Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 203

Văn bản gốc(Tây Tạng)

Trang 2 / 18 (50.000 ký tự/trang)
ར་པོ་བུད་མེད་དང་ལྷན་ཅིག་པ། བ་གལ་པ་ནག་པོ་བཞེངས་པ་ཕྱག་ན་བུམ་པ་བསྣམས་བསྐྱེས་པ་

དང་ལྷན་ཅིག་པ། བསུ་བཎྜྷ་བ་གཡས་པས་རླུང་གཡབ་གཡོན་པས་བུམ་པ་བསྣམས་བརྫ་གསར་བལྟ་བུ་བུད་མེད་དང་ལྷན་ཅིག་པ། ཙ་བི་ཌཱིབ་གུར་གུམ་གྱི་མདོག་ཅན་འཇར་ཁྱིམ་དང་རས་བསྣམས་པ་སྔོ་ལྗང་བུད་མེད་དང་ལྷན་ཅིག་པ། དམ་ཚིག་རྡོ་རྗེ་བདུད་རྩིའི་ཐོད་པ་བསྣམས་པ་སྔོ་ལྗང་བུད་མེད་
དང་ལྷན་ཅིག་པ། ཅེ་སྤྱང་ཞབས་རྫ་གསེར་གྱི་མདོག་ཅན་སྐྱེས་པ་དང་ལྷན་ཅིག་པ། ཀ་རན་པ་སྔོ་ལྗང་མེད་དང་ལྷན་ཅིག་པ། དྷ་མུ་བ་ཕྱག་ན་རྡ་འཛིན་པ་ནག་པོ་སྐྱེས་པ་དང་ལྷན་ཅིག་པ། དྷ་མ་བ་སེར་པོ་བཞེངས་པ་བུད་མེད་དང་ལྷན་ཅིག་པ། ཀུ་མཱ་རི་པ་ག་ནུའི་གཟུགས་དང་ཁ་དོག་གཅན་བུད་མེད་དང་ལྷན་
ཅིག་པ། བནྡྷེ་བ་རུས་པའི་རྒྱན་ཆ་ཅན་ཕྱག་ན་གྲི་གུག་དང་ཐོད་པ་བསྣམས་པ་གར་གྱི་ཞབས་ཅན་བུད་མེད་དང་ལྷན་ཅིག་པ། ཀུ་བ་ཇི་བ་གུར་གུམ་གྱི་མདོག་ཐོད་པ་བསྣམས་པ་སྐྱེས་པ་དང་ལྷན་ཅིག་པ། རིན་ཆེན་མྱུ་གུ་རིན་པོ་ཆེའི་ཕུར་མ་བསྣམས་པ་སྔོ་ལྗང་བུད་མེད་དང་ལྷན་ཅིག་པ། རལ་གྲི་གྲུབ་པ་ནག་པོ་རལ་
གྲི་དང་ལྷུང་བཟེད་ཀྱི་ཕྱག་རྒྱ་ཅན་འགྲེང་བ་སྐྱེས་པ་དང་ལྷན་ཅིག་པ། དྷ་ཀི་བརྫ་གསར་གྱི་མདོག་ཅན་རྫ་རྔ་བཟུང་བུད་མེད་དང་ལྷན་ཅིག་པ། ཀུ་མ་རུ་བ་གར་གྱི་ཞབས་ཅན་དཀར་པོ་སྐྱེས་པ་དང་ལྷན་ཅིག་པ། ཊེན་ཊ་ན་བ་སེར་པོ་རྩྭ་ཕད་བཟུང་བ་བུད་མེད་དང་ལྷན་ཅིག་པ། སྤྱོད་པ་བ་གུར་གུམ་གྱི་མདོག་ཅན་
བགྲེང་བ་བུད་མེད་དང་ལྷན་ཅིག་པ། ཀོ་བླས་མཁན་ལག་ཤ་བཟུང་བ་སྐྱེས་པ་དང་ལྷན་ཅིག་པ། ཀུན་ཐ་ཞབས་གུར་གུམ་གྱི་མདོག་ཅན་བུད་མེད་དང་ལྷན་ཅིག་པ། དི་པཱ་ཀ་རི་ཏི་པ་སེར་པོ་ཐལ་མོ་སྦྱར་བ་སྐྱེས་པ་དང་ལྷན་ཅིག་པ། བཞི་གཏུམ་ནག་པོ་བུད་མེད་དང་ལྷན་ཅིག་པ། དགེ་སློང་འདུན་
སྐྱོང་རྫ་གསར་གྱི་མདོག་ཅན་སྐྱེས་པ་དང་ལྷན་ཅིག་པ། ཁྲུས་མཁན་གུར་གུམ་མདོག་ཅན་བུད་མེད་དང་ལྷན་ཅིག་པ། དྷོ་ཀཾཌི་པ་སེར་པོ་བུད་མེད་དང་ལྷན་ཅིག་པ། བེ་སྣ་སྔོ་ལྗང་བུད་དང་ལྷན་ཅིག་པ། དབྱུག་པ་བ་སེར་པོ་བུད་མེད་དང་ལྷན་ཅིག་པ། ཡན་ལག་མེད་པའི་རྡོ་རྗེ་སེར་པོ་ཁྲོ་བོའི་ཞབས་མཚན་
མ་འགྲེང་བ་རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཅན་རུས་པའི་རྒྱན་ཅན་བུད་མེད་རང་ལྷན་ཅིག་པ། འཕགས་པའི་ལྷ་འགྲེང་བ་དགེ་སློང་གི་རང་བཞིན་སྐྱེས་པ་དང་ལྷན་ཅིག་པ། ལ་བ་པ་གུར་གུམ་གྱི་མདོག་ཅན་མཉམ་གཞག་གི་ཕྱག་ཅན་བུད་མེད་དང་ལྷན་ཅིག་པ། ཐག་པ་མཁན་དཀར་ཤམ་ཞབས་འཁྲིལ་བ་བུད་མེད་

དང་ལྷན་ཅིག་པ། ས་ར་ཧ་ནག་པོ་འགྲེང་བ་ཕྱག་ན་མདའ་གཞུ་བསྣམས་པ་སྐྱེས་པ་རང་ལྷན་ཅིག་པ། དཔལ་འཛིན་ཞབས་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་ཅན་བུད་མེད་དང་ལྷན་ཅིག་པ། ཙ་ཏྲ་ལི་པ་གུར་གུམ་གྱི་མདོག་བཞེངས་པ་བུད་མེད་དང་ལྷན་ཅིག་པ། ཀོ་ཀེ་ལོ་པ་རྫ་གསར་གྱི་
མདོག་ཅན་འགྱིང་ཆ་གནས་པ་བུད་མེད་དང་ལྷན་ཅིག་པ། དྲིལ་བུ་པ་གུར་གུམ་གྱི་མདོག་ཕྱག་ན་རྡོ་རྗེ་དྲིལ་བུ་བསྣམས་པ་རྟགས་ལངས་པ་ཞབས་གཡས་བརྐྱང་བ་གཡོན་བསྐུམ་བུད་མེད་དང་ལྷན་ཅིག་པ། ནཱ་རོ་པ་མདོག་སྔོ་ལྗང་བུད་མེད་དང་ལྷན་ཅིག་པ། ཁྱི་མོ་ཅན་བཞེངས་པ་མེ་ལོའི་མདོག་ཅན་བུད་
མེད་དང་ལྷན་ཅིག་པ། རིན་ཆེན་འབྱུང་གནས་ཞི་བ་དགེ་སློང་སེར་པོ་ཕྱག་ན་པོ་ཏི་བསྣམས་པ་སྐྱེས་པ་དང་ལྷན་ཅིག་པ། ཀ་ར་ལི་པ་སེར་པོ་གར་གྱི་ཞབས་ཅན་བུམ་པ་བསྣམས་པ་བུད་མེད་དང་ལྷན་ཅིག་པ། མཁའ་མཁན་སེར་པོ་ཕྱག་ན་རྡོ་རྗེ་དྲིལ་བུ་བསྣམས་ཤིང་གློག་ལ་སྡིག་མཛུབ་བྱེད་པ་བུད་མེད་དང་
ལྷན་ཅིག་པ། ཁནྡ་རི་པ་མེ་ཏོག་ཀུ་སུམ་པའི་མདོག་ཅན་བྱའི་ཚོགས་སུ་སྤྲོ་བ་སྐྱེད་པ་དང་ལྷན་ཅིག་པ། གཡུང་པོ་མེ་ལོའི་མདོག་ཅན་ལངས་པ་འབར་བ་ཐོགས་པ་བུད་མེད་དང་ལྷན་ཅིག་པ། བྱིལ་ཅན་མོའི་མདོག་ཅན་བུད་མེད་དང་ལྷན་ཅིག་པ། ཀན་པ་རྣལ་འབྱོར་མ་སེར་མོ་གར་ཕྱག་དང་ཐོད་བ་འཛིན་
པ་སྐྱེས་པ་དང་ལྷན་ཅིག་པ། །རྣལ་འབྱོར་མ་མེ་མཁལ་མེ་ལོའི་མདོག་ཅན་རྡོ་རྗེ་དང་དྲིལ་བུ་འཛིན་པའི་ཕྱག་རྐེད་པར་གནས་པ་བུད་མེད་དང་ལྷན་ཅིག་པ། རྣལ་འབྱོར་མ་གྲུབ་པ་ཅན་དཔལ་མོ་སྔོ་ལྗང་ཞབས་གཡས་བསྐུམ་པ་གཡོན་བརྐྱང་བ་མི་རོའི་སྟན་ལ་གནས་པ་ཕྱག་ན་རྡོ་རྗེ་དྲིལ་བུ་འཛིན་པས་རིག་མ་ལ་འཁྱུད་པ་
རུས་པའི་རྒྱན་ཅན་བུད་མེད་དང་ལྷན་ཅིག་པ། ནཱི་ལོ་བ་སྔོན་པོ་མོལ་པའི་ཕྱག་རྒྱ་ཅན་སྐྱེས་པ་དང་ལྷན་ཅིག་པ། ཡི་ཤེས་མྱུ་གུ་དཀར་པོ་མི་འཇིག་པའི་ཕྱག་རྒྱ་ཅན་བུད་མེད་དང་ལྷན་ཅིག་པ། རང་རང་གི་ལས་དང་རྗེས་སུ་མཐུན་པའི་ཚུལ་འཛིན་པ་བཅུ་ཕྲག་བརྒྱད་དང་བཞིའི་གོ་རིམ་རྫོགས་སོ།། །།
མི་ཕམ་ཟླ་བར་དང་། བྷ་བ་བྷ་ཊ་བ་དང་། དགེ་བའི་གོ་ཆ་དང་། གནས་བཟིའི་གྲུབ་ཐོབ་དང་བཅས་པ་བལ་པོའི་ཡུལ་གྱི་བུ་ལོན་ཁོད་པ་སྙམ་ནས་ལོ་ཉིས་བརྒྱ་དགུ་བཅུ་རྩ་གཅིག་ན། ལྦ་ཟླའི་ནག་པོ་ཕྱོགས་ཀྱི་ཆོས་དྲུག་གི་ཉིན་བར་སྐར་མ་ཁག་ལ་དགེ་སློང་དཔལ་སྡེས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྲིས་པའོ།། །།

༄༅༅། །རྒྱ་གར་སྐད་དུ། སརྦེ་ཤྭར་རས་ཡཱ་ན་རི་ག་ཧ་རི་ས་རཱི་པུཥྭྚི་ཀ་ར་ནཱ་མ། བོད་སྐད་དུ། ཐམས་ཅད་ཀྱི་དབང་ཕྱུག་གི་བཅུད་ལེན་ནད་ཐམས་ཅད་འཇོམས་ཤིང་ལུས་ཀྱི་སྟོབས་རྒྱས་པར་བྱེད་བཞེས་བྱ་བ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །དང་པོ་དངུལ་ཆུ་སྦྱང་བའི་དོན་དུ་སོ་ཕག་གི་ཕྱེ་མ་
དང་སྦྱར་ལ་ལན་བདུན་གྱི་བར་དུ་བཏག་ཅིང་སྦྱང་བར་བྱའོ། །དེའི་སྐབས་སུ་ཡང་ཉི་མ་ལ་བདུན་པར་བྱའོ། །ཤིང་ཨ་ཀོན་གྱི་འོ་མས་ལན་བདུན་གྱི་བར་དུ་བཏག་ཅིང་སྦྱང་བར་བྱའོ། །དེའི་སྟབས་སུ་ཡང་ཉི་མ་ལ་བདུག་པར་བྱའོ། །ཡང་ཤིང་པོ་འུན་གྱི་འོ་མས་སྔར་བཞིན་ནོ། །ཀ་མྚེ་ཞེས་བྱ་བའི་ཤིང་ཚེར་མ་ཅན་གྱི་ཁུ་བས་སྔར་བཞིན་
ནོ། །ཀུ་མཱ་རའི་ཁུ་བས་སྔར་བཞིན་ནོ། །ཙི་ཏྲའི་ཁུ་བས་སྔར་བཞིན་ནོ། །མཛོ་ཚའི་ཁུ་བས་སྔར་བཞིན་ནོ། །སྨན་དེ་རྣམས་བཀྲུས་ཤིང་དངུལ་ཆུ་བཟུང་ངོ་། །ལིང་གི་ཞེས་བྱ་བའི་སྨན་འདབ་མ་གསུམ་པ། རོ་ཚ་མེ་ཏོག་མེད་པ། སྡོང་བུ་མཐོ་གང་ཙམ་ཡོད་པའི་ཁུ་བ་བླུགས་ཞས་བཏགས་པས་སྐམ་ཞིང་སྐུད་པ་ལྟར་དྲང་དུ་འདོད་
པར་འགྱུར་རོ། །ཟངས་སྤྱོད་བར་འདོད་པས་སྲབ་མོར་བྱས་ལ་སྐྱུར་པོའི་ནང་དུ་ཞག་བདུན་གྱི་བར་དུ་སྤང་ངོ་། །དར་བའམ་ཆུར་ཁུལ་ཡང་དེ་བཞིན་ནོ། །ལེགས་པར་བཀྲུ་བར་བྱའོ། །དེ་ནས་ཟངས་དང་མུ་ཟི་མཉམ་པར་བྱས་ལ་རྫ་གོང་ནང་དུ་བ་མི་འཆོར་བར་བྱའོ། །དངུལ་ཆུ་ལྟ་བུར་དཀར་པོར་འགྱུར་རོ། །གཤའ་ཚེ་སྤྱོད་བ་ལ་པོང་གི་ཁུ་
བས་སྔར་བཞིན་ནོ། །ལྕགས་གསད་པར་འདོད་པས་བའི་ཚུལ་འབྲུ་གསུམ་བཏབ་ལ་སྲབ་མོར་བྱས་ལ་གཞུག་གོ། །བཅུག་པ་ནི་བསྲེགས་པས་སོ། །ཕྱི་ནས་ཡང་འབྲུ་གསུམ་བཅུག་ལ་ཟངས་བཞིན་ནོ། ལྷང་ཆེར་གསར་པར་འདོད་པས་ཞིབ་ཏུ་བཏགས་ལ་སྐྱུར་པོར་བཅུག་ལ་ཟངས་བཞིན་ནོ། །ཨ་ར་བྷེའི་ལོ་མ་ནི་གཉེན་པོ་ཡིན་ཏེ་ཟངས་
བཞིན་ནོ། །བའི་ལྕི་བས་ཁ་མནན་པར་བྱའོ། །རྡོ་ཕ་ཝང་གསད་པར་འདོད་པས། ཀྵི་རི་ཀ་ན་ཏའི་ལོ་མས་ཉི་མ་ལ་ལན་བདུན་བདུག་པར་བྱའོ། །མར་ཁུ་ཚན་རེ་བཅུག་པ་སྔར་གྱི་ཐབས་བཞིན་ནོ། །དཀར་པོར་སོང་བ་ནི་འབྱེད་པའོ། །དངུལ་སྦྱང་བར་འདོད་པས་ནིར་བ་སིའི་ཁུ་བས་ལན་བདུན་གྱི་བར་དུ་ལྕགས་བཞིན་དུ་གསད་བར་བྱའོ། །ཇི་
ལྟར་དངུལ་ཆུ་གསད་པ་བཞིན་དུ་བི་མ་ལ་ཡང་གསད་པར་བྱའོ། །གསེར་སྦྱོང་བར་འདོད་པས་ཀ་ཙ་ནའི་བ་ཇི་ལྟར་ཟངས་གསོད་པ་བཞིན་བྱའོ། །ཇི་ལྟར་གསེར་གསོད་པ་བཞིན་སུ་བ་ཀི་ཏ་ཡང་དེ་བཞིན་ནོ། །དེ་ལྟར་སྦྱངས་པ་ཐམས་ཅད་ཆ་མཉམ་པར་བྱས་ལ། ཨ་བ་ནི་ཆ་གསུམ་མོ། །དེ་ལྟར་ཐམས་ཅད་ཞིབ་ཏུ་བཏགས་ལ་གོང་བུར་བྱའོ། །

