Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 203

Văn bản gốc(Tây Tạng)

Trang 15 / 18 (50.000 ký tự/trang)
་སོང་ནས་ཀྱང་། །དེ་ཉིད་ཙམ་དུ་བཟློག་པར་བྱ། །དེ་ཡི་རྗེས་ལ་འདོམ་བཞི་སྟོང་། །དེ་ཉིད་འགྲོ་ཞིང་བཟློག་
པར་བྱ། དེ་ཡི་རྗེས་ལ་འདོམ་བཞི་སྟོང་། །དེ་ཉིད་འགྲོ་ཞིང་བཟློག་པར་བྱ། ཟས་དང་བསྐྱར་བ་ཉིད་ཀྱིས་ནི། །ལུས་ནི་ལེགས་པར་མཁྲང་བར་འགྱུར། །ལུས་དང་ཡན་ལག་རྐང་བ་བརྟན། །ལག་གནས་དང་པོ་དགའ་བ་དང་། །གང་ཚེ་ནད་མེད་ཡིད་བདེ་བ། །དེ་ཚེ་ལས་ལ་སྦྱར་བར་བྱ། །དེ་ལྟར་སྦོམ་པ་ཤེས་བྱས་ལ། །དེ་ནས་ལས་
རྣམས་སྦྱར་བར་བྱ། །འདི་ནི་དམར་པོར་གྱུར་པ་དང་། །སྦོམ་ཕྲ་དག་ཀྱང་བཤད་པ་ཡིན། །རྟ་མཆོག་གི་ནི་སྟོན་ཀ་དག །རང་བཞིན་ལ་གནས་བཤད་བར་བྱ། །སྔར་ནི་ང་ཡི་རྟ་རྣམས་ཀྱི། །ཡོན་ཏན་ཀུན་ལྡན་གསེབ་དང་ནི། །རྒོད་མ་ཡོན་ཏན་དེ་ལྡན་ཞིང་། །ན་ཚོད་
སྟོབས་ནི་ཕུན་ཚོགས་པ། །སྲོག་ཆགས་ཐམས་ཅད་བདེ་བའི་དུས། །དཔྱིད་དོ་མེ་ཏོག་དྲི་ཅན་ལ། །ཕན་ཚུན་འདོད་པ་བསྐྱེད་པའི་ཚེ། །རྒོད་མ་འཁྲིག་པའི་དོན་དུ་འགྲོ། །དེར་ནི་མངལ་དུ་ཆགས་གྱུར་པ། །རྟ་ཡི་ཉམས་མཉམ་བཟང་བོ་ཡིན། །མངལ་དུ་ཆགས་

པ་བསྲུང་བའི་ཕྱིར། །ནས་དང་མ་ཤ་མར་གྱིས་གསོ། །དམན་པ་བསྟེན་དུ་མི་གཞུག་ཅིང་། །སྐར་ཁུང་དྲ་བ་ཅན་དུ་གཞག །གོམ་པ་དལ་གྱིས་འགྲོ་བྱ་ཞིང་། །དབེན་པའི་ཕྱོགས་སུ་བསྐྱང་བར་བྱ། །ཁང་པ་སྐར་ཁུང་ཅན་དེར་ནི། །བཞི་མཉམ་
སྟན་དང་བཅས་པར་བྱ། །རྟེའུ་ལ་ནི་ཕན་པའི་ཕྱིར། །འདི་དག་ཐམས་ཅད་ཡང་དག་སྤྱད། །ཡུངས་ཀར་དང་ནི་ཆུ་དག་དང་། །ཕུ་ཤེལ་ཙེ་དང་ཤུག་པ་དང་། །བསེ་ཤིང་འབྲས་བུ་ཤིབ་བཏགས་པའི། །ཕྱེ་མ་ཡི་ནི་བདུག་པས་འདུག །དེ་ལྟར་ལེགས་པར་བསྲུངས་གྱུར་ན། །
རྟེའུ་དུས་ཀྱི་བཟང་པོར་སྐྱེ། །ལུས་ཀྱི་སྟོབས་ནི་ཕུན་ཚོགས་ཤིང་། །ཤིན་ཏུ་འབྱེས་པ་ལེགས་པར་འདུས། །ལུས་གཟུངས་ཐམས་ཅད་རྒྱས་པ་དང་། །ཡན་ལག་མཛེས་ཤིང་ལྟ་ན་སྡུག །མགྱོགས་ཤིང་གཙུག་ནི་དག་པ་དང་། །མཁྲེགས་ཤིང་གྲ་མ་ཅན་མིན་དང་། །
པགས་སྲབ་བ་སྤུ་སྣུམ་པ་དང་། །འགྲོ་ལེགས་གཟུང་བར་སླ་བ་དང་། །ལུས་ཀྱི་ཡོན་ཏན་ཀུན་ལྡན་ཞིང་། །མཚན་ཉིད་ཐམས་ཅད་བསྔགས་པ་དང་། །འཛིན་དང་འཇོག་པར་བྱེད་པ་ལ། །རྟག་ཏུ་མཉམ་པ་མེད་པར་དཔའ། །སྟོན་ཀ་དག་དང་ཞེས་འདི་བཤད། །རྟ་
ནི་བཟང་པོ་ཡིན་པར་བསྟན། །རྐང་པ་བརྟན་ཞིང་འགྲོས་ཆེ་ལ། །ལུས་ཀྱི་འཕེལ་ཀ་ཆེ་ཞིང་ལེགས། །རྟག་ཏུ་ཁལ་གྱི་སོར་བ་དང་། །ལས་རྣམས་ལ་ནི་ངེས་སྦྱོར་ནུས། །དེ་ནི་སློབ་དཔོན་དམ་པ་ཡིས། །རག་པའི་རང་བཞིན་སྟོན་ཀར་བཤད། །དེ་ནི་བཀྲ་ཤིས་རྟ་
ཡིན་ཏེ། །རྒྱལ་པོའི་བཞིན་པར་དེ་ཉིད་བཤད། །དེ་ནི་གཡུལ་ངོར་རབ་ཏུ་བསྔགས། །རྟག་ཏུ་རྒོད་མའི་གསེབ་ཏུ་བཟང་། །དེ་ནི་བྱང་ཞིང་དཔའ་བ་དང་། །མཆོད་སྦྱིན་ལ་ཡང་རྟ་དེ་བཟང་། །རྟག་ཏུ་ཚངས་པ་སྨྲ་བ་ཡི། །རྟ་མཆོག་ཅེས་ནི་དེ་བཤད་དོ། །དེ་ནི་རྟག་ཏུ་བཞོན་
པར་བཟང་། །སྐྱེ་དགུ་སྐྱེད་པ་ཡིན་པར་བཤད། །འདི་ཡི་ལས་རྣམས་བཤད་པ་སྟེ། །གཞན་ཡང་མངལ་ཅན་ཞེས་བྱའོ། །རྟ་ཡི་མཆོག་ཏུ་གྱུར་པ་འདི། །ལས་ལ་སྒྱིད་ལུག་འགྱུར་མ་ཡིན། །སྟོན་ཀ་བ་ནི་བཞི་པོ་འདི། །མཚན་ཉིད་གྲངས་ནི་དུས་མ་ཡིན། །སྦོམ་དང་

རང་བཞིན་ལ་གནས་དང་། །དམར་དང་དེ་བཞིན་ཕྲ་བ་སྟེ། །རྣམ་པ་བཞི་པོ་གསོ་བ་དང་། །བཅས་པར་དེ་བཞིན་བཤད་པ་ཡིན། །གཞན་ཡང་པགས་པ་ལ་སོགས་པའི། །རང་བཞིན་གང་ཡིན་བཤད་པར་བྱ། །པགས་སྲབ་མདངས་སྣུམ་ཕུན་སུམ་ཚོགས། །བ་
སྤུ་སྣུམ་ཞིང་གཉེར་མ་སྙོམས། །གསང་བའི་ཕྱོགས་ནི་མཛེས་པ་དང་། །གཙུག་ནི་བཟང་པོར་གང་གྱུར་དང་། །བློ་ལྡང་བྱང་ཞིང་མགྱོགས་པ་དང་། །རྨང་ཁ་མཉན་ཞིང་ཚོར་བ་ཅན། །ཤིན་ཏུ་འབྱར་བར་གང་གྱུར་པ། །པགས་པ་བཟང་པོར་དེ་བཤད་དོ། །ཡན་ལག་ཚད་
དང་ལྡན་པ་དང་། །ལུས་ཀུན་ལག་པར་སྙོམས་པ་དང་། །དམར་ཞིང་དམར་བའི་མདོག་རྫས་ཅན། །མིག་དམར་ལྟ་ན་སྡུག་པ་དང་། །མདངས་ལྡན་ཡིད་ནི་གཞུངས་པ་དང་། །བློ་དང་དྲན་པའི་ཡོན་ཏན་ལྡན། །ཁྲག་གི་མཚན་ཉིད་བཟང་ལྡན་རྟ། །མཚན་དང་ཁ་དང་རྐན་
དམར་བའོ། །སོ་སྣུམ་མིག་ནི་ལེགས་པ་དང་། །བ་སྤུ་རྔ་མའི་མདངས་སྣུམ་ཞིང་། །དེ་བཞིན་ཕུམ་ཕུམ་འཇམ་ལ་སྣུམ། །རྔོག་མར་ཞིང་བཟང་བ་དང་། །ལྕེ་ནི་འཇམ་ཞིང་ཡངས་པ་དང་། །པདྨ་འདྲ་ཞིང་ལུས་ཚུགས་ནས། །ཤིན་ཏུ་མཛེས་ཤིང་ཤ་ཡིས་
རྒྱས། །རྐན་དང་མ་རྐན་མིག་དམར་ཞིང་། །སྟོབས་ཆེན་གཟུགས་ནི་བཟང་བདག །ཤ་མཁྲེགས་པ་ཞེས་བྱ་བར་བཤད། །གསེང་ཁྲོམ་མེ་ཏོག་མདོག་འདྲ་ཞིང་། །ཟླུམ་ལ་ཚིལ་གྱིས་རྒྱས་ཤིང་བཟང་། །ཤ་ཆེ་ཚིལ་ནི་ཆེ་གྱུར་པ། །ཆེ་མཁྲེགས་པ་ཡི་རྟ་ཞེས་
བྱ། །ཁ་དོག་དཀར་བའམ་སྦྲང་རྩི་འདྲ། །མདངས་གསལ་སྙོམས་ཤིང་མཁྲེགས་པ་ཡི། །སོའམ་མཆེ་བ་ཡོད་གྱུར་ལ། །མཚན་ནི་ཤིན་ཏུ་ལེགས་གྱུར་ཅིང་། །གང་གི་རུས་པ་ལས་སྐྱེས་ཤིང་། །འབྱེས་ལས་བརྟན་པར་གྱུར་པ་དག །ཁུར་གྱིས་ཞུམ་པ་མེད་གྱུར་པ། །
དེ་ནི་རུས་མཁྲེགས་རྟ་ཡིན་ནོ། །རྐང་ནི་མར་གྱི་སྙིང་པོ་འདྲ། །སྲ་ཞིང་ལྕི་ལ་མཁྲེགས་པར་སྣང་། །ཤ་ཡི་ཕྱེད་པ་ནད་དག་ནི། །ཤིན་ཏུ་སྣུམ་པར་སྣང་བ་དང་། །གང་གི་བ་སྤུ་སྣུམ་གྱུར་ཅིང་། །སྟོབས་དང་མདངས་ཀྱི་ཡོན་ཏན་ལྡན། །

