ཚགས་འདྲ། །སྐྱེ་བོ་ངན་པ་སུན་ཕྱུང་ན། །དམ་པ་ལ་ཡང་ཡིད་མི་རྟོན། །བྱིས་པ་འོ་མས་ཁ་ཚིག་ན། ། ཞོ་ལའང་ཕུ་ཡིས་འདེབས་ཤིང་འཐུང་། །མཚན་མོ་མཚོ་ནང་སྐར་མའི་གཟུགས་བརྙན་སྣང་བ་ལ། །ངང་པ་པདྨའི་རྩ་བར་འཁྲུལ་པས་སུན་ཕྱུང་བ། །ཉིད་མོ་པད་རྩ་མངོན་སུམ་མཐོང་ཡང་ཟ་མི་བྱེད། །བརྫུན་སྨྲས་སུན་ཕྱུང་བདེན་པ་ལ་ཡང་དོགས་པ་སྐྱེ། །བུད་མེད་ཟས་ནི་ཉིས་འགྱུར་ཏེ། །དེ་ཡི་གཡོ་ སྒྱུ་བཞི་འགྱུར་རོ། །ངོ་ཚ་དག་ནི་དྲུག་འགྱུར་རོ། །འདོད་ཆགས་བརྒྱད་འགྱུར་ཞེས་བརྗོད་དོ། །སྦྱིན་པས་མ་ཡིན་རིམ་གྲོས་མིན། །མཆོད་པས་མ་ཡིན་བསྙེན་བཀུར་མིན། །བརྟན་པས་མ་ཡིན་བརྩོན་པས་མིན། །ཀུན་ཏུ་མི་བཟད་བུད་མེད་ཡིན། །མཁའ་ལྡིང་དབང་པོས་ཁྱེར་བའི་ཚེ། །པད་དཀར་ཀླུ་ ཡིས་སྨྲས་པ་ནི། །གསང་ཚིག་བུད་མེད་ལ་སྨྲ་བ། །དེ་ཡི་སྲོག་ནི་དེ་ཟད་འགྱུར། །དོན་དང་ཆོས་ནི་རྣམ་པར་ཉམས་བྱེད་ཅིང་། །མཐོ་རིས་དག་དང་ཐར་བའི་གེགས་བྱེད་ལ། །གནོད་པ་ཀུན་གྱི་རྩ་བ་ཉིད་གྱུར་པས། །དེ་བས་གཞན་གྱི་བུད་མེད་རྟག་ཏུ་སྤང་། །གང་གིས་ཚིགས་བཅད་གཅིག་ཙམ་ཞིག །བླ་མས་ སློབ་མ་ལ་བྱིན་ན། །གང་ཞིག་བཏང་ནས་ཤོག་བཏང་འགྱུར། །རྫས་དེ་ས་སྟེངས་ཡོད་མ་ཡིན། །འདུ་འཛི་ཀུན་དུ་སྤང་བར་གྱིས། །གལ་ཏེ་དེ་སྤོང་མ་ནུས་ན། །དམ་པ་དག་དང་འབྲེ་བར་གྱིས། །དེ་ཉིད་དེ་ཡི་སྨན་ཡིན་ནོ། །འདོད་པ་ཀུན་དུ་སྤང་བར་གྱིས། །གལ་ཏེ་སྤོང་བར་མ་ནུས་ན། །ཐར་བ་དག་ ལ་འདོད་པར་གྱིས། །དེ་ཉིད་དེ་ཡི་སྨན་ཡིན་ནོ། །ཕན་མེད་གཉེན་ཡང་གཞན་ཡིན་ཏེ། །ཕ་རོལ་ཡོན་ཡང་གང་ཕན་གཉེན། །ལྷན་ཅིག་འབྱུང་བའི་ལུས་སོགས་ནད། །ཕན་བྱེད་དགོན་པའི་སྨན་བཞིན་ནོ། །འབད་པ་ཡིས་ནི་བཟུང་བ་ཡི། །བུམ་པ་ཡི་ནི་ཆུ་ཕྱེད་བཞིན། །སྤྱི་བོ་ལ་ནི་བཀུར་བྱས་ན། ། སྐྱེ་བོ་ངན་པ་ཁྲོ་བར་བྱེད། །གང་ཞིག་ཡིད་དང་རྗེས་མཐུན་པ། །རིང་ན་གནས་ཀྱང་ཉེ་བ་ཡིན། །གང་ཞིག་ཡིད་ལ་བརྟན་མི་གནས། །དྲུང་ན་གནས་ཀྱང་རིང་བ་ཡིན། །དམ་པ་མིན་དང་ལྷན་ཅིག་གནས་གྱུར་ཀྱང་། །ཆུ་དང་པད་མོ་བཞིན་དུ་འདྲེས་མི་འགྱུར། །དམ་པ་ཐག་རིང་དག་ཏུ་གནས་གྱུར་ ཀྱང་། །ཟླ་བ་ཀུ་མུ་ཏ་ལྟར་དགའ་བར་བྱེད། །གལ་ཏེ་རྟག་ཏུ་མཇའ་འདོད་ན། །གསུམ་པོ་འདི་དག་མི་བྱ་སྟེ། །རྒྱན་པོ་འགྱེད་དང་ནོར་འབྲེལ་དང་། །ལྐོག་ཏུ་ཆུང་མ་དང་སྨྲ་བའོ། །ཇི་ལྟར་རྭ་ལས་འོ་མ་འབྱུང་། །འདམ་བུ་མེ་ཏོག་སྦྲང་རྩི་འཛག །གལ་ཏེ་བུད་མེད་བདེན་གྱུར་ན། །སྐམ་ས་ལས་ ཀྱང་པདྨ་སྐྱེ། །བསོད་ནམས་ཡོངས་སུ་དམན་པའི་མིས། །ལོངས་སྤྱོད་ཐོབ་ཀྱང་སྤྱོད་མི་ཤེས། །གངས་ཆེན་མཚོ་ལ་ཁྱི་བཞིན་དུ། །སྐོམ་ནའང་ལྕེ་ཡིས་ལྷག་པར་བྱེད། །འཇིག་རྟེན་འདི་ན་ལས་བྱེད་པ། །གླ་མེད་ལམ་བརྒྱགས་ཁྱེར་མི་བཏུབ། །སློང་བ་དམན་པ་མི་མངོན་པར། །ཕྱི་མའི་ དུས་ན་བརྒྱ་འགྱུར་ཁྱེར། །རང་ནོར་སྤངས་ནས་འགྲོ་འགྱུར་བས། །སྐྱེས་བུ་སྦྱིན་པ་གཏོང་བར་བྱེད། །ཤི་ནའང་ནོར་ནི་མི་འདོར་བས། །སྦྱིན་བྱད་སེར་སྣ་ཅན་འདྲར་ཤེས། །སྦྱིན་ན་དབུལ་གྱུར་དོགས་པ་ཡིས། །བཀྲེན་པ་སྦྱིན་པ་གཏོང་མི་བྱེད། །ངེས་པར་འཇིག་པ་དེ་ཉིད་ཀྱིས། ། མཁས་པས་ནོར་ནི་གཏོང་བར་བྱེད། །ཟས་ལས་ཟན་གྱི་ཕྱེད་ཙམ་ཡང་། །སློང་བ་རྣམས་ལ་ཅིས་མི་སྟེར། །འདོད་དང་རྗེས་མཐུན་འབྱོར་བ་ཡང་། །གང་གི་ཚེ་ན་འབྱུང་བར་འགྱུར། །ལས་ཀྱིས་འབྱོར་པ་མེད་ཀྱང་གདུང་བ་མི་སྐྱེད་ཀྱི། །འོན་ཀྱང་ཅི་འབྱོར་པ་ལ་སྦྱིན་པ་གཏང་བྱ་སྟེ། ། ལོ་མ་མེ་ཏོག་འབྲས་བུ་ཆུ་དང་སྨན་རྣམས་ནི། །ཐམས་ཅད་མཐའ་ཡས་བསྔོ་བའི་སྟོབས་ཀྱིས་མཐའ་ཡས་འགྱུར། །སྦྱིན་དང་སྤྱོད་པས་སྟོང་བ་ཡི། །ནོར་དེས་ནོར་བདག་ཡིན་ན་གོ །ནོར་དེ་ཉིད་ཀྱིས་བདག་ཀྱང་ནི། །ནོར་གྱི་བདག་པོ་ཅིས་མ་ཡིན། །ཡབ་གཅིག་ འདི་ནི་ལས་ཀྱི་ས། །འདི་ནས་ཕ་རོལ་འབྲས་བུའི་ས། །འདི་ནི་གང་ཞིག་བྱས་གྱུར་པ། །དེ་ཉིད་གཞན་དུ་ངེས་པར་སྤྱོད། །གཞན་འབྱོར་རིགས་དང་གཟུགས་དང་ནད་མེད་ཉིད། །མཐོང་ནས་འདིར་ནི་ཅི་ཕྱིར་གདུང་བར་བྱེད། །གལ་ཏེ་འདི་ཀུན་ཁྱོད་འདོད་བསོད་ནམས་ཀྱི། །ས་བོན་ ལས་ནི་འབྲས་འབྱུང་མ་ཐོས་སམ། །འབྱོར་པ་ཡོད་ཀྱང་གཏོང་མེད་ན། །ཉེ་བར་འཚོ་བས་ཅི་བྱར་ཡོད། །ཀིམ་པ་ཀ་ཡི་འབྲས་བུ་ནི། །ཆག་ཀྱང་ལྟོགས་ལ་མི་བྱར་ཡོད། །གང་ཞིག་གཞན་ལ་གནོད་པ་མེད་པར་སྦྱིན་གཏོང་བ། །འདི་ཡི་ལོངས་སྤྱོད་སྣ་ཚོགས་ཆུ་ཡིས་མི་འཁྱེར་ཞིང་། ། མེ་ཡིས་མི་ཚུགས་རྐུན་པོ་རྣམས་ཀྱིས་འཕྲོག་མི་ནུས། །དེ་ཡི་འབྱོར་པ་ནམ་ཡང་རབ་ཉམས་མི་འགྱུར་རོ། །གང་ཞིག་དམྱལ་བའི་ནད་ལ་ནི། །གསོ་བ་དག་ནི་མི་བྱེད་པ། །སྨན་མེད་གནས་སུ་སོང་ནས་ནི། །ནད་དང་བཅས་པས་མི་བྱར་ཡོང་། །མི་སྲུན་སྐྱེ་བོ་ས་ཁུང་ལས་བྱུང་བའི། །ཚིག་ནི་སྦྲུལ་གྱིས་ སྐྱེ་བོ་དམ་པ་ཟིན། །དུག་དེ་ཞི་བར་བྱེད་པའི་གཉེན་པར་ཡང་། །ཤེས་རབ་བཟོད་པའི་སྨན་དག་བཏུང་བར་བྱ། །ཇི་སྲིད་འཚོ་བར་གསད་ཀྱང་ནི། །དགྲ་བོ་ཟད་པར་མི་འགྱུར་གྱི། །དེ་ནི་དགྲ་བོ་ཉིད་གསོད་ཡིན། །མཐུ་ཆེན་བཅོས་དུ་མི་རུང་ལ། །བཟོད་བ་བྱར་ཡང་ཅི་ཞིག་ཡོད། །དུལ་བ་ཞི་བའི་སྤྱོད་ པ་ལ། །བཟོད་པར་བྱ་ཡང་ཅི་ཞིག་དགོས། །གནོད་བྱེད་འོས་པས་ཁྲོ་ཞེ་ན། །ཆོས་དོན་འདོད་དང་ཐར་པ་དག །མངོན་སུམ་དུ་ནི་འཇིག་བྱེད་པའི། །ཁྲོ་ལ་ཁྱོད་ནི་ཅིས་མི་ཁྲོ། །གཞན་གྱི་འབྱོར་པ་དམ་པ་མཐོང་ནས་ནི། །གང་ཞིག་སེམས་འཁྲུག་བ་ནི་སྐྱེ་འགྱུར་བས། །དོན་དེ་ཅུང་ཟད་རྙེད་པར་ མི་འགྱུར་གྱི། །འགྲོ་དེ་རང་གི་བསོད་ནམས་འཇོམས་པར་བྱེད། །ཐམས་ཅད་ཆོས་ནི་མཉན་པར་བྱ། །ཐོས་ནས་རབ་ཏུ་གཟུང་བྱ་སྟེ། །གང་ཞིག་བདག་ཡོད་མི་འདོད་པ། །དེ་དག་གཞན་ལ་མི་བྱའོ། །འཇིག་རྟེན་ཕ་རོལ་འགྲོ་བ་དག །ཤེས་པར་སྨྲ་ལ་སུ་ཞིག་མཁས། །དེ་ནི་ཉམས་སུ་ལེན་ པ་ན། །དྲང་སྲོང་རྣམས་ཀྱང་མཁས་པ་ཡིན། །འབྱོར་པ་གཡོ་ཞིང་ལང་ཚོ་ཡུན་ཀྱིས་འཇིག །སྲོག་ནི་གཤིན་རྗེའི་སོ་གཅིག་གནས་དང་མཚུངས། །འོན་ཀྱང་འཇིག་རྟེན་ཕ་རོལ་སྒྲུབ་ལ་ལྷོད། །ཀྱེ་མ་མི་ཡི་སྤྱོད་པ་ངོ་མཚར་ཆེ། །བློ་གྲོས་བཟང་ཡང་ལེ་ལོ་ཡིས། །སྐྱེ་བ་མཐོན་པོར་མི་འགྱུར་ ཏེ། །ལག་རྩིས་ས་ལ་འདྲི་བ་ཡི། །ཕོ་ལོང་གཤེར་བ་དག་དང་མཚུངས། །གལ་ཏེ་འགྲོ་བ་འདི་ཀུན་གྱིས། །འཆི་བདག་སྤྱི་བོར་གནས་མཐོང་ན། །ཟས་ཀྱང་ཡི་གར་མི་འོང་ན། །བྱ་བ་གཞན་ལྟ་སྨོས་མི་དགོས། །འདུས་བྱས་ཟིན་དམ་མ་ཟིན་ཅེས། །འཆི་བདག་སྡོད་པར་མི་འགྱུར་བས། ། སང་གི་བྱ་བ་དེ་རིང་བྱ། །ཕྱི་དྲོའི་བྱ་བ་སྔ་དྲོ་བྱ། །ཇི་སྲིད་ནད་མེད་ལོ་ཏོག་སྐྱེས་གྱུར་པ། །ནད་ཀྱི་སར་བ་ཆེན་པོས་མ་བརླག་ཅིང་། །ཇི་སྲིད་བློ་ནི་བྱ་བའི་རྗེས་འཇུག་པ། །འདི་ནི་དམ་ཆོས་མཉན་པའི་དུས་ཡིན་ནོ། །བོང་བུ་ཕྱུགས་ལ་མེ་ཏོག་ཕྲེང་བ་ཅི། །དུད་འགྲོ་ཕག་ལ་ཁ་ཟས་ཞིམ་ པོ་ཅི། །ལོང་ལ་སྣང་དང་འོན་པ་དག་ལ་གླུ། །གླེན་པ་རྣམས་ལ་ཆོས་ཀྱིས་ཅི་ཞིག་བྱ། །ཇི་སྲིད་འདོད་ཆེན་མ་གྱུར་པར། །དེ་སྲིད་ཡོན་ཏན་ཆེ་ཉིད་ཡིན། །འདོད་ཆེན་ཉིད་ལ་ཞུགས་གྱུར་ན། །ཡོན་ཏན་བཙུན་པར་ག་ལ་འགྱུར། །ཇི་སྲིད་སུ་ལའང་མི་སློང་བ། །དེ་སྲིད་དཀའ་ཐུབ་གཟི་བརྗིད་ ཅན། །དཔའ་ཞིང་ཤེས་ལྡན་རིགས་མཐོ་དག །སྐྱེས་བུ་ཞེས་ཀྱང་དེ་སྲིད་བརྗོད། །དང་པོའི་རྩོམ་པ་གང་ཡིན་པ། །འདི་ལྟར་ངོ་མཚར་ཆེ་བ་ཡིན། །ཟོ་ཆུན་བཟོ་སྦྱར་གྱུར་པ་ནི། །བུད་མེད་ཀྱི་ཡང་དབང་དུ་འགྱུར། །དྲང་སྲོང་བུ་ནི་མྱུར་དུ་ཤི་ཡང་རུང་། །རྒྱལ་པོའི་བུ་ནི་ཡུན་རིང་གསོན་ཡང་ རུང་། །རྔོན་པའི་བུ་ནི་ཤིའམ་གསོན་མི་རུང་། །དམ་པའི་བུ་ནི་ཤིའམ་གསོན་ཡང་རུང་། །དེ་ནས་འབྱུང་བ་ལ་གནས་པའི། །མི་ཡི་བློ་ནི་འཕེལ་བྱའི་ཕྱིར། །གང་གིས་བསྟན་བཅོས་ཤེས་གྱུར་པའི། །ལེགས་པར་བཤད་པ་བཤད་པར་བྱ། །ལེགས་པར་བཤད་པའི་རང་བཞིན་ཚིག ། གང་ཡང་རུང་བ་བསག་པར་བྱ། །ཚིག་གི་གནས་སྐབས་མཆོད་སྦྱིན་ལ། །ནོར་མེད་ཅི་ཞིག་སྟེར་བར་བྱེད། །རིག་པ་བསླབ་དང་དཔའ་བོ་དང་། །གང་ཡང་གཟུགས་བཟང་ལྡན་བུད་མེད། །གང་དང་གང་དུ་འགྲོ་གྱུར་པ། །དེ་དང་དེར་ནི་དཔལ་ཆེན་ཐོབ། །རིག་པར་ལྡན་དང་རྒྱལ་པོ་ཡི། ། གང་དུའང་མཉམ་པ་མ་ཡིན་ཏེ། །རྒྱལ་པོ་རང་གི་ཡུལ་ན་བཀུར། །རིགས་ལྡན་ཀུན་དུ་བཀུར་བར་འགྱུར། །གཟུགས་དང་ལང་ཚོ་ཕུན་ཚོགས་ཤིང་། །རིགས་མཐོ་རྣམས་ལས་སྐྱེས་གྱུར་ཀྱང་། །རྒྱ་སྐྱེགས་ཤིང་གི་མེ་ཏོག་ལྟར། །རིགས་དང་བྲལ་ན་མཛེས་མ་ ཡིན། །ལུས་ཅན་རིགས་དང་བྲལ་གྱུར་བ། །རིགས་ལྡན་ཡིན་ཡང་ཅི་ཞིག་དགོས། །འཇིག་རྟེན་དུ་ནི་རིག་པས་མཆོག །རིག་པ་མེད་པས་རླག་པར་བྱེད། །བདེ་བ་འདོད་ན་རིག་པ་དོར། །རིག་པ་འདོད་ན་བདེ་བ་དོར། །བདེ་ལྡན་རིག་པས་ག་ལ་འགྲུབ། །རིག་པ་དོན་གཉེར་ག་ལ་བདེ། །རིགས་ དང་མཛའ་བཤེས་མེད་གྱུར་པའི། །མི་ནི་རྟག་ཏུ་སྡུག་བསྔལ་འགྱུར། །རིགས་དང་མཛའ་བཤེས་ལྡན་གྱུར་པའི། །མིས་ནི་རྟག་ཏུ་དགའ་བ་འཐོབ། །རིགས་དང་ལྡན་པ་གཞན་ཡུལ་གང་། །སྙན་པར་སྨྲ་ལ་ཕ་རོལ་སུ། །གནས་དང་ལྡན་པ་ཁུར་ལྕི་གང་། །བརྩོན་དང་ལྡན་ལ་ཐག་རིང་ ཅི། །རྩོལ་བ་ཡི་ནི་གྲོགས་ཡོད་ལ། །རི་རྒྱལ་རྩེ་མོའང་མཐོ་བ་མིན། །ས་ཡི་འོག་ཀྱང་དམའ་བ་མིན། །རྒྱ་མཚོས་ཆོད་པའང་ཕ་རོལ་མིན། །རིག་པ་གླེགས་བམ་ལ་བསླབས་ཀྱི། །བླ་མའི་ཐད་རྣམས་མ་བསླབས་པ། །འཕྱོན་མའི་བུད་མེད་སྦྲུམ་མ་བཞིན། །ཚོགས་པའི་ནང་དུ་མི་མཛེས་ སོ། །བླ་མ་གང་ཞིག་ཡི་གེ་གཅིག །སྟེར་བ་ལ་ནི་བརྙས་བྱེད་པ། །ཁྱི་ཡི་སྐྱེ་གནས་བརྒྱར་བརྒྱུད་ནས། །རིགས་ངན་དུ་ཡང་སྐྱེ་བར་འགྱུར། །གང་ཞིག་ལ་ནི་ཡི་གེ་གཅིག །བླ་མས་སློབ་མ་ལ་བྱིན་ན། །གང་ཞིག་བཏང་ནས་ཤོག་གཏོང་བའི། །ནོར་ནི་ས་སྟེངས་ཡོད་མ་ཡིན། །སྐྱེད་པར་བྱེད་དང་ ལེགས་སློབ་དང་། །གང་ཞིག་རིག་པ་སྟེར་པ་དང་། །ཟས་སྟེར་བ་དང་མི་འཇིགས་སྦྱིན། །ལྔ་པོ་འདི་དག་ཕ་རུ་བཤད། །རྒྱལ་པོ་བློན་པོའི་ཆུང་མ་དང་། །དེ་བཞིན་མཛའ་བོའི་ཆུང་མ་དང་། །སྤུན་ཟླའི་ཆུང་མ་མ་ཉིད་དེ། །ལྔ་པོ་འདི་དག་མ་རུ་བཤད། །བླུན་པོ་རྣམས་པ་གདམས་པ་ནི། །འཁྲུག་ པར་འགྱུར་གྱི་ཞི་མི་འགྱུར། །སྦྲུལ་ལ་འོ་མ་བླུད་པ་ནི། །དུག་འཕེལ་འགྱུར་བ་ཁོ་ནར་ཟད། །མངོན་སུམ་པ་ཡི་རྐང་གཉིས་ཕྱུགས། །བླུན་པོ་ཡོངས་སུ་སྤང་བར་བྱ། །མ་མཐོང་ཚེར་མ་ཇི་ལྟ་བར། །ཚིག་གི་ཟུག་རྔུས་གནོད་པར་བྱེད། །བླུན་པོས་བླུན་པོ་མཐོང་གྱུར་ན། །ཙན་དན་བས་ཀྱང་བསིལ་ བར་བྱེད། །གལ་ཏེ་མཁས་པ་མཐོང་གྱུར་ན། །ཕ་གསོད་པ་ནི་ལྟ་བུར་སེམས། །སྐྱེ་བོ་ངན་ལ་ཕན་པ་དག །བྱས་ཀྱང་གང་ལའང་བྱས་མི་གཟོ། །དམ་པ་ཅུང་ཟད་བཀུར་ན་ཡང་། །ཇི་སྲིད་འཚོ་བར་རང་དབང་འགྱུར། །བླུན་པོ་ཆུ་ཡི་རི་མོ་ལྟར། །གང་ཞིག་བྱས་པ་དེ་མྱུར་འཇིག །དམ་པ་རྡོ་ཡི་རི་མོ་ ལྟར། །ཤིན་ཏུ་ཆུང་ངུའང་བརྟན་པར་གནས། །སྐྱེ་བོ་ངན་པ་སྙན་སྨྲ་ཡང་། །འདི་ལ་ཡིད་བརྟན་རུང་མ་ཡིན། །རྨ་བྱ་སྒྲ་སྙན་སྒྲོགས་ན་ཡང་། །ཟས་སུ་དུག་ཆེན་ཟ་བ་ཡིན། །ཨེ་མ་སྐྱེ་བོ་ངན་པ་དང་། །བད་ཀན་དག་གི་རང་བཞིན་མཚུངས། །འཇམ་པོ་ཡིས་ནི་འཁྲུག་འགྱུར་པ། །རྩུབ་པོ་ཡིས་ ནི་ཞི་བར་འགྱུར། །སྐྱེ་བོ་ངན་དང་གསེར་དང་རྔ། །མི་སྲུན་རྟ་དང་བུད་མེད་དྲེགས། །བརྡུངས་ནས་དུལ་བ་ཉིད་འགྱུར་གྱི། །དེ་དག་ལེགས་བྱས་སྣོད་མ་ཡིན། །སྐྱེ་བོ་ངན་དང་ལྡན་ཅིག་ཏུ། །དགྲར་གྱུར་མཛའ་བའང་མཛེས་མ་ཡིན། །ཁྱིས་ནི་རྩེ་བར་བྱེད་པའམ། །ལྷག་པའང་མཛེས་པར་ འགྱུར་མ་ཡིན། །སྒུལ་བས་ཀྱང་ནི་མི་སྲུན་གདུག །སྦྲུལ་གདུག་སྨན་དང་སྔགས་ཀྱི་ཞི། །མི་སྲུན་ཅིས་ཀྱང་ཞི་མི་བྱེད། །མི་སྲུན་པ་ཡི་ཉས་པ་ནི། །ངོ་བོ་ཉིད་ཀྱིས་རྗེས་འཇུག་ལ། །གང་ཞིག་མི་སྲུན་དང་འདྲེས་དེ། །མི་སྲུན་ལས་ཀྱང་མི་སྲུན་འགྱུར། །ཕ་ཡི་སྤྱོད་པ་མ་མཐོང་ཡང་། །བུ་ ནི་རྗེས་སུ་འཇུག་བྱེད་དེ། །ཀེ་ཏ་ཀ་ཡི་ཤིང་ལས་ནི། །སྐྱུ་རུ་ར་འབྲས་འབྱུང་མི་འགྱུར། །ཕ་དང་མ་དང་དེ་བཞིན་སྤུན། །ཆུང་མ་རྗེས་མཐུན་འཇུག་པ་རྣམས། །དེ་ཡིས་སྡུག་པ་བྱས་པ་གང་། །དེ་ནི་མི་དེས་བྱས་དང་མཚུངས། །ས་འདི་རྒྱ་མཚོ་ཆེན་པོ་དང་། །རི་བོར་བཅས་པ་ཁུར་ མིན་གྱི། །གང་ཞིག་བྱས་པ་མི་གཟོ་བ། །དེ་ནི་ཤིན་ཏུ་ཁུར་ལྕི་ཡིན། །ཚུལ་ཁྲིམས་ལྡན་དང་ལྷན་ཅིག་གནས། །འབྱུང་པོ་ཀུན་ལ་ཕན་པར་དགའ། །གཤིན་རྗེ་འཇིགས་བྱེད་གང་ཡིན་པ། །ད་ནི་མཁས་པས་རབ་ཏུ་བསྔགས། །མཁས་པ་དང་ནི་དུལ་བ་དང་། །ཆོག་ཤེས་བདེན་ སྨྲ་ལྷན་ཅིག་ཏུ། །བཙོན་རར་གནས་པའང་གནས་བླ་ཡི། །མི་སུན་ནང་གི་རྒྱལ་སྲིད་མིན། །དམ་པ་དག་དང་ལྷན་ཅིག་འདྲིས། །མཁས་དང་ལྷན་ཅིག་སྨྲ་བ་དང་། །བརྐམ་མེད་ལྷན་ཅིག་མཇའ་བ་ཉིད། །བྱེད་པ་སྐྱོང་བར་མི་འགྱུར་རོ། །ཤིན་དུ་ཡུན་རིང་དུས་སུ་ཡང་། །གང་གིས་ འཇིག་རྟེན་འདི་དང་ནི། །གཞན་དུ་སྡུག་བསྔལ་མི་འཐོབ་པའི། །བློ་ནི་ཆོས་མཐུན་ཉིད་དུ་བྱ། །སེམས་ནི་དགའ་བར་བྱེད་ན་ཡང་། །རྣམ་སྨིན་གནོད་བྱེད་ཅི་རུ་རུང་། །གང་གིས་ཁམས་ནི་འཁྲུག་བྱེད་པའི། །ཁ་ཟས་ཞིམ་པོའང་ཅི་རུ་རུང་། །གནོད་ཀྱང་ཕན་པར་འགྱུར་ བ་ནི། །མཁས་བས་སྨན་བཞིན་བཏུང་བ་སྟེ། །འདི་ཡི་འབྲས་བུ་རྗེས་ཐོབ་པ། །མཚུངས་པ་མེད་པ་ཉིད་དུ་འགྱུར། །དོན་འདིར་རིགས་དང་ལྡན་པ་ཡི། །རྒྱལ་པོས་བསྡུ་བ་བྱས་ན་ནི། །ཐོག་མ་དབུས་དང་ཐ་མ་རུ། །དེ་ནི་གཞན་དུ་མི་འགྱུར་རོ། །རྒྱ་མཚོ་འཇིག་པའི་དུས་སུ་ནི། ། གཞུང་ལས་རྒལ་བར་འགྱུར་ཞེས་གྲགས། །དམ་པ་འཆི་ནའང་གཞུང་ལུགས་ལས། །ནམ་ཡང་འདའ་བར་མི་བྱེད་དོ། །ལུགས་ཀྱི་བསྟན་བཅོས་ཤེས་རབ་སྡོང་བུ་ཞེས་བྱ་བ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་ལས་ལེའུ་གཉིས་པ་ལོགས་ཤིག་ཏུ་བསྒྱུར་བ་རྫོགས་སོ།། །།ལོ་ཙཱ་བ་ཤཱི་ལེན་ དྲ་བོ་ངྷི་དང་། བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་བབས།། ༄༅༅། །རྒྱ་གར་སྐད་དུ། །བྱ་ཤསུཛརྟུ་བིནྡུ་པོ་ཤ་ནཱ་མ། བོད་སྐད་དུ། ལུགས་ཀྱི་བསྟན་བཅོས་སྐྱེ་བོ་གསོ་བའི་ཐིགས་པ་ཞེས་བྱ་བ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ ལོ། །དཔལ་གྱི་འབྱུང་གནས་འཇམ་དཔལ་ཀུན་གྱི་དཔལ། །མཐའ་དག་བྱམས་པས་ཁྱབ་པས་འཇམ་པའི་དང་། །འཇམ་དང་དཔལ་དུ་གྲགས་པས་ཐུགས་རྗེའི་མགོན། །འཇམ་དཔལ་ཀུན་གྱི་མགོན་ལ་ཕྱག་འཚལ་ཏེ། །བློ་དམན་སྐྱེ་བོ་མུན་ནག་ལྟ་བུ་ལ། །སྙན་ངག་སྒྲོན་མེ་རབ་ཏུ་གསལ་ བྱའི་ཕྱིར། །བདག་ལྟ་དམན་བས་སྙན་ངག་སྒྲོན་མེད་ཀྱང་། །བླུན་པོ་གསོ་ཕྱིར་ཆུ་ཐིགས་ཙམ་ཞིག་བརྗོད། །གཞན་གྱི་སྐྱོན་རྣམས་བརྗོད་མི་བྱ། །གཞན་གྱི་སྐྱོན་རྣམས་ཅི་བརྗོད་པ། །དེ་བཞིན་བདག་ལའང་ཡོད་པ་སྟེ། །དཔེར་ན་ཝ་དང་བུད་མེད་བཞིན། །བདག་ཉིད་ལ་ནི་བསྟོད་མི་བྱ། ། བདག་ཉིད་ལ་ནི་གང་བསྟོད་པ། །དེ་ནི་བློ་ཆུང་ཤེས་རབ་ཞན། །དཔེར་ན་ཀ་ལན་ད་ཀ་འདྲ། །གྲོགས་ངན་བསྟེན་པར་མི་བྱ་སྟེ། །གྲོགས་པོ་ངན་པ་སུས་བསྟེན་པ། །མ་གུ་ཏ་ནི་བསྟེན་པ་ཡིས། །ཤིག་རྣམས་ཕུང་བར་གྱུར་ལ་ལྟོས། །ངན་པ་རྣམས་ལ་གྲོས་མི་གདབ། །ངན་པ་རྣམས་ ལ་གྲོས་བཏབ་ན། །ལེགས་པར་སྨྲས་ཀྱང་ཉེས་པར་འགྲོ། །སྤྲེའུས་ཀ་ལན་ད་ཀ་ཡི། །ཚང་བཤིག་བ་ཡི་ཚུལ་ལ་ལྟོས། །སྤྱོད་པ་རྣམས་ལ་བག་ཡོད་བྱ། །བག་མེད་རྒྱུན་དུ་སྤང་བར་བྱ། །གླང་ཆེན་མྱོས་པ་ལྟ་བུ་ནི། །ནམ་ཡང་བྱ་བ་མ་ཡིན་ནོ། །ཚིག་རྣམས་བརྗོད་འདོད་རྟག་ཏུ་ནི། ། ཇི་ལྟར་བརྟགས་ཤིང་དེ་ལྟར་སྨྲ། །གང་ཞིག་མ་བརྟགས་པར་སྨྲ་བ། །དཔེར་ན་སྨྱོན་པའི་བསྙོན་ཚིག་བཞིན། །དགོས་པ་མེད་པའི་བརྫུན་ཚིག་ནི། །ནམ་ཡང་བརྗོད་པར་མི་བྱའོ། །བདག་མི་ཕན་པར་གཞན་གནོད་པ། །དཔེར་ན་ནེ་ཙོའི་བརྫུན་ཚིག་བཞིན། །བརྫུན་གྱི་ཚིག་རྣམས་བརྗོད་མི་བྱ། ། བརྫུན་གྱི་ཚིག་རྣམས་བརྗོད་བྱས་ན། །མྱུར་བར་གཞན་གྱིས་ཤེས་འགྱུར་ཏེ། །དཔེར་ན་བྱི་ལའི་བརྫུན་ཚིག་བཞིན། །ཚུལ་འཆོས་སྤྱོད་པར་བྱ་བ་ཡིས། །ཚུལ་འཆོས་སྤྱོད་པ་གང་བྱེད་པ། །དེ་ནི་བཙུན་པར་མི་འགྱུར་ཏེ། །བྲམ་ཟེ་ན་ཡའི་རྒྱལ་མོ་བཞིན། །མཛའ་བཤེས་ངན་པའི་ཆེ་བའི་མཉན། ། མཛའ་བཤེས་ངན་པའི་ཚིག་ཉན་པ། །འདོད་དོན་མེད་པར་བསླུས་པར་འགྱུར། །དཔེར་ན་རུས་སྦལ་སྤྲེའུ་བཞིན། །གཡོན་ཅན་དག་འཇམ་ཚིག་མི་མཉན། །དེ་ཡི་ཚིག་རྣམས་ཉན་བྱེད་པ། །དཔེར་ན་དབང་པོའི་རྒྱལ་མཚན་གྱིས། །ལྷ་མིན་ལ་སོགས་བསླུས་ལ་ལྟོས། །གནོད་སེམས་ཅན་གྱི་ ཚིག་མི་མཉན། །དེ་ཡི་ཚིག་རྣམས་ཉན་བྱེད་པ། །བདག་ལ་ཕན་པ་མི་འབྱུང་སྟེ། །ཝ་ནི་སྲེག་པས་ཕུང་བ་བཞིན། །སྡིག་པའི་གྲོགས་པོ་ཡིད་མཐུན་ཞིང་། །དགའ་བས་སྣ་ཚོགས་ཚིག་བརྗོད་ཀྱང་། །སྡིག་ཅན་དེ་ནི་བདུད་ཡིན་ཏེ། །དཔེར་ན་གླིང་གི་སྲིན་མོ་བཞིན། །ཕྱུག་པོ་ཀླ་ཀློ་ལ་ཡང་ ཡོད། །དཔའ་བོ་དུད་འགྲོ་ལ་ཡང་ཡོད། །དོན་དང་མཐུན་པའི་གཏམ་སྨྲ་བ། །འཇིག་རྟེན་འདི་ན་ཤིན་ཏུ་དཀོན། །དེ་ཕྱིར་ཡོན་ཏན་དག་ལ་ནི། །སྲོག་དང་བསྡོས་ཏེ་འབད་པར་བྱ། །གང་ཞིག་ཡོན་ཏན་མི་སློབ་པ། །དེ་ནི་བླུན་པོ་ཕྱུགས་ལྟ་བུ། །ཡོན་ཏན་མེད་པའི་ཁ་ཉེད་ནི། །ས་ཡི་དུག་ དག་དང་མཚུངས། །ཡོན་ཏན་རབ་ཀྱིས་བརྒྱན་པ་ཡི། །ཁ་ནི་པད་མོ་ཡིད་འོང་ལྡན། །གཞོན་པའི་དུས་སུ་རིག་པ་བསླབ། །ཞོ་འདོད་པ་ནི་དགུན་ནས་གསོ། །དྲོད་གཤེར་ལྡན་དུས་ས་བོན་གདབ། །འདི་གསུམ་འཕྲལ་དུ་སྨིན་པའི་རྒྱུ། །ཡོན་ཏན་དག་ལ་འབད་བྱ་ཡི། །འགྱིང་ ཚུལ་དགོས་པ་ཅི་ཞིག་ཡོད། །འོ་མ་མེད་པར་གྱུར་པའི་བ། །དྲིལ་བུ་བཏགས་ཀྱང་ཉོར་མི་འདོད། །བདག་ལ་ཕུན་སུམ་ཚོགས་བཅས་ཀྱང་། །གཞན་ལ་བརྙས་པར་མི་བྱ་སྟེ། །ཞུན་མར་ལྟ་བུའི་སེམས་ཀྱིས་སུ། །ཡོན་ཏན་མཐའ་དག་ཁོང་དུ་སྦ། །ཤེས་ རབ་ལྡན་པ་ལུས་ཆུང་ཡང་། །དོར་ཐབས་ཅན་གྱིས་བརྙས་མི་བྱ། །དཔེར་ན་བློ་གསལ་རི་བོང་གིས། །སེང་གེ་སྲོག་དང་ཕྲུལ་བ་བཞིན། །ཀུན་ལ་མཐོན་དམན་མེད་པ་ཡིས། །ཉི་མ་ལྟ་བུའི་ཕན་བྱས་ན། །ཀུན་གྱི་ལན་རྣམས་ལྡོན་འགྱུར་ཏེ། །བྱི་བས་གླང་ཆེན་བསླང་བ་བཞིན། ། སེམས་ཅན་ཀུན་ལ་ཕན་སེམས་བསྐྱེད། །རེས་འགའ་རྩྭ་བཞིན་ཞུམ་པར་བྱ། །རེས་འགའ་མེ་བཞིན་འབར་བར་གྱིས། །རེས་འགའ་གངས་རི་ལྟ་བུར་བྱ། །རེས་འགའ་དམག་ལ་བབ་པ་བཞིན། །གཞན་གྱི་ཡུལ་ན་གནས་པ་དང་། །གཞན་གྱི་འཚོ་བས་འཚོ་བའི་ཚེ། །ཇི་ལྟ་བུར་ནི་ བརྙས་གྱུར་ཀྱང་། །ཁ་རོག་འདུག་པས་བདེ་བ་འཐོབ། །སྐྱེ་བོ་ངན་པ་ཡུན་རིང་བསྟེན་བྱས་ཤིང་། །བཟའ་བཏུང་ཞིམ་པ་མང་པོ་བསྟེན་བྱས་ཀྱང་། །དེས་ནི་ངེས་པར་གྲོགས་པོ་སྤོང་འགྱུར་ཏེ། །དཔེར་ན་ཁྲོན་བར་ལྷུང་བའི་མི་བཞིན་ནོ། །མི་གང་བློ་ནི་རྣམ་པར་འགྱུར་བྱེད་པ། །དེ་ ཡི་མཛའ་བཤེས་རྟག་པར་མི་འགྱུར་ཏེ། །རབ་ཏུ་ཉོན་མོངས་མི་དེ་ཅི་འདྲ་ན། །ཤིང་ཤུན་ཚོན་གྱིས་རས་དཀར་བཅོས་པ་བཞིན། །གལ་ཏེ་བློ་ལྡན་མཁས་པ་དགྲ་བོ་དག །རབ་ཏུ་མི་དགའ་བར་ནི་བྱེད་འདོད་ན། །ཚིག་རྩུབ་མི་སྨྲ་རབ་ཏུ་དག་འཇམ་གྱིས། །དེས་ནི་དེ་ལ་གནོད་པ་ཆེན་ པོར་འགྱུར། །རྒྱ་མཚོ་དང་ནི་རི་རབ་གླིང་ལ་སོགས། །འཇིག་རྟེན་ས་རྣམས་བདག་གི་ཁུར་མིན་གྱི། །འཇིག་རྟེན་བྱས་པ་མི་གཟི་གང་ཡིན་པ། །དེ་ནི་བདག་གི་ཁུར་ཆེན་དག་ཏུ་འབྱུང་། །མི་གང་སེམས་ནི་མི་རྒོད་ཅིང་། །བྱས་པ་གཟོ་དང་བྱས་པ་ཆོར། །བྱས་པ་ཆུད་གསོན་མི་ བྱེད་པ། །དེ་ནི་མཁས་པས་རབ་ཏུ་བསྔགས། །ཆོས་བདེ་བྱམས་པ་བདེ་བ་སྟེ། །འཇུག་ངོགས་བདེ་བའི་ཆུ་ཀླུང་བཞིན། །གྲོགས་ལ་འཁུ་བ་མེད་པ་དང་། །ང་སྙེམས་ང་རྒྱལ་ཟད་པ་བདེ། །ཁེངས་དང་ཟོལ་བྱེད་ང་རྒྱལ་ཆེ། །སྡིག་པའི་གྲོགས་པོ་བསྟེན་པ་དང་། །སྟོབས་ ལྡན་རྣམས་ལ་རྒོལ་བྱེད་པ། །དེ་དག་ཡིད་ནི་བདེ་མི་འགྱུར། །དེ་ཕྱིར་ཁེངས་པར་མི་བྱ་སྟེ། །ཁྲོ་བ་རྣམ་པར་སྤང་བར་བྱ། །ཁེངས་དང་ཁྲོ་བ་འོངས་གྱུར་ན། །དེ་དག་རྣམས་ཀྱི་གྲགས་པ་འཇིག །གང་ཞིག་རྒན་པོ་བྱིས་པ་ནད་པ་དང་། །ཉམ་ཆུང་ཐབས་སྟོར་དེ་བཞིན་དམན་པ་དང་། ། རྒྱལ་པོས་སྤངས་དང་སྐྱབས་མེད་པ་དག་ལ། །སྙིང་རྗེ་མེད་བ་དེ་དག་མིར་མི་རུང་། །རང་གི་ཡུལ་འཁོར་གནས་སྤངས་ཏེ། །གཞན་གྱི་ལྗོངས་སུ་ཕྱིན་པ་ན། །ཚིག་ངན་སོ་སོར་ལྡོག་པ་ལ། །བཟོད་པ་ཆེན་པོ་བསྐྱེད་པར་བྱ། །དཀའ་ཐུབ་ཚུལ་ནི་བཟོད་པ་ཡིན། །གཙོ་བོའི་ཚུལ་ནི་དཀའ་ སྤྱོད་ཡིན། །ཤར་བའི་ཚུལ་ནི་དཀའ་ཟློག་ཡིན། །བུད་མེད་ཚུལ་ནི་དཀའ་ཐུབ་ཡིན། །དེ་ལྟར་མ་ཡིན་རང་བཞིན་ངན་པའི་མི། །བྱམས་ལ་ལན་མེད་གཞན་བགྱིས་ཕན་བྱས་བརྗེད། །སྤང་བས་གནོད་པ་ཇི་སྙེད་བྱས་གྱུར་ཀྱང་། །བརྙས་ཐབས་བྱས་པ་དེ་ཡང་ཆུ་བཞིན་འཐུང་། །ཚེ་དང་ལོངས་ སྤྱོད་གཉེན་བཤེས་ཀུན་དར་དཀོན། །དེ་དག་རྒུད་པ་ཤིན་ཏུ་རྙེད་པར་སླ། །དེ་ཕྱིར་སེམས་ནི་དམས་པར་གྱུར་པའི་ཚེ། །ཁྭ་བཞིན་མི་སྨྲ་ཁ་རོག་འདུག་པར་བྱ། །གལ་ཏེ་ནོར་མེད་བདག་གི་ཕྱོགས་ཉུང་ལ། །མཛའ་བཤེས་ཕྱོགས་ཀྱི་སྟོབས་ཀྱང་ཆུང་གྱུར་ཅིང་། །དགྲ་བོའི་ཕྱོགས་ཀྱི་སྟོབས་ ཚུལ་ལྡན་པའི་ཚེ། །ཚིག་ངན་མི་སྨྲ་ཁ་རོག་འདུག་པར་བྱ། །ཡ་རབས་ཚུལ་མེད་ཁེངས་པས་ཤིན་ཏུ་ང་རྒྱལ་ཆེ། །གཡོ་སྒྱུ་དད་མེད་ཁྭ་བཞིན་ཤིན་ཏུ་མུ་ཅོར་སྨྲ། །གཟུ་ལུམས་ཕྲག་དོག་བརྐམ་དང་ཁྲེལ་མེད་ངོ་ཚ་བྲལ། །མེ་དེ་བུར་གྱུར་ཀྱང་ནི་གཞན་བཞིན་སྤང་བར་བྱ། །དེ་ལྟ་བུ་ཡི་དམན་ཞིང་ ངན་པ་དེ། །མཐོན་པོའི་སར་མེ་དྲོད་ཞིང་དེར་མེ་བཞག །ས་དེར་བཞག་ཀྱང་དྲེགས་དང་ཁེངས་མི་ཐུབ། །དཔེར་ན་པགས་པ་སྔོན་པོའི་ཝ་བཞིན་ནོ། །སྐྱོ་བོ་རྨོངས་པ་འགའ་ཞིག་ནི། །ལོག་པའི་ཆོས་ལ་རབ་ཞེན་པས། །འདོད་པའི་དོན་དེས་བསླུས་འགྱུར་ཏེ། །རུས་སྦལ་སོ་ཡིས་བྱ་བ་སླུས་ བཞིན། །རབ་ཏུ་མི་གཟོའི་སྐྱེ་བོ་རྣམས། །སྡུག་བསྔལ་འབྱུང་བའི་རྒྱུ་དག་ལ། །དང་བླངས་དོན་དུ་གཉེར་བྱེད་པ། །གཅན་གཟན་གལ་སྒོར་བཅུག་པ་བཞིན། །དྲེགས་པ་ལོག་པ་འགའ་ཞིག་ནི། །རང་གི་སྐྱོན་རྣམས་མ་བསམས་པར། །ཡོན་ཏན་ཕྲ་མོས་རབ་མགུ་བ། །ཁྲོན་པའི་སྦལ་པ་ཇི་ བཞིན་ནོ། །རྨོངས་བ་ལོང་བ་འགའ་ཞིག་ནི། །ཆོས་ཀྱི་དེ་ཉིད་མ་རྟོགས་པར། །ལོག་པའི་ཆོས་ཀྱིས་རབ་མགུ་བ། །བླུན་པོ་ནོར་བུ་ལེན་པ་བཞིན། །ཤིན་ཏུ་བླུན་པོ་ལ་ལ་དག །འཆི་བའི་རྣམ་པ་རབ་བརྗེད་ནས། བྱ་བ་མང་པོ་རྩོམ་བྱེད་དེ། །བདུད་ཀྱིས་བསླུས་པར་ རིག་པར་བྱ། །འགྲོ་བ་བཟང་པོ་བཟང་མོ་ལ། །གང་ཞིག་རབ་ཏུ་ཆགས་བྱེད་པ། །སྲོག་ཆགས་མེ་ལ་མཆོང་བ་བཞིན། །འདོད་བས་ཕུང་བར་འགྱུར་བ་ཡིན། །རྟ་དང་མ་ཧེ་གླང་པོ་སོགས། །འགའ་ཞིག་དེ་ལ་ཆགས་བྱེད་པ། །འདོད་པ་ཅན་གྱི་སྐྱེས་བུ་ཡིས། །རྨི་ལམ་ནོར་རྙེད་བསླུས་ པ་བཞིན། །སྡིག་པའི་ལས་ལ་རབ་དགའ་ཞིང་། །དགེ་བ་དྲན་པར་མི་བྱེད་ལ། །འཇིག་རྟེན་དག་ལ་རབ་ཏུ་ཆགས། །དུག་དང་འདྲ་བའི་སྐྱེས་བུ་དེས། །འདིར་ཡང་སྡུག་བསྔལ་ཆེན་པོ་ཅན། །ཕྱི་མ་མནར་མེད་རབ་ཏུ་འཇིགས། །བར་དོའི་སྲིད་པར་ལས་རྣམས་དྲན། །གསལ་བའི་མེ་ལོང་རབ་ འཇིགས་པས། །ལས་ཀྱི་དགེ་སྡིག་རྣམ་པར་འཕྱེ། །རང་འདོད་གནས་སུ་གནས་དབང་མེད། །མི་འདོད་པ་རུ་རྣམ་པར་འཁྲིད། །ལས་ཀྱི་རྒྱུ་འབྲས་མི་སླུ་བ། །ཁོ་བོས་མཐོང་གི་རྣམ་པའམ། །གཞན་ཡང་རབ་ཏུ་གྲངས་མང་ལྟོས། །དེ་ཕྱིར་དམ་པའི་སྐྱེ་བོ་རྣམས། །རྒྱུན་དུ་འཆི་ བ་དྲན་པར་བྱ། །རང་གིས་ཅི་བྱས་ལས་རྣམས་བགྲང་། །ཡུད་ཙམ་པ་ཡི་ཚེ་འདི་ལ། །ཐང་ཅིག་འདུག་པའི་བློ་ཅན་དེ། །དེ་ནི་ཤིན་ཏུ་འཁྲུལ་པ་སྟེ། །མཁའ་འགྲོ་མ་ཡི་རྫུ་འཕྲུལ་བཞིན། །དེ་ཕྱིར་རྟག་པའི་སེམས་མི་བསྐྱེད། །ངན་སོང་གསུམ་པོ་དྲན་པར་བྱ། །སྲོག་གཅོད་ལ་སོགས་ ལུས་ཀྱི་ནི། །ཉེས་པ་རྣམ་པར་བསྡམ་པར་བྱ། །བརྫུན་སོགས་ངག་གི་ཉེས་པ་དང་། །མ་ལུས་པ་ནི་བསྡམ་པར་བྱ། །དེ་བཞིན་ཡིད་ཀྱི་ཉེས་པ་ཡང་། །མ་ལུས་རབ་ཏུ་བསྡམ་པར་བྱ། །དེ་ནི་སྐྱེས་བུ་དམ་པའི་ཚུལ། །རབ་ཏུ་ཚ་ཞིང་གྲང་བ་ཡི། །དམྱལ་བ་ཉི་མ་གཅིག་བཞིན་དྲན། །བཀྲེས་ སྐོམ་དག་གིས་རིད་པ་ཡི། །ཡི་དགས་དག་ཀྱང་དྲན་པར་བྱ། །རྨོངས་པའི་སྡུག་བསྔལ་རབ་མང་བའི། །བྱོལ་སོང་བལྟ་ཞིང་དྲན་པར་བྱ། །དེ་རྒྱུ་རྣམ་སྤང་བདེ་རྒྱུ་སྤྱད། །ཐོབ་དཀའ་འཛམ་གླིང་མི་ཡི་ལུས། །དེ་ཐོབ་དུས་སུ་ངན་སོང་རྒྱུ། །རབ་ཏུ་བསྒྲིམས་ཏེ་གཅད་པར་བྱ། །འདིར་ བདག་མི་ཡི་ལུས་ཐོབ་ནས། །ཕྱི་མར་སྨོན་ལམ་འདེབས་བྱེད་པ། །དེ་ནི་བླུན་པོ་ལེ་ལོ་ཅན། །ངན་སོང་གནས་སུ་རབ་འགྱོད་དེ། །གྲོ་བཞིན་སྐྱེས་ཀྱིས་རྡོ་འཇོག་གི །ཡི་དགས་མཐོང་བ་ཇི་བཞིན་ནོ། །འདི་ཡི་ཚེ་ནི་མ་ངེས་པས། །དི་རིང་སང་ངམ་ཟླ་བའམ། །ལོ་ཡི་རྣམ་པས་འཆི་འགྱུར་ ཏེ། །དེ་ཕྱིར་དགེ་ལ་བརྩོན་པར་བྱ། །དམ་པའི་ཆོས་ལ་རབ་འཇུག་ན། །རིགས་དང་བྲན་མོ་ལྟ་བུ་དང་། །འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡང་། །བྲན་མོ་བཙུན་པར་ཐུབ་པས་གསུངས། །དམ་པའི་ཆོས་ལ་མི་འཇུག་ཅིང་། །འཇིག་རྟེན་ཁྲེལ་ལ་མི་སྲུང་བ། །ཤིན་ཏུ་སྨད་ཅིང་བཤུད་ འགྱུར་ཏེ། །བི་ར་ལི་བའི་དཀའ་ཐུབ་བཞིན། །རི་བྲག་འདོམ་གང་སོགས་ཡོད་ཟབས། །དེ་ལའང་རབ་ཏུ་སྲུང་བྱེད་ན། །ཤིན་ཏུ་གཏིང་མེད་གྱུར་པ་ཡི། །གཡང་སར་ལྟུང་བ་ཅིས་མི་སྲུང་། །ཡུངས་འབྲུ་ཙམ་གྱི་རྨ་ཁུང་ཡང་། །ཤིན་ཏུ་བསྒྲིམས་ཏེ་འཆོས་བྱེད་ན། །འཚོ་མེད་ཚལ་པར་གས་ པ་ཡི། །རྨ་དེ་ཅི་ཕྱིར་འཆོས་མི་བྱེད། །ཉིན་པར་འགའ་ཟུང་ཙམ་དུ་ཡང་། །ཟས་སྐོམ་གྱིས་དབུལ་མི་བཟོད་ན། །བར་གྱི་བསྐལ་པ་ལ་སོགས་སུ། །ཟས་སྐོམ་མི་བརྒྱོད་ཅི་ཕྱིར་བཟོད། །རང་ལུས་དག་ལ་ཚེར་མ་ཡི། །རྩེ་མོའང་བཟོད་པར་མི་འགྱུར་ན། །གཞན་གྱི་ལུས་ལ་མཚོན་ དག་གིས། །སྲོག་དང་འབྲལ་བ་མི་ཕྱིར་བཟོད། །རྨ་འབུ་དུག་སྲིན་ཤིང་སྲིན་དང་། །ས་བོན་མྱུ་གུ་སྡོང་སྐྱེས་མ། །དེ་བཞིན་ངན་པའི་མི་རྣམས་ནི། །རང་རྟེན་ཁོ་ན་ཕུང་བ་བསྒྲུབ། །ཕྱི་མ་ཤེས་པ་མཛངས་པའི་ཚུལ། །ཉོན་མོངས་དགྲ་ཐུབ་དཔའ་བོའི་ཚུལ། །ཆགས་པ་མེད་པ་ ཆོས་བྱེད་ཚུལ། །མཁས་པའི་ཚུལ་ནི་རྟོགས་པ་ཡིན། །རྟོགས་བའི་ཚུལ་ནི་བྱེད་པ་ཡིན། །སྐྱོ་བ་མེད་པ་སྦྱིན་པའི་ཚུལ། །ཚུལ་ཁྲིམས་ཚུལ་ནི་མ་དཔྱས་པ། །བཟོད་པའི་ཚུལ་ནི་ཆོས་ཉིད་ཤེས། །བརྩོན་འགྲུས་ཚུལ་ནི་འཆེ་བ་དྲན། །བསམ་གཏན་ཚུལ་ནི་གཡེང་མེད་ཡིན། །རྣམ་ པར་འབྱེད་ཤེས་ཤེས་རབ་ཚལ། །སངས་རྒྱས་འདོད་པ་དད་པའི་ཚུལ། །རྟོག་པ་ཆུང་བ་རྣལ་འབྱོར་ཚུལ། །ཟང་ཟིང་གཉེན་བྲལ་སྒོམ་མཁན་ཚུལ། །ཕན་སེམས་ཆེ་བ་སྤྲིན་པའི་ཚུལ། །དྲང་པོའི་ཚུལ་ནི་མི་སླུ་བ། །བག་ཡོད་ཉམ་ང་མེད་པ་ནི། །དེ་ནི་རྒྱལ་པོའི་ཚུལ་དུ་བཤད། །དེ་ལྟའི་ ཚུལ་དང་མ་ལྡན་ལ། །དམན་ཞིང་སྨད་པའི་ཚུལ་བྱེད་པ། །ལས་ཀྱི་རྒྱུ་འབྲས་མི་སླུའི་ཚུལ། །འོག་གི་ཚུལ་ནི་འདི་ཡིན་ནོ། །ཡོན་ཏན་ལྡན་ལ་སེར་སྣས་བཅིངས། །བསླངས་ན་ཁྲོ་བ་དང་བཅས་པ། །སྡུག་བསྔལ་ཆེན་པོས་ནོན་འགྱུར་ཏེ། །ཤུ་མ་ར་ཡི་མི་སྡུག་བཞིན། །མཉམ་ སོགས་དག་ལ་ཕྲག་མ་དོག །འདིར་ཡང་སྡུག་བསྔལ་ཆེ་འགྱུར་ལ། །ཕྱི་མར་རྣམ་སྨིན་ཆེ་འགྱུར་ཏེ། །དཔེར་ན་གཞོན་ནུ་ཝ་དང་འདྲ། །དྲེགས་མེད་ཤིན་ཏུ་དུལ་བར་བྱ། །ཀུན་ལ་གསོད་པོར་སྨྲ་བར་བྱ། །ཁྲོ་མེད་ང་རྒྱལ་སྤང་བར་བྱ། །ཀུན་ལ་འཛུམ་ཞིང་དྲང་པོར་སྨྲ། །དོན་མེད་ ཅ་ཅོ་སྨྲ་མི་བྱ། །འདུ་བ་མང་པོའི་སར་མི་འགྲོ། །ཆང་སོགས་མྱོས་པ་བཏུང་མི་བྱ། །ཅི་འདོད་སྦྱིན་པ་གཏང་བར་བྱ། །བཤེས་མེད་མེ་ལ་བྱམས་པར་བྱ། །དགེ་བའི་ཆོས་ལ་བརྩོན་པར་བྱ། །ཁྲིམས་སོགས་བླངས་ལ་བསྲུང་བར་བྱ། །དེ་ལྟར་བྱས་ནས་མང་པོའི་མི། །ངང་གིས་བདེ་བ་ཐོབ་པར་ བྱེད། །ད་ནི་ཤིན་ཏུ་ངན་པའི་མིས། །རྒྱལ་བའི་བསྟན་པ་ནུབ་ཏུ་ཉེ། །ད་ནི་མ་བསྔགས་ངན་སྤྱོད་དང་། །ལོག་པར་ལྟ་བ་ངན་པའི་མི། །རྨོངས་པ་དག་གིས་བཅོམ་ལྡན་གྱི། །བསྟན་པའི་ལྗོན་ཤིང་བཅད་ཀྱིས་མེད། །ད་ནི་སྙིང་རྗེ་མེད་པ་ཡིས། །ཆོས་ལུགས་བོར་ཞིང་རང་བཟོ་བྱེད། །བརྐམ་ ཆགས་ཕ་རོལ་མི་མཐོང་བས། །བསྟན་པའི་རྒྱལ་མཚན་བསྙལ་གྱིས་མེད། །ད་ནི་གདུལ་དཀའ་ངོ་ཚ་མེད། །སྡིག་ལ་དགའ་ཞིང་ཚུལ་འཆོས་བྱེད། །སྡིག་ཅན་རྣམས་ཀྱིས་ཐུབ་པ་ཡི། །བསྟན་པའི་ཟམ་པ་བཅག་གིས་མེད། །ད་ནི་མགོ་བྲེགས་ཉམས་མི་ལེན། །སྤྱོད་འཆལ་སྨད་པ་ ལུས་ལ་འཆོས། །ངན་གཡོ་ཅན་གྱིས་ཐུབ་པ་ཡིས། །བསྟན་པའི་ཚོང་དུས་བཅོམ་གྱིས་མེད། །ད་ནི་ཁྲོ་དང་ང་རྒྱལ་དང་། །རྒྱགས་ཆོས་བྱེད་ཅིང་རྙེད་ལ་ཞེན། །སྡིག་པ་སྣ་ཚོགས་བྱེད་པའི་མིས། །ཆོས་ཀྱི་གྲུ་བོ་བཅག་གིས་མེད། །ད་ནི་ཐུབ་པའི་བསྟན་པ་ཡང་། །ཅུང་ཟད་ཙམ་ཞིག་ལུས་ པར་ཟད། །ཐུབ་པའི་བསྟན་པ་གང་ཆེན་མཚོ། །རིང་པོར་མི་ཐོགས་སྐམ་པར་འགྱུར། །སེང་གེའི་སྒྲ་ཡི་བསྟན་པ་ནི། །དུས་ཀྱི་འཁོར་ལོས་རབ་བཅོམ་ནས། །མྱུར་བ་ཉིད་དུ་འཇིག་པར་འགྱུར། །གང་དག་འདི་འདྲའི་དུས་བབ་ཆེ། །བདེ་འདོད་རྣམས་ཀྱིས་ཕན་པའི་དོན། །དེ་ནི་ལེགས་ པར་བརྟག་པའི་རིགས། །དུས་ཀྱི་འཁོར་ལོ་ངན་བྱེད་པ། །མ་རབས་ཤེས་རབ་འཆལ་བ་དང་། །ཚུལ་ཅན་དག་དང་སྟེན་མི་ཤེས། །ཉེས་པ་བསྟེན་ཞིང་ཚུལ་ཁྲིམས་སྤང་། །དབེན་པས་འཇིགས་ཤིང་འདུ་འཛིན་འདོད། །མི་མཁས་བསླབ་ཉེས་སློབ་དཔོན་ནོར། །གདུག་རྩུབ་ང་རྒྱལ་ བརྙས་ང་ཆེ། །ངན་པའི་མི་ལ་ཡིད་རྟོན་པས། །སངས་རྒྱལ་བསྟན་པ་མ་རུང་བྱས། །ཞི་ཞིང་བདེ་བའི་དུས་ནི་ཟད། །གདུག་རྩུབ་མི་བཟད་དུས་ནི་བྱུང་། །ཤེས་རབ་ཅན་གྱི་མི་རྣམས་དང་། །དབང་གྱུར་སྐྱེ་བོ་རྣམས་ནི་ཟད། །དེ་ལྟའི་དུས་རྣམས་བྱུང་བའི་ཚེ། །རང་གི་ཡུལ་འཁོར་གནས་སྤངས་ཏེ། ། གཞན་གྱི་ལྗོངས་སུ་ཕྱིན་ནས་སུ། །དེར་ཡང་ནགས་འདབ་དབེན་པ་རུ། །སྨྲ་བ་བསྙུངས་ཏེ་གནས་པར་བྱ། །དཀར་པོའི་ཆོས་རྣམས་ཡིད་ལ་མི་འཇོག་སྐྱེ་བོ་རྣམས་ལ་ནི། །མི་ཆོས་ཕུལ་དུ་བྱུང་བ་ཡིད་ལ་འཇོག་པ་ཉིད་ལ་ནི། །ཅུང་ཞིག་དགེ་བར་འགྱུར་སྙམ་ནས་ནི་འདི་རྣམས་བྲིས་པ་ཡིན། །དགེ་བས་ བླུན་པོ་མ་ལུས་གྲོལ་ཞིང་ཡུན་དུ་གནས་པར་ཤོག །ལུགས་ཀྱི་བསྟན་བཅོས་སྐྱེ་པོ་གསོ་བའི་ཐིགས་པ་ཞེས་བྱ་བ། །སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤཱི་ལནྡྲ་བོ་ངྷི་དང་། ཞུ་ཆེན་གྱི་ལོ་ཙྭ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་བའོ།། །། ༄༅༅། །རྒྱ་གར་སྐད་དུ། གཱ་ཐཱ་ཀོ་ཥ་ནཱ་མ། བོད་སྐད་དུ། ཚིགས་སུ་བཅད་པའི་མཛོད་ཅེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གང་ཞིག་རྣམ་པ་ཐམས་ཅད་དུ། །ཡོན་ཏན་ཀུན་ལྡན་སྐྱོན་སྤངས་ཤིང་། །ས་ཀུན་སྐྱོང་བ་གང་ཡིན་ལ། །དེ་ལ་རྟག་ཏུ་ཕྱག་འཚལ་ལོ། ། ཡོན་ཏན་སྐྱོན་དང་གློ་བུར་མཉམ། །འདི་ཉིད་འཇིག་རྟེན་གོམས་པ་སྟེ། །ངང་གིས་བྱ་རྒོད་དུར་ཁྲོད་དང་། །ངང་པ་མཚོར་འབབ་ཇི་བཞིན་ནོ། །འགྲོ་བ་མི་སྲུན་དུས་ཀུན་དུ། །སྐྱེ་བོའི་ཡོན་ཏན་འཆབ་པར་བྱེད། །རིགས་བཟང་པོ་ཡི་རིན་ཆེན་དག །ཀུན་གྱི་དོན་དུ་སྦ་བ་བྱེད། །སེམས་ཅན་སྐྱོན་དང་འདྲེས་ ན་ཡང་། །ཡོན་ཏན་ལྡན་པས་ཡོན་ཏན་བླང་། །ཆུ་ལས་འོ་མ་འབྱེད་པ་ཡང་། །ངང་པ་ལས་གཞན་སུ་ཡིས་ཤེས། །མི་སྲུན་འགྲོ་ལ་འཚེ་བ་དང་། །སྐྱེས་མཆོག་ཕན་འདོགས་ངོམས་པ་མེད། །མུན་པས་ས་སྟེང་སྣང་བ་མིན། །ཉི་མས་རྟག་ཏུ་གསལ་བར་བྱེད། །མི་སྲུན་གཞན་ལ་ གནད་གཅོད་ཚིག །འཕན་མཁས་དེ་ནི་རིགས་སྨྲ་མིན། །འདི་ལྟར་དུག་ནི་གནོད་ནུས་ཀྱི། །དེ་ནི་ཕན་པར་བྱེད་མི་ནུས། །སྐྱེ་བོ་དམ་པ་རབ་བསྒྲིམས་ཏེ། །གཞན་གྱི་སྐྱོན་སྦེད་སྨད་རིགས་མཚུངས། །འོན་ཀྱང་འདི་གཉིས་ཁྱད་ཡོད་དེ། །སྐྱེས་མཆོག་སྦེད་ཀྱི་ སྨད་རིགས་སྨྲ། །གཡོ་སྤྱོད་སྐྱེ་བོས་རབ་གཙེས་ན། །ལྷག་པར་དེས་པ་དྲན་པར་འགྱུར། །འཇིག་རྟེན་ཉི་མས་རབ་གདུངས་ན། །ལྷག་པར་ཟླ་བ་མངོན་པར་འདོད། །ངན་པ་ཕ་རོལ་འབྱེད་བརྩོན་ལྟར། །སྐྱེ་བོ་དམ་པ་སྡུམ་དེ་བཞིན། །ཁབ་ཀྱིས་རིམ་གྱིས་ཕུག་པ་ཡི། །བུ་ག་སྐུད་པས་ འགོག་པར་བྱེད། །ཕ་རོལ་གཙེས་མཐོང་ངན་པ་དག །དགའ་བར་འགྱུར་གྱི་སྟོད་རིགས་མིན། །ལྕགས་ལས་བྱས་པའི་མཚོན་ཆ་དག །ཕལ་ཆེར་གཡུལ་ངོར་སྤྱོད་པ་བཞིན། །སྐྱེ་བོ་ངན་པས་སྨད་པར་ཤེས། །སྐྱེ་བོ་དམ་པས་ལེགས་བསྔགས་ཤེས། །དགུན་གྱི་དུས་ན་སྐམ་པར་བྱེད། །དཔྱིད་ཉིན་ ནགས་ཚལ་ཁ་ཡང་འབུ། །སྣོད་དག་ལྷག་པར་འདུག་པ་ཡང་། །འཚེ་ཁེངས་རྩུབ་པའི་རང་བཞིན་གྱི། །དུས་ན་བདག་ཉིད་ཆེན་པོ་བས། །སྤྱི་རྟོལ་ཅན་དག་ཕལ་ཆེར་བཀུར། །དམ་པ་སྡིག་པ་ཆུང་ཡང་སྤོང་། །ངན་པ་རྣམས་ནི་ཆེ་ཡང་མིན། །མིག་ནི་རྡུལ་ཡང་འཛེམ་པར་བྱེད། །ལག་པ་ མེ་ལྕེར་རེག་པར་བྱེད། །སྨད་རིགས་གོ་འཕང་བསྟོད་དྲགས་དང་། །གཞུང་ངན་ཕན་བཏགས་མི་སེམས་ཏེ། །གྱེན་དུ་མི་གཙང་ཟས་གཏོར་ན། །ཐོག་མར་མགོ་ལ་འབབ་བར་འགྱུར། །རིགས་ཤིང་འོས་པའི་འགྲོན་པོ་ལ། །དཔྱང་ཐག་བཅད་པ་འབྱུང་འགྱུར་གྱི། །ཐང་སྐྱེད་བཟང་པོ་མ་ཡིན་ཏེ། ། མི་སྲུན་པ་ཡི་སྐྲ་སེན་བཞིན། །མཆོག་ལས་མཆོག་དག་སྐྱེ་བ་དང་། །དམན་ལས་དམན་སྐྱེད་དེ་རིགས་ཏེ། །ཕུག་ལ་བརྟེན་ནས་མུན་པ་དང་། །ཐང་ལ་ཟླ་ཟེར་འབབ་པར་བྱེད། །ངན་བ་ཇི་ལྟར་འཕང་མཐོ་ཡང་། །རིགས་ལྡན་རྒུད་པས་ཟིལ་གྱིས་གནོན། །རིགས་ལྡན་ནོར་བུ་ཉམས་མདུན་ དུ། །བཅོས་མའི་ནོར་བུས་གཟི་མ་བྱིན། །ཡོན་ཏན་ལྡན་པའི་གྲགས་པ་དག །ཕྱོགས་བཅུར་གྲགས་པས་སྒྲ་གྲགས་ཚུལ། །གཡའ་དང་ལྡན་པའི་མེ་ལོང་གིས། །གཟུགས་བརྙན་བྱུང་ལ་དགའ་བ་མེད། །ཉི་མ་རྒྱ་མཚོར་ནུབ་པ་དང་། །ཟླ་བ་བྲི་ཡང་གཞན་མི་འགྱུར། །ཡོན་ཏན་ ལྡན་པ་རྒུད་གྱུར་ཀྱང་། །ནམ་དུའང་ཆེ་བ་ཉིད་མི་ཉམས། །ཚེ་དང་ལང་ཚོ་དག་དང་ནི། །མེ་ལྕེའི་རྩེ་དང་ཆུ་རྒྱུན་གྱི། །འདས་པ་ཕྱིར་ནི་ལྡོག་བ་མེད། །མི་སྲུན་གོ་འཕང་དེ་བཞིན་ནོ། །མི་རིགས་ཞེན་པའི་མི་སྲུན་དག །རིགས་པའི་གཞི་ལ་གནས་པ་མེད། །རུལ་བའི་རོ་ལ་ཟ་བས་ཀྱང་། །ཙན་དན་སྡོང་ པོ་སྤོང་བར་བྱེད། །ངན་པ་བདག་བསྟོད་རང་བཞིན་གྱི། །ལྷན་ཅིག་སྐྱེས་པ་འདོར་མི་སྲིད། །ཟླ་བ་ཚེས་ན་ངེས་པར་ནི། །དབང་ཕྱུག་ཆེན་པོའི་སྤྱི་བོར་ཐོགས། །ཕལ་བ་དག་ནི་རླུང་བཞིན་དུ། །གཞན་གྱི་དྲི་ཡི་རྗེས་སུ་འབྲང་། །སྐྱེས་བུ་དམ་པ་ཉི་ཟེར་བཞིན། །སྐྱོན་གྱིས་རྟག་ཏུ་གོས་པ་ མེད། །ཁྲིམས་ལྡན་གཞན་ལ་གནོད་སྤངས་པ། །རྣམ་ཤེས་སྤངས་ཀྱང་དགའ་བར་བྱེད། །རྒྱུད་དང་བྲལ་བའི་དབང་པོའི་གཞུ། །ས་དང་ནམ་མཁའི་རྒྱན་དུ་འགྱུར། །མི་སྲུན་གང་ཞིག་ཆེ་བདག་གང་། །རིགས་ལྡན་དེས་གང་རྒུད་པ་གང་། །འབྱོར་པ་མི་འདྲ་བྱེད་པ་འདི། །རང་བཞིན་ བླུན་པོ་ཅིས་མི་གདུང་། །བདག་ཉིད་ཆེན་པས་སྨད་རིགས་དག །ཡོངས་བཟུང་ཤིན་ཏུ་སྐྱེད་ཀྱང་འབྱུང་། །བཟོ་བོ་མཁས་པས་ཤེལ་སྦྲམ་ཡང་། །ཚོན་གྱིས་བསྒྱུར་ན་ནོར་བུར་སྣང་། །ཁ་ཅིག་སྨྲ་བ་ལྷུར་ལེན་ཏེ། །ཁ་ཅིག་མི་སྨྲ་དོན་ཡང་སྒྲུབ། །འདམ་བུའི་མེ་ཏོག་འབྲས་བུ་མེད། །སྟར་ ཀའི་འབྲས་བུ་མེ་ཏོག་མེད། །ཡོན་ཏན་དྲང་བས་མི་ཆོག་སྟེ། །སྐྱེ་བོའི་གྱ་གྱུ་སྐྱོན་མིན་ནོ། །མདའ་དྲང་བས་ནི་གསོད་པར་བྱེད། །ཕུབ་ནི་འཁྱོག་སྟེ་ལུས་ཀྱང་སྲུང་། །ཤིན་ཏུ་གཏུམ་ཡང་དྲང་བ་བདམ། །ངན་གཡོ་ཕུབ་མེ་རྩུས་གཡོགས་མིན། །སོ་གའི་སྤྲིན་མེད་ཉི་མ་བས། །སྤྲིན་ གྱིས་མི་གསལ་ཤིན་ཏུ་སྲེག །དཔའ་འགོ་ན་ནི་བླུན་པོ་ཡང་། །ཤེས་རིག་གསལ་བའི་སྐྱེས་བུར་འགྱུར། །ལང་ཚོས་རྒྱགས་པའི་འདོད་ལྡན་དག །འཇོ་བ་སྒེག་པ་སྟོན་པར་བྱེད། །ཞི་བ་ཡི་ནི་ལུས་ཅན་ལས། །འཇིགས་པ་མི་འགྱུར་ངེས་མེད་དེ། །མར་མེའི་རྩེ་མོ་དཀར་པ་ལས། །དུད་ བ་ཞག་པོ་ཅིས་མི་འབྱུང་། །འཇིགས་འབྱུང་གཅིག་ཏུ་མ་ངེས་ཏེ། །འཇིགས་བྱེད་ཆེན་པོ་ཞིག་པའི་གཟུགས། །ཞི་བའི་ཆེད་དུ་ཅིས་མི་འགྱུར། །ཡོན་ཏན་ཆུ་ཡིས་མི་མཛའ་བའི། །འགྲོ་བའི་མེ་འཇིལ་སྐྱོན་ཕུབ་མིན། །སྣང་བ་ཁོ་ནས་མུན་པ་ནི། །སེལ་འགྱུར་མིན་ནམ་མུན་པས་ མིན། །བླུན་པས་དོན་འགྲུབ་གང་ཡིན་པ། །དེ་ནི་བྱ་རོག་ཏ་ལར་མཚུངས། །སྲིན་བུས་ཤིང་དག་ཟོས་པའི་རྗེས། །སྟེས་དབང་ཡི་གེ་སྣང་བ་བཞིན། །སྐྱེ་བོ་ཡོན་ཏན་ལྡན་པ་དག །མཁོ་བའི་སྒོ་ནས་ཕལ་ཆེར་ཉམས། །ནེ་ཙོ་ཚིག་གསལ་སྨྲ་བ་ཡང་། །གཟེབ་ཀྱི་སྤྱིལ་བུས་ སྲུང་བར་འགྱུར། །གདུལ་བར་བླ་བའི་དགྲ་དག་ཀྱང་། །སེམས་ཅན་ཆེས་བསྟེན་གདུལ་བར་དཀའ། །ཆུ་ཐིགས་མཚོ་ནང་ལྷུང་བ་དག །ཉི་མས་སྐེམས་པར་མི་ནུས་སོ། །བདག་ཉིད་བརྩམས་པ་མཐར་ཕྱིན་པའང་། །ཡང་ན་མ་བརྩམས་རྩོམ་མི་བྱེད། །གང་དུ་ཐོག་བབ་འཇོམས་བྱེད་ཅིང་། །ཡང་ན་ འབབ་པར་མི་བྱེད་དེ། །རྟོགས་པར་བླ་ཡང་བླུན་པོས་ནི། །ཡོན་ཏན་སྐྱོན་དག་འབྱེད་མི་ནུས། །སྐྱེ་བོ་མིག་ནི་ལོང་བ་ལ། །སྣང་བ་དང་ནི་མུན་པར་མཚུངས། །འགྲོ་བ་གནོད་ལས་སྣོད་སྨད་དེ། །རྟག་ཏུ་རོག་ཅིག་འབབ་པའི་ཆར། །སྦྲུལ་ཁར་བབ་ན་དུག་ཏུ་འགྱུར། །ཉ་ཕྱིས་ཁར་བབ་མུ་ཏིག་ འགྱུར། །བླུན་པོ་ཕལ་ཆེར་ཐུབ་ཆོད་བྱེད། །མཁས་པ་དེ་ལྟ་མ་ཡིན་ནོ། །ཆུ་ནང་ཟླ་བའི་གཟུགས་བརྙན་ནི། །བྱིས་པ་ལས་གཞན་སུ་ཞིག་འཛིན། །ཅུང་ཟད་མི་མཐུན་བྱས་པའི་རྒྱུས། །སེམས་ཡང་བ་དག་ལྷག་པར་ཁྲོ། །རླུང་གིས་བདས་པའི་རྡུལ་ཕྲན་ཡང་། །ཤིན་ཏུ་ཐག་རིང་ འཐུལ་བར་བྱེད། །ཡོན་ཏན་ཅན་ལ་མི་སྲུན་དག །ཐིབས་ནོན་བརྙས་ཐབས་སྣ་ཚོགས་བྱེད། །རྩྭ་ཤིང་ཆུ་བོའི་སྟེང་ན་འཕྱོ། །རིན་པོ་ཆེ་དག་མ་ཡིན་ནོ། །བློ་དང་ལྡན་པས་རྒུད་པ་ལས། །བསླང་བར་ནུས་ཀྱི་ཕལ་པས་མིན། །ཤ་ར་བྷ་ཡིས་དབུགས་རྔུབས་པས། །ཁྲོན་པའི་ཆུ་ནི་ འཐུང་བར་བྱེད། །ཡུན་རིང་འདྲིས་པའི་ཡོན་ཏན་ལ། །ལུས་ཅན་དག་ནི་སྐྱོ་བ་སྐྱེ། །ཤིན་ཏུ་ངོམས་པར་ཆུ་འཐུངས་ནས། །དེ་ཉིད་ཡོངས་སུ་སྤོང་བར་བྱེད། །ཐབས་དང་བྲལ་བར་བྱེད་པ་ན། །དམ་པས་ཀྱང་ནི་དོན་མི་འགྲུབ། །གཞུ་ནི་ལོག་པའི་འགེངས་པའི་མིས། །མདའ་དྲང་ འབེམ་ལ་ཕོག་མི་འགྱུར། །མི་དག་གོ་འཕང་མཐོ་རྙེད་ན། །ཕལ་ཆེར་དེ་ན་རྨོངས་པར་འགྱུར། །རི་རྩེ་མཐོ་ལ་འདུག་པས་ཀྱང་། །གཤོང་ཡང་ཐད་དང་འདྲ་བར་མཐོང་། །ཁ་ཅིག་ཡོན་ཏན་མེད་འཁོར་ནའང་། །དམ་པ་འཁོར་བ་སྤོང་མི་བྱེད། །ཟླ་དཀྱིལ་ལ་བརྟེན་ར་རི་ཡི། །ལྷན་ ཅིག་སྐྱེ་ཞིང་འགྲིབ་པ་བཞིན། །བདག་ཉིད་ཆེ་ལ་རྒུད་དུས་སུའང་། །ལྷག་པར་མཐུ་རྩལ་ཐ་མལ་མིན། །ཨ་ཀ་རུ་ནི་མེར་བསྲེགས་ན། །དྲི་ཞིམ་ཐ་མལ་དེ་ལྟ་མིན། །བདག་ཉིད་ཆེ་ལ་སྐྱོན་ཕྲ་ཡང་། །བསལ་གྱི་ཕལ་ལ་དེ་ལྟ་མིན། །ཇི་ལྟར་ཟླ་བ་ཉ་བ་ལ། །ར་རི་མངོན་གྱི་ཚེས་ལ་མིན། །མཐུ་ཡིས་ ཕོངས་པའི་ཕལ་པ་དག །གཞན་ལ་རྩོལ་ཞིང་འགྲོ་བའི་ཚེ། །རང་གཅོད་མི་ནུས་བདར་རྡོས་ཀྱང་། །སྟ་རེ་རྣོན་པོར་བདར་བར་བྱེད། །སྐྱེ་བོ་གཅམ་པ་ཕ་རོལ་གྱི། །ཐག་རིང་སྐྱོན་ལྟ་རང་གི་མིན། །མིག་གིས་རང་གི་སྐྱོན་མི་མཐོང་། །ཟླ་བའི་ར་རི་རྟོགས་པར་བྱེད། །སྐྱེ་བ་མེད་ཅིང་རིན་ཆེན་ དང་། །སེལ་མེད་བརྟན་ལ་དབྱེ་དགའ་བའི། །ནོར་བུ་འབར་འདྲའི་དམ་པ་དག །ཕྲན་ཚེགས་ཙམ་གྱིས་འགྱུར་བ་མེད། །གཉུག་ཐུང་རང་བཞིན་ཡང་བ་དང་། །མགུ་དགའ་ཁྲེལ་མེད་ཁོང་རྩུབ་པའི། །ངན་པས་མཛའ་བཤེས་ཡིད་གཅོད་བྱེད། །མཁའ་ལ་མེ་ནི་རླུང་གིས་སྤོར། ། ཕན་བྱེད་ས་བོན་དམ་པའི་སར། །བཏབ་འཁྲུངས་མི་སྲུན་ཚ་སྒོར་མིན། །ཏིལ་མར་ཐིགས་པ་ཆུང་ངུས་ཀྱང་། །ཆུ་ལ་སྙོམས་ཀྱི་བྱེ་མས་མིན། །བློ་ལྡན་དགྲ་སྲོག་ཉིད་འཇོམས་ཀྱི། །མི་མཁས་པ་ནི་ཡན་ལག་གོ །སེང་གེ་ཁྲོས་ནས་མི་གསོད་ཀྱི། །ཁྱི་ཁྲོས་ནས་ནི་རྡོ་ལ་སྙེགས། ། འབྱོར་པ་ཕན་རྩེ་གང་དག་གིས། །སེམས་ཡང་པ་དག་དྲོད་མི་ཐུབ། །པ་རྒྱས་སྦྲང་བུ་འཛིན་བྱེད་ཀྱི། །མ་ཏང་ཀཱ་ཡིས་གླང་པོ་མིན། །མང་པོས་རེག་པར་མི་བཟོད་པའི། །ཟེར་ལྡན་བཀྲ་ཤིས་ཟླ་བ་ཡང་། །སྐྱོན་གྱི་རྡུལ་གཅིག་བསྐྱེད་པ་ན། །ཡོན་ཏན་བརྒྱ་ལྡན་མཚུངས་པར་བྱེད། ། ངན་པ་འཚོ་བ་ཚུལ་འཆོས་བས། །གླགས་རྙེད་གཞན་ལ་འཚེ་བར་བྱེད། །ལག་འགྲོ་ཟས་སུ་རླུང་ཟ་ཡང་། །ཕ་རོལ་འཚེ་བ་མི་གཏོང་ངོ་། །མི་སྲུན་མི་ཡིས་ངན་པ་དག །སྐྱོན་བཏགས་རབ་ཏུ་འཚེ་རབ་བྱེད། །པ་ཡིས་མཁའ་ལ་རྒྱ་བཙུགས་ནས། །སྦྲང་བུ་བཟུང་ཞིང་གསོད་པར་བྱེད། །ཡུལ་གྱི་ དུས་ཤེས་གྲོང་བའི་ཡིད། །རང་བཞིན་ངན་པ་ཅིས་མི་བྱེད། །ཤ་རུལ་དྲི་མི་ཞིམ་པ་དག །ཁྱི་ལྟོགས་ཀྱིས་དེ་ཅིས་མི་ལེན། །སྐྱེ་བོ་དམ་པ་གཡོ་མེད་ལ། །ངན་པ་ལྷག་པར་འཚེ་བར་བྱེད། །པདྨས་གནོད་པ་མ་བྱས་པར། །བ་མོས་རྟག་ཏུ་སྐེམས་པར་བྱེད། །མི་སྲུན་པ་དག་མི་སྲུན་ པས། །འདུལ་འགྱུར་སྐྱེ་བོ་དམ་པས་མིན། །མཛེ་ཡི་ནད་དང་མཐུན་པའི་སྨན། །ཨ་རི་ཏ་ཡི་ཤིད་བསྟེན་ནོ། །ངན་གཡོ་ཅན་དག་དང་པོར་ནི། །ཡོན་ཏན་ལྡན་པའི་ཆེ་བ་འགོག །བུད་མེད་ཀྱི་ནི་ནུ་རྒྱས་ལ། །དགའ་བ་དང་པོར་དེ་ལ་འབབ། །བླུན་པོ་ལྷག་པར་སྲིད་ མཐོ་ཡང་། །བློ་ལྡན་དབུལ་པོས་ཟིལ་གྱིས་གནོན། །མཁའ་ལས་ཆར་པ་བབ་པ་ཡིས། །རྡུལ་ཕྲན་ལྡང་བ་ཞི་བར་བྱེད། །བློ་ལྡན་རབ་ཏུ་ཉམ་ཐག་ཀྱང་། །བརྙས་ཐབས་བསྲེས་པའི་ནོར་མི་ལེན། །ཁུ་རྟ་དག་ནི་ས་སྟེངས་ཀྱི། །མཚོ་ཆུའང་འཐུང་བར་མི་བྱེད་དོ། །བདག་ཉིད་ཆེན་པོ་དར་བ་ དང་། །རྒུད་པ་ན་ཡང་སེམས་སྙོམས་འགྱུར། །ཉི་མའི་དཀྱིལ་འཁོར་འཆར་བ་དང་། །ནུབ་པ་ན་ཡང་འགྱུར་བ་མེད། །ཉིན་རེ་འབྲི་བའི་སྡུག་བསྔལ་དག །ཟླ་དེས་ལྟ་བུར་བཟོད་པར་ནུས། །ཉི་མ་ལྟ་བུའི་བཙན་པོ་ཡང་། །ནུབ་འདོད་བྲི་བ་སྤྲོ་བ་མེད། །རང་ཉིད་ཉམ་ཐག་མ་བྱུང་བར། །དེ་སྲིད་ མི་དང་འགྲོགས་བྱེད་དེ། །གླད་པར་གནམ་ལྕགས་བབ་པ་སྟེ། །སུ་ཞིག་གིས་ནི་བསྐྱབ་པར་ནུས། །ཡོན་ཏན་ལྡན་པ་གཞན་ཕན་པ། །མི་བྱེད་ཕལ་དང་ཁྱད་ཅི་ཡོད། །ཉི་མ་མུན་བསལ་མི་བྱེད་ན། །དེ་ནི་མུན་ལས་ཁྱད་པར་མེད། །འགའ་ཞིག་དགའ་བསྡོམས་མཐུ་ཡོད་ཀྱི། །གཅིག་པོས་ཀུན་ འགྲུབ་ཡོད་པ་མིན། །རྡོ་རྗེས་ཕ་བོང་འབིགས་བྱེད་ཀྱང་། །དེ་ཉིད་རྭ་རུས་གཅོད་པར་བྱེད། །འདབ་གཤོག་རྫོགས་ཀྱང་འགྲོ་འདོད་པའི། །འབད་རྩོལ་གྱིས་འཕངས་ཐག་རིང་འཕུར། །འཕངས་པའི་ཤུགས་ཟད་མདའ་དག་ཀྱང་། །རང་ཉིད་ལྟུང་བར་བྱེད་པ་བཞིན། །ལོངས་སྤྱོད་བདོག་ ཀྱང་འཇུངས་པ་དག །རང་གི་ལས་ཀྱིས་སྤྱོད་དབང་མེད། །རྒུན་གྱི་འབྲས་བུ་སྨིན་པའི་ཚེ། །ཁྭ་ལ་མཆུ་ནད་འོང་ཞེས་གྲགས། །ཤེས་རབ་ལྡན་པས་རྫས་བཟང་པོ། །མཐོང་ན་མོད་ལ་བྱེ་བྲག་ཕྱེ། །ལག་པའི་ཚོད་ལ་རབ་གོམས་པས། །སྲང་ཚད་རྣམས་ནི་ཤེས་པར་བྱེད། །སྡིག་པས་ སྤགས་པའི་རང་བཞིན་ལས། །དཀའ་བས་ཡིད་ནི་དག་འགྱུར་ཏེ། །ངང་གིས་དྲི་མ་ཅན་གྱི་གོས། །རབ་ཏུ་འབད་པས་དཀར་པོར་འགྱུར། །གཡོན་ཅན་གུས་པ་སྟོན་པ་ནི། །དགོས་པའི་ཆེད་ཡིན་གུས་པས་མིན། །སྨད་འཚོང་སྐྱེས་པ་དགའ་བྱེད་པ། །འདྲིད་པའི་ཆེད་ཡིན་དགའ་བས་ མིན། །སྦུ་དང་མྱུ་གུ་སྒོང་སྐྱེས་མེ། །དུག་དྲེའུ་ཤིང་སྲིན་རྨ་འབུ་དང་། །རང་བཞིན་ཁྲེལ་མེད་མི་དག་ནི། །རང་རྟེན་མི་ཕུང་མི་གཏོང་ངོ་། །ཡོན་ཏན་ལྡན་ལ་ཕྱུག་པོ་དཀོན། །ཕྱུག་པོ་ཕལ་ཆེར་ཡོན་ཏན་མེད། །མེ་ཏོག་རྣ་རྒྱན་རབ་མཛེས་ཀྱང་། །ལི་ཤིའི་མེ་ཏོག་དྲི་རབ་ཞིམ། །རང་བཞིན་ མི་བརྟན་ལྷག་པར་གཡོ། །གཟུང་དཀའ་བཅོས་དཀའ་སྐྱོན་ལྡན་པའི། །དངུལ་ཆུ་ལྟ་བུའི་སྦྱོར་བ་ཡིས། །མ་བསྡམས་དམ་པ་གང་ལ་འགྲུབ། །མཐོ་ན་དྲེགས་པར་མི་བྱེད་དེ། །རྒུད་ནའང་ཡི་ཆད་མི་བྱའོ། །ཉི་མས་མུན་པ་གསལ་མོད་ཀྱི། །ཉི་མ་ཤར་བ་ནུབ་པར་འགྱུར། །ཀུ་ལའི་རི་ བརྟན་རབ་ཆེ་ཡང་། །མི་གཞོལ་སྐྱོན་གྱིས་སྤངས་ནས་ནི། །ཆུ་རྣམས་རྒྱ་མཚོར་འབབ་པ་ཡང་། །བདག་ཉིད་རིམ་གྱིས་གཞོལ་བ་ལྟོས། །ཆོ་རིགས་ཡོན་ཏན་ལྡན་ན་ཡང་། །རང་བཞིན་མི་སྲུན་བཤེས་མི་བྱ། །མེ་མཆེད་གྱུར་ན་མ་ལ་ཡའི། །ཙན་དན་གྱིས་ཀྱང་སྲེག་པར་བྱེད། །སྨད་ རིགས་གཟེངས་མཐོས་ཐོག་མར་ནི། །རྗེ་དཔོན་ཁྱད་དུ་གསོད་པར་བྱེད། །ས་རྡུལ་གྱེན་དུ་འཐོར་བ་ཡང་། །འཐོར་བྱེད་ཉིད་ལ་ཐོག་མར་འབབ། །གང་གིས་བླུན་པོ་ཉམ་ཐག་པས། །བགྲོད་དཀའ་ཤེས་རབ་ལྡན་པས་རྒལ། །ལྕགས་གོང་ཆུ་ནང་བྱིང་བ་དག །དེ་ཉིད་སྣོད་བྱས་སྟེང་ན་ འཕྱོ། །ཕུང་ཁྲོལ་རང་ཉམས་འཇུངས་ནོར་དང་། །དམན་པ་གསོན་པོར་གྱུར་པ་དང་། །བྱ་རོག་ཡུན་རིང་འཚོ་བ་དག །གནོད་པར་འགྱུར་གྱིས་ཕན་པ་མེད། །དམ་པ་སྙིང་རྗེའི་གཟི་ལྡན་པ། །འགྲོ་བ་ཀུན་ལ་གཉེན་པར་བྱེད། །འཇིག་རྟེན་ཕར་ཕྱིན་ཉི་མའི་ཟེར། །མཐོན་པོའི་ གནས་ནས་ས་ལ་འབབ། །སྨད་རིགས་ཕལ་ཆེར་དམན་རྣམས་ལ། །རྔན་ཅན་བྱེད་ཀྱི་མི་མཆོག་མིན། །ཏིལ་མར་ཆུ་ནང་ཁྱབ་བྱེད་ལ། །མར་གསར་བཅུག་ན་འཁྱག་པར་བྱེད། །སྐྱེ་བོ་དམ་པ་རབ་ཁྲོས་ཀྱང་། །ཐབས་ཀྱིས་གཉེན་འགྱུར་དམུ་རྒོད་མིན། །ཆབ་རོམ་སྲ་ཡང་བཞུ་བ་ ཡིན། །ཐབས་ཡོད་རྩྭ་འཇམ་མ་ཡིན་ནོ། །སྨད་རིགས་དག་ནི་ཕན་བྱེད་ནའང་། །ཡ་རབས་ལ་གནོད་ཁྲོས་ཅི་སྨོས། །གཤིན་རྗེ་འཛུམ་ནའང་འཆི་འགྱུར་ན། །རབ་ཏུ་ཁྲོས་ན་སྨོས་ཅི་དགོས། །དམ་པ་ཡོན་ཏན་སྟོན་བྱེད་དེ། །སྐྱེ་བོ་ངན་པ་སྐྱོན་ཉིད་བསྟན། །ནོར་བུ་རིན་ ཆེན་རང་བཞིན་ལྕི། །ཀ་ཤའི་ཤིང་བལ་རང་བཞིན་ཡང་། །འགྲོ་བ་ཤིན་ཏུ་གྲངས་མེད་ཀྱང་། །སེམས་ཅན་ཡོན་ཏན་ལྡན་པ་དཀོན། །ཡུལ་ལྗོངས་དཔག་ཏུ་མེད་མོད་ཀྱི། །རིན་པོ་ཆེ་དག་འབྱུང་བ་དཀོན། །རྒྱུ་སྤུན་མང་པོ་བསྡོམས་པ་བཞིན། །སྐྱེ་བོ་ ངན་བསྡོངས་གཞིག་པར་དཀའ། །བྱེའུ་དུས་གཅིག་འཕུར་བ་ཡིས། །ཉི་མའི་ངོས་ནི་ཁེབས་པར་བྱེད། །དམན་ལས་ཡོན་ཏན་ལྡན་པ་འབྱུང་། །དམ་པ་ལས་ཀྱང་ངན་པ་འབྱུང་། །འདམ་གྱི་ནང་ནས་པདྨ་འབྱུང་། །པདྨ་ལས་ཀྱང་སྲིན་བུ་འབྱུང་། །རྒྱལ་པོ་མི་སྲུན་གཅེས་བྱེད་ ལས། །ཡོན་ཏན་ལྡན་པའི་གོ་འཕང་མིན། །ཁང་པ་སྦྲུལ་གདུག་ཅན་དག་ཏུ། །སྒྲོན་མེ་ལེགས་པར་གསལ་མི་འགྱུར། །བདག་ཉིད་ཆེན་པོ་ཉམས་པ་ལ། །ཆེན་པོ་མིན་པས་མི་བཀུར་རོ། །ཟླ་བའི་ཤས་ཙམ་ལུས་པ་ཡང་། །དྲག་པོ་ཉིད་ཀྱིས་སྤྱི་ལ་བཀུར། །གནོད་པ་བྱེད་ན་ ཕན་འདོགས་དང་། །དཔོན་བྱེད་དང་ཆེ་ཉམ་ཐག་བསྟེན། །ཕོངས་ཀྱང་སྦྱིན་གཏོང་སེམས་ཡོད་པ། །བདག་ཉིད་ཆེན་པོ་ཆེ་བའི་རྟགས། །ཡ་རབས་དག་གི་ངར་ཅན་ཚིག །ཙང་ཤུའི་ཁུ་བས་ཟ་འཇིལ་བཞིན། །ངན་གཡོ་ཚིག་སྙན་རྒྱ་ཤུག་གི །འབྲས་བུ་མངར་ཡང་འཁྲུ་བར་བྱེད། ། ཕན་བཏགས་དྲིན་བགྲང་མི་བྱེད་དང་། །དམན་ལ་དད་ཆེན་མ་བསླངས་སྟེར། །བྱ་བ་འདུམ་བྱེད་ཡོན་ཏན་ཅན། །བརྒྱ་ཡི་ནང་ན་འགའ་འགར་ཤེས། །གང་ཞིག་ཆད་པས་གཅོད་ནུས་པ། །དེ་ཉིད་ཕན་པར་བྱེད་ཀྱང་ནུས། །ཉི་མས་སྐེམས་བྱེད་ཆར་ཉིད་ཀྱང་། །འབེབས་པར་བྱེད་ཀྱི་ ཟླ་བས་མིན། །དོན་གཉིས་མི་མཐོང་བྱིས་པས་མིན། །མཁས་པ་དེས་ཀྱང་ཅི་ཞིག་བྱ། །ལོང་བ་གཉིས་ཏེ་དམུས་ལོང་དང་། །རིག་པ་མེད་པའི་ལོང་བའོ། །བསྟན་བཅོས་བརྩོན་བྱས་ཕན་མེད་ན། །དོན་མེད་བརྩོན་པ་བྱ་ཞེས་བྱ། །སྦྱོར་བ་མེད་པར་ནད་ཞི་ན། །བཅུད་ཀྱིས་ལེན་སོགས་ དོན་མེད་དོ། །སྨྲ་བ་སྨྲ་ཞིང་བག་འཁུམས་མིན། །བཙན་ཚིག་མ་ཡིན་རན་ན་མཛེས། །རན་པར་འཇལ་བའི་སྲང་མདའ་ནི། །མཐོ་བ་མ་ཡིན་དམའ་བའང་མིན། །རང་བཞིན་མི་སྲུན་ཕལ་ཆེར་ནི། །མ་བསྡིགས་ཕན་པ་མི་བྱེད་དེ། །སྨད་འཚང་མི་ཡི་རྡོག་པ་ཡིས། །མྱ་ངན་འཚང་བསྣུན་མེ་ ཏོག་ལྟར། །ངན་པ་ལེགས་ཀྱང་ལེགས་བ་གང་། །མཐོང་ན་དེ་ནི་དེ་ལས་བླངས། །ཡོན་ཏན་ལྡན་པའི་རིན་ཆེན་ཡང་། །ངན་ལ་ནམ་ཡང་འབྱུང་བ་མེད། །འཇིག་རྟེན་རྗེས་སུ་འགྲོ་འདོད་པས། །འཚོ་ཆོས་ཐམས་ཅད་ཤེས་པར་བྱ། །མཁའ་འགྲོ་མ་ཡི་དམ་ཚིག་དག །མི་ཤེས་གནད་རྣམས་ ཤེས་པ་མེད། །འགྲོ་བའི་ནང་ན་འདི་གཉིས་བདེ། །འདི་གཉིས་རག་ལས་མེད་པ་སྟེ། །འདོད་པ་ཐམས་ཅད་སྤངས་པ་དང་། །འདོད་དགུ་ཕུན་སུམ་ཚོགས་པའོ། །ཆེ་བདག་བསྐལ་བསྒྲུབ་སྤྱོད་པ་ཡང་། །ངན་པས་ཐང་ཅིག་ཆུད་གསོན་བྱེད། །ཆུ་ཡིས་རིམ་བསྒྲུབས་ལོ་ཏོག་ཀྱང་། །སྐད་ ཅིག་གིས་ནི་མེས་སྲེག་བྱེད། །སྐྱེ་བོ་བླུན་ཁྲོད་གཡོན་ཅན་གྱི། །གོ་འཕང་མཆོག་ཐོབ་ཆེ་བདག་མིན། །རབ་རིབ་སྟུག་པོར་སྐར་མ་ལྟར། །ཉི་མ་ནམ་ཡང་གསལ་མི་འགྱུར། །རང་བཞིན་རྣམ་དག་བསོད་ནམས་ལྡན། །བཙུན་མོའི་འཁོར་ནའང་སེམས་ཞི་ཡི། །དགོན་པ་ཞི་བའི་ནགས་ དག་གི །སྟག་དག་ཞི་བ་མ་ཡོན་ནོ། །མི་སྲུན་འདྲིས་བྱས་ཕུང་འགྱུར་ཞེས། །མི་དག་ཟེར་བ་དེ་རེ་བདེན། །སྦྲུལ་གདུག་དང་ནི་རྩེ་བའི་དུས། །བདེ་ལེགས་ཞིག་ཏུ་ག་ལ་འགྱུར། །རང་བཞིན་ཤིན་ཏུ་མ་དག་པའི། །སྐྱེ་བོ་ངན་པའི་སྡོམ་པ་ཡང་། །རྔོན་པ་ངུར་སྨྲིག་གོས་བགོས་ པས། །རི་དགས་འདྲིས་ནས་གསོད་པ་བཞིན། །བློ་ལྡན་ཀུན་ཏུ་ཐོག་མར་ནི། །འདུལ་བའི་ཆེད་དུ་སྤུངས་བསྐྱེད་དེ། །གསེར་ནི་སྦྱང་བ་མ་བྱས་པར། །ལས་སུ་རུང་བར་མི་འགྱུར་རོ། །སློང་ལ་བྱིན་པས་ཕྱུག་པོ་ནི། །ཆོས་དང་གྲགས་འབྱུང་སློང་བ་མིན། །དེ་བཞིན་ཕྱུགས་ལ་ བཀུར་སྟི་འབྱུང་། །སློང་ལ་མིན་པས་སློང་བ་ཀུན། །ངན་གཡོ་ཚིག་སྙན་སྨྲ་བ་དང་། །སྤྱོད་པ་སྦུ་གྲི་བཞིན་དུ་བྱེད། །ལག་འགྲོ་ལ་སོགས་བྱ་བ་གཞན། །སྒྲ་སྙན་རྨ་བྱའང་བྱ་བ་བཞིན། །བླུན་པོ་བློ་ལྡན་གསལ་བ་ཡིས། །བླ་འོག་གི་ནི་དོན་མི་ཉམས། །མིག་ལྡན་ལམ་དུ་ ཞུགས་པ་ནི། །གོམ་པ་ཆུད་ཟོས་མི་འགྱུར་རོ། །དབང་ཕྱུག་ཡོན་ཏན་མ་དད་གང་། །བླུན་ནམ་འོན་ཏེ་བརྙས་ལས་འགྱུར། །མུ་ཏིག་མི་ཤེས་ལོང་བ་ཡིས། །གཅེས་པར་མ་བརྩིས་ཅི་ཞིག་འགྱུར། །རྒྱལ་པོའི་བྱིན་དང་བློན་པོའི་མཐུས། །ཐབས་ཀྱི་འགྲུབ་པར་འགྱུར་ བ་ནི། །ཆད་པ་དམ་པོར་བསྡམས་པའི་མཐུས། །རལ་གྲིའི་གཟས་པ་ཆད་པར་འགྱུར། །གཞུང་ལུགས་རྣམས་ལ་བྱང་བྱས་ཀྱང་། །ཉམས་སུ་ལེན་པར་མི་བྱེད་ན། །ལག་པ་ན་ནི་སྒྲོན་ཡོད་ཀྱང་། །ལོང་བས་ལམ་ནི་མི་མཐོང་བཞིན། །ཀུན་ལ་ཕྱོགས་ སུ་མ་ལྷུང་ཞིང་། །ལྷག་པར་བྱམས་སྡང་མི་བྱའོ། །རོ་གཅིག་ཟས་ཀྱི་སྤྱོད་པ་ནི། །ནད་མི་འགྱུར་ཞེས་སྨྲ་བ་ཡིན། །ཀུན་དུ་དབུས་ན་གནས་པ་ནི། །མཁས་པ་རྣམས་ཀྱིས་བསྔགས་པ་ཡིན། །ཉི་མ་འཆར་ཚེ་ཆེ་བ་སྟེ། །ནམ་མཁའི་དཀྱིལ་ཕྱིན་རན་པར་འགྱུར། །བུད་ མེད་ཆེ་བདག་ཉིད་ཀྱང་སྤང་། །རྒྱལ་པོའི་འབྱོར་པ་སྨད་འཚོང་བཞིན། །འཁོར་ཡུག་གནས་པའི་ས་ཉིད་ཀྱང་། །གདེངས་ཅན་ཆ་ཤས་གཡོ་བར་བྱེད། །དེ་ལྟར་འབྱོར་པ་འགས་རྙེད་ལྟར། །མཁས་པའི་ཡོན་ཏན་མཁས་བས་ཤེས། །གྲོང་ན་སྐྱོན་ཅན་ལམ་ལོག་སྤྱོད། ། རྩྭ་བཞིན་དུ་ནི་རབ་ཏུ་མང་། །ལེགས་པ་མ་མཐོང་བདག་ཉིད་ཆེའི། །ཡོན་ཏན་ཡོད་ཀྱང་ཡིད་མི་ཆེས། །རྒྱ་མཚོའི་ཆུ་ནི་རྒྱ་ཆ་ཞེས། །ཁྲོན་པའི་རུས་སྦལ་སུས་ཡིད་ཆེས། །སྒྲུབ་པ་སྣ་ཚོགས་སྒོ་ནས་ནི། །ལ་ལ་ངན་དགོས་ཆེ་བདག་མིན། །འཁར་བ་ལས་ནི་བྱས་པ་ཡི། །མེ་ལོང་ སྟོན་གྱི་གསེར་གྱི་མིན། །དམ་པ་གཞན་གྱིས་ཕྱེ་ན་ཡང་། །རང་གི་ཡོན་ཏན་གྱིས་འདུམ་བྱེད། །མི་སྲུན་ལྕགས་གྱོང་འདྲ་བ་ནི། །འབྱེད་པར་ནུས་ཀྱིས་འདུམ་མི་ནུས། །བདག་ཉིད་ངན་པ་མ་རིག་པ། །རིག་པའི་ལམ་ལའང་རྨོངས་པ་སྐྱེ། །སྒྲོན་མས་ཕྱུང་བའི་སྣང་བ་ ལ། །མཁའ་ལ་རྒྱུ་བ་ལོག་པར་རྒྱུ། །ཇི་ལྟར་ནོངས་སྐྱོན་མེད་པའི་ཚིག །དྲག་པོའི་སྐྱོན་གྱིས་འགྱུར་བ་ལྟར། །གནོད་བྱེད་དེ་ལྟར་མ་ཡིན་ཏེ། །སྲེག་པའི་གནོད་འགྱུར་ཆུ་སྐྱར་མིན། །བདག་ཉིད་ཆེན་པོའི་འབྱོར་པ་གང་། །དེ་ལས་རིམ་གྱིས་རྒུད་པ་འབྱུང་། །ཉི་མས་ ཡུན་རིང་བསྐྱངས་ནས་ནི། །དུས་ཀྱི་མཐའ་མར་འགྲོ་སྲེག་བྱེད། །འབྱོར་པ་རང་བཞིན་མི་བརྟན་པའང་། །སེམས་ཅན་ཆེ་ལ་བརྟན་པར་འགྱུར། །དངུལ་ཆུས་བྱེར་བ་སྦྱོར་བ་ཡིས། །ཕན་ཚུན་འབྱེད་བསྡུ་ཅིས་མི་ནུས། །ངན་གཡོའི་འཇམ་ཚིག་རྣོན་པོ་ཡིས། །ཇི་ལྟར་སྙིང་ ལ་གདུང་བྱེད་པ། །དེ་ལྟར་རལ་གྲི་རྣོན་པོ་དང་། །རླུང་ཆུ་དེ་བཞིན་མེས་མི་བྱེད། །ཉམས་པར་གྱུར་ན་སེམས་ཅན་དག །སྤྱོད་པ་ལོག་པར་བྱེད་པར་འགྱུར། །རྨི་ལམ་ན་ནི་འོད་མེད་པའི། །ཉི་མ་མཐོང་ན་འཆི་བར་འགྱུར། །གཞན་ལ་གནོད་པས་ཡིད་གདུངས་ལྟར། །རང་ལ་གནོད་པས་དེ་ལྟ་ མིན། །རང་ལ་གནོད་ན་མི་གཡོ་བའི། །ས་ནི་གཞན་ལ་གནོད་པས་གཡོ། །མཁས་པས་འདི་ནི་གཉེན་གདུག་ཅེའམ། །དབང་ཕྱུག་ཤེས་རབ་བག་མི་དབབ། །རླུང་གིས་མེ་ཡང་གཏོར་མོད་ཀྱི། །སྒྲོན་མེ་འབར་བའང་གསོད་པར་བྱེད། །གཏུམ་པོ་འདིས་ནི་ཕན་བཏགས་ཞེའམ། །འཕང་ཞེས་ སུ་ཡི་ངོར་མི་བལྟ། །མེ་མཆེད་གྱུར་ན་སྦྱིན་སྲེག་མཁན། །ཡོ་བྱད་བཅས་ཏེ་ཚིག་པར་འགྱུར། །སྲོག་ལ་བབ་ཀྱང་བློ་ལྡན་ཉིད། །དད་གཙང་ཡོན་ཏན་འདོར་མི་བྱེད། །དུང་ནི་མེ་ཡིས་བསྲེགས་ན་ཡང་། །རང་བཞིན་དཀར་བ་མི་འདོར་རོ། །ཁྲེལ་མེད་བྱ་བ་བྱ་བ་མིན། །སྤྱོད་པས་ནམ་ཡང་ཆོག་པ་མེད། ། མྱ་ངན་ལམ་དུ་ཞུགས་པ་དག །ཆུ་གཙང་མི་གཙང་སུ་ཞིག་རྟོག །ངང་གིས་རབ་བསྒྲིམས་བྱ་བ་ལས། །དེ་ལས་ལྷག་པར་ལ་བཟླར་མེད། །བདེ་པར་ཤིང་རྩེར་འཛེགས་པས་ཀྱང་། །དེ་ལས་བརྩལ་ན་ལྟུང་བར་འགྱུར། །ཕལ་ཆེར་འགྲོ་མང་ཕ་རོལ་ལས། །སྐྱོན་འབྱུང་སྨྲ་རིགས་རང་ལས་མིན། ། བུད་ཤིང་དང་ནི་མེ་གཉིས་ལ། །བརྟེན་ནས་མེས་ནི་སྲེག་པར་འགྱུར། །ཐོས་པ་མང་བས་ང་རྒྱལ་དང་། །ཕྱུག་ཁེངས་གཟུགས་མཛེས་རྒྱགས་པ་དང་། །རྒྱ་མཚོ་ལ་ནི་བུལ་ཏོག་ཆུ། །གཤིན་རྗེའི་རྩེད་མོ་ཕྱིན་ཅི་ལོག །བཀྲེན་པ་འདི་བས་བདག་འབྱོར་བས། །བདག་ལ་མི་ཕོད་དེ་མི་བསམ། །མི་ གཡོ་རིན་ཆེན་རྩེ་མོ་ཡང་། །ཅིག་རྡོ་རྗེས་མི་འབིགས་སམ། །ནོར་གྱི་བདག་པོ་སྲུང་མཁས་ཀྱང་། །ནང་བྱད་ཤིན་ཏུ་བསྲུང་བར་དཀའ། །ཉ་དག་རྒྱ་མཚོའི་ཆུ་འཐུང་ཡང་། །འཐུང་ངོ་བར་ནི་མཐོང་བ་མེད། །སྦྱིན་པས་ཕྱུག་པོ་ཉིད་རྙེད་ནས། །ཕོངས་ལ་སྦྱིན་པར་མི་བྱེད་པའི། །ཁྲེལ་མེད་ གང་ཡིན་དེ་ལ་ནི། །ཁྲོས་པས་ལྷག་པར་ཕྱིར་མི་སྟེར། །ཇི་སྲིད་དམ་པ་མི་བརྩོན་པ། །དེ་སྲིད་ཉེས་པ་སྟོབས་ལྡན་འགྱུར། །བརྩོན་པས་ཉོན་མོངས་སྔར་མ་ལ། །བློ་ལྡན་སྐྲག་པར་མི་བྱ་སྟེ། །ཉོན་མོངས་བག་ཆགས་དྲི་མ་ནི། །ཤེས་རབ་མེས་སྲེག་ཏིང་འཛིན་ཆུས། །རྡོ་ ཐལ་རྡོ་བསྲེགས་ཆུས་གཏོར་ན། །དུམ་བུ་བརྒྱར་འགྱེས་བཞིན་དུ་བྱ། །བདག་ཉིད་ཆེན་པོས་བསྟེན་པའི་ལམ། །གཞན་དག་གོམས་པར་བྱེད་པ་ཡིས། །ཅི་ནས་འདི་ལ་དགའ་ལྟའི་ཕྱིར། །འདི་ནི་གོམས་ནས་སྨྲས་པ་ཡིན། །དེ་ལྟར་འགྲོ་བ་ཉེས་པ་སྣ་ ཚོགས་མེས། །དགེ་ལེགས་ས་བོན་མྱུ་གུ་བསྐྱེད་བསྲེགས་པས། །ཇི་སྲིད་སྲིད་གསུམ་ཟ་ཕོད་འཆི་བདག་ནི། །གནམ་ལྕགས་འབབས་ལ་གྲགས་པའི་ཚོགས་སྐྱེད་ཤོག །ཚིགས་སུ་བཅད་པའི་མཛོད་ཅེས་བྱ་བ། །སློབ་དཔོན་ཉི་མ་སྦས་པས་མཛད་པ་རྫོགས་སོ།། །།ཟ་ཧོར་གྱི་ མཁན་པོ་ཛྙཱན་ཤཱན་ཏི་དང་། བོད་ཀྱི་ལོ་ཙཱ་བ་དཔལ་གྱི་ལྷུན་པོའི་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ༄༅༅། །རྒྱ་གར་སྐད་དུ། ཤ་ཏ་གཱ་ཐཱ། བོད་སྐད་དུ། ཚིགས་སུ་བཅད་པ་བརྒྱ་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །རིག་པ་གཞོན་ པའི་དུས་སུ་སློབ། །བ་ནི་རྒུན་གྱི་དུས་སུ་གསོས། །ཞིང་ནི་སེར་དང་ལྡན་ལ་རྨོས། །འདི་གསུམ་འབྲས་བུ་སྨིན་པའི་རྒྱུ། །མཁས་པས་རིག་པ་རྣམ་ཀུན་དུ། །ལང་ཚོ་ཡོལ་ཀྱང་བསླབ་བྱ་སྟེ། །གལ་ཏེ་འདིར་འབྲས་མ་སྨིན་ཡང་། །སྐྱེ་བ་གཞན་དུ་རྙེད་པར་སླ། །ཡོན་ཏན་དག་ལ་ འབད་བྱ་ཡི། །འགྱིང་ཚུལ་བསྟན་པས་ཅི་ཞིག་བྱ། །འོ་མ་མེད་པའི་བ་དག་ནི། །དྲིལ་བུ་བཏགས་ཀྱང་ཉོར་མི་འགྱུར། །ཡོན་ཏན་ལྡན་པ་ཡོན་ཏན་ལ་དགའ་ཞིང་། །ཡོན་ཏན་མེད་པ་ཡོན་ཏན་ལ་མི་དགའ། །ནགས་ཀྱི་བུང་བ་མཚོ་ཡི་པདྨར་དགའ། །སྦལ་པ་ལྷན་ཅིག་གནས་ ཀྱང་དེ་ལྟ་མིན། །ཡོན་ཏན་ལྡན་ལ་ཕྱུག་པོ་དཀོན། །ཕྱུག་པོ་ལ་ཡང་ཡོན་ཏན་དཀོན། །ཡུལ་ལྗོངས་དཔག་ཏུ་མེད་མོད་ཀྱི། །རིན་པོ་ཆེ་དག་སྐྱེ་བ་དཀོན། །འགྲོ་བ་དཔག་ཏུ་མེད་མོད་ཀྱི། །ཕ་མ་རྙེད་པ་ཤིན་ཏུ་དཀོན། །དམ་པ་རིང་ན་གནས་གྱུར་ཀྱང་། །ཕོ་ཉ་ཡོན་ཏན་ཉིད་བྱེད་དེ། ། ཀེ་ཏ་ཀ་ཡི་དྲི་ཡིས་ནི། །བུང་བ་རང་བཞིན་འོང་བ་བཞིན། །རྒྱལ་པོ་ཡོན་ཏན་ལྡན་པ་གཉིས། །མཉམ་ཞིང་འདྲ་བ་མ་ཡིན་ཏེ། །རྒྱལ་པོ་རང་གི་ཡུལ་ན་འཁུར། །ཡོན་ཏན་ལྡན་པ་ཀུན་ཏུ་འཁུར། །དུས་ནི་ཡུན་ཐུང་རིག་པའི་རྣམ་པ་མང་། གང་ཞིག་གཅེས་པ་དེ་ནི་བསྟེན་པར་ གྱིས། །ཡུལ་ནི་ཤིན་ཏུ་དུས་རིང་གནས་ཀྱང་ངེས་པ་ཁོ་ནར་འགྲོ་བར་འགྱུར། །འབྲལ་ལ་ཁྱད་པར་གཅིག་ཞིག་ཡོད་ན་འགྲོ་བ་རང་ཉིད་སྤོང་མི་བྱེད། །དབང་མེད་འབྲས་ལས་ཡིད་ལ་ཡོངས་སུ་གདུང་བ་མཐའ་ཡས་སྐྱེད་པར་བྱེད། །འདི་དག་རང་གིས་སྤངས་ན་ཞི་བའི་བདེ་བ་མཐའ་ཡས་འབྱུང་ བར་འགྱུར། །དམ་པ་མིན་དང་ལྷན་ཅིག་གནས་གྱུར་ཀྱང་། །ཆུ་དང་པདྨ་བཞིན་དུ་འདྲེས་མི་འགྱུར། །དམ་པ་ཐག་རིང་དག་ན་གནས་གྱུར་ཀྱང་། །ཟླ་བ་ཀུ་མུད་ལྟར་དགའ་བར་བྱེད། །འདུ་འཛི་ཀུན་དུ་སྤང་བར་བྱ། །དམ་པ་དག་དང་འགྲོགས་པར་བརྩོན། །ནད་ཀྱིས་འཇིག་པ་མེད་པ་ནི། ། ཉིན་གཅིག་ལོ་བརྒྱ་བས་ཀྱང་མཆོག །འདོད་པ་ཀུན་ཏུ་སྤང་བར་བྱ། །གལ་ཏེ་དེ་སྤོང་མ་ནུས་ན། །ཐར་པ་དག་ལ་འདོད་པར་གྱིས། །དེ་ཉིད་དེ་ཡི་སྨན་ཡོན་ནོ། །སྐར་མ་ཆེན་པོ་མང་དུ་ཤར་གྱུར་ཅིང་། །ས་ཡི་རྒྱན་གྱུར་ཟླ་བ་ཤར་ན་ཡང་། །གང་ཚེ་ཉི་མ་ནུབ་ན་མཚན་མོར་འགྱུར། །ཉི་མ་མ་ གཏོགས་ཤར་ནུབ་ཕྱོགས་མི་བྱེད། །གང་ཞིག་ཤར་བར་གྱུར་ན་ཡང་། །ཉི་མ་མེད་ན་གཟི་ཅན་མེད། །ཉི་མ་ཤར་བ་མཆོག་ཡིན་གྱི། །གཞན་དག་ཤར་བ་ཅི་ཞིག་དགོས། །མེ་ཏོག་གི་ནི་མགོ་ལྕོགས་བཞིན། །དམ་པའི་འགྲོ་བ་གཉིས་ཡིན་ཏེ། །འཇིག་རྟེན་ཀུན་གྱི་སྤྱི་བཀུར་བའམ། །ནགས་ ཉིད་དུ་ནི་རེངས་པར་བྱ། །མི་སྲུན་སྐྱེ་བོ་ཁུངས་ནས་བྱུང་པ་ཡི། །ཚིག་ངན་སྦྲུལ་གྱིས་སྐྱེ་བོ་དམ་པ་ཟིན། །སྦྲུལ་དེ་ཞི་བར་བྱེད་པའི་གཉེན་པོར་ཡང་། །ཤེས་རབ་བཟོད་པའི་སྨད་དག་བསྟེན་པར་བྱ། །བརྟན་རྣམས་སྡུག་བསྔལ་མྱོང་གྱུར་ཀྱང་། །ཡིད་ནི་ཞུམ་པར་མི་བྱེད་དེ། །ཟླ་བ་སྒྲ་ གཅན་ཁར་ཞུགས་ནས། །འཆར་བར་ཅིག་མི་བྱེད་དམ། །སེམས་ཅན་རྣམས་ལ་གང་གི་སེམས། །སྙིང་རྗེས་བརླན་པར་གྱུར་བ་དག །ཐར་དང་ཡེ་ཤེས་དེ་ཡིན་གྱི། །རལ་པ་ཐལ་བ་ཆོས་གོས་མིན། །ནགས་སྲེག་པ་ཡི་མེ་ལ་ནི། །རླུང་ལངས་གྲོགས་སུ་འགྱུར་བ་ཡི། །དེ་ཉིད་ མེད་པར་གསོད་བྱེད་པའི། །ཉམ་ཆུང་བ་ལ་བཤེས་ཡོད་མིན། །གཞན་གྱིས་གཞན་དུ་བསྒྲགས་ནས་ནི། །མེད་པའང་ཡོན་ཏན་ཅན་དུ་འགྱུར། །རང་ཉིད་ཡོན་ཏན་སྨྲ་བྱེད་ན། །བརྒྱ་བྱིན་ཡོན་ཡང་བཙུན་མི་འགྱུར། །གང་ཞིག་རིགས་ལྡན་ཁེངས་པ་དང་། །ནོར་ཡོད་སེར་སྣ་ལྡན་ པ་དག །དེ་ནི་ལྷ་ཡིས་སྨོད་འདོར་ཏེ། །ཆུ་ལས་མེ་ནི་བྱུང་དང་མཚུངས། །གང་ཞིག་ཡིད་དང་རྗེས་མཐུན་པ། །རིང་ན་གནས་ཀྱང་ཉེ་བ་ཡིན། །གང་ཞིག་ཡིད་དང་མི་མཐུན་པ། །གམ་ན་གནས་ཀྱང་རིང་པ་ཡིན། །གཞན་གྱི་འབྱོར་བ་དམ་པ་མཐོང་ནས་ནི། ། གང་ཞིག་སེམས་འཁྲུགས་པ་ནི་སྐྱེ་འགྱུར་བ། །དོན་དེ་ཅུང་ཟད་རྙེད་པར་མི་འགྱུར་གྱི། །འབྲོ་དེས་རང་གི་བསོད་ནམས་འཇོམས་པར་བྱེད། །ཆགས་པ་དང་འདྲའི་དྲི་མ་འགྲོ་ན་མེད། །ཕྲག་དོག་དང་འདྲའི་གནོད་པ་གཞན་ཡོད་མིན། །སློང་བ་དང་འདྲའི་མཛའ་བོ་ཡོད་མིན་ཏེ། ། གཏོང་བ་དང་མཉམ་གཉེན་ནི་འགྲོ་ན་མེད། །བཀྲེས་པ་དང་འདྲའི་ལུས་ཀྱི་ཟུག་གཟེར་མེད། །སེམས་ལས་དང་མཚུངས་ལུས་ཀྱི་སྐེམ་བྱེད་མེད། །ཡོན་ཏན་ལྟ་བུའི་རྒྱན་ནི་ཡོད་མིན་ལ། །བཟོད་པ་དང་མཉམ་ལུས་ཀྱི་གོ་ཆ་མེད། །སྐྱེ་བོ་སེར་སྣ་ཅན་ལ་ནོར་ཡོད་ཅི་ཞིག་བྱ། །གཡོ་ སྒྱུ་ཕྲག་དོག་ཅན་གྱི་བཤེས་ཀྱིས་ཅི་ཞིག་བྱ། །ཕ་རོལ་གནོད་བྱེད་ཡོན་ཏན་མང་ལྡན་ཅི་ཞིག་བྱ། །ཕོངས་དུས་རྒྱབ་ཀྱིས་ཕྱོགས་པའི་མཛའ་བོས་ཅི་ཞིག་བྱ། །རྣམ་པ་ཀུན་དུ་རང་ཕན་སྤྱད་བྱ་ཡི། །འཁོར་མང་ནང་དུ་སྨྲས་པས་ཅི་ཞིག་བྱ། །སྐྱེ་བོ་ཐམས་ཅད་ཡོངས་སུ་མགུ་ འགྱུར་བ། །དེ་འདྲའི་ཐབས་ནི་གང་ནའང་ཡོད་མ་ཡིན། །གནས་སྐབས་དང་ནི་མཐུན་པར་བྱ། །བདེན་དང་བསྟུན་དང་བྱམས་སྡང་དང་། །བདག་གཞན་དུས་དང་སྦྱར་ནས་སྤྱོད། །གང་ཡིན་དེ་ཤེས་མཛངས་པ་ཡིན། །ཇི་སྲིད་འཚེ་བ་བསད་ཀྱང་ནི། །དགྲ་བོ་ཟད་པར་མི་འགྱུར་གྱི། ། རང་གི་ཁྲོ་བ་ཉིད་བསད་ན། །དེས་ནི་དགྲ་རྣམས་ཀུན་བསད་ཡིན། །མི་སྲུན་སྐྱེ་བོ་གདུལ་བར་བྱ། །ཡོན་ཏན་ཅན་དག་ཀུན་དུ་བཀུར། །དྲང་པོའི་སྤྱོད་པས་དཀོར་མཛོད་དགང་། །རང་གི་ཡུལ་འཁོར་བསྐྱང་བར་བྱ། །ཇི་སྲིད་ལས་ནི་མཐོང་བ་དང་། །ཇི་སྲིད་རྐང་པ་བརྟན་པ་དང་། །ཇི་ སྲིད་ཤེས་རབ་མ་ཉམས་པ། །དེ་སྲིད་རང་གི་ཕན་པ་གྱིས། །རྒྱལ་པོ་བྱི་བོ་བྱེད་པ་དང་། །དེ་ཡི་བློན་པོ་མི་མཁས་པས། །ནོར་བསགས་བ་ལྟ་ག་ལ་སྟེ། །འབད་པ་ཆེན་པོས་སྲོག་སྲུངས་ཤིག །གང་ན་ཞལ་ཏ་བྱེད་པ་མེད། །ཀུན་ཀྱང་མཁས་བར་ང་རྒྱལ་ཆེ། །ཐམས་ཅད་གཙོ་ བོ་བྱེད་འདོད་པ། །དེ་ཡི་ཚོགས་ནི་འཇིག་པར་འགྱུར། །གང་ན་བྱི་བས་མཛོད་པ་བྱེད། །བྱི་ལས་མར་ནི་སྲུང་བ་དང་། །བྱ་རོག་ཕྱག་ཚང་བྱེད་པ་ཡི། །དེ་ཡི་དངོས་དེ་སྨོས་ཅི་དགོས། །ཀུན་དགའ་ར་བའི་ཕྲེང་རྒྱུད་བཞིན། །མེ་ཏོག་རྒྱས་པ་བཏུ་བྱ་ཡི། །ཇི་ལྟར་སོལ་བ་མཁན་བཞིན་དུ། ། རྩ་ནས་གཅད་པར་མི་བྱའོ། །གྲོག་མཁར་ས་དང་སྦྲང་རྩི་དང་། །ཟླ་བ་ཚེས་བ་ཡར་གྱི་ངོ་། །རྒྱལ་པོའི་ནོར་དང་སྤྲང་པོའི་ནོར། །ཅུང་ཟད་ཅུང་ཟད་བསགས་པས་འཕེལ། །ཏི་ཏི་ར་ནི་ཟིལ་བ་ཡི། །ཐིགས་པ་ཙམ་གྱིས་སྲོག་འཛིན་བྱེད། །བསླངས་པས་ཐོབ་པར་མི་འགྱུར་ན། །བརྒྱ་ བྱིན་ལ་ཡང་མི་སློང་ངོ་། །རྨ་བྱ་སོ་གའི་ཆ་བས་གདུངས་ཀྱང་ནི། །མཁའ་དཀ