ནད་པ་ལ་ར་ཏི་བཞི་བཞི་བྱེད་ན། །ནད་ཐམས་ཅད་འཕྲོག་གོ། །སྐྱུར་པོ་དང་སྔོ་སྤང་ངོ་། །ཕྱེ་དང་ཁུར་བ་ཡང་སྤང་ལ། ར་ཏི་བཞི་བཞི་ཟླ་བ་དྲུག་ཏུ་ཟོས་ན། སྐྲ་དཀར་དང་གཉེར་མ་སྲོང་ཞིང་། ཚེ་ཉི་ཟླ་དང་མཉམ་མོ། །མཚོན་གྱིས་མི་ཚོད་ཅིང་བུད་མེད་ལ་ཁུ་བ་འཕྲོ་བར་མི་འགྱུར་རོ། །ཟླ་བ་
དྲུག་གི་བར་དུ་གྲུ་ལ་ཕྱིན་ན་འབྱིངས་བ་བསྲུང་སོ། །དབང་ཕྱུག་གིས་བསྟན་པའི་རིན་པོ་ཆེའི་བཅུད་ལེན་གྲུབ་པ་རྫོགས་སོ།། །།ཧ་རི་དྷོ་བར་གྱི་རྣལ་འབྱོར་བ་ཤི་བ་དཱ་ཤ་དང་། ཨུ་རྒྱན་པས་བུ་ཏྲར་བསྒྱུར་བའོ།། ༄། །སྤོས་ཀྱི་སྦྱོར་བ་རེའུ་ཆར་བྱས་པ་བཞུགས། ༄༅༅། །དཀོན་
མཆོག་གསུམ་ལ་ཕྱག་འཚལ་ལོ། །ཨ་ཀ་ར་བ་ཏྲ་ཏུ་རུས་རྡོ་དྲེགས་པྲི་ཡང་གླ་སྒང་སྤྲ་ཚིལ་བ་ལེ་ཀ། །པྲི་ཀ་ཤིང་ཚ་རྒྱ་སྤོས་སྤང་སྤོས་ཙན་དན་སེན་མོ་ཐང་ཆུ་ཀུན་ཏུར་རྣམས། །སྦྱོར་བ་སྤོས་རྒྱལ་གླ་རྩིག་པུར་དག་གིས་གསོ་ཞིང་བདུག་པ་མཆོག་གིས་བདུག །མེ་ཏོག་ཞིམ་པོས་བསྒོ་བ་གྱིས་དང་དྲི་སྦྱར་
མཆོག་ཏུ་འདི་འགྱུར་ལུས་མཆོག་མ། །ཤིང་ཆ་ཨ་ཀ་ར་པ་ཏྲ་བྲི་ཀ་ཏུ་རུས་སྤང་སྤོས་རྒྱ་སྤོས་རྡོ་དྲེགས་དང་། །ཀུན་དུ་གན་དྷ་པ་ལིག་ཐང་ཆུ་པྲི་ཡང་སེན་མོ་ཅན་དན་ན་གླ་སྒང་རྣམས། །གོ་རིམས་བཞིན་དུ་ཆ་རེ་བསྐྱེད་ཅིང་དྲིའི་སྦྱོར་བ་བརྒྱད་བ་ཕྲག་གཉིས་དང་། །བཞི་བའི་སྦྱོར་བའང་ཉི་ཤུ་ལས་ནི་གཉིས་
ཀྱིས་ཉུང་བར་གྱིས་ཤིག་འཛངས་མ་མོ། །ཨ་ཀ་ར་ཀུན་ཏུ་ར་ཏུ་རུས་གན་དྷ་ཐང་ཆུ་པྲི་ཡང་ཙན་དན་གནས་རྣམས་སུ། །སུག་སྨེལ་པ་མུ་རུ་རྟ་བྱ་ཀུ་རེའུ་མིག་ཙོང་གཞག་བྱ་ཞིང་། །ཤིང་ཚའི་གནས་སུ་གྲན་ཏི་བཞག་ཅིང་དེ་ཡི་ཆ་ལས་གསུམ་དུ་བསྒྱུར་བྱས་ཏེ། །དེ་དག་སྦྱོར་བའི་དེ་ལྟར་བྱས་པས་ཁྲུས་
ཀྱི་ཆོ་གའི་སྦྱོར་བའི་རྣམ་པ་ཡིན། །ཤ་ཏམ་རྟན་མུར་བི་དྲི་ལི་ནི་རེང་ནཱ་གསེར། །དྲན་ཚེའི་གནས་སུ་སེང་ཕྲོམ་ཧ་མན་གསུམ་བཞག་པྲི་ཕྱིའི་སྦྱོར་བ་ཡིན། །ཤིང་ཚ་ཏམ་ལ་ཕྲི་ཡང་ཙན་དན་དུ་རྟ་སེང་ཕྲོམ་དང་ནི་ཤུ་དག་དང་། །སྠེའུ་ན་ཆ་དྲུག་ལྡན་པའི་རིམ་པ་བ་ལང་ཕྲུ་གུ་ལྟ་བུར་སྲེག་པ་ཡིན། །
ག་བུར་སྦྲང་རྩི་ཀ་ར་གུར་ཀུམ་མ་ཏུ་ལུང་གའི་བདུག་སྤོས་སྦྱོར་བ་སྟེ། །རྒྱ་སྐྱེགས་དུ་རུ་ཀ་དང་སྦྲ་ཚིལ་སྦྱར་བ་དག་ནི་བདུག་སྲོས་རིང་བུ་ཡིན། །རུ་རྟ་གེ་སར་ཤུ་ཏི་ཨ་མྲ་ཙོར་དག་དང་སྦྱར་བ་བཏུང་བ་བསྒོ་བ་ཡིན། །སྤོས་རྒྱལ་ཤུ་ཏི་སུག་སྨལ་ཨ་མྲ་རུ་རྟ་སྦྱར་བ་ཞལ་ལ་བསྒོ་བ་ཡིན་ནོ། །ཨ་

ཀ་ར་ཙན་དན་ལྡེའུ་ན་གེ་སར་མཁན་པ་ཤུ་ཏེ་ཨ་སྨྲ་རུ་རྟ་དང་། །དུ་རུ་ཀ་དང་སྦྱར་བ་ཏིལ་མར་དྲི་ཞིམ་བསྒོ་བའི་སྦྱོར་བ་ཡིན། །དེ་ལྟར་ཁོ་བོས་ཁྱོད་ལ་ཕན་པར་བྱ་ཕྱིར་སྣ་ཚོགས་རྣམ་པར་བརྟག་བྱས་པ། །བདེ་བར་གཤེགས་པའི་ཕོ་བྲང་རྐྱེན་དུ་འོས་པའི་དྲི་དང་བདུག་པའི་སྦྱོར་བ་ཡིན། །དྲི་
སྦྱར་བའི་མིག་མངས་རིས་ཀྱི་སྦྱོར་བ་ཚིག་ལེའུར་བྱས་པ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་བརྫོགས་སོ།། ༄། །སྤོས་ཀྱི་སྦྱོར་བ་རེའུ་ཆར་བྱས་པའི་ཐབས་བཤད་པ་བཞུགས། ༄༅༅། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སྤོས་སྦྱོར་གཙུག་ལག་འདི་ལ་ནི། །རྣམ་
གྲངས་རྒྱས་པར་རབ་བརྗོད་ན། །མཐའ་ཡས་པ་ཞིག་འབྱུང་མོད་ཀྱི། །མདོར་བསྡུས་དོན་གྱི་རྣམ་བརྒྱད་པོ། །གད་བ་སྤོས་ཕྱེ་མ་བྱུག་བ་དང་། །བདུག་སྤོས་དང་ནི་ཁྲུས་ཀྱི་སྤོས། །ལུས་ཀྱི་དྲིལ་ཕྱི་བྱ་བ་དང་། །བཏུང་བ་བསྒོ་དང་ཁ་ཡི་སྤོས། །ཏིལ་མར་དྲི་ཞིམ་བསྐོ་བ་ཡིས། །སྤོས་
རྣམས་སྦྱོར་བའི་ཆོ་ག་བསྟན། དེ་ལ་སྤོས་ཀྱི་སྦྱོར་བ་ཐམས་ཅད་ཀྱི་རྩ་བ་ལྟ་བུར་གྱུར་བ་ཨ་ཀ་རུ་ལ་སོགས་པའི་སྤོས་རྣམས་བཅུ་དྲུག་པོ་རྣམས་སྤོས་སྣོད་རེའུ་མིག་བཅུ་དྲུག་དག་ཏུ་གཞག་པ་བསྟན་པ་ནི་འདི་ལྟར། ཨ་ཀ་ར་བ་ཏྲ་ཏུ་རུས་རྡོ་དྲེགས་པྲི་ཡང་གླ་སྒང་སྤྲ་ཚིལ་བ་ལི་ཀ །བྲི་ཀ་ཤིང་ཚ་རྒྱ་སྤོས་སྤང་སྤོས་ཙན་
དན་སེན་མོ་ཐད་ཆུ་ཀུན་ཏུར་རྣམས། །ཞེས་བྱ་བ་དག་ཡིན་ཏེ། དེ་ལྟར་ཨ་ཀ་རུ་ལ་སོགས་པ་སྤོས་སྣ་བཅུ་དྲུག་པོ་རྣམས་དང་པོར་བསྟན་པ་འདི་ནི་སྦྱོར་བའི་རྣམ་པ་ཐམས་ཅད་ལ་དྲིའི་འདུ་འཕྲོད་སྣ་མཐུན་པར་སྦྱར་བ་དང་། སྣ་བཞི་པོའི་སྦྱོར་བ་སྤྱི་ལ་ཚོ་བཅོ་བརྒྱད་དུ་ངེས་པར་འདོད་པའི་ཕྱིར་རེའུ་མིག་བཅུ་དྲུག་པོ་དག་ཏུ་སོ་སོར་
གཞག་པ་གོ་རིམས་ཀྱི་ངེས་པར་བསྟན་པ་ཡིན་ནོ། འདིར་སྤོས་ཀྱི་རྣམ་པ་མང་པོ་བསྟན་པ་ཀུན་ཀྱང་དྲིའི་སྦྱོར་བ་སྤྱིའི་ཆོ་གར་བསྟན་པ་ནི་དྲི་གསོ་བ་དང་། བདུག་པས་བདུག་པ་དང་། མེ་ཏོག་ཞིམ་པོས་བསྒོ་བར་བསྟན་པ་ཡིན་ཏེ། འདི་ལྟར་སྤོས་རྒྱལ་གླ་རྩི་ག་པུར་གིས་གསོ་ཞིང་བདུག་པ་མཆོག་གིས་བདུག །མེ་ཏོག་ཞིམ་བསྒོ་
བ་བགྱིས་པ་དང་ཞེས་བྱ་བས་བསྟན་པ་ཡིན་ཏེ། འདི་དག་གི་ཐབས་དང་ཆོ་ག་ནི་ཞིབ་ཏུ་འོག་ནས་སྟོན་ཏོ། །དྲི་སྦྱར་མཆོག་ཏུ་འདི་འགྱུར་ཞེས་བྱ་བ་ནི་སྦྱོར་བའི་ཡོན་ཏན་བརྗོད་བའོ། །ལུས་མཆོག་མ་ཞེས་བྱ་བ་ནི་སྙན་པར་བོད་པའི་ཚིག་གོ། །དེ་ལ་སྔར་བསྟན་པའི་སྤོས་སྣ་བཅུ་དྲུག་པོ་རྣམས་ཉིད་ཀྱང་སོ་སོའི་ཆ་མང་ཉུང་གི་ཚད་བསྟན་པའི་ཕྱིར་གོ་

རིམ་ཀྱི་ཚུལ་དུ་གཞན་དུ་བསྟན་པ་ནི། ཤིང་ཆ་ཨ་ཀ་ར་པ་ཏྲ་པྲི་ཀ་ཏུ་རུས་སྤང་སྤོས་རྒྱ་སྤོས་རྡོ་དྲེགས་དང་། །ཀུན་ཏུ་ར་གན་དྷ་བ་ལིག་ཐང་ཆུ་པྲི་ཡང་སེན་མོ་ཙན་དན་གླ་སྒང་རྣམས། །གོ་རིམས་བཞིན་དུ་ཆ་རེ་བསྐྱེད་ཅིང་དྲི་ཡི་སྦྱོར་བ་བརྒྱད་པ་ཕྲག་གཉིས་དང་། །ཞེས་བྱ་བ་དག་
ཡིན་ཏེ། དྲིའི་སྦྱོར་བ་བརྒྱད་པ་ཕྲག་གཉིས་སུ་བྱ་བ་དང་། གོ་རིམས་བཞིན་དུ་ཆ་རེ་བསྐྱེད་པ་ལ་ཤིང་ཚ་ཆ་གཅིག །ཨ་ཀ་རུ་ཆ་གཉིས། གན་དྷ་བ་ཏྲ་ཆ་གསུམ། པྲི་ཀ་ཆ་བཞི། དུ་རུ་ཆ་ལྔ། སྤང་སྤོས་ཆ་དྲུག །རྒྱ་སྤོས་ཆ་བདུན། རྡོ་དྲེགས་ཆ་བརྒྱད་དུ་བྱ་བ་རྣམས་ལ་ཆ་བརྒྱད་པ་ཕྲ་གཅིག་དང་།
ཡང་ཀུན་ཏུ་དུ་ཆ་གཅིག །གན་དྷར་པ་ཆ་གཉིས། བ་ལི་ཀ་ཆ་གསུམ། ཐང་ཆུ་ཆ་བཞི། པྲི་ཡང་ཀུ་ཆ་ལྔ། ཆུ་སྲིན་སེན་མོ་ཆ་དྲུག །ཙན་དན་ཆ་བདུན། གླ་སྒང་བརྒྱད་དུ་བྱ་བ་རྣམས་ནི་ཆ་བརྒྱད་པ་ཕྲག་གཉིས་སུ་བྱ་བ་ཡིན། །དེ་ལྟར་ཤིང་ཚལ་སོགས་པ་སྤོས་སྣ་བཅུ་དྲུག་པོ་རྣམས་སྨོས་
པ་དེ་དག་ཨ་ཀ་རུ་ལ་སོགས་པ་དང་བསྟན་པའི་སྔོས་རྣམས་བཅུ་དྲུག་པོ་དེ་དག་ཉིད་ཡིན་ནོ། ཅིའི་ཕྱིར་གོང་དུ་དོན་གཅིག་ཏུ་བསྡུས་ཏེ་མ་བཤད་ཅེ་ན། སྔ་མ་ནི་སྦྱོར་བ་རྣམས་ཐམས་ཅད་ཀྱི་སྤྱིའི་ཆ་གྲངས་མཉམ་པར་གཏན་ལ་དབབ་པའི་ཕྱིར། རེའུ་མིག་བཅུ་དྲུག་པོ་དག་ཏུ་སྤོས་རྣམས་སོ་སོར་
གཞག་པའི་གོ་རིམས་ཀྱི་ངེས་པ་བསྟན་པ་ཡིན་ལ། འདིར་སྤོས་སྣ་བཅུ་དྲུག་པོད་དག་གི་སོ་སོའི་དྲིའི་ཁྱད་པར་འཇམ་རྩུབ་དང་དྲག་དལ་ལ་སོགས་པ་མི་འདྲ་བའི་སྒོ་ནས་སོ་སོའི་ཚ་གྲངས་མང་ཉུང་གི་ཚད་མི་མཉམ་པར་འདོད་པའི་ཕྱིར་ཆ་བསྐྱེད་པའི་གོ་རིམས་ཀྱི་ཚུལ་རྣམས་པ་གཞན་དུ་བསྟན་པ་ཡིན་ནོ། །
དེ་ལྟར་སྤོས་སྣ་བཅུ་དྲུག་པོ་ལྟར་སྤོས་སྣ་གྲངས་དུ་ཞིག་སྦྱོར་བ་གཅིག་ཏུ་བྱ། སྦྱོར་བ་རྣམས་ནི་དུ་ཞིག་ཡོད། སྦྱོར་བ་གཅིག་ལ་ཚ་གྲངས་ཇི་ཙམ་ཞིག་ཏུ་བྱ་ཞེ་ན། འདི་ལྟ་སྟེ། བཞི་བའི་སྦྱོར་བ་ཞེས་སྨོས་པས་སྣ་བཞི་ཞིང་སྦྱོར་བ་གཅིག་ཏུ་བྱ་བར་བསྟན་པ་ཡིན་ན། །སྣ་བཞི་པའི་སྦྱོར་བ་དེའི་རྣམ་གྲངས་བསྟན་པ་ནི་
འདི་ལྟ་སྟེ། མཇུག་ཐོགས་སུ་ཉི་ཤུ་ཞེས་སྨོས་ཏེ། འདེས་སྤོས་སྣ་བཞི་པའི་སྦྱོར་བ་རྣམ་པ་ཉི་ཤུ་ཡོད་པར་རིག་པར་བྱའོ། །སྤོས་སྣ་བཞི་བའི་སྦྱོར་བ་གཅིག་ལ་ཆ་ད་ུཞིག་ཏུ་བྱ་བ་མ་བསྟན་པས་ཆ་ལས་ཞེས་བྱ་བ་སྨོས་ཏོ། ཆའི་སྒོ་ནས་ཞེས་བྱ་བའི་ཐ་ཚིག་གོ། །སྣ་བཞི་པའི་སྦྱོར་བ་འདི་ལ་ཆའི་སྒོ་ནས་གྲངས་བསྟན་པ་ནི། གཉིས་ཀྱིས་ཉུང་བར་

གྱིས་ཤིག་ཅེས་བྱ་བར་བསྟན་ཏེ། གཉིས་ཀྱི་ཕྲིས་ཤིག་ཅེས་བྱ་བའི་ཐ་ཚིག་གོ། །གང་ལས་ཕྲི་ཞེ་ན། སྔར་བཞི་པའི་སྦྱོར་བའི་རྣམ་པ་ནི་ཉི་ཤུ་བསྟན་མ་ཐག་པ་ཉི་ཤུ་ལས་ཀྱིས་ཕྲིན་གྲངས་བཅོ་བརྒྱད་དུ་འགྱུར་ཏེ། དེ་ལྟར་སྣ་བཞི་པའི་སྦྱོར་བ་གང་ཡང་རུང་བ་གཅིག་ལ་ཆ་བཅོ་བརྒྱད་པོ་
དག་ཏུ་བྱ་བ་བསྟན་པ་ཡིན་ནོ། །འཛངས་མ་མོ་ཞེས་བྱ་བ་ནི་བཤེས་གཉིས་ཅན་ཞེས་བྱ་བ་སྟེ། བོད་པའི་ཚིག་གོ། །དེ་ལྟར་སྤོས་སྣ་བཞི་ལ་ཆ་བཅོ་བརྒྱད་པའི་སྦྱོར་བ་རྣམ་པ་ཉི་ཤུ་བཞེད་པ་དེ་ཇི་ལྟ་བུ་ཞིག་སྙམ་པ་ལ། འདི་ལྟར་ཨ་ཀ་རུ་ལ་སོགས་པ་དང་པོར་བསྟན་པའི་སྤོས་རྣམ་པ་བཅུ་དྲུག་
བ་ཆ་གྲངས་གོང་དུ་བསྙན་བ་ཞིག་དུ་བསྐྱེད་ལ། རེའུ་མིག་བཅུ་དྲུག་པོ་དག་ཏུ་གོ་རིམས་ཇི་སྐད་དུ་འབྱུང་བ་བཞིན་དུ་མ་ནོར་བར་གཞག་སྟེ། འདི་ལྟར་རེའུ་མིག་བཟི་པའི་ཕྲེང་དང་པོ་ལ་ཨ་ཀ་རུ། གན་དྷ་པ་ཏྲ། ཏུ་རུས་ཀ །རྡོ་དྲེག་བཞི་གཞག་པ་དང་། དེ་ནས་ཡི་གེ་ཕྲེང་བ་བཞིན་དུ་ཕྲེང་དང་འོག་
རེའུ་མིག་བ་ནི། པྲི་ཡང་ཀུ། གླ་སྒང་། གན་དྷ་ར་ས་ལ། བ་ལི་ཀ་བཞི་གཞག །ཕྲེང་གསུམ་པ་ལ་པྲི་ཀ །ཤིང་ཚ་རྒྱ་སྤོས་དང་། སྤང་སྤོས་བཞི་གཞག །ཕྲེང་ཐ་མ་ལ་ཙན་དན། ཆུ་སྲིན་སེན་མོ། ཐང་ཆུ། ཀུན་ཏུ་རུ་བཞི་པོ་རྣམས་གཞག་པ་བྱས་ན་ཆ་བཅོ་བརྒྱད་ཡོད་པའི་སྤོས་སྣ་བཟི་པོའི་སྦྱོར་བ་རྣམ་པ་ཉི་ཤུར་འགྱུར་ཏེ། ཇི་
ལྟར་ཞེ་ན། འདི་ལྟར་རེའུ་མིག་བཟི་པའི་ངོས་གཉིས་སུ་བསྲེས་པ་ལ་སྦྱོར་བ་རྣམས་པ་བརྒྱད། གྲྭ་བཞི་ནས་རེའུ་ཟུར་སྤྲོད་རྒྱ་གྲམ་དུ་གྲངས་པའི་སྦྱོར་བ་རྣམ་གཉིས་ཏེ་བཅུ་དང་། ཡང་ཕྱོགས་བཞི་ནས་མཐའི་ཕྲེང་བ་རེ་རེ་བོར་ལ་འདབ་ཆགས་སུ་རེའུ་མིག་བཞིར་བགྲང་པའི་སྦྱོར་བ་བཞི་དང་།
མཐའ་བཟི་ནས་རེའུ་འདབ་ཆགས་སུ་བགྲངས་པའི་སྦྱོར་བ་རྣམ་པ་བཞི་སྟེ་བརྒྱ་དང་། དབུས་ཀྱི་ཆ་ལས་རེའུ་འདབ་ཆགས་སུ་བགྲངས་པའི་སྦྱོར་བ་རྣམ་པ་གཅིག་དང་། གྲྭ་བཞི་ནས་རེའུ་མིག་རེ་རེ་བཞི་ཞིག་བགྲངས་པ་ལ་སྦྱོར་བ་རྣམ་པ་གཅིག་སྟེ་བཅུ་དང་། དེ་ལྟར་རྣམ་པ་བཞི་པོ་དག་
ནི་སྤོས་སྣ་བཞི་པོ་ཆ་བརྒྱད་ཡོད་པའི་སྦྱོར་བ་རྣམ་པ་ཉི་ཤུ་པོ་དག་ཡིན་ནོ། །དེ་ལྟར་སྤོས་ཀྱི་སྦྱོར་བ་རྣམ་པ་ཉི་ཤུ་པོ་དེ་དག་ལས་གང་ཡང་རུང་བ་གཅིག་སྦྱོར་བར་འདོད་ན་སྤོས་སྣ་བཞི་པོ་ཆ་བཅོ་བརྒྱད་པོར་བྱས་པ་རྣམས་ཕྱེ་མར་བཏགས་ལ། དང་པོར་དྲི་ཆུས་སྤྲུ་བ་དང་། དྲི་གསོ་བ་དང་། །