དེ་ནི་རྐང་མཁྲེགས་པ་ཞེས་བྱ། །སྣུམ་ཞིང་བསྐ་ལ་དྲི་མ་མེད། །གང་ཞིང་བ་རའི་འོ་མ་འདྲ། །གང་ལ་དེ་འདྲའི་ཁུ་བ་ཡོད། །དེ་ནི་ང་ཡིས་བཤད་ཀྱིས་ཉེན། །སྲ་ཞིང་སྟོབས་ལྡན་དྲེགས་པ་བདོ། །རྒྱ་ཆེར་དགའ་ཞིང་མགྱོགས་དང་ལྡན། །རྒོད་མ་ཤིན་ཏུ་ཚིམ་
བྱེད་ཅིང་། །མདངས་སྣུམ་འགྲོས་ནི་མྱུར་བ་དང་། །དཀར་བའམ་ཡང་ན་མདོག་རྗེས་དཀར། །ཤ་དང་གནད་དང་ཚིལ་དང་ནི། །རྐང་དང་རུས་པ་པགས་པ་དང་། །ལུས་གང་གཞན་ལ་ཡོད་པ་རྣམས། །ཐམས་ཅད་རྒྱུས་པས་སྤྲེལ་བ་ཡིན། །འདི་ནི་མཁྲེགས་པར་གྱུར་པ་ཡི། །
སྟོབས་དང་གཟི་མདངས་མགྱོགས་པར་ལྡན། །ལུས་ཀྱི་ཡན་ལག་ཀུན་ལེགས་འབྲེལ། །ཚིགས་ལེགས་ལས་རྣམས་ཐམས་ཅད་བྱེད། །འདི་ནི་རྩ་རུས་སྲ་བ་ཡིན། །སྙིང་སྟོབས་བརྟན་ལ་ད་ཉོན་ཅིག །དཔའ་ཞིང་གཡུལ་དུ་དཔའ་བའི་མགོ །བློ་དང་དྲན་པའི་ཡོན་ཏན་ལྡན། །
མདོག་སྣུམ་དེ་བཞིན་མདངས་དང་ལྡན། །ཕོ་མཚན་ལྡན་ཞིང་ཚོར་བ་ཆེ། །ཆུ་ཞིང་གབ་པར་གྱུར་པ་ཡི། །ཡོན་ཏན་ཐམས་ཅད་ལྡན་པ་དག །སྙིང་སྟོབས་བརྟན་པའི་རྟ་ཡིན་ཏེ། །རྡོ་རྗེ་མཁྲེགས་པ་འདྲ་ཞིང་གྲིམས། །ས་ཀུན་ལ་ནི་ཐོར་མེད་ཅིང་། །ལས་རྣམས་ཀུན་ལ་
བསྔགས་པ་ཡིན། །འཁྲུགས་ཤིང་ཚིམ་པར་བྱས་ན་ཡང་། །ཁོང་འཁྲུགས་དགའ་བར་འགྱུར་བ་མེད། །འདི་དག་སྲ་བར་ཡང་དག་བཤད། །དེ་རྣམས་ཀྱི་ནི་ཡོན་ཏན་ཉོན། །པགས་མཁྲེགས་སྲབ་ཅིང་མཚན་ལེགས་སྐྱེ། །མགྱོགས་དལ་དག་དང་ལྡན་པ་ཡི། །ཁྲག་
བཟང་མདངས་དང་ལྡན་པ་དང་། །ཡིད་གཞུངས་པར་ནི་འགྱུར་བ་ཡིན། །ཤ་མཁྲེགས་སྟོབས་དང་ལྡན་པ་དང་། །རྟ་ནི་གཟུགས་བཟང་འགྱུར་བ་ཡིན། །ཚིལ་མཁྲེགས་པར་ནི་གྱུར་པའི་རྟ། །ལམ་གྱི་ཕ་རོལ་ཕྱིན་པར་འགྱུར། །རུས་མཁྲེགས་སྟོབས་དང་ལྡན་པ་དང་། །དཔངས་མཐོ་
དེ་བཞིན་ཀུན་བྱེད་ནུས། །རྐང་མཁྲེགས་པར་ནི་གྱུར་བའི་རྟ། །སྟོབས་དང་གཟི་མདངས་ཕུན་ཚོགས་འགྱུར། །ཁུ་བ་མང་བར་གྱུར་པའི་རྟ། །བུ་མང་སྟོབས་ཆེ་འདོད་མོས་མེད། །རྩ་རྒྱུས་མཁྲེགས་པར་གྱུར་བའི་རྟ། །གཉིད་སྲབ་ངལ་བ་མེད་པར་འགྱུར། །སྙིང་སྟོབས་ཆེ་བ་བདག་

ཉིད་བརྟན། །བདག་ཉིད་ཐུལ་ཞིང་ཐམས་ཅད་བྱེད། །དེ་ལྟར་སྟོན་ཀ་ཞེས་བྱ་དང་། །མཁྲེགས་པར་གྱུར་པའང་བཤད་པ་ཡིན། །ཤ་ལི་ཧོ་ཏྲའི་མདོའི་གནས་ལས་སྟོན་ཀ་པ་ཞེས་བྱ་བའི་ལེའུ་སྟེ་སུམ་ཅུ་རྩ་དགུ་པའོ།། །།དཀའ་ཐུབ་བརྟུལ་ཞུགས་ཡང་དག་གྲུབ། །ཚངས་
པའི་གཟི་ལྡན་ཐུལ་བར་དཀའ། །ཤེས་དང་རྣལ་འབྱོར་བསམ་གཏན་དང་། །སྒོམ་པ་ལ་གོམས་སྡིག་བྲལ་ལ། །ཤ་ལི་ཧོ་ཏྲའི་བུ་ལེགས་ཐོས། །ཐོབ་པ་ཕུན་ཚོགས་དུལ་བར་ལྡན། །དྲི་བའི་ཚིག་འདི་དོན་མཆོག་ལྡན། །ཤ་ལི་ཧོ་ཏྲ་ལ་དྲིས་པ། །ལེགས་ལྡན་སྔར་ནི་རྒྱལ་
པོ་ལ། །རྟ་ལས་མཆོག་གྱུར་དཔུང་གཞན་མེད། །རྟ་ཡིས་ཐོབ་པར་མི་ནུས་བའི། །གནས་ཀྱང་རྒྱལ་པོས་ཐོབ་ཅེས་གསུངས། །དེ་ལ་རྟག་པར་རྟ་ཡོད་ཀྱང་། །གལ་ཏེ་རྒྱལ་པོ་གཞན་ལས་ནི། །ཡུལ་གཞན་ལས་ནི་གྱུར་བ་ཡི། །རྟ་དག་ཉོ་བར་འདོད་གྱུར་ལ། །གང་ལ་
རིན་ནི་ཅི་ལྟ་བུ། །ཡིན་པ་དེ་ལ་རྟོགས་པར་འདོད། །དེ་དོན་མ་ལུས་ཤེས་འགྱུར་བ། །ཁྱེད་ཀྱི་དོན་ནི་ཤེས་པར་འཚལ། །བདག་ཉིད་ཆེན་པོ་ལེགས་ཐོས་ཀྱིས། །དེ་ལ་བསྙེན་བཀུར་བྱེད་པ་ན། །དྲང་སྲོང་ཆེན་པོས་ཉོ་ཚོང་གི །བརྟག་པ་འདི་ནི་སྨྲས་པ་ཡིན། །གལ་ཏེ་
རྟ་ནི་ཡོད་གྱུར་ཀྱང་། །རྟ་གཞན་ཉོ་བར་འདོད་གྱུར་ན། །རྟ་ཉུང་བའམ་འོན་ཏེ་ནི། །བཞོན་པ་ཟད་ཚེ་སྨོས་ཅི་དགོས། །རྒན་ཡང་འཁོར་ལོས་སྒྱུར་བ་ཡི། །རྒྱལ་པོ་ལ་འོས་མཚན་ཉིད་རྫོགས། །མཚན་ཉིད་དོན་གྱིས་འབྲས་འདོད་པས། །རབ་ཏུ་འབད་དེ་ཉོ་བར་བྱ། །རྟ་
གང་གཡུལ་དུ་མི་ཤེས་ཡོད། །ཡོན་ཏན་གཞན་དག་ལྡན་གྱུར་ན། རྒྱུ་བའི་ཡོན་ཏན་ལྡན་པའི་ཕྱིར། །དེ་ཡང་འབད་པས་ཉོ་བར་བྱ། །མཚན་ཉིད་ངན་པའི་གནས་སྐབས་ལྡན། །རྟ་ཡང་ཉོ་བ་ཉིད་དུ་བྱ། །དཔེར་ན་མི་ཤིས་ཉེས་བྲལ་བའི། །ཉིན་ཞག་འདས་ན་ལན་
དང་མཚུངས། །ལྷ་ཡི་སྙིང་སྟོབས་གཟི་མདངས་ལྡན། །མགྱོགས་ཤིང་རིགས་སྟོབས་ལ་གནས་ན། །མཚན་ཉིད་ཅུང་ཟད་ལྡན་ན་ཡང་། །རྟ་ནི་བླང་བར་བྱ་བར་འོས། །དང་པོ་ལུས་ཀྱི་མཚན་ཉིད་དག །བཟང་ངན་གང་ཡིན་ཡན་ལག་ནི། །རེ་རེ་ནས་སྒྲོས་བརྟག་

པར་བྱ། །དེ་ཡི་རྗེས་ལ་ན་ཚོད་བརྟག །ལུས་བརྟགས་ནས་ནི་ཚེ་ཚད་དེ། །ཅི་སྲིད་ནས་ནི་འཆི་བ་བརྟག །དེ་རྗེས་རིན་ཐང་གདབ་བྱ་སྟེ། །གཞན་དུ་བཟང་པོ་ངན་པར་འགྱུར། །དེ་བཞིན་རིགས་དང་ཤེས་པ་དང་། །མཚན་ཉིད་བཟང་དང་ངན་པ་དང་། །མདོག་
དང་གཙུག་དང་འགྲོས་ཀུན་དང་། །དེ་ལས་གཞན་ཅིའང་རུང་བ་དང་། །ཆུ་ཞེང་གི་ནི་ཚད་དག་དང་། །དེ་བཞིན་རྒྱུ་བའི་འགྲོས་དང་ནི། །བརྒྱུག་ཚེ་ལུས་ཀྱི་མཐོ་དམན་དང་། །དེ་བཞིན་སྡུག་དང་མི་སྡུག་དང་། །ཞོན་ཚེ་སྙིང་ཉེ་སྙིང་རིང་དང་། །སྐྱེ་གནས་བཅས་པར་ཤེས་
པར་བྱ། །ལྷན་ཅིག་སྐྱེས་པའི་བ་དང་ནི། །སྲ་སྙི་དག་གི་རང་བཞིན་དང་། །རྟ་ཡི་ནང་ན་རྒྱུ་བ་ན། །སྙིང་སྟོབས་དང་ཚུལ་གཟི་མདངས་དང་། །ནད་མེད་ནད་དང་བཅས་རྣམས་དང་། །རྟ་འདོད་པ་ཡིས་རྟག་ཏུ་བརྟག །རིན་ཐང་དག་ནི་ཅི་ཙམ་གྱིས། །ས་ནི་ཅི་ཙམ་ཚོད་
གྱུར་པ། །དེ་ནི་རབ་ཏུ་བཤད་བྱ་ཡིས། །ངས་སྨྲས་པ་ལ་མཉན་པར་གྱིས། །རྟ་མཁན་དང་ནི་རྟ་རྫི་དང་། །རྟ་ལ་གོམ་དང་འགྲོས་མཐུན་དང་། །རིགས་མཐོ་བརྐམ་ཆགས་མེད་ཅིང་དུལ། །བློ་ཟབ་བསྟན་བཅོས་ཤེས་པ་དང་། །གསོ་བ་ལེགས་པར་ཤེས་པ་
དང་། །ནད་གསོ་བ་ལ་མཁས་པ་དང་། །ལན་འདེབས་པ་ལ་མཁས་པ་དང་། །ལོང་ཡོད་པར་ནི་བརྟག་པར་བྱ། །སྐར་མ་ཉིན་ཞག་ཤིས་པ་དང་། །གཟབ་ནི་བཟང་པོ་ལ་བབ་ཚེ། །རྒྱལ་པོ་བློན་པོའི་རྒྱལ་པོ་ཉིད། །གྲོང་ཁྱེར་གྱི་ནི་ཕྱི་རོལ་གྱི། །ཤར་དང་བྱང་གི་
ཕྱོགས་སུ་ནི། །ས་ཕྱོགས་མཉམ་ཞིང་གཙང་བ་དག །ཐག་ཐོགས་མེད་ཅིང་བགྲོད་བདེ་བར། །ཀུན་ཏུ་མཉམ་པར་གྱུར་པ་ཡིན། །ཆུ་ཞེང་མཉམ་ཞིང་ཤར་དུ་ཡངས། །རིན་ཐང་སྐྱོད་པ་གཙང་མར་གནས། །ཆུར་ནི་གཞུ་འདོམ་ཉིས་བརྒྱ་པ། །ཞེང་དུ་དེ་ཡི་བརྒྱད་
ཆ་རུ། །སྐེ་ནས་འཛིན་པར་བྱེད་པ་ཡི། །མི་རྣམས་ཀྱང་ནི་གཞག་པར་བྱ། །མང་པོ་ལས་ནི་མཆོག་དང་འབྲིང་། །ཐ་མ་སྡེ་ཚོམས་གསུམ་དུ་བྱ། །དེ་རྣམས་མཚན་ཉིད་ངན་པ་ཡི། །ཉེས་དང་རིང་ལས་རིན་ཐང་གདབ། །ཉོ་བྱ་ཉུང་ཞིང་མཉམ་གྱུར་ན། །ཆ་

