Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 203
Văn bản gốc(Tây Tạng)
Trang 1 / 18 (50.000 ký tự/trang)
༄༅༅། །རྒྱ་གར་སྐད་དུ། རས་ཤྭ་སྟ་སི་དྡྷི་ནཱ་མ། བོད་སྐད་དུ། དངུལ་ཆུ་གྲུབ་པའི་བསྟན་བཅོས་ཞེས་བྱ་བ། སངས་རྒྱས་ལ་ཕྱག་འཚལ་ལོ། །ཐམས་ཅད་མཁྱེན་པ་ཐམས་ཅད་སྦྱིན། ། ཞོ་བ་དཔལ་དང་ལྡན་པའི་གཟུགས། །ཕ་རོལ་གཅེས་པར་བྱེད་པའི་མཆོག །ལོངས་སྤྱོད་རྣམ་པར་གྲོལ་ལ་འདུད། །དཔལ་ལྡན་མགོན་པོའི་དབང་ཕྱུག་ལའོ། །དངོས་པོ་དངོས་པོ་མེད་པར་གྲོལ། མཐོང་དང་མ་མཐོང་མེད་པ་ཡི། །ལོངས་སྤྱོད་གྲོལ་བ་རྣམ་པར་སྟེར། །དཔལ་གྱི་དབང་ཕྱུག་ཕྱག་འཚལ་བསྟོད། །དྲི་མེད་རང་བྱུང་དངུལ་ཆུ་མཆོག །ལས་ཀྱི་བསླད་པ་ངན་པར་བཤད། སྦྱོར་བ་གཞན་ ལ་ཡོད་ཏན་སྐྱེད། །ཤི་རུ་ཆ་བས་ནད་རྣམས་འཇོམས། །མཁས་ཀྱིས་བསྒྲུབ་པས་བཀྲེས་པ་འཇོམས། །བརྐམས་པས་མཁའ་སྤྱོད་འགྲུབ་པར་འགྱུར། །ལྷང་ཚེར་བྱིན་པའི་སྟོབས་ཀྱིས་ནི། །ཡོན་ཏན་བརྒྱད་ འགྱུར་ཐོབ་པར་འགྱུར། །མུ་ཟི་དང་ནི་སྦྱར་བ་ཡིས། །ཡོན་ཏན་དྲུག་འགྱུར་ཐོབ་པར་འགྱུར། །གསེར་དང་མཉམ་པོར་སྦྱར་བ་ལ། མ་འགགས་ནམ་མཁའི་ལམ་ལ་འགྲོ། །གཤའ་ཚེ་དཀར་པོས་མཉམ་པ་ གསོལ། ལས་འདི་ཉིས་འགྱུར་དངུལ་སྦྱོར། །དངུལ་ཆུའི་ཉིས་འགྱུར་ཆུ་དང་སྦྱོར། །དེ་བཞིན་གསེར་དང་སྦྱར་བར་བྱ། །ཟངས་ནི་དྲུག་ཅུ་རྩ་བཞི་འབིགས། །དངུལ་ཆུ་སེར་སྐྱས་ལས་རྣམས་བྱེད། །མེ་དང་ སྤྲད་བར་འགྱུར་བའི་ཚེ། །ཆུ་བུར་ལྟར་དུ་འགྱུར་བ་དང་། །མི་གཡོ་བ་རུ་བསྟན་པ་ནི། །ལྷང་ཚེར་དང་ནི་སྦྱར་བས་སོ། །གསེར་དང་དངུལ་ནི་མཉམ་པ་ཡིས། །ལས་རྣམས་བྱེད་པར་འགྱུར་བ་ཡིན། །དེ་ནས་མཉམ་པའི་མཚན་ཉིད་ནི། ། ལྷང་ཚེར་ཞུ་བར་གྱུར་བ་ལས། །དངུལ་ཆུ་དབང་དུ་བྱས་པར་འགྱུར། །ལུས་ངན་པོ་ཡི་གསེར་མཛོད་ཀྱི། །སྒོ་རྣམས་དབྱེ་བར་འགྱུར་པ་ཡིན། །དྲི་མེད་གདོང་ཅན་ལྷང་ཚེར་ནི། །མེ་ཡིས་འཆིང་པར་བྱེད་པར་འགྱུར། །མུ་ཟི་ལས་ནི་དྲང་བར་ འགྱུར། །གསེར་གྱི་ནང་དུ་ཆུ་སོང་ཞིང་། །གཅིག་ཏུ་འདྲེས་ཤིང་གང་བ་ནི། །ས་སྟེང་འདི་ན་རབ་ཏུ་དཀོན། །མ་སྦྱངས་པ་ཡིས་མི་འགྲུབ་སྟེ། །དམར་པོར་བཙོས་པ་མ་ཡིན་པས། །རྫས་རྣམས་གསེར་དུ་མི་བྱེད་དེ། །བཙོས་ཤིང་སྦྱངས་ བས་འགྲུབ་པ་ཡིན། །བྱེ་བའང་འགྲུབ་པར་འགྱུར་བ་ཡིན། །དེ་ནས་རྫེས་རྣམས་དཔག་མེད་བརྗོད། །མཆོག་ཏུ་འགྱུར་བ་རྣོ་ལྕགས་ཡིན། །མ་རྙེད་རྣོ་ལྕགས་གཞན་ཡང་ཡིན། །ཟངས་དང་གཤའ་ཚེར་གན་ཀླུ། །སྦྱངས་བའི་ཟངས་དང་ གསེར་དང་དངུལ། །རྡོ་ལྟར་ལྕགས་ནི་བརྒྱད་པོ་ལ། །དངུལ་ཆུ་གཞུག་པར་བྱ་བ་ཡིན། །སྦྱངས་ནས་ལས་རྣམས་བྱ་བ་ཡིན། །དག་ཅིང་སྦྱངས་པས་བཅུད་དུ་བྱེད། །མུ་ཟི་དང་ནི་བི་མ་ལ། །མཀྵི་ཀ་དང་དེ་བཞིན་མཚལ། །ལྡོང་རོས་དེ་བཞིན་ཞ་ཉེ་དྲུག །མདུང་རྩི་དང་ནི་བ་བླ་དང་། །ཤེས་རབ་ ཅན་གྱིས་སྦྱང་བར་བྱ། །ཤེས་ནས་ལས་རྣམས་བྱ་བ་ཡིན། །གསེར་གྱི་ལས་རྣམས་བ་བླས་བྱེད། །སེར་པོས་དཀར་པོའི་ལས་རྣམས་བྱེད། །ལྷང་ཚེར་དང་ནི་ཏི་ཚ་ཡིས། །ཀ་ཀུ་ཤྲི་ཡི་ལས་རྣམས་བྱེད། །དེ་རྣམས་མཚན་མ་བརྗོད་བྱ་བ། །སྦྱང་ཞིང་དུག་དང་བྲལ་བར་བྱ། །རྣོ་ལྕགས་བཟང་ ཞིང་དཀར་བ་ལ། །རྣོ་ཞིང་མཆོག་ཏུ་དྲོ་བར་བྱེད། །ཟངས་ནི་མཆོག་ཏུ་དམར་བ་བཟང་། །དེ་ལ་རིགས་ནི་གསུམ་དུ་གནས། །བལ་པོར་སྐྱེས་པའི་རང་བཞིན་བཟང་། །ངན་པ་ལ་སྦྱངས་མཆོག་ཏུ་འགྱུར། །ཀན་དྷ་འུར་དུ་སྐྱེས་པ་ངན། །བཟང་ངན་འདྲེས་མས་ལས་རྣམས་བྱེད། །སྦྱངས་ཤིང་རྗེས་ སུ་སྦྱངས་པ་ལས། །དངུལ་ཆུ་རབ་ཏུ་དམར་བར་བྱེད། །ཀླུ་ནི་གནག་དང་དཀར་བ་གཉིས། །རང་བཞིན་མགྱོགས་པར་ཆུ་ལྟར་འཇུ། རག་ན་དྲི་མ་ཆེ་བ་མཆོག །རང་བཞིན་ཆུ་ལྟར་མྱུར་དུ་འཇུ། །རང་བཞིན་གཉིས་པ་མྱུར་དུ་འཇུ། །དཀར་པོ་ཕ་རོལ་མཆོག་ཏུ་གྲགས། །སེར་པོ་གསེར་ ལྟར་མདངས་བཟང་བ། །བསྲེགས་ན་དྲི་ཅན་ནག་པོར་འགྱུར། །དྲག་ཏུ་བསྐོལ་བས་འཇུ་བར་བྱེད། །རགས་པ་ཟངས་ཀྱི་ཁམས་ལས་བྱུང་། །བསྲེགས་ན་ནག་པོར་འགྱུར་བ་ཡིས། །དེ་ནི་རིང་པོར་འཇུ་བར་བྱེད། །གཤའ་ཚེ་དང་ནི་འདྲེས་པ་ལས། །འཁར་བའི་ཁམས་སུ་བྱེད་པར་འགྱུར། །ཟངས་ མའི་རང་བཞིན་འཇུ་བར་དཀའ། །འཁར་བ་རག་ན་མྱུར་དུ་འཇུ། །གསེར་ནི་བདར་ན་སེར་བ་ལ། །བཅད་མ་དཀར་པོར་འགྱུར་བ་ཡིན། །བསྲེགས་ན་གུར་ཀུམ་མདངས་ལྟར་བྱེད། །ཉུང་བ་ལྕི་ཞིང་སྣུམ་པར་བྱེད། །དྲུག་ནི་གསེར་གྱི་མཚན་ཉིད་ཡིན། །དངུལ་ནི་ཀུནྡ་ལྟར་དཀར་ཞིང་། །སྣུམ་ ལ་འོད་ཅན་རབ་ཏུ་གསལ། །དྲུག་ཅུ་རྩ་བཞི་ཡོན་ཏན་ནི། །ཁམས་རྣམས་ཀུན་ལ་རབ་ཏུ་ལྡན། །དེ་རྣམས་མདོ་རུ་བསྡུས་ཏེ་བཤད། །སྔོན་དུ་བཤད་པའི་རྗེས་སུ་ནི། །དང་པོ་རྣོ་ལྕགས་བཤད་པ་ལ། །སྦྱང་བ་ལ་ན་བདུན་བར་དུའོ། །རྣོ་ལྕགས་རྣོན་པོ་གཉིས་ལ་ཡང་། །གསེར་ནི་དབུགས་བཅིང་ བརྟག་པར་བྱ། བ་ཚ་བཅུག་ཅིག་སྦྱང་བར་བྱ། །གཞན་ཡང་དྲི་ཆུ་ལྔ་ཡིས་སྦྱངས། བ་ཚ་དྲི་ཆུ་གཅིག་ཏུ་བསྲེས། །དག་ཅིང་སྦྱངས་པར་བྱས་པ་ཡིས། །སྐྱུར་པོས་སྦྱངས་ཤིང་རབ་ཏུ་བསྲེག །དེ་ལྟར་མང་དུ་བྱས་པ་ལས། །དེ་ཡི་རྩ་བ་བཟུང་ཞིག་བསྲེག །ཡང་ནི་སྐྱུར་པོ་ བཅུག་ཅིང་སྦྱང་། །དེ་ལྟ་བུ་ཡི་རིམ་པ་ཡིས། །ལྕགས་དང་རྣོ་ལྕགས་སྦྱར་བར་བྱ། །གླང་པོ་ཆེ་ཡི་རུས་པ་བཏབ། །མཐིང་ཤིང་ཕྱེ་མ་རྣམས་པར་བླང་། །ར་ཡི་གཅིན་གྱིས་རྣམས་པར་བསྲེས། །ལན་བདུན་བར་དུ་སྦྱང་བར་བྱ། །དེ་ལྟར་ཟངས་ནི་སྦྱངས་པ་ཡིས། །བློ་ལྡན་གསེར་འགྱུར་མཁན་པོ་རྣམས། ། དེ་ལྟར་ཟངས་ནི་སྦྱོར་བ་ཡིན། །ལྕགས་བརྒྱད་ནང་དུ་ཟངས་ནི་མཆོག །ལས་རྣམས་ཐམས་ཅད་དབྱེད་པར་འགྱུར། །དེ་ནས་ཡང་དག་བཤད་བྱ་བ། །རག་ན་སྦྱང་བའི་ཆོ་ག་བཤད། །སེག་བདར་གྱིས་ནི་ཕྱི་མར་བརྡར། །དེ་ནས་ཕྱི་མ་ཞིབ་ཏུ་བཏགས། །བ་ཚ་དང་ནི་དྲི་ཆུ་བསྲེ། །ལན་བདུན་བར་དུ་ སྐམ་ཞིང་བསྲེག །ཡང་ན་སྐྱུར་པོའི་ཁུ་བ་སྦྱིན། །ལན་གསུམ་བར་དུ་བསྲེག་པར་བྱ། །དེ་ལྟེ་དག་པ་བྱས་པ་ཡིས། །རག་ན་རྣམ་པར་སྦྱངས་པ་ཡིན། །དེ་ནས་འཁར་བ་སྦྱང་བར་བྱ། །སྔར་བཞིན་ཞིབ་ཏུ་བཏགས་པ་ལ། །དེ་ལ་བ་ཚ་དྲི་ཆུ་སྦྱིན། །ཡང་དང་ཡང་དུ་བླུགས་ཤིང་བསྐོལ། །ལན་བདུན་ བར་དུ་སྦྱངས་བ་ཡིན། །ཡང་ནི་སྐྱར་པོའི་ཁུ་བ་གཞུག །ཅུང་ཟད་ཞ་ཉེ་བྱིན་ལ་བཞུ། །བསྲེགས་པས་ཟངས་སུ་འགྱུར་བ་ཡིན། །སྔར་བཤད་རིམ་པས་ཟངས་ཀྱང་སྦྱང་། །དེ་ལྟར་འཁར་བ་སྦྱངས་པ་ཡིས། །མཆོག་གི་ལྕགས་ནི་སྦྱང་བའི་ཐབས། །ཞ་ཉེ་སྦྱང་བར་བྱ་བ་ནི། །དེ་ཡི་བྱེད་པ་རྣམ་ བཤད་ན། །ཡུང་བ་ཕྱེ་མར་བཏགས་པའམ། །ཤྲཱྀ་ཁཎྜ་རྣམ་པར་བསྲེ། །མང་པོ་གཞུག་ཅིང་བསྐམ་བར་བྱ། །དེ་ནས་ཞ་ཉེ་སྦྱིན་ལ་བཏགས། །ལན་བདུན་བར་དུ་སྦྱངས་པས་འདག ཞ་ཉེ་ཞུ་བར་གྱུར་པ་ན། །འབྲས་བུ་གསུམ་གྱི་ཁུ་བ་སྦྱིན། །ཞ་ཉེ་སྦྱངས་པའི་ཆོ་ག་ཡིས། །གཤའ་ཚེ་ དཀར་པོའང་ད་བཞིན་སྦྱང་། །ལྡོང་རོས་ཀྱི་ནི་རང་བཞིན་ལ། །མ་ལ་ཏ་ཡེ་ཁུ་བས་སྤངས། །གཤའ་ཚེ་བཏགས་པའི་ནང་དུ་བླུགས། །ཡང་དང་ཡང་དུ་སྐམ་ཞིང་བཏགས། །འཛོ་ཏི་སྨན་ཏིའི་མར་ཁུ་བླུགས། །མེད་ན་མེ་ཏོག་ན་ར་ཛའི། །མར་ཁུ་ཡི་ནི་རྣམ་པར་བསྲེ། །གཞན་ཡང་སྦྱར་ཐབས་ མང་པོ་ཡིས། །ནེས་པ་ཐམས་ཅད་འདོམས་པར་བྱེད། །ཞ་ཉེ་ནག་པོ་ཅུང་ཟད་བསྲེ། །དངུལ་གྱི་རང་བཞིན་དག་པའོ། །འདི་ལྟར་དྲི་ཆུ་ལན་གསུམ་སྦྱང་། །བཏགས་ཤིང་བཏགས་ཤིང་ལན་གསུམ་བཀྲུ། །འདིས་ནི་དག་ཅིང་རྒྱལ་བར་བྱེད། །གསེར་གྱི་སྦྱང་བ་བརྗོད་པར་བྱ། །མཆོག་ཏུ་བ་ཚ་ སྦྱང་བ་གཅེས། །སྐྱུར་པོ་ཡིས་ཀྱང་དེ་བཞིན་དུ། མར་དང་སྦྲང་རྩི་རྣམ་པར་བསྲེ། །གསེར་དང་སྦྱར་ཞིང་བཏགས་པར་བྱ། །ལས་རྣམས་གཞན་གྱི་དྲུག་འགྱུར་སྦྱང་། །དེས་ནི་ངེས་པར་འགྲུབ་པར་འགྱུར། །ཇི་ལྟར་གསེར་གྱི་ལས་རྣམས་ཡིན། །དེ་ནས་ལྕགས་ཀྱི་བྱ་བ་བརྗོད། །ཇི་ལྟར་དབྱེ་ བའི་སྦྱོར་བ་ཡིས། །པཎྜི་ཧན་དུ་སྐྱེས་པ་མཆོག། །གསེར་དང་དངུལ་ཡང་དེ་ན་མཆོག །རྣོ་ལྕགས་ཇི་ལྟར་རྙེད་པ་གཟུང་། །དང་པོ་སྦྱང་བའི་ཆོ་ག་ནི། །ཕྱི་ནས་ལས་རྣམས་བརྗོད་པར་བྱ། །འདི་ལྟར་གསེར་ཟིལ་རྡོ་ལ་ནི། །བ་ཚ་དང་ནི་སྐྱུར་པོས་སྦྱང་། །ལྕགས་ཀྱི་སྣོད་དུ་ལེགས་པར་བཏགས། །ལྕགས་ ཀྱི་སྟེང་དུ་ག་འུས་དགབ། །མཐའ་ནི་རས་དང་འཇིམ་པས་གཏུམས། །བསྲེགས་པས་དག་པར་འགྱུར་བ་ཡིན། །ཕྱེ་མར་གྱུར་གྱི་བར་དུ་བསྲེག །དེ་ལྟར་དག་བའི་ཆོ་ག་ནི། །ལས་རྣམས་ཀུན་ལ་བྱ་བ་ཡིན། །མུ་ཟི་མར་གྱི་མདོག་ཅན་བཟང་། །འབྲིང་ནི་མར་དུ་རྙེད་པར་བླང་། །ངན་པ་བ་གླང་སོ་དང་མཚུངས། དེ་ལྟར་མུ་ཟི་རིགས་གསུམ་ཡིན། །བི་མ་ལ་ནི་སེར་མོ་བཟང་། །གསེར་དང་དངུལ་གྱི་ཁ་དོག་གིས། །རབ་དང་འབྲིང་ནི་ཤེས་པར་བྱ། །ཤེས་ནས་ལས་རྣམས་བྱ་བ་ཡིན། །གསེར་ཟིལ་རྡོ་ནི་སེར་བ་ལ། །རང་བཞིན་ཟངས་ཀྱི་ཁམས་ཡིན་ཏེ། །རག་རྡོ་དང་ནི་གསེར་ཟིལ་རྡོ། །ཁམས་དང་རང་བཞིན་ གཅིག་པ་ཡིན། །སྤྲིན་གྱི་ཁ་དོག་ཇི་བཞིན་སེར། །མེ་ཏོག་ཀར་བིར་འབྲས་བུ་འདྲ། །དེ་ནི་མཆོག་ཏུ་གྱུར་པ་ཡིན། །རིགས་རྣམས་དག་པར་ཤེས་པས་སྦྱང་། །མཆོག་དང་བར་དང་ཐ་མ་སྟེ། །མཀྵི་ཀ་ནི་གསུམ་དུ་སྣང་། །མཚལ་ལ་རིགས་ནི་གཉིས་ཡིན་ཏེ། །མཆོག་ནི་ཉི་མའི་འོད་ལྟར་གསལ། ། གསེར་མཚལ་རབ་ཏུ་དམར་བ་མཆོག །གཉིས་ཀ་དངུལ་ཆུའི་ཁམས་ཡིན་ཏེ། །ལྡོང་རོས་དབྱེ་བའི་དྲི་ཅན་མཆོག །མཚུར་གྱི་མཚན་ཉིད་བརྗོད་བྱ་བ། །སྨེན་ཅིང་སེར་བ་མཆོག་ཏུ་བཟང་། །གསེར་གྱི་སྦལ་རྒྱབ་ལྟར་དུ་སེར། །མ་རྙེད་དམར་པོ་གཟུང་བར་བྱ། །དག་བས་ལས་རྣམས་བྱ་བ་ཡིན། །སྨིན་ པ་སེར་པོའི་ཁམས་ཡིན་ཏེ། །བ་བླ་མཆོག་ཏུ་དཀར་བ་བཟང་། །འབྲིང་ནི་རྣམས་པར་སེར་བ་ཡིན། །ཤེས་ནས་ལས་ལ་སྦྱར་བར་བྱ། །ལས་གཞན་སེར་པོ་ཕལ་པའང་གཟུང་། །ལྷང་ཚེར་ནམ་མཁའི་མིང་གིས་བརྗོད། །སེར་པོ་ནག་པོ་དཀར་པོ་ལས། །ལྷང་ཚེར་ཞུ་བས་ ལས་རྣམས་བྱེད། །རྣམ་པར་སྤྱད་པས་ལས་རྣམས་བྱེད། །མཆོག་ནི་གསེར་གྱི་མདོག་ལྟར་སེར། །ནག་པོ་བར་པའི་ཁམས་ཡིན་ཏེ། །གཉིས་ནི་གསེར་འགྱུར་ལས་ལ་བཟུང་། །དཀར་པོ་དག་པར་བྱས་པ་ཡིས། །དངུལ་གྱི་ལས་ཀྱང་འགྲུབ་པ་ཡིན། །ཙི་ཏ་དམར་པོ་མཆོག་ཡིན་ཏེ། །དམར་ པོའི་ཁམས་ནི་སྦྱིན་པ་མིན། །ཀམ་ཀུས་ཏྲ་ནི་ཅུང་ཟད་སེར། །ཐམས་ཅད་སྔོན་དུ་བཤད་ཟིན་ཏེ། །ལྕགས་བརྒྱད་པོས་ཀྱང་གོང་དུ་བཤད། །འདི་ནི་ལས་ཀྱིས་སྦྱར་བ་ལས། །ལྕགས་རྣམས་སྦྱར་ཞིང་བཏགས་པ་ལས། །བསད་ཅིང་རྗེས་སུ་འབིགས་པར་བྱེད། །པཎ་ཏྲེའི་ཡུལ་ནས་རྡོ་རྗེ་སྐྱེས། ། རང་བྱུང་ལྕགས་དང་རྡོ་ལྕགས་དང་། །ཞ་ཉེ་ཟངས་དང་ར་གན་དང་། །འཁར་བ་གསར་དང་དེ་བཞིན་དངུལ། །གཤའ་ཚེ་དཀར་པོ་ཐམས་ཅད་ལ། །བཀྲུས་ཤིང་གསང་པར་བྱ་བ་ཡིན། །གསེར་ཟིལ་རྡོ་ཡིས་ལྕགས་འཇོམས་ཤིང་། །དངུལ་དང་གཤའ་ཚོ་ཉམས་པ་ཡིན། །གསེར་གྱི་ལས་ནི་དག་པ་ ཡིན། །ལྕགས་དྲུག་རྣམས་པར་སྦྱངས་པ་ལས། །གསེར་གྱི་ལས་ནི་འགྲུབ་པར་བྱེད། །དངུལ་གྱི་ལས་ནི་འགྲུབ་པར་འགྱུར། །ཟི་མའི་ཁུ་བ་རྣམ་པར་སྦྱིན། །སྐྱུར་པོའི་ཁུ་བས་དག་པར་བྱེད། །གཤའ་ཚེ་རྣམ་པར་བཏགས་པ་ལས། །ཡང་ནི་ཟི་མའི་ཁུ་བ་བླགས། །སྐྱུ་རུ་ར་ཡི་ཤུན་པ་བསྲེ། །དེ་ལྟར་ བསྲེས་ཤིང་བཏགས་པ་ལ། །ཡང་ནི་ག་འུའི་ནང་དུ་བསྲེག །དེ་ནི་གཤའ་ཚེ་ཕྱེ་མར་འགྱུར། །ཕྱེ་མ་དང་ནི་བ་བླ་བསྲེ། །མ་ཀྵི་ཀ་ནི་རྣམ་པར་བཏགས། །བཏགས་པ་རས་ཀྱི་ཕྱེ་མ་གཏུམས། །བལ་སྲན་ནག་པོའི་ཁུ་བ་གཞུག །མེ་ཡི་དུགས་ཀྱིས་རྣམ་པར་སྐམ། །བ་ལྕི་སྐམས་པའི་ཕྱེ་མ་ཡིས། ། ཆུ་ལ་བཅུག་ཅིང་ཁུ་བས་བདུག །བ་ཚ་དང་ནི་དྲི་ཆུ་བསྲེ། །རང་བཞིན་ལན་བདུན་བར་དུ་སྦྱང་། །སྐྱུར་པོའི་ཁུ་བས་ཕྱི་ནས་སྦྱང་། །དེ་ནས་ལས་རྣམས་བྱ་བ་ཡིན། །དེ་བཞིན་བི་མ་ལ་ཡང་སྦྱང་། །སྔར་བཞིན་ཆོ་ག་དེ་ཉིད་ཀྱིས། །སྦྱང་ཞིང་ལས་རྣམས་བྱ་བ་ཡིན། །མུ་ཟིའི་ལས་རྣམས་བཤད་བྱ་བ། །སྔར་ བཤད་རིམ་པ་ཅི་བཞིན་དུ། །དང་པོ་རྣམ་པར་བཏགས་པར་བྱ། །ལྩགས་ཀྱི་སྣོད་ཀྱི་ནང་དུ་ནི། །མར་ཁུ་དང་ནི་རྣམ་པར་བསྲེ། །རང་བཞིན་མེ་ལ་སྦྱང་བར་བྱ། །དྷ་དུ་ར་ཡི་ཁུ་བ་ཡིས། །ལན་གསུམ་བསྲེས་ཤིང་བསྐམ་པར་བྱ། །མཚལ་ནི་བཏགས་པར་གྱུར་པ་ལ། །རྨ་བྱའི་མཁྲིས་པས་རྣམ་པར་ སྦྱངས། །མ་རྙེད་རོ་ཇུའི་མཁྲིས་པ་ཡིས། །ཇི་ལྟར་མཚལ་ནི་སྦྱངས་པ་བཞིན། །གསེར་ལྡན་སྦལ་རྒྱབ་ལྡོང་རོས་དང་། །བ་བླ་དང་ནི་སྐྱུར་པོའི་རྡོ། །རིམ་པས་མཚལ་ཤིང་སྦྱང་བར་བྱ། །སྦལ་རྒྱབ་དང་ནི་ཀམ་བུ་ཏྲེ། །ལྷང་ཚེར་དང་ནི་སོ་ཁྲི་ཉའི། །མཁྲིས་པ་ཡིས་ནི་བྱ་བ་ཡིན། །ཐམས་ཅད་ ལན་བདུན་བར་དུ་སྦྱང་། །རིམ་པ་དེ་བཞིན་བཀྲུ་བར་བྱ། །ལྷང་ཚེར་སྦྱང་བ་བརྗོད་བྱ་བ། །སྔོན་བཤད་པ་ཡི་རྗེས་བཞིན་དུ། མཆོག་ནི་ལྷང་ཚེར་ནག་པོ་ཡིན། །གསེར་གྱི་ལས་རྣམས་འགྲུབ་པར་བྱེད། །དཀར་པོས་དངུལ་གྱི་ལས་རྣམས་བྱེད། །དངུལ་ཆུས་སྦྱོར་ཞིང་འབིགས་པར་བྱེད། །ལྷང་ ཚེར་འདབ་མ་རེ་རེད་དབྱེ། །ལྕགས་ཀྱི་སྣོད་ཀྱི་ནང་དུ་གཞུག །ཏང་ཀཱ་ལུ་ཡི་རྩ་བ་བསྲེ། །དེ་ཡི་ཁུ་བས་རྣམ་པར་གཞུག །རས་བལ་གྱི་ནི་འདབ་མ་ཡི། །ཁུ་བ་ཡིས་ཀྱང་རྣམ་པར་སྤངས། །ཉི་མ་ལ་ནི་བདུག་ཅིང་སྐམ། །བཏགས་ཤིང་སྔོན་གྱི་ཁུ་བས་གཞུག། །དེ་ཚེ་ལྷང་ཚེར་ཕྱེ་མར་འགྱུར། །ལེགས་པར་ བཏགས་པར་གྱུར་བ་ཡིས། །ཞབས་སུ་རྣམ་པར་བཏགས་པར་བྱ། །ཡང་ནི་བཀྲུ་ཞིང་བཏགས་པར་བྱ། །ཏིག་ཏིག་ཁུ་བས་རྣམ་པར་བསྲེ། །བཅུག་ཅིང་ལན་གསུམ་བར་དུ་བསྲེག། །དེ་ལྟར་སྦྱངས་པའི་ཆོ་ག་ཡིས། །ལྷང་ཚེར་གནག་དང་དཀར་བ་ལ། །ལྷང་ཚེར་སེར་པོ་མཆོག་ཡིན་ཏེ། །གསེར་གྱི་ ལས་ལ་མཆོག་ཏུ་བཤད། །དག་ཅིང་སྦྱང་བ་བྱས་པ་ཡིས། །དངུལ་ཆུ་དང་ནི་ལྷང་ཚེར་སྦྱར། །མུ་ཟི་གསེར་ཟིལ་བ་བླ་དང་། །དེ་ལྟར་མཚལ་དང་བཞི་པོ་ལ། །རང་བཞིན་དབང་དུ་བྱ་བ་བརྗོད། །ལས་རྣམས་ཐམས་ཅད་བྱེད་པར་འགྱུར། །ལྷང་ཚེར་དམར་པོ་ནག་པོ་ཡང་། །འདང་མ་རེ་རེར་དབྱེ་བར་བྱ། ། སྔོན་གྱི་ཆོ་གས་དག་པར་བྱ། །སོ་ཁྲི་ཉ་ཡི་མཁྲིས་པ་སྦྱིན། །ཚལ་ཅུང་ཟད་བསྲེ་བར་བྱ། །གའུའི་ནང་དུ་བཅུག་ལ་གཏུམས། །སོལ་བའི་མེ་ལ་རབ་ཏུ་བསྲེག །གའུ་མེ་ཡི་རང་བཞིན་ལྟང་། །གྱུར་གྱི་བར་དུ་བསྲེག་པར་བྱ། །གའུ་ཁ་དང་ལྡན་པ་རུ། །ཚལ་བྱིན་ལ་བསྲེགས་པ་ནི། །གའུའི་ཁ་ནི་མ་བཅད་པར། ལྕགས་ཀྱི་རང་བཞིན་ལྟར་དུ་འཇུ། །གསེར་གྱི་ལས་ཀྱི་མཚན་མ་ལ། །འདི་ལྟར་དུ་ནི་བྱ་བར་བཤད། །ལྷང་ཚེར་དཀར་པོས་བདེན་པར་འགྲོ །འདི་ཡིས་བྱེད་པས་ཐམས་ཅད་ཤེས། །དངུལ་གྱི་ལས་ལའང་འདི་བཞིན་དུ། །གསེར་ཟིལ་རྡོ་ནི་དག་པ་ལ། །ཡང་ནི་སྐྱུར་པོས་དག་ པར་སྦྱང་། །ལྕགས་སམ་རྫ་ཡི་སྣོན་དུ་ནི། །སྐྱུར་པོའི་ཕྱེ་མས་དགང་བར་བྱ། །ལྕགས་ཀྱི་བེ་རགས་གསད་པར་བྱ། །སྐྱུར་པོའི་ཁུ་བས་རྣམ་པར་གཞུག །དངུལ་ཆུ་ཡང་ནི་དེ་བཞིན་ཏེ། །དེ་ཡི་ལས་ཀྱི་བྱ་བ་ཡིས། །དངུལ་ཆུ་རི་ལུ་བྱ་བར་འགྱུར། །ཡང་ནི་སྐྱུར་པོ་གཞུག་པར་བྱ། །རྫ་ཡི་སྣོད་ཀྱི་ནང་དུ་ ནི། །སྟེང་ནས་རྫ་ཡི་སྣོད་ཀྱིས་དགབ། །ཕྱི་ནས་འཇིམ་པས་ཁྱུག་པར་བྱ། །འཇིམ་པས་བྱུགས་པ་རས་ཀྱིས་དཀྲི། །ཅུང་ཟད་ཆུ་ཡང་སྦྱིན་པར་བྱ། །དེ་རྗེས་འོག་ནས་མེ་ཡིས་སྤང་། །སྟེང་དུ་དངུལ་ཆུ་ཆགས་པར་འགྱུར། །སྟེང་གི་དངུལ་ཆུ་རྣམ་པར་བཟུང་། །ལྷག་མའི་དངུལ་ཆུ་སྐམ་པར་འགྱུར། །འཁྲུལ་ འཁོར་འདི་ནི་བ་ཏང་གི། །མཁས་པས་འདི་དག་བཏགས་པ་ལས། །གསེར་ཟིལ་རྡོ་ནི་འོག་ན་གནས། །ཆལ་དང་ནི་སྐྱུར་པོས་བསྲེ། །ཇི་ལྟར་སྦྱོར་བ་གཞན་ལ་ནི། །གའུ་ཁ་མེད་རིམ་པས་སོ། །གསེར་ཟིལ་རྡོ་ཡི་གཏན་ལ་ནི། །བསྲེགས་པས་འོག་ཏུ་འཐོབ་པར་འགྱུར། །ཞག་གཅིག་ བདེན་པར་གྲུབ་པ་ལས། །གསེར་གྱི་ལས་ཀྱི་མཚན་མ་ཡི། །མཆལ་གྱི་ལས་རྣམས་བརྗོད་བྱ་བ། །བདེན་པར་བྱ་བའི་ཆོ་ག་ལ། །ཐོག་མར་ཞིབ་ཏུ་བཏགས་པར་བྱ། །སྐྱུར་པོའི་ཁུ་བས་རྣམ་པར་བསྲེ། །པ་ཏ་ཀ་ཡི་སྦྱོར་བ་ཡིས། །བདེན་པར་དགུག་ཅིང་དབང་དུ་བྱ། ཇི་ལྟར་དངུལ་ཆུ་དངུལ་བཞིན་ དུ། །གསེར་གྱི་ལས་ལ་འབིགས་པར་འགྱུར། །བ་བླའི་རང་བཞིན་བརྗོད་བྱ་བ། །བདེན་ཅིང་དགུག་པའི་ལས་རྣམས་བརྗོད། །ཐམས་ཅད་འདབ་མའི་རིམ་པས་དབྱེ། །བ་བླ་བཟང་པོ་ཕྱེ་མར་བཏགས། །སོ་ཁྲི་ཉ་ཡི་མཁྲིས་པས་བསྲེ། །མཁས་པས་འདི་འདྲར་ཤེས་པར་འགྱུར། །ཕྱི་ནས་ཚ་ལའི་ཕྱི་མས་ བསྲེ། །ཐམས་ཅད་གཅིག་ཏུ་བཏགས་པར་བྱ། །ལྕགས་ཀྱི་སྟེང་དུ་ལྕགས་ཁེབས་དགབ། །འདབ་མ་ཆུང་ངུ་དག་ཅིང་བདེན། །དེ་ཡང་ཕྱེ་མར་བཏགས་པར་བྱ། །གའུ་ཁ་མེད་ནང་དུ་གཞུག །སྐམས་ནས་རབ་ཏུ་བསྲེག་པར་བྱ། ཐེ་ཚོམ་མེད་པར་བདེན་པར་འགྲུབ། །ཁ་དོག་དཀར་པོར་མཐོང་བར་འགྱུར། ། དངུལ་གྱི་ལས་ཀྱི་མཚན་མ་ལ། །དག་པའི་ཆོ་ག་བརྗོད་བྱ་བ། །དངུལ་ཆུ་དག་ཅིང་འབིགས་པ་ལ། །མི་ཡི་ཡིད་ཀྱི་དོན་རྣམས་ནི། །ཆོས་དང་ལས་དང་དོན་རྣམས་འགྲུབ། །ཇི་ལྟར་རང་གི་ལུས་ཀྱི་དོན། །དངུལ་ཆུ་ཡིས་ནི་འགྲུབ་པར་འགྱུར། །མི་གཡོ་བ་ཡིས་དངུལ་ཆུ་མཆོག །ཕལ་པ་རྣམས་ལ་མི་སྦྱིན་ནོ། ། སོ་ཕག་ཕྱེ་མ་སྦྱར་ཞིང་བཏགས། །ཀ་ར་དུག་དང་སྐེ་ཚེ་དང་། །ཚ་བ་གསུམ་དང་སྦྱར་བ་ཡིས། །དེ་བཞིན་ཆང་གིས་ས་བོན་དང་། །ཁམ་པའི་སྟེང་གི་དུང་ད་དང་། །དེ་ལྟར་རྣམ་པ་བཅུ་གཅིག་པོ། །སྟོབས་ཅན་མིང་ནི་རག་ན་ཡིན། །ཐམས་ཅད་གཅིག་ཏུ་བསྲེ་བར་བྱ། །དེ་རྣམས་ཀུན་དང་དངུལ་ཆུ་བསྲེ། །བཀྲུས་ ཤིང་དངུལ་ཆུ་བཏགས་པར་བྱ། །ཡང་དང་ཡང་དུ་རྣམ་པར་བཏགས། །ཞག་གསུམ་གྱིས་ནི་དག་པར་འགྱུར། །སྲང་བརྒྱ་ཙམ་དུ་གང་བར་བྱ། །དེ་ལ་སྲང་ནི་ལྔ་བཅུ་གཟུང་། །དེ་ཕྱེད་ཉི་ཤུ་ལྔའི་སྲང་། །དེ་ཙམ་སྒྲུབ་པར་མི་ནུས་ན། །སྲང་གཉིས་ལ་ཡང་བྱ་བ་ཡིན། །དངུལ་ཆུ་བཅིང་པའི་ཆོ་ག་ལ། ། སྟོབས་ཅན་སྨན་རྣམས་བརྗོད་བྱ་བ། །ཚངས་པ་ཡི་ནི་དབྱུག་པ་དང་། །དེ་བཞིན་ཚངས་པའི་ཟླ་བ་དང་། །སྦྲུལ་གྱི་མིག་གི་མིང་ཅན་དང་། །དེ་བཞིན་སེར་པོ་ཉི་ཡི་མིག །དེ་བཞིན་ཁུ་བྱུག་རྩ་བ་དང་། །དེ་བཞིན་མན་དྷུ་པ་རྣི་དང་། །གཞན་ཡང་འདབ་མ་ཤ་ལིན་ཚི། །སྟོབས་པོ་ཆེ་ཡི་སྨན་དང་ནི། །མེ་ཏོག་ ངོ་ཚ་ཅན་དང་ནི། །དེ་རྣམས་མཆོག་ཏུ་གཅེས་པའི་སྨན། །ཆུ་ནི་སྐེམས་པར་བྱེད་པའི་སྨན། །ཟླ་བའི་ཁྲི་ཤིང་བརྗོད་པར་བྱ། །དེས་ནི་ལས་རྣམས་ཐམས་ཅད་བྱ། །འབྱུང་པོར་རལ་པ་འདབ་མ་ཆེ། །འཇོ་ཏི་སྨ་ཏི་སྨ་བོ་གཅིག །ཧ་ཏྲ་ཀུ་བྷི་འོ་མ་དང་། །དེ་བཞིན་རྔ་མོའམ་ཚེར་མ་དང་། །རྨ་བྱའི་གཙུག་ ཕུད་འོད་དང་ལྡན། །དེ་བཞིན་སྐྲོད་བྱེད་དམར་པོ་དང་། །ཀླུ་ཡི་སྟོབས་ཞེས་བརྗོད་པ་ཡིན། །དེ་རྣམས་དངུལ་གྱི་ལས་རྣམས་བྱེད། །ལུས་ངན་པོ་ནི་མཆོག་ཏུ་བརྗོད། །དེ་རྣམས་ཆུ་ནི་འཆིང་བར་བྱེད། །དེ་ལྟར་བརྗོད་པའི་རྣམས་གྲངས་ནི། །ཆུ་ནི་འཆིང་བར་བྱེད་པ་ཡིན། །དེ་ལྟར་བརྗོད་པའི་སྨན་རྣམས་ ལས། །ཇི་ལྟར་འབྱོར་པ་སོགས་པར་བྱ། །མཁས་པ་བློ་དང་ལྡན་པས་གཟུང་། །དག་བྱེད་གང་ཡང་སྐྱུར་པོ་ཡིན། །རག་རྡོ་དང་ནི་རྣམ་པར་སྦྱང་། །ཅུང་ཟད་ཙམ་གྱི་མེ་ལ་བདུག །དུགས་ཀྱིས་སྨིན་པར་འགྱུར་བ་ཡིན། །རྟག་ཏུ་བཏགས་ཤིང་བདུག་པར་བྱ། །ཉི་མ་བདུན་གྱི་བར་དུའོ། །དེ་ནས་སྨན་དང་སྦྱར་ ཞིང་བཏགས། །ཇི་ལྟར་རྙེད་པའི་སྨན་གྱི་ལས། །སྨན་རྣམས་ཀུན་གྱི་ཁུ་བ་བཟུང་། །ཇི་ལྟར་བརྗོད་པའི་མན་ངག་གིས། །སྐྱུར་པོའི་ཆོ་ག་བྱ་བ་ཡིན། །མར་ཁུ་ཡིས་ཀྱང་དེ་བཞིན་བསྒྲུབ། །མར་ཁུ་སྐྱུར་པོའི་སྦྱོར་བ་ཡི། །ནང་དུ་དངུལ་ཆུ་གཞུག་པར་བྱ། །དེ་ཡང་མེ་ལ་ཅུང་ཟད་ བདུག །ཡང་དང་ཡང་དུ་གཞུག་ཅིང་བསྐམ། །ད་ཡི་སྟེང་དུ་བརྗོད་བྱ་བ། །བརྗོད་པས་བདེ་བ་གྲུབ་པར་འགྱུར། །འདི་ལྟར་དལ་གྱིས་བསྒྲུབ་བྱ་བའི། །སྔོན་གྱི་ཆོ་གས་བསྐམ་པར་འགྱུར། །མ་ནིའི་འདབ་མ་ཆུ་ལྷའི་ཤིང་། །ནིར་ཀྲུན་དྲི་དང་མ་ཧཱ་ར་ས་ཏྲི། །དུག་དང་དེ་བཞིན་ཤ་ཏྲི་དང་། །གྷ་ནི་ཧ་རི་དེ་ བཞིན་དུ། །ཚངས་བའི་དབྱུག་པ་དྷ་དུ་ར། །དུག་དང་ཡུངས་ནག་ཙི་ཏྲ་ཀ །ལྕེ་འབིགས་ལ་སོགས་སྨན་རྣམས་ལས། །ཇི་ལྟར་རྙེད་པ་གཟུང་བར་བྱ། །སྐྱུར་པོའི་ཆོ་གས་དལ་གྱིས་གཟུང་། །མྱོས་བྱེད་དེ་བཞིན་ལང་ཀ་ལི། །གཞན་ཡང་ཀར་བིར་དཀར་པོ་དང་། །མྱོས་བྱེད་དང་ནི་ཤི་ཀྲུ་དང་། །དེ་རྣམས་ཉི་བའི་དུག་ ཏུ་འདོད། །དུག་ཆེན་ལྔ་ཡང་བརྗོད་བྱ་བ། །སཱ་ཐུ་བ་དང་སྲིན་གི་བ། །ཀ་ལ་ཀུབ་ཏ་སེར་སྐྱ་དང་། །སྦྲང་རྩི་སེར་པོ་ལྟ་བུའི་དུག །རྒྱ་མཚོའི་ཚ་དང་སེ་དྷ་བ། །བཙོ་ཆ་དང་ནི་རྒྱ་ཚ་དང་། །དྲི་ཆེན་ཚ་དང་རྣམ་པ་ལྔ། །ཚ་ལམ་ཚུར་དང་ཟེ་ཚ་དང་། །དེ་རྣམས་འགྱུར་བྱེད་རྣམ་གསུམ་ཡིན། །གསེར་ཟིལ་རྡོ་དང་དྲི་ མེད་རྡོ། །ཐུ་ཐུ་ཀ་དང་དངུལ་ཆུ་དང་། །གཡོ་བྱེད་དང་ནི་མཚལ་དང་ནི། །མ་སས་ཀ་དང་བཅུད་ལེན་བདུན། །བ་བླ་དང་ནི་ལྡོང་རོས་དང་། །སྐྱུར་པོ་དང་ནི་མུ་ཟི་དང་། །སྦལ་རྒྱབ་རྡོ་དང་ཀ་ཤི་ཀ །འདབ་མས་དེ་རྣམས་ཉེར་བཅུད་བདུན། །པཱ་ལ་ཤ་དང་ཀ་ཏ་ཡི། །ཨ་བ་མ་ར་ཀ་ཧི་ཚལ། །པི་པི་ལིང་ གི་སྡོང་བུ་དང་། །བ་ཚ་ཅན་གྱི་ཤིང་སྟེ་དང་། །གཞན་ཡང་འགྱུར་བྱེད་རྣམ་གསུམ་དང་། །བ་དང་གླ་ཆེན་རྔ་མོ་སྟེ། །དེ་ལྟར་དྲི་ཆུ་རྣམ་གསུམ་དང་། །སྒ་དང་དེ་བཞིན་ཀ་སྡུ་ཀ། །ཅི་ཏྲ་ཀ་ནི་དམར་པོ་དང་། །ཡུང་བ་དང་ནི་དེ་བཞིན་བཙོད། །ཙ་ནྡན་དམར་པོ་པ་ཏམ་ཀ །ཀུ་སུམ་བྷ་དང་འདབ་མའི་དངུལ། ། དེ་རྣམས་དངུལ་འཚེད་བ་ཡི་སྨན། །དམར་པོའི་སྡེ་ཚན་བསྡུས་པ་ཡིན། །འཇི་ཏི་སྨ་ཏིའི་མར་ཁུ་དང་། །ཀ་རཉྫ་དང་ཨ་ཏ་ཤི། །དེ་ལྟར་ཁུ་བའི་སྡེ་ཚན་གསུམ། །དངུལ་ཆུ་འཚེར་པར་བྱེད་པ་ཡིན། །དེ་བཞིན་བྷེ་ཤའི་ཤིང་དང་ནི། ཉི་མ་ལ་ནི་བསྐམ་པར་བྱ། །པདྨའི་འདབ་མའི་ཁུ་བ་སྦྱིན། །བྷོ་ག་ན་ཡི་ ཤིང་ཀུན་དང་། །དེ་བཞིན་དུང་ནི་ཕྱེ་མ་དང་། །བ་ཚ་དང་ནི་དྲི་ཆུའི་སྡེ། །ཚ་དང་དེ་བཞིན་ཉེ་བའི་ཚ། །མཆོག་ཏུ་གྱུར་པའི་སྨན་སྡེ་དང་། །སེ་དུའི་ཚ་དང་སྐྱུར་པོ་ལས། །སྐྱུར་པོའི་ནང་དུ་བར་སྣང་ལས། །དངུལ་ཆུ་བཙོ་བར་བྱ་བ་ཡིན། །མན་དྷུ་ཀ་ཡི་འདབ་མ་ལ། །ཁུ་བ་བཅུག་ལ་བཙོ་བར་བྱ། །དྲི་མ་དབྲོག་ པར་བྱེད་པ་ཡིན། །འཁྲུལ་འཁོར་འདི་ནི་འབར་བའི་མེ། །ངང་པས་སྨན་པའི་འཁྲུལ་འཁོར་ལ། །ལྷང་ཚེར་བླུག་པར་བྱ་བ་ཡིན། །སིན་ངྷུ་ཚ་དང་མཚལ་ཡང་སྦྱིན། །ཟངས་ཀྱི་སྣོད་དུ་བླུག་པར་བྱ། །བུག་པ་མེད་པའི་འཁྲུལ་འཁོར་ལའོ། །ཤིན་ཏུ་འཇམ་པའི་འཁྲུལ་འཁོར་གྱིས། །ཉིན་རེ་ཉིན་རེ་ཇི་ བཞིན་དུ། །སེར་སྐྱའི་དུག་དང་སྐྱུར་པོ་སྦྱིན། །བྱ་རོག་གདུག་པ་ཇི་བཞིན་བསྐམ། །སྔོན་བཤད་སྐམ་པའི་ཆོ་གས་སྨན། །དངུལ་ཆུ་ཡི་ནི་བཅུ་དྲུག་འགྱུར། །བཏུལ་པའི་ལྕགས་རྣམས་གཞུག་པར་བྱ། །ཐམས་ཅད་དངུལ་ཆུ་ཟ་བར་འགྱུར། །ཕྱི་ནས་དངུལ་ཆུ་དཀར་པོ་བཏགས། །ཐམས་ཅད་གཅིག་ཏུ་བྱ་བ་ ཡིན། །རྣོ་ལྕགས་དེ་བཞིན་རྣོན་པོ་གཞན། །ཞ་ཉེ་དང་ནི་ར་གན་སྦྱིན། །ཕྱི་ནས་དངུལ་ཆུ་གཞུག་པར་བྱ། །ཟངས་དང་ཞ་ཉེ་རྣམ་པར་བསྲེ། །འཁར་བ་དང་ནི་ར་གན་རྣམས། །དངུལ་ཆུ་འཆིང་བའི་དོན་དུའོ། །རྣོ་ལྕགས་གསད་པས་དངུལ་ཆུ་འཆིང་། །སུམ་འགྱུར་གསེར་གྱིས་དངུལ་ཆུ་ཟ། །དེ་ནི་དྲི་མ་སྤོང་བར་ འགྱུར། །གསེར་ཟིལ་རྡོ་དང་རྣོ་ལྕགས་གཉིས། །དངུལ་ཆུ་བསྐམ་པར་འགྱུར་བ་ཡིན། །དངུལ་ཆུའི་ལས་ཀྱི་སྦྱོར་བ་འགྲུབ། །ཕལ་པའི་མདངས་ཀྱང་དེ་བཞིན་དུ། །ཐམས་ཅད་མཉམ་པར་བསྲེས་བ་ལས། །དེ་ཡི་ལས་ཀྱི་སྦྱོར་བ་ཡིས། །ལྕགས་དྲུག་ལས་རྣམས་སྦྱོར་བར་འགྱུར། །གསེར་ཟིལ་རྡོ་ཡིས་ལས་ རྣམས་འགྲུབ། །དེས་ནི་མཆོག་གི་ལས་རྣམས་འགྲུབ། །རིན་ཆེན་ས་བོན་སྦྱིན་པར་བྱ། །དེ་ནི་ཕྱེད་པའི་གསེར་དུ་འགྱུར། །ལན་གཉིས་ཀྱིས་ནི་དཀར་པོར་འགྲོ། །ཡང་ནི་རྣོ་ལྕགས་བསད་པ་ལ། །ཉིས་འགྱུར་དངུལ་དང་སྦྱར་བ་ཡིས། །དངུལ་ཆུ་འགྲུབ་པར་འགྱུར་བ་ཡིན། །གསེར་ལྟར་བསྐམས་པར་ གྱུར་བ་ལས། །ཀུན་ཀྱི་དོན་རྣམས་འགྲུབ་པར་འགྱུར། །སུམ་ཅུ་རྩ་གཉིས་འབིགས་པ་དང་། །ལྔ་བཅུ་བརྒྱ་དང་ལྔ་བརྒྱ་སྟོང་། །ཁྲི་དང་འབུམ་གྱི་བར་དུ་འབིགས། །ལས་འདི་ཤེས་པས་བཅུ་དང་ནི། །བཅུད་ཀྱིས་ལེན་རྣམས་འགྲུབ་པར་བྱེད། །ཟླ་བ་གཅིག་ཏུ་མང་པོའི་ཚད། །ཡུན་རིང་གསོན་དང་ སྟོབས་ཆེན་སྟེར། །འབུམ་ཕྲག་བར་དུ་འཚོ་བར་འགྱུར། །དེ་ཡི་ཉིས་འགྱུར་ཟོས་པ་ཡིས། །ལོ་ནི་བཅུ་དྲུག་ལོན་ལྟར་འགྱུར། །མཛེ་ལ་སོགས་པའི་ནད་བརྒྱད་འཇོམས། །དེ་ལྟར་མང་དུ་ཟོས་པ་ལས། །ཉི་ཟླ་སྐར་མ་གནས་པར་འཚོ། །སྐྲ་དཀར་གཉེར་མ་ཐམས་ཅད་སྤོང་། །ཡོན་ཏན་ རང་བཞིན་ཐམས་ཅད་པ། །འདིར་ནི་དངུལ་ཆུའི་བསྟན་བཅོས་ལས། །དོན་རྣམས་རྟོགས་ནས་ཁྲིས་པ་འདི། །བྷ་ལི་བ་ཡིས་བྱས་པ་ཡིན། །ཀུན་གྱི་དོན་རྣམས་འགྲུབ་པར་ཤོག །དངུལ་ཆུ་རབ་ཏུ་གྲུབ་པའི་བསྟན་བཅོས་སློབ་དཔོན་ཆེན་པོ་བྷ་ལི་བ་ཡིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་པཎྜི་ཏ་ཤྲཱི་ན་ རེ་ནྡྲ་བྷ་དྲ་དང་། བོད་ཀྱི་ལོ་ཙཱ་བ་ཨུ་རྒྱན་པ་རིན་ཆེན་དཔལ་གྱིས་རི་བོ་ཆེན་པོ་སྦུད་ཏྲའི་མགུལ་གྱི་ཕོ་བྲང་ཆེན་པོར་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། རས་ཡཱ་ཎ་ཤཱསྟྲ་ཨུ་དབྲྀ་ཏི། བོད་སྐད་དུ། གསེར་འགྱུར་གྱི་བསྟན་བཅོས་བསྡུས་པ། ཐམས་ཅད་མཁྱེན་པ་ལ་ ཕྱག་འཚལ་ལོ། །ཀུན་མཁྱེན་ཞི་བ་ཀུན་སྟེར་བ། །དཔལ་མགོན་མཆོག་ཏུ་ཞི་བར་མཛད། །ལོངས་སྤྱོད་གྲོལ་བ་རབ་སྟེར་བའོ། །དབང་ཕྱུག་དམ་པ་ཕྱག་འཚལ་ལོ། །ཕྲ་དང་སྦོམ་ལས་རྣམ་པར་གྲོལ། །གསལ་དང་མི་གསལ་མཆོག་ཏུ་ཞི། །དཔལ་དང་ལོངས་སྤྱོད་གྲོལ་སྟེ་རམ། །མཆོག་གི་དབང་ཕྱུག་ལ་ཕྱག་ འཚལ། །མཆོག་ཏུ་སྲ་བའི་དངུལ་ཆུ་ཡི། །ལས་ཀྱི་སྦྱོར་བ་ངེས་པར་སྦྱར། །དེ་ཉིད་རབ་སྦྱོར་མཐའ་ལ་ནི། །ཡོན་ཏན་སྐྱེ་བར་འགྱུར་བ་སྟེ། །བརྒྱལ་བ་ཡིས་ནི་ནད་འཇོམས་ཤིང་། །སྨན་པ་ཡིས་ནི་དབུལ་པོ་སྤོང་། །བཅིངས་པ་ཡིས་ནི་མཁའ་ལ་འགྲོ། །དངུལ་ཆུའི་ཡོན་ཏན་རྣམ་གསུམ་མོ། །གལ་ཏེ་ ལྷང་ཚེར་སྨན་ནི་ཡོན་ཏན་བརྒྱད། །མུ་ཟི་ཞུ་གྱུར་འདི་ལ་ཡོན་ཏན་དྲུག །དངུལ་ཆུ་མཉམ་དུ་གསེར་གྱིས་ངེས་བཅིངས་ནས། །ཁྱོད་ཀྱིས་མཁའ་ལ་འགྲོ་བ་གང་གིས་འགོག །གཤའ་ཚེ་དངུལ་ཆུའི་རོ་ཡིས་མཉམ་དུ་བསྣུན། །དེ་ཕྱེད་ཟླ་བ་གཉིས་པའི་རིམ་པ་ཡིས། །གཤའ་ཚེ་ཟླ་བའི་ཕྱོགས་གསུངས་གསེར་ སྦྱོར་ལས། །ཟངས་མ་དྲུག་ཅུ་རྩ་བཞི་འབིགས་པར་བྱེད། །དེ་ཉིད་ཐིག་ལེ་གཏོང་ཞིང་། །དམར་སྐྱའི་མདོག་ནི་ནོར་སྟེར་རོ། །མེ་ལ་གནས་ཤིང་མི་གཡོ་བ། །ནམ་མཁའ་སྨིན་པའི་མཚན་ཉིད་དོ། །གང་ལ་དངུལ་ཆུ་མཉམ་དུ་ཞུ། །དངུལ་དང་ཡང་ན་གསེར་དག་གམ། །གཅིག་ཏུ་གྱུར་ཅིང་མེ་ཟད་པ། །དེ་ ནི་བཅིངས་པའི་མཚན་ཉིད་དོ། །ལྷང་ཚེར་ཞུ་བ་གང་ཞིག་གིས། །དངུལ་ཆུ་དབང་དུ་བྱས་གྱུར་ན། །དེ་ཡིས་ཆོས་དང་ནོར་དག་གི །སྒོ་དག་ཉེ་བར་ཕྱེ་བ་ཡིན། །ཁ་ཡངས་ནམ་མཁའ་ཟ་བ་དང་། །སེར་པོ་ཟ་བས་མུ་ཟི་དང་། །གསེར་གྱི་མངལ་གྱི་ཁུ་བ་ཉིད། །ནོར་འཛིན་སྟེང་ན་ཤིན་ཏུ་དཀོན། །སྙིག་ མིན་མ་ཡིན་ཁྱབ་པ་ཡི། །དམར་མིན་མ་ཡིན་གཞན་མའི་ཚེ། །སྨིན་དང་རྙིངས་པ་ཉིད་ཀྱིས་ནི། །བྱེ་བ་རྣམས་ནི་འབིགས་པར་འགྱུར། །དེ་ནས་དངོས་པོའི་གྲངས་བརྗོད་དོ། །འོད་ལྡན་ལྕགས་ནི་མཆོག་ཏུ་འགྱུར། །དེ་དངོས་མེད་ན་ལྕགས་རྣོན་པོ། །ར་གན་ཞོ་ཕྱེད་གཤའ་ཚེ་ཟངས། སྒྲ་གཅན་གསེར་དང་ དཀར་པོ་རྣམས། །ལྩགས་རྣམས་བརྒྱད་དུ་གསུངས་པ་སྟེ། །དངུལ་ཆུའི་སྨིན་པ་སོ་སོ་ལ། །སྦྱང་བ་ཉིད་དུ་བྱ་བ་སྟེ། །གསེར་གྱུར་ལས་ལ་དངུལ་ཆུ་རྣམས། །མུ་ཟི་དེ་བཞིན་དྲི་མེད་དང་། །མ་ཀྵི་ཀ་དང་དེ་བཞིན་མཚལ། །ཀུན་ཌཱི་ཀཱ་ཤྲི་ཀ་མ་དྲུག །གསེར་གྱི་མཆོག་དང་བ་བླ་རྣམས། །ཤེས་རབ་ལྡན་པས་ འབང་བས་སྦྱངས། །མཁས་པ་ལས་རྣམས་ཤེས་པར་བྱ། །གསེར་གྱིས་ལས་རྣམས་བ་བླ་ཡི། །ཁ་དོག་སེར་དང་དཀར་པོའི་ཁམས། །ལྷང་ཚར་དེ་བཞིན་སཽ་བཱ་རེ། །ཀཱཾ་གུ་ཥྠ་རྣམས་སོ་སོར་སྨིན། །དེ་རྣམས་རྟགས་ནི་བཤད་པར་བྱ། །སྦྱངས་པས་ཁུ་བ་རྣམས་ནི་ལྟུང་། །འོད་ལྡན་ཡང་ཤིང་ཁུ་བ་དཀར། །རྣོན་པོ་ མཆོག་ཏུ་རྣོན་པོར་འགྱུར། །ཟངས་མ་དམར་དང་སྲ་བ་སྟེ། །རིགས་ནི་གསུམ་དུ་དབྱེ་བ་ལས། །བལ་ཡུལ་ལས་བྱུང་མཆོག་ཡིན་ཏེ། །འདབ་མར་གྱུར་པ་འབྲིང་དུ་རིག །ཐ་མ་འོད་ཀྱི་དྲི་མར་ཤེས། །ལས་ནི་ལེགས་པར་སྦྱར་བར་བྱ། །སྦྱངས་པས་ཁྱབ་བྱེད་ཉེད་དང་ནི། །དངུལ་ཆུའི་སྨིན་པ་ཉིད་ལ་ཕན། །ཞ་ཉེ་ནག་ པོ་དཀར་བར་ཤེས། །རང་བཞིན་ཡང་ཤིང་ཁུ་བ་ཅན། །གཤའ་ཚེ་དྲི་དང་ལྡན་པ་མཆོག །ཚོགས་པ་ནག་ཆིང་མྱུར་དུ་འཇུ། །མྱུར་དུ་འཇུ་བའི་རང་བཞིན་གྱིས། །དཀར་པོར་ཤིན་ཏུ་ཡོངས་སུ་གྲགས། །ར་གན་ཁ་དོག་གསེར་འདྲ་ཞིང་། །དྲི་མ་ལེན་ཅིང་དྲི་དང་ལྡན། །དྲག་ཅིང་བརྟན་པའི་ཁུ་བ་ཉིད། །ཟངས་ཀྱི་ ཁམས་ནི་མཐུག་པའོ། །སྒྲ་ལྡན་དྲི་མ་ཡང་དག་ལྡན། །སྲ་ཞིང་མཆོག་ཏུ་རྟན་གྱུར་བ། །ཟངས་དང་གཤའ་ཚེ་དག་བསྲེས་པ། །མཐུག་ཅིང་མྱུར་དུ་འཇུ་བའོ། །བཅད་ན་དཀར་ཞིང་བདར་ན་སེར། །བསྲེགས་ན་གུར་ཀུམ་ལྟ་བུ་དང་། །སྣུམ་དང་ཉུང་དུས་ལྕི་བ་སྟེ། །གསེར་གྱི་མཚན་ཉིད་རྣམ་པ་དྲུག ། སྐར་མ་ཀུན་དའི་མདོག་དང་མཚུངས། །སྣུམ་དང་སྐར་མ་རབ་ཏུ་སྟེ། །ཡོན་ཏན་དྲུག་ཅུ་རྩ་བཞི་ནི། །རིགས་ཀྱི་མཚན་ཉིད་དག་ཏུ་བཤད། །སྔོན་རྗེས་ཇི་ལྟར་དེ་བཞིན་དུ། །བསྡུས་ནས་བདག་གིས་རབ་བཤད་བྱ། །འོད་ལྡན་ལ་སོགས་ལྕགས་རྣམས་ཀྱིས། །སྦྱངས་ནས་སྙིང་ སྟོབས་དགུག་པ་སྟེ། །འོད་ལྡན་ལྕགས་སམ་ཡང་ན་རྣོ། །གསེར་ནི་དགུ་གཅིང་ཕྱེ་མར་བྱ། །ཚ་ཡི་སྡེ་ཚན་ཇི་སྙེད་དང་། །དྲི་ཆུའི་སྡེ་ཚན་སྦྱང་བར་བྱ། །ཚ་དང་དྲི་ཆུང་དེ་ཉིད་ཀྱིས། །བློ་དང་ལྡན་པས་ཕྱེ་མར་བྱ། །གོང་བུ་གསུམ་དུ་བླངས་ཡང་ནི། །སྐྱུར་རྩི་རྣམ་པ་མང་པོས་གདུལ། །དེ་ནི་རྩ་བ་ཉིད་དུ་བྱ། །སླར་ ཡང་སྐྱུར་རྩིས་སྦྱང་བར་བྱ། །འདི་ཡིས་ཟངས་དང་འོད་ལྡན་ནམ། །ཡང་ན་རྣོན་པོ་འདི་ཡིས་སྦྱངས། །གླང་ཆེན་རུས་ཕྱེ་ཡང་དག་སྦྱོར། །མཆིང་བུའི་ཕྱེ་མ་ངེས་སྦྱར་བྱ། །ལན་ནི་བདུན་གྱི་བར་དུ་ནི། །ར་ཡི་དྲི་ཆུས་གཏོར་བར་བྱ། །དེ་འདིར་ཟངས་ནི་སྦྱར་བར་བྱ། །བློ་དང་ལྡན་བ་རྣམས་ཀྱིས་བཤད། ། འདི་ཡིས་ཟངས་ནི་རབ་མཆོག་ཏུ། །སྦྱང་བྱ་ལས་རྣམས་ཐམས་ཅད་ལ། །དེ་ནས་རག་ན་དེ་བཞིན་དུ། །སྦྱང་བ་བདག་གིས་རབ་བཤད་བྱ། །འབད་པ་ཡིས་ནི་བདར་བར་བྱ། །ཕྱེ་མ་ཞིབ་མོ་ཉིད་དུ་བྱ། །ཚ་བཅུག་དྲི་ཡི་ཆུ་ཡིས་ནི། །མཁས་པས་ཉི་མ་བདུན་དུ་མཉེ། །སླར་ཡང་སྐྱུར་མོ་དང་བཅས་པས། །ཀོང་ བུ་གསུམ་དུ་སྦྱིན་པར་བྱ། །འདི་ཡི་སྦྱང་བར་བཤད་པ་ནི། །ར་གན་ཆོ་ག་ཇི་བཞིན་ནོ། །འཁར་བ་འབད་པས་བདར་བྱ་སྟེ། །ཕྱེ་མ་ཞིབ་མོ་ཉིད་དུ་བྱ། །ཚ་བཅུག་དྲི་ཡི་ཆུ་ཡིས་ནི། །ཕྱེ་མ་ཉིད་ནི་སླར་ཡང་སྦྱང་། །ལན་བདུན་གྱི་ནི་བར་དུ་སྤྱད། །སླར་ཡང་སྐྱུར་མོས་སྦྱང་བར་བྱ། །ཞ་ཉེ་བྱིན་ནས་མེ་ལ་བསྲེག །ཇི་སྲིད་ ཟངས་སུ་མ་གྱུར་པར། །ཟངས་ཀྱི་གཟུགས་གྱུར་གང་ལ་ནི། །སླར་ཡང་ཟངས་སྦྱིན་སྦྱང་བར་བྱ། །སྒྲ་ལྡན་བྱས་པར་བཤད་པ་ཡི། །གཙོ་བོ་དག་ནི་བདག་གིས་བཤད། །ཞ་ཉེ་སྦྱང་པར་བཤད་པ་ཡང་། །ཇི་ལྟར་རིགས་པར་བདག་གིས་བཤད། །བ་བླའི་ཕྱེ་མས་འབར་ཞིན་དུ། །ཤྲཱི་ཁཎྜའི་འོ་མས་སྦྱང་། །མང་ པོར་སྦྱང་ཞིད་ཕྱེ་མ་དག །ཉི་མ་ལ་ནི་སྦྱང་བར་བྱ། །མེ་གནས་ཞུ་དང་ཕྱེ་མ་ལ། །ཞ་ཉེ་ཡིས་ནི་ངེས་པར་སྦྱང་། །ལན་བདུན་གྱིས་ནི་དག་བར་འགྱུར། །འབྲས་བུ་གསུམ་གྱི་ཁུ་བས་བཀྲུ། །འདི་ཡི་སྦྱང་བ་བཤད་པ་ནི། །ཞ་ཉེ་གཤའ་ཚེ་དག་བཞིན་བཤད། །ཀུ་ཎའི་ཌཱི་ཡི་དངོས་པོ་དང་། །ཆང་གི་མེ་ཏོག་ཁུ་བ་ཡིས། ། དེ་ཡི་ཕྱི་མ་སྦྱང་བར་བྱ། །གཤའ་ཚེ་རེས་ཀྱི་ཡང་ཡང་དུ། །འོད་ཀྱི་བློ་གྲོས་མར་ཁུ་དང་། །ཡང་ན་ཀ་རཉྫ་མར་ཁུས། །བཀྲུ་ཞིང་གཏོང་བ་ཉིད་དུ་བྱ། །སྦྱང་བ་མང་དུ་གསུངས་པ་ཡིས། །ཉེས་པ་མང་པོ་རྣམ་པར་སྤོང་། །ཞ་ཉེ་ཅུང་ཟད་བྱིན་ནས་ནི། །སྐར་མ་མཁས་པས་མེ་ལ་བསྲེག །དེ་བཞན་གྱུར་པ་དྲེ་ཆུ་ཡིས། །བློ་ དང་ལྡན་པས་ཡན་གསུམ་བཀྲུ། །དེ་ནས་མཐའ་དང་བར་དག་ཏུ། །ལན་བདུན་དུ་ནི་བཀྲུ་བར་བྱ། །དེ་ཡིས་དག་པར་འགྱུར་བ་སྟེ། །འདི་ལ་རྣམ་པར་དཔྱད་མི་བྱ། །གསེར་མི་སྦྱང་པར་བཤད་པ་ཡི། །ཡོན་ཏན་རྣམས་ནི་དྲུག་དེ་ཡི། །ངང་པོར་ཚ་དང་དྲི་ཆུ་ཡིས། །ཇི་སྙེད་སྐྱུར་རྩིས་བཀྲུ་བར་བྱ། །མར་དང་སྦྲང་དག་བསྲེས་ པ་ཡིས། །བྱུགས་པས་སླང་ཡང་འཛད་མི་འགྱུར། །འདི་ཡིས་དངོས་གྲུབ་འགྲུབ་པར་བྱེད། །གསེར་གྱི་རིམ་པ་ཇི་བཞིན་ནོ། །ལྕགས་རྣམས་གདུལ་བར་གསུངས་པ་ཡི། །ཇི་ལྟར་མི་འགྱུར་སྦྱོང་བ་ལས། །གསེར་དངུལ་ཇི་ལྟ་དེ་བཞིན་དུ། །འོད་ལྡན་ལྕགས་དག་ཇི་སྙེད་དང་། །དེ་ཡི་དངོས་པོ་རྣོན་པོ་ལ། །དང་པོ་ སྦྱང་བར་བྱས་ནས་ནི། །ཕྱི་ནས་ལས་ཀྱིས་མཉམ་དུ་བར་ཙམ། །མདོག་བཟང་མས་ཀྵི་ཀ་ཉིད་དང་། །ཚ་དང་སྐྱུར་མོ་དག་གིས་སྦྱང་། །འདི་གྲུབ་ཆེན་ཨུ་རྒྱན་པའི་འགྱུར་ཡིན།། ༄༅༅། །རྒྱ་གར་སྐད་དུ། ས་མྦུ་ངྡྷུ་བྡཱ་ཥི་ཏ་པྲ་ཏི་བི་མྦ་ལ་ཀྵ་ན་བི་བརྞ་ནཱ་མ། བོད་སྐད་དུ། རྫོགས་པའི་སངས་རྒྱས་ ཀྱིས་གསུངས་པའི་སྐུ་གཟུགས་ཀྱི་མཚན་ཉིད་ཀྱི་རྣམ་འགྲེལ་ཞེས་བྱ་བ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །སྐུ་གཉིས་རྗེས་སྐྱེས་རྒྱལ་བ་ཡི། །སྐུ་ལ་ཕྱག་འཚལ་དེ་ནས་ནི། །བདག་གིས་ངེས་པས་མཚན་ཉིད་དེ། །ཇི་ལྟར་ནུས་བཞིན་རྣམས་འགྲེལ་བྲི། །ཇི་ལྟར་བསྙེན་བཀུར་བར་བགྱི་ཞེས་བྱ་བ་ནི་ཉེ་བར་ སྦྱད་པ་སྟེ། །བཅོམ་ལྡན་འདས་ཀྱི་སྐུའི་ཆ་ཤས་ཀྱི་མཚན་ཉིད་ནྱགྲོ་དྷ་ལྟར་ཞེང་ཡོངས་སུ་གབ་པ་ཞེས་བྱ་བ་ནི་ནྱགྲོ་དྷ་ནི་ཤིང་ལྗོན་པ་སྟེ། དེའི་ཡལ་ག་ཆུ་ཞེད་གབ་པ་ལྟ་བུའོ། །འདི་འོད་ཀྱི་དཀྱིལ་འཁོར་ལ་རབ་ཏུ་གསུངས་སོ་ཞེས་བྱ་བ་ཁ་ཅིག་གོ། །གཞན་ལ་ནི་འདི་སྐུ་ཁྱད་པར་ལ་གསུངས་པའི་ཕྱིར་ན་ཕྱག་གཉིས་ ལོགས་སུ་བརྐྱང་བ་ནི་འདོམ་གང་སྟེ། ཇི་སྲིད་སྐུའི་ཚད་དེ་སྲིད་འདོམ་གྱི་སྲིད་དུ་ཡང་གསུངས་སོ། །ཇི་སྲིད་ཅེས་པ་ལ་སོགས་པ་ལ་འཇམ་པ་ནི་སྣུམ་པའི་ཆོས་ཉིད་དོ། །མཛེས་བ་ནི་ཡིད་འཕྲོག་བའོ། །འགྱིང་བ་ག་དང་ལྡན་པ་ནི་གསུམ་དགུ་ལ་སོགས་པའི་ཡོན་ཏན་ནོ། །བདུན་མཐོ་བཞེས་པ་ནི་ཆ་ཤས་བདུན་སྟེངས་སུ་ མཐོ་བ་སྟེ། གང་ལས་ན་ཞབས་གཉིས་དང་ཕྱག་གཉིས་དང་མགྲིན་པ་ཞེས་སོ། །དེ་ལ་ཞེས་པ་ལ་སོགས་པས་ནི་སྲིད་ལ་སོགས་པ་ལྔ་པོ་རྣམས་ཀྱི་ཚད་གསུངས་བ་བཤད་པར་བྱའོ། །བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་ནི་ཇི་ལྟར་འཆད་པར་འགྱུར་བ་ནུས་པ་ཉོན་ཅིག་ཅེས་བའོ། །དབུ་སྐྲའི་ གནས་དང་དེ་གཉིས་ལ་ཞེས་པ་ནི་དབྲལ་བའི་གནས་ལའོ། གཙུག་ལ་ཡང་སོར་མོ་བཞིའོ། །དེ་གཉིས་ནོ་སོར་མོ་བཞིར་གསུངས་སོ། །སོར་མོ་ཕྱེད་དང་བཅུ་གསུམ་ཞལ་གྱི་དཀྱིལ་འཁོར་ལའོ། །དེའི་སུམ་ཆ་དབྲལ་བ་ལ་སོགས་པའི་དབྱེ་བ་ལས་སོ། །ཀོས་ཀོའི་མཐའ་གར་གི་དེའི་ཀོས་ཀོའི་ མཐའ་དང་། ཤངས་ཀྱི་འོག་གི་མཐར་ཐུག་པའི་གནས་ལའོ། ཀོས་ཀོའི་མཐའ་ནི་ལྷག་བཅས་པ་ནི་སོར་ཕྱེད་ཀྱིས་ལྷག་པ་ཉིད་དོ། །ཀོས་ཀོ་ལ་ནི་སོར་གཉིས་ནི་ལོགས་ཀྱི་རྒྱ་རུ་སྟེ། སྟེང་གི་སྲིད་པ་ཡིན་པ་ཞེས་སོ། །སོར་མོ་གསུམ་པོ་འདི་སྲིད་དུ་སྟེ། སྟེ་ཅུང་ཟད་མཐོ་བ་ཞེས་ཁྱད་པར་གྱི་བསྡུ་བའོ། །ལྟག་ དང་བཅས་པ་ནི་བྱང་ཆུབ་སེམས་དཔའ་ལ་སོགས་པ་རྣམས་ལ་མཐོང་ངོ་། །འབྱུང་ས་སྟེང་དུ་ཆ་ཡིས་ཞེས་པའི་ཆའི་སྒྲ་ཡིས་སོར་མོ་གསུམ་ཆར་བཤད་དེ། འབྱུང་ས་མཐོ་བ་འདིའི་ཆ་ལ་བིམ་པའི་རི་མོ་ཞེས་ཏེ། །བིམ་པའི་འབྲས་བུའི་རྣམས་པའི་རི་མོ་ཞེས་པའི་དོན་ཏེ། །ཞལ་གྱི་གྲྭ་ནི་ཆ་གཅིག་སྟེ་སོར་མོ་ གཅིག་གོ། །ཇི་ལྟར་བྱུང་བ་སྟེ་ཇི་ལྟར་འཁྲུངས་པ་བཞིན་ཚེམས་ཀྱི་རྒྱལ་བོ་ལ་སོགས་པ་རིམ་པས་གང་བ་རྣམས་ཀྱི་རྣམ་པར་བཀོད་པ་གསུམ་པ་དེ་བཞིན་དུའོ། །སོར་མོའི་སུམ་ཆ་ཞེས་པ་ནི་སོར་མོའི་སུམ་ཆས་པད་སྒྲོས་ཏེ་དེ་བཞིན་དུ་སྣའི་རྩེ་མོའི་འོག་ཏུའོ། །མཆུའི་སྟེང་དུ་ཆུ་འབབ་པའི་རྣམ་པ་ལྟ་བུའི་བད་སྒྲོས་ སོ། །སྨ་རའི་གནས་ཀྱི་དབུས་སུ་མཚམས་འདྲ་བའོ། །སོར་མོ་ཕྱེད་མཉམ་པ་ཞེས་ཁྱད་པར་གྱི་བསྡུ་བ་སྟེ། ཤངས་ཀྱི་བུ་ག་ཞེས་པ་ནི་ཤངས་ཀྱི་སྦུ་བས་ཟླུམ་པོར་འཁྱིལ་བའོ། །ཤངས་ཀྱི་རྒྱུད་དང་ཤངས་ཀྱི་རྩེ་མོ་ཞལ་དང་མཉམ་བའོ། །ཆ་ཕྱེད་ནི་སོར་མོ་ཕྱེད་དོ། །སྤྱན་གྱི་བར་ལ་ཞེས་པ་ནི་སྤྱན་དག་གི་དབུས་ལ་ སོར་མོ་སྟེ་སོར་གཅིག་གི་ཚད་དོ། །དབྲལ་བའི་འོག་ཅན་གཉིས་ཀྱི་ཉེ་བ་ཤངས་ཀྱི་ལོགས་ལ་རེ་རེ་ཇི་སྲིད་བཞེས་སོ། །སྤྱན་གྱི་འབྲས་བུའི་དབུས་ཀྱི་སྙིང་པོ་དེ་ལ་སོར་གཉིས་ལྔ་ཆས་ཤེས་པར་བྱའོ་ཞེས་པ་ནི་ཁ་ཅིག་གོ། །དེ་བཞིན་དུ་སོར་མོ་གཅིག་གི་ལྔ་ཚལ་བྱེད་དོ་ཞེས་ཏེ། འདི་ནི་རིགས་པའི་རང་བཞིན་དུ་རྟོགས་ སོ། །སོར་གཉིས་སོར་གསུམ་དག་ཅེས་པ་ནི་སོར་གཉིས་ནི་སྤྱན་གྱི་ནོར་བུའི་ཆའོ། །སོར་གསུམ་ནི་སྤྱན་གྱི་ཟུར་དང་ཉེ་བ་སྟེ། ཤའི་ཟླུམ་དང་ལྷན་ཅིག་གོ། །སྤྱན་ལ་སོར་མོ་བཞི་ནི་རང་གི་མཚམས་སོ། །རྣམ་པར་འབྱུང་བ་ནས་སྤྱན་གྱི་དབྱིབས་དུ་གསལ་བའོ། །རྟོག་པོ་ནི་ལེགས་པར་མཐོ་བའོ། །སྤྱན་གྱི་སྦུབས་ལ་ སོར་མོ་གསུམ་ཞེས་པ་ནི་སྨིན་མའི་འོག་ཏུ་སྤྱན་འབྲས་ནས་བརྩམས་ཏེ། སྟེང་དང་ལོགས་སོར་མོ་གསུམ་མོ། །སྤྱན་གྱི་ཟུར་དང་ཤངས་ཀྱི་ལོགས་དང་སྤྱན་དག་གི་བར་མཉམ་དུ་བྱའོ། །ཀོས་ཀོའི་ཞེས་པ་ནི་ཀོས་ཀའི་མཐའ་དང་སྟེང་དུ་སྤྱན་འབྲས་ཀྱི་ལོགས་ངེས་པར་སྦྱར་བར་བྱའོ། །དེ་མ་ཡིན་པ་ཞལ་གྱི་ཟུར་གཉིས་ཀྱང་དེ་ བཞིན་བྱའོ། །སྨིན་དབུས་ནི་སྨིན་མའི་བར་དུ་སོར་མོ་ཕྱད་དང་གཉིས་སོ། །རྒྱར་ནི་ཞེང་དུ་བྱའོ། །དབུས་སུ་ཞེས་པ་ནི་སྨིན་མའི་དབུས་མཛོད་སྤུར་ཤེས་པར་བྱའོ། །ཟླ་བ་གང་ཞིག་མཛེས་པ་ལྟར། །ཤངས་ཀྱི་རྒྱུད་དང་མཛོད་སྤུའི་ཐིག །དེ་བཞིན་གཙུག་ཏོར་དབྱིབས་ལེགས་པ། །གཙུག་གི་ནོར་བུ་དེ་ཤེས་བྱ། །ཞེས་པའི་ གཙུག་གི་ནོར་བུའི་འདི་དཀྱིལ་གྱི་རྣམ་པའོ། །གཙུག་ཏོར་ཡང་དེ་བཞིན་དུའོ། །སྙན་གྱི་རྩེར་ཡང་ཞེས་བྱའོ། །བུ་གའི་སྟེང་དུ་སྙན་ནི་སོང་མོ་བཞིའོ། །ཞེང་དུ་ནི་རྒྱ་རུ་སྟེ་འདབ་མའི་ཞིང་ཆ་གཅིག་གོ་ཞེས་སོ། །སྙན་གྱི་རྩེ་མོ་དག་སོར་མོ་ཕྱེད་ཀྱི་ཆད་ནི་འདབ་མར་བརྗོད་དོ། །སྟེང་མཐོ་ཞེས་པ་ནི་སོར་མོ་གཅིག །སྙན་གྱི་ སྦུབས་ནི་ཕྱེད་ཆ་སྟེ། སོར་ཕྱེད་སྙན་གྱི་ཁུང་དུ་འཇུག་པ་ལའོ། །འགྲམ་པ་ནས་སྙན་དག་གི་དབུས་མེ་ཏོག་ཁ་ན་བྱེ་བའི་རྣམ་པར་སྟེང་དུ་འཁྱིལ་པའོ། །སོར་ཕྱེད་དང་གསུམ་གྱིས་སྙན་དུ་འགྱུར་ཏེ། འདབ་མ་དང་ལྷན་ཅིག་ཕྱེད་དང་བཅས་པའི་སོར་མོ་གཉིས་ཏེ། ནང་གི་ཆ་ཞེས་པ་ནི་ཞིང་དུ་ཤར་དང་ནུབ་ཀྱི་ མཐའོ། །སྙན་གྱི་ལོགས་ཀྱི་འདབ་མ་ལའོ། །སྤྱན་མཐའ་ལས་མཐའ་སོར་མོ་ཕྱེད་དང་ལྔ་སྙན་གྱི་འདབ་མ་སྟེ། སྙན་གྱི་འདབ་མ་དང་བཅས་པའོ། །སྙན་ནས་བརྩམས་ཏེ་སྙན་གྱི་བར་བདུན་གྱི་ཆའི་དབུ་ལ་སོར་བཅོ་བརྒྱད་དོ། །རྒྱབ་དུ་སོར་མོ་བཅུ་བཞི་སྟེ། ནུབ་ཀྱི་ཆའི་དབུ་ལའོ། །དེ་དག་བར་དུ་ནི་ནུབ་ཀྱི་ཆའི་ ཁྱད་པར་དང་ངོ་། །སོར་མོ་སུམ་ཅུ་རྩ་གཉིས་ནི་ཞེས་པ་ལ་སོགས་པ་ནི་གཅིག་ཏུ་བྱ་བར་གསུངས་སོ། །ཟླུམ་པོ་ནི་བསྐོར་བའོ། །མགུལ་ནི་ཆ་བཞི་སྟེ་སོར་བཞིའོ། །མགུལ་ནས་བརྩམས་ཏེ་སྙན་ལ་སྟེང་དུ་སོར་མོ་དགུའོ། །ཤར་དང་ནུབ་ཀྱི་ཆ་ལ་བསྐོར་བའི་ཕྱེར་སོར་མོ་ཉི་ཤུ་རྩ་བཞི་མགུལ་ལའོ། །མགུལ་པ་ལས་ མགུལ་བའི་ལྷག་མ་ལ་སོར་མོ་བརྒྱད་དེ། ལོགས་སུ་སྙན་གྱི་ཉེ་བར་སོར་བཞི་འཛིན་པས་སོ། །ཐལ་གོང་སོར་མོ་བཅུ་གཉིས་སོ། །སྙིང་གའི་བར་ཞེས་པ་ནི་སྙིང་གའི་ཉེ་བའི་བར་གྱི་ཆ་ཤས་ཉིད་དང་བྲལ་བ་ཞེས་བའི་དོན་ཏོ། །གདོང་པ་བཞི་ཡི་ཚད་ཀྱིས་ནི། །ཕྱག་གི་སྲིད་དུ་ཞེས་ཏེ་རིང་དུའོ་ ཕྱག་གི་སྲིད་ཅེས་པ་ནི་འདིར་ཕྲག་པ་ནས་བརྩམས་ཏེ་ཕྱག་གི་རྩེ་མོ་ཇི་སྲིད་བ་ཕྱག་ཏུ་གསུངས་སོ། །འདིར་ཕྲག་པ་ནས་གྲུ་མོའི་སྟེང་ཡན་ཆོད་སོར་མོ་ཉི་ཤུ་དཔུང་པ་ལ་བལྟ་བར་བྱའོ། །གྲུ་མོ་འང་འོག་ནས་སྐུ་མཁྲིག་མ་ཡན་ཆོད་ཕྱག་ངར་ཏེ་སོར་མོ་བཅུ་དྲུག་གོ། །མཁྲིག་མའི་འོག་ནས་ཕྱག་གི་རྩེ་མོ་ཡན་ཆད་གྲུ་མོའི་ ཟུར་གྱི་བར་ཕྱག་ངར་དུ་ལྟ་བར་བྱའོ་ཞེས་གསུངས་སོ། །མཆན་འོག་ནས་བརྩམས་ཏེ་བར་ལྷུའི་ཆ་དང་པོའི་ཚིགས་ཀྱི་མཐའ་ཡོངས་སུ་བལྟ་བ་ནི་སོར་མོ་ཉི་ཤུའོ། །ཕྲག་པའི་མདུན་གྱི་མཐའ་ནས་བརྩམས་ཏེ་རྒྱབ་དུ་གསུངས་བ་ནི་འདི་གཉིས་མཉམ་དུ་བཅུ་གཉིས་ཀྱི་ཚིགས་སོ་ཞེས་སོ། །ཚིགས་ཀྱི་ཕྱོགས་ཟླུམ་པོ་ ལ་སོར་མོ་བཅུ་གཉིས་སོ། །ཕྱག་དག་གི་ཕྱག་གི་སྲིད་དུ་སོར་མོ་བདུན་གྱི་ཚད་དོ། །ཕྱག་གི་མཐིལ་ལ་དབུས་སུ་རྒྱར་སོར་ལྔའི་ཚད། གྲངས་ཞེས་བྱ་བ་ལ་སོགས་པས་བཅོམ་ལྡན་འདས་ཀྱི་ཕྱག་ལ་མཚན་རྣམས་གསུངས་པ་ནི་མཚན་ཐམས་ཅད་པ་སྟེ། འཁོར་ལོ་རྩིབས་སྟོང་པ་ལ་སོགས་པས་ལྷན་ཅིག་པའི་གཟུགས་ ཞེས་པ་ནི་མཚན་ཐམས་ཅད་ཀྱི་གཟུགས་སོ། །གང་ཡང་ཇི་ལྟ་བའི་རི་མོའི་རྣམ་པ་དང་། གང་ཡང་བཀྲ་ཤིས་ཀྱི་རྣམ་པ་དང་། གང་ཡང་རིག་པའི་རྣམ་པ་དང་། གང་ཡང་སའི་རྣམ་པ་དང་། གང་ཡང་གཡུང་དྲུང་འཁྱིལ་བའི་རྣམ་པ་ཞེས་བྱ་བ་ལ་སོགས་པའོ། །ཤིས་པའི་ཡོན་ཏན་མེད་པ་དང་མི་ལྡན་པའོ། །ཀུན་གྱི་ མཚན་གྱི་གཟུགས་སུ་གྱུར་པའོ། །རྣམ་པ་ཕན་ཚུན་སོ་སོར་མ་འབྱར་བའོ། །ཕྱག་སོར་གུང་མོ་སོར་ལྔའི་སྲིད་དུ་རིང་བའོ། །གུང་མོ་ལས་ཚིགས་ཕྱེད་ཀྱིས་དམན་པ་མཛུམ་མོ་སྟེ་སྡིགས་མཛུབ་བོ། །སོར་མོ་ཕྱེད་ཀྱིས་དམན་པ་ནི་མིང་མེད་དོ། །མཐེབ་ཆུང་ནི་ཉེ་བ་སྟེ་མིང་མེད་ལས་ཞེས་ཏེ། མིང་མེད་ལས་ ཚིགས་གཅིག་གིས་དམན་པ་ནི་མཐེབ་ཆུང་ངོ་། །དེ་རྣམས་ཚིགས་ཕྱེད་སེན་མོས་མཛེས་པ་ནི་ཡིད་འཕྲོག་པའོ། །མཁྲིག་མའི་སྟེང་དུ་ཇི་སྲིད་སེན་མོའི་བར་དུ་མཐེབ་ཆེན་གྱི་སྲིང་དུ་སོར་མོ་བཞིའོ། །ལྟེ་བ་ཡང་དེ་བཞིན་དུ་དེ་སྲིང་སོར་མོ་བཞི་པ་ཉེད་དོ། །མཐེབ་ཆེན་ཚིགས་གཉིས་སོ། །ཚིགས་ཕྱེད་དུས་ནི་ མོའོ། །མཐེབ་ཆེན་གྱི་རྩ་བ་དང་། མཛུབ་མོའི་རྩ་བའི་བར་ལ་སོར་མོ་གསུམ་མོ། །མཐེབ་ཆུང་དང་མཁྲིག་མ་དག་གི་དབུས་ཀྱི་ཆ་ཕྱག་གི་ཆ་ལ་སྲིད་དུ་སྟེ་རིང་དུ་སོར་མོ་ལྔའོ། །འདིར་དོན་གྱིས་གོ་བར་བྱ་བའི་ཕྱིར་མཐེབ་ཆུང་སྤངས་ནས་ཕྱག་གཉིས་ཀྱི་དབུས་མའི་ཉེ་བར་རིང་དུ་ཚིགས་གསུམ་གྱི་ཆ་ཡིས་མཐོ་བའོ། ། དེ་སྟེང་ཞེས་པ་ནི་མཆན་འོག་གི་སྟེང་དུ་ཕྲག་པའི་མཚམས་སུ་ཆ་དགུར་བྱའོ། །སོར་མོ་དགུ་པོ་རྣམས་ཀྱི་ཆད་དོ། བྲང་དང་སྐུ་རྒྱབ་ཅེས་པ་ནི་སྐུ་བྲང་དང་སྐུ་རྒྱབ་དག་རེ་རེ་ཉིད་ལ་བསྐོར་བ་སྟེ་ཡོངས་སུ་ཟླུམ་དུ་སོར་མོ་ལྔ་བཅུ་རྩ་དྲུག་གོ། །ནུ་མ་ལྟེ་བའི་བར་དེ་བཞིན་ཞེས་པ་ནི་ནུ་མ་དང་ལྟེ་བའི་བར་ལ་སོར་མོ་བཅུ་དྲུག་གོ། ། ཀུན་འབིགས་ཞེས་པ་སྟེ་ཁུང་དང་། ཚིགས་དག་ཅེས་པ་སྟེ་ཚེགས་ཀྱི་མདུད་པ་དག་དང་། ལྟེ་བ་གཉིས་ཀྱི་ཆ་ཤས་པགས་པ་འདུས་པ་དེ་དག་ལྷན་ཅིག་སྟེ་བའི་ཁུང་ནི་སོར་མོ་གཅིག་གོ། །ལྟེ་བའི་དབུས་སུ་ཡོངས་སུ་བརྟག་པ་ནི་ལྟེ་བ་ནས་བརྩམས་ཏེ་རྒྱབ་དང་ལྷན་ཅིག་ཇི་སྲིད་ལྟེ་བ་ཚུན་ཆད་ཟླུམ་བོ་ལ་སོར་མོ་ བཞི་བཅུ་དྲུག་གོ། །སྲིད་ཀྱི་རྒྱ་རུ་ཟླུམ་པོ་དག་ལ་པགས་པའི་འོག་ཏུ་སོར་མོ་བཞི་འཆད་པའོ། །སྒང་གཉིས་ཀྱི་སྟེང་དུ་སོར་གཅིག་གོ། །བརླ་ཞེས་པ་ནི་བརླའོ་སྟེང་དུ་མཉམ་གཞག་ཡང་དག་པའི་གཟུགས་བྱའོ། །དེ་དག་སྟེང་གི་དབུས་ཀྱི་བར་ལ་སོར་བཅུ་གཉིས་སོ། །བརླའི་རྩ་བའི་ཟླུམ་ལ་སོར་མོ་སུམ་ཅུ་ རྩ་དྲུག་གོ། །བརླའི་འོག་གི་དབུས་ཀྱི་ཟླུམ་པོ་ལ་སོར་མོ་སུམ་ཅུ་རྩ་གཉིས་སོ། །པུས་མོ་ཞེས་བ་ནི་པུས་མོའི་རྩར་ཡོངས་སུ་བསྐོར་བའི་ཟླུམ་ལ་སོར་མོ་ཉེ་ཤུ་རྩ་བརྒྱད་དོ། །ཚིགས་བཅིངས་པ་སྔོན་མ་གཉིས་སོར་མོ་བཞིའོ། །པུས་མོ་འོག་ཏུ་པུས་མོ་ལས་སོར་མོ་སྟེ་ལོང་བུ་སོར་མོ་གཉིས་སོ། །ལོང་བུ་མི་མངོན་པ་ ལ་སོགས་པ་ནི་སོར་མོའི་ཚིགས་གཉིས་ནི་མངོན་པ་དང་། ཤ་ཡིས་འཁྱིལ་བའོ། །དེའི་ཕྱིར་རྩ་ནི་གནས་པར་འགྱུར་རོ། །རྗེ་ངར་དག་ནི་དབུས་ཀྱི་འཁྱིལ་བ་སོར་མོ་ཉི་ཤུ་རྩ་གཅིག་གིས་ཡོངས་སུ་ཟླུམ་པོ་ཉིད་དོ། །དངུལ་ཀྱི་འོག་ཏུ་སོར་མོ་བཅུ་བཞིས་ཡོངས་སུ་ཟླུམ་པའོ། །ལོང་བུའི་འོག་ཏུ་ཞེས་པ་ནི་ཞབས་ཀྱི་ལོང་ བུ་མན་ཆོད་ལ་སོར་བཞིའོ། །ལོང་བུའི་ཕྱི་རོལ་ནས་ཇི་སྲིད་སེན་མོའི་རྩེ་མོའི་བར་དུ་ཞབས་ཀྱི་སྲིད་དུ་སོར་བཅུ་གཉིས་སོ། །ཞབས་ཀྱི་ཕྱེད་ཀྱི་ཞེང་དུའོ་ཞེས་པ་ནི་སོར་མོ་དྲུག་གོ། །སྟེང་དང་འོག་གི་རྒྱར་སོར་མོ་གཉིས་སོ། །ཞབས་གཉིས་ཀྱི་ལོགས་ཞབས་ཀྱི་ལོང་བུའི་འོག་རྟིང་པ་ལ་སྟེང་དང་འོག་ཏུ་སོར་ བཞིའོ། །སོར་མོ་དྲུག་གི་རྒྱ་ལས་ནི་ཞེས་པ་ལ་སོགས་པས་ནི་རྒྱ་སྟེ། འཕྲེད་ལ་སུམ་འགྱུར་གྱིས་ཟླུམ་པོ་སྟེ་ཞེས་པ་ནི་རྟིང་པའི་ཟུར་གཅིག་ནས་གཅིག་གི་རྟིང་བང་དུ་ཞབས་དང་ལྷན་ཅིག་དུ་ཟླུམ་པོ་ལ་འགྱུར་ནི་སོར་མོ་བཅོ་བརྒྱད་ཅེས་པའི་དོན་ཏོ། །ཞབས་ཀྱི་སོར་མོ་ལྔ་པོ་རྣམས་ནི་ཚིགས་ གཉིས་པ་རྩེ་མོའི་ཕྱེད་དུ་སེན་མོས་མཛེས་པ་ནི་མཐེ་བ་ཆེན་ནོ། །སོར་མོ་ལྔ་པོ་རྣམས་ནི་ཡོངས་སུ་ཟླུམ་པའོ། །སྲིད་དུ་སོར་མོ་གསུམ་ཞེས་པ་ནི་རིང་དུ་སོར་མོ་གསུམ་མོ། །ཞབས་ཀྱི་མཛུབ་མོ་ནི་སྲིད་དུ་མཐེབ་ཆེན་དང་མཉམ་པ་ཉིད་དོ། །དེའི་ཕྱིར་མཐེབ་ཆེན་གྱི་སྲིད་དུ་འཛུམ་མོའོ། །ཆ་བཅུ་དྲུག་གི་དབུས་མ་དམན་ཞིང་ཐུབ་ བའོ། །གུང་མོ་ལས་བརྒྱད་ཆས་དམན་པ་ནི་མིང་མེད་དོ། །མིང་མེད་ལས་བརྒྱད་ཆས་དམན་པ་ནི་མཐེབ་ཆུང་ངོ་། །སོར་མོ་རྣམས་ནི་སོར་གཅིག་གི་དཔངས་སུའོ། །མཐེབ་ཆེན་ནི་ཕྱེད་དང་བཅས་པའི་སོར་མོའི་དཔངས་སུའོ། །ཞབས་ཀྱི་ཕྱེད་རྒྱབ་རུས་སྦལ་གྱི་རྒྱབ་ལྟ་བུའོ། །ཞབས་ཀྱི་མཐིལ་འཁོར་ལོ་ལ་སོགས་པས་རྣམ་ པར་བརྒྱད་པ་གོ །མཉམ་དུ་འབྲེལ་པ་ནི་དང་པོའི་རྐང་པ་ལྟར་མ་ཆད་པར་འབྲེལ་པའོ། །བྱའི་སྒོ་ང་ཞེས་བྱ་བ་ལ་སོགས་པས་ནི་ཞལ་རྣམ་པ་བཞི་རུ་གསུངས་སོ། །སྐྱེས་བུ་ཆེན་པོའི་ཞལ་ནི་བྱའི་སྒོ་ངའི་རྣམ་པའོ། །མཎྜལ་གྱི་རྣམ་པའོ་ནི་ཁྲོ་བོ་རྣམས་ཀྱི་ཡིན་ནོ། །གྲུ་བཞི་པ་ཡང་ངོ་། །རྫོགས་པའི་སངས་རྒྱས་རྣམས་ཀྱི་ རབ་ཏུ་ཞི་བར་བྱའོ། །སྤྱན་ནི་དངས་པར་གྱུར་པ་སྟེ། ཐམས་ཅད་ལ་གཟིགས་པར་བྱེད་པ་ཐམས་ཅད་མཁྱེན་པའི་སྤྱན་ནོ། །སྟེང་དུ་ལྟ་བར་བྱེད་པ་དང་། དམན་པ་ལ་བརྟེན་པ་དང་། འོག་ཏུ་ལྟ་བ་ཡང་མ་ཡིན་པར་རོ། །བདག་གིས་རྣམ་འགྲེལ་འདི་བྱས་བསོད་ནམས་དེས། །སངས་རྒྱས་ལ་སོགས་ཚད་ནི་རྫོགས་ བྱས་ཏེ། །རྣམ་པར་མི་རྟོག་བྱང་ཆུབ་ཚོགས་ཐོབ་ཅིང་། །སྐྱེ་དགུ་རྣམས་ཀྱིས་རྒྱལ་བ་ཉིད་ཐོབ་ཤོག །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པའི་སྐུ་གཟུགས་ཀྱི་མཚན་ཉིད་ཀྱི་རྣམ་འགྲེལ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དྷ་རྨ་དྷ་ར་དང་། །ལོ་རྩཱ་བ་ཡར་ཀླུངས་པ་གྲགས་པ་རྒྱལ་མཚན་གྱིས་མང་ཡུལ་ གུང་ཐང་གི་རྒྱལ་སར་བསྒྱུར་བའོ། །གྲུབ་པ་ཀུན་མཁན་ཆོས་རྒྱལ་གྱི། །གསུང་གི་འོད་ཟེར་སྣང་བ་རྟེན། །མཁས་ཆེན་བྷོ་བ་པ་ཎྜི་ཏ། །དམ་ཆོས་འཛིན་དག་གསུང་བརྟེན་ནས། །ཡར་ཀླུངས་གྲགས་བ་རྒྱལ་མཚན་གྱིས། །གུང་ཐང་རྒྱལ་སར་ལེགས་པར་བསྒྱུར།། ༄༅༅། །རྒྱ་གར་སྐད་དུ། པྲ་ཏི་ བི་མྦ་ལཀྵ་ཎཾ་ནཱ་མ། བོད་སྐད་དུ། སྐུ་གཟུགས་ཀྱི་ཚད་ཀྱི་མཚན་ཉིད་ཅེས་བྱ་བ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །ཨ་ཏེའི་རི་ལ་སངས་རྒྱས་པའི། །སྔོན་གྱི་རྒྱུད་དང་བསྟན་བཅོས་སུ། །སྐུ་གཟུགས་ཚད་ཀྱི་མཚན་ཉིད་རྣམས། །ཐུབ་པ་རྣམས་ཀྱིས་སྔོན་གསུངས་གང་། །གོ་རིམས་ཇི་བཞིན་ ལྷན་ཅིག་ཏུ། །དེ་འདིར་ཡང་དག་བསྡུ་བའི་ཕྱིར། །ཐམས་ཅད་མཁྱེན་ལ་ཕྱག་འཚལ་ནས། །ལྷ་སྐུའི་མཚན་ཉིད་བརྗོད་པར་བྱ། །སོར་མོ་བཅུ་གཉིས་ལག་མཐིལ་དང་། །གདོང་དང་མཐོ་ཡང་དེ་བཞིན་དུ། །དོན་གཅིག་མིང་དུའང་འདི་ཞེས་བྱ། །ཀཱ་ལམ་སོར་གཉིས་གོ་ལ་ཀཱཾ། །ལག་པའི་པདྨའི་བཞི་ཆ་ལ། ། སོར་མོའི་ཚད་དུ་ཤེས་པར་བྱ། །དེ་ནས་སོར་མོ་བརྒྱད་ཆ་ཡིས། །ནས་སུ་མཁས་པས་རེག་པར་བྱ། །སྐུ་ཡི་ཡན་ལག་ཉིང་ལག་གི། །ཆག་ཚད་དོན་ངེས་གསུངས་པས་ན། །རྣམ་པ་འདི་ཡིས་དེ་བཞིན་དུ། །མཁས་པས་ཆག་ཚད་གཞལ་བར་བྱ། །གང་ཞིག་ཅུང་ཟད་ལུས་སྲིད་ཀྱི། །ཆ་དགུ་ཡི་ནི་ཆ་གཅིག་དང་། །མཐོ་ གང་གདོང་དུ་བྱས་ནས་ནི། །དེ་བཞིན་དུ་ནི་རྒྱར་ཡང་སྟེ། །བ་ཡིག་རྣམ་པ་ཨ་འབྲས་དང་། །མཁའ་འགྲོའི་སྒོ་ང་ཏིལ་འབྲས་བཞིན། །དེ་ནས་དབྱིབས་ཀྱི་མཚན་ཉིད་ནི། །རྣམ་པ་བཞི་ཞེས་གསུངས་པ་ལ། །སོར་མོ་གཅིག་གིས་དམན་པ་ནི། །བ་ཡིག་རྣམ་པའི་ཚད་ཡིན་ནོ། །གང་ཞིག་སོར་མོ་གཉིས་དམན་པ། །ཨ་ འབྲས་ལྟ་བུའི་ཞེས་བྱའི་གདོང་། །གང་ཞིག་ཕྱེད་བཅས་སོར་གཅིག་དམན། །མཁའ་འགྲོའི་སྒོ་ང་འདྲ་བར་བརྗོད། །གང་ཞིག་སོར་མོ་གསུམ་སྤངས་པ། །ཏིལ་གྱི་འབྲས་བུ་འདྲ་བར་བརྗོད། །གདོང་ནི་བཞི་པོ་རྣམས་ལ་ཡང་། །རྣམ་པར་སྤང་བྱ་འགྲམ་པ་ལ། །ཏིལ་འབྲས་དབྱིབས་ཀྱི་ངེས་པ་ནི། །ལྷ་མོ་ རྣམས་ཀྱི་བཞིན་ལ་འདོད། །བསྟན་བཅོས་མི་མཐུན་བཞིན་བྱས་ནས། །སྦྱིན་བདག་རྣམ་པར་ཉམས་པར་འགྱུར། །བསྟན་བཅོས་མཐུན་པ་བཞིན་མཛད་ན། །ཕུན་ཆོགས་དང་ལྡན་མཉེན་དང་བཅས། །གཙུག་ཏོར་ཆ་ལ་སོར་བཞི་སྟེ། །གདུགས་ཀྱི་རྣམ་པ་འདྲ་བར་བྱ། །སོར་མོ་ཕྱེད་དང་སོར་མོ་བཞི། །དཔྲལ་བ་རུ་ནི་ ཡོངས་སུ་གྲགས། །དབྲལ་བའི་ཕྱེད་ཀྱི་ངེས་པ་ནི། །སོར་མོ་བཅུ་དང་ལྡན་པར་བྱ། །སོར་གཉིས་མིག་བར་དེ་བཞིན་དུ། །སྣ་གོང་ཕྱེད་བཅས་སོར་མོ་དང་། །སོར་གཉིས་ལོགས་དང་སྟེང་དུ་སྟེ། །སྣ་ཡི་རྒྱུད་ལ་ནས་གསུམ་མོ། །སྣ་རྡོག་ཟླུམ་པོ་སོར་མོ་སྟེ། །རྒྱུད་ཀྱི་རྩ་བ་ནས་གཉིས་སོ། །རྣ་བ་སྙན་གྱི་བུ་ག་ ནི། །ནས་གསུམ་ཡིན་ཏེ་ཤིན་ཏུ་མཛེས། །དུང་བཞིན་འདི་ནི་འཁྱིལ་པ་སྟེ། །མཁས་པ་ཡིས་ནི་ཆད་ལྡན་བྱ། །འདི་ཚད་ཡང་དག་རིག་པ་ཡིས། །ལྕེ་ཡི་ཁྱིམ་དུ་རབ་གསུངས་པ། །ཏིལ་གྱི་མ་ཏོག་སྣ་མ་དང་། །ནེ་ཙོ་ཁྲ་ཡི་གདོང་པ་བཞིན། །སོར་གཅིག་དང་ནི་ནས་གཉིས་ ཏེ། །དེ་ཡི་འོག་གི་ཆ་རུ་གསུངས། །མ་མཆུ་ལ་ནི་ནས་དྲུག་སྟེ། །ཡ་མཆུ་ལ་ནི་ནས་བཞིར་བྱ། །པད་སྒྲོས་སྟེང་དུ་གནས་པ་ནི། །སོར་མོ་ཡི་ནི་སུམ་ཆར་བྱ། །ཞལ་གྱི་མ་མཆུ་མཚུངས་པ་ལ། །རྒྱ་རུ་སོར་མོ་གཉིས་སུ་བྱ། །གྱེས་མཚམས་ནས་དྲུག་དབུས་སུ་ནི། །སྣ་ཚོགས་རེ་ཁཱ་བྲི་བར་བྱ། །ཞལ་གྱི་ གྲྭ་ཡང་སོར་མོ་ཕྱེད། །ཅུང་ཟད་ཙམ་ཞིག་དམའ་བར་བྱེད། །ཀོས་ཀོའི་ཞིང་དུ་སོར་གཉིས་ཏེ། །སྲིད་ཀྱི་ཚད་དུ་ནས་བཅུའོ། །སོར་ཕྱེད་སྨིན་མའི་དབུས་སུ་སྟེ། །སོར་མོ་ལྔ་ནི་རིང་དུ་བྱ། །ནས་ཕྱེད་སྨིན་མའི་རེ་ཁཱའི་ཚད། །མ་ཉེས་གཞུ་ཡི་དབྱིབས་འདྲའོ། །སོར་གཉིས་ནས་གཉིས་སྤྱན་ལ་སྟེ། །རྒྱ་ཡི་སུམ་ ཆ་སྤྱན་གྱི་ནི། །སུམ་ཆ་ནག་པོར་ཡང་དག་གསུངས། །དེ་ཡི་སུམ་ཆ་སྤྱན་འབྲས་ཡིན། །ནས་ཕྱེད་རྫི་མའི་ཆད་དུ་གནས། །ཀུ་མུད་ཨུ་ཏྤལ་འདབ་འདྲ་དང་། །པདྨའི་འདབ་འདྲ་ཉ་ལྟོ་འདྲ། །མིག་མཐར་སོར་བཞི་ཤེས་པར་བྱ། །མྱོས་འབབ་ལ་ནི་སོར་མོ་གཅིག །སྙན་གྱི་ཞེང་དུ་སོར་མོ་གཉིས། །སྲིད་དུ་སོར་ མོ་བཞི་ཡིན་ནོ། །སྙན་གྱི་རྒྱབ་ཀྱི་འགྱུར་བ་ནས། །སོར་མོ་གཉིས་སུ་ཡོངས་སུ་གྲགས། །མདུན་ཁྱུད་ཡང་དག་སོར་མོ་ཕྱེད། །དེ་ཕྱེད་སྟང་གི་སྦུར་པོ་བྱ། སོར་མོ་ཡི་ནི་བཞི་ཆ་ཡིས། །སྙན་ཤལ་གྱི་ནི་ཞིང་ཡིན་ནོ། །སྙན་གྱི་གསང་གནས་ནས་གཉིས་ཏེ། །ཇི་ལྟར་མཛེས་པ་མུ་ཁྱུད་ནང་། །སྙན་གྱི་མུ་ཁྱུད་ རྩ་བ་ནས། །གྲི་གུག་དབྱིབས་སུ་རབ་ཏུ་གྲགས། །སྙན་གཉིས་དག་གི་དབུས་ཀྱི་ནི། །དབུ་ལ་སོར་མོ་བཅོ་བརྒྱད་དོ། །ཡང་ན་མཐོ་དོ་ཉིད་དུ་གསུངས། །སོར་བཅུ་གཉིས་བཅུག་གཅིག་ཐེ་ཚོམ་མེད། །སྨིན་མཚམས་སྤྱན་དབུས་དག་ལ་ནི། །སོར་མོ་གཉིས་སུ་ཡོངས་སུ་གྲགས། །སྙན་གྱི་རྩ་དང་ཀོས་ཀོའི་བར། ། སོར་མོ་རྣམས་ནི་བརྒྱད་དུ་འགྱུར། །དེ་བཞིན་ཀོས་ཀོ་དབྲལ་བ་དང་། །སྤྱན་དག་ཀྱང་ནི་མཚུངས་པར་བྱ། །ཞལ་གྱི་གྲུ་སོགས་མིག་འབྲེས་དག །ཐིག་ནི་མཉམ་པོས་གཞལ་བར་བྱ། །སྨིན་མའི་རེ་ཁཱ་སྙན་རྩེའི་ཐིག །ཐིག་གིས་མཉམ་དུ་ཚད་པར་བྱ། །སྙན་གྱི་མདུན་ཁྱུང་སྤྱན་དབུས་ཀྱང་། །དེ་བཞིན་དུ་ནི་མཉམ་པར་ གཞལ། །ལྐོག་མའི་སྟེང་ནི་སོར་མོ་བཞི། །མགུལ་པའི་སྲིད་ཀྱང་དེ་བཞིན་ནོ། །ཕྲག་རྩ་དང་ནི་སྙན་རྩིའི་བར། །ཇི་སྲིད་སོར་མོ་དྲུག་ཡིན་ནོ། །ཀོས་ཀོའི་ཤ་ནི་ཟླུམ་པོ་སྟེ། །ཇི་ལྟར་མཛེས་པར་བྱས་ནས་ནི། །དེ་ཡི་ཚད་དུ་འཕྱང་བའོ། །ཀོས་ཀོའི་ཁུང་དང་སྙན་ཁུང་གི། །དབུས་ཀྱི་ཁུང་ནི་ཐུང་ཞིང་ དམའ། །ཅོད་པན་དང་ནི་རལ་པ་བཅིངས། །འཁྱིལ་པ་སྐྲ་ཡི་ལྷག་མ་དང་། །གཙུག་ཕུད་དང་ནི་རྩེ་མོ་གསུམ། །དབུ་རྒྱན་དང་ནི་ཐོར་ཚུགས་བཅིངས། །དེ་རྣམས་སོར་མོ་བརྒྱད་དུ་རིང་། །དེ་བས་ལྷག་པར་མི་བྱའོ། །དགེ་དང་མི་དགེ་འཆད་འགྱུར་བའི། །ཞལ་གྱི་རྣམ་པ་ཅུང་ཟད་ནི། །འཛུམ་ཞིང་ མཉེན་པར་བྱས་ནས་ནི། །མཚན་ཉིད་དང་ནི་ལྡན་པར་བྱ། །བསྐ་དང་ཚ་བ་དང་ནི་དྲོ། །དེ་བཞིན་དུ་ནི་སྐྱུར་དང་ཁ། །གདོང་གི་དབྱིབས་ནི་རིག་བྱས་ནས། །རིང་དུ་ཡོངས་སུ་སྲང་བར་བྱ། །དེ་ནས་གཞན་ཡང་བཤད་བྱ་བ། །ལུས་ཀྱི་ཚད་ཀྱི་མཚན་ཉིད་ནི། །མགྲིན་པའི་མཚམས་ནས་ལྟེ་བའི་བར། །གཉིས་ ཀྱི་གདོང་པ་གཉིས་སུ་བྱ། །ལྟེ་བ་མདོམས་ཀྱི་སྦ་བ་དང་། །རྩ་ནས་འཕྲེད་ལ་ལོགས་དག་དང་། །ཕང་ཚོས་དག་དང་དེ་བཞིན་དུ། །མགྲིན་མཚམས་ནུ་མའི་དབུས་དག་དུ། །ནུ་མའི་མཐར་ཡང་དེ་བཞིན་དུ། མགྲིན་ལོགས་དཔུང་བའི་རྩེ་མོ་ནས། །མཐོ་རེའི་ཚད་དུ་རབ་ཏུ་གསུངས། །ལྟེ་བ་ནུ་མའི་བར་ ཆ་ནི། །སོར་མོ་རྣམས་ནི་བཅུ་བཞི་སྟེ། །ཐིག་ནི་མཉམ་དུ་གདབ་པར་བྱ། །དེ་བཞིན་མགྲིན་མཚམས་བྲང་གི་གཞོལ། །ལུས་ཀྱི་རྐེད་པའི་རྒྱ་ལ་ནི། །མཐོ་ནི་གསུམ་གྱི་ཚད་དུ་གསུངས། །རྒྱབ་ལ་སོར་མོ་དྲུག་དག་བྱ། །དེ་བཞིན་བྲང་གི་ནུ་མའི་མཐར། །ནུ་མའི་དཀྱིལ་འཁོར་ལོགས་སུ་ནི། །སོར་མོ་གཉིས་ཀྱི་ ཚད་ཀྱིས་སོ། །ནུ་མའི་རྩེ་མོ་ནས་གཉིས་ཟླུམ། །ནས་གསུམ་ལྟེ་བའི་དཀྱིལ་འཁོར་ལ། །ལྟེ་བའི་ཟབས་ནི་མཛེས་བྱས་ལ། །གཡས་སུ་འཁྱིལ་བས་མཚན་པའོ། །སོར་གཉིས་གསང་བའི་གནས་ལ་སྟེ། །སོར་གཉིས་གསུམ་ནི་ལག་པའི་སྲེང་། །དེ་ཡི་སྲིད་དུ་གུང་མོའོ། ། མཐོ་བོང་ལ་ནི་སོར་བཞི་བྱ། །དེ་དང་མཚུངས་པ་མཐེའུ་ཆུང་། །གུང་མོའི་སྲིད་ལས་སེན་གང་དམན། །མཛུབ་མོ་རུ་ནི་ཤེས་པར་བྱ། །མཐེ་བོ་ཆེ་ཡི་རྒྱ་རུ་ནི། །ཞིང་ལ་ནས་རྡོག་དགུ་ཡིན་ཏེ། །ཕྱེད་དང་བཅས་པའི་གནས་བརྒྱད་ཀྱིས། །གུང་མོའི་ཞེང་ནི་མཛེས་པར་བྱ། །གཉིས་པོ་ནས་རྡོག་བརྒྱད་དུ་རིག། ། མཐེའུ་ཆུང་ནི་ནས་བདུན་ཤེས། །མཐེབ་ཆུང་རྩ་ནས་མཁྲིག་མ་ལ། །སོར་མོ་རྣམས་ནི་ལྔ་རུ་འདོད། །ལག་མཐིལ་དབུས་ཀྱི་ཞིང་ལ་ཡང་། །དེ་ཡི་ཚད་ཀྱིས་ཤེས་པར་བྱ། །མཐེ་བོའི་ཚིགས་ནས་མཁྲིག་མའི་བར། །ཇི་སྲིད་སོང་མོ་བཞི་ཡིན་ནོ། །མཐོ་བོའི་རྩ་ནས་མཛུབ་མོའི་བར། །ཇི་ སྲིད་སོར་མོ་གཉིས་སུ་འགྱུར། །སོར་མོ་རྣམས་ནི་ཚིགས་པ་གསུམ། །མཐེ་བོང་ལ་ནི་ཚིགས་གཉིས་འགྱུར། །སོར་མོ་སོ་སོ་རྣམས་ཀྱི་ནི། །ཚིགས་པ་རྣམས་ནི་མཉམ་དུ་བརྗོད། །རྩེ་མོ་ཟླུམ་ཞིང་ཕྲ་བར་རིག །ཚིགས་སུ་རྣམས་ནི་བདེ་བར་སྦྱར། །སོ་ལ་སོར་ཕྱེད་རྩེ་མོ་སྟེ། །འཕྲེད་ལ་ཚིགས་ཕྱེད་དེ་བཞིན་ དུ། །སེན་མོའི་རྩ་བ་ཟླ་ཕྱེད་ཀྱི། །རྣམ་པ་ཅད་དུ་མཁས་པས་བྱ། ཕྱག་གི་མཐིལ་ནི་གང་བར་བྱ། །དགེ་བའི་རེ་ཁཱས་ཉེ་བར་མཛེས། །ཕྱག་གི་རེ་ཁཱ་འཆད་འགྱུར་བ། །ལྷ་རྣམས་ཀྱི་ནི་དགེ་བའི་མཚན། །དུང་དང་པདྨ་རྒྱལ་མཚན་དང་། །འཁོར་ལོ་རྡོ་རྗེ་ཤག་ཏི་དང་། །འཁྱིལ་བ་བུམ་པ་ཟླ་བ་གདུགས། ། དེ་བཞིན་དཔའ་བེའུ་ལྕགས་ཀྱུ་གདུགས། །རྩེ་གསུམ་ནས་ནི་ཕྲེང་བ་དང་། །ནོར་གསུམ་གྱི་ནི་དེ་ཉིད་བྱ། །ལྟེ་བ་གསང་བའི་དབུས་དག་ནི། །བརླ་ཡི་རྩ་བ་མཚུངས་པར་བྱ། །བརླ་ནི་མཐོ་དོར་རིང་བ་ཉིད། །རྗེ་ངར་རིངས་སུ་གདོང་གཉིས་བྱ། །པུས་མོ་ལ་ནི་སོར་གཉིས་གཉིས། །ལོང་བུ་སོང་གཉིས་གཅིག་ཏུ་ ཤེས། །རྟིང་བ་སོར་གཉིས་གཉིས་སུ་ཤེས། །བིམ་པའི་འབྲས་བུ་སྨིན་པ་བཞིན། །ཞབས་ཀྱི་ཕྱེད་དུ་སོར་མོ་བདུན། །སྲིད་ཀྱི་ཆད་དུ་སོར་མོ་བཅུ། །ཞབས་ཀྱི་བཞི་ཆར་གྱུར་བ་ཡིས། །མཐེབ་ཆེན་གྱི་ནི་སྲིད་དུ་བརྗོད། །དེ་དང་རྩེ་མོ་མཚུངས་པར་ཤེས། །གུང་མོ་ནས་ཕྱེད་ཀྱིས་དམན་ལ། །མིང་མེད་སེན་ མོ་ཕྱེད་གྱིས་སོ། །མཐེབ་ཆུང་ཚིགས་པས་དམན་པའོ། །མཐེ་བོ་ཆེ་ཡི་ཞིང་དུ་ནི། །ནས་ནི་བཅུ་རུ་ཤེས་པར་བྱ། མཐེབ་ཆེན་སོར་མོའི་རྩེ་མོ་ཡི། །བར་ལ་ནས་ནི་གསུམ་དུ་འགྱུར། རྩེ་མོའི་ཞེད་ལ་ནས་དགུ་སྟེ། ཕྱེད་བཅས་ནས་བརྒྱད་གུར་མོའི། །མིང་མེད་ཞིང་དུ་ནས་བརྒྱབ་དང་། མཐེབ་ཆུང་ནས་ ནི་བདུན་རྣམས་སུ། །ཚད་ཀྱི་མཚན་ཉིད་དུ་ནི་གསུངས། ཨ་འབྲས་ནུའི་དབྱིབས་འདྲ་བར། །མཐོ་བོ་ཆ་ནི་རྟག་ཏུ་བྱ། །ཞབས་ཀྱི་བོལ་གོང་རུས་སྦལ་གྱི། །རྒྱབ་ཀྱི་རྣམ་པ་མཚུངས་པར་བྱ། །ཞབས་ཀྱི་སོར་མོའི་དབྱིབས་རྣམས་ནི། །ཆུ་སྐྱེས་པདྨ་འདྲ་བར་གྲགས། །ཞབས་ཀྱི་མཐིལ་དག་མཉམ་ པར་བྱ། །སོན་མོའི་དབྱིབས་ནི་ཉ་ཕྱིས་བཞིན།། །།དེ་ནས་གཞན་ཡང་བཤད་བྱ་བ། །ཡོངས་སུ་ཟླུམ་པོའི་མཚན་ཉིད་ནི། །སོར་མོ་སུམ་ཅུ་རྩ་གཉིས་ཀྱིས། །དབུ་ནི་ཡོངས་སུ་ཟླུམ་པར་ཤེས། །སོར་མོ་བཅོ་ལྔ་སུམ་འགྱུར་གྱིས། །དབུ་ནི་ཡོངས་སུ་ཟླུམ་པར་བྱ། །ཞེས་པའང་འབྱུང་ངོ་། །མཚན་འོག་ དག་གི་དབུས་ཀྱི་རྒྱར། །འདིར་ནི་སོར་མོ་ཉི་ཤུ་སྟེ། །སོར་གཉིས་བཅུ་དགུ་རྣམས་ཀྱི་ནི། །བློ་ལྡན་རྣམས་ཀྱིས་ཟླུམ་པོར་བྱ། །ལག་པའི་རྩ་བར་བར་དང་རྩེ། །སོར་མོ་བརྒྱད་དྲུག་བཞི་ཡིན་ཏེ། །རང་གི་རྒྱ་ཡི་ཚད་ཀྱི་ནི། །སུམ་འགྱུར་གྱི་ནི་ཟླུམ་པོར་བྱ། །ལྟོ་བ་རང་དབུ་ས་རྒྱལ་ནི། །སོར་མོ་བཅོ་ལྔར་ཤེས་པར་ བྱ། །འོག་ཏུ་སོར་མོ་བཅུ་དྲུག་སྟེ། །སོར་མོ་བཅོ་བརྒྱད་རྐེད་པ་ལ། །སོར་གཉིས་དྲུག་ནི་བརླ་ཡི་རྩར། །བྱིན་པའི་དབུས་སུ་སོར་མོ་དྲུག། །བྱིན་པའི་མཐའ་མར་སོར་གཉིས་གཉིས། །ཕྱེད་བཅས་རྒྱ་རུ་རབ་ཏུ་སྦྱར། །དེ་རྣམས་ཀུན་ཀྱང་དེ་བཞིན་དུ། །ཟླུམ་པོ་སུམ་འགྱུར་ཉིད་དུ་བྱ། །དེ་བཞིན་སོར་མོ་ ཀུན་ཀྱང་ནི། །ཟླུམ་པོ་ཉིད་དུ་རིག་པར་བྱ། །དབུ་ཡི་རྒྱབ་ཕྱོགས་ལྟག་པ་ནི། །སོར་གཉིས་ཕྱི་རུ་ཕྱེད་པར་གྲགས། །རྒྱབ་ཀྱི་རྒྱུད་ནི་མཉམ་པར་བྱ། །ཕང་ཚོས་མཉམ་པར་འཕྱངས་པ་ལ། །བརླ་དང་རྐང་པ་བྱིན་པ་ཡང་། །སོར་མཉམ་བར་ནི་འཕྱད་བར་བྱ། །རྒྱབ་ཀྱི་མཚན་ཉིད་རེག་བྱ་བ་། །དེ་ནི་བསྡུས་ པའི་དོན་གྱིས་བསྟན། །མུ་ཏིག་གསེར་གྱི་དོ་ཤལ་སོགས། །རྣ་རྒྱན་དཔུང་རྒྱན་ལག་གདུབ་དང་། །གོས་དང་ན་བཟའི་བཀོད་པ་ཡིས། །སྐུ་ཡི་གནས་ལ་བརྒྱན་པར་བྱ། །སྐུ་གཟུགས་ལྷག་དང་བཅས་པ་ཡི། །ཡོན་ཏན་སྐྱོན་རྣམས་བརྗོད་བྱ་སྟེ། །རིང་ཞིང་ཡངས་དང་ལྡན་གྱུར་ན། །གནས་རྣམས་ལེགས་པར་ བསྟན་པ་སྟེར། །དབུ་ནི་གདུགས་ཀྱི་དབྱིབས་ལྟ་བུས། །ནོར་བུ་འབྲུ་ནི་ལེགས་འཕེལ་སྟེར། །དཔྲལ་བ་སྨིན་མའི་དབྱིབས་ལེགས་པས། །རྟག་ཏུ་དཔལ་ནི་སྟེར་བར་འགྱུར། །པད་སྒྲོས་ནེ་ཚོའི་འདྲ་བ་ཡིས། །སྐྱེས་དགུ་བད་བཅས་རྒྱལ་བར་འགྱུར། །སྐུ་ནི་མགྲིན་པ་དུང་འདྲ་ན། །དངོས་གྲུབ་ཐམས་ཅད་རྟག་ཏུ་བྱེད། སྐུ་ནི་སེང་གེའི་དབྱིབས་འདྲ་བས། །ལོ་ལེགས་དང་ནི་སྙོབས་འཕེལ་འགྱུར། །ཕྱག་ནི་གླང་ཆེན་ལག་འདྲ་བས། །འདོད་པའི་དོན་ཀུན་སྒྲུབ་པར་བྱེད། །ཕྱལ་ལེགས་འཐུ་རྣམས་ཕུན་ཚོགས་ཤིང་། །རྟག་ཏུ་ལོ་ལེགས་རྣམས་སུ་བྱེད། །བརླ་ཡི་ཚ་ནི་ལེགས་པར་འཕེལ། །བྱིན་པའི་དབྱིབས་ལེགས་གྲོང་རྣམས་ འཕལ། །སྐུ་ཡི་ཁབས་ནི་ལེགས་གྱུར་པས། །ཚུལ་ཁྲིམས་རིག་པ་རབ་ཏུ་འགྲུབ། །དེ་རྣམས་སྐུ་ཡི་བསྔགས་བརྗོད་ནས། །དམན་པས་ཡུལ་ཕྱོགས་ནོར་རྣམས་འཇོམས། །ཞེང་དང་སྲིད་དུ་དམན་པ་ཡིས། །མུ་གེ་དང་ནི་ཡུལ་འཇོམས་འགྱུར། །ལུས་དམན་གྱུར་པས་སྒུར་པོ་དང་། །ཤངས་ དམན་བས་ནི་ཁྲོ་བ་དང་། །གཡོན་མིག་ཕྱུགས་རྣམས་ཟད་བྱེད་ཅིང་། །སྙིང་མིག་ནོར་ནི་འཛད་བར་བྱེད། །མིག་ཆུང་མིག་ནི་ཟླུམ་པོ་དང་། །དེ་བཞིན་དུ་ནི་མིག་ཡོན་དང་། །མིག་དམན་བ་དང་འོག་མིག་རྣམས། །རིང་དུ་རྣམ་པར་རིག་པར་བྱ། །སྐུ་ཡི་ཕྱལ་ནི་དམན་གྱུར་ན། །འབྲུ་རྣམས་རྟག་ཏུ་ཉམས་པར་ བྱེད། །སྐྲ་ཡི་བརླ་ནི་དམན་གྱུར་ན། །མ་ལ་གནས་བརྟན་ལྟུང་བར་འགྱུར། །ཤངས་དང་སྤྱན་དང་ཕྱག་སོར་གསུམ། །ཐུང་བ་རྣམས་ནི་ཉེས་པ་ཆེ། །མགྲིན་པ་ཀོས་ཀོ་རྗེ་དར་གསུམ། །རིང་བ་རྣམས་ནི་ཉེས་པ་ཆེ། །དབུ་དང་སྙན་དང་ཤངས་དང་གསུམ། །ཕྲ་བ་རྣམས་ནི་ཉེས་བ་ཆེ། །དེ་ཕྱིར་སྐྱོན་ཡོན་ཤེས་བྱས་ ནས། །སྐུ་གཟུགས་རྣམས་པར་སྤྲོས་པར་བྱ། །སྲིང་དུ་མཐོ་དགུའི་ཆད་ཀྱིས་ནི། ཡོངས་སུ་ཟླུམ་པོ་མཉམ་དུ་བྱ། །ཨཱ་ཏྲེ་ཡའི་ཐེག་ལེ་ཞེས་པ་ལས་མཐོ་དགུ་པའི་མཚན་ཉིད་དོ།། །།ཡང་ན་ཞེང་ལ་ཕྱེད་བཅས་བརྒྱད། །ལྷ་རྣམས་དང་ནི་མི་རྣམས་ཀྱི། །མི་རྣམས་ལ་ནི་མཐོ་བརྒྱད་དང་། །མི་མོ་བརྒྱད་དང་བདུན་ ཡང་ཡིན། །དགེ་བ་དྲུག་བདུན་མཐོ་ཡིས་ནི། །ཡོངས་སུ་ཟླུམ་དང་བངས་སུ་མཐོ། །རྣམས་ཀྱི་མཚན་ཉིད་རྟགས་རྣམས་ནི། །ཇི་སྐད་གསུངས་བཞིན་དགོད་པར་བྱ། །ལྷ་མོ་རྣམས་ཀྱི་མཚན་ཉིད་ཀྱི། །སྲིད་དུ་གདོང་བརྒྱད་མཁས་པས་བྱ། །གདོང་ལ་སོར་དྲུག་གཉིས་སུ་བྱ། །ལུས་ལ་སོར་མོ་བཅུ་གཅིག་གིས། ། འཕྲེད་ལ་མགྲིན་ནས་ནུ་མ་དང་། དེ་བཞིན་གཉིས་པོ་ནུ་རྩེའི་བར། །ཐམས་ཅད་གདོང་གི་ནང་ནས་ནི། །ལུས་ནི་རྣམ་པར་བརྗོད་པར་བྱ། །ཆུ་སོའི་དབུས་ནི་སོར་ལྔ་དང་། །སོར་མོ་བཅུ་རུ་ཤེས་པར་བྱ། །རྐེད་པ་སོར་མོ་ཉི་ཤུར་བྱ། །བརླ་ནི་སོར་མོ་བཅུ་གཅིག་དང་། །ཕུས་མོ་སོར་གསུམ་དེ་བཞིན་དུ། །རྗེ་ངར་སོར་མོ་ བཅོ་བརྒྱད་རོ། །ལོང་བུ་ལ་ནི་སོར་གཉིས་བྱ། །ལྷ་མོ་རྣམས་ཀྱི་མཚན་ཉིད་དགེ། །རོང་མོ་སུམ་ཅུ་རྩ་གསུམ་གྱིས། །དབུ་ནི་ཡོངས་སུ་ཟླུམ་པོར་བྱ། །ཕྱག་གི་རྩ་བ་སོར་ལྔ་ཡི། །སུམ་འགྱུར་གྱི་ནི་ཟླུམ་པོར་བྱ། །སོར་མོ་གསུམ་གྱིས་མཁྲིག་མའི་མཚམས། །དེ་བཞིན་དུ་ནི་ཟླུམ་པོར་བྱ། །བརླ་ཡི་དབུས་སུ་སོར་ གཉིས་དྲུག །སུམ་འགྱུར་གྱིས་ནི་ཟླུམ་པོར་འགྱུར། །བྱིན་པའི་དབུས་སུ་སོར་མོ་ལྔ། །སུམ་འགྱུར་གྱིས་ནི་ཟླུམ་པོར་འགྱུར། །ཐམས་ཅད་དུ་ནི་སུམ་འགྱུར་ཏེ། །སོར་མོ་རྣམས་ཀྱང་དེ་བཞིན་ནོ། །མིག་གི་མཐའ་དང་མིག་དང་ནི། །ནུ་མ་དེ་བཞིན་རྐེད་པ་རྣམས། །ཅུང་ཟད་ཆ་ནི་ལྷག་ཏུ་བྱ། །སྐྱེ་བོ་བལྟ་ན་སྡུག་ པར་འགྱུར། །ཨཱ་ཏྲེ་ཡ་ལི་ཐིག་ལེ་ལས། །མཐོ་བརྒྱད་ཀྱི་ནི་མཚན་ཉིད་དོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །བྱིས་པ་རྣམས་ཀྱི་མཚན་ཉིད་ནི། །ཡོན་ཏན་དྲུག་གི་བྱིས་གཟུགས་དང་། །དམག་དཔོན་ཡང་ནི་ཡོན་ཏན་དྲུག །ལོག་འདྲེན་གནོད་སྦྱིན་རྣམས་ཀྱི་ནི། །གཟུགས་བརྙན་ཚད་ཀྱི་མཚན་ཉིད་དོ། ། མགོ་ཡི་སྟེང་དུ་སོར་གཉིས་ཤེས། །གདོང་ནི་སོར་གཉིས་དྲུག་ཏུ་འགྱུར། །མགྲིན་པ་ལ་ནི་སོར་གཉིས་བྱ། །ལུས་ལ་སོར་མོ་ཉི་ཤུར་འགྱུར། །སོར་གསུམ་ཆ་ཡི་ལྟེ་བ་དང་། །ཟབས་སུའང་དེ་བཞིན་སོར་གསུམ་མོ། །བརླ་ནི་སོར་གཉིས་མདུན་དུ་བྱ། །པུས་མོ་སེ་བཞིན་སོར་གཉིས་སོ། །རྗེ་ངར་སོར་མོ་དྲུག་ ཏུ་བྱ། །ལོང་བུ་སོར་མོ་གཅིག་ཏུ་ཤེས། རྟིང་བ་ལ་ནི་སོར་མོ་གསུམ། །ཇི་ལྟར་སྔོན་མའི་རིམ་པ་ཡིས། །རྐང་པའི་སྲིད་དུ་སོར་གཉིས་ལྔ། །མཐེ་བོང་ལ་ནི་སོར་གཉིས་ཏེ། །མཐེ་བོང་རྩེ་མོ་མཉམ་པར་བྱ། །ནས་ཀྱིས་དམན་པ་གུང་མོ་སྟེ། །སེན་མོས་དམན་པ་མིང་མེད་དོ། །མཐེབ་ཆུང་ནས་ཀྱིས་དམན་པའོ། ། སོར་མོ་བརྒྱད་ཀྱིས་མགྲིན་མཚམས་ནས། །དཔུང་ཆ་དེ་བཞིན་སོར་མོ་དགུ། །ལག་ངར་སོར་གཉིས་ལྔ་ཡིན་ཏེ། །ལག་པའི་སྲིད་དུ་སོར་གཉིས་གཉིས། །སོར་མོས་དམན་པ་མཛུབ་མོ་སྟེ། །མིང་མེད་གུང་མོའི་སེན་ཕྱེད་ཀྱི། །ཆ་ཡིས་དམན་པར་བྱ་བ་སྟེ། །མིང་མེད་ལ་ནི་ནས་ཀྱིས་དམན། །མཐེབ་ཆེན་མཐེབ་ ཆུང་སྲིད་དུའོ། །ཨཱ་ཏྲེ་ལའི་ཐིག་ལེ་ཞེས་པ་ལས་མཐོ་བདུན་གྱི་མཚན་ཉིད་དོ།། །།དེན་པ་གཞན་ཡང་བཤད་བྱ་བ། །མཐོ་དྲུག་པ་ཡི་མཚན་ཉིད་ནི། །སོར་གཅིག་མགོ་བོའི་སྟེང་དུ་སྟེ། །ཡོན་ཏན་གསུམ་མགུར་ཟླུམ་པོར་བྱ། །སོར་གཉིས་དྲུག་ནི་གདོང་དབུས་ལ། །རྣ་བ་སྣ་རྩེ་དེ་བཞིན་དུ། །སོར་གཉིས་གསུམ་ ནི་མགྲིན་དབུས་ལ། །ལྟོ་དབུས་སོར་མོ་བཅུ་དྲུག་གོ། །ལུས་ལ་སོར་གཉིས་དྲུག་ཏུ་འགྱུར། །རྐད་བ་སོར་གཉིས་བདུན་ཡིན་ནོ། །བརླ་དབུས་སོར་གཉིས་བཞི་ཡིན་ཏེ། །པུས་མོ་སོར་བཞི་ནས་དྲུག་གོ། །བྱིན་པའི་དབུས་ལ་སོར་མོ་ལྔ། །ལོང་བུ་དེ་བཞིན་སོར་མོ་གསུམ། །སོར་མོ་ལྔ་ཡིས་རྐང་པ་ཡི། ། ཞིང་གི་ཚད་དུ་ཡོངས་སུ་གྲགས། །ནས་དགུ་ཡིས་ནི་མཐེབ་ཆེན་ཏེ། །དེ་བཞིན་བར་ནི་ནས་གསུམ་མོ། །ནས་བརྒྱད་ཀྱིས་ནི་རྩེ་མོ་བྱ། །ནས་བདུན་གྱིས་ནི་གུང་མོ་བྱ། །ནས་རྡོག་དྲུག་གིས་མིང་མེད་ལ། །མཐེབ་ཆུང་ལ་ནི་ནས་རྡོག་ལྔ། །དེ་བཞིན་དུ་ནི་མཁས་བ་ཡིས། ། རྐང་པའི་སོར་མོ་མཛེས་པ་དང་། །སོར་མོ་དེ་བཞིན་རྟིང་བའི་རྒྱ། །ཇི་སྐད་གསུངས་པ་བཞིན་དུ་བྱ། །ཨཱ་ཧྲེ་ཡའི་ཐེག་ལེ་ཞེས་པ་ལས་མཐོ་དྲུག་གི་མཚན་ཉིད་དོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །མཐོ་བཅུ་པ་ཡི་མཚན་ཉིད་ནི། །ཚངས་བ་ལྷ་མོ་ཙར་ཙི་ཀ །དྲོང་སྲོང་བྲམ་ ཟེ་སྲིན་མོ་རྣམས། གང་ཞིག་ལྷ་དང་སངས་རྒྱས་རྣམས། །བློ་དང་ལྡན་པས་སྐུ་གཟུགས་བྱ། །མཁས་པས་བརྩམ་བྱ་འདི་རྣམས་ཀྱི། །གཞན་རྣམས་ཀྱིས་ཀྱང་དེ་བཞིན་བྱ། །གཙུག་ཏོར་ལ་ནི་སོར་བཞིར་འགྱུར། །བཞིན་ལ་དེ་བཞིན་སོར་གཉིས་དྲུག །མགྲིན་པ་སོར་མོ་བཞི་རུ་བྱ། །ལུས་ལ་སོར་མོ་སུམ་ ཅུ་དྲུག །དེ་བཞིན་དབྱི་ལ་སོར་མོ་བཞི། །བརླ་ལ་སོར་མོ་སུམ་བཅུ་དྲུག །པུས་མོ་སོར་མོ་ལྔ་རུ་ཤེས། །རྗེ་ངར་སོར་མོ་སུམ་བཅུ་དྲུག །ལོང་ཕུ་སོར་མོ་གཉིས་སུ་ཤེས། །སོར་མོ་ལྔ་ཡིས་ཤིན་ཏུ་མཛེས། །འོག་གི་ཆ་ལ་རབ་ཏུ་བྱ། །སོར་གཉིས་དཀུ་ཡིས་དེ་བཞིན་དུ། །དཔུང་བའི་ཆ་ལ་རབ་ཏུ་ བྱ། །མགྲིན་མཚམས་བྲང་ཞོལ་རྩེ་དེ་བཞིན། །སོར་གཉིས་བཅུ་རུ་ཤེས་པར་བྱ། །དབུང་པ་ལ་ནི་སོར་གཉིས་གསུམ། །དེ་བཞིན་ལག་དང་སོར་མོ་བརྒྱད། །ལག་པའི་ཡལ་ག་བླང་བ་ནི། །སོར་མོ་བདུན་དུ་ཤེས་པར་བྱ། །ཇི་ལྟར་མཛེས་པར་བྱ་བ་ནི། །ཤ་ཡི་འཁྱིལ་བག་རྣམས་སུ་ ཤེས། ཨཱ་ཏྲེ་ཡའི་ཐིག་ལེ་ཞེས་པ་ལས་མཐོ་བཅུའི་མཚན་ཉིད་དོ།། །།ཡང་དག་ཐུབ་པ་རྣམ་པར་ནི། །ཐུང་ངུའི་ཚད་དུ་གསུངས་པ་ཡི། །སྐུ་གཟུགས་ཆེན་པོའི་བཀོད་པ་སྟེ། །རབ་ཏུ་བཤད་བྱ་ད་ནི་ཉོན། །ཁྲུ་ནི་བཅོ་ལྔ་ལྷག་པ་ཡང་། །སྐུ་གཟུགས་ཆུང་དུར་ཤེས་པར་བྱ། །བར་ མ་ཉིས་འགྱུར་དག་ཏུ་ཤེས། །ཆེན་པོ་རྣམས་ནི་སུམ་འགྱུར་རོ། །གལ་ཏེ་བདག་ཉིད་དག་འདོད་ནི། །དེ་ལས་གཞན་བས་མི་བྱ་སྟེ། །སྐུ་ནི་ཚར་བ་མི་སྟེར་དང་། །ཡང་ན་ནོར་རྣམས་ཟང་བར་བྱེད། །སྐུ་ནི་ཆག་པས་རིགས་ཉམས་ཤིང་། །གས་པས་ཕྱོགས་རྣམས་འཁྲུག་པར་བྱེད། །སྐུའམ་ གལ་ཏེ་ལིང་ག་དང་། །ལྷ་མོ་མ་མོའི་ཚོགས་དེ་བཞིན། །གོ་ཆའི་ལས་ནི་བལྟ་བྱས་ནས། །མྱུར་དུ་དེ་རྣམས་གཤེགས་པར་བྱ། །མེ་ཏོག་མཆོད་ཡོན་དེ་བཞིན་དུ། །སྤོས་དང་ཞལ་ཟས་གཏོར་མ་དང་། །གོས་ལ་སོགས་པ་དངུལ་བྱ་ཞིང་། །དེ་བཞིན་སྦྱིན་སྲེག་ལས་བྱས་ནས། །དགེ་དང་ཞི་བའི་ཆུ་བོ་ ལ། །ལྷ་ཡི་སྔགས་ནི་བཟླས་བྱས་ནས། །སྐྲ་དང་ཐག་པ་མུན་ཛ་དང་། །ཟར་མ་དུ་ཀ་ལ་དེ་བཞིན། །ཆོ་ག་བཞིན་དུ་བ་བལྟས་ནས་ནི། །ཐག་པ་ཡིས་ནི་བཅིང་བར་གསུངས། །ཁྱུ་མཆོག་སྟེང་དུ་བཅིངས་ནས་ནི། །ལྷ་རྣམས་རྙིད་པ་སྦྱན་དྲང་སལ། །གོས་ཀྱི་རང་བཞིན་སྐུ་གཟུགས་ནི། །ཆུ་བོ་ཆེན་པོའི་འགྲམ་ དག་དང་། །དེ་བཞིན་གཙང་པོ་འདུས་རྣམས་ལ། །དེ་རུ་དེ་བཞིན་འཕང་པར་བྱ། །གསེར་དང་དངུལ་དང་དེ་བཞིན་དུ། །ཟངས་དང་རག་ན་རང་བཞིན་ཡང་། །གལ་ཏེ་བདག་ཉིད་དཔལ་འདོད་ན། །ཀུན་ཀྱང་མེ་ལ་གཞུ་བར་བྱ། །ཤིང་གི་རང་བཞིན་ལས་གྱུར་སྐུ། །དེ་བཞིན་གོས་ཀྱིས་ཡོངས་དྲིལ་ནས། །སྣུམ་དང་ སྦྲང་གིས་བརླན་བྱས་ལ། །སྒྲོན་མེ་ཡིས་ནི་སྤར་བར་བྱ། །ས་རྡོ་རང་བཞིན་ལས་བྱང་སྐུ། །རི་བོའི་ཕྱོགས་གྱུར་གང་ཞིག་ཏུ། །ས་ནི་མིག་གང་ཙམ་བརྐོས་ནས། །སྐུ་གཟུགས་སྦས་ཏེ་དགང་བར་བྱ། །སྐུ་གཟུགས་རྙིང་པ་གཤེགས་བྱ་བ། །བདག་ཉིད་ཆེན་པོ་རྣམས་ཀྱིས་བྱ། །དུས་ནི་བྱེ་བ་སྟོང་རྣམས་སུ། །ལྷ་ཡི་ འཇིག་རྟེན་རྣམས་ཀྱིས་མཆོད། །ཨཱ་ཏྲེ་ཡའི་ཐིག་ལེ་ཞེས་པ་ལས་རྙིང་པ་གཤེགས་སུ་གསོལ་བའི་མཚན་ཞིག་ཏུ། །དྲང་སྲོང་ཆེན་པོ་ཨཱ་ཏྲེའི་བུས་མཛད་པའི་སྐུ་གཟུགས་ཀྱི་མཚན་ཉིད་རྫོགས་སོ།། །།མཁས་པ་དྷརྨ་དྷ་ར་དང་། སྒྲ་བསྒྱུར་གྲགས་པ་རྒྱལ་མཚན་གྱིས། །སྐུ་གཟུགས་ཆག་ ཚད་མཆན་ཉིད་ཀྱི། །སྒྲ་དོན་ལེགས་པའི་བསྒྱུར་བ་ཡིན།། ༄། །གྲུབ་ཐོབ་བརྒྱད་བཅུའི་མངོན་པར་རྟོགས་པ་བཞུགས། ༄༅༅། །ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །ལཱུ་ཡི་པ་དུ་བའི་མདོག་ཅན། སྐྱེ་པ་དང་ལྷན་ཅིག་པའོ། །ལིང་པ་བ་མདོག་སེར་པོ་བུད་མེད་ དང་ལྷན་ཅིག་པའོ། །ཀུ་བི་རཱུ་པ་མདོག་དཀར་པོ་བུད་མེད་དང་ལྷན་ཅིག་པའོ། །ཌེང་གི་བ་མདོག་སེར་པོ་བུད་མེད་དང་ལྷན་ཅིག་པའོ། །ཀླུ་སྒྲུབ་ཞབས་གུར་གུམ་གྱི་མདོག་ཅན་བུད་མེད་དང་ལྷན་ཅིག་པའོ། །ཀ་ཁ་ཡ་ལ་བ་ཁ་དོག་དཀར་པོ་སྐྱེས་པ་དང་ལྷན་ཅིག་པའོ། །མཚོ་སྐྱེས་རྡོ་རྗེ་མདོག་སེར་པོ་ཞབས་ གཡོན་ཕྱེད་ཀྱི་སྐྱིལ་ཀྲུང་གི་གང་ཅན་བུད་མེ་དང་ལྷན་ཅིག་བའོ། །ཟ་ཉལ་འཆག་མདོག་སྔོ་ལྗང་དགེ་སློང་གི་གཟུགས་སྐྱེས་པ་དང་ལྷན་ཅིག་པ། །ས་ར་ཧ་པ་མདོག་སེར་པོ་བསམ་གཏན་གྱི་ཕྱག་རྒྱ་ཅན་བུད་མེད་དང་ལྷན་ཅིག་པ། །རི་ཁྲོད་པ་རུ་བའི་མདོག་ཅན་སྐྱེས་པ་དང་ལྷན་ཅིག་པ། སྒེག་པའི་རྡོ་རྗེ་མདོག་སེར་པོ་རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཅན་བུད་མེད་དང་ལྷན་ཅིག་པ། བཱ་རི་ཀ་པ་མདོག་སེར་པོ་སྐྱེད་པ་དང་ལྷན་ཅིག་པ། ཡི་ཤེས་ཞབས་དགེ་སློང་ཁ་དོག་དཀར་པོ་སྐྱེད་པ་དང་ལྷན་ཅིག་པའོ། །ཨཱཎྜ་ཏ་པ་ནག་པོ་བུད་མེད་དང་ལྷན་ཅིག་པ། །ཐེག་པ་སེར་པོ་བུད་མེད་དང་ལྷན་ཅིག་པ། པདྨ་རྡོ་རྗེ་ དཀར་ཤམ་ཞབས་གཡས་བརྐྱང་གཡོན་ཕྱེད་སྐྱིལ་ཀྲུང་གི་གར་གྱིས་བཞུགས་པ་བུད་མེད་དང་ལྷན་ཅིག་པ། དབྱག་གཉེན་རྫ་གསར་པའི་མདོག་ཅན་སྤོང་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་ཅན་སྐྱེས་པ་དང་ལྷན་ཅིག་པ། ཛཱ་ལནྡྷར་པ་རོག་གཉེར་བ་དང་མཚུངས་པ་གར་གྱི་ཞབས་ཅན་བུད་མེད་དང་ལྷན་ཅིག་པ། ཆོས་ ཀྱི་གྲགས་པ་གུར་གུམ་གྱི་མདོག་ཅན་དགེ་སློང་གི་དགེས་པ་སྐྱེས་པ་དང་ལྷན་ཅིག་པ། བུ་བ་སེར་པོ་བུད་མེད་དང་ལྷན་ཅིག་པ། །ཀ་ཤི་རིབ་བཞེངས་པའི་གུར་གུམ་གྱི་མདོག་ཅན་བུད་མེད་དང་ལྷན་ཅིག་པ། ཏོག་ཙེ་བ་ལྗང་གུ་སྐྱེས་པ་དང་ལྷན་ཅིག་པ། ཨི་ན་དྲ་བྷུ་ཏིབ་རྒྱལ་པོའི་འགྱིང་བག་གིས་བཞུགས་བ་སྔོ་ལྗང་བུད་ མེད་དང་ལྷན་ཅིག་པ། ཀླུའི་བྱང་ཆུབ་ཆོག་པུས་གནས་པ་སྤྱི་བོར་ཕྲེགས་སྒྲའི་ཕྱག་རྒྱ་ཅན་ནག་པོ་བསྐྱེས་པ་དང་ལྷན་ཅིག་པའོ། །འོད་མཛད་ཞབས་རྫ་གསར་གྱི་མདོག་ཅན་ལ་གྲི་བསྣམས་པ་སུ་བུད་མེད་དང་ལྷན་ཅིག་པ། མ་གན་ཌི་པ་སྔོན་ལྗང་སྐྱེས་པ་དང་ལྷན་ཅིག་པ། ཌོ་མ་བི་བ་དཀར་ཤམ་སྟག་གི་སྨད་སྟེང་ན་ གནས་པ་བུད་མེད་དང་ལྷན་ཅིག་པ། ཐོད་པ་ཅན་དཀར་ཤམ་སྐྱེས་པ་དང་ལྷན་ཅིག་པ། ལ་བ་པ་ལ་བར་བསྣམས་པ་རྫ་གསར་གྱི་མདོག་ཅན་བུད་མེད་དང་ལྷན་ཅིག་པ། ཏཻ་ལོ་པ་ནག་པོ་བུད་མེད་དང་ལྷན་ཅིག་པ། མར་མ་མཛད་དཀར་ཤམ་གཞོན་ནུའི་ཆ་བྱད་ཅན་བུད་མེད་དང་ལྷན་ཅིག་པའོ། །དགེ་བསྙེད་ཟླ་བ་སྔོ་ལྗང་པོ་ཏིའི་ ཕྱག་རྒྱ་ཅན་བུད་མེད་དང་ལྷན་ཅིག་པའོ། །ར་བུ་ཏ་ནག་པོ་སྐྱེས་བ་དང་ལྷན་ཅིག་པ། དགའ་བའི་རྡོ་རྗེ་སྐྱེས་པ་དང་ལྷན་ཅིག་པ། ཀ་དོལ་པ་ཕྱག་སློང་བའི་སྣོད་ཅན་སྐྱེས་པ་དང་ལྷན་ཅིག་པ། །ལྤགས་ལྷམ་མཁན་དཀ