བདུག་པས་བདུག་པ་དང་། མེ་ཏོག་དྲི་ཞིམ་པོས་བསྒོ་བ་རྣམས་ཀུན་ལའང་འདྲ་བར་བྱའོ། །དེ་ལ་དྲི་ཆུ་སྦྱར་བ་ནི། ཙན་དན་གླ་སྒང་བ་ལི་ཀ །པུ་ཤེལ་ཙེ་དང་བྲི་ཡང་ཀུ། ཛཱ་ཏི་ཕ་ལ་ཆ་བསྙམས་པ། །ཞེས་སྤོས་ཀྱི་གཙུག་ལག་གཞན་ལས་འབྱུང་བའི་སྤོས་དེ་རྣམས་རྩ་བའི་སྤོས་ཕྱེ་
མ་སྲང་ལྔ་ལ་ཁུ་བའི་སྤོས་ཞོ་གཅིག་གི་ཐང་བརྩིས་ཏེ། རྩིད་པོར་བཏགས་ལ་ཆུ་བཅུ་དྲུག་འགྱུར་གྱི་ནང་དུ་བསྐོལ་ཏེ། ཁུ་བ་བཞི་ཆ་ལུས་པས་བྲུལ་ཙམ་དུ་སྤྲུས་ནས་དེའི་ནང་དུ་དྲི་གསོ་བའི་རྫས་སྔར་རྩ་བ་ལས་བཤད་པའི་ཛཱ་ཏི་ཕལ་དང་། ག་པུར་དང་། གླ་རྩི་རྣམས་ཆ་བསྙམ་ལ་རྩ་བའི་སྤོས་སྣ་བཞི་པོའི་ཇི་ཙམ་
ཡོད་པ་ལས་སྔ་མ་བཞིན་དུ་སྲད་པ་གཞལ་ལ་དྲི་གསོ་བའི་ཕྱིར། ཞོ་གཅིག་གི་ཐང་བརྩིས་ལ། །པྱེ་མར་བཏགས་པས་གད་བཅིང་འདྲས་པར་བྱའོ། །དེ་ནས་དུད་པས་བདུག་པ་ནི་ཡང་རྩ་བའི་སྤོས་རྣམས་དྲི་ཆུས་སྤྲུས་ཏེ། ལྡེ་གུ་བྱས་ལ་རྗེའུ་གསར་པའི་ནང་དུ་ངོས་ལ་བྱུགས་ཏེ་ཅུང་ཟད་མ་སྐམས་པར་
བྱས་ལ། རྗེའུ་གཞན་གྱི་ནང་དུ་མེ་མ་མུར་བླུག་ཏེ། སྤོས་ཀྱི་དུད་བ་འཐུལ་བར་བྱས་པའི་སྟེང་དུ་ཁ་སྦུག་ཏུ་བཞག་ཅིང་དུད་བ་གཞན་དུ་མ་ཤོར་པར་བདུག་གོ། །དེ་ལ་བདུག་པའི་སྤོས་སྦྱོར་བཞི། །རྒྱ་སྐྱེགས་ཐང་ཆུ་པྲོ་ཡང་པོག། །ཆུ་སྲིན་སེན་མོ་ཀུན་ཏུ་རུ། །རུ་རྟ་དང་ནི་བུ་རམ་བཅས། །བདུག་
བ་མཆོག་ཏུ་བསྟན་པ་ཡིན། །ཞེས་བཤད་པ་ཡིན་ཏེ། འདི་རྣམས་ཆ་བསྙམས་པ་ཕྱེ་མར་བཏགས་པ་བུ་རམ་ཉེད་ཀྱིས་སྤྲུས་པ་དེས་བདུག་པར་བྱའོ། །དེ་ལ་མེ་ཏོག་དྲི་ཞིམ་པོས་བསྒོ་བ་ནི་སྣ་མའི་མེ་ཏོག་དང་། བ་ལ་ལུ་དང་། སྐྱང་ཤོ་བ་ལ་སོགས་པ་མེ་ཏོག་དྲི་ཞིམ་པོ་ག་པུར་དང་བསྲེས་ལ་བྱིབ་ཅིང་དྲིས་བསྒོ་
བར་བྱའོ། །སྤོས་ཕྱེ་མའི་སྦྱོར་བ་སྣ་བཞི་པོ་ལྷའི་གནས་དང་། བདག་ཉིད་ཀྱི་ཁྱིམ་དང་། གོས་དང་། ལུས་ལ་དགས་པ་འདི་ཉིད་ཀྱི་སྦྱོར་བའི་ཆོ་ག་དྲི་གསོ་བ་ལ་སོགས་པའི་རིམ་པ་ནི་དེ་དག་ཡིན་ནོ། །གཞན་དུ་འོག་ནས་བདུག་སྤོས་ལ་སོགས་པའི་སྦྱོར་བ་གཅིག་ལ་དྲི་གསོ་བ་ལ་སོགས་
པའི་རིམ་པ་མཐུན་པ་དག་ནི་སོ་སོའི་སྐབས་ཉིད་དུ་བསྟན་ཏོ། །ཕྱི་མའི་སྤོས་སྣ་བཞི་པོ་འདི་ཉིད་ཆུ་ཐབས་སུ་བྱས་ཏེ་བྱུག་པའི་གོར་ཡང་སྤྱད་པར་བྱའོ། །སྤོས་ཀྱི་སྦྱོར་བ་རེའུ་ཆར་བྱས་པའི་ཐབས་བཤད་བརྫོགས་སོ།། །།འདི་དག་གི་ཞུས་དག་ལོ་ཙཱ་བ་སྣར་ཐང་པུ་ནྱ་ར་སྨི་ཡིན་ནོ།། །།

༄། །ཐུབ་པ་ཆེན་པོ་དྲང་སྲོང་གར་གས་ལྟས་ཀྱི་རྣམ་པ་བསྟན་པ་བཞུགས། ༄༅༅། །ཐུབ་པ་ཆེན་པོ་དྲང་སྲོང་གར་གས་ལྟས་ཀྱི་རྣམ་པ་བསྟན་པ་ཞེས་བྱ་བའི་གཙུག་ལག །ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །གཟའ་སྐར་རིག་པའི་ཕ་རོལ་ཕྱིན། །ཐུབ་པའི་ཚོགས་མཆོག་གར་ག་ལ། །
བྷ་གུ་རིས་ནི་ཕྱག་འཚལ་ཏེ། །ཐལ་མོ་སྦྱར་ནས་ཡོངས་སུ་ཞུས། །ལྷ་ཡི་མིག་དང་ལྡན་དཀའ་ཐུབ་ཆེ། །སྐལ་ལྡན་རྒྱམ་ཚེ་ཆེ་ལྟ་བུ། །ཤེས་རབ་མཆོག་གིས་རབ་རྟོགས་པའི། །རིགས་པ་དེ་ནི་ཐོབ་པར་འཚལ། །ཡུལ་གྱིས་དངོས་དང་དངོས་མེད་དང་། །བསྟན་དང་འབྲས་བུ་གྲུབ་པ་དང་། །མི་རྣམས་ཀྱི་ནི་
ཕམ་རྒྱལ་དང་། །སྤྲིན་གྱི་ཁ་དོག་གཟུགས་རྣམས་དང་། །དེ་བཞིན་ཉི་མ་ཟླ་བ་དང་། །ལྷ་ཡུལ་བར་སྣང་ས་བླ་ཡི། །ལྟས་སུ་བྱུང་བའི་མཚན་མ་དང་། འཕྲལ་གྱི་ཆར་བའི་མཚན་མ་དང་། །དུས་མཚན་ཆགས་དང་དགེ་མི་དགེ། །ཉི་ཟླ་དག་ནི་ཉིན་འཁོར་ནས། །སྐར་མདའ་ལྷུང་དང་གནམ་གྲུམ་དང་། །
དྲི་ཟ་ཡི་ནི་གྲོང་ཁྱེར་དང་། །ས་གཡོ་བ་ཡི་འབྲས་བུ་དང་། །ཉི་མའི་གཟུགས་ནི་ཁྱིམ་པ་དང་། །དེ་བཞིན་ཟླ་བ་ཁྱིམ་བརྗོད་པ། །དེ་དག་ཐམས་ཅད་མ་ལུས་པར། །དཀའ་ཐུབ་འགྲུབ་པས་གསུང་པར་འོས། །དེ་སྐད་དྲིས་ནས་གཟི་ཆེན་པོ། །གར་ག་ཡིས་ནི་ཚིག་སྨྲས་པ། །བྷ་གུ་རིས་ནི་གར་དྲིས་བ། །དེ་
ཉིད་ཉོན་ཅིག་སྐལ་བ་ཅན། །མར་མེ་ལྟ་བུའི་གཙུག་ལག་འདི། །དགོས་པ་ཐམས་ཅད་རིག་བྱེད་པ། །གྲགས་དང་གསལ་དང་རྣམ་གསལ་དང་། །བདེ་སྡུག་ངེས་པར་རྟོགས་བྱེད་པ། །བྲམ་ཟེ་གཙོ་དང་རྒྱལ་པོ་ལ། །དྲང་སྲོང་མཆོག་གིས་བསྟན་པར་བྱ། །ཉི་མ་དང་ཟླ་བའི་ལྟས་ལ་ལེགས་ལྡན་གང་གི་
ཚེ་ཉི་མ་ཨུཏྤལ་སྔོན་པོ་ལྟ་བུའི་འོད་ཅན། རེག་པ་ན་གཟི་བྱིན་དུ་རྣོ་བ་ཅན། ཟླ་བ་ལྟར་བསུལ་བ་ཅན་ནམ་མཁའི་དཀྱིལ་དུ་སོང་ལ་སྣང་བ་དེའི་ཚེ་ནི་རྒྱལ་པོ་འཆི་བར་འགྱུར་རོ། །གང་གི་ཆེ་ཉི་མ་འཆར་བ་དང་ནུབ་པ་ཁོ་ནའི་ཚེ་འཁོར་ལོ་བཞིན་དུ་འཁོར་བར་གྱུར་པ་དེའི་ཚེ་ནི་གདོན་མི་ཟ་བར་རྒྱལ་པོ་འཚོ་བར་འོང་ལ་
ཕ་རོལ་གྱི་དམག་ཚོགས་རྣམས་ཀྱང་འོང་ཞིང་། ཡུལ་རྣམས་ཀྱང་འཁྲུག་པར་འགྱུར་ཏེ། དེའི་ཚེ་ཡུལ་ནི་དགོན་བཞིན་རི་དགས་ཀྱིས་གང་བར་འགྱུར་རོ། །ཡང་ན་ཉི་མ་གཟས་ཟིན་པ་ཡང་མེད་པར་འོང་བར་འགྱུར་བ་དེ་ནི་དེའི་ཚེ་རྒྱལ་པོ་དེ་དག་གི་ཕྱི་ནང་ན་རྟག་ཏུ་འཚོ་བར་འགྱུར་རོ། །ཡང་གང་གི་ཚེ་ཉི་མ་

གཟས་མ་ཟིན་པར། ནམ་མཁའ་ལ་ཕྱེད་དུ་སྣང་ངམ། ཉི་མ་ཉིད་ནམ་མཁའ་ལ་གཡོ་བར་གྱུར་ཏམ། ཁ་དོག་ངན་པའམ། སྐྱ་བོར་འགྱུར་ན་དེའི་ཚེ་རྒྱལ་པོ་འཚོ་ཞིང་། སྐྱེ་བོ་འཚོ་བ་དང་ལོ་ཉེས་པ་དང་། ཆོམ་རྐུན་རྣམས་ཀྱི་མཐུར་གྱུར་པའམ། ཡང་ན་དབང་པོས་
ཆར་མི་འབེབ་བར་འགྱུར་རོ། །ཡང་དུས་མཚམས་མ་ཡིན་པར་ཉི་མ་དང་ཟླ་བ་གཟས་ཟིན་པར་གྱུར་ན། དེའི་ཆེ་མི་དག་མཚོན་གྱིས་འདེབས་ལ། དེ་བཞིན་དུ་ནང་དང་འཐབ་པ་དག་གིས་འཚོ་བར་འགྱུར། རྒྱལ་པོ་ཡང་འཚོ་ཞིང་། མུ་གེ་དང་། མི་ངས་དག་གི་ཚོགས་ཆེན་པོར་འགྱུར་རོ། །མི་རྣམས་
ཀྱང་ཉེ་དུ་ཕུ་ནུ་དག་དང་མི་མཐུན་ཞིང་འགལ་བར་འགྱུར་རོ། །མིའི་བུ་རྣམས་མངལ་དུ་ཡང་འཆི་བར་འགྱུར་རོ། །ཡང་ཉི་མ་འོད་ཟེར་དང་བྲལ་ཞིང་མི་ལོང་བུ་ལྟ་བུར་སྣར་ན། དེ་ཡང་ངེས་པར་རྒྱལ་པོ་འཇིགས་པར་རིག་པར་བྱའོ། །ཡང་ན་ཉི་མ་ནམ་མཁའ་ལ་ཁྲག་གི་འོད་ཅན་ལྟ་བུ་སྣང་བ་དེའི་ཚེ་རྒྱལ་
པོ་རྣམས་དང་། དེ་ལ་བརྟེན་པ་རྣམས་དང་། ཡུལ་རྣམས་དང་། དེ་བཞིན་དུ་དབང་པོ་རྣམས་དང་། ཕན་ཚུན་དུ་གསོད་པར་འགྱུར་རོ། །དེའི་ཚེ་སྐྱེ་བོ་ཐམས་ཅད་ཆོས་དང་མི་མཐུན་པར་ཕྱིན་ཅི་ལོག་པར་སྤྱོད་པའི་ལྟས་ཡིན་ནོ། །གང་གི་ཚེ་ཉི་མ་འཆར་བ་དང་། གཞུ་ལྟར་རབ་ཏུ་སྦུ་བར་སྣང་ཞིན། སྤྲིན་
དམར་དག་གིས་ཁེབས་ན། དེའི་ཚེ་ཕ་རོལ་གྱི་དམག་ཚོགས་དག་འོང་བར་འགྱུར་རོ། །གང་གི་ཚེ་ཉི་མ་འཆར་བ་དང་། གཟུགས་བརྙན་དག་སྣང་བ་དེའི་ཚེ་ན་འཇིགས་པ་ཆེན་པོ་འོང་བར་བསྟན་ཏོ། །དེ་དག་གི་ཚེ་ཉི་མ་འཆར་བ་དང་། ནུབ་པ་ཁོ་ན་དེའི་ཚེ་ཉི་མ་མགོ་བཅད་པ་ལྟ་བུའི་སྤྲིན་གྱི་ཁེབས་པ་དེའི་ཚེ་
ན། ཡུལ་དུ་འཇིགས་པ་ཆེན་པོ་འབྱུང་བར་རིག་པར་བྱའོ། །ཡང་ཉི་མ་འཆར་བ་ནུབ་པ་ཁོ་ནའི་ཚེ་ཉི་མ་འཁྱམས་པ་དང་། སྐར་མདའ་ལྷུང་བ་དང་། ས་གཡོ་བར་གྱུར་པ་དེའི་ཚེ་རྒྱལ་པོ་གསོད་པར་འགྱུར་རོ། །ཡང་གལ་ཏེ་ཉི་མ་གཟུགས་བུ་གུ་ཅན་དང་། བོང་བུ་དང་། ཁྲག་ལྟ་བུའི་ཉི་མ་ཕྱེད་དུས་གསལ་
བར་སྣང་ན། མིའི་བདག་པོ་མཐའ་དག་འཚེ་བ་དང་། ནད་དང་། མུ་གེ་དག་ལྡང་བས་སྐྱེ་བོ་བས་བའི་དུས་སུ་འགྱུར་རོ། །གང་གི་ཚེ་ཉི་མ་ཟླ་བ་དག་འཁྱམ་ཞིང་དཀྱིལ་འཁོར་ཐ་དད་དུ་ཆུད་ལ། རྩུབ་བར་གྱུར་པ་དེའི་ཚེ་ནི་ཐེ་ཚོམ་མེད་པར་དམག་འབྱུང་བར་འགྱུར་རོ། །གང་དུ་ཉི་མ་དང་ཟླ་བ་དག་