མཉམ་པ་ཡི་རིན་ཐང་གདབ། །སོ་སོར་ཡོངས་སུ་བརྟགས་ནས་ནི། །རིན་ཐང་སོ་སོར་གདབ་པར་བྱ། །དེ་བཞིན་བསླབ་པར་བྱ་བ་དང་། །མ་བྱང་བ་ཡི་མཚན་ཉིད་ནི། །ཞོན་ཏེ་འབད་བས་བརྟགས་ནས་ནི། །རིན་ཐང་གདབ་པ་ཉིད་དུ་བྱ། །སྒྲ་ཆེན་སྐྱེ་བོ་མང་པོ་ཡི། །ཐལ་
མོ་ཅ་ཅོ་བསྡིགས་བྱས་པས། །སེམས་ཀྱི་རང་བཞིན་བརྟག་བྱ་ཞིང་། །འཇམ་པ་ཡིས་ཀྱང་རེག་པ་བརྟག །གློ་བུར་གླང་ཆེན་འབྲུག་སྒྲ་དག །གྲག་ལས་སྙིང་སྟོབས་བརྟག་པར་བྱ། །གཟི་མདངས་དང་ནི་མི་མཐུན་ཕྱོགས། །ངང་ཚུལ་དང་ནི་དུལ་བ་དག །རེ་རེ་ནས་མི་ཤར་
ཕྱོགས་སམ། །བྱང་དུ་འདི་བསྟན་བྱས་ལ། །གདོང་ནི་མཐར་ཐུག་ཡོངས་སུ་ནི། །བསྐོར་ཞིང་བརྟག་པ་ཉིད་དུ་བྱ། །ཅི་ནས་འཚོང་དང་ཉོ་བ་དང་། །མཆོག་དང་དགའ་བ་འགྱུར་བ་ནི། །རྟ་འདུལ་མཁན་དང་ཚོང་ཁ་བས། །དེ་ལྟར་རང་བཞིན་ངེས་པར་བཅད། །ཉོ་བ་དང་ནི་
ཚོང་པ་དག །ལག་བརྡས་དང་པོར་གོ་བྱས་ལ། །དེ་ཡིས་འོག་ཏུ་ཐམས་ཅད་ཀྱི། །མདུན་དུ་གནས་དེ་གསལ་བར་བྱ། །རྟ་ལ་བརྫུན་གྱིས་སླུ་བྱེད་ན། །རིགས་བརྒྱ་ངེས་པར་རླག་འགྱུར་བས། །འཚོང་བའམ་ཉོ་བར་བྱེད་པ་ལ། །སླུ་བ་དག་ཏུ་མི་བྱའོ། །གལ་ཏེ་རིན་ཐང་
གསལ་བྱས་ནས། །རྟ་མི་གཏོང་དམ་མི་ལེན་ནམ། །གང་ཞིག་འགའ་བར་གྱུར་པ་ན། །དེ་ལ་ཆད་པ་ཅི་རིགས་བཅད། །ཤ་ལི་ཧོ་ཏྲའི་མདོའི་གནས་ལས་ཉོ་ཚོང་བརྟག་པའི་ལེའུ་སྟེ་བཞི་བཅུ་པའོ། །གནས་དང་པོ་རྫོགས་སོ།། །།ཤ་ལི་ཧོ་ཏྲ་བདེར་གནས་ལ། །
ལེགས་ཐོས་ཀྱིས་ནི་ཡང་དྲིས་པ། །རྗེས་སུ་བཏུང་བའི་ཆང་དག་ནི། །ཅི་འདྲ་བར་ནི་བླུད་པར་བྱ། །ནད་ཀྱི་རང་བཞིན་ཅི་འདྲ་བར། །སྨན་ནི་ཅི་འདྲ་དང་སྦྱར་སྦྱིན། །ངོ་ནི་གཞན་རུ་གྱུར་པ་ན། །ཆང་གིས་ནད་ནི་གང་ཞིག་སྐྱེད། །འདིར་ནི་ཆུ་སྦུབས་ཆད་ཅི་ཙམ། །དེ་
བཞིན་ཆང་ནི་ཅི་འདྲ་བླུད། །རྗེས་སུ་བཏུང་བའི་ཆོ་ག་འདི། །སྨྲ་མཆོག་ཁྱེད་ཀྱིས་བསྟན་དུ་གསོལ། །བུ་ཡིས་དེ་སྐད་དྲིས་པ་ན། །ཤ་ལི་ཧོ་ཏྲས་སླར་སྨྲས་པ། །འོད་མ་ཚིགས་ནི་གཉིས་པ་ལས། །སྨན་པ་ཡི་ནི་སོར་ཚད་ཀྱིས། །ཆུར་ནི་སོར་ཡང་བཅུ་དྲུག་ལ། །ཞེང་དུ་

སོར་གཉིས་ཆུ་སྦུབས་བྱ། །ཟླུམ་ཞིང་རྩེ་མོ་རྟ་རྣ་འདྲ། །འཇམ་ཞིང་ཤིན་ཏུ་སྲ་བ་ལ། །བུ་ག་མཐེ་བོང་ཤོང་ཙམ་ནི། །རྩེ་མོའི་ཕྱོགས་སུ་བྱ་བ་ཡིན། །ཡ་སོའི་གསེབ་ཏུ་བཏང་ནས་ནི། །གཡོན་ཕྱོགས་སུ་ནི་གཞག་པར་བྱ། །བདེ་ཞིང་དྲང་པོར་བཞག་གནས་
ནི། །མགོ་བོར་སླར་ཡང་བརྡེག་བྱས་ལ། །ཆུ་སྦུབས་མཚན་ཉིད་དེ་འདྲ་བ། །སུམ་ཆ་ཉེ་བར་བཟུང་ནས་ནི། །སོར་བཞིར་ཁ་ཡི་ནང་བསྲིངས་ལ། །གནོད་པ་མེད་པར་བླུད་པར་བྱ། །རིང་པར་སྦྱིན་པར་མི་བྱ་ཞིང་། །ཉུང་ཉུང་ཡང་དང་ཡང་མི་སྦྱིན། །དེ་འདྲའི་ཚུལ་གྱི་ཆུ་
སྦུབས་དང་། །རྟ་ལ་བཏུང་བ་བླུད་པར་བྱ། །འོ་མ་ཆང་ལས་གྱུར་པའི་ནང་། །ནམ་ཡང་ཆུ་སྦུབས་ཀྱིས་ནི་སེལ། །དེ་བས་ཆུ་དང་འོ་མ་ནི། །ཆུ་སྦུབས་དང་ནི་བླུད་མི་བྱ། །ཆང་ནི་འབུ་ཞུགས་རུལ་པ་དང་། །སྐྱུར་ཞིང་མདོག་ཉམས་སྤྱི་བག་ཅན། །གསར་དང་ཚིག་དང་
ཤུན་པ་ཆགས། །སྙིགས་མར་གྱུར་པ་སྨད་པ་ཡིན། །གང་ཚེ་རྟ་ནི་སྐྱུར་བའམ། །སྤྱི་བག་ཅན་གྱི་ཆང་བླུད་ན། །དེ་ཚེ་ཁྲག་དང་མཁྲིས་པ་ནི། །ཐ་མལ་པ་གནས་འཁྲུག་པར་འགྱུར། །ཚིག་ཅིང་ཉམས་པས་བད་མཁྲིས་དང་། །རླུང་ཡང་སྐྱེད་པར་བྱེད་པ་ཡིན། །
དྲི་མི་ཞིམ་ཞིང་རུལ་པ་ཡིས། །རླུང་དང་བད་ཀན་མཁྲིས་པ་དག །གནས་ནས་སྐྱོད་པར་བྱེད་པ་དང་། །བརྒྱལ་དང་རྨོངས་བག་སྐྱེད་པར་འགྱུར། །རྙིངས་དང་ཆང་གི་སྙིགས་མ་དང་། །འབུ་དང་བཅས་པར་སྦྱིན་ན་ནི། །རྟ་ཡི་ནད་གཞི་རྣམས་དང་ནི། །ལུས་གཟུངས་དག་
ཀྱང་འཁྲུགས་པར་འགྱུར། །རོ་དང་མཐུ་མེད་ཆང་གཞོན་དང་། །བླུད་ན་རླུང་ནི་འཁྲུགས་པར་བྱེད། །དེ་བས་ཤས་ཆེར་མངར་གྱུར་བ། །ཁ་དང་ཚ་བའི་རོ་ལྡན་པ། །སྐྱུར་དང་ལན་ཚྭ་ཆེར་མི་བྲོ། །བསྐ་བ་བསྔགས་པར་གྱུར་པ་ཡིན། །ཆང་ནི་རོ་དྲུག་རྗེས་འཇུག་པས། །ཡོན་
ཏན་དྲུག་དང་ལྡན་པ་ཡིན། །མདོག་བཟང་དྲི་ནི་བཟང་བ་དག །གསལ་བ་རྣམས་ནི་བསྔགས་པ་ཡིན། །རོ་ཙ་རླུང་ནི་ཤད་སེལ་ཞིང་། །དྲི་མེད་སྟོབས་ཀྱང་འཕེལ་བྱེད་ཡིན། །ངལ་བ་སེལ་ཞིང་ཡི་གར་འགྲོ། །ཕྱི་ལོ་བསིལ་བྱེད་ཡོན་ཏན་ལྡན། །ལུས་ཀྱི་ནང་ནི་ཚ་བྱེད་

ཅིང་། །ཞུ་རྗེས་ཀྱང་ནི་ཚ་བ་ཡིན། །བད་ཀན་སྨུག་དང་སྐེམས་པ་སེལ། །ཁྲག་ཀྱང་དང་བར་བྱེད་པ་ཡིན། །གཅིན་སྲི་བ་དང་ཚད་འཁྲུ་བ། །ཕན་ཞིང་རླུང་ནི་བདེ་རྒྱུ་བྱེད། །རྟས་བྱེད་འཇུག་བྱེད་མཆོག་ཡིན་ཞིང་། །མདོག་ཀྱང་གསལ་བར་བྱེད་པ་ཡིན། །མེ་དྲོད་
ཉམས་པར་ཟོས་རྗེས་ལ། །ཆང་འཐུང་མེ་དྲོད་སྐྱེད་པར་བྱེད། །རྟ་ཡི་ནད་ནི་ཐམས་ཅད་ལ། །ཕལ་ཆེར་ཆང་ནི་ཕན་པ་ཡིན། །ཆང་ནི་ཁ་ར་སྦྲང་རྩི་དང་། །སྦྱར་བ་བཏུང་བར་བླུད་གྱུར་ན། །ཁོང་པའི་མེ་དྲོད་སྐྱེད་བྱེད་ཅིང་། །ཁ་ཡི་ལྗན་ལྗིན་སྦྱོང་བར་བྱེད། །བུ་རམ་ཡང་
ནི་ཁྱད་པར་དུ། །རོ་ཙ་བྱེད་ཅིང་རླུང་མཁྲིས་སྐྱེད། །ཁ་ཞིང་བསྐ་བའི་རོ་ལྡན་པ། །ཞུ་རྗེས་ཚ་བར་གྱུར་པ་ཡིན། །ཞུ་རྗེས་ཚ་ཞིང་རྩུབ་པས་ན། །བད་ཀན་སྦྱོང་བར་བྱེད་པ་ཡིན། །དེ་བཞིན་ཚ་ཞིང་རྩུབ་པ་ན། །མཁྲིས་པ་རླུང་ནི་འཁྲུགས་པར་བྱེད། །ཁར་བ་སིལ་ཞིང་
རྩུབ་བས་ན། །དྲོད་པོ་མིན་པས་རླུང་སྐྱེད་བྱེད། །ནིམ་པ་སེང་ཕྲོམ་པྲི་ཡང་ཀུ། །གླ་སྒང་པི་པི་ལིང་བཏབ་དང་། །སྦྲང་རྩི་དང་ནི་སྦྱར་བ་ཡི། །བཏུད་པ་དཔྱིད་ཀྱི་དུས་སུ་བསྔགས། །ཤིང་མངར་སེར་ཕྲོམ་པི་པི་ལིང་། །པྲི་ཡང་ཀུ་དང་བཅའ་ལྒ་བཏབ། །བུ་རམ་དང་
སྐྱར་བཏུང་བ་བླུད། སོས་ཀའི་ཚེ་ན་བསྔགས་པ་ཡིན། །ཐར་ཤིང་དང་ནི་བཅའ་ལྒ་དང་། །ལན་ཚྭ་དང་ནི་ཏིལ་མར་དང་། །པི་པི་ལིང་ཕྱེ་བཏབ་པ་ཡི། །རྗེས་སུ་བཏུང་བ་དབྱར་ཚེ་བསྔགས། །ཤུ་ཏི་བཅའ་ལྒ་པི་པི་ལིང་། །ཙི་ཏྲ་ཀ་དང་ན་ལེ་ཤམ། །ཁ་ར་རྒུན་འབྲུ་དང་
སྦྱར་བའི། །རྗེས་སུ་བཏུང་བ་སྟོན་ཚེ་བསྔགས། །འཚོ་བྱེད་སྡེ་ཚན་པི་པི་ལིང་། །ཤིང་མངར་དང་ནི་མ་ནུ་དང་། །སེང་ཕྲོམ་རྒྱམ་ཚ་དང་སྦྱར་བའི། །བཏུང་བ་དགུན་གྱི་དུས་སུ་བསྔགས། །ཟི་ར་དང་ནི་བྱི་དང་ག །ཚ་བ་གསུམ་དང་ཙི་ཏྲ་ཀ །ལྕེ་མྱང་ཚ་དང་སྦྲང་རྩི་བཏབ། །
བཏུང་བ་དགུན་གྱི་དུས་སུ་བསྔགས། །རླུང་དང་མཁྲིས་པ་བད་ཀན་རྣམས། །རྣམ་པ་དུ་མར་འཁྲུགས་གྱུར་པའི། །གསོ་བ་ཉེ་བར་བསྟན་པ་ལ། །རྗེས་སུ་བཏུང་བ་བླུད་པར་བྱ། །ཉི་མ་ཤར་མ་ཐག་ཏུ་ནི། །དང་པོ་གདོང་ནི་བཀུས་ནས་ཀྱང་། །ཁོང་པ་དག་གྱུར་རྟ་རྣམས་

