Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 203
Văn bản gốc(Tây Tạng)
Trang 16 / 18 (50.000 ký tự/trang)
དེ་བ་སྒྲུབ་འདོད་ཀྱང་། །སྡུག་བསྔལ་ཉིད་ནི་སྐྱེད་པར་བྱེད། །འཇམ་རྩི་དབྱར་ནི་མི་གཏོང་ལ། །གལ་ཏེ་བློ་ཆུང་བས་གཏོང་ན། །སྣུམ་ནི་མྱུར་དུ་ལྡོག་འགྱུར་ཞིང་། །དེ་ཡི་ཕན་པ་བྱེད་མི་ འགྱུར། །དེ་ལྟར་ཉེས་པར་གྱུར་བ་ལ། །གཅིན་རྟུག་བསིལ་བའི་སྦྱོར་བ་བྱ། །དེ་རྗེས་འཇམ་རྩི་ལེགས་བཏང་ལ། །དེ་ཡི་དོན་ནི་སྒྲུབ་པར་བྱེད། །དུ་བ་ལ་སོགས་པ་ར་མས་གཏོང་བྱ། །སྨར་ནི་བྱུང་རུད་མ་བྱུང་རུང་། །དེ་ཡིས་ཕན་པ་མི་བྱེད་དེ། །ནད་ནི་སྐྱེད་པར་བྱེད་ པ་ཡིན། །སྨྱོ་དང་ལུས་པ་དབུགས་མི་བདེ། །ལྐོག་ནད་དང་ནི་གཉའ་རེངས་དང་། །འཁྲུ་བ་དང་ནི་རླུང་འཁྱིལ་དང་། །དེ་བཞིན་སྙིང་ནད་བཞི་པོ་དང་། །མཇུག་དོ་རྒྱབ་རེངས་ལྟོ་སྤོས་པའི། །ནད་རྣམས་དེ་ལས་འབྱུང་བར་གྱུར། །མས་གཏོང་པས་གྱུར་ནད་འདི་རྣམས། །སོ་ སོར་འབྱུང་བར་གྱུར་པ་ལ། །གསོ་བ་ལ་ནི་ཇི་སྐད་བསྟན། །ཆོ་ག་བྱས་པས་བསལ་བར་བྱ། །ལེགས་པར་འདུག་པར་འགྱུར་བ་ལ། །རྔ་མ་གཡས་སུ་གཟུང་བྱ་ལ། །ལག་པ་གཡོན་པས་བཅུག་ནས་ནི། །གཡས་པ་ཡིས་ནི་བཙིར་བར་བྱ། །རེངས་ན་ཤིན་ཏུ་དལ་མིན་པར། ། རྒྱུན་གྱིས་རྗེས་སུ་འབབ་པར་གཏང་། །ལན་གཅིག་གཏང་བར་བྱ་བའམ། །ཡང་ན་དུས་ནི་གཉིས་སུ་གཏང་། །དུས་གསུམ་དུ་ནི་མི་གཏོང་ཞིང་། །བག་མེད་པར་ནི་མི་བཙིར་སོ། །རྒྱབ་ནི་བསྐུ་སྟེ་བཏང་གྱུར་ན། །ལེ་ལས་སྣུམ་ནི་སྙོམས་པར་འགྲོ། །བདེ་བས་ནད་རྣམས་གསོས་ ནས་ནི། །སླར་ཡང་བཟློག་པར་འགྱུར་བ་ནི། །རླུང་ནི་མང་དུ་འབྱིན་བྱེད་ཅིང་། །ནད་ནི་སླར་ཡང་འཇུག་པར་བྱེད། །འཇམ་རྩི་བཏང་བར་གྱུར་པ་ལ། །རྒྱབ་མཉེ་སེན་མོས་འཕྲུག་པར་བྱ། །ཏིལ་མར་འཇམ་རྩི་བཏང་གྱུར་ན། །ས་ཞག་གིས་ནི་བསྐུ་བར་འདོད། །ཏིལ་ མར་དྲོ་ཞིང་ཚ་བས་ན། །རྟ་ཡི་མཁྲིས་པ་སྐྱེད་པར་བྱེད། །དེ་བས་རྐེད་པའི་ལོགས་གཉིས་སུ། །ས་ཞག་གིས་ནི་བསྐུ་བ་བསྔགས། །འཇམ་རྩི་གཏོང་བར་བྱེད་པ་ན། །གལ་ཏེ་རླུང་ནི་ཞུགས་གྱུར་ན། །འཇམ་རྩི་དང་ནི་འདྲེས་པ་ཡི། །ནད་ནི་དེ་རུ་གནས་པར་གྱུར། ། དེ་བས་ཤིན་ཏུ་མི་ལྷོད་ཅིང་། །དྲག་ཏུ་བཙིར་བར་མི་བྱའོ། །འཇམ་རྩི་ཕྱེད་ཙམ་བཏབ་བ་ན། །གལ་ཏེ་རྟ་ནི་དབུགས་སྟོང་ན། །སྦུ་གུ་མྱུར་དུ་དབྱུང་བྱ་ཞིང་། །རླུང་དགག་པར་ནི་མི་བྱའོ། །རླུང་དེ་བཏང་བར་གྱུར་པ་ན། །རྟ་ནི་མཉམ་དུ་ལེགས་གཞག་ལ། །དེ་ནས་སྣུམ་ གྱི་ལྷག་མ་ཡིས། །འཇམ་རྩི་གཉིས་པ་གཏང་བར་བྱ། གང་ཕྱིར་རྗེས་མཐུན་བཏང་བས་ནི། །དེ་ཕྱིར་འཇམ་རྩི་ཡིན་པར་བཤད། །འཇམ་རྩི་ཟུང་དུ་མ་གྱུར་པས། །བཏང་ན་ཚེ་དང་སྟོབས་འཕེལ་བྱེད། །མཁྲིས་པ་ཅན་ལ་ལན་གསུམ་གཏང་། །བད་ཀན་ཅན་ལ་ ལྔའམ་བདུན། །དེ་བཞིན་རླུང་ནད་ཅན་ལ་ནི། །དགུའམ་ཡང་ན་བཅུ་གཅིག་གཏང་། །ནད་བུ་ཅན་ལ་ཅི་སྲིད་དུ། །ནད་ནི་ཞི་གྱུར་བར་དུ་གཏང་། །ནད་ནི་མ་གཡོས་སྐྱེད་བྱེད་ཅིང་། །བསྐྱོད་པ་རྣམས་ནི་འབྱིན་པར་བྱེད། །ནད་མེད་གྱུར་པ་རྣམས་ ལ་ཡང་། །ཟླ་བ་ཕྱེད་ཅིང་རྟག་ཏུ་གཏང་། །ནད་མེད་པ་ལ་བཏང་གྱུར་ན། །སྟོབས་དང་མདོག་ནི་མཆོག་ཏུ་སྐྱེད། །ཟླ་ཕྱེད་ཚིགས་སུ་ལྷག་པར་ཡང་། །འཇམ་རྩི་བཏང་བར་གྱུར་ན་ནི། །དེ་ཡི་ཡིད་ནི་བདེ་འགྱུར་ཞིང་། །སྟོབས་སོགས་ཡོན་ཏན་འཕེལ་བར་འགྱུར། །དེ་ནི་ ལེགས་པར་འཇུག་བྱའི་ཕྱིར། །རྗེས་སུ་བཏང་བ་བླང་བར་བྱ། །དེ་ཡི་ཕོ་བའི་དྲོད་སྐྱེད་ཅིང་། །རླུང་ནི་བདེ་བར་རྒྱུ་བར་བྱེད། །འཇམ་རྩི་བཏང་བར་གྱུར་པ་ན། །སྨན་ཆུ་བླུད་པ་མཆོག་ཏུ་བསྔགས། །དེ་ནས་འཇམ་རྩི་གོང་མ་ཡི། །ཆོ་ག་ཡང་དག་བཤད་པར་བྱ། །སྔར་ བཤད་པ་ཡི་རྫས་ལས་ནི། །སྦུ་གུ་འཇམ་ཞིང་ཕྲ་བ་བྱ། །བདག་མེད་མེད་ཅིང་ཁ་སྒོ་ཕྲ། །དཔངས་སུ་སོར་ནི་བཅུ་དྲུག་པ། །རྩ་བ་འཁོར་ལོ་གཉིས་དང་བཅས། །འཇམ་ཞིང་བཅིངས་པར་བདེ་བར་བྱ། །འདི་ནི་ཚད་ཆེན་སྲང་བརྒྱད་དེ། །གཞན་དག་ལ་ནི་དེ་ཡི་ཕྱེད། ། མཚན་ནི་སྦུབས་ནས་ཕྱུང་ནས་ཀྱང་། །བུ་གུ་དེ་རུ་གཞག་པར་བྱ། །དེ་ནས་རྟ་ནི་ལེགས་གཞག་ལ། །དེ་ནས་སྔར་བཤད་ཚུལ་དུ་ནི། །ལྒང་བ་ལེགས་པར་བཙིར་བར་བྱ། །དེ་འདྲའི་མས་གཏོང་གོང་མ་ནི། །གཅིན་ནད་ཅན་ལ་གཏང་བར་བྱ། །ཆོ་ག་འདི་འདྲས་རྟ་ལ་ནི། ། གཅིན་ནད་སླར་ཡང་འགྱུར་མི་འགྱུར། །ལྷག་མ་ལུས་སམ་ཕྱིའི་འོག་འགྱུར། །མས་གཏོང་པས་ནི་གནོད་སྐྱེད་དེ། །དེ་བས་རྟ་ནི་ལེགས་གཞག་ལ། །དང་པོར་ལེགས་པར་གཟེགས་པར་བྱ། །སྨན་པ་བློ་དང་ལྡན་པ་ཡིས། །ན་ཚོད་སྟོབས་དང་དུས་ཚིགས་དང་། །རང་ བཞིན་གོམས་པ་ཀུན་བརྟགས་ལ། །སྣུམ་བཏང་ཅི་རེགས་དུགས་བྱའོ། །བ་ཡི་མར་རམ་ཡང་ན་ནི། །ཏིལ་མར་ཤིན་ཏུ་དང་བ་བསྐོལ། །རྟ་ཡི་གསོ་བ་ཐམས་ཅད་ལ། །བ་ཡི་མར་ནི་མཆོག་ཡིན་ནོ། །སྟོན་སྐྱེས་ཏིལ་ནི་ནག་པོ་ལ། །ལག་པས་བཅིང་བའི་ཏིལ་མར་ཡང་། ། འཇམ་རྩི་དང་ནི་བསྐུ་བ་ལ། །རྟ་ལ་ཕན་པར་འགྱུར་བ་བསྔགས། །འཇམ་རྩི་གཏོང་བའི་དུས་སུ་ན། །ཁ་ནས་གཏང་བར་མི་བྱའོ། །རྟ་ནི་སྐྱོན་མེད་ཤེས་བྱས་ལ། །ལྟོ་བར་ན་འགྲངས་ལེགས་གནས་ལ། །ཚད་ནི་ལེགས་པར་བརྟགས་ནས་ནི། །མར་གྱི་འཇམ་རྩི་གཏང་བར་ བྱ། །ཕྱི་དེ་ཉིད་ནི་ལྟོ་སྟོང་ལ། །རྟ་ཡི་ཟས་ནི་རན་པར་སྦྱིན། །འགྲངས་ཟིན་བ་ལ་བརྟག་མི་བྱ། །ལྟོགས་ལ་འཇམ་རྩི་མི་གཏོང་ངོ་། །གལ་ཏེ་རྨོངས་པས་བཏང་གྱུར་ན། །མས་གཏོང་དེ་ལས་གནོད་འབྱུང་སྟེ། །དེ་ནི་རྣོ་བས་མ་བྱིན་པར། །ཟས་ནི་འབྱིན་པར་བྱེད་པ་ཡིན། ། འཁྲུ་བ་སྐྱེད་པར་འགྱུར་བ་དང་། །དེ་བཞིན་མི་བཟད་སྦོ་བར་འགྱུར། །གང་ཚེ་ལྟོ་སྟོང་གྱུར་བ་ལ། །འཇམ་རྩི་བཏང་བར་གྱུར་ན་ནི། །དེ་ཡི་ཁོང་པ་སྟོང་པས་ན། །རྟ་སྦངས་དང་ནི་མ་འདྲེད་པར། །སླར་ཡང་དོན་མེད་འབྱུང་འགྱུར་ཞིང་། །ནད་ཀྱང་སྐྱེད་པར་བྱེད་དང་ཡིན། ། དེ་བས་རྟ་སྦངས་བཏང་གྱུར་ཅིང་། །ལྟོ་ནི་ཟས་དང་བཅས་པ་ལ། །ཚ་དང་ཁ་དང་དྲོ་བ་ཡིས། །འཇམ་རྩི་ཆད་ཙམ་གཏང་བར་བྱ། །འཇམ་རྩི་རྐུབ་ལས་བཏང་གྱུར་ཀྱང་། །ཆོ་ག་ལེགས་ན་རིམ་གྱི་ནི། །ལུས་ཀྱི་སྟེང་འོག་ཐད་ཀ་རུ། །རྣམ་པར་ཁྱབ་པར་བྱད་བ་ཡིན། ། མདོག་དང་ཁ་དོག་སྐྱེས་བྱེད་ཅིང་། །ནད་ཀྱང་སེལ་བར་བྱེད་པ་ཡིན། །དབང་པོ་གསལ་ཞིང་དགའ་བ་དང་། །ལུས་ཟུངས་རྣམས་ཀྱང་འཕེལ་བྱེད་ཡིན། །མེ་དྲོད་སྐྱེ་ཞིང་བརྟན་པ་དང་། །གཅིན་རྟུག་བདེ་བར་འབྱུང་བ་ཡིན། །མངལ་ནི་ལེགས་པར་བྱེད་པ་དང་། །ལུས་ཀྱང་ བརྟན་པར་བྱེད་པ་ཡིན། །འདི་ནི་འཇམ་རྩི་བཏང་གྱུར་བ། །ལེགས་པར་གྱུར་པའི་མཚན་ཉིད་ཡིན། འཇམ་རྩི་བཏང་དྲགས་མ་ལེགས་པས། །འབྱིན་དང་རྟུག་པ་འགགས་འགྱུར་ཞིང་། །དེ་བཞིན་གཅིན་ནད་འབྱུང་བ་དང་། །རླུང་འཁྱིལ་ལྟོ་ནི་སྦོ་བ་དང་། །ཚོན་གྱི་ནད་ རྣམས་འབྱུང་འགྱུར་ལ། །སྣུམ་རགས་གྱུར་པའི་རྒྱུ་ལས་ནི། །དེ་བཞིན་མེ་དྲོད་མི་མཉམ་དང་། །དལ་སྐྱེན་རྨོངས་བག་རྣམས་ཀྱང་འབྱུང་། །དེ་བས་འཇམ་རྩིའི་ལས་རྣམས་ནི། །ཤིན་ཏུ་ལེགས་པར་བྱ་བ་ཡིན། །དེ་བས་དྲགས་པར་མ་གྱུར་པའི། །སྣུམ་གྱི་འཇམ་རྩི་ གཏང་བར་བྱ། །འཇམ་རྩི་བཏང་བར་གྱུར་པའི་རྟ། །བཀོལ་བ་ལ་སོགས་སྤང་པར་བྱ། །འཇམ་རྩི་གཏོང་བའི་དུས་སུ་ནི། །སྨན་པ་སམ་གཡེངས་ཉིད་དུ་བརྟག །འཇམ་རྩི་བཏང་བའི་རྗེས་ལ་ནི། །ཕོ་བའི་མེ་དྲོད་སྐྱེད་པའི་ཕྱིར། །ལན་ཚྭ་བཅའ་སྒ་ཤིང་ཀུན་དང་། ། ན་ལེ་ཤམ་སྦྱར་ཆང་བླུད་བྱ། །རྗེས་སུ་བཏུང་བ་འདི་ཉིད་ནི། །ནང་པར་ཟ་མ་ཟོས་ཚེ་བྱིན། །དུས་ནི་ཅི་སྲིད་བྱིན་གྱུར་པ། །དེ་སྲིད་བར་དུ་ཁོང་རྩུབ་བྱ། །ཁོང་རྩུབ་གྱུར་པར་ཤེས་ནས་ནི། །དེ་ལ་བཅོས་པའི་ཐབས་ཀྱང་བྱ། །དེ་ཡི་ཉིན་ཞག་གཉིས་པ་ལ། །སྔ་དྲོ་ཁ་ཟས་བྱིན་ པ་ཕན། །ཕྱི་དྲོ་ཁྲུས་བྱས་རྗེས་པ་ནི། །ཤ་ཁུ་དང་སྦྱར་ཁ་ཟས་ནི། །སྣུམ་དང་ལན་ཚྭ་བྲོ་བ་སྦྱིན། །དེ་སྟོབས་ཚེ་ནི་འཕེལ་བར་འགྱུར། །དེ་ནས་ཟས་སྐོམ་འོ་མར་བཅས། །སྦྱིན་ཞིང་ཆང་བླུད་པས་བརྡ་བྱ། །རྟ་ནི་ལེགས་པར་བརྟས་གྱུར་ནས། །ལས་རྣམས་ཀུན་ལ་ལེགས་ པར་སྦྱར། །ཚེར་མ་ཆེན་པོ་ལས་སྐྱེས་དང་། །ལྕུག་མ་ལས་སྐྱེས་རྩ་པ་སྐྱེས། །ལྔ་པ་རྩ་ལས་བྱུང་བ་སྟེ། །རྩ་བ་ལྔ་བ་རྣམས་ལྔ་ཡིན། །ལྔ་པའི་འོག་མ་དྲུག་པ་དང་། །དེ་བཞིན་བདུན་པ་འཁྲུ་སྤྱོད་བྱེད། །བིལ་བ་ཨ་གྣི་མན་ཐ་དང་། །སོ་ན་ཀ་དང་ཀ་མ་རི། །ས་ཧ་མ་སྟེ་ འདི་དག་ནི། །རྩ་བ་ལྔ་པ་ཆེན་པོར་བཤད། །བྲྀ་ཧ་ཏི་གཉིས་ཨ་རན་དང་། །ཨ་དཱུ་མ་ཏི་བ་སུ་ག །རྩ་བ་ལྔ་པ་ཆུང་ངུ་རུ། །གཉིས་པ་འདི་ནི་ཤེས་པར་བྱ། །བྲྀ་ཀྵ་དང་ནི་སྲེ་ཏྲེས་དང་། །མི་ད་རི་དང་ཤ་རི་བ། །ཨ་ཛ་ཤྲི་དྒ་ལྕུག་མ་ལས། །སྐྱེས་པ་ལྕུག་མ་ཡིན་ཞེས་བྱ། ། བྱ་བྲ་ན་ག་ཤྲེ་ཡ་དང་། །ཀ་ར་མ་ཏི་ཏྲི་ཀ་ནར། །འདི་ནི་རྩ་བ་ལས་བྱུང་བའི། །རྩ་བ་ལྔ་པར་བཞི་པར་བཤད། །ཀུ་ཤ་འཇག་མ་འདམ་བུ་དང་། །ཀུན་ཛ་མཱུ་ལ་དང་བ་ནི། །འདི་ནི་རྩ་ལས་བྱུང་བ་ཡི། །རྩ་བ་ལྔ་པ་ལྔ་པ་ཡིན། །ཀོ་ཤ་ཕ་ལ་བ་རུ་ན། །ཤི་ཀྲུ་བི་ར་རྟ་རུ་དང་། །རྟ་ རུ་ཞེས་བྱ་ལྔ་པ་ནི། །ལྔ་པའི་ཕྱི་མ་དྲུག་པ་ཡིན། །སྲི་བརྟག་པར་ནི་བ་ལ་གཉིས། །དེ་བཞིན་པུ་བ་རྣ་བ་གཉིས། །འདི་ནི་གཅོད་བྱེད་ལྔ་པ་སྟེ། །བདུན་པ་ཡིན་པར་རབ་ཏུ་བཤད། །དུར་བྱིད་ཙནྡན་ཅི་ཏྲ་ཀ །ས་ར་དེ་བཞིན་ཤིང་མངར་དང་། །ཀུ་ཤ་ན་ས་ཤ་མ་དང་། །བེ་ཛ་ ཡན་ཏི་ཏྲ་བན་ཏི། །དོང་ཀ་ནིམ་པོ་འུ་ཏི་ཀ། །དེ་བཞིན་ག་པུར་སླེ་ཏྲེས་དང་། །དེ་བཞིན་སཔྟ་པ་རྞི་དང་། །མ་ཧཱ་ནི་མ་པའི་འབྲས་བུ་དང་། །ནས་དང་རྒྱ་ཤུག་ཀུ་ལད་དང་། །འདི་ནི་འཇམ་རྩིའི་སྨན་སྡེ་ཚེན། །འདི་དག་ཐམས་ཅད་བསྡུས་ནས་ནི། །ཆུ་བྲེ་བཞི་ནང་མེ་ཆུང་ལ། ། ལེགས་པར་བཙོས་པའི་སྲང་བརྒྱ་ནི། །རྟ་ནི་མཆོག་གྱུར་པ་ལ་གཏང་། །བར་མ་རྣམས་དང་ཆུང་ངུ་ལ། །བཞི་བཅས་ཕྲི་བ་གཏང་བར་བྱ། །སྨན་ཁུ་དེ་ནི་བླངས་ནས་ཀྱང་། །བཞི་ཆ་ལུས་ཀྱི་བར་དུ་བསྐོལ། །ཡུངས་ཀར་ཤ་ར་པུཥྤ་དང་། །པི་པི་ལིང་དང་བཅའ་ལྒ་ དང་། །ན་ལེ་ཤམ་དང་བྱི་དང་ག །ས་ར་ལ་དང་ཐང་ཤིང་དང་། །སུག་སྨེལ་རུ་རྟ་ཧ་རེ་ཎུ། །བྱ་བྲ་ན་ཁ་ཤ་མ་དང་། །ཧ་ཏི་པི་པི་ལིང་རྩ་བ། །དེ་བཞིན་ཡུངས་ཀར་སེར་པོ་དང་། །པུ་ཙེ་ཤེལ་དང་བོང་བ་དང་། །དེ་བཞིན་དུ་ནི་ག་རུ་རྣམས། །ཆང་དང་ཏིལ་མར་གཅིག་དང་ནི། ། དེ་བཞིན་ལན་ཚྭ་རྣམས་དང་ནི། །པོ་སོན་ཆ་དང་གཞན་ཡང་ནི། །འབྲས་བུ་གསུམ་ཡང་གཞུག་པར་བྱ། །དེ་ནི་གཅིག་ཏུ་བསགས་ནས་ཀྱང་། །མཁས་པ་ཡིས་ནི་གནས་སྐབས་སུ། །རྟ་ནི་ལྟོགས་པར་གྱུར་པ་ལ། །ནི་རུ་ཧ་ནི་གཏང་བར་བྱ། །ལྒང་པ་ཚ་དང་ཁ་ར་པའི། ། ཁུ་བ་ལ་ནི་སྦངས་ཏེ་གཏང་། །རྟ་ཡི་ནད་དང་ཚེ་དང་ནི། །གོམས་དང་སྟོབས་དང་དུས་ཚོད་རྣམས། །ལེགས་པར་བརྟགས་ལ་བཞག་ནས་ཀྱང་། །སྨན་གྱི་སྦྱོར་བ་ལེགས་པར་གཏང་། །ལོ་གསུམ་ལོན་པ་ནི་རུ་ཧ། །སྲང་ལྔ་ཡོངས་སུ་གཏང་བར་བྱ། །རྟེའུ་དང་རྒན་དང་ གཞོན་ནུ་ལ། །བཞི་ཆར་དབྱེ་བས་སྦྱང་པར་བྱ། །མཆོག་ལ་སྨན་ཁུ་བྲེ་དོ་སྟེ། །བར་མ་ལ་དེ་བཞི་ཆ་བྲི། །ཆུང་ངུ་ལ་ནི་དེ་ཡི་ཕྱེད། །འདི་ནི་ཚད་ཀྱི་ངེས་པ་ཡིན། །དང་པོར་རེག་ན་བདེ་བ་དང་། །དེ་བཞིན་རྣོ་བྲོ་ཚ་བྲོ་གཏང་། །ནད་ཀྱི་ཚུལ་ནི་བརྟགས་ནས་ཀྱང་། ། གོང་ནས་གོང་དུ་སྐྱེད་པར་བྱ། །དེ་ནས་ནད་ནི་མ་གདུངས་དང་། །གནས་གསུམ་དག་ཀྱང་རྗེས་བརྟགས་ལ། །ནད་ཀྱི་ཚུལ་ལས་ཅི་རིགས་པར། །སྨན་གྱི་སྦྱོར་བ་བྱས་པ་ཡིན། །ནི་རུ་ཧ་ཡི་རྗེས་ཐོགས་ལ། །འོ་མའི་འཇམ་རྩི་བདེ་སྐྱིད་ཡིན། །ཁ་ར་སྦྲང་རྩི་མར་ དང་ནི། །ཤིང་མངར་དང་ནི་མ་དུ་ཀ །ཤུག་པ་བཙོང་དང་པུ་ཤེལ་ཅེ། །ཙནྡན་པདྨ་གེ་སར་དང་། །གཏང་པལ་དང་ནི་རྒུན་འབྲུ་དང་། །ཤ་འགག་བ་དང་རིལ་རྣམས་དང་། །འོ་མ་དྲང་དང་སྦྱར་བ་ཡི། །འོ་མའི་འཇམ་རྩི་བསིལ་མོ་གཏང་། །འདི་ ཡིས་ཁོང་པར་བདེ་འགྱུར་ཞིང་། །ལུས་ཡང་ཡི་ག་འབྱེད་པ་དང་། །གཅིན་རྟུག་འཕྱེན་ནི་འགགས་འགྱུར་བ། །ལེགས་པར་སེལ་བར་བྱེད་པ་ཡིན། །སེམས་གསལ་བ་དང་འགྲེས་གྱུར་པ། །ནི་རུ་ཧ་ལེགས་མཚན་ཉིད་ཡིན། །སེམས་བདེ་སྙིང་སྟོབས་ཆེ་བ་དང་། །རྟ་ཡི་ གཟི་མདངས་འཕེལ་བར་འགྱུར། །ལུས་ལ་གནས་པའི་རླུང་ལྔ་ཡང་། །རྗེས་སུ་མཐུན་པར་རྒྱུ་བར་བྱེད། །རླུང་གི་ནད་ནི་འཁྱིལ་བ་དང་། །དེ་བཞིན་རྟུག་སྐམ་ནད་རྣམས་དང་། །གཞན་ཡང་དེ་འདྲ་བ་ཡི་ནད། །མས་གཏོང་དྲག་པོས་སེལ་བར་བྱེད། །པགས་ནད་སེལ་ ཅིང་དབང་པོ་གསལ། །དེ་བཞིན་རིམ་གྱིས་སེལ་བྱེད་དེ། །ནམ་མཁའ་དངས་པའི་ཟླ་བ་ལྟར། །རྟ་དེ་སྐྱོན་མེད་པར་སྣང་ཡིན། །ནི་རུ་ཧ་ཉེས་མཚན་ཉིད་ནི། །ནད་ནི་བརྟན་པས་གནས་པ་དང་། །ལུས་ལྕི་ཞུམ་པར་གྱུར་པ་དང་། །འཕྱེན་དང་རྟ་སྦངས་འགགས་པ་ དང་། །ཚབས་ཆེ་རློན་པར་འགྱུར་བ་དང་། །གཅིན་འགགས་སྤོས་པར་འགྱུར་པ་ཡིན། །ནི་རུ་ཧ་ནི་དྲགས་གྱུར་ན། །རྟ་ཡི་རྟུག་པ་ཟད་འགྱུར་ཞིང་། །ཁོང་པ་གཟེར་གྱིས་ཁྱབ་པ་དང་། །ལུས་ཀུན་ན་བར་བྱེད་པ་ཡིན། །དྲི་མ་ཤིན་ཏུ་བསལ་དྲགས་པས། །རླུང་ནི་རབ་ཏུ་ འཁྲུགས་པར་བྱེད། །དེ་ལས་སྦེག་དང་མདོག་ངན་དང་། །དབང་པོ་ཤིན་ཏུ་ཞུམ་འགྱུར་པའི། །རྨོངས་ཞིང་འཁྲུལ་པ་ཉིད་དང་ནི། །ལུས་རེངས་པར་ཡང་འགྱུར་བ་ཡིན། །དཀར་བའི་མཆུ་ནི་འབའ་ཞིག་པའི། །བདག་ནི་འཁྲུ་བར་འགྱུར་བ་ཡིན། །འདི་ཡི་ནད་བཞིར་འགྱུར་བ་ ཡང་། །ཡིད་བདེ་བར་ནི་མི་འགྱུར་རོ། །ཆུ་འཐུངས་པའམ་ཁྲུས་བྱས་པའི། །དེ་བཞིན་འགྲངས་པར་གྱུར་པ་དང་། །རླུང་ནི་གྱེན་དུ་ཟློག་པ་དང་། །ཤིན་ཏུ་འཁྲུ་བར་བྱེད་པ་དང་། །རྟ་གང་འཇིགས་པས་ཉེན་པ་དང་། །གཅོང་ཆེན་ནད་ཀྱི་བཏབ་པ་དང་། །ཁུར་གྱི་ཤིན་ ཏུ་དུབ་པ་དང་། །རྟེའུ་དང་དེ་བཞིན་གསེབ་དང་ནི། །ཁྱབ་པར་དུ་ནི་སྦྲུམ་མ་དང་། །དུགས་གིས་ཉེན་དང་ཆང་འཐུངས་དང་། །དུབ་ཅིང་འཁྲུལ་པར་འགྱུར་བ་དང་། །ལུད་པ་དབུགས་མི་འདེས་ཉེན་དང་། །ཁྲག་དང་མཁྲིས་པས་ཉེན་པ་དང་། །སྟོན་དང་སོས་ཀའི་ཚེ་ན་ནི། །མས་ གཏོང་བས་ནི་གཏང་མི་བྱ། །འདི་ཡིས་ཕན་པ་མི་སྐྱེད་ཀྱི། །གནོད་པ་མི་བཟད་སྐྱེད་པར་བྱེད། །དེ་ནས་མས་གཏོང་བྱས་པ་ཡི། །རྟ་ནི་རླུང་མེད་གནས་སུ་གཞག །སྐེ་རེངས་ཀྱིས་ནི་བར་འགྱུར་ན། །རྗེས་སུ་གསོ་བ་འདི་བྱ་སྟེ། །ས་མང་ག་ར་ཤུ་ཏི་དང་། །རུས་རུ་རྒྱམ་ཚ་སྦྱར་བ་ ཡིས། །བསྐུས་ནས་དེ་ཡི་རྗེས་ལ་ནི། །རྡོ་དང་གསེག་མས་དུགས་བྱའོ། །སྣ་སྨན་གྱི་ནི་ལས་རྣམས་དང་། །མེ་བཙའ་ཡི་ནི་ལས་ཀྱང་བྱ། །འོ་མ་དང་ནི་ཤ་ཁུ་དང་། །སྦྱར་བའི་ཟས་ནི་སྦྱིན་པར་བྱ། །གཞད་ཁ་ན་བར་གྱུར་པ་དག །དེ་ཡི་གསོ་བ་བཤད་པར་བྱ། །བསིལ་ སྨན་གྱི་ནི་ལྡེ་གུ་དང་། །འདམ་ལ་སོགས་པ་བསྐུ་བ་བྱ། །མཇུག་མ་མཚན་དང་མགོ་པོ་དང་། །རྣ་བ་མཇུག་མ་ཚིགས་ཀུན་བསྐུ། །ཁ་ཟས་བུ་རམ་མར་དག་དང་། །སྦྱར་བ་གྲང་མོ་བྱིན་ན་ཕན། །མར་དང་སྦྲང་རྩི་རྒུན་འབྲུ་དང་། །ཁ་ར་དང་སྦྱར་སྦྱིན་བྱ་ཞིང་། །གནས་ནི་བསིལ་བར་ གཞག་པར་བྱ། །དེས་ནི་བདེ་བ་འཐོབ་པར་འགྱུར། །གཅིན་ནི་གལ་ཏེ་འགགས་གྱུར་ན། །དེ་ལ་གསོ་བ་འདི་བྱ་སྟེ། །མངར་བའི་སྨན་དང་སྦྱར་བ་ཡི། །འོ་མའི་འཇམ་རྩི་དེ་ཉིད་གཏང་། །སྨན་པས་རྟ་ནི་སྣུམ་ཆོས་དང་། །དུགས་བྱས་ནས་ནི་རུ་ཧ་གཏང་། །མངར་བའི་སྨན་ དང་སྦྱར་བ་ཡི། །འཇམ་རྩི་ཉེ་བར་གཏང་བར་བྱ། །ཚ་བ་གསུམ་དང་སྦྱར་བ་ཡི། །རེང་བུ་རྣོ་ཞིང་ཚ་བ་དང་། །ལན་ཚྭར་བཅས་པ་མཚན་ནས་གཏང་། །དེ་ནི་གཅིན་འགགས་སེལ་བར་བྱེད། །ཁ་ཟས་མར་དང་འོ་མ་དང་། །སྦྲང་རྩི་པི་པི་ལིང་བཅས་བྱིན། །ཡང་ན་ཕྱེད་ དང་གསུམ་རི་དང་། །པི་པི་ལིང་སྦྱར་སྦྱིན་པར་བྱ། །སྨན་དེ་དག་དང་ཆང་དང་སྦྱར། །རྗེས་སུ་བཏུང་བ་སྦྱིན་པར་བྱ། །འབྲས་ཆན་སཱ་ལུ་འོ་མ་དང་། །ཞོ་སྦྱར་ཁ་ཟས་སྦྱིན་པ་བསྔགས། །ཅི་ནས་འདིར་ནི་བདེར་འགྱུར་བའི། །མེ་བཙའ་ཡི་ནི་ལས་ཀྱང་བྱ། །གལ་ཏེ་ ལུས་ནི་རེངས་གྱུར་ན། །དེ་ལ་གསོ་བ་འདི་བྱ་སྟེ། །ཟས་དང་བསྐུ་དང་བཏུང་བ་དང་། །སྣ་སྨན་དང་ནི་མི་འཇམ་རྩི་གཏང་། །རྟུག་པ་གསུམ་གྱི་དུགས་དག་ཀྱང་། །འདི་ལ་ལེགས་པར་སྦྱར་བར་བྱ། །གཏར་ག་ཡི་ནི་ལས་བྱ་ཞིང་། །རླུང་མེད་པ་ཡི་གནས་སུ་ གཞག། །སྨྱོ་ན་འབྱུང་པོའི་གཏོར་མ་དང་། །བདུག་པ་དང་ནི་མིག་སྨན་དང་། །སྦྱིན་སྲེག་གི་ནི་ལས་བྱ་ཞིང་། །བྲམ་ཟེ་དགེ་སྦྱོང་ཚིམ་པར་བྱ། །གཞན་ཡང་སྨྱོ་བ་གསོ་བ་ལས། །བཤད་པའི་ཆོ་ག་རྣམས་ཀྱང་བྱ། །དེ་བཞིན་ནད་ཀྱི་ཁྱད་པར་གཞན། །བྱུང་ནའང་ཅི་ རིགས་གསོ་བར་བྱ། །ཤ་ལི་ཧོ་ཏྲའི་གྲུབ་པའི་གནས་བདུན་གཏོང་བའི་ཆོ་ག་བསྟན་པའི་ལེའུའོ།། །།ཐུབ་མཆོག་ཤ་ལི་ཧོ་ཏྲ་ལ། །ལེགས་ཐོས་དུལ་བ་དང་ལྡན་པས། །རྐང་པ་ལ་ནི་མགོ་གཏུགས་ཏེ། །དྲི་ཞིང་སྐུལ་བའི་ཚིག་གིས་སྨྲས། །ཁྱེད་ ཀྱིས་བརྩེ་བའི་ཕྱོགས་དང་ནི། །གནོད་པར་གྱུར་པ་རྣམས་ཀྱང་གསུངས། །གཙག་དཔྱད་ཀྱི་ནི་དབྱེ་བ་ཡང་། །རྣམ་པ་དྲུག་ཏུ་ཡོངས་སུ་གསུངས། །རྩ་ཕུག་དྲགས་དང་རྒྱུས་པ་དང་། །ཚིགས་ལ་གནོད་གྱུར་ལས་ནད་གྱུར། །འདི་དག་གི་ནི་མཚན་མ་དང་། །གསོ་བ་ བདག་ལ་བཀའ་སྩོལ་ཅིག །དེ་ནས་བུ་ཡིས་དྲིས་གྱུར་པའི། །ལེགས་ལྡན་གྱིས་ནི་སླར་སྨྲས་པ། །ནད་དང་རུས་པ་རྒྱུས་པ་ལ། །གནོད་འགྱུར་གསུམ་པོ་གསོར་མི་རུང་། །ཚིགས་པ་གཉའ་བར་རྩ་བོ་ཆེར། །གནོད་པར་གྱུར་བ་གསོར་རུང་ཡིན། །བསྟན་བཅོས་ ལས་རྣམས་ལེགས་མཐོང་ཞིང་། །རང་བཞིན་བརྟན་ལ་ལས་ལ་བྱ། །ལག་པ་ཤིན་ཏུ་གོམས་གྱུར་པ། །དེ་ཡིས་ནམ་ཡང་གནོད་མི་སྐྱེད། རྟ་རྫི་ལས་བྱུང་ཉེས་པ་ཡང་། །ནད་པ་སྤྱོད་ལམ་འཆོལ་བ་ལས། །ནད་ཀྱི་ཚུལ་ནི་བྱུང་གྱུར་པ། །དེ་ནི་གསོ་བར་སླ་བ་ཡིན། ། གཙག་བུས་བཅད་དམ་ཕུག་པ་ན། །སྨན་པའི་ཉེས་པ་ལས་ནད་གྱུར། །དེ་ཡི་དབང་པོ་མ་ཚང་བ། །འཆི་བ་ཉིད་དུ་འགྱུར་བ་ཡིན། །སྨན་པ་ར་རོ་ནད་བུ་ཅན། །དེ་བཞིན་རུབ་དང་ཚ་བས་ཉེན། །སྨྱོས་སམ་ཤིན་ཏུ་འཁྲུག་གྱུར་པའམ། །རྨོངས་པས་འཁྲུལ་བར་གྱུར་ བའམ། །ངོ་ཚས་འཁུམས་སམ་འདར་གྱུར་ཏམ། །ལས་ལ་ཐེ་ཚོམ་བཅས་པ་དང་། །རྒན་པོའམ་ཡང་ན་བྱིས་པའམ། །ཡིད་མི་བདེ་བའམ་འཇིགས་གྱུར་པ། །དམ་པ་ལ་ནི་མི་བརྟེན་པའམ། །གང་ཞིག་རྨོངས་པར་གྱུར་པ་ཡི། །ཐོས་པ་ཉུང་ཞིང་ང་རྒྱལ་ཆེ། །བདག་ ཉིད་མི་སྤྱོད་ནོར་ལ་སྡང་། །གླེན་ཞིང་དོན་ཚོམ་ཡིན་ལ་མཁས། །སྨན་པ་གཞན་མི་བཟོད་ཅིང་སྨོད། །ཡུལ་ལ་བརྐམ་ཞིང་ཁྲོ་ལ་གདུག །རྟག་ཏུ་རང་གི་དོན་ལ་བརྩོན། །བདག་བོའམ་ནི་བླ་མ་དང་། །དེ་བཞིན་ལེགས་པར་སྤྱོད་པ་ན། །འཛེམ་པ་མེད་ཅིང་ངོར་མི་ལྟ། །ངོ་ ཚ་དང་ནི་འཇིགས་པ་སྤངས། །རྒྱལ་པོའི་བཀའ་དྲིན་གྱིས་གསོ་ཡང་། །རྒྱལ་པོའི་མཛོད་ནི་སྟོང་བར་བྱེད། །དེ་འདྲའི་སྨན་པ་ནམ་ཡང་ནི། །རྟ་ཡི་གནས་སུ་གཉེན་མི་བྱ། །དེ་འདྲེའི་སྨན་པ་དྲག་ལྡན་པས། །རྟ་ལ་མཚོན་གྱིས་གནོད་པ་སྐྱེད། །ཚད་ལས་རྒྱལ་བའམ་ གནས་ནོར་པའམ། །སྟེང་དང་འོག་ཏུ་ནོར་པའམ། །ཕུག་དྲག་པའམ་མ་ཕུགས་པ། །རྩ་ནི་བློ་ངན་དེས་མི་ཤེས། །དེ་བས་ཕུག་ནི་དྲགས་པ་ཡི། །གནོད་པ་བཤད་ཀྱིས་མཉན་པར་གྱིས། །ཁྲག་ནི་ཕུག་དྲགས་མ་བྱུང་ན། །དབུགས་མི་བདེ་དང་ལུད་པ་སྐྱེད། ། འདུག་པ་ན་ནི་ན་འགྱུར་ཞིང་། །ཡན་ལག་ཉམས་དང་བརྩོན་ཆེན་སྐྱེད། །ཤ་སྙིང་རྨ་ནི་འདྲུལ་བ་དང་། །ཁོང་ཚ་སྐྲངས་པ་མི་བཟོད་སྐྱེད། །སྤུ་ཡང་ཤོར་བར་འགྱུར་བ་དང་། །རྩ་རྒྱུས་ཀྱི་ནི་ནད་སྐྱེད་བྱེད། །ནད་འདིས་སྲོག་ནི་འཕྲོག་བྱེད་དེ། །འཕྲལ་དུ་འཆི་བར་འགྱུར་བ་ ཡིན། །མཚན་གྱིས་གནད་དུ་ཕོག་གྱུར་བ། །དཔེར་ན་མེ་དང་གནམ་ལྕགས་སམ། །དུག་འཐུངས་ལས་ནི་གསོད་པ་ལྟར། །རྟ་ཡི་སྲོག་ནི་ཟད་བྱེད་ཡིན། །དེ་བས་ལུས་དང་ནད་ཚུལ་དང་། །ཡུལ་དང་གོམས་པ་ན་ཚོད་སྟོབས། །དུས་ཚིགས་ལུས་རྣམས་ལེགས་ བརྟགས་ལ། །སྨན་པས་ཁྲག་ནི་དབྱུང་བར་བྱ། །རྩ་ནི་ཕུག་དྲགས་མ་ཕུགས་པ། །གཉིས་ཀ་ལས་ནི་ཉེས་པ་འབྱུང་། །ལེགས་པར་ཕུག་ན་ནད་འབྱིན་ཅིང་། །སྡུག་བསྔལ་དེ་ལས་ཐར་བར་བྱེད། །གལ་ཏེ་རྩ་ནི་རང་གནས་སུ། །མ་རྒྱས་གསལ་བར་མི་སྣང་ བའམ། །གནས་མིན་པར་ནི་ཕུག་གྱུར་པ། །དེ་ལས་གནོད་པ་སྐྱེད་པར་འགྱུར། །རུས་པ་རྒྱུས་པ་གནད་རྣམས་དང་། །མེད་པ་དང་ནི་ཙིའི་ལྷད་དང་། །དེ་ནི་ཚིགས་ཀྱི་སྦྲེལ་མཚམས་སུ། །གཙག་བུའི་ལས་ནི་སྤང་བར་བྱ། །ཙེའུ་ལྷད་གནས་སུ་རྩ་བཅད་ ན། །དེ་ཡི་ལུས་ནི་སྐམས་འགྱུར་ཞིང་། །རྩ་བ་ནས་བཅད་ཤིང་ལྟ་བུར། །དེ་ནི་འཆི་བར་འགྱུར་བ་ཡིན། །ཚིགས་ཀྱི་མཚམས་ལས་རྟ་ལ་ནི། །གཏར་ག་བྱས་པས་རྩ་བཅད་ནས། །དེ་ཡི་ཚིགས་ནི་སྲང་འགྱུར་ཞིང་། །རྟག་ཏུ་འཐེང་བ་ཉིད་དུ་འགྱུར། །མཚོན་གྱིས་ གང་གི་གནད་དུ་ནི། །རྩ་བཅད་དེ་ནི་འཚོ་མི་འགྱུར། །གང་གིས་གཙག་བུའི་རྩེ་ཡིས་ནི། །རྒྱུས་པ་ལ་ནི་གནོད་གྱུར་པ། །དེ་ཡིས་འཐེང་པོར་འགྱུར་བའམ། །འཕྲལ་དུ་དབང་པོ་ཉམས་པར་འགྱུར། །རུས་པ་ཕུག་ན་ཆུ་སེར་ནི། །སེར་པོ་སླ་བ་འཇག་པར་འགྱུར། །གླང་ པོའི་སྣ་དང་འདྲ་བར་ནི། །ཡན་ལག་དེ་ནི་འཁུམས་པར་འགྱུར། །མིད་པ་བརྟན་ལ་ཕུག་གྱུར་ན། །དེ་ལས་གནོད་པ་མང་འགྱུར་ཏེ། །རླུང་གིས་རྒྱས་པར་འགྱུར་བ་དང་། །ཡང་ན་འཆི་བར་འགྱུར་བ་ཡིན། །དེ་བས་ནད་དང་རུས་ཚིགས་སུ། །བྱུང་བ་གསུམ་པོ་གསོར་མི་ རུང་། །གསོར་རུང་བ་ནི་བཤད་པ་གསུམ། །དེ་ཡི་གསོ་བ་བཤད་པར་བྱ། །དེ་ལ་ཕུག་དྲགས་གྱུར་པ་ན། །སྣུམ་དང་དུགས་ཀྱི་ཆོ་ག་བྱ། །སྣུམ་ནི་བཞི་པོས་བསྐུས་ནས་ནི། །ཁྲག་ནི་སླར་ཡང་བསྐྱེད་པར་བྱ། །ཁྲག་འཕེལ་གྱུར་པས་ན་བ་དང་། །ཚ་བས་གདུངས་ པར་གྱུར་ན་ཡང་། །འོ་མ་བསིལ་སྨན་ཁུ་བ་ཡིས། །བསྐུ་ཞིང་ཡོངས་སུ་བླུག་པར་བྱ། །གནས་དང་ཁ་ཟས་བཟང་པོ་དང་། །མངར་བག་དག་གིས་དེ་བསལ་བྱ། །སྨན་ཁུ་བསིལ་བའི་འཇམ་རྩི་ཡང་། །སྨན་པས་བསྒྲིམས་ཏེ་བྱ་བ་ཡིན། །བཙགས་པ་དང་ནི་སྨན་ཁུ་ བླུགས། །དུས་གཉིས་སུ་ནི་བྱ་བ་ཡིན། །ཇི་ལྟར་འཇུ་བར་གྱུར་པའི་ཚོད། །ཤེས་ནས་འོ་མའི་བཏུང་བ་སྐྱེད། །ཆུ་ལ་ཏིལ་མར་བླུད་པར་བྱ། །དེ་བཞིན་ལྗང་པ་སྦྱིན་པར་བྱ། །དེ་ཡི་འོག་ཏུ་འདི་ལ་ནི། །སྣ་སྨན་གྱི་ནི་ལས་ཀྱང་བྱ། །ཤིན་ཏུ་ཁྲག་མང་བྱུང་གྱུར་ན། ། གདོན་བསྲུང་པ་ཡི་ཆོ་གའང་བྱ། །འོ་མའི་འཇམ་རྩི་གཏང་བྱ་ཞིང་། །དེ་བཞིན་ནས་ཆག་ཁ་ཟས་སྦྱིན། །སྨན་པས་འདི་ལ་ནས་ཐུག་དང་། །ཉ་ཤ་ཡི་ནི་ཤ་ཁུ་སྦྱིན། །གཙག་བུ་ལས་བྱུང་ནད་རྣམས་ཀུན། །སྔར་ནི་རྣམ་པར་བཤད་པ་ཡིན། །དེ་ལས་བཤད་པའི་གསོ་ བ་ནི། །བྱས་ནའང་བདེ་བ་ཐོབ་པར་འགྱུར། །ཤ་ལི་ཧོ་ཏྲའི་གྲུབ་པའི་གནས་བདུན་པ་ལས་གཙག་བུ་ལས་གྱུར་པའི་ནད་བསྟན་པའི་ལེའུའོ།། །།ཤ་ལི་ཧོ་ཏྲ་བདེ་གནས་ལ། །ལེགས་ཐོས་ཀྱིས་ནི་ཡང་དྲིས་པ། །བརྟ་བྱའི་ཆོ་ག་མ་ལུས་པ། །དོན་གྱིས་ཡང་དག་གཤེས་ པར་འཆལ། །འོ་མའི་འཇམ་རྩིའི་ཡོན་ཏན་དང་། །འཇམ་རྩི་གཞན་ཡང་བསྟན་དུ་གསོལ། །བུ་ཡིས་དེ་སྐད་དྲིས་པ་དང་། །ཤ་ལི་ཧོ་ཏྲས་སླར་སྨྲས་པ། །འདི་དག་ཐམས་ཅད་མ་ལུས་པར། །ངས་བཤད་པ་ལས་ཤེས་པར་གྱིས། །ཐོག་མ་ཐ་མར་བཅས་པ་ཡི། ། རྩ་བ་ལྔ་པ་ཉིད་པོ་དང་། །ནས་དང་རྒྱ་ཤུག་ཀུ་ལདྠ། །ཏབ་ལ་ཡང་ནི་བསྐོལ་བར་བྱ། །ཡང་ན་བི་ཏ་རི་ལ་སོགས། །སྨན་གྱི་སྡེ་ཚན་བསྡུས་ནས་ནི། །ཆུར་བསྐོལ་བ་ཡི་ཁུ་བ་དག །ཚད་བཞིན་དུ་ནི་གཏང་བར་བྱ། །སྨན་ཁུ་དེར་ནི་ཐལ་སྨན་དང་། །གཅིན་དང་དེ་བཞིན་ གཞད་ཁ་ཆུང་། །བུ་རམ་ཤིང་ཁུ་འོ་མ་དང་། །ཆང་དང་སྦྱར་བའི་ཆང་རྣམས་ནི། །སྲོག་ཆགས་ཀུན་གྱི་ཤ་ཁུ་ནི། །སྨན་པ་མཆོག་གིས་གཅིག་ཏུ་བསྡུ། །དེ་ལས་རྟ་ཡི་རླུང་ནད་ནི། །གསོ་བའི་སྨན་གྱིས་སྦྱར་བར་བྱ། །གཅིན་རྣམས་ཀྱིས་ནི་བད་ཀན་སེལ། །ཐལ་ སྨན་དེ་ལས་ལྷག་པ་ཡིན། །བུ་རམ་ཤིང་གི་ཁུ་བ་དང་། །དེ་བཞིན་འོ་མ་སྣ་ཚོགས་ནི། །ཁྲག་དང་མཁྲིས་པ་སེལ་བྱེད་ཅིང་། །རླུང་ནི་བདེ་བར་བྱེད་པ་ཡིན། །ནད་ཀྱི་ཚིགས་ནི་གསུམ་སེལ་བའི། །ལྡེ་གུ་ང་ལས་ཉན་པར་གྱིས། །ཤིང་མངར་དང་ནི་ཐང་ཤིང་དང་། ། ས་ར་ལ་དང་ཉུངས་ཀར་དང་། །རུ་རྟ་སུག་སྨེལ་ཧ་ཏེ་བུ། །རྒྱུ་སྤོས་དང་ནི་བཅའ་ལྒ་དང་། །རསྣ་བྱཱ་གྷྲ་ན་ཁ་དང་། །པི་པི་ལིང་དང་ཤུ་དག་དང་། །དེ་བཞིན་ལན་ཚྭ་ལྔ་པོ་དང་། །པོ་སོན་ཆ་ཡི་འབྲས་བུ་དང་། །ཏིལ་མར་དང་ནི་སྦྱར་བ་དང་། །འཁྲུ་བའི་དོན་དུའང་སྦྱིན་པར་ བྱ། །ཅི་སྐད་བཤད་པའི་རིམ་པ་ཡིས། །བཏབ་པའི་ཆོ་ག་ཉིད་བྱ་སྟེ། །དུས་སུ་རྟོགས་པར་གྱུར་བ་ལ། །སྨན་པས་ནི་རུ་ཧ་གཏང་བྱ། །དེ་ནི་ལན་ཚྭ་དང་བཅས་པ། །རྣམ་པ་གསུམ་ནི་གཏང་བྱ་སྟེ། །དང་པོ་འཇམ་པོ་ཉིད་དུ་བྱ། །དེ་ནས་ཕྱིར་ཞིང་ རྣོན་པོ་བྱ། །ཚད་ལས་བཟི་ཆས་ཆུང་བ་དང་། །དྲོ་ཞིང་ལན་ཚྭ་ཆུང་འཇམ་པ། །ནད་ནི་གདུལ་བར་དང་པོར་ནི། །མས་གཏོང་པ་ནི་འདི་བྱའོ། །ཚད་ལས་བཞི་ཆས་ལྷག་གྱུར་ཅིང་། །ཚ་དྲོ་ལན་ཚྭ་དང་ལྡན་པ། །བཏུལ་ཟིན་པ་ཡི་ནད་ལ་ནི། །བཏང་ན་ནད་ནི་འབྱིན་ པར་བྱེད། །སྨན་ནི་མངར་པོ་དང་ལྡན་ཞིང་། །འོ་མ་མར་དང་སྦྱར་བ་དང་། །སྦྲང་རྩི་ལེགས་པར་བཏགས་པ་དག །ནད་བསལ་ཟིན་ནས་སྦྱིན་པར་བྱ། །སྦྱང་བྱས་རྟ་ལ་བྱས་པ་ཡིན། །དངས་མ་རླུང་ནི་སྐྱོན་མེད་བྱེད། །ཞུ་བའི་གནས་ཀྱི་མཁྲིས་བད་ཀན། །ལེགས་ པར་སེལ་བར་འགྱུར་བ་ཡིན། །ལུས་ཀྱི་རླུང་ནི་ལྔ་པོ་ཡང་། །བདེ་བར་རྒྱུ་བར་བྱེད་པ་ཡིན། །ཅི་སྟེ་ཐལ་སྨན་བསྲེ་ན་ནི། །དྲི་མ་འབྱིན་པར་བྱེད་པ་ལྡན། །དེ་བཞིན་སྦྱངས་པས་ནད་ཀྱི་ཚོགས། །གཏིང་ནས་སེལ་བར་བྱེད་པ་ཡིན། །སྦྱངས་པས་ནད་ནི་བསལ་ གྱུར་ཅིང་། །ཁོང་བ་དག་པར་གྱུར་པ་ལ། །འཇམ་རྩི་ལེགས་པར་བཏང་ན་ནི། །ཟླ་རྒྱས་ལྟ་བུར་ལུས་འཕེལ་འགྱུར། །དུག་དང་རྒན་པོ་གཞོན་ནུ་དང་། །ཆང་འཐུངས་པ་དང་ལྟགས་པ་དང་། །ཆུ་འཐུངས་པ་ང་ཁྲུས་བྱས་པ། །དེ་བཞིན་རྩུབ་པ་གཟོས་པ་ དང་། །གཅོང་ཅན་དག་དང་རླུང་ཡང་འཁྱིལ། །དེ་བཞིན་སྐྲངས་པ་རེད་པ་དང་། །ལུད་པ་དབུགས་མི་བདེ་དམུ་རྫིང་། །ཡིན་ལ་མས་གཏོང་ལས་མི་བྱ། །གང་ལ་ནི་རུ་ཧ་གཏོང་བའི། །རྟ་ལེ་ལ་ནི་ནང་བར་དག །ལྷོ་སྟོང་ཉིད་དུ་བཞག་ནས་ནི། །དེ་ནས་ལེགས་བཏང་ནད་བསལ་ བྱ། །འཇམ་རྩི་ཆོ་གའི་ཚུལ་ལས་ནི། །སྡར་བཤད་ལྟ་བུ་གཏང་བར་བྱ། །ནད་དང་བཅས་པར་གྱུར་པ་ལ། །བདའ་བ་དག་ཀྱང་བྱ་བ་ཡིན། །ཚད་བཞིན་འཇམ་རྩི་བཏང་བ་དང་། །འོ་མའི་འཇམ་རྩིའང་གཏང་བར་བྱ། །སྣུམ་འཐུངས་པ་ལས་གང་བཤད་བའི། །ཆོ་ག་དང་ནི་ བཏུང་བ་བླུད། །སྣུམ་གྱི་ཆོ་གས་རོ་སྟོད་ཀྱི། །ནད་ནི་སེལ་བར་བྱེད་པ་ཡིན། །དེ་བཞིན་ལུས་ཀྱི་རོ་སྨད་ཀྱི། །ནད་ནི་འཇམ་རྩིས་སེལ་བར་བྱེད། །སྦེག་དང་གཞོན་ནུ་རྒན་པོའི་དང་། །རྟ་གང་སྟོབས་ནི་ཟད་པ་དང་། །ལས་ཆེན་དག་ལ་སྦྱར་བ་དང་། །དེ་བཞིན་ལུས་ ཟུངས་ཟད་པ་དང་། །རོ་སྨན་ཀྱི་ནི་ནད་རྣམས་དང་། །ནད་ནི་ཚིགས་སུ་ཞུགས་པ་དེ། །འདི་དག་གིས་ནི་ཉེན་གྱུར་པ། འཇམ་རྩི་བཏང་ན་བདེ་འཐོབ་འགྱུར། །ཁྱད་པར་དུ་ནི་སོས་ཀ་སྦྱར། །འཇམ་རྩི་ཚད་ཙམ་བཏང་བྱས་ཏེ། །འདི་ནི་སྦྱོར་བ་རྗེས་མཐུན་པའི། །འཇམ་རྩི་ སྟོབས་ནི་སྐྱེད་བྱེད་ཡིན། །རྟ་ཡི་བཅུད་ཀྱིས་ལེན་དང་ནི། །རོ་ཙ་རྟས་བྱེད་ཉིད་དུ་འགྱུར། །སྔ་དྲོ་ཁྲུས་བྱས་སྐོམ་བླུད་ལ། །བཟའ་དང་བཅའ་བ་བྱིན་གྱུར་ནས། །སྔར་བཤད་པ་ཡི་ཆོ་ག་ཡིས། །ལེགས་པར་བཏང་ན་བདེ་འཐོབ་བྱེད། །རྩ་བ་ལྔ་པ་གཉིས་ཁུ་བ། །དེ་ལ་རྗེས་སུ་ བཏུང་ཕྱིར་བླུད། །རམ་ཉེ་ཀ་རྟི་ཀ་ཀོ་ལ། །བི་ཛ་ཀ་དང་རི་ཤ་བ། །མ་ཤ་མུདྒ་པ་རྞི་གཉིས། །མེ་དང་དེ་བཞིན་སླེ་ཏྲེས་དང་། །སྟག་པ་ཚེར་དང་མ་དུ་ཀཾ །ནཱ་ག་གེ་སར་པ་ཏ་ཀ །པྲི་ཡང་ཀུ་དང་ག་དུར་དང་། །འོ་མ་ཙན་ཤིང་ཤུན་སྤང་སྤོས། །པདྨའི་རྩ་བ་སྡོང་བུར་བཅས། །ཀ་ཤེ་རུ་ ཀ་ཤྲི་ག་ཏ། །ཀ་ར་བཱི་ར་ཨུཏྤ་ལ། །པུ་ཤེལ་ཙེ་དང་གསེར་པྲམ་དང་། །ཙ་ནྡན་དང་ནི་པ་ཡས་སྱ། །ཤ་རི་བ་དང་པྲ་ཏི་དང་། ཏིལ་ནག་དང་ནི་བཙོད་དང་ནི། །ཤུག་པ་སྲིང་སྣ་ཤ་ར་བ། །འདི་རྣམས་ལྡེ་གུར་བསྐོལ་བའི་ཆུ། །འོ་མ་དང་ནི་ལེགས་སྦྱར་པ། །ཚགས་ཀྱི་ལེགས་ པར་བཙགས་བ་ལ། །ཁ་ར་དང་ནི་སྦྲང་རྩི་བཏབ། །བསིལ་ཞིང་སྙིགས་མ་མེད་གྱུར་པ། །མར་དང་ལྷན་གཅིག་བསྲེས་ནས་ནི། །བཤང་གཅི་རྣམས་པར་བསལ་གྱུར་བ། །ཤར་དུ་བསྟན་དེ་མགོ་ལྡོག་ནས། །དྲང་བར་གཞག་པར་གྱུར་བ་ལ། །རྔ་མ་གཡས་ནས་བཟུང་ནས་ནི། །བློ་དང་ ལྡན་པས་མ་བལྟབས་པར། །ལན་གསུམ་མམ་ནི་ལན་ལྔ་གཏང་། །འོ་མའི་འཇམ་རྩིས་བསལ་བའི་ནད། །སོས་ཀ་སྦྱར་ཚེ་བསལ་བ་མཆོག །མཁྲིས་པ་ལས་བྱུང་ནད་རྣམས་དང་། །དེ་བཞིན་རྟ་ཡི་ཁྲག་ནད་དང་། །རིང་ནས་འོངས་དང་ལས་ཀྱི་དུབ། །དབུགས་རྒོད་མགོ་ འཁོར་གྱུར་པ་དང་། །ལུས་ཀྱི་ཕྱི་ནང་ཚ་བ་དང་། །རིམས་ཀྱིས་བཏབ་དང་སྣུམ་ཡལ་ལ། །འོ་མའི་འཇམ་རྩི་བཏང་གྱུར་བ། །ལུས་ཀྱི་མེ་དྲོད་སྐྱེད་བྱེད་ཡིན། །རྟ་གང་མཁྲིས་པ་ཅན་དང་ནི། །མཁྲིས་པ་རྗེས་འདྲེས་ནད་རྣམས་སེལ། །དེ་བས་ཆ་བ་སེལ་བ་ འདི། །དུས་རྣམས་ཀུན་ཏུ་བསྔགས་པ་ཡིན། །ཤ་ལི་ཧོ་ཏྲའི་གྲུབ་བའི་གནས་བདུན་པ་ལས་འདབ་བ་དང་འོ་མའི་འཇམ་རྩིའི་ལེའུའོ།། །།ཤ་ལི་ཧོ་ཏྲ་དྲང་སྲོང་མཆོག །ལེགས་ཐོས་ཀྱིས་ནི་ཡང་དྲིས་པ། །རྟ་རྣམས་ལ་ནི་སྣ་ཚོགས་སྣུམ། །ཟས་དང་སྐོམ་དང་བཏུང་ བ་དང་། །དེ་བཞིན་རྗེས་སུ་བཏུང་བ་ལ། །མང་དུ་ཅི་ཕྱིར་སྦྱིན་པར་བགྱི། །འཇམ་རྩི་ཡི་ནི་ལས་རྣམས་ལའང་། །ཅི་ཕྱིར་མར་དང་ཏིལ་མར་དང་། །སྣ་སྨན་གྱི་ནི་ལས་རྣམས་ལ། །ཅི་ཕྱིར་སྣུམ་ནི་བསྔགས་པ་ལགས། །སྣུམ་འཐུང་སྦྱོར་བ་ཉེས་པ་ཡིས། །ནད་དུ་ཅི་ཕྱིར་གྱུར་པ་ ལགས། །ཁྱད་པར་མཁྱེན་པ་ཁྱེད་ཀྱིས་ནི། །འདི་དག་སོ་སོར་བསྟན་དུ་གསོལ། །བུ་ཡིས་དེ་སྐད་དྲིས་པ་དང་། །ཤ་ལི་ཧོ་ཏྲས་སླར་སྨྲས་པ། །འདི་དག་ཐམས་ཅད་མ་ལུས་པར། །ངས་བཤད་པ་ལས་ཤེས་པར་གྱིས། །རྟ་ནི་མེ་དང་རླུང་བདག་ཅན། །ལས་རྣམས་ཀུན་ལས་ མྱུར་དུ་འགྲོ། །བསྐུལ་བར་ཆུང་དུ་བྱས་གྱུར་ཀྱང་། །རྩོལ་བ་ཆེན་པོ་བྱས་པར་འགྱུར། །མ་གོམས་པ་ཡི་ཡུལ་དུ་ནི། །རྟག་ཏུ་རྒོད་པར་འགྱུར་པ་ཡིན། །རླུང་དང་མཁྲིས་པ་དང་ལྡན་པས། །དེ་ཕྱིར་རྟག་ཏུ་སྣུམ་ཆོས་འཕྲོད། །ཆོ་ག་བཞིན་དུ་སྣུམ་བྱིན་ན། །སྟོབས་དང་མེ་དྲོད་ འཕེལ་བར་འགྱུར། །དེ་ནི་རླུང་དང་གཅིན་རྟུག་རྣམས། །བདེ་བར་རྒྱུ་བར་བྱེད་པ་ཡིན། །དེའི་དོན་ཕྱིར་ན་གསོ་བ་ལ། །སྣུམ་ནི་རབ་ཏུ་བསྔགས་པ་ཡིན། །ལམ་ན་རིང་པོར་ཞུགས་པ་དང་། །ཡུལ་ཁམས་དུ་མར་ཕྱིན་པ་ཡིས། །ལུས་ནི་ཉམ་དར་གནས་གྱུར་ཅིང་། །ཤིང་དང་འདྲ་བར་ གྱུར་བའི་རྟ། །དེ་ལ་མར་དང་ཏིལ་མར་དང་། །གང་ཞིག་ཀུན་དུ་བསྐུས་ན་ནི། །ལུས་ནི་མཉེན་པར་གྱུར་པ་དང་། ལས་རྣམས་ཀུན་ལ་སྟོབས་ལྡན་འགྱུར། །གང་ཞིག་རྟག་ཏུ་སྣུམ་བསྐུས་པ། །གནས་ངན་ཉལ་བ་ངན་པ་དང་། །བཅིང་བ་དང་ནི་བརྡེག་པ་ཡིས། །སྡུག་བསྔལ་ཐམས་ ཅད་གནག་བུས་འགྱུར། །དཔེར་ན་ཤིང་ནི་ཆུས་བརླན་ན། །མྱུར་དུ་ཀུན་དུ་རྒྱས་བར་འགྱུར། །རྩ་བ་ཉིད་ནས་ཟུགས་ནས་ནི། །རྒྱས་ཤིང་མེ་ཏོག་འབྲས་ལྡན་འགྱུར། །དེ་བཞིན་རྟ་ལ་སྣུམ་བསྐུས་དང་། །བླུགས་པ་བདེ་བ་སྐྱེད་བྱེད་དེ། །བ་སྤུའི་བུ་ག་ལས་ཞུགས་ནས། ། ཤ་དང་ཚིལ་ནི་རྒྱས་པར་འགྱུར། །རྩོལ་བ་དྲགས་གྱུར་ནད་ལ་ནི། །ཞུན་མར་ཁོ་ན་བདེ་སྐྱེད་ཡིན། །སྣུམ་འཐུངས་གྱུར་པའི་ལུས་ལ་ནི། །རླུང་ནི་མན་ཡང་འཁྱུགས་མི་འགྱུར། །དེ་བས་རླུང་གི་ནད་ལ་ནི། །སྣུམ་བསྐུས་པས་ནི་བསྔགས་པ་ཡིན། །རྟ་ལ་མར་ནི་བླུད་གྱུར་ན། ། སྟོབས་དང་ལུས་ཟུངས་འཕེལ་བར་འགྱུར། །ཕོ་བའི་མེ་དྲོད་སྐྱེད་བྱེད་ཡིན། །སྟོབས་སྐྱེད་རོ་ཙ་ཚེ་འཕེལ་འགྱུར། །དབང་པོ་གཟིམ་དངས་ཁ་དོག་ལ། །དུག་དང་རྨོངས་བག་སེལ་མཆོག་ཡིན། །དེ་ཡི་ཕྱིར་ན་རྟ་ལ་ནི། །མར་བླུད་པར་ནི་མཆོག་ཏུ་བསྔགས། །ཟས་ཀྱི་ གང་དུ་སྣུམ་བྱིན་ཞིང་། །རྗེས་སུ་བཏུང་བའང་སྣུམ་དག་ནི། །ཚད་དང་ལྡན་པ་ཉིད་དུ་ནི། །ཕྱི་དྲོའི་ཚེ་ལང་སྦྱིན་པར་བྱ། །མཛེ་དང་གཡན་པའང་སེལ་བྱེད་ཡིན། །མཆོག་ཏུ་རླུང་ཡང་ཞི་བྱེད་ལ། །བད་ཀན་ལས་གྱུར་ནད་ཀྱང་ནི། །འདི་ཡིས་སེལ་བར་བྱེད་པ་ཡིན། ། བཀྲེས་པ་དང་ནི་སྐོམ་པ་དང་། །སྡུག་བསྔལ་ཀུན་ལའང་སྲན་ཆེར་འགྱུར། །དེ་བས་རྟག་ཏུ་ཟས་རྗེས་ལ། །སྣུམ་ནི་ཉེ་བར་བླུད་པར་བྱ། །སོས་ཀའི་ཚེ་ནི་ཏིལ་མར་ནི། །ཆ་གཉིས་དང་སྦྱར་ཆུ་སྦྱིན་བྱ། །དེས་ནི་དུབ་པ་མི་འབྱུང་ཞིང་། །ལུད་པ་དབུགས་མི་བདེ་མི་འབྱུང་། །ལུས་ ལ་ནད་ཀྱིས་མི་ཚུགས་ཤིང་། །ལས་རྣམས་ཀྱིས་ནི་ཞུམ་མི་འགྱུར། །དེ་བས་ཆུ་དང་སྦྱར་བ་ཡི། །ཏིལ་མར་སྦྱིན་པ་བསྔགས་པ་ཡིན། །སྣུམ་གྱི་སྦྱོར་བ་ཐམས་ཅད་ལས། །འཇམ་རྩི་མཆོག་ནི་ཡིན་པར་བཤད། །རྟ་ནི་རླུང་གི་བདག་ཉིད་ཅན། །འདི་ནི་རླུང་སེལ་བྱེད་མཆོག་ ཡིན། །འཇུ་ཚེ་རྩ་ཡི་སྒོ་ནས་ནི། །ལུས་ཀུན་ལ་ནི་ཁྱབ་པར་བྱེད། །དེས་ནི་ཚིགས་རྣམས་ཐམས་ཅད་དང་། །རྒྱུས་པ་བཀུར་ནི་ཁྱབ་པར་བྱེད། །དེ་དག་དང་ནི་འབྲེལ་བའི་ནད། །ཐམས་ཅད་ཉེ་བར་སེལ་བར་ནུས། །རོ་སྨད་འདྲ་བར་འགྱུར་བ་དང་། །མཇུག་དོ་ཡངས་ པར་བྱེད་བ་ཡིན། །གཅིན་རྟུག་འགགས་པའང་སེལ་བྱེད་ཅིང་། །ལུས་ཀུན་བདེ་བར་བྱེད་པ་ཡིན། །སྟོབས་དང་གཟི་བརྗིད་འཕེལ་བར་བྱེ། །དེ་བས་འཇམ་རྩི་ཁྱད་པར་འཕགས། །གཅིན་ནད་རྣམས་ནི་སེལ་བྱེད་ཅིང་། །རོ་ཙ་ལྒང་བའི་སྒོ་སྦྱོང་བྱེད། །མངལ་ གྱི་ནད་ནི་སྦྱོར་བྱེད་ཅིང་། །གསེབ་ཀྱི་ཁུ་བ་འཕེལ་བར་བྱེད། །ཁུ་བ་ཟླ་མཚན་སྐྱོན་སེལ་བས། །མངལ་འཛིན་པར་ཡང་བྱེད་པ་ཡིན། །མཚན་མ་བཏང་བའི་སྣུམ་གོང་མ། །གསེབ་ཀྱི་གཅིན་ནད་རྣམས་ལ་བསྔགས། །རྟ་ཡི་སྣ་ནས་སྣུམ་བཏང་བ། །མིག་གི་མཐོང་ སྟོབས་འཕེལ་བར་བྱེད། །རྣ་བ་མིག་དང་སྣ་ནད་དང་། །དེ་བཞིན་དུ་ནི་མགོ་ནད་དང་། །རྟ་ལ་སྣ་སྨན་བཏང་ན་ནི། །ནམ་ཡང་འབྱུང་བར་མི་འགྱུར་རོ། །ནམ་འཚར་ཡན་ཆད་ནད་རྣམས་དང་། །ལྐོག་མ་སྐེ་དང་མགོར་གཏོགས་པ། །སེལ་ཅིང་ཡིད་ནི་བདེ་བ་དང་། ། ཟས་འཇུ་བདེ་བར་གནས་པར་འགྱུར། །རོ་སྟོད་སྟོབས་ནི་ཆེ་བ་དང་། །རྣམ་པར་འཕེལ་བར་འགྱུར་བ་ཡིན། །དེ་ཡི་ཕྱིར་ན་རྟ་ལ་ནི། །རྟ་སྨན་མཆོག་ཏུ་བསྔགས་པ་ཡིན། །ཏིལ་མར་གྱིས་ནི་རྟ་ཡི་ནི། །རླུང་སེལ་སྟོབས་ནི་སྐྱེད་པར་བྱེད། །ཤིན་ཏུ་ཚ་མིན་དྲོ་བ་མིན། །དེ་ནི་རླུང་ འཇོམས་མཆོག་ཡིན་ནོ། །འདིས་ནི་ཡི་ག་འབྱེད་པ་དང་། །གཟི་འཕེལ་དེ་ཡི་སྟོབས་སྐྱེད་བྱེད། །རྟ་ཡི་མདོག་ནི་བཟང་བྱེད་ཅིང་། །ལུས་ཀྱང་མཉེན་པར་བྱེད་པ་ཡིན། མྱུར་དུ་འཇུ་བར་ཤེས་བྱ་སྟེ། །ཏིལ་མར་ཡོན་ཏན་དེ་དག་ལྡན། །མར་གྱི་ཚེ་ནི་འཕེལ་བར་བྱེད། །ནད་ཀུན་ འཇིགས་པར་བྱེད་པ་ཡིན། །བཅུད་ཀྱིས་ལེན་དང་རོ་ཙར་བྱེད། །སྣུམ་རྣམས་ཀྱི་ཡང་མཆོག་ཡིན་ནོ། །བསིལ་ཞིང་མངར་བ་སྣུམ་པ་དང་། །གདོན་འཇོམས་དུག་ནི་སེལ་བ་དང་། །གོམས་ན་སྲོག་ནི་འཛིན་བྱེད་ཡིན། །རྟ་ཡི་རང་བཞིན་དག་དང་མཐུན། །དེ་བས་སྣུམ་ནི་ཐམས་ཅད་ ལས། །མར་ནི་མཆོག་ཏུ་གྱུར་བ་ཡིན། །ཕག་དང་རླན་ཅན་ཆུ་ན་རྒྱུ། །ཤ་ཟ་བ་ཡི་ཞག་དང་རྐང་། །སྣུམ་མཆོག་ཡིན་ཞིང་སྟོབས་སྐྱེད་པས། །གསོ་བའི་ལས་ནི་ཀུན་ལ་བཏང་། །ཞག་ནི་ཀུན་གྱི་ནད་ནས་ཀྱང་། །ཕག་གི་ཞག་ནི་མཆོག་ཡིན་ནོ། །རླུང་དང་ མཁྲིས་པ་བསིལ་བྱེད་ཅིང་། །རྟས་པར་བྱེད་པའི་དམ་པ་ཡིན། །ཆུ་དང་རླན་ཅན་ལས་བྱུང་བ། གང་དེ་དབུགས་མི་བདེ་བ་སེལ། །འབྲས་བུ་ཟ་བའི་མཁྲིས་པ་སེལ། །ལོ་མ་ཟ་བའི་བད་ཀན་འཇོམས། །བ་ལང་མ་ཧེ་ར་དང་ནི། །དེ་བཞིན་རྟ་ཞག་རྐང་ཉིད་དེ། །ཞག་རྐང་བཞི་པོ་ འདི་དག་གིས། །མཁྲིས་པ་དང་ནི་བད་ཀན་སེལ། །ཤིན་ཏུ་སྟོབས་ཆེའི་རྐང་དང་ཞག །ཐམས་ཅད་རླུང་ནད་ཅན་ལ་ཕན། །དེ་ལྟར་སྨན་པས་རླུང་གི་མཆོག །བཞི་བོ་ལེགས་པར་གཏང་བར་བྱ། །སྣ་སྨན་གྱི་ནི་སྦྱོར་བ་དང་། །ཉེས་པ་རབ་ཏུ་བཤད་བྱ་སྟེ། །ཆུ་སྦུབས་སྲིད་དུ་ སོར་བཅུ་པ། །ཞིང་དུ་སོར་ནི་བྱ་དང་གཉིས། །ཁོང་སྟོང་ཚིགས་ནི་གཅིག་པ་ཡིན། །མོད་ལ་ལས་ནི་བྱ་བ་ཡིན། །རྩེ་མོ་རྟ་ཡི་སྣ་འདྲ་བ། །འཇམ་པོར་བྱས་ལ་སྣ་སྨན་གཏང་། །ཡང་ན་བལ་གཙང་སྦངས་པ་ཡིས། །ཏིལ་མར་བཙིར་ཏེ་གཏང་བར་བྱ། །ཅི་སྐད་བཤད་པའི་ ནད་རྣམས་སལ། །ནད་མེད་གྱུར་བའི་རྟ་ལ་ཡང་། །ཚད་ཤེས་པ་ཡི་སྦྱོར་བ་ཡིས། །ཅི་སྐད་བཤད་བཞིན་དུ་གཏང་། །སྔ་དྲོ་ལྟོ་ནི་བཀྲིས་གྱུར་ཚེ། །མཁའ་ལ་སྤྲིན་ནི་མེད་པ་ན། །སྣ་ནི་དྲང་པོར་གཞག་བྱས་ལ། །ཁར་བའི་སྦུབས་ལས་སྣ་རུ་བླུགས། །དབུགས་བྱུང་བས་ནི་ མ་གནོད་པར། །རྒྱུ་ནི་ཕྲ་མོར་གཏང་བར་བྱ། །མདོ་ལ་སྣུམ་ནི་བླུགས་གྱུར་ན། །ལུད་པ་དབུགས་མི་བདེ་བ་སྐྱེད། །སྲིལ་རྐང་ཞུགས་པས་མཛེར་བྱེད་ཅིང་། །མིག་དང་སྣ་ནས་ཆུ་འཛག་འགྱུར། །མགོ་ནི་ཡོན་པོར་གཞག་གཏད་ན། རོ་སྟོད་ཀྱི་ནི་ཚིགས་རྣམས་དང་། །བུ་ག་ རྒྱུས་པ་རྩ་རྣམས་སུ། །གོ་རིམས་ཇི་བཞིན་འགྲོ་མི་ནུས། །གྱེན་རྒྱུ་སྣུམ་གྱིས་བཀག་པས་ན། །རྟ་ཡི་བུ་ག་ཐམས་ཅད་ནས། །རྒྱུན་ལམ་འགག་པར་འགྱུར་བ་ཡིས། །རོ་སྟོད་ཀྱི་ནི་ནད་རྣམས་སྐྱེད། །སྣབས་འཛག་མགོ་བོའི་ནད་དང་ནི། །གཉེའུ་རེངས་ལྐོག་མའི་ནད་རྣམས་ དང་། །ལུད་པ་དབུགས་མི་བདེ་གཅོད་ཅན། །ནད་རྣམས་འདི་ཡིས་སྐྱེད་པར་བྱེད། །ཚ་དང་རླུང་བཅས་ཁ་ཆར་འབབ། །ཁྲུས་བྱས་ཟས་སྐོམ་ཟོས་དང་འཐུངས། །སྐོམ་གྱིས་ཉེན་པར་གྱུར་པ་ན། །སྣ་སྨན་བཏང་བས་ནད་སྐྱེད་འགྱུར། །ཆོ་ག་ཞེས་པ་འདི་དག་ལས། །སྣ་སྨན་ཉེ་ བར་བསྲུང་བར་བྱ། །སྣ་སྨན་བཏང་ཞིང་ལུས་བསྐུ་དང་། །རྟ་ལ་སྣུམ་ནི་བླུད་པ་དང་། །འཇམ་རྩི་བཏང་བར་གྱུར་པ་ལ། །ཆུ་ཡིས་གང་བའི་སྣོད་ལྟར་བསྲུང་། །མཆོད་དང་རྒྱུག་པ་ཉིད་དང་ནི། །རྩོལ་དང་མི་འཕྲོད་ཟ་བ་དང་། །ཁྲུས་དང་ཆར་དང་རླུང་ལས་ནི། །བསྲུང་ ཞིང་ཀུན་ཏུ་བསྡམ་པར་བྱ། །སྣུམ་ནི་དྲི་མ་སེལ་བྱེད་ཅིང་། །ནད་ནི་འགོག་པར་བྱེད་པ་ཡིན། །བརྟན་པར་གནས་པ་སྐྱོན་བྱེད་ཅིང་། །གཡོས་པ་རྣམས་ནི་འབྱིན་པར་བྱེད། །དེ་ཡི་ནད་ནི་བསལ་གྱུར་པས། །མེ་སྟོབས་བྲི་བར་གྱུར་པ་ན། །ཉམ་ཆུང་དེ་ཡིས་ཁ་ཟས་ནི། །ལྕི་བ་ མྱུར་དུ་འཇུ་མི་ནུས། །དེ་བས་ལས་ཀྱི་རྩོལ་བ་དང་། །ཁ་ཟས་ལྕི་བ་བྱིན་པ་དག །དང་བོར་སྣུམ་ནི་འཐུངས་པ་ལ། །རྟག་ཏུ་སྤང་བར་བྱ་བ་ཡིན། །རྩོལ་བ་བྱས་ལས་རླུང་གི་ནད། །རྣམ་པ་དུ་མར་འབྱུང་འགྱུར་ཞིང་། །བྲང་དུ་དྲུག་མདོ་རྒལ་ཚིགས་རེངས། །སྣ་ཚོགས་ མགོ་བོའི་ནད་རྣམས་དང་། །ལུད་པ་དབུགས་མི་བདེ་གཅོང་ཅན། །ལུས་ནི་སྐེམ་པར་འགྱུར་བའམ། །མཆི་མ་རུ་ནི་འགྱུར་བ་དག །སྣུམ་འཐུངས་རྩོལ་བ་སྦྱར་ལས་བྱུང་། །འཁུ་ཞིང་རླུང་ནི་འཁྱིལ་བ་དང་། །དེ་བཞིན་སྙིང་ནད་རྣམས་བཞི་དང་། །གཞན་ཡང་པགས་ པའི་ནད་རྣམས་དང་། །ལུས་ཟུངས་ཟད་པར་འགྱུར་བའམ། །ཁྲག་དང་མཁྲིས་པའི་ནད་རྣམས་དང་། །བད་ཀན་གྱི་ནི་ནད་རྣམས་འབྱུང་། །དེ་བས་སྣུམ་འཐུངས་གྱུར་བའི་རྟ། །ལེགས་པ་ཁོ་ནར་བསྲུང་བར་བྱ། །སྣུམ་ནི་ལེགས་པར་བཏང་གྱུར་ཅིང་། །སྤྱོད་ལམ་ལེགས་པར་ བསྲུངས་གྱུར་ན། །ནད་རྣམས་ཀུན་དང་བྲལ་བ་དང་། །ཡོན་ཏན་ཐམས་ཅད་རྒྱས་པར་འགྱུར། །གནོད་པའི་དབང་དུ་མི་འགྱུར་ཞིང་། །ལས་རྣམས་ལ་ནི་ཞུམ་པ་མེད། །སྣུམ་གྱི་བཏུང་བ་ལེགས་གྱུར་པར། །སྲོག་ནི་གནད་ལ་གནས་པར་འགྱུར། །ལུས་ཀྱི་མེ་སྟོབས་ འབར་བ་ཡིས། །ཁ་ཟས་སྙོམས་པར་འཇུ་བར་འགྱུར། །འདི་ཡིས་ལུས་ཟུངས་རྣམས་དང་ནི། །སྟོབས་དང་ལུས་ཀྱི་ཡོན་ཏན་འཕེལ། །ལུས་ཀྱང་འགྱུར་བ་མེད་པ་དང་། །མདོག་ཀྱང་གསལ་བ་ཉིད་དུ་འགྱུར། །གཅིན་དང་རྟུག་པ་འཕྱིན་རྣམས་ཀྱང་། །བདེ་བ་ཁོ་ནར་འབྱིན་པར་ འགྱུར། །སྣུམ་ནི་ལེགས་པར་བཏང་གྱུར་པ། །མཚན་མ་འདི་ལས་ཤེས་པར་བྱ། །སྣུམ་ཆུང་བས་ནི་དྲི་མ་དག །འབྱིན་པར་དཀའ་ཞིང་ནད་དང་བཅས། །ཡན་ལག་སྐྲངས་ཤིང་རྒྱུ་བ་བུལ། །ལུས་ལྕི་གཅིན་ནི་དམར་བ་དང་། །ཁ་ཆུ་འཛག་ཅིང་བཞིན་རས་དན། །མེ་ དྲོད་ཆུང་ཞིང་ཉམ་ཆུང་འགྱུར། །སྣུམ་སྦྱོར་ཉེས་པར་གྱུར་པ་ཡི། །རྟ་ཡི་ཚུལ་ནི་འདི་ཡིན་ཏེ། །རྟ་སྦངས་འགྲིལ་བར་བྱེད་པའམ། །ཡང་ན་སླ་ཞིང་མང་དུ་འཛག །འགྲོ་ཞིང་འཛག་པར་བྱེད་པའམ། །ཤིན་ཏུ་འཚེར་བར་བྱེད་པ་ཡིན། །སྤུ་ནི་ཤིན་ཏུ་ཤོར་བ་དང་། །པགས་ པའི་མདོག་ནི་མི་སྡུག་འགྱུར། །དེ་ནི་ཁོང་རྩུབ་ཤེས་བྱས་ལ། །སྣུམ་ནི་སླར་ཡང་སྦྱིན་པར་བྱ། །ཁ་ཟས་རྩུབ་བག་ཟོས་པའམ། །ཤུགས་ནི་བཀག་པར་འགྱུར་བ་ནི། །རླུང་གི་གནས་ལས་བསྐྱོད་གྱུར་ནས། །ལུས་ཀུན་དུ་ནི་ཁྱབ་པར་བྱེད། །ཚིགས་དང་རྒྱུས་བ་རྩ་ དང་ནི། །བུ་ག་རྣམས་ལའང་གནོད་པ་བྱེད། །དེ་ནི་རྟག་ཏུ་སྣུམ་བྱིན་ཡང་། །ནད་ནི་བསལ་བར་ནུས་མ་ཡིན། །ནད་ནི་རབ་ཏུ་བསལ་བ་ལ། །ལུས་ཀྱི་མེ་དྲོད་སྐྱེད་པར་བྱེད། །མེ་དྲོད་འབར་ཞིང་ཁོར་སྣུམ་ན། །རྟག་ཏུ་ནད་མེད་ཉིད་དུ་འགྱུར། །དེ་བས་ཇི་སྐད་བཤད་པ་ཡི། ། ཆོ་གས་རྟ་ལ་སྣུམ་བྱིན་བྱ། །སྣུམ་ནི་ལེགས་པར་བཏང་གྱུར་ན། །ཡོན་ཏན་ཀུན་དང་ལྡན་པར་བཤད། །ཤ་ལི་ཧོ་ཏྲའི་གྲུབ་པའི་གནས་བདུན་པ་ལས་སྣུམ་ལེགས་པར་བཏང་བའི་ཡོན་ཏན་བསྟན་པའི་ལེའུའོ།། །།རྟ་ཡི་ཚུལ་གྱི་དེ་ཉིད་ཤེས། །རྟ་ཡི་བསྟན་བཅོས་ལ་ མཁས་ཤིང་། །རྟ་ཡི་ཚེ་ཡི་རིག་བྱེད་བྱ། །རྟ་ལ་ཕན་པར་རྟག་དགའ་བ། །ཤ་ལི་ཧོ་ཏྲ་བདག་ཉིད་ཐུལ། །ཚངས་པ་ཉི་མ་མེའི་གཟི་ཅན། །དཀའ་ཐུབ་ཀྱི་ནི་གཙོར་བྱས་ལ། །ལེགས་ཐོས་ཐེ་ཚོམ་སྐྱེས་གྱུར་ནས། །དེ་ཡི་རྐང་གཉིས་ལ་བཏུད་དེ། །འདྲི་བའི་ཚུལ་ནི་འདི་དག་ སྨྲས། །ཁྱེད་ཀྱིས་རྟ་ཡི་བསྟན་བཅོས་སུ། །ཟུག་རྔུ་ལུས་ཀྱི་གསོ་བ་དང་། །དེ་བཞིན་རྟེའུ་གསོ་བ་དང་། །མཚོན་དང་བསྲུང་བའི་ཆོ་ག་དང་། །དུག་གི་གསོ་བ་ཉིད་དག་ནི། །ཡན་ལག་དྲུག་ནི་ལེགས་གསུངས་ན། །ཁྱེད་ཀྱིས་བཅུད་ཀྱིས་ལེན་དང་ནི། །རོ་ཙར་བྱ་བ་བཀའ་ མ་སྩལ། །རྟ་ནི་ཁུ་བ་མང་གྱུར་ན། །འགྲོས་ཡང་རྩོལ་བ་ཆེ་བར་གྱུར། །རད་བཞིན་དེ་དག་ཉིད་ཀྱིས་ནི། །རྒོད་མ་རྣམས་ལ་ངོམས་པ་མེད། །རྒྱུ་དེ་ཉིད་ཀྱིས་བློ་ལྡན་བ། །གཞན་གྱིས་རྟ་ལྟར་བྱེད་ཅེས་བཤད། །དེ་བ་ལ་ལར་མི་ལ་ཡང་། །རྟ་ལྟར་བྱེད་པ་ཉིད་ ཅེས་ཟེར། །རྟ་ཡི་དེ་ཉིད་མཁྱེན་གྱུར་པ། །རོ་ཙ་བར་ནི་ཅི་ལྟར་འགྱུར། །བཅུད་ཀྱིས་ལེན་གྱི་སྦྱོར་བ་དང་། །དེ་དག་གི་ནི་རྒྱུ་ཉིད་ཀྱང་། །ལེགས་ལྡན་བློ་གྲོས་མཆོག་གྱུར་པ། །ཁྱེད་ལས་ཡོངས་སུ་ཤེས་པར་འཚལ། །དེ་ལྟར་ཡོངས་སུ་དྲིས་པ་ན། །ལེགས་ལྡན་དྲང་སྲོང་ གིས་སྨྲས་པ། །ལེགས་ཐོས་འདི་ཡི་རྒྱུ་ཡི་ཚུལ། །རྣམ་པ་སྣ་ཚོགས་ཡོད་པ་ཡི། །རེ་ཞིང་རྟ་ཡི་བཅུད་ཀྱིས་ལེན། །ཐོག་མ་ཁོ་ནར་བཤད་པར་བྱ། །དེ་ནི་ཚེ་འཕེལ་བློ་སྐྱེད་ཅིང་། །སྐྲ་དཀར་གཉེར་མ་འཇིག་བྱེད་པ། །དཔལ་ལྡན་མདོག་དང་ཁ་དོག་སྐྱེད། །ན་ཚོད་འཇོག་པའི་ དམ་པ་ཡིན། །དབང་པོ་གསལ་ཞིང་མདངས་སྐྱེད་བྱེད། །དགེ་ཞིང་ཚིམ་ལ་མགྱོགས་པར་བྱེད། །དེ་ཡི་རྒྱུད་དང་བྱ་བ་ཡི། །ཐབས་ནི་ང་ལས་ཤེས་པར་གྱིས། །བཅུད་ཀྱི་སྦྱོར་བ་ཁྱད་འཕགས་པས། །བཅུད་ཀྱིས་ལེན་ཞེས་བྱ་བར་བཤད། །ལུས་ཟུངས་རྒྱས་པར་བྱེད་པ་ དང་། །ནད་རྣམས་འཇོམས་པར་བྱེད་པ་ཡིན། །དུས་དང་དུས་ཚིགས་གོམས་པ་དང་། །ཡུལ་དང་སྟོབས་ནི་ཅི་བཞིན་དང་། །རྟ་ཡི་ཁོང་པ་དག་གྱུར་ལ། །སྔ་དྲོའི་ཚེ་ན་བླུད་པར་བྱ། །བསེ་ཤིང་འབྲས་བུའི་ཁུ་བ་དང་། །འབྲས་བུ་གསུམ་ཀྱི་ཁུ་བར་བསྲེ། །ལྕགས་ཕྱེ་དང་ ནི་སྦྱང་བ་དག །ཕོ་བའི་མེ་དྲོད་ལེགས་དྲགས་ལ། །ཤིན་ཏུ་བསིལ་བ་ཞག་བཅུའི་བར། །མ་ཡེངས་པར་ནི་འདི་ལ་བླུད། ཉེར་སྤྱོད་དང་ནི་ཁ་ཟས་དག །ཀུན་ཀྱང་བསིལ་ཆོས་ཉིད་དུ་བྱ། །འབྲས་ཆན་འོ་མ་དང་བཅས་ཤིང་། །སྦྲང་རྩི་མར་ནི་བཏབ་པ་བྱིན། །དེ་ནས་ བསེ་ཤིང་འབྲས་བུའི་ཁུ། །ཆ་ནི་རིམ་གྱིས་བསྐྱེད་ནས་ཀྱང་། །སྔར་བཤད་པ་ཡི་ཆོ་ག་ཡིས། །ཞག་བཅུའི་བར་དུ་བླུད་པར་བྱ། །དེ་ལྟར་བླུད་པར་གྱུར་པ་ན། །རྟ་ནི་སྙོམས་བག་སྐྱེ་བར་འགྱུར། །ཞུ་བར་གྱུར་ནས་འོ་མ་ནི། །སྲང་རྩི་དང་སྦྱར་བཏུང་བ་བླུད། །དེ་ཡི་ རྗེས་ལ་བྲག་ཞུན་གྱི། །ཁུ་བ་སྦྲང་རྩི་དང་སྦྱར་བླུད། །མི་སྟོབས་ལ་སོགས་བརྟགས་ནས་ནི། །དེ་ནི་ཟླ་ཕྱེད་བར་དུ་སྦྱིན། །འོལ་བྱ་གོང་མ་སྲེག་ཤ་ཁུ། །དྲུག་ཅུ་བ་ཡི་འབྲས་ཆན་བྱིན། །ཁྱི་ར་བུལ་ཀ་སླེ་ཏྲེས་དང་། །བ་ལ་བི་དང་འབྲས་བུ་གསུམ། །བསྐོལ་བའི་ཁུ་བའི་ གྲང་མོ་ནི། །ཞག་བཅུའི་བར་དུ་བླུད་པར་བྱ། །སྦྲང་རྩི་ཁ་ར་དང་བཅས་པའི། །འབྲས་བུ་གསུམ་གྱི་ལྡེ་གུ་བྱིན། །ཉེ་བར་སྤྱོད་པ་འདི་ཡིས་ནི། །སྟོབས་དང་སྟོབས་མིན་ཤེས་པར་བྱ། །སྦྱོར་བ་འདི་དག་རྟ་རྣམས་ཀྱི། བཅུད་ལེན་ཆོ་གར་ཡོངས་སུ་བཤད། །ཉེ་བར་སྤྱོད་ པ་བསིལ་བ་དང་། །རྩ་ཡང་མངར་པོ་བསྔགས་པ་ཡིན། །ཆོ་གར་ལྡན་པའི་མར་བྱིན་གྱི། །ཏིལ་མར་ལན་ཚྭ་སྦྱིན་མི་བྱ། །གནས་ནི་བསིལ་ཞིང་བདེ་བ་དང་། །འཇམ་ཞིང་དབེན་པ་བྱེད་དུ་གཞུག །སྨན་གྱི་དུས་ཀྱི་ཉིས་འགྱུར་རམ། །ཡང་ན་དེ་ཡི་སུམ་འགྱུར་དུ། །འཇམ་རྩི་ བཏང་བའི་སྦྱོར་བ་ལྟར། །རྟ་ནི་འབད་དེ་བསྲུང་བར་བྱ། །དེ་ལྟར་ལེགས་པར་སྤྱོད་པ་ཡིས། །རྟ་ལ་བཅུད་ལེན་བྱིན་གྱུར་ན། །སྔར་བཤད་པ་ཡི་ཡོན་ཏན་དང་། །དེ་ལྟར་གཞན་ཡང་ཐོབ་པར་འགྱུར། །རྟ་རྣམས་ཀྱི་ནི་རོ་ཙ་བའི། །ཆོ་ག་ཡང་དག་མཉན་པར་གྱིས། ། རོ་རྩ་བ་ཡི་ཆོ་ག་ཡི། །དྲི་བ་ཁྱེད་ཀྱིས་ལེགས་པར་སྨྲས། །རོ་རྩ་བར་ནི་བྱེད་པ་ཡི། །རྒྱུ་ནི་འདི་ཙམ་ཉིད་ཡིན་ནོ། །རྟ་ནི་སུ་ཡང་རུང་བ་ལ། །རོ་ཙ་འདི་ནི་བྱ་བ་མིན། །སྦེག་དང་རྒན་དང་ཉམ་ཆུང་དང་། །སྟོབས་ཆུང་ཁུ་བ་ཟད་པ་དང་། །རྒོད་མ་དང་ནི་སྦྱོར་འདོད་ལ། །རོ་ཙ་ བ་ཡི་ཆོ་ག་བྱ། །དེ་རྣམས་ཡོན་ཏན་བཅས་འགྱུར་གྱི། །ལྷག་མ་རྣམས་ལ་འདི་ལྟར་མིན། །ཁྱོད་ལ་ཡང་དག་བཤད་པ་ཡི། །ཡོན་ཏན་འདི་ནི་རིམ་གྱིས་ཉོན། །ཡིད་བདེ་ཤུགས་ནི་ཆེ་བ་དང་། །སྤྲོ་བ་ཆེ་ཞིང་ཁུ་བ་མང་། །འཇུག་དགའ་བུ་སྐྱེས་པ་ལ་བཟང་། །བུ་ནི་ མང་པོ་ཉིད་སྐྱེད་བྱེད། །ལུས་དྲང་མཛེས་ཤིང་མདངས་ལྡན་པ། །རོ་ཙ་ལས་བྱུང་ཡོན་ཏན་ཡིན། །དེ་བས་རྟའམ་གཞན་དག་ལ། །རོ་ཙར་བྱ་བ་དེ་ཉིད་ཉོན། །ལེགས་པར་སྣུམ་བཏང་སྦྱངས་བྱས་པའི། །ཁོང་པ་དག་འགྱུར་རྟ་ཡི་ནི། །ཁུ་བ་ལེགས་པར་འཕེལ་བྱེད་ པའི། །བཏུང་བ་འདི་ནི་བླུད་པར་བྱ། །འོ་མ་དང་ནི་བི་ར་ཏི། །ཛི་ད་ཀ་ད་རི་ཤ་བ། །མ་ཤ་པརྞི་རམ་ཉེ་བ། །ཨདྨ་གུ་བྷ་ཉེའུ་ཤིང་། །མུདྒ་པྲི་ཏགས་པརྞི་དང་། །ས་མ་དག་དང་མ་དུ་ཀ །མེ་དང་ཤུ་ག་ན་བ་ཉིད། །ཙོ་ར་ཀ་དང་ནི་བཅས་པ་ དག། །བསྐོལ་བའི་ཁུ་བ་གྲང་མོ་ནི། །ཁ་ར་དང་ནི་སྦྲང་རྩི་བཅས། །ལྡེ་གུ་དང་སྦྱར་བཏུང་བ་ནི། །སྔ་དྲོའི་ཚེ་ན་བླུད་པར་བྱ། །བཏུང་བ་འདི་ནི་ཞུ་བ་དང་། །འོ་མ་སླར་ཡང་སྦྱིན་པར་བྱ། །བདེ་བར་གནས་ཚེ་ལྗང་པ་ནི། །སྔར་བཞིན་དུས་སུ་བྱུང་བ་སྦྱིན། །དེ་ཡིས་རྟ་ནི་ ཉམས་བརྟས་ཤིང་། །རྒོད་མ་ལ་ཡང་གདའ་བར་འགྱུར། །པདྨ་དང་ནི་ཀུ་མུད་དང་། །དྲི་ཞིམ་པ་ཡི་སྡོང་བུ་དང་། །པུཎྜ་རཱེ་ཀ་བ་ད་རི། །ཨུཏྤ་ལ་དང་པ་སྤང་བྱ། །ཏ་པ་རི་ནི་དམར་པོ་དང་། །ཤ་ལུ་ཀ་ཡི་སྡོང་བུ་དང་། །ཀ་ཤི་རུ་དང་པདྨའི་རྩ། །འབྲ་གོ་དང་ནི་མ་ག་ཏ། ། སྲིང་ཀ་ཏ་ཀ་དང་བཅས་པ། །ཆ་མཉམ་བྱས་ཏེ་སྨན་ཁུ་བསྐོལ། །དེ་ཡི་ཁུ་བ་གྲང་མོ་ནི། །ཁ་ར་དང་ནི་སྦྲང་རྩིར་བཅས། །ཨཏྨ་གུ་བྷའི་མེ་ཏོག་དང་། །འབྲས་བུ་དང་བཅས་སྔ་དྲོ་བླུད། །དེ་ཞུ་རྗེས་ལ་སྐོམ་བླུད་ཅིང་། །སྐོམ་གྱི་རྗེས་ལ་ཁ་ཟས་བྱིན། །མ་ཤ་སྣུན་བསམ་ ལེགས་པར་ཚོས། །ཕྱི་དྲོ་ལེགས་པར་སྦྱིན་པར་བྱ། །སཱ་ལུའི་འབྲས་ཆན་རི་དགས་དང་། །བྱ་ཡིས་ཤ་ཁུར་བཅས་པ་སྦྱིན། །རྩ་ཡང་མངར་པོ་སྦྱིན་ན་ཕན། །གནས་ནི་མཉམ་ཞིང་བདེ་བར་གཞག །འདི་ཡི་ཤིན་ཏུ་དྲེགས་བདོ་ཞིང་། །རྟ་ཡི་རིགས་ནི་འཕེལ་བར་བྱེད། ། ཡང་ན་སྦྱོར་བ་འདི་ཉིད་དང་། །བ་བཞོན་བེའུ་རྒན་པོ་ཡི། །བ་ཡང་གྱི་ནི་འོ་མར་སྦྱར། །རྟ་དེ་ལ་ནི་བླུད་པར་བྱ། །འདི་ཡིས་རྟ་ནི་དྲེགས་བདོ་ཞིང་། །ལན་མང་འཇུག་པར་ནུས་པར་འགྱུར། །སྨན་འདི་རྣམས་ཀྱི་ཁུ་བ་དང་། །འོལ་བའི་ཤ་ཁུ་དང་བཅས་པ། །རྟ་ལ་བླུད་པར་གྱུར་ པ་ནི། །དེ་ལས་ཀྱང་རོ་ཙ་ཉིད་དུ་བྱེད། །གསེབ་ནི་ཤིང་ཏུ་ཆགས་འདོད་ཅིང་། །རྒོད་མ་ལ་ཡང་མངོན་དགར་འགྱུར། །ཨདྨ་གུ་བྷ་པདྨའི་རྩ། །བཏགས་པའི་ལྡེ་གུ་བསིལ་པོ་ནི། །འོ་མ་དང་སྦྱར་བླུད་ན་ཡང་། །ཤིན་ཏུ་རོ་ཙ་འགྱུར་བ་ཡིན། །ཀ་རྐ་ཏ་ཀ་རྒྱ་མཚོའི་ལྦུ། ། དེ་ནི་གཏུན་ནང་བརྡུངས་ནས་ནི། །ཤིན་ཏུ་ཞིབ་པར་གྱུར་བ་དང་། །ཏིལ་མར་དང་ནི་གཅིག་ཏུ་བསྲེ། །ཨདྨ་གུ་བྷའི་འབྲས་བུར་བཅས། །ཟས་ཀྱི་རྗེས་ལ་སྦྱིན་པར་བྱ། །བི་ད་ར་ཡི་སྡོང་བུ་ནི། །ཏིལ་མར་དང་བསྐོལ་བྱིན་པ་བསྔགས། །ཨུད་ཙ་ཏ་ཡི་ཕྱེ་མ་བཏགས། །སྦྲང་རྩི་ ཁ་ར་དང་སྦྱར་བ། །སྣ་ནས་བཏང་དང་བཏུང་བ་དང་། །འཇམ་རྩིར་བཏང་བ་བསྔགས་པ་ཡིན། །བསྐོལ་ནས་ཞག་བདུན་བཞག་པ་ཡི། །ཏིལ་མར་གྱིས་ཀྱང་བསྐུ་བར་བྱ། །སྐམ་པའི་སྲོག་ཆགས་ལྔ་དང་ནི། །རྩ་བ་སྡོང་བུ་འབྲས་བུ་དག །བསིལ་ཞིང་ཡོན་ཏན་དང་ ལྡན་པ། །ཚུལ་འདི་འདྲ་བ་གཞན་གང་ཡིན། །དེ་དག་ཐམས་ཅད་གཞན་གང་ཡིན། །རོ་ཙ་སྐྱེད་པའི་མཆོག་ཡིན་ནོ། །ར་ཡི་འོ་མ་ཉ་དང་མར། །དེ་བཞིན་མར་ཡང་ཤ་ཁུ་ནི། །ཡོངས་སུ་ལེགས་པར་བྱས་པ་དག །ཁ་ཟས་མཆོག་ནི་སྦྱིན་པར་བྱ། །རྒྱས་དང་བསྡུས་ པའི་ཚུལ་གྱིས་ནི། །སྦྱོར་བ་སྔར་ནི་བསྟན་པ་ལས། །རོ་དང་ཞུ་རྗེས་དུས་ཀྱི་ཆ། །མཁས་པས་ལེགས་པར་བརྟག་པར་བྱ། །ཟས་སུ་ལྗང་པ་བྱིན་པ་དང་། །ཆང་བླུད་པ་དང་བསྐུ་བ་དང་། །ཨུད་ཙ་ར་དང་བི་དར། །ཨཱདྨ་གུཔྟའི་འབྲས་བུ་ནི། །རྟག་ཏུ་འདི་ལ་སྦྱིན་བྱ་ཡི། ། ཞག་གཅིག་ཤིན་ཏུ་དྲགས་མི་བྱ། །མེ་སྟོབས་གནས་ནི་ཅི་འདྲ་དང་། །ནད་གཞི་དུས་ཚིགས་ཇི་བཞིན་དུ། །ལུས་ཀྱི་ཉམས་ནི་ཅི་ཡོད་པ། །ལེགས་པར་བརྟགས་ཏེ་བྱ་བ་ཡིན། །སྔར་ནི་ཅི་སྐད་བསྟན་པ་ཡི། །བདའ་བའི་ཆོ་ག་རྣམས་ཀྱང་བྱ། །རྒོད་མ་ལ་ནི་གསོ་བ་དང་། ། མངལ་སྐྱོན་སྦྱང་བའི་ལས་རྣམས་བྱ། །འདི་ནི་བཅུད་ལེན་དམ་པ་དང་། །རྩར་བྱེད་པ་ནི་ཉིད་ཡིན་ནོ། །རྟ་ལ་གང་དག་དགོས་པ་ཡི། །དྲིས་བ་མ་ལུས་བསྟན་པ་ཡིན། །ལེགས་ཐོས་ཀྱིས་ནི་ཡང་སྨྲས་པ། །བདག་ལ་ཐེ་ཚོམ་གཞན་མཆིས་ཏེ། །རྟ་ལ་དངས་མ་སྐྱོན་མེད་པ། ། རིམ་གྱིས་ལུས་ཟུངས་ལ་འཇུག་ན། །རོ་ཙ་བ་ཡི་ཡོན་ཏན་ནི། །ཞག་གཅིག་ནས་འགྱུར་ཁྱོད་ཀྱིས་བཤད། །ལུས་ཟུངས་རྣམས་ཀྱི་མཆོག་གྱུར་པ། །ཁུ་བ་རྒྱུ་ནི་གང་ཞིག་གིས། །འཕྲལ་དུ་འཕེལ་བར་འགྱུར་བ་བཤད། །ཤ་ལི་ཧོ་ཏྲས་སླར་སྨྲས་པ། །ཅི་ལྟར་ཤིང་ལ་ཆུ་ བླུད་ན། །དེ་ནི་མེ་ཏོག་འབྲས་བུ་ལ། །ཉིན་ཞག་དེ་ཉིད་ཁོ་ན་ལ། །ཁྱད་པར་གྱུར་པར་སྣང་བ་ཡིན། །དེ་བཞིན་སྨན་གྱི་བཅུད་རྣམས་ནི། །འཕྲལ་དུ་ནུས་པ་སྐྱེད་པ་ཡིན། །བུ་རམ་ཤིང་གི་རྩ་བ་དང་། །བར་དང་རྩེ་མོ་བྱེ་བྲག་ཡོད། །དེ་བཞིན་ མེ་ཏོག་འབྲས་བུ་སོགས། །ཞུ་རྗེས་སོ་སོར་སྣང་བ་ཡིན། །ཡོན་ཏན་ནུས་པ་ཐ་དད་པས། །རྫས་ཀྱི་རང་བཞིན་སྣ་ཚོགས་ཡིན། །སྦྱོར་བའི་ཡོན་ཏན་དབང་གིས་ནི། །འཕྲལ་དུ་དུས་གཞན་ནུས་པ་འབྱིན། །འདི་ནི་མངོན་སུམ་ཡིན་ཤེས་བྱ། །རྒྱུ་དྲིས་པ་ཡང་ མཉན་པར་གྱིས། །དུར་བྱེད་དང་ནི་དེ་འདྲ་གཞན། །མདོ་ལ་འཁྲུ་བར་བྱེད་པ་ཡིན། །འོ་མ་འཐས་པར་འགྱུར་བ་དང་། །པོ་སོན་ཆ་ཡི་འབྲས་བུ་དག །འཕྲལ་དུ་འཁྲུ་བར་བྱེད་པ་དང་། །ཐལ་སྨན་གྱིས་ཀྱང་འཕྲལ་སྲེག་བྱེད། །ཏིལ་མར་མར་གྱིས་འཕྲལ་སྣུམ་བྱེད། ། མ་ཤ་འཕྲལ་དུ་འདུལ་བར་བྱེད། །ཆང་གི་འཕྲལ་དུ་དྲེགས་པ་སྐྱེད། །འོ་མས་འཕྲལ་དུ་སྲོག་སྐྱེད་བྱེད། །བསེ་ཤིང་གི་ནི་འབྲས་བུ་ཡིས། །ལ་ལ་རྨ་ནི་འཕྲལ་དུ་སྐྱེད། །དེ་དང་འདྲ་བ་གཞན་དག་ཀྱང་། །ནུས་པ་མདོ་ལ་འབྱིན་པ་ཡོད། །རོ་ཡི་རྫས་ནི་ཁྱད་པར་ཅན། ། མངོན་སུམ་གཏན་ཚིགས་འདི་དག་གིས། །རྫས་ཀྱི་ཞུ་རྗེས་ནུས་པ་ནི། །འཕྲལ་དུ་སྐྱེད་པར་མངོན་པ་ཡིན། །རོ་ཙ་བྱེད་པའང་དེ་བཞིན་དུ། །འཕྲལ་དུ་ཁུ་བའང་འཕེལ་བར་བྱེད། །སྔར་བཤད་པ་ཡི་སྨན་རྣམས་ཀྱང་། །སྦྱོར་ལེགས་འབྲས་བུ་འཕྲལ་དུ་སྐྱེད། །འདི་ནི་ སློབ་མ་མིན་པ་དང་། །ལོག་འཇུག་བུ་ལའང་སྦྱིན་མི་བྱ། །སྨོན་པར་བྱེད་པ་རྣམས་དང་ནི། །སྡིག་ཅན་ལ་ནི་མི་སྦྱིན་ནོ། །ཤ་ལི་ཧོ་ཏྲའི་གྲུབ་པའི་གནས་བདུན་པ་ལས་རོ་ཙ་བར་བྱེད་པ་བསྟན་པའི་ལེའུའོ།། །།རྟ་ཡི་ཆུ་སྦུབས་གྱུར་ནད་དང་། །བླུད་བྱ་བླུད་ མི་བྱ་ཉིད་དང་། །གསོ་བའི་ནད་ནི་ཡང་དག་ཉིད། །ལེགས་ལྡན་གྱིས་ནི་བསྟན་དུ་གསོལ། །བུ་ཡིས་དེ་སྐད་སྨྲས་པ་ན། །ཤ་ལི་ཧོ་ཏྲས་སླར་སྨྲས་པ། །གང་ཚེ་རྟ་ལ་འོ་མ་ཆུ། །ཆུ་སྦུབས་བྱིན་གྱུར་དེ་ཡི་ཚེ། །ཉེས་སྐྱེད་འོ་མ་དང་བཅས་པ། །ཚ་སྐྱེད་མགོ་བོར་ ཞུགས་པ་ན། །སྤོས་བདུག་མགོ་ཡི་སྦྱངས་པ་ཡིས། །དེ་ནི་བསལ་བར་ནུས་མ་ཡིན། །སྐམ་པར་གྱུར་ཚེ་ཆུ་ཡི་ཚད། །ལེགས་པར་བསལ་བར་ནུས་མ་ཡིན། །དེ་བས་ཆུ་དང་འོ་མ་ནི། །ཆུ་སྦུབས་ལས་ནི་སྦྱིན་མི་བྱ། །ཆུ་དང་འོ་མ་དེ་དག་ཀྱང་། །སྨན་དང་བཅས་པར་ བསྐོལ་བ་ནི། །ཆུ་སྦུབས་ལས་ནི་སྦྱིན་མོད་ཀྱི། །ཅི་ནས་གནོད་མི་འགྱུར་བར་བྱ། །གང་ཚེ་ཆང་དང་འོ་མ་ཆུ། །སྦུབས་ལས་བླུད་པའི་ཤུགས་དྲགས་ན། །སྦྱོར་བ་ཉེས་པར་འགྱུར་བའི་རྒྱུས། །མདོ་ལ་མང་དུ་ཞུགས་གྱུར་བ། །དེ་ཚེ་ལྕེ་དང་ལྐོག་མའི་སྦུབས། །ཤིན་ཏུ་ བཀང་ན་དྲགས་པར་འགྱུར། །དེ་བཞིན་ཤིན་ཏུ་འཐོར་བ་ཡིས། །སྲོལ་གོང་དུ་ཡང་འཇུག་པར་འགྱུར། །དེ་ཡི་གྱེན་རྒྱུའི་རླུང་ལས་ནི། །བྱུང་བའི་ནད་ཀྱིས་ལུས་སྣོད་བྱེད། །དེ་ལས་ལུད་པ་འབྱུང་བ་ན། །ལྐོག་མར་གནས་པས་གནོད་སྐྱེད་བྱེད། །གྱེན་བྱུང་ཤུགས་ཀྱིས་བསྐྱོད་པ་ ན། །མགོ་བོར་ཡང་ནི་ཕྱིན་པར་བྱེད། །དེ་ཡིས་མཆི་མ་འཛག་འགྱུར་ཞིང་། །མགོ་འདེགས་པ་ཡང་དཀའ་བ་ཡིན། །ལྕེ་ནི་ནག་པོར་འགྱུར་བ་དང་། །ལུད་པ་ལུ་ཞིང་སྐམ་པར་འགྱུར། །མིག་གཉིས་རྣམ་པར་འགྱུར་བ་དང་། །ས་ལ་འགྲེ་ཞིང་འདར་བར་འགྱུར། ། པ་ལ་ཤ་ཡི་མདོག་འདྲ་བའི། །སྣབས་ནི་སྣ་ནས་འཛག་པར་བྱེད། །རྣ་བ་ཆག་ཅིང་ཡིད་མི་བདེ། །ལུས་ནི་རྡུལ་ཞིང་ཞུམ་པར་འགྱུར། །ཆུ་སྦུབས་ལས་ནི་གྱུར་བའི་ནད། །གསོ་བར་ཤིན་ཏུ་དཀའ་བ་ཡིན། །འཆི་བར་འདྲ་བ་ཡིན་ན་ཡང་། །དེ་ལ་ཕན་འགྱུར་གསོ་ དཔྱད་བྱ། །དང་བོར་མར་གྱི་བསྐུས་ནས་ནི། །ཤིན་ཏུ་བསིལ་བའི་སྨན་ཆུ་བླུགས། །ཏ་ལའི་འདབ་མའི་རླུང་གཡབ་བམ། །གོས་ནི་ཤེར་བས་གཡབ་པར་བྱ། །མར་བསྐུས་ནས་ནི་སྨན་བསིལ་བའི། །ལྡེ་གུའམ་འདམ་གྱིས་བསྐུ་བར་བྱ། །དེ་འཕྲལ་ཚ་དང་དབུགས་ མི་བདེ། །རྡུལ་དང་དུབ་པ་དང་བྲལ་འགྱུར། །དེ་ནས་དུད་པས་བདུགས་པ་ཡིས། །བཅུད་བདེར་གནས་པར་གྱུར་བྱ་ལ། །ཐང་ཤིང་དང་ནི་ས་ར་ལ། །ཤིང་མངར་དང་ནི་ག་བུར་དང་། །པྲི་ཡང་ཀུ་དང་ཙནྡན་དང་། །དེ་བཞིན་རྟ་ལ་པརྣི་དང་། །ནཱ་ག་པུ་ཥྦ་སྤོ་ན་ཡང་། ། དུག་མོ་ཉུང་དང་བྱ་མ་ཀ །ཤྲེ་པེར་དང་སྤང་སྤོས་དང་། །རྡོ་དྲེག་གླ་སྒང་མ་དུ་ལི། །ཤིང་ཚ་དང་ནི་སྨྱིག་རྐང་དང་། །ཨིང་གུ་དེའི་ཤུན་གུ་གུལ་དང་། །ར་སྣ་ག་བྲ་ལྡོང་རོས་དང་། །པུ་ཤེལ་ཙི་དང་བ་ལ་ཀ །སྨན་ནི་འདི་རྣམས་ཆ་མཉམ་དུ། །ལེགས་པར་ སྦྱར་བར་བྱ་བ་ཡིན། །གཞན་ཡང་དེ་འདྲ་འདུག་པ་ལ། །བསྔགས་པར་གྱུར་པ་རྣམས་ཀྱང་བཏུལ། །རླུང་ལས་གྱུར་པའི་ནད་ལ་ནི། །སྣུམ་དང་སྦྱར་ཏེ་བཏུལ་བར་བྱ། །བད་ཀན་གྱི་ནི་ནད་ཀུན་ལ། །བར་ཏ་ཀི་ཡི་ཁུ་བ་སྦྱར། །ཀ་ར་མར་དང་སྦྱར་བ་ཡིས། །ལྐོག་མ་ བདེ་བའི་སྨན་ཡང་སྦྱིན། །སྦུ་གུ་མོད་ལ་ཁོང་སྟོང་ལས། །ཆ་གཉིས་པ་ནི་ཆེ་ཚད་ཡིན། །བཞི་ཆས་ཕྲི་པ་བར་མ་སྟེ། །ཕྱེད་ཕྲི་བ་ནི་ཐ་མ་ཡིན། །དེ་ནས་རྫ་བུམ་བླངས་ནས་ནི། །དེར་ནི་མེ་མདག་གཞུག་པར་བྱ། །ཁ་བཀག་བ་ཡི་དབུས་སུ་ནི། །སོར་གཅིག་བ་ཡི་ བུ་ག་གདོང་། །སྦུ་གུའི་བུ་ག་མཉམ་བྱས་ལ། །སྦུ་གུ་བུམ་པའི་བུ་གར་སྦྱར། །ངོས་ལ་བུ་ག་ཕྲ་གཏད་དེ། །དེ་ལས་དེ་ནི་བུད་པར་བྱ། །འདབ་མ་དེར་ནི་བདུག་པ་དེ། །བཅུག་ལ་དུད་པ་བདུག་ཏུ་གཞུག །སྨན་པ་མཆོག་གིས་དུ་བ་ནི། །ལེགས་པར་དེ་ལ་བདུག་པར་བྱ། ། དུད་བ་བདུག་པའི་ཆེ་ཚད་ཡིན། །གྲངས་བརྒྱའི་བར་དུ་གཏུལ་བ་ཡིན། །བར་མ་བཞི་བས་ཕྲི་བ་སྟེ། །ཕྱེད་ཕྲི་བ་ནི་ཆུད་ཚད་ཡིན། །རྨ་ལམ་དུད་པས་བདུགས་གྱུར་ན། །ནད་སེལ་བར་ནི་འགྱུར་བ་ཡིན། །གང་ཚེ་སྣ་ནས་ལྗན་ལྗིན་ནི། །སྦྱིན་བག་མང་པོ་འཛག་འགྱུར་ཞིང་། ། སྒྲ་ནི་འབྱིན་པར་ནུས་འགྱུར་བ། །སྦྱང་བ་ལེགས་པར་ཤེས་པར་བྱ། །དུ་བས་མགོར་སོར་ནད་དང་ནི། །རྐན་དང་ལྐོག་མར་གནས་པ་ཡང་། །སེལ་ཅིང་བུ་ག་བད་ཀན་གྱིས། །ཁེངས་པའང་སྦྱོར་བར་བྱེད་པ་ཡིན། །རླུང་ནི་བདེ་བར་རྒྱུ་བྱེད་ཅིང་། །སོ་ཡི་སྟོབས་ཀྱང་འཕེལ་བར་ བྱེད། །དབང་པོ་རྣམས་དང་ལུས་ཟུངས་དག །དངས་ཤིང་སྐྱོན་མེད་བྱེད་པ་ཡིན། །རླུང་གིས་ཚིལ་ནི་སེལ་བྱེད་ཅིང་། །སེམས་གསལ་ཡི་ག་འབྱེད་པར་བྱེད། །ལྷོད་པ་རྣམས་ནི་དམ་བྱེད་ཅིང་། །གྱོང་པ་མཉེན་པར་བྱེད་པའང་ཡིན། །གསེབ་དང་ལམ་རིངས་ནས་འོངས་ དང་། །ཤིན་ཏུ་རྒན་དང་སྐོམ་གྱིས་ཉེན། །ཟས་རྩུབ་ཟོས་དང་ཡོངས་སུ་དུབ། །ཁྲག་དང་མཁྲིས་པ་ན་བ་དང་། །ཆུ་ཡི་དམུ་རྫིང་ཅན་དང་བརྟགས། །སྣུམ་བཏང་བ་དང་དུ་གཟོས་དང་། །སྦེགས་དང་འཇིགས་པས་ཉེན་པ་དང་། །ཆང་འཐུངས་བ་དང་ཉམ་ཆུང་དང་། །འོ་མ་ འཐུངས་བར་གྱུར་པ་ཡི། །རྟ་ལ་ནམ་ཡང་དུད་མི་བདུག །ལྐོག་ནད་ནམ་འཚང་ཡན་ཆད་ནད། །ལུད་པ་རྣམས་ཀྱི་ནད་རྣམས་དང་། །སྐྱིགས་བུ་མགོ་པོའི་ནད་རྣམས་དང་། །ཆུ་སྦུབས་ལས་གྱུར་ནད་རྣམས་དང་། །བད་ཀན་ལས་གྱུར་ནད་དང་ནི། །དེ་བཞིན་རླུང་གི་ནད་ རྣམས་དང་། །པུས་ཚིགས་ན་བ་རྣམས་ལ་ཡང་། །དུད་བས་བདུགས་པ་བསྔགས་པ་ཡིན། །རྟ་ཡིས་ཁ་ཟས་ཟོས་གྱུར་ཅིང་། །བསིལ་བར་གནས་ལ་དུད་པ་བཏང་། །དུད་པར་ནད་ནི་བསལ་བ་དང་། །སྨན་པས་རླུང་འཇོམས་ཁ་ཟས་སྦྱིན། །འབྲས་ཆན་སྦྲང་རྩི་ དང་སྦྱར་ཅིང་། །འོ་མ་བཅའ་སྒ་བཏབ་པ་སྦྱིན། །པི་ཙུ་མར་དའི་ཁ་བ་དང་། །བསྐོལ་བའི་མུདྒ་ཉིད་སྦྱིན་ཅིང་། །དེ་ལ་རྩ་ཡི་དོན་དུ་ནི། །དཱུང་བ་ཉེ་བར་སྦྱིན་པར་བྱ། །ལེགས་ལྡན་ཤ་ལི་ཧོ་ཏྲ་ཡིས། །དེ་སྐད་ཅེས་བསྟན་སྨྲས་པ་ཡིན། །ཤ་ལི་ཧོ་ཏྲའི་གྲུབ་བའི་ གནས་ཏེ་བདུན་པ་ལས་སྦུ་བས་ལས་གྱུར་བའི་ནད་གསོ་བའི་ལེའུའོ། །གྲུབ་པའི་གནས་ཞེས་བྱ་བ་གནས་བདུན་པ་རྫོགས་སོ།། །།རིག་བྱེད་རིག་བྱེད་ཡན་ལག་མཁས། །སྙིང་སྟོབས་ལྡན་ཞིང་དབང་པོ་ཐུལ། །གསོ་དང་རིགས་པའི་ལས་ལ་མཁས། །རྟ་ ཡི་བསྟན་བཅོས་ཕ་མཐར་ཕྱིན། །ཤ་ལི་ཧོ་ཏྲ་ཐུབ་མཆོག་ལ། །ལེགས་ཐོས་ཀྱིས་ནི་ཡོངས་དྲིས་པ། །རྟ་ནི་འཆི་བར་འདོད་གྱུར་པ། །ནད་དང་བཅས་པར་གནས་གྱུར་ཅིང་། །སུམ་བཅུ་རྩ་གཉིས་བར་དག་གི །མཚན་ཉིད་ལེགས་ལྡན་ལས་རྟོགས་འཚལ། །འདི་ ནི་ན་ཚོད་གང་གི་ཆེ། །ནད་ནི་གང་དང་གང་དག་གིས། །རྟ་ནི་འཆི་བ་ཉིད་འགྱུར་པའི། །མཚན་ཉིད་དེ་ནི་བདག་ལ་གསུངས། །དེ་ནས་ཤ་ལི་ཧོ་ཏྲ་ཡིས། །ལེགས་ཐོས་དྲིས་དོན་སླར་སྨྲས་པ། །རྟ་ཡི་ངེས་པ་འཆི་འགྱུར་རྟགས། །ཤ་ཡི་མིག་ཅན་གྱིས་ཤེས་དཀའ། ། རིམ་གྱིས་བརྒྱུད་དེ་ཤེས་གྱུར་པ། །བཤད་ཀྱིས་མཉན་དེ་བཟུང་བར་གྱིས། །མཆུ་ལྟག་སོར་ནི་བཞི་པ་ལ། །དེ་ནི་རི་མོ་བརྟག་བྱས་ཏེ། །ཁྱད་པར་རྣམས་པ་སྣ་ཚོགས་པ། །དེ་ལ་འཆི་བར་ཤེས་པར་བྱ། །མི་ཡི་ལག་པ་དང་འདྲ་བར། །རྟ་ རྣམས་ཀྱི་ནི་མཆུ་ལྟག་བརྟག །གང་ལ་ཚེ་ནི་ཡོད་གྱུར་པ། །དེ་ཉིད་བཤད་ཀྱིས་མཉན་པར་གྱིས། །མཆུ་ལྟག་དབུས་མར་རི་མོ་ནི། །གྱིན་དུ་སོར་གཅིག་གང་ལ་ཡོད། །དེ་ནི་ལོ་གཅིག་ཉིད་ལ་ནི། །ཁ་ནད་ཀྱི་ནི་འཆི་བར་འགྱུར། །དེ་འདྲ་བ་ཡི་རི་མོ་གཉིས། སོར་གཉིས་པར་ནི་སྣང་གྱུར་ན། །རྟ་དེ་ཉིད་ནི་ལོ་གཉིས་ན། །ལྕེ་རིངས་ཀྱིས་ནི་འཆི་བར་འགྱུར། །འདི་འདྲ་བ་ཡི་རི་མོ་གཉིས། །མཆུ་ལྟག་ཏུ་ནི་འཕྲེད་དུ་སྣང་། །ལོ་གསུམ་ནས་ནི་འགྲམ་ནད་ཀྱིས། །དེ་ནི་འཆི་བར་འགྱུར་བ་ཡིན། །འདི་འདྲའི་རི་མོ་དབུས་ན་ དམའ། །རྟ་གང་ལ་ནི་ཡོད་གྱུར་པ། །རྟ་དེ་ལོ་བཞི་ལོན་པ་ན། །འགྲམ་ལྐོག་ནད་ཀྱིས་འཆི་བར་འགྱུར། །གང་གི་གཡོན་ན་རི་མོ་ནི། །རྩེ་མོ་ཡོན་པོ་སོར་གཉིས་ཡོད། །རྟ་དེ་ཉིད་ནི་ལོ་ལྔ་ནས། །རི་དགས་གླལ་གྱི་ནད་ཀྱིས་འཆི། །མཆུ་ལྟག་དབུས་ན་རི་མོ་ནི། ། སོར་གཉིས་ཚད་ནི་ཡོན་ཏན་ཡོད། །གང་ཡིན་དེ་ནི་ལོ་དྲུག་ནས། །ཨ་བ་ར་གའི་ནད་ཀྱིས་འཆི། །གང་གིས་རི་མོ་འདྲ་བ། །སོར་བྱེད་ཁར་ནི་ཆུད་གྱུར་པ། །རྟ་དེ་ལོ་ནི་བདུད་ཉིད་ན། །གྲི་ཤིའི་ནད་ཀྱི་གདུངས་ནས་འཆི། །རི་མོ་དེ་འདྲ་སོར་གསུམ་པ། །རྟ་ནི་གང་ལ་ སྣང་གྱུར་པ། །རྟ་དེ་ལོ་བརྒྱད་ལོན་ནས་ནི། །རིམ་གྱི་ཉེ་བར་འཆི་བར་འགྱུར། །གང་གི་རི་མོ་འདི་འདྲ་ལས། །དབུས་ན་ནས་འདྲ་སྦོམ་པོ་ཡོད། །རྟ་དེ་ཉིད་ནི་ལོ་དགུ་ན། །རླུང་གི་གཟེར་གྱིས་སྲོག་ཟད་འགྱུར། །རི་མོ་མཆུ་ལྟག་དང་མཉམ་པ། །གྱེན་དུ་བྱུང་བ་དབུས་ ན་གནས། །རྟ་དེ་ལོ་ནི་བཅུ་པ་ན། །སྐེ་རེངས་ཀྱིས་ནི་བརླག་པར་འགྱུར། །གང་ལ་རི་མོ་འདི་འདྲ་གཉིས། །མཆུ་ལྟག་དབུས་ན་གནས་གྱུར་བ། །ལོ་ནི་བཅུ་གཅིག་ལོན་པ་ན། །རླུང་འཁྱིལ་ནད་ཀྱིས་སྲོག་ཟད་འགྱུར། །གང་ལ་དེ་ནི་སོར་གཉིས་ལས། །བཅུད་ ཆེ་བ་ཡི་རི་མོ་ཡོད། །རྟ་དེ་ལོ་ནི་བཅུ་གཉིས་ན། །གྱེན་དུ་ལོག་པའི་རླུང་གིས་གསོད། །རི་མོ་ཆུར་ནི་སོར་ཕྱེད་པ། །སྦོམ་པོ་ནས་དང་འདྲ་བ་ཡོད། །རྟ་དེ་ལོ་ནི་བཅུ་གསུམ་ན། །དབུགས་མི་བདེ་བའི་ནད་ཀྱིས་འཆི། །སྟེང་དང་ཐད་ཀར་རི་མོ་ནི། །མཆུ་ལྟག་དབུས་ན་ གཉིས་གཉིས་ཡོད། །ཡང་ན་བྱ་རོག་རྗེས་འདྲ་བ། །གཉིས་ནི་རྟ་གང་ལ་ཡོད་པ། །རྟ་ནི་ལོ་ནི་བཅུ་བཞི་ན། །འབྱུང་བའི་ནད་ཀྱིས་དུས་བྱེད་འགྱུར། །དེ་ཡི་བདག་པོའི་ནོར་དང་འབྲུ། །ཉམས་པར་བྱེད་པ་ཉིད་དུ་འགྱུར། །གང་གི་རི་མོ་རིམ་ཙམ་ནི། །གྱེན་དུ་འགྲེང་ཞིང་ དབྱིབས་ལེགས་ལ། །དྲང་ཞིང་གསལ་བར་གྱུར་པ་དང་། །བལྟ་ན་སྡུག་ཅིང་ཡིད་འོང་བ། །གང་གི་མཆུ་ལྟག་དབུས་ན་ཡོད། །དེ་ནི་གང་གི་ཁྱིམ་ན་འདུག །མྱུར་དུ་རྒྱལ་བོ་ཉིད་འགྱུར་ཞིང་། །དྲིན་སྐྱབས་ནོར་དང་འབྲུ་འཕེལ་འགྱུར། །རྟ་དེ་གང་ན་གནས་གྱུར་དེ། །གྲོང་ ཁྱེར་རྒྱལ་སྲིད་འཕེལ་བར་འགྱུར། །དེ་འདྲའི་རྟ་ནི་རྙེད་གྱུར་ན། །མཆོད་ཅིང་ཡོངས་སུ་བསྐྱང་བར་བྱ། །དེ་ནི་དེ་འདྲས་ལོ་བཅོ་ལྔ། །བདེ་བ་ཁོ་ནར་སོན་ནས་ནི། །རྟ་རྫི་ཡིས་ནི་སྣང་བྱས་པ། །དེ་རྗེས་སྲོག་ནི་འདོར་བར་འགྱུར། །གང་ལ་མཆུ་ལྟག་རི་མོ་ནི། །འདི་འདྲ་ དཀར་སོར་སྣང་གྱུར་པ། །དེ་ཡང་ལོ་ནི་བཅོ་ལྔ་ན། །བ་ལ་ཤ་ཡི་ནད་ཀྱིས་འཆི། །གང་གི་མཆུ་ལྟག་དབུས་ན་ནི། །རི་མོ་སོར་ནི་གསུམ་པ་ཡོད། །དེ་ནི་ལོ་ནི་བཅུ་དྲུག་ན། །ལོ་ལོགས་ནས་ནི་འཆི་བར་འགྱུར། །དེ་ལྟ་བུ་ཡི་རྟ་དེ་ནི། །བདག་པོ་མཛའ་བོའི་ནོར་ འཕེལ་འགྱུར། །གང་ལ་དེ་འདྲའི་རི་མོ་ནི། །མཉམ་པོ་གསུམ་ནི་མཆུ་ལྟག་ནས། །དེ་ཡང་ལོ་ནི་བཅུ་དྲུག་ན། །རླིག་སྐྲངས་ཀྱིས་ནི་དུས་བྱེད་འགྱུར། །དེ་ལྟ་བུ་ཡི་རྟ་དེ་ནི། །རྟག་ཏུ་བདག་པོའི་དོན་སྒྲུབ་འགྱུར། །བུ་མང་བར་ནི་འགྱུར་བ་དང་། །རྟ་ནི་ཕོ་མོ་འཕེལ་ བར་འགྱུར། །སྟེང་གི་ཆར་གཉིས་འོག་ཁར་གཉིས། །རི་མོ་རྟ་ནི་གང་ལ་སྣང་། །དེ་ནི་ལོ་ནི་བཅུ་བདུན་ན། །མཚོན་གྱིས་འཆི་བ་ཐོབ་པར་འགྱུར། །དེ་ལྟ་བུ་ཡི་རི་མོ་ནི། །གྱེན་དུ་ལྟ་བ་གང་ལ་ཡོད། །རྟ་དེ་ལོ་ནི་བཅོ་བརྒྱད་ན། །ཁྲག་ནད་ཀྱིས་ནི་སྲོག་ཟད་འགྱུར། ། རི་མོ་གྱེན་དུ་ལྟ་ཞིང་མཉམ། །སྣུམ་པ་བཞི་ནི་གང་ལ་ཡོད། །རྟ་དེ་ལོ་ནི་བཅུ་དགུ་ན། །གཅིག་འགག་པ་ཡིས་དུས་བྱེད་འགྱུར། །རི་མོ་ཉམས་ཤིང་རིང་བ་ལྔ། །གང་གི་མཆུ་ལྟག་མཉམ་ཡོད་པ། །དེ་ཡང་ལོ་ནི་ཉི་ཤུ་ན། །མགོ་ནད་ཀྱིས་ནི་འཆི་བར་ འགྱུར། །གང་ལ་རྟ་ཕྱིས་འོན་ཏེ་ནད། །འདྲ་ཡོད་དེ་ནི་གསེབ་ཀྱི་མཆོག །ལོ་ནི་ཉི་ཤུ་རྩ་གཅིག་ན། །ཁ་ནད་ཀྱིས་ནི་འཆི་བར་འགྱུར། །གང་གི་མཆུ་ལྟག་རི་མོ་ནི། །བཅུད་གུག་པ་ནི་ཡོད་གྱུར་པ། །དེ་ནི་ཉི་ཤུ་རྩ་གཉིས་ན། །སྨན་ནད་ཀྱིས་ནི་འཆི་བར་འགྱུར། ། མཆུ་ལྟག་ལྕགས་ཀྱུ་འདྲས་བརྒྱན་བ། །རྒྱལ་པོ་ལ་གཅེས་དཔལ་ཡོན་ཅན། །ལོ་ནི་ཉི་ཤུ་རྩ་གསུམ་ན། །བྲང་ཚ་བ་ཡིས་འཆི་བར་འགྱུར། །རུས་སྦལ་ཆུ་སྲིན་འདྲ་གང་ཡོད། །དེ་ཡང་རྒྱལ་པོའི་རྫེས་མཐུན་ཡིན། །ལོ་ནི་ཉི་ཤུ་རྩ་བཞི་ན། །རྣ་བའི་ནད་ཀྱིས་འཆི་བར་ འགྱུར། །རྟ་ནི་གང་གི་མཆུ་ལྟག་ན། །པདྨའམ་ཨུཏྤལ་འདྲ་ཡོད་པ། །བདག་པོའི་ནོར་ནི་རྟག་ཏུ་བསྐྱེད། །ལོ་ལེགས་པར་ཡང་བྱེད་པ་ཡིན། །ལོ་ནི་ཉི་ཤུ་རྩ་ལྔ་ན། །གཞོང་འདྲའི་ནད་ཀྱིས་དུས་བྱེད་འགྱུར། །དེ་ནི་ཐ་སྐར་བཅས་ཡོད་པ། །བདག་པོའི་ནོར་དང་བུད་མེད་ བསྐྱེད། །ལོ་ནི་ཉི་ཤུ་རྩ་དྲུག་ན། །སྣུམ་ནད་ཀྱིས་ནི་འཆི་བར་འགྱུར། །བ་དན་བཅས་པ་གང་ན་ཡོད། །བདག་པོ་བསྟེན་ན་ནོར་སྟེང་འགྱུར། །ལོ་ནི་ཉི་ཤུ་རྩ་བདུན་ལ། །སྦྲུལ་གྱིས་བཟུང་སྟེ་འཆི་བར་འགྱུར། །གང་ལ་མཆོད་སྡོང་འདྲ་རིས་ཡོང་། །བདག་པོ་མཆོད་ སྦྱིན་གྱིས་འབྱོར་འགྱུར། །ལོ་ནི་ཉི་ཤུ་རྩ་བརྒྱད་ན། །གཟེར་ནད་ཀྱིས་ནི་འཆི་བར་འགྱུར། །གང་ལ་རི་མོ་བླུགས་གཟར་འདྲ། །མཆུ་ལྟག་དབུས་ན་ཉེ་བར་སྐྱེས། །དེ་ཡི་བདག་པོ་མཆོད་སྦྱིན་བྱེད། །སྦྱིན་གཏོང་རྟག་ཏུ་འགྱེད་པར་འགྱུར། །ལོ་ནི་ཉི་ཤུ་རྩ་དགུ་ན། ། མགོ་ནད་ཀྱིས་ནི་དུས་བྱེད་འགྱུར། །གཡུང་དྲུང་རིས་དང་རིན་ཆེན་འདྲ། །དཔལ་གྱི་ཤིང་ངམ་ལྷ་ཡི་ཤིང་། །དགའ་བ་འཁྱིལ་པའམ་ཕྲེང་བ་འདྲ། །གང་གི་མཆུ་ལྟག་ཉིད་ན་སྣང་། །རྟ་མཆོག་དེ་ནི་བདག་པོ་ཡི། །དཔལ་ནི་མཆོག་ཏུ་འཕེལ་བར་བྱེད། །བུ་དང་ཚ་བ་ འཕེལ་བར་བྱེད། །བདེ་བར་རྣམ་པར་རྒྱལ་པར་བྱེད། །གང་ལ་འདི་འདྲའི་རྟ་ཡོད་པ། །རྒྱལ་པོ་དེ་ནི་རྣམ་རྒྱལ་འགྱུར། །བདག་པོ་ཚིམ་ཞིང་བདེ་བ་དང་། །ནོར་རྙེད་པ་ནི་ཚིམ་བྱས་ནས། །དེ་ནི་ལོ་ནི་སུམ་ཅུ་ན། །ཁོང་པའི་སྲིན་བུའི་ནད་ཀྱིས་འཆི། །འཁོར་ ལོའམ་རྡོ་རྗེ་ལྟ་བུའི་དབྱིབས། །རྟ་གང་གི་ནི་མཆུ་ལྟག་གནས། །རྟ་དེ་རྒྱལ་པོའི་བཞོན་པར་འགྱུར། །བདག་པོ་རྟག་ཏུ་བདེ་སྐྱེད་བྱེད། །རྒྱལ་པོས་དེ་ནི་བཞོན་གྱུར་ན། །དགྲ་ཡི་ཚོགས་ནི་ཀུན་ལས་རྒྱལ། །རྟ་དེ་སུམ་ཅུ་རྩ་གཅིག་ན། །ནད་མེད་པར་ ནི་འཆི་བར་འགྱུར། །གང་ལ་མཆུ་ལྟག་དབུས་ན་ནི། །ཟླ་བ་ཁམ་པའི་ཉི་འདྲ་ཡོད། །རྒྱལ་པོ་གང་ལའང་འདི་འདྲ་ཡི། །རྟ་ཡོད་དེ་ནི་འབྱོར་ཆེན་ཡིན། །ལོ་ནི་སུམ་ཅུ་རྩ་གཉིས་ན། །བདེ་བར་འདུག་བཞིན་དུས་བྱེད་འགྱུར། །གལ་ཏེ་རི་མོ་རྩུབ་བམ་ ཆད། །དུམ་བུའམ་ཡོན་པོ་ཡོད་གྱུར་ན། །དེ་ནི་བསྔགས་པ་མ་ཡིན་གྱི། །དྲང་ཞིང་མདངས་སྣུམ་བསྔགས་པ་ཡིན། །དེ་ལྟར་ཚེ་ནི་ཤེས་བྱ་བ། །ང་ཡིས་ཁྱོད་ལ་བཤད་པ་ཡིན། །དེ་དག་ཤེས་ཀྱང་བརྗོད་མི་བྱ། །བརྗོད་ན་ཉེས་པར་འགྱུར་བ་མི་ ཡིན། །ཉོ་བ་དང་ནི་འཆོང་བ་དང་། །གསོ་དཔྱད་ཚེ་ཡང་བརྗོད་མི་བྱ། །ཤ་ལི་ཧོ་ཏྲའི་མདོའི་གསང་བའི་གནས་བརྒྱད་པ་ལས། རི་མོ་ལས་ན་ཚོད་དང་ཚོ་བརྟག་པའི་ལེའུའོ།། །།ནད་ནི་ཤིན་ཏུ་མི་བཟད་པས། །རྟ་རྣམས་ཟད་པར་གྱུར་པ་ན། །གཞི་ ནས་བརླག་པར་འགྱུར་བ་ཡིས། །བཞོན་པའི་བདེ་ལས་ཉམས་པར་འགྱུར། །དེ་ཚེ་རྒྱལ་པོ་སྐམ་པོ་རྩྭ། །གན་ད་ར་དང་མ་ཏྲ་ཀ །སིན་དུ་སོ་པི་ར་དང་ནི། །ལྷོ་ཕྱོགས་པ་ཡི་གཙོ་བོ་སོགས། །རྒྱལ་པོ་དང་ནི་གླིང་བར་པའི། །མི་རྣམས་གང་དག་ཡིན་པ་དང་། ། ཡུལ་གྱི་སྐྱེ་བོ་ཐམས་ཅད་ཀྱང་། །རྟ་ཡི་འཆི་བའི་འཇིགས་པས་ཉེན། །ཤ་ལི་ཉོ་ཏྲ་དང་སྲོང་ཆེ། །དེ་ཡི་གནས་སུ་ཉེ་བར་ལྷགས། །ཉི་མ་ལྟ་བུའི་གཟི་བརྗིད་ཅན། །དེ་ལ་དུལ་བས་ཕྱག་བྱས་ནས། །རྟ་ཡི་ཚུལ་ལ་བརྟེན་ནས་ནི། །ཐམས་ཅད་ཀྱིས་ནི་དྲིས་པ་ལ། ། སྣ་ཚོགས་ནད་ཀྱི་ཉེན་གྱུར་པ། །རྟ་རྣམས་ཤིན་ཏུ་མ་རུང་འགྱུར། །སྲོག་དང་བྲལ་གྱུར་ཉེ་བ་ན། །དེ་རྣམས་ཀྱི་ནི་སྐྱབས་ཁྱེད་ལགས། །ཁྱེད་ནི་རྟ་ཡི་དེ་ཉིད་མཁྱེན། །ཅི་ནས་དེ་དག་འཚོ་གྱུར་པ། །དེ་དག་ཁྱེད་ཀྱིས་བསྟན་པར་མཛོད། །དེ་ནས་ ཤ་ལི་ཧོ་ཏྲ་ཡིས། །མི་དབང་འཁོར་བཅས་ལ་སྨྲས་པ། །སེམས་ནི་སྡུག་བསྔལ་གྱིས་གདུངས་ཤིང་། །འཇིག་རྟེན་འདི་ནས་ལོག་ནས་ནི། །འཇིག་རྟེན་གཞན་དུ་འགྲོ་གྱུར་པ། །སྲོག་སྦྱིན་པ་ཡི་ཐབས་མེད་དོ། །དེ་ཡི་སྲོག་ནི་ཤེས་བྱ་དང་། །འཆི་འདོད་པ་ནི་ཤེས་བྱ་ དག། །ཤེས་ལ་གོམས་པའི་མིག་ལྡན་ལས། །སྨན་པ་ཡིས་ནི་ཤེས་པར་བྱ། །བློ་མེད་བསྟན་བཅོས་མི་ཤེས་པས། །གསོ་བར་ནུས་པ་མ་ཡིན་ནོ། །གང་ཞིག་དུས་ལ་བབ་གྱུར་པ། །དེ་ལ་སྨན་པར་བྱར་མེད་དེ། །སེམས་ཅན་ཀུན་ལ་འཆི་བ་ནི། ། བཅོས་སུ་མེད་པ་མདུན་ན་བསྟོད། །སེམས་ཅན་ཀུན་གྱི་དུས་མིན་འཆི། །ནད་ལས་བྱུང་བར་འགྱུར་བ་ནི། །སྨན་དང་སྦྱོར་བ་རྣམས་དང་ནི། །སྔགས་རྣམས་ཀྱིས་ཀྱང་བཟློག་པར་བྱ། །གང་ཞིག་སྔོན་གྱི་ལས་ཀྱིས་ནི། །ཚེ་ནི་ངེས་པར་ཟད་གྱུར་བ། །དེ་ལ་ལྷ་སོགས་ བཅས་པས་ཀྱང་། །བཟློག་པར་ནུས་པ་མ་ཡིན་ནོ། །སྡུག་བསྔལ་ཚོར་བ་བཟློག་པ་དང་། །ནད་རྣམས་བསལ་བར་བྱ་བ་ལ། །ཚེ་ཡི་རིག་བྱེད་ཡན་ལག་བརྒྱད། །རྟག་དུ་ནུས་དང་ལྡན་པར་བཤད། །ནད་རྣམས་ཞི་བར་བྱེད་པ་དང་། །དེ་བཞིན་ཚོར་བ་གསལ་ གྱུར་བ། །འདི་དག་སྨན་པའི་ལས་ཡིན་གྱི། །ཚེ་ཡི་བདག་པོ་སྨན་པ་ཡིན། །འཆི་ལྟས་ཀྱིས་ནི་ཟིལ་གནོན་པ། །འཆི་བར་འགྱུར་གྱིས་སྲོག་ཡོད་མིན། །འཆི་ལྟས་མེད་པར་གྱུར་ན་ནི། །དེ་ལ་འཆི་བ་ཡོད་མ་ཡིན། །གང་ཚེ་དུས་ལ་བབ་པ་ན། །དེ་ཚེ་འཆི་ལྟས་ མང་དུ་འབྱུང་། །དུས་ནི་གོ་བཟློག་གྱུར་བ་དང་། །རྒྱལ་པོའི་སྐྱེས་སྐར་མི་འཕྲོད་དང་། །སྔོན་གྱི་ལས་ཀྱི་ཉེས་པའམ། །དེ་བཞིན་རྒྱལ་པོའི་སྡིག་སྤྱོད་ལས། །ལོག་པར་སྤྱོད་པར་གྱུར་བ་ལས། །ལྟོས་ནས་མང་དུ་འབྱུང་བ་འགྱུར། །འཆི་ལྟས་ཀྱི་ནི་མཚན་ཉིད་དང་། ། ནད་ནི་སྣ་ཚོགས་དེ་ལས་འབྱུང་། །མི་བཟད་ཚུལ་ཅན་དུ་མ་ནི། །སྲོག་ནི་འཇིག་པར་བྱེད་པར་འབྱུང་། །དེ་ཚེ་གསོ་བ་སྔགས་བཅས་པས། །དོན་ནི་ཅི་བཞིན་བྱེད་མི་ནུས། །སྨན་རྣམས་ཀྱིས་ཀྱང་ནད་ཀྱི་ཚོགས། །ལེགས་པར་སེལ་བར་བྱེད་མི་ནུས། །དེ་ཚེ་ལྟ་ ཚོགས་མཆོད་པ་དང་། །སྡོམ་པ་གནས་དང་ཞི་བའི་ལས། །སྔགས་དང་སྦྱིན་སྲེག་གཏོང་མ་ཡིས། །ནད་ཀྱི་ཚོགས་རྣམས་ཞི་བར་བྱ། །ཡམས་ཀྱི་ནད་ནི་ཞི་བྱའི་ཕྱིར། །སྔར་བཤད་པ་ཡི་ཞི་བའི་ལས། །བྱས་པས་སྲུང་ཞིང་འཚེ་བ་བསལ། །དེས་ནི་སྣ་ཚོགས་ ནད་གཞི་འགྱུར། །སྨན་པས་གང་ཞིག་མཐོང་གྱུར་ན། །རྟ་ནི་ངེས་པར་བརླག་འགྱུར་བའི། །ཚེ་ཟད་པ་ཡི་རྟགས་དང་ནི། །མཚན་མ་ཡང་དག་བཤད་པར་བྱ། །ནད་ནི་མི་བཟད་ཀྱིས་ཉེན་ཅིང་། །སྲོག་དང་འབྲལ་བར་འགྱུར་བ་ན། །མཚན་མ་གང་ཞིག་སྣང་གྱུར་ པ། །དེ་འདི་ང་ལས་ཤེས་པར་གྱིས། །གང་ཞིག་སྐེ་བསྡམས་ལུད་པ་ལུ། །ཁ་ཆུ་དང་ནི་མཆི་མ་འཛག །དཀུ་ནི་སྟོང་པར་སྣང་གྱུར་བ། །ནད་དེའི་མཚན་མ་ངན་པ་ཡིན། །གང་གི་ལུས་ཀུན་སྐྲངས་པ་དང་། །རྨེན་བུ་མང་པོ་འབྱུང་བ་དང་། །གས་ཤིང་འཛག་པར་བྱེད་ པ་དང་། །དེ་ལ་དྲི་བ་འབྱུང་འགྱུར་ཏེ། །བྱ་རྒོད་ཚང་གི་རིང་འབྱུང་བ། །དེ་ནི་ཅི་ནས་འཚོ་མི་འགྱུར། །རྔ་མ་གཡབ་པར་མི་བྱེད་ཅིང་། །སོ་ཡང་ཀྲིག་ཀྲིག་འཆའ་བར་བྱེད། །སེམས་རྨུགས་ཤིན་ཏུ་ཡིན་མི་བདེ། །མགོ་ཡང་ཕྲུག་པར་བྱེད་མི་ནུས། །མཚན་དང་ལྟོ་ བ་བསླངས་གྱུར་བ། །རྟ་དེ་འཚོ་བར་མི་འགྱུར་རོ། །རྣ་བ་ཆག་ཅིང་ཟས་མི་ཟ། །བཞིན་རས་ངན་ཅིང་རྔ་མ་འབྱི། །འདར་དང་མགོ་འཁོར་གྱིས་ཉེན་པ། །སྐད་མི་འབྱིན་ཅིང་འདུག་མི་ཚུགས། །སེམས་ཁོང་ཆུད་ཅིང་མཆི་མས་དཀྲུགས། །ཚེ་ཟད་པར་ནི་ཤེས་ པར་བྱ། །ཁ་ནས་ཆུ་སྔོན་འདྲ་བ་ཡི། །ཁ་ཆུ་རྒྱུན་དུ་འཛག་པ་དང་། །རྟ་སྤངས་རྒྱུན་མི་འཆད་པར་འཁ