འཁྱམ་པ་དང་། དཀྱིལ་འཁོར་མཐའ་བདག་ཡིན་པ་དང་། རྩུབ་ཅིང་རྣམ་པར་གཞག་པ་དང་། ཉམས་པར་གྱུར་པ་དེའི་ཚེ་འཆར་བ་མེད་པ་འགྱུར་ཞིང་། མུ་གེ་དང་མི་ངས་དག་འབྱུང་བར་རིག་པར་བྱའོ། །གང་དུ་ཉི་མ་ཟླ་བ་དག་རྨ་བྱའི་མགྲིན་པ་ལྟ་བུ་འཁྱམ་པར་གྱུར་པ་དེའི་ཚེ་ན་དེས་མུ་
གེ་འབྱུང་བར་བསྟན་ཏོ། །གང་གི་ཚེ་ཉི་མ་སྤྲིན་གྱི་ཁ་མདོག་ལྟ་བུ་དང་། འཇའ་འདྲ་བ་དང་། དཀྱིལ་འཁོར་ཆུང་བར་གྱུར་བ་དེའི་ཚེ་ན་འཕྲལ་འཕྲལ་དུ་ཆར་པ་འབབ་པར་འགྱུར་རོ། གང་གི་ཚ་ཉི་མ་དང་། ཟླ་བ་དང་། གཟའ་རྣམ་གསུམ་འགལ་བར་གྱུར་པ་ནི་ཞག་གསུམ་ཚུན་ཆད་ཆར་འབབ་པ་དང་། ཟླ་བ་
གསུམ་ཚུན་ཆད་དུ་འཇིགས་པ་ཆེན་པོ་འབྱུང་བར་རིག་པར་བྱའོ། །གང་གི་ཚ་ཟླ་བ་ཚུལ་ཟླ་བ་བརྙན་དག་སྣང་བར་འགྱུར་ན་ཡང་ཞག་གསུམ་ཚུན་ཆད་ཆར་པ་འབབ་པ་དང་། ཟླ་བ་གཅིག་ལ་འཇིགས་པ་ཆེན་པོ་འབྱུང་བར་འགྱུར་རོ། །གང་གི་ཚེ་ཟླ་བ་འཁྱམ་ཤིང་ངན་དུ་ནུབ་པར་རབ་ཏུ་སྣང་ན། གཟའ་རྣམས་ཀྱི་
ཡང་ཟིལ་གྱིས་ནོན་པར་འགྱུར་རོ། །དེ་བཞིན་དུ་སྣང་བ་ཆུད་པར་གྱུར་པ་དེའི་ཚེ་ན། དམག་དོན་རྣམས་འཆི་བར་འགྱུར་ལ། དེ་བཞིན་དུ་དེ་ཡུལ་དེ་ཡང་ལོ་ཉེས་དང་། མུ་གེ་དང་། མི་ངས་པ་དག་ཀྱང་འབྱུང་། རྒྱལ་པོ་ཡང་འཚེ་བར་འགྱུར་བ་དང་། ཆོམ་རྐུན་བ་དག་ཀྱང་བརྒྱལ་བར་འགྱུར་བའི་ལྟས་སུ་
བསྟན་ཏོ། ཡང་ཟླ་བའི་གཟུགས་འཁྱམས་པ་དང་། གཟའ་རྣམས་ཕན་ཚུན་དུ་མཐོ་ཞིང་ཞུམ་པར་ཡང་གྱུར་པ་དེ་ནི། ལུས་ཅན་རྣམས་ཤིན་ཏུ་མནར་བར་འགྱུར་བར་བསྟན་ཏོ། །ཟླ་བའི་གཟུགས་འཁྱམས་པ་ན། གང་གི་ཚེ། ཟླ་བ་ཁྲག་གི་མདོག་ལྟ་བུའི་ཁ་དོག་ཏུ་གྱུར་བ་དེའི་ཚེ་ན་དམག་ཁྲག་གི་འདམ་
རྫབ་ཅན་འབྱུང་བར་འགྱུར་རོ། །ཉི་ཟླའི་ལྟས་ཀྱི་ལེའུ་སྟེ་དང་པོའོ།། །།གཟའ་སྐར་གྱི་ལྟས་ལ་དྲང་སྲོང་ཆེན་པོ་གར་ག་ལ་ལེགས་ལྡན་ཕྱོགས་ཀྱི་སྐྱོང་བ་དག་ཇི་ལྟར་གནས་པ་དང་། གཟའ་དང་རྒྱུ་སྐར་དག་གི་ཆེ་ཆུང་དང་། ཇི་ལྟར་རྒྱུ་བ་དང་། སྐར་མ་དག་གང་ནས་འབྱུང་ཞིང་ཇི་ལྟར་ལྟུང་བ་དང་།
རྣམ་པར་རྒྱུ་བ་དག་སྐྱེས་བུ་དམ་པ་ཚངས་པ་ལྟ་བུའི་གཟི་བརྗིད་ཅན་གྱི་བདག་ལ་བསྟན་དུ་གསོལ་ཞེས་ཉོན་མོངས་བ་ཅན་མ་ཡིན་པའི་སློབ་མ་བྷ་གུ་རིས་ཀུན་དུ་དྲིས་པ་དང་། རིག་པའི་གནས་ཐམས་ཅད་ཀྱི་ཕ་རོལ་དུ་ཕྱིན་པས་བཤད་པ། ཕྱོགས་སྐྱོང་དག་ནི་བཞི་སྟེ། རང་གི་ཕྱོགས་ལ་ཡང་དག་པར་བརྟེན་པ་དག་

གོ། །གཟའ་དང་རྒྱུ་སྐར་ཐམས་ཅད་ཀྱི་སྟེང་ན་སྨེ་བདུན་དག་གནས་ཤིང་། དེ་དག་གི་འོག་ན་ནི་སྤེན་པ་དག་གནས་སོ། །ཉི་མའི་དཀྱིལ་འཁོར་ནི་དཔག་ཚད་བརྒྱ་སྟོང་དུ་བརྗོད་དོ། །ཟླ་བ་ནི་བཅུ་དྲུག་ཏུ་བརྗོད་དོ། །སྒྲ་གཅན་འཛིན་ནི་ཉིས་འགྱུར་རོ། །སྣར་མ་དང་། གྲོ་བཞིན་དང་།
རྒྱལ་དང་། མགོ་དང་། བྱི་བཞིན་དང་། ནག་པ་དང་། ས་རེ་དང་། ས་ག་དང་། ལག་དང་། སྣྲོན་དང་། སྣྲུབས་དང་། ནབ་སོ་དག་སྟེ། རྒྱུ་སྐར་བཅུ་གཉིས་པ་དག་གི་དཀྱིལ་འཁོར་ནི་དཔག་ཚད་གཉིས་གཉིས་སོ། །དེ་བཞིན་དུ་སྐར་མ་ཕྲ་མོ་གཞན་དག་གི་ཚད་དུ་རྒྱང་གྲགས་ཙམ་མོ། །དེ་དག་གི་གྲངས་ནི་
དུར་ཕྱུར་ཕྲག་གཉིས་དང་། བྱེ་བ་ཕྲག་བརྒྱད་དང་ས་ཡ་ཕྲག་ལྔར་བཤད་དེ། རྒྱུ་སྐར་གྱི་དཀྱིལ་འཁོར་ལ་གནས་བདག་ཡིན་ནོ། །རྒྱུ་སྐར་མེ་བཞི་དང་། ནག་པ་དང་། ས་རི་དང་། ས་ག་དང་། ལག་དང་། དེ་བཞིན་དུ་མགོ་དང་། ནབ་སོ་དང་། སྦོ་རྣམས་ནི་རླུང་གི་དཀྱིལ་འཁོར་ཡིན་ཏེ། དེ་དག་
དབང་བའི་དུས་སུ་གལ་ཏེས་གཡོ་བ་དང་སེར་བ་འབབ་པ་དང་། སྒྲ་གཅན་འཛིན་མཐོང་བར་འགྱུར་བ་དང་། སྐར་མངའ་དང་། སེར་བ་མི་བཟད་བ་འབབ་བར་འགྱུར་ན་དེའི་ཚེ་ནི་རྡུལ་གྱི་ཆར་མི་ཟད་པ་འབྱུང་བ་དང་། དེའི་ཚེ་རླུང་དམར་མ་རུངས་པ་ལྡང་ཞིང་། ཁང་བཟངས་དང་། རྟ་བབས་དང་། བག་མ་དང་།
སྐྱེད་ཤིང་དང་། ཁང་པ་རྣམས་འགྱེལ་བར་བྱེད། མཚོ་ཆེན་པོ་དང་། འབབ་ཆུ་དང་། རྫིང་དང་། ཁྲོན་པ་རྣམས་ཀྱི་ཆུ་སྐེམ་པར་བྱེད་པ་སྟེ། དེ་ལྟར་སྔོན་གྱི་རིག་པས་རླུང་ལས་གྱུར་བའི་བྱེ་བྲག་ཏུ་བརྗོད་པ་ཡིན་ནོ། །གལ་ཏེ་དེ་དག་ཉེ་བར་ཞི་བའི་རྒྱུ་ཞག་བདུན་ཚུན་ཆད་ཆར་མ་བབ་བར་གྱུར་ན་རླུང་འཁྲུགས་པ་
ལས་བྱུང་བའི་གནོད་པ་ལ་གཞན་དག་ཀྱང་འབྱུང་བར་འགྱུར་ཏེ། ཡུལ་མ་ཏུན་ད་དང་། ཡུལ་བ་ལི་ཀ་དང་། ཡུལ་ཀ་ཙ་ད་དང་། ཡུལ་ཀམ་པོ་ཛ་དང་། ཡུལ་བར་བར་དང་། ཡུལ་སྤོས་འཛིན་དང་བཅས་པ་དག་ཏུ་ཡང་འཁྲུག་ཅིང་ཕན་ཚུན་མི་མཐུན་པ་དང་། དེ་བཞིན་དུ་ནད་དག་གིས་ཟིན་པའི་སྒྲ་མེ་སྙན་པ་དང་།
ལུས་འཕགས་དག་ཀྱང་ཉེན་པར་འགྱུར། མཚོན་གྱིས་ཐེབས་པ་དག་ཀྱང་འབྱུང་། རྒྱལ་པོ་རྣམས་ལ་ཡང་དམག་འདྲེན་པར་འགྱུར་ཞིང་། དེ་བཞིན་དུ་མའི་མངལ་ཡང་འགགས་པ་དང་། ས་ཡང་འབྲས་བུ་མི་སྐྱེ་བ་དང་། ཤིང་ཐོག་དང་། འབྲས་བུའི་ཤིང་དག་ཀྱང་རག་ཅིང་ཉུང་བ་དང་། དབང་པོས་

ཀྱང་ཆར་པ་ཆེན་པོ་མི་འབེབས་པ་དང་། ཕྱོགས་ཐམས་ཅད་ཀྱི་སའི་མདངས་ཀྱང་སྔོག་ནག་ཏུ་འགྱུར་ཞིང་མིག་སལ་བ་དང་། རྩུབ་པར་སྣང་བ་དང་། བ་ལང་དང་། ར་ལུག་དང་། བྱ་དང་། རི་དགས་ཀྱང་འཇིགས་པ་མེད་པར་ཡང་སྐྲག་ཅིང་འདྲོག་པ་དང་། ཕྱོགས་བསླད་ཅིང་ཕན་ཚུན་ཐོབ་པར་འགྱུར་
རོ། །ཡང་རྒྱུ་སྐར་ས་ག་དང་། སྨིན་དྲུག་དང་། རྒྱལ་དང་། ཁྲུམས་སྟོད་དང་། བྷ་གའི་ལྷ་གང་ཡིན་པའི་འདི་དང་། མཆུ་དང་། གཤིན་རྗེའི་ལྷ་གང་ཡིན་པ་འདི་དག་དབང་བའི་དུས་སུ་ས་གཡོས་པའམ། གནམ་གྲུམ་པ་འབྱུང་བར་གྱུར་ན་མིའི་ཕྱོགས་ཀྱི་འཁོར་ལ་བབ་པའི་ཤུགས་ཀྱིས་གནོད་པ་འགྱུར་
བར་རིག་པར་བྱ་སྟེ། མཁྲིས་པའི་རིགས་ལས་གྱུར་བའི་གནོད་པས་སྐྱེ་དགུ་ཤིན་ཏུ་གཟིར་བ་དང་། བུད་མེད་རྣམས་ལ་ཁྲག་ནད་འབྱུང་བ་དང་། བ་དང་མ་ཧེ་ཞོ་སྐམ་པ་དང་། བསོད་ནམས་བྱ་བར་བརྩམས་ཤིང་བསམ་པ་ཐམས་ཅད་ཀྱང་འགྲུབ་པར་མི་འགྱུར་ལ། སེམས་ཅན་རྣམས་ལ་ཡམས་ནད་འབྱུང་
བ་དང་། དེ་བཞིན་དུ་ནད་དང་། རྒྱལ་པོ་ལས་ཀྱང་གྱུར་པ་འབྱུང་བ་དང་། སྐྱེ་དགུ་རྣམས་ཀྱང་ཕན་ཚུན་དགའ་བ་དག་བྱེད་ནས་མི་མཐུན་པར་ཡང་འགྱུར་ཞིང་ཉིན་མཚན་དུ་ཕྱོགས་རྣམས་སུ་གནས་མེ་ཞི་བར་ཡང་མི་འགྱུར། སྤྲིན་ཡང་ཆར་བ་འབེབས་པར་མི་འགྱུར། དེ་བཞིན་དུ་འདོད་འཇོ་དག་ཀྱང་འོ་མ་མེད་པར་
འགྱུར་བ་དང་། ཤིང་ལྗོན་པའི་རིགས་དང་། ལྕུག་མ་དག་ཀྱང་མེ་ཏོག་དང་། འབྲས་བུ་ཉུང་བ་དང་། ཆུའི་གནས་ཁྲོན་པ་དང་། རྫིང་དང་། ལྟེང་ཀ་ལ་སོགས་པ་ཡང་སྐམ་པར་འགྱུར་ཞིང་། མུ་གེ་དང་ནད་ཀྱིས་ཉེན་བ་འབྱུང་བ་དང་། ཡུལ་འཁྲུག་པར་ཡང་འགྱུར། ཆོམ་རྐུན་གྱི་འཇིག་རྟེན་རྣམས་ཀྱི་མཐུ་
དང་། རི་དགས་རྣམས་ཀྱང་འདྲེན་པར་འགྱུར། ཤ་སྦྲང་དང་། སྦྲང་བུ་མཆུ་རིངས་རྣམས་དང་། དེ་བཞིན་དུ་རིགས་ངན་གྱི་རིགས་དག་ཀྱང་འཕེལ་བར་འགྱུར་ཏེ། དེ་ལྟར་མེའི་ཕྱོགས་ཀྱི་དཀྱིལ་འཁོར་དུ་ཆོས་ལུགས་དེ་རྣམས་འབྱུང་བར་ཤེས་པར་བྱའོ། །ཁྲུམས་སྨད་དང་། ཆུ་ལྷ་དང་། དེ་བཞིན་དུ་ནམ་གྲུ་དང་།
བདེན་བྲལ་གྱི་ལྷ་དང་། སྐག་དང་། དེ་བཞིན་ལག་ནི་ཆུའི་དཀྱིལ་འཁོར་ཡིན་ཏེ། དེ་ནི་བསྟན་བཅོས་རིག་པ་རྣམས་ཀྱིས་བརྗོད་པ་ཡིན་ནོ། །གལ་ཏེ་འདི་རས་གཡོ་བ་དང་། གནམ་གྲུམ་པ་བྱུང་བ་དང་། ཉི་མ་དང་། ཟླ་བ་ཡང་ཉེ་བའི་ཆགས་པ་དང་ལྡན་པ་དང་། མཇུག་རིངས་དང་། དེ་བཞིན་དུ་ལྟས་སུ།

འབྱུང་བ་གཞན་མཐོང་བར་གྱུར་ན་ཆུ་ལྷའི་དེ་ནི་སྐྱེ་དགུ་རྣམས་ལ་དགེ་བའི་རྒྱུ་ཡིན་པར་ཤེས་པར་བྱ་སྟེ། དེར་ལོ་ལེགས་པ་དང་། བ་འོ་མ་མང་བ་ཉིད་དུ་ཡང་ཤེས་པར་བྱའོ། །བུད་མེད་ངག་ཀྱང་དུས་ཚད་ནས་ཚོར་བ་མེད་པར་བདེ་བར་བཙའ་བར་འགྱུར་རོ། །ས་བོན་ཇི་ལྟར་བཏབ་པ་བཞིན་དུ་
གྲུབ་ནས་ས་ཡང་ལོ་ཏོག་གི་ཕྲེང་བ་ཅན་དུ་འགྱུར་ཞིང་། རྒྱལ་པོ་རིག་པའི་རྗེས་སུ་འབྲང་བ་དག་ཀྱང་མི་དགེ་བ་མེད་པར་འགྱུར་རོ། །བྲམ་ཟེ་ལ་སོགས་པའི་རིགས་བཞི་པོ་ཡང་རང་གི་ལས་རྣམས་ལ་གནས་པར་འགྱུར། སྐྱད་ཀྱིས་འཚོ་བ་ཐམས་ཅད་ཀྱང་རྙེད་པའི་མཆོག་རྙེད་པར་འགྱུར་ཞིང་། ས་ལས་
སྐྱེ་བ་རྣམས་ཀྱང་འབྲས་བུ་དང་། མེ་ཏོག་དང་འདབ་མ་དང་ལྡན་ཞིང་འཕེལ་བར་འགྱུར་བ་དང་། བདེ་བ་དང་། ལོ་ལེགས་པ་དང་། ནད་མེད་པ་དང་། སྐྱེ་དགུ་རྣམས་ལ་ཡང་དགེ་བར་འགྱུར་རོ། །མོན་གྲུ་དང་། སྣར་མ་དང་། སྣྲོན་དང་། དེ་བཞིན་དུ་ལྷ་མཚམས་དང་། བྱི་བཞིན་གྲོ་བཞིན་དང་། དེ་
བཞིན་དུ་གཞན་ཡང་ཆུ་སྨད་ནི་དབང་པོ་ཆེན་པོའི་ཕྱོགས་ཀྱི་དཀྱིལ་འཁོར་དུ་རིག་པར་བྱ་སྟེ། ཐམས་ཅད་ཤིན་ཏུ་ཕན་པའི་རྒྱུ་ཡིན་ཞིང་སྐྱེ་དགུ་རྣམས་ལ་བདེ་བ་དང་། ནད་མེད་པ་དང་། རྒྱལ་པོ་རྣམས་ལ་དགེ་བ་རབ་ཏུ་སྦྱིན་པར་བྱེད་པ་ཡིན་ནོ། །གལ་ཏེ་འདི་རས་གཡོ་བ་དང་། དེ་བཞིན་དུ་གནམ་གྲུམ་པ་ལ་
སོགས་པ་དང་། ཉི་མ་དང་ཟླ་བ་ཉེ་བའི་ཆགས་པ་ཅན་དུ་གྱུར་པ་དང་། མཇུག་རིངས་མཐོང་བར་གྱུར་པ་དང་། གཞན་ཡང་གློ་བུར་དུ་བྱུང་བ་གཞན་ཇི་ལྟར་འབྱུང་བ་ཡང་དེར་ནི་བསྟན་བཅོས་རིག་པའི་ཐུབ་པ་རྣམས་ཀྱིས་མི་དགེ་བ་མེད་པར་བསྟན་ཏེ། ལོ་ཏོག་དག་ཤིན་ཏུ་ཕུན་སུམ་ཚོགས་པ་དང་། ལོ་
ལེགས་པ་དང་། ཆོམ་རྐུན་མེད་པ་དང་། བྲམ་ཟེ་རྣམས་ཀྱི་སྦྱིན་སྲེག་དང་། མཆོད་སྦྱིན་གྱི་བྱ་བ་ཐམས་ཅད་འགྲུབ་པར་འགྱུར་ཞིང་། རིག་པར་བྱེད་པའི་རྒྱལ་པོ་ཐམས་ཅད་ཀྱང་ས་སྲུང་བར་བྱེད་པར་འགྱུར་བ་དང་། རིགས་ཀྱང་རང་གི་ཆོས་ལ་གཞོལ་ཞིང་། སེམས་ཆོས་ལ་མངོན་པར་དགའ་བ་དང་། དུས་ཇི་
ལྟ་བ་བཞིན་དུ་ཆར་ཆུ་འབབ་པ་དང་། ཤིང་རྣམས་མེ་ཏོག་དང་། འབྲས་བུ་སྨིན་པར་བྱེད་པ་དང་། སྐྱེ་བོ་མཐའ་དག་རབ་ཏུ་དགའ་བ་དང་། ལྷགས་པ་རྣམས་ཕན་ཚུན་དགའ་བར་འགྱུར་ཞིང་། སྤྲིན་རྣམས་དོན་མེད་པར་མ་ཡིན་ཏེ། ས་གཞིར་ཆར་བ་ལེགས་པར་འབབ་པར་འགྱུར་བ་དང་། མི་རྣམས་ཀྱི་བྱ་