ལ། རྗེས་སུ་བཏུང་བ་བླུད་པར་བྱ། །ཆུ་ནི་གྲང་མོ་ངག་གིས་ཀྱང་། །གདོང་དུ་ཉེ་བར་བླུགས་བྱས་ལ། །རྩྭ་ནི་ཡིད་ཙམ་བྱིན་ནས་ཀྱང་། །ཁྲུས་བྱས་རྗེས་ལ་ཁ་ཟས་སྦྱིན། །སོ་སོའི་མེ་སྟོབས་སོ་སོའི་ནད། །སོ་སོའི་རང་བཞིན་ལས་དཔག་སྟེ། །དུས་ནི་
སོ་སོར་བླུད་བྱ་བས། །དེ་ཕྱིར་སོ་སོར་བཏུང་བར་བཤད། །ཟོས་པའི་རྗེས་ལ་བླུད་བྱ་བས། །རྗེས་སུ་བཏུང་བ་ཞེས་ཀྱང་བཤད། །ཟོས་པའི་རྗེས་ལ་བཏུང་བ་ནི། །འབྲས་ཆང་དངས་མ་འབའ་ཞིག་བསྔགས། །སྐོམ་དུ་ཆང་ནི་བླུད་གྱུར་པ། །ཟས་ནི་ཡི་ག་འབྱེད་བྱེད་ཅིང་། །
སྟོབས་ནི་འཕེལ་བར་བྱེད་པ་དང་། །ནད་རྣམས་སེལ་པར་བྱེད་པ་ཡིན། །ལྟོགས་དང་ཤིན་ཏུ་དུབ་པ་དང་། །ལུས་ཀྱི་ཁོང་ཚ་དྲན་པ་ཉམས། །གདོང་ནད་ཅན་དང་དུག་གིས་ཕོག །རྟ་ལ་ཆང་ནི་བླུད་མི་བྱ། །ཆང་བླུད་པ་ཡི་རྟལ་ནི། །ནམ་ཡང་མཉེ་བར་མི་བྱའོ། །དེ་ལྟར་
མེ་དྲོད་ཚུལ་ལས་ནི། །རྫས་སུ་བཏུང་བ་བླུད་པར་བྱ། །རྗེས་སུ་བཏུང་བ་ལན་ཚྭ་ལྟར། །བུ་རམ་ཡང་ནི་སྦྱིན་པར་བྱ། །པི་པི་ལིང་དང་བཅའ་ལྒ་ནི། །དེར་ནི་སྲང་བཞི་གཞུག་པར་བྱ། །ཏིལ་མར་ཕུལ་གང་ཉིད་དང་བསྲེ། །བཏུང་བ་སྔ་དྲོ་བླུད་པར་བྱ། །ཆང་གི་ཉེས་པ་ལས་གྱུར་
པའི་། །ནད་ནི་སྣང་གྱུར་གང་ཡིན་ལ། །གསོ་བ་རུ་ནི་བཤད་པ་ཡིན། །སྨན་གྱིས་སླར་ནི་བཅོས་པར་བྱ། །རྗེས་སུ་བཏུང་བའི་དོན་དུ་ནི། །ལེགས་ཐོས་ཀྱིས་ནི་ཡང་སྨྲས་པ། །གང་གི་དུས་སུ་གང་སྦྱིན་ཞིང་། །ཚད་དང་སྨན་ནི་གང་དང་བཅས། །བཏུང་བ་སྨན་ནི་གང་དུ་སྦྱིན། །
ཆང་དངས་ཆང་རྙིང་སྦྱར་བའི་ཆང་། །དེ་བཞིན་རྒུན་ཆང་ལ་སོགས་པ། །གང་ཚེ་སྦྱིན་པ་བདག་ལ་གསུངས། །བུ་ཡིས་དེ་སྐད་དྲིས་པ་དང་། །ཤ་ལི་ཧོ་ཏྲས་སླར་སྨྲས་པ། །དགུན་ཆེ་ནས་ཆང་སྦྱིན་བྱ་ཞིང་། །དགུན་སྨད་དུས་སུ་ནས་ཆང་བླུད། །དཔྱིད་ནི་སྦྲང་ཆང་སྦྱིན་
བྱ་ཞིང་། སོས་ཀ་ཆང་དངས་སྦྱིན་པར་བྱ། །དབྱར་གྱི་དུས་སུ་ཆང་རྙིང་སྦྱིན། །སྟོན་ནི་རྒུན་ཆང་སྦྱིན་པར་བྱ། །ཟླ་ཕྱེད་དུས་དང་སྨན་སྦྱར་བ། །གང་ཞིང་བླུད་བྱ་དེ་བཤད་བྱ། །སྔ་དྲོ་ཁོང་པ་སྦྱངས་པ་ལ། །ཆང་གི་དངས་མ་ཕུལ་གང་དང་། །དེ་བཞིན་ཏིལ་མར་

ཕུལ་ཕྱེད་དང་། །ཁ་ར་དཀར་པོ་སྲང་བཅུ་དང་། །ཚ་བ་གསུམ་ནི་སྲང་གཅིག་དང་། །ལན་ཚྭ་ཡང་ནི་སྲང་གཅིག་དག །རྟ་ནི་ཆེན་པོ་ལ་སྦྱིན་བྱ། །དེ་ཡིས་དེ་ལ་ཐོབ་པར་འགྱུར། །བར་མ་ལ་ནི་བརྒྱད་ཆ་དག །དེ་ལ་རྣམ་པར་དབྱེ་བར་བྱ། །པི་པི་ལིང་དང་ན་ལེ་ཤམ། །
བ་ར་ཆུ་དག་པུ་ཙེ་ཤེལ། །བཅའ་ལྒ་དང་ནི་ཤིང་ཀུན་དག །སྲང་གཅིག་དག་ནི་ཡིན་པར་བཤད། །སྔར་བཤད་པ་ཡི་ཚད་ལས་ནི། །ཕུལ་གང་ཉིད་ནི་འདི་ལ་སྦྱིན། །ལན་ཚྭ་ཁ་ར་ཏིལ་མར་ནི། །སྔར་བཤད་པ་ཡི་ཕྱེད་དུ་འདོད། །ཆང་བླུད་རྗེས་ལ་འོ་མ་ནི། །འབད་
དེ་ཡོངས་སུ་སྤང་བར་བྱ། །དེ་བཞིན་འོ་མ་བླུད་རྗེས་ལ། །ཆང་སྦྱིན་པར་ཡང་མི་བྱའོ། །ཆང་འཐུངས་རྗེས་ལ་སྐོམ་བླུད་པའམ། །ཟས་ཀྱི་རྗེས་ལ་བླུད་པའང་རུང་། །ཟས་ནི་དུས་རྣམས་ཀུན་དུ་སྦྱིན། །སྐོམ་ནི་ཕྱི་དྲོ་བླུད་པར་བྱ། །སྐོམ་བླུད་རྗེས་ལ་རྩོལ་དྲག་པ། །རྣམ་
པ་ཀུན་དུ་སྤང་བར་བྱ། །ཟླ་ཕྱེད་དུས་སུ་གང་སྦྱིན་པ། །དེ་ནི་ཅི་བཞིན་སྔར་བཤད་ཡིན། །ཤ་ལི་ཧོ་ཏྲའི་གནས་བདུན་པ་ལས་རྗེས་སུ་བཏུང་བ་བསྟན་པའི་ལེའུའོ།། །།ཤ་ལི་ཧོ་ཏྲ་ཐུབ་མཆོག་ལ། །ལེགས་ཐོས་ཀྱིས་ནི་ཡང་དྲིས་པ། །སྨན་པ་མཆོག་གིས་རྟ་
རྣམས་ལ། །རོ་དྲུག་པོ་ནི་དགོས་པར་གསུངས། །རོ་དྲུག་པོ་ནི་དགོས་པ་ལ། །འདི་ལ་ཤལ་ཆེར་ལན་ཚྭ་ནི། །སྦྱོར་བ་ཀུན་ལ་རབ་ཤེས་ཏེ། །ལུས་ནི་རྟས་པར་བྱེད་པ་དང་། །ཁ་ཟས་ལེན་པར་ནུས་པ་དང་། །ལྟོ་བར་ཕྱིན་པར་གྱུར་པ་ནི། །ལེགས་ཉེས་ཅི་འགྱུར་རྒྱུ་དེ་གསུངས། །
དེ་སྐད་དྲིས་ཚེ་ལེགས་ལྡན་ནི། །ཤ་ལི་ཧོ་ཏྲས་སླར་སྨྲས་པ། །རྟ་ནི་རླུང་གི་ཤུགས་ལྡན་ཞིང་། །རླུང་ཤས་ལྷག་པར་ཆེ་བ་ཡིན། །རླུང་འཇོམས་པས་ནི་རོ་དྲུག་ལས། །ལན་ཚྭ་རྟ་ལ་མཆོག་ཏུ་བསྔགས། །མདངས་ནི་རྣམ་པར་འཕེལ་བྱེད་ཅིང་། །སྦྱོར་བ་ཀུན་དང་རྗེས་མཐུན་ལ། །
ལྗང་བ་ཤས་ཆེར་མངར་བས་ན། །འཇུ་དཀའ་བར་ནི་བཤད་པ་ཡིན། །དེ་བསལ་ན་ཚྭ་ཕན་གྱུར་ཅིང་། །རྟ་རྣམས་རྟས་པར་བྱེད་པ་ཡིན། །གཞན་ཡང་ལན་ཚྭའི་ཡོན་ཏན་རྣམས། །ང་ཡིས་བཤད་ཀྱིས་དེ་ཉན་གྱིས། །འདྲུལ་ཞིང་དྲོད་ནི་སྐྱེད་བྱེད་ལ། །ཟས་འཇུ་ལུས་རྒྱས་