བ་ཇི་ལྟར་བརྩམས་པ་རྣམས་ཀྱང་ཕལ་ཆེར་གྲུབ་པར་འགྱུར་ཞིང་ལུས་ཅན་རྣམས་ལ་ཡང་གནོད་པ་བྱེད་པ་རྣམས་དང་། གྲོག་སྦུར་རྣམས་དང་། སྦྲུལ་དང་། བྱི་བ་ལ་སོགས་པ་དང་། དེ་བཞིན་དུ་ཡམས་ཀྱི་ནད་རྣམས་དང་། བ་ལ་སོགས་པ་རྣམས་ཀྱང་ཡང་དག་པར་འཇིག་པར་འགྱུར་རོ། །རྣམ་པ་གཞན་དུ་ན་
དབང་པོ་ཆེན་པོའི་དཀྱིལ་འཁོར་དབང་བར་གྱུར་ན་ཆུ་དང་། མེ་དང་། རླུང་ལས་གྱུར་པ་བད་ཀན་དང་། མཁྲིས་པ་ལས་གྱུར་པའི་ནད་རྣམས་དང་། དེ་བཞིན་དུ་རླུང་ལས་གྱུར་བ་རྣམས་འབྱུང་སྟེ། དེ་དག་ནི་གཞན་དུ་མ་ཡིན་ནོ་ཞེས་པ་བསྟན་ཏོ། །གཟའ་རྣམས་ཀྱི་ལེའུ་སྟེ་གཉིས་བའོ།། །།
སྐར་མདའི་ལྟས་ལ་སྐར་མདའ་འདི་དག་ནི་དེ་དག་ནི་མཚན་མ་བསྟན་པའོ། །འཇིག་རྟེན་དག་ན་རྟགས་སྟོན་པར་བྱེད་པ་སྟེ། དེ་ལ་གང་གི་ཚེ་དབང་པོ་རྣམས་དང་ཆུ་ལྷ་དང་། རླུང་ལྷ་དང་། མེའི་ཕྱོགས་ཀྱི་གཞན་དག་ནི་ཁ་དོག་སྣ་ཚོགས་ཤིང་གཟུགས་འཇིགས་པ་དང་། མེ་སྟག་དང་བཅས་ཤིང་འོད་དང་
བཅས་པ་དང་། སོལ་བ་འབར་བ་ལྟར་སྣང་སྟེ། ནམ་མཁའི་ངོས་ལ་ཆར་དུ་འབྱུང་པར་འགྱུར་རོ། །གཤིན་རྗེའི་ཕྱོགས་ཀྱི་སྐར་མདའ་གནག་པ་དང་། དམར་པོ་རེང་རེད་པོ་དང་། རྩུབ་བ་ནི་འཇིགས་པར་བྱེད་པ་སྟེ་མིའི་རྒྱལ་པོ་རྣམས་དང་། ཡུལ་རྣམས་ལ་འཇིགས་པ་ཆེན་པོ་འབྱུང་བར་བརྗོད་པ་ཡིན་ནོ། །
དེ་བཞིན་དུ་བར་སྣང་ལ་འདུག་པ་དང་། རི་དང་རྒྱ་མཚོ་ལ་བདུག་པ་ཡང་ཡིན་ནོ། །གང་དུ་ལྷ་ཡུལ་དང་། ས་སྟེངས་སུ་ལྷུང་ཞིང་བཟློག་ཕྱོགས་སུ་འགྲོ་བར་འགྱུར་ན་ཡུལ་དེར་ཞི་བ་མ་ཡིན་པར་འགྱུར་རོ། །རྒྱབ་ཕྱོགས་སུ་ནི་རྟག་ཏུ་ཞི་བར་འགྱུར་རོ། །དེ་བཞིན་དུ་དེ་དག་ནི་འཇིག་རྟེན་ཐམས་ཅད་དུ་རྒྱུ་བ་དང་།
གཟུགས་འདོད་པ་འཛིན་པ་དག་ཡིན་ནོ། །གནོད་པར་གྱུར་པའི་ཡུལ་དག་ཏུ་དམག་འགྱེད་དུ་འཇུག་པ་ཡང་བྱེད་པར་འགྱུར་རོ། །དེའི་འོག་ཏུ་རང་བཞིན་གྱིས་དམག་ཁོ་ནས་འཇིག་རྟེན་རྣམས་འཆི་བར་བྱེད་པར་འགྱུར་རོ། །དེ་དག་ལྷུང་བ་དག་རྗེས་སུ་མཚན་ཉིད་ཡང་དག་པར་རབ་ཏུ་བརྗོད་པར་བྱ་སྟེ། དཀར་པོ་
འགྲོ་ཞིང་མེ་སྟག་དང་བཅས་པ་ནི་བྲམ་ཟེ་རྣམས་ལ་འཇིགས་པ་འདྲེན་པ་ཡིན་ནོ། །དེ་བཞིན་དུ་དམར་པོ་རྣམས་ནི་རྒྱལ་རིགས་རྣམས་ལའོ། །སེར་པོ་ནི་རྡེའུ་རིགས་རྣམས་ལའོ། །ནག་པོ་དང་སྔོ་བསངས་ནི་དམངས་རིགས་རྣམས་ལ་སྟེ། ཤིན་ཏུ་འཇིགས་པ་འབྱུང་བར་བརྗོད་དོ། །དེ་བཞིན་དུ་སྐར་མདའ་སྔོ་

བསངས་དང་། རྩུབ་པ་དང་། འགྲུམ་པ་དང་། དཀར་པོ་དང་། སེར་པོ་དང་། ཁ་དོག་རྣམ་པ་སྣ་ཚོགས་དང་། མེ་སྟག་དང་བཅས་པ་དང་། དུ་བ་འཐུལ་བ་དག་ཏུ་ལྷུང་བ་དེར་ནི་རྒྱལ་པོ་ལ་གནོད་པར་འགྱུར་རོ། །གང་དུ་ལ་ལར་ཕག་དང་། སྤྲེའུ་དང་། ལྦ་ལྟར་བཅོས་པ་
དང་། རི་དགས་དང་། བོད་བུའི་གཟུགས་ལྟ་བུའི་འོད་ཅན་གྱི་སྐར་མདའ་ལྷུང་བ་དེར་ནི་རྒྱལ་པོ་དང་ཡུལ་འཁོར་དུ་བཅས་ཏེ་འཆི་བར་འགྱུར་བ་ཐེ་ཚོམ་མེད་དོ། །གང་རྒྱུ་སྐར་དང་ཕྲད་ནས་གང་མིའི་མདུན་དུ་གྲུམ་ཞིང་སྐར་མདའ་གྲུགས་པ་དེར་ནི་ཉིད་དུ་འབྲས་བུར་འགྱུར་བར་རྣམ་པར་བཤད་པར་བྱའོ། །
གཟའ་དང་། རྒྱུ་སྐར་གང་གི་བ་ལང་གི་ལམ་དང་། རྟ་བབས་དང་། རྒྱལ་མཚན་ཁྱིམ་དུ་ལྷུང་བ་དེ་ལ་ནི་འཇིགས་པ་ཆེན་པོ་འབྱུང་བར་བརྗོད་པ་ཡིན་ནོ། །གང་དུ་སྐར་མདའ་ཉི་མ་ལས་མངོན་དུ་ཕྱོགས་ཏེ་ལྷུང་བ་ནི་ཤིན་ཏུ་འཇིགས་པར་བྱེད་པར་འགྱུར་རོ། །བ་བསངས་ལ་རེག་པར་བྱེད་པ་དེ་ནི་དེར་
རྒྱལ་པོ་ལ་འཇིགས་པ་འབྱུང་བར་འགྱུར་རོ། །གང་དུ་ཟླ་བའི་འཁོར་ལ་རེག་པ་ལྕེའི་འོད་དང་མཉམ་པའི་སྐར་མདའ་ལྷུང་བ་དེ་ནི་རྒྱལ་ཚབ་གསོད་པར་འགྱུར་རོ། །གལ་ཏེ་སྐར་མདའ་ལྷའི་བླ་མ་ཕུར་བུ་ལ་གདུང་བར་བྱེད་པ་དེར་ནི་མདུན་ན་འདོན་གསོད་པར་འགྱུར་ཞིང་བྲམ་ཟེའི་བདག་ཉིད་ལ་ཡང་
གནོད་པར་འགྱུར་རོ། །གང་གི་ཚེ་སྐར་མདའ་ལག་ལ་གདུང་བར་བྱེད་པ་དང་། ལྷ་ལྟ་བུ་འབྱུང་བ་དེར་གཞོན་ནུ་འཆི་བར་འགྱུར་ཞིང་། དེའི་ཚེ་རྒྱལ་པོ་ལ་ཡང་གནོད་པར་འགྱུར་རོ། །གང་དུ་སྐར་མདའ་ལྷུང་ཞིང་གཟའ་མིག་དམར་ལ་གནོད་པ་བྱེད་པ་དེར་ནི་དམག་དཔོན་གསོད་འགྱུར་ཞིང་། མཚོན་དང་
མེའི་འཇིགས་པ་ཡང་འབྱུང་བར་འགྱུར་རོ། །གལ་ཏེ་སྐར་མདའ་འབབ་པ་ཉི་མའི་བུ་སྤེན་པ་ལ་གནོད་པར་བྱེད་པ་དེར་ནི་སྣ་བོའི་གཙོ་བོ་དང་། ཚོགས་ཅན་དག་འཆི་བར་འགྱུར་རོ། །གང་གི་སྐྱེ་བའི་རྒྱུ་སྐར་ལ་སྐར་མདའ་རྟུག་ལ་གལ་ཏེ་ཞི་བར་འགྱུར་བར་མི་བྱེད་ན་ཕོ་དེ་འཆི་བར་འགྱུར་རོ། །ཏྲི་ཤང་གུ་དང་།
བྷི་རི་ཤི་དང་། ས་ག་དང་། ས་རི་དང་། སྐར་མ་ཁྱི་ཁྲིད་དང་། སྨལ་པོ་དང་། རི་བྱ་དང་། དེ་བཞིན་དུ་བྲ་མྟ་ན་ངྷིད་ཡ་དང་། ཨ་རུ་ན་དང་། ཤི་ཤུ་མར་དང་། སྨེའུ་བདུན་དང་། དེ་བཞིན་དུ་གུར་ཚིགས་ཀྱིས་ཁེབས་ཤིང་སྐར་མདའ་ལྷུང་བ་དེ་ཤིན་ཏུ་འཇིགས་པ་ཆེན་པོ་འབྱུང་བར་འགྱུར་ཞིང་། དམག་མང་

པོས་འཁྲུག་པ་དང་། མཚོན་གྱིས་འཚེ་བ་ཡང་རབ་ཏུ་ཟད་པར་བྱེད་པར་འགྱུར། དེའི་ཚེ་ཡུལ་འཇིགས་པར་བྱེད་པའི་ཆོམ་རྐུན་ལ་སོགས་པ་ཡང་འབྱུང་བར་འགྱུར་རོ། །གང་དུ་སྐར་མདའ་རབ་ཏུ་འབར་བས་བས་ལ་ཐུར་དུ་ཐད་ཀར་འཇུག་བ་དེའི་ཚེ་ནི་དགྲ་དག་གིས་རྒྱལ་པོ་གསོད་པར་འགྱུར་ཞིང་ཡུལ་འཇིགས་
པར་ཡང་འགྱུར་རོ། །སྐར་མདའ་རྟའི་དབྱིབས་ལྟ་བུ་ནི་རྒྱལ་པོའི་དམག་ལ་གནོད་པར་འགྱུར་རོ། །རལ་གྲི་དང་། རྩེ་གསུམ་དང་། ཁ་ཊྭཱཾ་གའི་དབྱིབས་ལྟ་བུ་ནི་ཡུལ་དང་རྒྱལ་པོར་བཅས་པ་ལ་གནོད་པར་འགྱུར་རོ། །སྐར་མདའ་ཆེན་པོ་གདུགས་དང་། རྒྱལ་མཚན་དང་། ཤིང་རྟའི་རྣམ་པ་དག་ཏུ་
ས་ལ་ལྟུང་བ་ནི་ཞག་བདུན་གྱི་དམག་དང་རྒྱལ་པོར་བཅས་པ་ལ་གནོད་པར་འགྱུར་རོ། །གང་གི་ཚེས་ལ་སྐར་མདའི་ཆར་བ་དང་། རྡོའི་ཆར་བ་ཆེན་པོ་དག་བབ་པ་དེའི་ཚེ་ནི་དམག་སྟོང་གི་ཁྲག་སས་འཐུང་བར་འགྱུར་རོ། །གང་གི་ཚེ་སྐར་མདའ་མེའི་ཁ་དོག་ལྟ་བུ་གནམ་གྲུམ་པ་དང་བཅས་ཏེས་སྟེང་དུ་
ལྷུང་བ་དེའི་ཚེ་ནི་དམག་མི་སྟོང་གི་ཁྲག་སས་འཐུང་བར་འགྱུར་རོ། །གང་དུ་གླང་པོ་ཆེ་དང་། རྟ་དང་། ཤིང་རྟའི་གཟུགས་ལྟ་བུའི་འོད་དང་། རི་ལྟ་བུའི་རྣམ་པ་དག་ཐུར་དུ་ལྷུང་བ་ནི་ཡུལ་དང་། རྒྱལ་པོ་དང་བཅས་པ་ལ་གནོད་པར་འགྱུར་རོ། །གང་གི་ཚེ་སྐར་མདའ་དུས་ཚིགས་སྔ་མ་ཀུན་དུ་ཕྲད་པ་དུ་བ་ལྟ་
བུ་ས་ལ་ཐུར་དུ་ལྷུང་བ་དེའི་ཚེ་ནི་རྒྱལ་པོ་གསོད་པར་འགྱུར་རོ། །དུས་ཚིགས་ཀྱི་ཕྱེ་མ་ལ་བརྟེན་པའི་སྐར་མདའ་མེ་ལྟ་བུ་ལྷུང་བ་ནི་མཆོད་སྦྱིན་བྱེད་པ་རྣམས་འཆི་ཞིང་། དེ་བཞིན་དུ་མཆོད་སྦྱིན་གྱི་ལས་རྣམས་འཛིན་པར་འགྱུར་རོ། །གང་གི་ཚེ་སྐར་མདའི་སྒྲ་ཆེན་པོས་རབ་ཏུ་རྒྱུག་ཅིང་ཡུལ་ཡུལ་དང་། གྲོང་
གྲོང་དུ་ལྷུང་བ་དེའི་ཚེ་ནི་རྟག་ཏུ་རྒྱལ་པོ་འཆི་བར་འགྱུར་རོ། །ཤར་གྱི་ཕྱོགས་ཆར་ཀུན་དུ་འབྱུང་ཞིང་ཉི་མའི་ལམ་ལ་བརྟེན་ཏེ་ནུབ་ཏུ་ཁ་བལྟས་ཤིང་སོང་ནས་ཡུལ་མ་ག་དྷཱར་ཕྱིན་ཏེ། གྲུམ་པ་ནི་ལོ་ཏོག་རྣམས་སྨིན་ན་ཡང་ལོ་ཉེས་དང་། དེ་བཞིན་དུ་མི་ངས་འབྱུང་བར་ཡང་འགྱུར་ཞིང་འཇིགས་རྟེན་རྣམས་ལ་རང་གི་མི་
མཐུན་པ་ལས་འགྱུར་བའི་དམག་ཀྱང་འབྱུང་བར་བཤད་དོ། །རྒྱལ་པོ་རྣམས་དང་ཁྱིམ་ཁོལ་འབྱོར་བའི་མི་རྣམས་ཀྱང་འཆི་བར་འགྱུར་ཏེ། འཇིག་རྟེན་ལ་གནོད་པར་བྱེད་པ་ཉེས་པ་རྣམ་པ་མང་པོ་དེ་ལྟ་བུ་དག་འབྱུང་བར་འགྱུར་རོ། །གང་དུ་མེ་ཏོག་ཀུནྡ་དང་ཟླ་བ་དང་། དངུལ་གྱི་འདོ་ལྟ་བུའི་སྐར་མདའ་ལྷུང་བ་

དང་། རྒྱལ་པོ་རྣམས་རྒྱལ་བ་དང་། ལོ་ལེགས་པ་དང་། བདེ་བར་བྱེད་པ་སྨྲ་བར་བྱེད་དོ། །སྐར་མདའ་ཆེན་པོ་ཁ་དོག་རབ་ཏུ་འབར་བ་ཤིན་ཏུ་སྣུམ་པ་དང་དངུལ་དང་། ཤེལ་གྱི་འོད་འདྲ་བ་ནི་ཆར་བ་འབབ་པར་སྨྲ་བར་འགྱུར་ཏེ། འདི་ལ་ཐེ་ཚོམ་མེད་དོ། །གང་དུ་སྐར་མདའ་ཆེན་པོ་དུ་བ་
དང་བཅས་པ་གཟུགས་འཛིན་པར་བྱེད་པ་མེ་སྟག་དང་བཅས་པ་སོལ་བའི་མདོག་ལྟ་བུ་བྱུང་བ་དེའི་ཚེ་ནི་རྒྱལ་པོ་ལ་འཇིགས་པ་ཆེན་པོ་འབྱུང་བར་འགྱུར་རོ། དུ་བའི་མདོག་ལྟ་བུ་དང་། ཆེ་བ་དང་། སྐར་མ་ལྟར་དག་པ་དང་། གཡས་གཡོན་དུ་སོ་སོར་འགྲོ་བར་འགྱུར་བར་དང་། བཻཌཱུ་རྱའི་མདོག་ལྟ་བུ་དང་།
ཤེལ་གྱི་མདོག་ལྟ་བུ་དང་། གསེར་གྱི་མདོག་ལྟ་བུ་དང་། དངུལ་ལྟ་བུ་དང་། ཟླ་བའི་འོད་ཟེར་ལྟར་དཀར་བ་དང་། ཞོའི་འོད་དང་འདྲ་བའི་སྐར་མདའ་དེ་ནི་ལོ་ལེགས་པར་འགྱུར་རོ། །རྒྱལ་པོ་རྒྱལ་བར་འགྱུར་བ་ཐུབ་པ་སྔ་མ་རྣམས་ཀྱིས་རབ་ཏུ་བསྟན་ཏོ། །བཻཌཱུ་རྱའི་མདོག་ལྟ་བུར་བསྟན་པ་ནི་ཆར་བ་འབབ་
པར་བརྗོད་དོ། །ཤེལ་ལྟ་བུར་གྱུར་ན་ནི་ལོ་ལེགས་པར་འགྱུར་རོ། །གསེར་གྱི་འོད་ལྟ་བུར་གྱུར་ན་ནི་མེས་འཁྲུག་པར་འགྱུར་རོ། །དམར་པོར་གྱུར་ན་ནི་དམག་འབྱུང་བར་བརྗོད་དོ། །འདི་སྐད་དུ་གང་བསྟན་པ་ནི་ཟླ་བ་གཉིས་མ་ལུས་བར་དེའི་རྣམ་པར་སྨིན་པར་འགྱུར་བར་བརྗོད་དོ། །སྐར་མདའི་
ལྟས་ཏེ་ལེའུ་གསུམ་པའོ།། །།སྤྲིན་དང་། གློག་དང་། འཇའ་འོད་ཀྱི་ལྟས་ལ་གང་གི་ཚེ་སྤྲིན་གྱི་གཟུགས་གཡུང་དྲུང་འཁྱིལ་པ་ལྟ་བུ་དང་། གདུགས་དང་། ལྟེང་ཀ་དང་། ཤིང་རྟ་བསྲེག་པ་བཀྲ་ཤིས་པ་དང་ལྡན་པའི་དབྱིབས་དང་། རི་ལྟ་བུ་དག་ནི་སྐྱེ་དགུ་བདེ་བར་བྱེད་པའོ། །དེ་
བཞིན་དུ་དབང་པོའི་མཚོན་ཆའི་རྣམ་པ་ལྟ་བུ་དག་དང་། དབྱིག་པ་ལྟ་བུ་དག་ནི་བདེ་བར་ཡང་མི་བྱེད་ལ། མུ་གེ་ཡང་སྟོན་པར་བྱེད་དོ། །གང་གི་ཚེ་དབྱར་གྱི་དུས་སུ་སྤྲིན་མདུང་ཐུང་དང་། གསལ་ཤིང་དང་དབའ་རླབས་ལྟ་བུ་དག་དང་། རྒྱལ་མཚན་དང་། བདན་ལྟ་བུ་དག་དང་། མཚོན་ཆ་སྣ་ཚོགས་ལྟ་
བུར་སྣང་བ་དེའི་ཚེ། དམག་ཁྲག་གི་འདམ་རྫབ་ཅན་མི་བཟད་པ་འབྱུང་ལ་ལོ་ཏོག་ཀྱང་ཆུད་ཟོས་བར་འགྱུང་ཞིང་། ཆོམ་རྐུན་དག་ཀྱང་འཕེལ་བར་འགྱུར་རོ། །སྤྲིན་ཐ་དད་དུ་ཆད་པ་དང་། ཤིང་སྐམ་ལྟ་བུ་དང་། གཏུན་ཤིན་ལྟ་བུ་དང་། མགོ་ཐོད་ལྟ་བུའི་དབྱིབས་གང་ཡིན་པ་དེ་དག་ནི་མོད་ལ་འཇིགས་པའི་