བྱེད་པའི་མཆོག །དྲགས་ན་བད་ཀན་སྐྱེད་བྱེད་ཅིང་། །ལུས་ཀྱང་ལྟོད་པར་འགྱུར་བ་བཤད། །རན་པས་ཁ་ནི་སྦྱོང་བྱེད་ཅིང་། །སྟོབས་སྐྱེད་མདོག་ནི་དག་བྱེད་ཡིན། །གང་ཞིག་རླུང་ནད་ཀྱིས་ཉེན་དང་། །གང་ཞིག་རྩྭ་དང་འགྲས་པ་དང་། །གང་ཡང་
ཡིད་མི་བདེར་གྱུར་དང་། །གཉིན་ནི་མེད་པར་གྱུར་བ་དང་། །གང་ཞིག་མེ་དྲོད་ཉམས་པའམ། །གང་ཞིག་མེ་དྲོད་མ་སྙོམས་དང་། །ལུས་གཟུངས་རྣམས་ལ་གནོད་བྱ་ལས། །བརྟས་ཀྱང་ཚོན་པོར་མ་གྱུར་དང་། །དེ་ལ་ཚད་ལྡན་ལན་ཚྭ་ནི། །བྱིན་ན་ནད་རྣམས་སེལ་བྱེད་ཡིན། །
ལན་ཚྭ་འབའ་ཞིག་བྱིན་པའམ། །ཆང་དང་སྦྱར་ཏེ་སྦྱིན་པར་བྱ། །ལན་ཚྭ་ཕོ་བའི་མེ་དྲོད་ནི། །སྐྱེད་ཅིང་མདོག་སྟོབས་འཕེལ་བྱེད་ཡིན། །ལུས་ནི་རྣམ་པར་རྒྱས་བྱེད་ཡིན །ཟས་ཀྱང་མང་དུ་ཟ་བར་ནུས། །དེ་ལྟར་ལན་ཚྭའི་ཡོན་ཏན་ནི། །བཤད་ནས་སོ་སོའི་དབྱེ་བ་
བསྟན། །རྒྱམ་ཚ་དང་ནི་ཁ་རུ་ཚ། །རྒྱ་མཚོའི་ཚ་དང་མཚོ་ཚ་དང་། །ཡ་བཀྵ་ར་སྲོ་ཧྣི་ཀ །རྩལ་རུ་ཚ་ནི་བདུན་པ་ཡིན། །བུལ་ཏོག་བརྒྱད་པ་ཉིད་ཡིན་ནོ། །འདི་ནི་ལན་ཚྭའི་ཚོགས་སུ་འདོད། །ཀུན་ལ་རྒྱ་ཚ་མཆོག་ཡིན་ཏེ། དེ་ནས་རིམ་གྱིས་ཡོན་ཏན་ཆུང་། །
འདི་རྣམས་སྦྱོར་བའི་ཚད་དང་ནི། །དུས་ཀྱང་ང་ལས་ཉན་པར་གྱིས། །ཟས་དང་རྗེས་སུ་བཏུང་བ་ལ། །དེ་ཡི་ཁུ་བ་དང་སྦྱར་བྱ། །སྔ་དྲོའམ་ཡང་ན་ཕྱི་དྲོའམ། །ཡང་ན་ཁྲུས་བྱས་དུས་སུ་ནི། །རྟག་ཏུ་ལན་ཚྭ་བྱིན་གྱུར་ན། །མེ་དྲོད་རྣམས་པར་འཕེལ་བྱེད་ཡིན། །
སྦེགས་དང་རྒན་དང་ཤིན་ཏུ་གཞོན། །དེ་བཞིན་སྐོམ་གྱིས་གདུངས་པ་དང་། །མཁྲིས་བ་ཁྲག་གི་ནད་བཅས་དང་། །གང་ཡང་བད་ཀན་གྱིས་ཉེན་དང་། །གཅིན་ནི་ཁྲག་འདྲ་འབྱུང་བ་ཡི། །ནད་ནི་གང་ཚེ་སོགས་གྱུར་པ། །དེ་ཚེ་བཏང་ན་ཐམས་ཅད་ལ། །ཁོང་པར་
གནོད་པ་སྐྱེད་པར་བྱེད། །ལན་ཚྭའི་སྦྱོར་ཉེས་ཁོང་པར་ནི། །ཁྲག་གི་ནད་ནི་སོག་པར་བྱེད། །མཁྲིས་པ་ཡང་ནི་སྐྱེད་བྱེད་ཡིན། །བད་ཀན་ཡང་ནི་སྡུད་བར་འགྱུར། །ཁྲག་དང་མཁྲིས་པ་ལས་བྱུང་བའི། །ཚ་བ་སྙིང་གར་སྐྱེད་པར་བྱེད། །དེ་ནི་རྨིང་བག་སྐྱེ་འགྱུར་ཏེ། །

རྟགས་འདིས་སྦྱོར་ཉེས་ཡིན་ཤེས་བྱ། །སྙིང་ག་ཚ་ཞིང་ཁ་ནས་ནི། །ཁ་ཆུ་སྦུ་བ་དང་བཅས་འབྱུང་། །ཆུ་ལ་མངོན་པར་དགའ་བ་དང་། །རྟག་ཏུ་འཐུང་བར་འདོད་པར་འགྱུར། །ཉམ་ཆུང་བཤད་པ་སྲི་བ་དང་། །ལྕེ་ཡང་འབྱིན་པར་བྱེད་པར་འགྱུར། །རྩྭ་ལ་སྲིད་པ་ཆུང་
བ་དང་། །ས་ལ་ལྕེ་ཡིས་འདེགས་པར་བྱེད། །ཀུན་དུ་དབུགས་རྒོད་ལུས་རུལ་ཞིང་། །མཁྲིས་པའི་ཚ་བས་གདུངས་པ་དང་། །སྙིང་ག་སྲེག་པ་སྙམས་སེམས་ཤིང་། །དེ་ཡི་ཁ་ཡང་སྐམས་པར་འགྱུར། །མགོ་བོ་འགུགས་ཤིང་སྐེ་བར་འཇོག །མདོག་ཉམས་
ལུས་ནི་བཅག་པར་འགྱུར། །ལན་ཚྭ་ལས་འགྱུར་ནད་དེ་འདྲར། །ཤེས་པར་བྱས་ནས་གསོ་བ་བརྩམ། །ཆུ་ལ་སྦང་དང་བླུགས་པ་དང་། །འདམ་གྱིས་ཡོངས་སུ་བསྐུ་བར་བྱ། །ཆུ་བསིལ་ཁ་ར་དང་སྦྱར་བའི། །བཏུང་བ་དེ་ལ་བླུད་པར་བྱ། །ཆུ་གྲང་ལ་ནི་སྦང་བར་
བྱ། །འཐུང་དུ་གཞུགས་པར་མི་བྱའོ། །འབྲས་ཆང་གྲང་མོ་འོ་མ་དང་། །མར་དང་སྦྲང་རྩི་དང་སྦྱར་བྱིན། །པ་རུ་ཤ་ཀ་རྒུན་འབྲུ་དང་། །ཙི་ལུའི་འབྲས་བུ་ཁ་ར་དཀར། །སྦྲང་རྩི་དང་ནི་བསྲེས་པ་ཡིས། །སྨན་གྱི་ཆང་བུ་དེ་ལ་བྱིན། །སྔར་བཤད་པ་ནི་གང་ཡིན་
བ། །ཁ་སྦྱོང་ཆོ་ག་དེ་ཡང་བྱ། །ནས་དང་འབྲས་ནི་དྲུག་ཅུ་པ། །བ་གཅིན་དང་ནི་སྦུས་པ་བྱིན། །ཡ་དན་འབྲས་ཆན་བ་ལ་དང་། །སྐྱུར་རྩབས་དང་ནི་སྦྱར་བ་བྱིན། །ཕལ་ཆེར་མངར་ཞིང་རླུང་འཇོམས་པའི། །སྨན་གྱིས་བདའ་བའི་ཆོ་ག་བྱ། །ཁྲག་དང་མཁྲིས་པ་
སེལ་བ་ཡི། །མངར་བའི་སྨན་གྱི་འཇམ་རྩི་གཏང་། གལ་ཏེ་ཁྲག་ནི་ཤས་ཆེ་བས། །ལུས་ནི་ཤིན་ཏུ་ལྕི་གྱུར་ན། །རྟ་ལ་གཏར་ག་བྱས་གྱུར་ན། །བདེ་བ་དེས་པར་འཐོབ་པར་འགྱུར། །དང་པ་དུར་པ་ཁྲུང་ཁྲུང་དང་། །ཆུ་བྱ་གཞན་དང་འོལ་བྱ་དང་། །རྨ་བྱ་ཁྱིམ་བྱ་སྲེག་
པ་ཡི། །ཤ་ལས་ཤ་ཁུ་བྱས་ཏེ་སྦྱིན། །གནས་ནི་བདེ་ཞིང་སེར་བུ་རྒྱུ། །བསེལ་ཞིང་ཆག་ཆག་བཏབ་པར་གཞག །ཨུཏྤལ་བརྒྱད་པ་དཱུར་པ་དང་། །རྟ་མ་བྲི་ཎྟ་ཨ་རྫུ་ན། །རྩྭ་ཡི་ཕྱེད་དུ་སྦྱིན་བྱས་ན། །དེས་ནི་བདེ་བ་འཐོབ་བར་འགྱུར། །ཤ་ལི་ཧོ་ཏྲའི་གནས་བདུན་པ་

ལས་ལན་ཚྭའི་སྐྱོན་དང་ཡོན་ཏན་བསྟན་པའི་ལེའུའོ།། །།ལེགས་ཐོས་ཐོས་པ་ཕུན་ཚོགས་པས། །ཤ་ལི་ཧོ་ཏྲ་ལ་དྲིས་པ། །ཁྱེད་ནི་རྟ་ཡི་ཚེ་རིག་བྱེད། །ཡན་ལག་བརྒྱད་ཀྱི་དེ་ཉིད་མཁྱེན། །རྒྱུ་དང་མི་རྒྱུའི་འདྲི་བ་ནི། །ཆུ་ལ་དག་ནི་ལས་པ་ལགས། །
འགྲོ་བ་འབྱུང་དང་འབྱུང་འགྱུར་དང་། །དེ་ལྟར་གང་ཞིག་གནས་པ་ཡི། །སེམས་ཅན་རོ་ལ་རྣམ་པར་བརྟེན། །རོ་ཡང་ཆུ་ལས་འབྱུང་བར་བཤད། །མཆོག་ཏུ་རྟ་ནི་རོ་ཀུན་གྱི། །བདག་ཅག་ཆ་ནི་སྐོག་ཏུ་བཤད། །འདི་ནི་རྟ་ཡི་ཁང་པ་ན། །གནས་ཚེ་ནད་ནི་ཅི་ལྟར་བསྐྱེད། །ཟས་ཀྱི་
ནང་དུ་རོག་པ་ཞིག །ཆུ་ཡིས་རྣམ་པར་རྒྱས་པར་བྱེད། །སྨན་པ་མཆོག་ལས་འདི་དག་གི། །ངེས་པ་བདག་ནི་མཉན་པར་འཚལ། །བུ་ཡིས་དེ་སྐད་དྲིས་པ་དང་། །ཤ་ལི་ཧོ་ཏྲས་སླར་སྨྲས་པ། །ལེགས་ཐོས་འདི་དག་ཐམས་ཅད་ནི། །ཡང་དག་ཉིད་དུ་མཉན་པར་གྱིས། །ཆུ་
དང་ཤིང་ནི་མང་བ་དང་། །རླུང་མང་ཐན་པ་མེད་གྱུར་པ། །དེ་ནི་རླན་ཅན་ཡིན་ཞེས་བྱ། །རྟ་ལ་མཆོག་ནི་ཡིན་པར་འདོད། །གང་ན་ཤིང་དང་ཆུ་ཉུང་ཞིང་། །རླུང་མེད་ཐན་པ་ཆེ་གྱུར་པ། །ཡུལ་དེ་སྐམས་པ་ཅན་ཞེས་བྱ། །རྟ་ལ་རྟག་ཏུ་བཟང་མ་ཡིན། །རླན་ཅན་སྐམས་པ་
འདྲེན་མ་ནི། །དེ་ནི་ཐུན་མོང་ཡིན་པར་བཤད། །དེ་ལྟར་རྣམ་པ་གསུམ་པོ་ཡི། །ཡུལ་ལས་གོམས་པར་འབྱུང་བ་ཡིན། །ཡུལ་ནི་ཡོན་ཏན་མང་བ་ལས། །བུ་ཡི་ཡོན་ཏན་ཆེན་པོར་འགྱུར། །ཆུ་ཡི་ཡོན་ཏན་ཆུ་ལས་ནི། །སྨན་རྣམས་ཀྱི་ནི་ཡོན་ཏན་འབྱུང་། །སྨན་གྱི་ཡོན་ཏན་རྫོགས་
གྱུར་ན། །ལུས་ཀྱི་ཡོན་ཏན་ཆེན་པོ་སྐྱེད། །དེ་ཕྱིར་རྟ་ཡི་ལུས་འཛིན་པ། །གཙོ་བོ་ཡུལ་ནི་ཡིན་པར་བཤད། །བསིལ་ཞིང་འཚོ་བྱེད་རླན་པར་བྱེད། །ཤིན་ཏུ་ཕྲ་ཞིང་བརྟགས་པ་དང་། །ཁྱབ་ཅིང་རི་ཡི་གནས་གྱུར་ལ། །ཡང་ཞིང་སྣུམ་པ་བཅུད་ལེན་འགྱུར། །ཆུ་ནི་སེམས་
ཅན་ཐམས་ཅད་ཀྱི། །དགོས་པའི་གཙོ་ཡིན་རིགས་དྲུག་ལྡན། །དེ་ལས་ཆར་ཆུ་མཆོག་ཡིན་ཏེ། །དེ་ནི་རླུང་དང་འདྲེ་བར་འགྱུར། །ལྡུང་ཅིང་ཕྱོགས་ཀྱི་གཙོར་གྱུར་ལ། །རང་བཞིན་གྱིས་ནི་མཁའ་ལ་གནས། །ཆུ་ལ་རོ་གང་མི་སྣང་བ། །དེ་ནི་ཡུལ་ལས་བརྟག་པར་བྱ། །

རོ་ནི་གང་ཡང་མི་བྲོ་ཞིང་། །གཙང་ཞིང་དངས་ལ་དྲི་མེད་པ། །མ་འབྲེས་སླ་ལ་བསིལ་ཞིང་ཡང་། །ཆུ་དེ་ནད་གཞི་གསུམ་སེལ་ཡིན། །སྐོམ་པ་འཇོམས་ཤིང་གཙང་བྱེད་ཅིང་། །གཞན་ཡང་འདི་དང་འདྲ་མཆོག་ཡིན། །དེ་ལས་བཟློག་པ་བར་གནས་པ། །སྨད་དེ་ཁྲག་དང་
ཉེས་གསུམ་བསྐྱེད། །རྫིང་བུའི་ཆུ་ནི་རླུང་སྐྱེད་དེ། །ཁྲོན་པའི་ཆུ་ཡིས་མཁྲིས་པ་སྐྱེད། །ཆུ་བལ་ཅན་ནི་བད་ཀན་སྐྱེད། །རྒྱ་མཚོའི་ཆུ་ཡིས་ཉེས་ཀུན་སྐྱེད། །འབུ་ཅན་ལྕི་ཞིང་འཇུ་དཀའ་ལ། །ཉི་མའི་ཟེར་དང་མ་ཕྲད་དང་། །ཡུལ་ཕྱོགས་ཉེས་པའི་ཁྱད་པར་གྱིས། །གནོད་
བཅས་དེ་ནི་སྨན་པ་ཡིན། །ཆུ་བོ་རྫིང་དང་བང་སོ་ཡི། །ཆུ་ནི་རྒྱུན་གྱི་དུས་སུ་བསྔགས། །གཡའ་ཆུ་བསིལ་མོ་གང་ཡིན་པ། །དེ་ནི་སོས་ཀའི་དུས་སུ་བསྔགས། །ཁྲོན་པའི་ཆུ་ནི་དབྱར་ཚེ་བསྔགས། །སྟོན་གྱི་ཆུ་ནི་ཐམས་ཅད་བཟང་། །ཁ་ར་འོ་མ་དང་བསྲེས་པ། །དགུན་
གྱི་དུས་སུ་བསྔགས་པ་ཡིན། །ས་ཕྱོགས་དཀར་ལས་བསྐ་དང་སེར་ལས་ཆ། །དམར་བས་ཁ་བ་སྐྱ་ལས་ལན་ཚྭ་ཅན། །གྲོ་བོ་ལས་གྱུར་གནག་ལས་མངར་བ་གཅན། །འབྱུང་བར་འགྱུར་ཞེས་བསྟན་བཅོས་མཁན་རྣམས་འཆད། །འདི་ནི་ལོག་པར་བླུད་པ་ལས། །ཆུ་
ཡིས་ཁོང་པར་ནད་སྐྱེད་དེ། །ཐན་པར་རིང་དུ་ལམ་ཞུགས་དང་། །ཁུར་ལྕི་བ་ཡིས་ཉེན་པ་དང་། །ཤིན་ཏུ་དུབ་པར་གྱུར་བ་ཡིས། །རྡུལ་ཞིང་སྐོམ་གྱིས་ཉེན་པ་དང་། །ལྟོ་སྟོང་གནས་དང་ངལ་མ་བསོས། །ཉེས་ཤིང་སྨན་གྱི་སྦྱོར་མ་རྫོགས། །ཆུ་ལ་སྤངས་པའི་མོད་ལ་
ནི། །གང་ཚེ་བླུན་པོས་ཆུ་བླུད་ན། །དེ་ཚེ་གནོད་པས་བསྐྱེད་པ་ཡིས། །ཆུ་ནི་མང་དུ་འཐུང་གྱུར་ཞིང་། །དབུགས་མ་བཏོན་པར་འཐུངས་པ་ལས། །སྣོད་ལས་ལྷག་པར་གྱུར་བ་སྟེ། །དབུགས་ཆུང་བར་ནི་གྱུར་པ་ན། །རླུང་གིས་ཀུན་དུ་སྐྱོད་པར་བྱེད། །དེ་ཚེ་རྩེ་གང་ལྟེ་
བ་དང་། །འབྲེལ་དང་སྙིང་ག་ལ་བརྟེན་དང་། །ལྟོ་བར་ཆུ་ནི་རྒྱུ་བའི་ཚེ། །གང་ཚེ་འཕྲལ་དུ་ཆུས་རྒྱས་འགྱུར། །རླུང་གིས་ཀུན་དུ་བསྐྱོད་གྱུར་ཅིང་། །དེ་ཡི་ལྟོ་ལ་རྒྱས་བྱས་ལས། །མཚན་མ་མཁལ་མའི་ནད་སྐྱེད་ཅིང་། །ལྟོ་སྤོས་ཀྱང་ནི་འབྱུང་འགྱུར་བའམ། །ལོག་པར་

བླུད་པ་ལས་བྱུང་བའི། །འཆི་བ་ཉིད་ནི་འགྱུར་བར་འགྱུར། །དེ་ཡི་ལྟོ་བ་སྐྲངས་གྱུར་པའམ། །ཆུ་ཡིས་དམུ་རྫིང་འབྱུང་བར་འགྱུར། །དེ་ཡི་ལུས་ལ་སྐྲངས་འགྱུར་ཞིང་། །ཁོང་པར་ཆུ་ཡང་འཕེལ་བར་འགྱུར། །དེ་ཡི་སྐོམ་དད་མི་ཞི་ཞིང་། །སྤུ་ཡང་
འབྱི་བར་འགྱུར་བ་ཡིན། །གོམ་པ་ལྕི་ཞིང་སྟོབས་ཆུང་ལ། །ལྡང་བར་དཀའ་ཞིང་སྦེགས་པར་འགྱུར། །གཅིག་རྟུག་སྲི་བར་འགྱུར་བ་དང་། །རྟག་ཏུ་འདུག་པ་ལ་དགར་འགྱུར། །མིག་ནི་དམར་ཞིང་ཞུམ་པ་དང་། །ལྟེ་བར་སྒྲ་ཡང་འཁྲོག་པར་འགྱུར། །ཤིན་ཏུ་སྐྲག་
པར་འགྱུར་བ་དང་། །མདོག་དང་དབང་པོ་ཞན་པར་འགྱུར། །དེ་ལྟར་ནད་གཞི་ཤེས་བྱས་ལ། །གསོ་བའི་ལས་ནི་བརྩམ་པར་བྱ། །ལྟོ་བ་ཏིལ་མར་གྱིས་བྱུགས་ལ། །གསོ་མའི་ལོ་མའི་དུགས་ཀྱང་བྱ། །ཤི་ཏ་བ་ལི་ནིམ་པ་དང་། །ཨ་རུ་རའི་ཤ་པ་ཏ་ལ། །སྣ་མ་ཀ་
ར་བཱེ་རའི་རྩི། །བཏགས་པ་དར་བ་དང་སྦྱར་བ། །ལན་ཚྭ་ལྔ་པོ་བཏབ་པ་ནི། །སྔ་དྲོ་རྟ་ལ་བླུད་པར་བྱ། །དེས་ནི་ཀྱུ་རུ་ཆུ་འབྲས་དང་། །རུས་སྐྲངས་ཆུ་ཡི་དམུ་རྫིང་ལ། །སྟོབས་དང་ཁ་དོག་གཟིམས་དངས་དག །རྣམ་པར་འཕེལ་བར་འགྱུར་བ་ཡིན། །ཧ་རི་ཎུ་ཀ་པྲི་ཡང་ཀུ། །
རྒུན་འབྲུ་ཤུ་དག་སྤང་སྤོས་དང་། ཛ་ཏི་ཀ་ར་བཱི་རའི་རྩི། ཆུ་ཡི་ནང་དུ་བསྐོལ་བར་བྱ། །ཁུ་བ་དེ་ནི་ལན་ཚྭར་བཅས། །སྔ་དྲོའི་ཚེ་ན་བླུད་པར་བྱ། །ཡང་དང་ཡང་དུ་ངལ་སོས་ལ། །ཞག་གསུམ་གྱིས་ཆོད་མང་དུ་སྦྱིན། །གལ་ཏེ་དེས་བདེར་མ་གྱུར་ན། །དེ་ལས་ཆུ་ནི་གནོད་
བྱས་ལ། །ཆུ་ཡི་དམུ་རྫིང་གསོ་བ་ལས། །བཤད་པའི་ཆོ་ག་འདི་ལ་གཏང་། །ཕག་དང་བྱ་རོག་པྲི་ཤ་ཏ། །ནིའུ་ལེ་ཁྱིམ་བྱ་འུག་པའི་ཤ། །ཁུ་བར་བཅས་པ་བྱིན་གྱུར་ན། །དེས་དེ་འཆི་བ་མེད་པར་འགྱུར། །ཤ་ཁུ་ཤིན་ཏུ་མི་སྐྱུར་ཞིང་། །སྣུམ་ཞོ་པི་པི་ལིང་བཏབ་པ། །
ཟི་ར་དང་ནི་བཅའ་ལྒ་དང་། །ཚ་ཡང་རན་པ་དང་སྦྱར་བྱ། །དེ་དང་སྦྱར་བའི་འབྲས་ཆན་ནི། །དྲུག་ཅུ་པ་རྙིང་ལས་བྱས་སྦྱིན། །ཟས་འདེ་དང་ནི་འཇམ་རྩི་དག །ཞག་རེ་ཡིས་ནི་ཅི་མང་གཏང་། །ཞག་རེ་ཞིང་ནི་ལུས་ཀུན་ལ། །སྣུམ་གྱིས་ལེགས་པར་བསྐུ་བར་བྱ། །ནས་ཟ་ནའོ་