དམིག་འོང་བར་འགྱུར་རོ། །ཡང་སྤྲིན་བྱ་སྣ་ཚོགས་ལྟ་བུ་དང་། རྔ་མོ་དང་། བོང་བུའི་སྤྲིན་གྱི་ཚོགས་དག་ཉི་མ་ཤར་བ་དང་ནུབ་པ་ཁོ་ནའི་ཚེ་ཉི་མའི་ཟུར་ནས་འགྲོ་བར་གྱུར་ན་དེ་ནི་སྐྱེ་བོ་ཟད་པར་འགྱུར་བའི་ནད་དང་། མཚོན་ལ་སོགས་པ་འབྱུང་བར་རིག་པར་བྱའོ། །ཡང་སྤྲིན་གྱི་གཟུགས་འགོག་པ་ཅན་ལྟ་
བུར་གྱུར་ཅིག །རྡུལ་གྱི་ཚོགས་འདྲེན་པར་བྱེད་པའི་རླུང་དྲག་པོ་དང་བཅས་པ་འབྱུང་བ་ནི་རྒྱལ་པོ་དང་སྐྱེ་བོ་ཕལ་བ་དག་འཆི་བ་དང་། ཡུལ་འཁོར་དང་། དགོན་པ་ན་གནས་པ་དག་ལ་གནོད་པར་བསྟན་ཏོ། །ནམ་མཁའ་ལ་སྤྲིན་མེད་པར་འབྲུག་ཟེར་བ་དང་། འབྲུག་ཟེར་ལ་ཆར་མེད་པའི་སྤྲིན་ནི་གནོད་པ་
འབྱུང་བའི་སྤྲིན་ཡིན་ནོ། །འོད་གློག་དང་འཇའ་རླུང་གི་ལྟས་ལ་གང་གི་ཚེ་ཉི་མའི་དྲུང་ལྷོ་ཕྱོགས་ངོས་ནས་གློག་འབྱུང་བར་འགྱུར་ལ། དེའི་དུས་སུ་རྒྱལ་པོའི་ཕོ་བྲང་དང་། རྟ་བབས་དང་། གླང་པོ་ཆེ་དང་། རྟའི་བྲེས་ཀྱི་ཁང་སྟེང་དང་། རྒྱལ་པོའི་ལམ་དང་། ཁྲོམ་ལམ་གྱི་བཞི་མདོ་དང་། གྲོང་ཁྱེར་གྱི་སྒོ་
དང་། ཤིང་ཆེན་པོ་རྣམས་ལ་ཐོག་དང་སེར་བ་འབབ་འམ། སྐར་མདའ་དག་ཀྱང་ལྟུང་བར་གྱུར་ན་དེར་ལོ་གཅིག་ཚུན་ཚད་དུ་འཇིག་རྟེན་ཀུན་དུ་ཟད་བར་འགྱུར་བར་རིག་པར་བྱ་ཞིང་། ཡུལ་དེར་རྒྱལ་པོ་གཞན་འོང་བར་ཡང་ཐེ་ཚོམ་མེད་དོ། །ཉི་མ་ལ་འབྱུང་བའི་གློག་དེ་ཉིད་རྒྱལ་པོའི་རྟ་བབས་དང་། ཕོ་
བྲང་གི་སྒོར་བབ་ན་རྒྱལ་པོ་དང་། དེ་ལ་བརྟེན་པ་དག་ཀྱང་འཆོ་བར་འགྱུར། རྟ་བྲེས་དང་གླང་པོ་ཆེའི་བྲེས་སུ་བབ་ན་དེའི་སྲུང་མ་ངེས་པར་འཇིགས་པར་འགྱུར་རོ། །ར་བར་བབས་ན་དམག་མིའི་གཙོ་བོ་དག་འཆི་བར་འགྱུར་རོ། །གང་གི་ཚེ་མོའི་ཕྱོགས་ནས་གློག་འོད་མོ་ལྟ་བུ་འབྱུང་བ་ནི་ནད་རྣམས་ཀྱིས་
འཁྲུག་པ་དང་། རླུང་དྲག་པོས་གནོད་པ་འབྱུང་བའི་ལྟས་ཡིན་ནོ། །བདེན་བྲལ་གྱི་ཕྱོགས་ནས་གློག་འབྱུང་བ་བྱེད་པ་དེའི་ཚེ་ནི་རླུང་དལ་བར་འབྱུང་བར་བྱེད་ཅིང་ནད་ཀྱིས་འཇིགས་རྟེན་ཟད་པར་འགྱུར་རོ། །གང་གི་ཚེ་ནམ་མཁའ་སྤྲིན་མེད་པར་ཕྱོགས་དག་ཏུ་རྟག་པར་གློག་འབྱུང་བར་འགྱུར་བ་དེར་ནི་
རྒྱལ་པོ་འཆི་བ་དང་། ཡུལ་འཁོར་དང་བཅས་པ་འཇིགས་པར་བྱེད་པའོ། །གང་གི་ཚེ་གློག་མེ་ཏོག་གི་འབྲས་བུར་མཛེས་ཤིང་སྣུམ་པའི་འོད་ཅན་སྤྲིན་གྱི་དབུས་ན་དུག་པ་ནི་བདེ་བ་དང་ལོ་ལེགས་པར་འགྱུར་བར་བསྟན་ནོ། །འཇའ་ལྟས་ལ་གང་གི་ཚེ་གཞན་དག་གིས་གྲོང་འཁྱེར་བསྐོར་བ་ན་འཇའ་བྱུང་བར་

གྱུར་ན་གྲོང་དེ་ཉིད་འཇིག་ཅིང་འཇིགས་པ་ཆེན་པོ་ཉེ་བར་གནས་པར་རིག་པར་བྱའོ། །ཡང་གང་དག་ཏུ་དམག་གྲོང་འཁྱེར་བསྐོར་བ་ནི་ཉི་མའི་དཀྱིལ་འཁོར་འཇས་ཁེབས་པར་གྱུར་ན་དེ་ལས་སེར་བ་འཇིགས་པ་འབྱུང་བ་དང་དམག་ཚོགས་དེ་ལས་ཀྱང་གཙོ་བོ་འཆི་བར་གྱུར་པ་བསྟན་ཏོ། །གང་
གི་ཚེ་དམག་གི་གཡུལ་ཤོམ་ཞིང་གོ་ཆ་གྱོན་པ་ན་འཇའ་ཉི་མའི་དཀྱིལ་འཁོར་དང་མཉམ་པར་གྱུར་བ་ནི། དེ་ནི་ཕྱོགས་གཉི་ག་འཆི་བ་ཡིན་ནོ། །གང་དག་ཏུ་དམག་འགྱེད་པའི་གཡུལ་དུ་ཞུགས་པ་ན་མདུན་ནམ་གཡས་ནས་འཇའ་འབྱུང་བ་ནི་དེ་དག་གསོད་པར་སྟོན་པ་ཡིན་ནོ། །དབྱར་ལ་འཇའ་འཁྱིལ་བ་མང་
བ་དང་། ས་གཡོ་བ་དང་། ཟླ་བརྙན་དག་བྱུང་བ་དེའི་ཚེ་ཕ་རོལ་གཞན་གྱི་འཇིགས་པ་དག་འབྱུང་པར་བྱེད་པའོ། །གང་དག་ཏུ་མཚན་མོ་འཇའ་ནམ་མཁའ་ལ་མངོན་པར་འབྱུང་ན་དེ་ནི་དགེ་བ་མ་ཡིན་ཏེ། ཕ་རོལ་གྱི་དམག་ཚོགས་འོང་བ་དང་། ཡུལ་འཁྲུག་ཅིང་རྒྱལ་པོ་འཆི་བ་དང་། ཡང་ངན་རྒྱལ་པོ་སྨ་
འབབ་ལ་སོགས་པས་སྟོན་པས་ན་དབང་པོ་མཆོད་པ་བདེ་ལེགས་སུ་འགྱུར་བའི་ཆོ་ག་བྱས་ནས་ཡུལ་དེ་ནས་གཞན་དུ་འགྲོ་བར་བྱའོ། །གང་གི་ཚེ་མཚན་མོ་ནམ་མཁའ་ལ་མཇའ་ཁ་དོག་དན་ཅིང་ཤིན་ཏུ་ཆེ་ལ་རི་མོ་གསུམ་འབྱུང་ན་བ་དེའི་ཚེ་རྒྱལ་པོའི་དཀྱིལ་འཁོར་རྣམས་ལ་མྱུར་དུ་འཇིགས་པ་འབྱུང་ཞིང་གཞན་གྱི་
དམག་ཚོགས་དག་གི་ཀྱང་འཆི་བར་འགྱུར་བར་སྟོན་པའོ། །གང་གི་ཚེ་འཕྲལ་དུ་ཉེ་བར་སྤྲུལ་པའི་འཇའ་རྟགས་མཐོང་ན་དེའི་གྲོང་ཁྱེར་འཇིག་པ་དང་། ཡུལ་འཁོར་འཇིགས་པར་འགྱུར་བར་རིག་པ་བྱའོ། །འོད་ལྟས་ལ་གང་ཚེ་ནམ་མཁའ་ལ་འོད་ཀྱི་རྣམ་པ་དུགས་དང་། རྒྱལ་མཚན་དང་། ཤིང་རྟའི་
རྣམ་དག་དང་འཁོར་ལོ་དང་། དུང་ལ་སོགས་པ་བཀྲ་ཤིས་ཀྱི་མཚན་མར་བྱ་བ་དག་དང་། འོད་རལ་གྲི་དང་། པདྨའི་དབྱིབས་ཀྱི་རྣམ་པ་དག་འབྱུང་བ་ནི་རྒྱལ་བོ་རྣམ་པར་རྒྱལ་བར་འགྱུར་བར་བསྟན་ཏོ། །ཡང་གང་དུ་འོད་ཀྱི་རྣམ་པ་མགོ་ཐོད་ལྟ་བུ་དང་། དབྱིག་ཐོ་དང་། གཏུན་ཤིང་དང་། སྒྲོག་རུས་ལྟ་བུར་སྣང་
བདག་གིས་ནི་རྒྱལ་པོ་དང་བཅས་པའི་ཡུལ་འཇིགས་པར་བསྟན་ཏོ། །ཡང་གང་དུ་འོད་ཀྱི་རྣམ་པ་མགོ་ཐོད་ལྟ་བུ་དང་། དབྱིག་ཐོ་དང་། ཉ་དང་རུལ་སྦལ་འདྲ་བ་དང་། དེ་བཞིན་དུ་སྦལ་པ་དང་། ཉ་ཕྱིས་དང་། ཆུ་སྲིན་ལྟ་བུ་དག་གིས་ཀྱང་འཇིགས་པ་ཆེན་པོ་འབྱུང་བར་སྟོན་ཏོ། །སྤྲིན་གློག་དང་འཇའ་འོད་ལ་

སོགས་པའི་ལྟས་ཀྱི་རེའུ་སྟེ་བཞི་པའོ། །།ཕྱོགས་ཆ་བརྒྱལ་པོ་དག་ནས་འབྲུག་གློག་ལ་སོགས་པ་འབྱུང་བའི་ལྟས་ལ་ཤར་ཕྱོགས་ལ་སོགས་པ་ཕྱོགས་ཆ་བརྒྱད་པོ་ནག་ནས་འབྲུག་གློག་ལ་སོགས་པ་ཟེར་བ་ལ་དགེ་འདུན་གྱི་ལྟས་ཟུར་བལྟ་བ་ནི། སོས་དང་པོ་དབྱར་ཟླ་འབྲིང་པོ་ཉལ་དབང་པོའི་
ཕྱོགས་ཀྱི་གནས་སུ་འབྲུག་ཟེར་པ་ཐོས་ཤིང་དེ་ཉིད་དུ་རླུང་ན་དེའི་ཚེ་ནི་ཆུ་ཆེན་པོ་དང་། ཆར་པ་འབབ་པར་འགྱུར་ཞིང་ལོ་ལེགས་པ་དང་། བདེ་བ་དང་། སྐྱེ་དགུ་དག་དང་། རྒྱལ་པོ་ལ་ནད་མེད་པ་འགྱུར་ཞིང་སྔོན་གྱི་བསྟན་བཅོས་རིག་པ་རྣམས་ཀྱིས་བརྗོད་པ་ཡིན་ནོ། །དེ་བཞིན་དུ་དབྱར་ཟླ་འབྲིང་པོ་ཞེས་
ཀུན་ལ་ཡང་སྦྱར་ཏེ། མེའི་ཕྱོགས་ཆ་ནས་གལ་ཏེ་གློག་འབྱུང་ཞིང་རླུང་ཡང་འབྱུང་བར་འགྱུར་ན་དེའི་ཚེ་མེའི་འཇིགས་པ་འབྱུང་ཞིང་ལོ་ཉེས་པ་དང་། མི་ངས་དང་། དེ་བཞིན་དུ་ཆོམ་རྐུན་གྱི་གནོན་པ་དང་། རྒྱལ་པོ་ལ་མི་དགེ་བ་དང་། ནད་ཀྱིས་བསློངས་པ་ཉིད་དུ་འགྱུར་རོ། །གཤིན་རྗེའི་ཕྱོགས་སུ་གལ་
ཏེ་གློག་དང་། རླུང་དང་པོ་འབྱུང་བར་འགྱུར་ན་དེའི་ཚེ་ནི་རྒྱལ་པོ་དང་ཆོམ་རྐུན་གྱི་གནོད་པ་དང་། མེ་དག་དང་། ནད་དག་གི་འཇིགས་པ་དང་། མུ་གེ་དང་། མི་ངས་དང་། མི་རྣམས་པ་ཕན་ཚུན་གསོད་པ་དང་། འཇིག་རྟེན་ལ་གནོད་པར་བྱེད་པ་སྤྱང་ཀི་དང་། སྟག་ལས་གྱུར་པ་དག་ཀྱང་འབྱུང་བར་
འགྱུར་རོ། །བདེན་བྲལ་གྱི་ཕྱོགས་སུ་གང་གི་ཚེ་གློག་དང་། རླུང་འབྱུང་ཞིང་སྤྲིན་དག་ཀྱང་སྣང་ལ། འབྲུག་སྒྲ་ཡང་གྲག་ན་དབང་པོས་ཆར་ཆུང་དུ་འབེབས་པར་བྱེད་ཅིང་། ལོ་ཏོག་དག་ཀྱང་འབྱུང་བར་མི་འགྱུར། བྱི་བ་དང་བྱི་བ་ལ་སོགས་པ་དག་ཀྱང་ཀུན་ནས་འབབ་པར་འགྱུར་རོ། །ཆུ་ལྷའི་ཕྱོགས་སུ་
གང་གི་ཚེ་གློག་དང་རླུང་འབྱུང་ཞིང་། འབྲུག་སྒྲ་ཡང་གྲག་པ་དེའི་ཚེ་ནི་ཆར་བ་ཆེན་པོ་འབབ་པར་འགྱུར་ཞིང་། ལོ་ཏོག་ཐམས་ཅད་སྨིན་པ་དང་། ལོ་ལེགས་པ་དང་། བདེ་བ་དང་། སྐྱེ་དགུ་རྣམས་ལ་ནད་མེད་པ་ཉིད་དང་། དེ་བཞིན་དུ་ཆོས་ཀྱི་བློ་འབྱུང་པར་ཡང་འགྱུར་རོ། །རླུང་གི་ཕྱོགས་སུ་གང་གི་ཚེ་
གློག་དང་རླུང་བྱུང་ན་རླུང་ཆེན་པས་ཉམས་པའི་ཆར་མི་འབབ་པ་དང་། ལོ་ཏོག་སྐྱེ་བ་ཡང་མི་འགྱུར། རླུང་ནད་རྣམས་ཀྱང་འབྱུང་ཞིང་དེ་བཞིན་དུ་མི་ནད་རྣམས་ཀྱང་འབྱུང་བ་དང་། འཇིག་རྟན་ལ་གནོད་པར་བྱེད་པ་ཐམས་ཅད་འབྱུང་བར་འགྱུར་རོ་ཞེས་རྣམ་པར་བཤད་པར་འགྱུར་རོ། ཀུ་བེ་རའི་ཕྱོགས་ནས་གང་

གི་ཚེ་གློག་དང་རླུང་བྱུང་བ་དེའི་ཚེ་དབང་པོས་ཟླ་བ་བཞིན་དུ་རྟག་ཏུ་ཆར་འབེབས་ཤིང་འབྲུ་ལ་སོགས་པ་ལོ་ཏོག་ཕུན་སུམ་ཚོགས་པ་དང་། མེ་ཏོག་དང་། འབྲས་བུ་ལ་སོགས་པ་ཕུན་སུམ་ཚོགས་པ་དང་། རྒྱལ་པོར་རང་གི་ཆོས་ཁོ་ནས་གནས་ཤིང་ཆོས་དང་ལྡན་པ་དང་། སྐྱེ་དགུ་ཐམས་
ཅད་ཆོས་ལ་དགའ་ཞིང་ཕན་ཚུན་ཕན་པར་འདོད་པ་ལ་དགའ་རངས་པ་དང་། བ་དང་བཞོན་རྣམས་ཀྱང་འོ་མ་མང་བར་འགྱུར་རོ། །དབང་ལྡན་གྱི་ཕྱོགས་སུ་དབྱར་ཟླ་བ་འབྲིང་པོ་ཉ་བའི་ཆེ་གློག་དང་། དེ་བཞིན་དུ་རླུང་འབྱུང་བར་གྱུར་ཅིང་སྤྲིན་སྒྲ་བྱུང་བར་ཡང་གྱུར་པ་དེའི་ཚེ་ནི་ཆུའི་ཆར་ཆེན་པོ་འབབ་པར་འགྱུར་བ་དང་།
བདེ་བ་དང་། ནད་མེད་པ་དང་། ལོ་ལེགས་པ་དང་། ལོ་ཏོག་ཕུན་སུམ་ཚོགས་པ་དང་། སྐྱེ་དགུ་རྣམས་ནད་མེད་ཅིང་ཕན་ཚུན་བྱམས་པས་རྣམ་པར་འབྲེལ་བ་ཅན་དུ་འགྱུར་བ་དང་། རྒྱལ་པོ་རྣམ་པར་རྒྱལ་བ་དང་། དེ་བཞིན་དུ་ཡམས་ཀྱི་ནད་ཐམས་ཅད་རབ་ཏུ་ཞི་བར་འགྱུར་ཞིང་། ས་ལས་སྐྱེ་བ་ཐམས་
ཅད་ཀྱི་མེ་ཏོག་དང་། འབྲས་བུ་ལ་སོགས་པ་འབྱུང་བར་འགྱུར་རོ། །དབྱར་ཀ་འབྲུག་གི་སྒྲ་དྲག་ཏུ་ཡང་འབྱུང་ན་སྒྲ་བརྙན་གྱི་ཉམས་པའི་སྒྲ་གནམ་ལྟ་བུ་དང་བཅས་པ་གྲག་པ་དེར་ནི་ལུས་ཅན་རྣམས་ལ་ཤིན་ཏུ་དམན་པར་བསྟན་པའོ། །སོ་གའི་དུས་སུ་ཕྱོགས་བརྒྱད་ནས་འབྲུག་གློག་དང་རླུང་
ལ་སོགས་པ་ལྡང་བའི་ལྟས་ཀྱི་ལེའུ་སྟེ་ལྔ་བའོ། །བར་སྣང་ལས་འབྱུང་བའི་ལྟས་ལ་གང་གི་ཚེ་སྐར་མདའི་ཆར་པ་འབབ་པ་དང་། ཁྲག་གི་ཆེར་པ་དང་། མར་དང་། ཞག་གི་ཆར་བབ་བ་ན་རྒྱལ་པོ་དང་བཅས་པའི་གྲོང་ཁྱེར་འཇིག་པར་འགྱུར་རོ། །ཡང་གྲོང་ཁྱེར་རམ།
ཁྱིམ་དུ་སོལ་བའི་ཆར་པ་འབབ་ཅིག ཕུབ་མ་དང་། སྐྲ་དང་འདྲེས་པའི་རྡུལ་ལྷུང་བ་དང་། བྱེ་མའི་ཆར་འབབ་པ་དེ་མྱུར་དུ་འཇིག་པར་མངོན་པར་ཤེས་བ་དག་གིས་བརྗོད་དོ། །གང་དུ་འབྲུ་མར་གྱི་ཆག་ཆག་དང་། མར་གྱི་ཐིགས་པ་ལྷུང་ཞིང་། བོང་བ་ལ་སོགས་པ་ཡི་དགས་ཀྱིས་ཕྱུང་པའི་ཉེས་པ་
རྣམས་འབྱུང་བར་གྱུར་ན་ཡུལ་འཁོར་དང་། གྲོང་ཁྱེར་དང་། ཁང་པ་དང་། དེ་བཞིན་དུ་བ་ལང་རྫིའི་གནས་དེར་རབ་ཏུ་འཇིག་པར་འགྱུར་རོ། །ཡང་མཆོད་རྟེན་དང་། སྐྱེ་ཤིང་དང་། སའི་ཕྱོགས་དག་ཏུ་བྲག་གི་ཆག་ཆག་དང་། ཤ་དང་རུས་པའི་དུམ་བུ་མགོ་ཐོད་དང་། སྐྲ་ཤད་ལ་སོགས་པས་མངོན་དུ་