མའམ་ཤ་ཁྲུའམ། །བཅས་པའི་ཟས་ཀྱང་སྦྱིན་པར་བྱ། །དེ་ནི་གཙང་ཞིང་རླུད་མེད་པའི། །གནས་ནི་བདེ་བར་གཞག་པར་བྱ། །བི་བ་ན་ཛི་ཀ་ཀུལ་དང་། །ཤ་ཤ་བེན་བུ་མོན་སྲན་སྡེའུ། །རྩྭ་ཡི་དོན་དུ་སྦྱིན་བྱ་ཞིང་། །དུར་བྱིད་ཀྱང་ནི་བླུད་པར་བྱ། །དེ་འདྲ་བས་ནི་ཆུ་ཡི་
ནད། །སེལ་ཞིང་བདེ་བར་འགྱུར་བ་ཡིན། །ཤ་ལི་ཏོ་ཧྲའི་གནས་བདུན་པ་ལས་ཆུ་ཤོར་བའི་ནད་གསོ་བའི་ལེའུའོ།། །།ལེགས་ཐོས་ཐོས་པ་ཕུན་སུམ་ཚོགས། །རྟ་ཡི་ཁོང་པར་ཕྱིན་ནས་ནི། །ཕ་ཡི་རྐང་པ་ལ་བཏུད་དེ། །འདྲི་བའི་ཚིག་འདི་སྐད་སྨྲས། །བླ་མའི་
རྫས་ཀྱི་ནང་ན་ནི། །འོ་མ་མཆོག་ནི་ཡིན་པར་བཤད། །རྒྱུ་བའི་འགྲོ་བ་མར་དང་ནི། །འོ་མའི་བདག་ཉིད་ལ་བརྟེན་ལགས། །དེ་ཕྱིར་ཡོན་ཏན་ཀུན་འོ་མ། །རེ་དེས་ཕན་ཚུན་ཉིད་ཁྱབ་ན། །རྟ་ཡི་ཁོང་པར་བྱིན་པ་ན། །ནད་ཅི་ཕྱིར་གྱུར་བ་ལགས། །དེ་སྐད་སྨྲས་ཚེ་ལེགས་
ལྡན་གྱིས། །དྲིས་པ་ཀུན་གྱི་ལན་སྨྲས་པ། །འོ་མ་ཡོན་ཏན་གྲངས་མེད་ཅིང་། །རྫས་རྣམས་ཀུན་གྱི་དམ་པ་ཡིན། །ལུས་ཅན་དང་ནི་ལྷན་ཅིག་ཏུ། །བྱུང་བས་སྐྱེས་ནས་བརྩམས་ཏེ་བགོམས། །རོ་རྣམས་ཀྱི་ནི་མཆོག་ཡིན་ཞིང་། །ཚེ་འཕེལ་བྱེད་པ་ཉིད་ཀྱང་ཡིན། །དེ་ཕྱིར་
འོ་མ་མཆོག་ཡིན་ནོ། །གཞན་ཡང་འདི་ཡི་ཡོན་ཏན་ཡང་། །བ་དང་ར་དང་བུད་མེད་དང་། །དེ་བཞིན་མ་ཧེ་ཉིད་དང་ནི། །བ་གླང་རྔ་མོ་རྟའི་འོ་མ། །དེ་བཞིན་ལུག་གི་བརྐྱང་པ་ཡིན། །འདི་དག་ཐམས་ཅད་མངར་བ་དང་། །སྣུམ་ཞིང་བསིལ་བ་ཡིན་པར་བཤད། །རྟས་བྱེད་
ཁོང་སྣུམ་ཕན་རོ་ཙ། །བློ་བསྐྱེད་བཅུད་ཀྱིས་ལེན་འགྱུར་ཡིན། །འཚོ་བྱེད་ཡིན་ཞིང་ངལ་བ་དང་། །དབུགས་མི་བདེ་དང་ཉོན་མོངས་སེལ། །ཁྲག་མཁྲིས་ནད་ནི་ཞི་བྱེད་ཡིན། །ཚིགས་རྣམས་བདེ་བར་བྱེད་པ་ཡིན། །འདི་ནི་ལྷག་པར་རྟ་རྣམས་ལ། །བླུད་ན་སྲོག་ནི་
འཕེལ་བྱེད་འགྱུར། །སྐོམ་དང་འཕེལ་ཞིང་མེ་དྲོད་སྐྱེད། །སྦེག་ཅིང་ཉམ་ཆུང་ཁ་མཆོག་ཡིན། །རླུང་འཁྱིལ་ལྟོ་བའི་ནད་རྣམས་དང་། །དབུགས་མི་བདེ་ལ་མཆོག་ཏུ་ཕན། །ཚད་པར་འཁྲུ་དང་རིམས་པ་དང་། །སྐངས་པ་དང་ནི་སྦྲུམ་མ་དང་། །མངལ་གྱི་ནད་དང་

གཅིག་སྲི་བའི། །ནད་ལའང་ཤིན་ཏུ་བསྔགས་པ་ཡིན། །བཤད་པ་སྲི་བར་བྱེད་པ་དང་། །དེ་བཞིན་རླུང་གི་ནད་ཀྱང་སེལ། །སྣ་སྨན་ལྡེ་གུ་ལུས་སྨན་དང་། །རྟ་ཡ་ཆོ་ག་རྣམས་ལ་བསྔགས། །ཟུགས་དང་དེ་བཞིན་དུག་ལ་ཡང་། །ཐམས་ཅད་དུ་
ནི་འོ་མ་བཟང་། །ན་ཆོད་ལ་འཇུག་ཚེ་ལ་ཕན། །སྟོབས་བསྐྱེད་པ་ཡང་བསྟེན་ན་གྲུབ། །གསོ་བའི་སྦྱོར་བ་དུས་དང་ནི། །གོམས་དང་ནད་ཚུལ་ལེགས་བརྟགས་ནས། །ལེགས་པར་བཏང་ན་རྟ་ཡི་ནད། །ཐམས་ཅད་འོ་མས་སེལ་བར་འགྱུར། །བ་ཡི་འོ་མའི་
བསིལ་བཅུད་ལེན། །ཞུ་རྗེས་མངར་ཞིང་ཕན་པ་ཆེ། །རླུང་མཁྲིས་སེལ་ཞིང་ཁོང་སྣུམ་བྱེད། །འཚོ་བྱེད་རྟས་བྱེད་མཆོག་ཡིན་ནོ། །ར་ཡི་འོ་མའང་དེ་འདྲ་ལས། །སྐྲ་དང་ཚད་འཁྲུ་དག་ལ་ཕན། །མ་ཧེའི་འོ་མ་ཤིན་ཏུ་ལྕི། །བ་ཡི་བས་ཀྱང་དེ་བསིལ་ཞིང་། །སྣུམ་
ཆེ་གཉིད་མེད་ལ་ཕན་གྱི། །མེ་དྲོད་ཉམས་པར་བྱེད་པ་ཡིན། །རྔ་མོའི་ཚ་ཞིང་ལན་ཚྭ་བྲོ། །གཞང་འབྲུམ་སྐྲངས་དང་ལྷོ་ནད་སེལ། །ལུག་གི་ལྕི་ཞིང་བད་ཀན་སྐྱེད། །མངར་ཞིང་སྣུམ་ཤས་ཆེ་བ་ཡིན། །རྟ་ཡི་འོ་མ་ཞུ་རྗེས་ཚ། །ཡང་ཞིང་ཕན་པར་བྱེད་པ་ཡིན། །
བ་གླང་འོ་མ་ཚ་ཞིང་ཞིམ། །ཡང་ཞིང་ལུང་པ་ཐམས་ཅད་སེལ། །བུད་མེད་འོ་མ་མངར་བཅས་སྣུམ། །མིག་ནད་རྣམས་ལ་ཕན་པ་ཡིན། །སྐྱེ་གནས་གོམས་པས་ལུས་རྟས་བྱེད། །མངར་བས་བད་ཀན་འཕེལ་བྱེད་ཡིན། །བསིལ་བས་སྣུམ་པ་སྐྱེད་བྱེད་ཡིན། །གྲང་
བས་ཁུ་བ་འཕེལ་བར་བྱེད། །འདི་དག་ལྕེ་དང་ཡང་བ་དང་། །འདྲེས་ན་ནུས་པ་འདྲེན་པར་བྱེད། །ཡན་ན་སྣུམ་དང་ལྡན་པར་ནི། །བྱ་བ་དེ་དག་རྣམས་ལ་སྦྱིན། །སོས་ཀའི་ཚེ་ན་མ་ཧེའི་མཆོག །དགུན་ནི་ལུག་གིའང་བསྔགས་པ་ཡིན། །བ་ཡི་འོ་མ་དབྱར་གྱི་ཚེ།
རྟ་ལ་བྱིན་ན་བསྔགས་པ་ཡིན། །ར་དང་མ་ཧེ་དཔྱིད་ཚེ་བཟང་། །མར་ཡང་འོ་མ་དང་འདྲར་བཤད། །མར་གསར་རོ་ཅ་འཁྲུག་ཅོད་ཅིང་། །བ་སྐལ་བད་ཀན་སེལ་བྱེད་ཡིན། །ཞོ་ནི་སྣུམ་སྐྱུར་དྲོ་བ་བསྲེ། །འཁྲུ་གཅོད་ལུས་ནི་རྟས་བྱེད་ཡིན། །དཀྱུགས་པ་སྐྱུར་པ་

ཉེས་ཆུད་ཞིང་། །མེ་དྲོད་སྐྱེད་ཅིང་བད་ཀན་སེལ། །དར་བ་བད་རླུང་སེལ་བྱེད་ཡིན། །སྐྲ་དང་གཞང་འབྲུམ་དག་ལ་ཕན། །འདི་ནི་བླུད་ཉེས་ཉེས་པ་ཡིས། །འོ་མས་ཁོང་པའི་ནད་སྐྱེད་ཡིན། །ཚད་ལས་ཆེས་སམ་དུས་མིན་པར། །འོ་མ་འཐུངས་ན་གནོད་པ་སྐྱེད། །
ཆང་འཐུངས་འོ་མ་འཐུངས་བའམ། །འོ་མའི་རྗེས་ལ་ཆང་འཐུངས་པའམ། །རྟ་ནི་རྩོལ་དྲགས་བྱས་གྱུར་ནས། །གལ་ཏེ་འོ་མ་བླུད་པ་ལས། །དེ་རྗེས་རྗེན་པ་ཟོས་གྱུར་ན། །འོ་མ་མ་ཞུར་གྱུར་པ་དེས། །བད་ཀན་གནས་ལས་བསྐྱོད་གྱུར་ནས། །དེ་རྗེས་སྙིང་ལ་གནོད་པར་བྱེད། །
བད་ཀན་གཡོས་པར་གྱུར་པ་ན། །མེ་དྲོད་ཉམས་པར་བྱེད་པའི་རྟ། །ལྟོ་བ་སྦོ་བར་གྱུར་བ་དང་། །དེ་བཞིན་འཁྲུ་བར་འགྱུར་བ་ཡིན། །རྒྱབ་རེངས་རྒྱུ་ལོང་རྒྱས་པ་དང་། །ནད་དང་བཅས་པར་འགུལ་བ་ཡིན། །སྙིང་ག་ཚ་ཞིང་རྔུལ་བ་དང་། །ཁ་ནས་ཁ་ཆུ་འབྱུང་བར་འགྱུར། །ནད་
ཀྱིས་གདུངས་ཤིང་ཉམ་ཆུང་བ། །ཤིན་ཏུ་ཤས་ཆེར་འཁྲུ་བར་འགྱུར། །ཡན་ལག་ཀུན་དུ་འཁུམས་པ་དང་། །མདོག་མི་སྡུག་ཅིང་ཡིད་མི་བདེ། །མགོ་ཡི་གཡུར་ནི་ལྕི་བ་དང་། །སེམས་ཁོང་ཆུད་པ་ཉིད་ཀྱིས་འདུག །འོ་མ་ལས་གྱུར་ནད་འདི་ནི། །ཤེས་པར་བྱས་ལ་གསོ་བ་བརྩམ། །
དེ་ཡང་གསོད་བྱང་ལས་བཤད་པའི། །སྨན་དང་ཁ་ཟས་སྦྱིན་པས་བཅོས། །ལེགས་ལྡན་རྟ་ལ་ཁྱད་པར་བསྔགས། །ཤ་ལེ་ཧོ་ཏྲའི་གནས་བདུན་པ་ལས་འོ་མའི་ཡོན་ཏན་བསྟན་པའི་ལེའུའོ།། །།མང་ཐོས་ཤ་ལི་ཧོ་ཏྲ་ལ། །ལེགས་ཐོས་ཀྱིས་ནི་ཡང་དྲིས་པ། །ལེགས་
ལྡན་རྟ་ལ་ཁྱད་པར་དུ། །མར་བླུད་པ་དང་དུས་གང་ཚེ། །བྱིན་ན་ཕན་གྱུར་ཆོ་ག་དེ། །ཡང་དག་བདག་ནི་ཉན་པར་འཚལ། །རྟ་ཡི་ལས་ནི་བྱས་གྱུར་པ། །སྦྱར་བཞིན་པའམ་སྦྱོར་གྱུར་ཏེ། །རྒན་དང་ཁལ་གྱིས་དུབ་པ་དང་། །ལམ་རིང་དུ་ནི་ཞུགས་པ་དང་། །རླུང་དང་དེ་
བཞིན་མཁྲིས་པ་དང་། །བད་ཀན་གྱི་ནི་ནད་རྣམས་ལ། །མར་ནི་ཇི་ལྟར་སྩལ་བགྱི་བ། །འདི་ནི་བདག་ལ་བཀའ་སྩོལ་ཅིག །བུ་ཡིས་དེ་སྐད་དྲིས་པ་དང་། །ཤ་ལི་ཧོ་ཏྲས་སླར་སྨྲས་པ། །མཁས་རྣམས་འཚོ་བའི་འཇིག་རྟེན་གྱི། །བདུད་རྩི་མར་ནི་ཡིན་ཞེས་འཆད། །