གང་བ་དེ་དག་ཏུ་ནི་ངེས་པར་ཉེ་འཁོར་གྱི་སྐྱེ་བའི་སྐལ་བ་ཟད་པའི་ལྟས་སུ་བསྟན་པ་ཡིན་ནོ། །རྡོའི་ཆར་པ་ལ་གང་དུ་རྡོ་བིམ་པ་དང་། ཨུ་དུམ་བཱ་ར་ལྟ་བུ་དང་། ཀ་བིད་ཏའི་འབྲས་བུ་དག་བབ་པ་དེར་ན་འཇིགས་པ་ཆེན་པོ་འབྱུང་བར་སྟོན་ཏོ། །རྡོ་འབྲལ་སཱ་ལུའི་ཚིགས་མ་འདྲ་བ་དང་། འབྲ་གོའི་རུས་པ་ལྟ་བུ་དག་ནི་
ལོ་ལེགས་པ་དང་། བདེ་བར་འབྱུང་བར་སྟོན་ཏོ། རྡོ་དཀར་པོ་རྒྱ་ཤུག་གི་འབྲས་བུ་ལྟ་བུ་དང་། བ་རུ་རའི་ཚི་གུ་དག་བབ་པ་ནི་སྐྱེ་དགུ་རྣམས་བདེ་བའི་རྒྱུར་འགྱུར་རོ། །རྡོ་ཤེལ་དང་། རྡོ་ལྟ་བུ་དང་། མེ་ཏོག་ཀུནྡ་དང་། འོ་མ་ལྟར་སྣུམ་པ་དང་། ཟླ་བའི་མདོག་ལྟར་གསལ་བ་དག་ནི་མི་རྣམས་བདེ་
བར་བྱེད་བའོ། །གང་གི་ཚེ་སེར་བ་ཚུབ་མ་དང་། ཁ་ཅོལ་དང་བཅས་པ་དང་། མེ་ལྟ་བུ་དག་དང་། རྡུལ་དང་བཅས་པ་དང་། ས་གམ་བར་ཡང་གྱུར་པ་དེར་ནི་རྒྱལ་པོ་ཡུལ་འཁོར་དང་བཅས་ཏེ་འཇིག་པར་སྟོན་ཏོ། ཡང་བར་སྣང་ལ་སེར་བབས་ནས་རྡོ་དང་མཚོན་ཆ་ལྟ་བུ་མེའི་རྣམ་པ་དག་འབྱུང་བར་གྱུར་ན་
དེ་ནི་སྐྱེ་བོ་ལ་རིང་པོར་མི་ཐོགས་པར་འཇིགས་པར་འབྱུང་བར་བསྟན་ཏོ། གལ་ཏེ་སེར་བ་དྲག་ཏུ་ཆུའི་ནང་དུ་བབ་པ་ལས་ནི་བདེ་བ་དང་། ལོ་ལེགས་པ་དང་། རྒྱལ་པོ་རྣམས་རྣམ་པར་རྒྱལ་བར་འགྱུར་ཏེ། འབྲས་བུ་ཟླ་བ་དྲུག་ན་སྟོན་བར་བརྗོད་དོ། །ཡང་གང་གི་ཚེར་བྱར་ཀ་ཕྱོགས་རབ་ཏུ་ཚ་བར་འགྱུར་ལ་གནམ་
གྲུམ་པར་གྱུར་ན་དེ་ནི་རྒྱལ་པོ་དང་བཅས་པའི་སྐྱེ་བོར་རབ་ཏུ་གསོད་པར་བྱེད་དོ། །ཉིན་པར་རྟག་ཏུ་གནམ་གྲུམ་པའི་སྒྲ་འབྱུང་བ་དེར་ཡང་ཡུལ་འཇིག་པའི་རྟགས་ཡིན་ཏེ། རྒྱལ་པོ་ཡང་འཆི་བར་སྟོན་པའོ། །གང་ལྷོ་ཕྱོགས་སུ་གནམ་གྲུམ། སྤྲིན་དང་སྒྲ་མཉམ་པར་འགྱུར་ཞིང་། རླུང་རྩུབ་པ་དག་ལངས་པར་གྱུར་པ་
དེར་ནི་སྐྱེ་དགུ་རྣམས་བདེ་བར་ནི་འགྱུར་བར་སྟོན་པའོ། །ཡང་ས་གཡོ་བ་གནམ་གྲུམ་པ་དང་བཅས་བར་འབྱུང་བ་དེའི་ཚེ་ནི་ངེས་པར་རྒྱལ་པོ་འཆི་བར་འགྱུར་རོ། །ཡང་ས་གཡོ་བ་དང་། གནམ་གྲུམ་པ་ལྷན་ཅིག་ཏུ་འབྱུང་བའམ། ཡང་སྐར་མདའ་ཆེན་པོ་ཕྱོགས་གང་དག་ཏུ་འགྲོ་བའི་ཕྱོགས་དེར་ནད་དང་། མུ་
གི་ལས་གྱུར་པ་ཉམ་ཐག་པ་དང་བཅས་པའི་འཆི་བ་རྒྱུག་པ་སྟོན་པའོ། །གང་དུ་མེ་དང་། ཁུག་རྣ་དང་། སྤྲིན་གྱི་གནོད་པ་རྣམས་མེད་པར་རྡུལ་གྱི་ཁྲེམ་གཉེར་དག་གིས་ནམ་མཁའ་ཀུན་དུ་ཁེབས་ཤིང་ཉི་མའི་འོད་ཟེར་ཡང་ཟིལ་གྱིས་གནོན་པར་བྱེད་པ་དེའི་ཚེ་ན་རྒྱལ་པོ་རྣམས་ངེས་པར་འཆི་བར་འགྱུར་བ་ཡིན་ནོ། །

གང་དུ་ཉིན་གཅིག་བཞིན་དུ་ཚུབ་མས་ཀུན་དུ་བསླང་བའི་རྡུལ་རིང་བུས་ནམ་མཁའ་དང་། ཕྱོགས་ཐམས་ཅད་ཀུན་དུ་ཁེབས་པར་གྱུར་པས་ནི་རྒྱལ་པོ་འཆི་བར་འགྱུར་ཞིང་སྐྱེ་བོ་རྣམས་ཀྱང་འཆི་བར་འགྱུར་བ་ཡིན་ནོ། །བར་སྣང་ལས་སྒྲ་ཆེན་པོ་འབྱུང་ངམ། ས་ཕྱོགས་ནས་འབྱུང་
ཡང་རུང་སྟེ། གང་དག་མི་སྙན་པ་དང་། མི་མཐུན་པ་དག་གི་སྒྲ་བྱུང་བ་དེ་ནི་ཕན་ཚུན་གསོད་པ་དང་། འཐབ་པ་དང་། མི་མཐུན་པར་གྱུར་པ་དག་གི་རྒྱུར་བསྟན་ཏོ། །གང་གི་ཚེ་གཟུགས་མི་སྣང་བར་སློག་ཆགས་རྣམས་པ་ཐ་དད་པའི་སྒྲ་བྱུང་ན་སྡུག་བསྔལ་བར་གྲགས་པ་དེའི་ཚེ་ནི་རང་གི་ཡུལ་འཁོར་དུ་བཅས་པའི་
རྒྱལ་པོ་འཆི་བར་འགྱུར། ནད་དང་། མུ་གེ་དང་། གནོད་པར་ཡང་འགྱུར་ཞིང་། འཇིག་རྟེན་ཡང་ཟད་པར་འགྱུར། རྒྱལ་སྲིད་ངན་པས་ཀྱང་བརླག་པ་དང་། བུ་སྨན་དང་ཡང་འབྲས་བར་འགྱུར་རོ། །བར་སྣང་ལས་བྱུང་བའི་ལྟས་ཀྱི་ལེའུ་སྟེ་དྲུག་པའོ།། །།ཕྱི་རོལ་འབྱུང་བ་ཆེན་པོའི་ལྟས་ལ་
གང་གི་ཚེ་ཤིང་ལྗོན་པ་དང་། གེལ་བ་དག་ལས་དུས་དང་མི་ལྡན་པར་འབྲས་བུ་འབྱུང་ན་རྒྱལ་པོའི་ཡུལ་ཕྱོགས་སུ་གཏོགས་པ་གསོད་པར་འགྱུར་རོ། །ཡང་གང་གི་ཚེ་ཆོད་སྦྱིན་གྱི་ཤིང་དང་། ལྷ་རྟེན་བྱས་པ་དང་། ཀ་བ་དང་། གཟུགས་ལ་སོགས་པ་ཤིང་སྐམ་པོ་དག་ལས་ལོ་མ་སྐྱེ་བར་རྩོལ་བ་ནི་རྒྱལ་པོ་
འཆི་བའི་ལྟས་དང་། དེ་བཞིན་དུ་སྐྱེ་བོ་དག་འཁྲུག་པའི་ལྟས་སུ་བསྟན་ཏོ། །ཡང་ཡུལ་དང་། གྲོང་དང་། གྲོང་ཁྱེར་གང་དག་ཏུ་ཤིང་དང་། ཤིང་ལྗོན་པ་དག་ལས་མེ་ཏོག་དང་། འབྲས་བུ་ཕྱིན་ཅི་ལོག་ཏུ་སྐྱེ་བར་གྱུར་ན་དེ་ནི་བདག་པོ་འཆི་བའི་རྟགས་ཡིན་ནོ། །གང་གི་ཚེ་ལྔ་དྲོའི་དུས་སུ་ཤིང་དང་མིའི་གྲིབ་
མ་ཤར་ཕྱོགས་སུ་གནས་བར་གྱུར་པ་དང་། ཕྱི་དྲོ་ཡང་མི་དང་ཤིང་གི་གྲིབ་མ་ནུབ་ཕྱོགས་སུ་གནས་པར་གྱུར་ན་རྒྱལ་པོ་འཆི་བར་འགྱུར་རོ། །ཆུ་ཟབ་མོ་དང་། ཁྲོན་པ་དང་། རྫིང་དང་། མཚོ་ལ་སོགས་པ་དྲོག་ཆགས་ཆུ་ན་རྒྱུ་བ་རྣམས་གང་དུ་སྐམ་པ་དེར་ནི་རིང་པོར་མི་ཐོགས་པར་སྐྱེ་བོ་འཇིགས་པར་འགྱུར་
ཞེས་བསྟན་ཏོ། །རླུང་མེད་པར་གློ་བུར་དུ་ཁྲོན་པ་དང་། རྫིང་རྣམས་ཀྱི་ཆུ་དག་ཀུན་འཁྲུག་པར་འགྱུར་བ་གང་ཡིན་པ་དེར་ནི་རྒྱལ་པོ་དང་། ཡུལ་དང་ཡུལ་འཁོར་མི་དགེ་བར་བསྟན་ཏོ། །གང་དུ་རླུང་མེད་དཔར་གློ་བུར་དུ་གྲོང་གི་ཉེ་འཁོར་དུ་འཇུག་པའི་ཤིང་ལྗོན་པ་ཨ་ཤྭད་ཐ་དང་བ་ཏལ་ལ་སོགས་བ་རྩ་བ་

ཟུགས་པ་རྩ་བ་འགྱེལ་བར་གྱུར་ན་གྲོང་དེ་འཇིག་པར་འགྱུར་རོ། །ཡང་རླུང་མ་ལངས་པར་ཡང་ཐོག་ལྷུང་བ་དང་། ལུས་ནི་སྣང་བར་ཚིག་མི་སྙན་པ་ཟེར་བ་དང་། ཤ་ཟ་མོའི་གླུ་སྒྲ་འབྱུང་བ་ནི་འཕྲལ་དུ་རྒྱལ་པོ་ལ་འཇིགས་པ་འོང་བར་བསྟན་ཏོ། །གལ་ཏེ་གློ་བུར་དུ་གདུགས་ཀྱི་ཤིང་དང་། ཁྲི་དང་། ཁྲིའུ་དང་།
ཁང་པའི་སྲོག་རྟེན་གྱི་ཤིང་དང་། དེ་ལྟ་བུའི་རྣམ་པ་དག་གི་ཤིང་རྡོ་ཆག་གྲུམས་སུ་གྱུར་པས་ནི་དེ་དག་གི་བདག་པོ་འཆི་བར་སྟོན་ཏོ། །ཡང་རྒྱལ་པོ་ངེས་པར་འཆི་བར་གྱུར་པའི་ཚེ་ནི་རླུང་དྲི་ང་བ་དང་། ཟས་སུ་ངས་པ་ལྟ་བུའི་དྲི་དང་། ཁྱི་དང་། བྱ་དང་། བྱི་ལ་དང་། བོང་བུ་ལ་སོགས་པའི་དྲི་དང་། དེ་བཞིན་
དུ་ཕྱེ་མ་ལྟ་བུའི་དྲི་འབྱུང་བར་འགྱུར་རོ། །ཡང་རྒྱལ་པོ་འཆི་བའི་ཚེ་ན་རྒྱལ་མཚན་གྱི་རྩེ་མོ་དང་། རྟ་བབས་དང་། སྒོ་གང་དག་ཏུ་སེར་བ་འབབ་ཅིང་མེ་མེད་པར་ཡང་མེ་མདག་ལྟུང་བར་འགྱུར་རོ། །རྩེ་མོ་དང་། རོལ་མོའི་སྒྲ་མི་སྙན་པ་དང་། མཚོན་རྣམ་པ་སྣ་ཚོགས་མཛེས་པར་གྱུར་བ་ནི་ཡུལ་འཁོར་
དག་ཏུ་འཇིགས་པ་འབྱུང་བའི་ལྟས་ཡིན་ནོ། །གང་དུ་མཚོན་རྣམས་འགུལ་བ་དང་། རལ་གྲི་ཤུབས་དང་བྲལ་བར་གྱུར་པ་དང་། གཞུ་མ་བདུངས་བ་བདུངས་བར་གྱུར་ན་དེ་ནི་ངེས་པར་དམག་མི་བཟད་པ་འབྱུང་བར་སྟོན་ཏོ། །གང་གི་ཚེ་ཕྱོགས་ཐམས་ཅད་དུ་མི་ཉིན་མོ་འམ། མཚན་མོ་ཡང་རུང་སྟེ། ནགས་
ཀྱི་མེ་སྣང་བར་གྱུར་པ་དེ་ནི་ལོ་ཉེས་པ་དང་། སྐྱེ་བོ་ངས་པར་འགྱུར་རོ། །ཉིན་མོའམ། ཡང་ན་མཚན་མོ་ཡང་རུང་སྟེ། ནམ་མཁའ་སྤྲིན་གྱིས་ཀུན་དུ་ཁེབས་པ་ན་ཕྱོགས་ཚ་བར་གྱུར་བ་དེའི་ཚེ་ནི་རྒྱལ་པོ་གསོད་པར་འགྱུར་རོ། གལ་ཏེ་དགུན་ནི་དྲོ་བར་གྱུར་ལ་དཔྱིད་ནི་གྲང་བར་གྱུར་ན་ལུས་རྣམས་ཀྱིས་ཉེས་པ་དང་
འཆི་བར་འགྱུར་རོ། །དབང་པོས་ཀྱང་ཆར་ཉུང་དུ་འབེབས་པ་དང་། དུས་འཆོལ་བར་ཡང་འགྱུར། འཇིགས་པར་བྱེད་པའི་ཆོམ་རྐུན་རྣམས་ཀྱིས་ཀྱང་ལོ་ཏོག་ཆུད་གསོན་པར་འགྱུར་རོ། །ཕྱི་རོལ་འབྱུང་བ་ཆེན་པོ་དག་གི་ལྟས་ཀྱི་ལེའུ་སྟེ་བདུན་པའོ།། །།སྲོག་ཆགས་ཀྱི་ཞིག་ཏུ་སྨྲ་བ་མེད་པ་ཀུན་གྱི་
ལྟས་ལ་ཁྱི་རྣམས་འདུས་ཏེ་ཁ་གྱེན་དུ་བལྟས་ནས་ཡང་དང་ཡང་དུ་དུ་བར་བྱེད་པ་དེ་ནི་ཡུལ་འཕོ་བར་བྱེད་པར་འགྱུར་རོ། །ཡང་ཉི་མ་འཆར་བའམ་ནུབ་པ་ཁོ་ནའི་ཚེ་ཁྱི་དག་ཕྱི་རོལ་དུ་ཁ་གྱེན་དུ་བར་བྱེད་ན་ཡུལ་རྣམས་འཇིག་པའི་རྒྱུ་ཡིན་ནོ། །ཡང་ལྷ་ཁང་དང་། ལམ་པོ་ཆེ་དང་། རྒྱལ་པོའི་ལམ་

དང་། ལམ་གྱི་བཞི་མདོར་ཁྱི་ཁ་གྱེན་དུ་བལྟས་ཏེ་དུ་བར་བྱེད་ན་དེ་ནི་ཆོམ་རྐུན་དང་། མེའི་འཇིགས་པ་འོང་བར་སྟོན་པ་ཡིན་ནོ། །ཡང་ཁྱི་དང་། བྱ་རོག་རྒྱལ་པོའི་ལམ་དང་། ལམ་གྱི་བཞི་མདོར་ཐད་ལ་གཅིག་ཏུ་འདུས་ནས་གལ་ཏེ་སྒྲ་ཆེན་པོ་འབྱིན་པར་བྱེད་པ་དང་། ཅི་དགར་
འགྲོ་བར་བྱེད་པ་དེ་ནི་ཕ་རོལ་གྱི་དམག་ཚོགས་འོང་བ་ཡིན་ནོ། །གང་གི་ཚེ་བྱ་རོག་དང་། བུང་བ་དང་། སྦྲང་བུ་རྣམས་པ་དང་། གྲོང་ཁྱེར་གྱི་སྒོ་དང་། ཐང་དང་། ལམ་གྱི་བཞི་མདོར་སྦྲང་རྩི་ཚད་དུ་བྱེད་པར་གྱུར་ན་གློ་བུར་གྱི་འཇིགས་པ་དང་། རྒྱལ་པོའི་འཇིགས་པ་འབྱུང་བར་རིགས་པར་བྱའོ། །དེ་བཞིན་
དུར་བ་དང་། ཁྱིམ་གྱི་མདུན་དག་ཏུ་ཡང་དེ་ལྟ་བུར་སྣང་ན། དེ་བཞིན་དུ་འཇིགས་པ་འབྱུང་བར་རིག་པར་བྱའོ། །དེ་ལ་གློ་བུར་གྱི་འཇིགས་པ་འོང་ཞེས་བྱ་བ་ནི་ཕ་རོལ་གྱི་དམག་ཚོགས་འོང་བ་དང་། མེ་དང་ཆོམ་རྐུན་གྱི་འཇིགས་པ་དག་འབྱུང་བར་སྟོན་ཡིན་ནོ། །ཡང་གང་དུ་སྲོག་ཆགས་ཕྲ་མོ་དག་ལ་ལ་
རབ་དང་། གྲོང་ཁྱེར་གྱི་སྒོ་དང་། སྒོ་ཁང་ལ་འཕྱང་མོ་ཉུག་ཅིང་འཇིགས་པར་སྣང་བ་དེར་ནི་ཕ་རོལ་གྱི་དམག་ཆོགས་ཀྱིས་རིང་བོ་མི་ཐོགས་པར་གྲོང་ཁྱེར་མྱུར་དུ་འཇིགས་འགྱུར་རོ། །གང་གི་ཚེ་ཁྱི་དང་། ལྦ་དང་། བྱི་ལ་ལ་སོགས་པ་དང་། བྱ་སྣ་ཚོགས་དག་དུས་མཚམས་མེད་པར་
འཁྲིག་པ་དང་ལྡན་པའི་ཚེ་ནི་རྒྱལ་པོ་དང་། ཡུལ་རྟག་ཏུ་འཇིགས་པར་བསྟན་པ་ཡིན་ནོ། །དེ་བཞིན་དུ་མི་དང་། རྟ་དང་། རྔ་མོ་དང་། བོང་བུའི་རིགས་དང་། བ་ལང་མོ་དང་། བྱ་དང་། རི་དགས་རྣམས་དང་། ཁྱི་དང་། བྱི་བ་དང་། སྦྲུལ་དག་དང་། སྲོག་ཆགས་ཕྲ་མོ་གཞན་དག་གི་ཡང་མངལ་ཕྱིན་ཅི་
ལོག་ཏུ་གྱུར་པ་དེར་ནི་ཡུལ་རྣམས་འཁྲུག་པ་དང་། རྒྱལ་པོ་ཡང་འཆི་བར་འགྱུར་རོ། །ཡང་གང་དུ་བྱ་དང་། རི་དགས་གྱི་རིགས་རྣམས་དང་། ཁུང་ན་ཉལ་བ་རྣམས་ལོག་པར་འཁྲིག་པ་དང་ལྡན་པར་སྨྲ་བ་དེ་ནི་རྒྱལ་པོ་འཆི་བར་འགྱུར་རོ། །བྱ་རོག་གཤོག་པ་དཀར་པོ་མཐོང་ན་མི་དགེ་བ་ཡིན་ཏེ། ཡུལ་
དེ་ནས་འགྲོ་བར་བྱའོ། །དེ་བཞིན་དུ་བྱ་རྒོད་ལ་སོགས་པའི་གཤོག་པ་ལྷུང་བར་མཐོང་བ་དང་། ལྦ་ངལ་མི་སོས་པར་བརྒྱལ་བར་འགྱུར་བ་དེར་ནི་ཡུལ་གྱི་བདག་པོ་དང་། རྒྱལ་པོ་དག་འཆི་བའི་ལྟས་སུ་བསྟན་ཏོ། །ཡང་གང་གི་ཚེ་གྲོང་ཁྱེར་དུ་ཁཱའི་ཚོགས་འདུས་ནས་གྲོང་གི་ཕྱི་རོལ་དུ་འདོང་བ་དེ་ནི་ངེས་པར་

གྲོང་གི་སྐྱེ་བོ་མེད་པར་འགྱུར་རོ། །ལྦ་ཤིང་གི་སྟེང་ན་འདུག་གམ། ར་བ་དང་། སྒོ་ཁང་དང་། ཁྱིམ་དུ་འདུག་སྟེ། སྒྲ་ཆེན་པོ་འབྱིན་ཞིང་ཤིན་ཏུ་འཇིགས་པར་སྦྲོན་པ་དང་། ལྦ་ཉི་མ་ལ་ཁ་བལྟས་ཏེ་རེངས་ཐབས་སུ་འདུག་ནས་སྐད་དྲག་ཏུ་འབྱིན་པ་དེར་ནི་དམག་འབྱུང་བར་བཤད་པར་བྱའོ། །ཤིང་མཐོན་པོའམ།
ཁང་སྟེང་མཐོན་པོའམ། མཛོད་མང་པོར་འདུག་སྟེ། ཁ་ཉི་མ་ལ་བལྟས་ནས་ལྦ་སྐད་དྲག་ཏུ་འབྱིན་པ་ནི་མི་ལས་གྱུར་པ་དང་། རྒྱལ་པོ་ལས་གྱུར་བའི་ཉེས་པ་འབྱུང་བར་བྱེད་དོ། །ཁཱ་འདུས་པས་ས་ལ་མཆུ་བཙུགས་ཏེ། ཅང་མི་སྨྲ་བར་སྐད་ཅིག་འདུག་ནས་འདུས་ཏེ་གང་གི་ཚེ་ནམ་མཁའ་ལ་འཕུར་བ་དེའི་ཚེ་
དམག་གིས་འཚོ་བ་རྣམས་ལ་ཤིན་ཏུ་ཁྲག་འབྱུང་བར་འགྱུར་རོ། །ཁྲ་ཁ་འཐབས་ཤིང་སྐད་འབྱིན་པའི་ཚོགས་རྟག་ཏུ་འབྲེལ་པ་གང་ཡིན་པ་དེ་ནི་གལ་ཏེ་ཁྱིམ་མམ། གྲོང་ཁྱེར་དང་། ཡུལ་འཁོར་དང་། ཡུལ་དང་། བ་ལང་རྗེའི་གནས་འཇིག་པར་འགྱུར་བར་བརྗོད་པར་བྱའོ། །ཁྭ་ས་ལ་མཆུའི་རྩེ་མོ་གཏར་
དེ། སྐད་མི་བཟད་པ་མི་གསལ་པའང་བྱིན་པ་དེར་ནི་དེའི་ཚེ་ཤིན་ཏུ་འཇིགས་པ་ཆེན་པོ་འབྱུང་བར་བསྟན་ཏོ། །ཤ་ཟ་བའི་བྱའི་མཆུའི་རྩེ་མོ་ལས་གང་དུ་ཤ་ལྷུང་བ་དེར་ནི་གློ་བུར་དང་། རྒྱལ་པོ་ལས་གྱུར་བའི་འཇིགས་པ་ཆེན་པོ་འོང་བར་བསྟན་ཏོ། །གང་དུ་རི་དགས་ཁ་ཉི་མ་ལ་གྱེན་དུ་བལྟས་ཏེ་། མི་དགའ་
ཞིང་མཐོང་བར་བྱེད་ན་ཡུལ་གྱི་སྐྱེ་བོ་བསྒྲུངས་སུ་ཟིན་ཀྱང་སེམས་ཅན་གཞན་དག་གིས་འཇིགས་པར་གྱུར་བ་དེར་ནི་རྒྱལ་པོ་ལ་བརྙས་པར་མཐོང་བར་འགྱུར་རོ། གང་དུ་ལྦ་ཉིན་པར་ཉི་མ་ལ་ཁ་ལྟ་ཞིང་ཡང་དང་ཡང་སྐད་དྲག་པོ་འབྱིན་པ་དང་། མཚན་མོ་གཟའ་རྣམས་ལ་ལྟ་བར་བྱེད་ཅིང་བརྒྱལ་བའི་ཚེ་ནི་ངེས་པར་
རྒྱལ་པོ་འཆི་བར་འགྱུར་རོ། །བྱ་རྒོད་དང་། བྱ་ལྷས་དང་། ཆུ་ནས་སྐྱེས་པའི་བྱ་དང་། ཁྭ་དང་། ཐི་བ་དང་། ཟས་སུ་ཤ་ཟ་བ་གཞན་དག་རྒྱལ་མཚན་གྱི་རྩེ་མོ་དག་དང་། ཁང་སྟེང་དུ་འདུག་པ་ནི་དེའི་ཚེ་ཟད་པར་འགྱུར་བར་མངོན་པར་ཤེས་པ་དག་གིས་རབ་ཏུ་བརྗོད་དོ། །གལ་ཏེ་ཉི་མ་ཕྱེད་པའི་ཚེ་གླང་པོ་ཆེ་དང་།
བ་ལང་གི་གནས་དང་། རྟའི་བྲེས་སུ་འུག་པ་སྣང་ལ་ཕྱུགས་དག་ཀྱང་བཞོན་པར་འགྱུར་བ་ནི་ངེས་པར་རྒྱལ་པོ་འཇིགས་པ་འབྱུང་བར་བསྟན་ཏོ། །ཡང་གང་གི་ཚེ་གླང་པོ་ཆེའི་ལག་པའི་རྩེ་མོས་ཁྲག་སྐྱུག་པར་བྱེད་པ་དང་། གླང་པོ་ཆེ་མཆོག་དག་མཆེ་བ་ཆག་པ་དང་། རྟ་རྣམས་ཁ་དལ་བར་གྱུར་བའི་རྒྱལ་པོ་ལ། །

འཇིགས་པ་འབྱུང་བའི་རྒྱུར་བསྟན་ཏོ། གང་དུ་པདྨའི་འདབ་མ་བཏིང་བ་དག་ཏུ་བྱ་རོག་རྣམས་རྩེ་བར་བྱེད་ཅིང་། ཐང་ལ་ཡང་བྱ་ཀ་རཎྜ་བ་དང་། དད་པའི་ཚོགས་དག་རྩེ་བར་བྱེད་ན་ཁྱིམ་མམ་གྲོང་ཁྱེར་དེ་འཇིག་པར་འགྱུར་རོ། །སྲོག་ཆགས་ཚིག་ཏུ་སྨྲ་བ་མེད་པ་རྣམས་ཀྱི་ལྟས་
ཀྱི་ལེའུ་སྟེ་བརྒྱད་བའོ།། །།ཆར་ལྟས་ལ་སྤྲིན་གྱི་གཟུགས་རིའི་རྣམ་པ་ལྟ་བུ་དག་དང་། ཕག་དང་ཆུ་སྲིན་ལྟ་བུ་དག་དང་། སྦལ་བ་དང་གླང་པོ་ཆེའི་གཟུགས་ལྟ་བུ་དག་དང་། རིལ་བ་དང་བུམ་པ་ལྟ་བུ་དག་དང་། སེང་གི་དང་། སྟག་དང་། གླང་པོ་ཆེ་བཞིན་དུ་ལྷའི་སྤྲིན་དག་གིས་ཁེབས་པའི་ཉི་མའི་
མོད་ལ་ཆར་བ་འབབ་པར་བརྗོད་པར་བྱའོ། །ལྡོང་རོས་ཀྱི་མདོག་ལྟ་བུ་དང་། དེ་བཞིན་དུ་མཚལ་ལྟ་བུ་དང་། ནེ་ཙོ་ལྟར་སྣང་བའི་མདོག་དང་། ཉེ་བའི་སྤྲིན་དག་གིས་ཆར་བ་འབེབས་པར་ཡང་དག་པར་བསྟན་པར་བྱའོ། །པདྨའི་འདབ་མ་ལྟ་བུ་དང་། དེ་བཞིན་དུ་རྡོ་སྤུངས་པ་ལྟ་བུའི་སྤྲིན་གྱིས་ཉི་མ་དང་ཟླ་བའི་
གཟུགས་ཁེབས་པར་གྱུར་པ་དེ་ནི་དེའི་ཚེ་ཕྱོགས་སུ་འོད་ཆེན་པོ་འབྱུང་བར་འགྱུར་བའི་ཆར་པ་འབབ་པར་བསྟན་པར་བྱའོ། །གང་གི་ཚེ་ནམ་མཁའ་ལ་ཡན་ལག་ཐམས་ཅད་སྤྲིན་གྱིས་ཐིབས་པོར་ཁེབས་ནས་གདུགས་ལྟ་བུའི་གློག་འབྱུང་བར་བྱེད། འབྲུག་སྒྲ་རིང་རུ་འདོད་དགའ་འབྱུང་བ་དེའི་ཚེ་ནེས་ཆུས་ཤིན་ཏུ་
གང་བར་འགྱུར་རོ། །ཡང་གང་གི་ཚེ་སྤྲིན་ཨི་ཤ་ནིའི་ཕྱོགས་དང་། ཤར་དང་། བྱང་གི་ཕྱོགས་ནས་བྱུང་སྟེ། རིང་ཞིང་བརྟན་པའི་སྒྲས་འབྲུག་ཟེར་བ་དེའི་ཚེ་ཡང་གཅིག་པ་ཆུ་དང་ལྡན་པར་འགྱུར་རོ། །ཡང་ཟླ་བ་ཡར་གྱི་དང་མར་གྱི་ངོ་ཡང་རུང་སྟེ། གཟའ་ཐམས་ཅད་འབྱུང་ཞིང་འདུ་བའི་སྤྲིན་དེ་དག་ནི་ཆར་
བ་བབ་པར་བྱེད་དོ། འདི་ནི་སྔོན་གྱི་ལུང་ཤེས་པ་དག་གིས་བསྟན་པ་ཡིན་ནོ། །གང་གི་ཚེ་དགུན་ཟླ་འབྲིང་པོར་གྱུར་པ་ནི་སྤྲིན་འདུས་པར་སྣང་ཞིང་། རླུང་སྣུན་པའི་སྤྲིན་རུ་མ་ནས་འབྱུང་བ་དག་ལྡང་བ་དེའི་ཚེ་ནི་ཟླ་བ་དྲུག་པར་གྱུར་ནས་དབང་པོས་ཆར་བ་འབེབས་པར་འགྱུར་རོ། །དགུན་ཟླ་ཐ་ཆུངས་ལ་སྤྲིན་བརྩེགས་
པའི་སྤྲིན་རུམ་འདུས་པ་གློག་དང་བཅས་པ་ནི་དབྱར་ཟླ་འབྲིང་པོར་ཡང་དག་པར་གྱུར་ནས་ཆུ་མང་དུ་རྣམ་པར་གཏོང་བར་འགྱུར་རོ། །དཔྱིད་ཟླ་ར་བ་ལ་སྤྲིན་རུམ་དུ་གྱུར་པས་ནི་དབྱར་ཟླ་ཐ་ཆུངས་ལ་ཆར་བ་འབབ་པར་བསྟན་པར་བྱའོ། །གང་གི་ཚེ་དགུན་ཟླ་ཐ་ཆུངས་དང་དཔྱིད་ཟླ་འབྲིང་པོ་རྣམས་ལ་སྤྲིན་རྣམས་

འཛིངས་བར་བྱེད་པ་ནི་དེའི་ཚེ་ཟླ་བ་དྲུག་གི་ཕྱེད་དེའི་ཚེ་ཆར་པ་མི་འབབ་པར་བརྗོད་པར་བྱའོ། གང་གི་ཚེ་དགུན་ཟླ་ཐ་ཆུངས་དང་། དཔྱིད་ཟླ་འབྲིང་པོ་རྣམས་ལ་སྤྲིན་རླུང་རུམ་ཅན་དག་ཆུ་གཏོང་བར་མི་བྱེད་པ་ནི་དབྱར་ཀ་ཆར་པ་དེ་འབེབས་པར་འགྱུར་རོ། །གང་གི་ཚེ་བྱང་ཕྱོགས་དང་། བྱང་
ཤར་དང་། དེ་བཞིན་དུ་ཤར་དང་། ནུབ་དག་ནས་གློག་འབྱུང་བ་ནི་ཆར་པ་འབབ་པར་སྟོན་པའོ། །ཡང་ཕྱོགས་ཐམས་ཅད་ནས་གློག་ཀུན་དུ་འབྱུང་བར་གྱུར་པ་དེའི་ཚེ་ནི་ནམ་མཁའ་ཁེབས་པའི་ཆར་པ་འབབ་པར་སྟོན་པ་ཡིན་ནོ། །གང་གི་ཚེ་གློག་གི་འོད་དམར་ཞིང་མཐའ་སྔོ་བར་དེའི་ཚེ་ན་མེའི་
ཕྱོགས་ནས་ཆར་པ་ཆུང་ཟད་འབབ་པར་འགྱུར་རོ། །གང་གི་ཚེ་ནུབ་ཕྱོགས་ཀྱི་ཆར་སྤྲིན་གྱི་དབུས་འཇའ་སྣུམ་པ་ནོར་བུ་བཻཌཱུ་རྱའི་འོད་ལྟ་བུ་བྱུང་བར་གྱུར་ཅིང་གློག་འགྱུ་བའི་ཡལ་ག་དང་། རང་གི་ཕྱོགས་ནས་རླུང་གིས་བསྐྱོད་པར་འགྱུར་བ་དེའི་ཚེ་ནི་ཞག་བདུན་བདུན་དུ་ཆར་པ་འབབ་པར་རིག་པར་བྱའོ། །གང་གི་ཚེ་
ཤར་རམ་བྱང་ནས་ཁ་བ་འབབ་ཅིང་རླུང་འབྱུང་ལ་ཕྱོགས་དུད་ཀ་དང་། སྔོ་སངས་སུ་བྱེད་པ་དེའི་ཚེ་ནི་ཆུ་ཆེར་འབབ་པར་འགྱུར་རོ། །གང་གི་ཚེ་ཉི་མ་ཤར་བའམ། དུས་ཚིགས་ཀྱི་ཆགས་པ་འབྱུང་བར་ཆར་བའི་ཐིགས་པ་འབབ་པ་དེའི་ཚེ་ངེས་པར་ཆར་མོ་ཆེ་འབབ་པར་འགྱུར་རོ། །གལ་ཏེ་ཡང་ཉི་མ་
ཤར་བའི་ཚེ་སྦལ་པས་སྐད་རན་ཅིང་སྙན་པ་འབྱུར་བ་དེའི་ཚེ་ཆར་མོ་ཆེ་འབབ་པར་འགྱུར་རོ། །མི་གཞན་ཞིག་ལག་ལ་གདུགས་ཐོགས་ནས་ཆར་པའི་མཚན་མ་དྲིས་སམ་ཁྱིམ་འགེངས་བཞིན་དུ་དྲིས་ན་དེའི་ཚེ་རྟག་ཏུ་ཆར་པ་འབབ་པར་འགྱུར་རོ། །གོས་གཤེར་པས་ཀྱང་དྲིས་ན་ཆར་པའི་རྒྱུ་ཡིན་ཏེ། དེ་ལ་
མོད་ཁོ་ནར་ཆར་དུ་འབབ་པར་འགྱུར་བ་ཐེ་ཚོམ་མེད་དོ། །ཆུའི་ཕྱོགས་ས