དེ་ཡི་དུས་སུ་བཏང་གྱུར་ཅིང་། །ཚད་ལྡན་བྱིན་པ་ཤིན་ཏུ་བསྔགས། །མར་ནི་ཅི་སྲིད་ལས་འཁྲུས་པ། །དེ་སྲིད་བར་དུ་རྟ་ལ་སྦྱིན། །དེ་ནི་དུས་ཚིགས་རྣམས་ལ་ནི། །དྲི་མ་སྦྱར་བའི་དོན་དུ་བླུད། །བསྲུང་དང་ནད་གཞན་སྦྱང་ཕྱིར་ཡང་། །རྟ་ལ་མར་ནི་སྦྱིན་
པར་བྱ། །མཛེ་དང་དམར་རིགས་བཤང་འགགས་དང་། །འབུ་ནད་ངེས་པར་སེལ་བ་ཡིན། །ནད་གཞན་ལ་ཡང་ཕན་བྱེད་ཅིང་། །འདི་ཡིས་ཁྲག་ནི་སྐྱེད་མི་བྱེད། །གང་ཚེ་སྡོང་བུ་ཚེར་མར་གྱུར། །རྩྭ་ནི་སྣ་ཚོགས་ཟ་གྱུར་པ། །དེ་ཚེ་མར་ནི་བླུད་བྱ་ཞིང་། །ལན་ཚྭ་ཡི་ནི་ཆང་བུ་
སྦྱིན། །སྨན་པ་མཆོག་གིས་དེ་བཞིན་དུ། །སྟོན་གྱི་ཟླ་བ་གཉིས་པ་ལ། །རྟ་རྣམས་ནད་ནི་མེད་བྱའི་ཕྱིར། །སླར་ཡང་མར་ནི་བླུད་པར་བྱ། །རྟ་ལ་མར་ནི་བླུད་གྱུར་ན། །ཁོང་པའི་འབུ་ནི་རིང་པོ་དང་། །རྡོ་དང་གཡན་པ་ལ་སོགས་པའི། །ནད་ནི་ནམ་ཡང་འབྱུང་མི་འགྱུར། །དཔྱིད་
ཀྱི་དུས་ལ་བབ་པ་ན། །ཚ་དང་ཁ་བ་བྱིན་པར་བྱ། །དེས་ནི་ནད་མེད་གཡེན་པ་སེལ། །ཚེ་འཕེལ་མདོག་བཟང་སྙོམས་འཕེལ་ཞིང་། །མར་བླུད་པས་ནི་བཀྲ་ཤིས་ཤིང་། །དེ་བཞིན་ལུས་ནི་བདེ་བར་བྱེད། །འདེས་ནི་བློ་གྲོས་གསལ་བྱེད་ཅིང་། །བཅུད་ལེན་དུ་ཡང་འགྱུར་པ་ཡིན། །
བཙས་པ་རྣམས་དང་དེ་བཞིན་དུ། །སྲོག་ཆགས་རྒན་པོ་རྣམས་ལའང་ཕན། །གཅོང་ཅན་ལ་ཡང་འདི་ཕན་ཞིང་། །གཞན་ཡང་རླུང་མཁྲིས་ལས་གྱུར་དང་། །ཁྲག་ལས་གྱུར་བའི་ནད་རྣམས་དང་། །རྟ་གང་ལུས་ཟུངས་ཟད་པ་དང་། །གཞོན་དང་དེ་བཞིན་རྒས་པ་དང་། །གང་
ཡང་ལུད་པ་དབུགས་མི་བདེ། །དུག་འཐུངས་དུག་མདངས་ཕོག་པ་དང་། །དེ་བཞིན་རིག་པའི་དུག་རྣམས་ལ། །མར་ནི་གསར་པའམ་རྙིང་པའང་རུང་། །འདི་ལ་ཕན་པར་ཐེ་ཚོམ་མེད། །གསེབ་ལ་ཁུ་བ་འཕེལ་བྱའི་ཕྱིར། །མར་ནི་ལེགས་པར་བླུད་པར་བྱ། །དེ་ལས་སྐྱེས་
པའི་རྟེའུ་ནི། །སྙིང་སྟོབས་ཆེ་ཞིང་ལུས་མཁྲར་འགྱུར། །དབྱར་གྱི་ཟླ་བ་དང་པོ་ལ། །རྩྭ་ཡིས་རྟ་ནི་ཤིན་ཏུ་འཁྲུ། །དེ་ཚེ་རྟ་སྦངས་སླས་གྱུར་བ། །བཏུང་བར་མར་ནི་བླུད་པར་བྱ། །སྔ་དྲོ་ཟས་ནི་ཞུ་བ་དང་། །བྱིན་པ་དེ་ནི་མཆོག་ཏུ་བསྔགས། །སྨན་པ་མཁས་པས་མེ་དྲོད་

དང་། །གོམས་པ་ལ་སོགས་ལེགས་བརྟགས་ལ། །ཅི་རིགས་པ་ཡི་སྦྱོར་བ་ཡིས། །མར་གྱི་ཚད་ནི་བསྐྱེད་པར་བྱ། །ཡུང་བའི་ཕྱེ་དང་སྦྱར་བ་ཡང་། །དེ་བཞིན་ས་རྫི་ཀ་སྦྱར་བའི། །མར་ནི་རྟ་ལ་བླུད་པའི་ཚེ། །བཅའ་བ་དང་ནི་བཟའ་བ་དང་། །ལན་ཚྭ་སྦྱིན་པར་མི་
བྱ་ཡི། །རྩྭ་ནི་འབའ་ཞིག་སྦྱིན་པར་བྱ། །ཆུ་ཡང་ཚ་ཞིང་དྲོ་བ་དག །དེ་ལས་བླུད་དང་བསྲུང་པ་དང་། །མར་ནི་འཐུངས་པར་གྱུར་པ་ལ། །ཉེར་སྤྱོད་ཐམས་ཅད་དྲོན་པོ་བྱ། །ཞག་གསུམ་མམ་ནི་ཞག་ལྔའམ། །ཡང་ན་ཞག་ནི་བདུན་ཉིད་དམ། །ཞག་དགུ་ཡི་ནི་བར་
དག་ཏུ། །ཇི་སྲིད་འཁྲུས་ཀྱི་བར་དུ་སྦྱིན། །ཚད་ཆུང་བར་ནི་བྱིན་གྱུར་པའི། །མར་གྱིས་འཁྲུ་བར་བྱེད་མི་ནུས། །དེ་བས་ཅི་སྲིད་ལེགས་པར་ནི། །འཁྲུས་ཀྱི་བར་དུ་སྦྱིན་པར་བྱ། །ཆོ་ག་འདི་འདྲས་བརྟེན་གྱུར་ཀྱང་། །འོན་ཀྱང་འཁྲུས་པར་མ་གྱུར་ན། །འདི་ནི་ལེགས་
པར་འཁྲུས་གྱུར་པ། །དེ་ཡི་བར་དུ་སྦྱིན་པར་བྱ། །རྟ་ནི་མཆོག་ཏུ་གྱུར་པ་ལ། །མར་སྲང་སུམ་ཅུ་རྩ་གཉིས་སྦྱིན། །ཟས་ཀྱི་ནང་དུ་དེ་ཡི་ཕྱེད། །སྣ་སྨན་ལ་ནི་སྲང་བཞི་བཏང་། །འདི་ལས་བཞི་ཆ་ཕྲི་བ་ནི། །བར་མའི་ཚད་དུ་ཤེས་པར་བྱ། །སྔ་མ་དེ་ཡི་ཕྱེད་གང་ཡིན། །
ཆུང་བ་ལ་ནི་སྦྱིན་པར་བྱ། །གལ་ཏེ་དེས་ཀྱང་མི་འཁྲུན། །སརྫི་ཀ་ར་དང་སྦྱར་སྦྱིན། །གལ་ཏེ་རྟ་སྦངས་སྣུམ་གྱུར་ཞིང་། །སྟོབས་དང་བཟའ་སྟོབས་ཆུང་གྱུར་བ། །དེ་ཚེ་མར་ནད་མ་ཆུང་བར། །དེ་ནི་ལེགས་པར་གསོ་བར་བྱ། །ནས་ཐུག་ཆང་དང་ལན་ཚྭ་བཅས། །
ཞག་གསུམ་བར་དུ་བླུད་པར་བྱ། །དེ་ནས་རིམ་གྱིས་མེ་དྲོད་ཀྱི། །སྟོབས་ནི་ལེགས་པར་བསྐྱེད་པར་བྱ། །བཏུང་བ་དེ་ནི་ཅི་རིགས་པར། །སྦྱིན་ཞིང་ཆུ་ནི་ཉུང་དུ་བླུད། །དེ་ནས་འདི་ལ་འཇམ་རྩི་ནི། །བཏང་བའི་ཚུལ་གྱིས་ལུས་བརྟས་བྱ། །དེ་ལ་མངར་བའི་ཁ་ཟས་ནི། །
དགོངས་ཀའི་དུས་སུ་སྦྱིན་པར་བྱ། །ཁྱིམ་བྱའམ་ནི་རྨ་བྱའམ། །ཕག་གམ་རའམ་མ་ཧེའམ། །སྲེག་པ་འོལ་བྱ་བར་ཏ་ཀ །ཀ་པེན་ཙ་ལ་དང་བཅས་པ། །ཤིན་ཏུ་ཚོ་མིན་སྦེགས་པ་མིན། །རྒས་པ་མེད་པའི་ཤ་སྦྱིན་བྱ། །དེ་ཡི་ཁུ་བས་ལུས་རྒྱས་ཤིང་། །སྟོབས་

དང་སྤྲོ་བ་རྩོལ་བ་ཆེ། །དགའ་ཞིང་སྲན་མི་ཆེ་བ་ཡི། །ལས་རྣམས་ཐམས་ཅད་ནུས་པར་འགྱུར། །ཆོ་ག་འདི་ཡིས་རྟ་ལ་ནི། །མར་ནི་མང་པོ་བླུད་གྱུར་ན། །མདོག་མདངས་སྟོབས་དང་ལྡན་གྱུར་ཅིང་། །ནད་མེད་པར་ནི་འཚོ་བར་འགྱུར། །ཏིལ་མར་ལེགས་པར་
བྱིན་གྱུར་པ། །ཡོན་ཏན་འདི་དང་འདྲ་བ་ཡིན། །རྟ་ཡིས་ཏིལ་མར་འཐུང་འགྱུར་ན། །ནད་མེད་སྟོབས་དང་ལྡན་པར་འགྱུར། །དབྱར་ནི་ལན་ཚྭ་དང་སྦྱར་སྦྱིན། །དབྱར་མཐའ་འོ་མ་དང་ལྷན་ཅིག །དགུན་ཆེ་སྐྱུར་བ་དང་སྦྱར་བ། །དགུན་སྨད་འབྲས་བུ་གསུམ་དང་བཅས། །དཔྱིད་
ནི་ཆང་དང་ལྡན་བྱ་ཞིང་། །སོས་ཀ་ཆུ་དང་ལྡན་པ་སྦྱིན། །ཏིལ་མར་བླུད་པར་གྱུར་པའི་རྟ། །ཆུ་གྲང་ནང་དུ་སྦེད་པར་བྱ། །ཆོ་ག་འདི་ཡིས་སྣུམ་དག་ནི། །ལེགས་པར་བླུད་པར་བྱུང་པའི་རྟ། །ལས་ལ་བཀོལ་ཡང་མི་གནོད་ཅིང་། །ནད་མེད་པར་ཡང་འགྱུར་པ་ཡིན། །ཏིལ་མར་ཞུ་
བར་གྱུར་རྗེས་ལ། །ཆུ་གྲང་བླུད་ན་བསྔགས་པ་ཡིན། །ཤ་ལི་ཧོ་ཏྲ་གྲུབ་པའི་གནས་བདུན་པ་ལས་མར་བླུད་པའི་ཆོ་གའི་ལེའུའོ།། །།རྟ་ཡི་བསྟན་བཅོས་ལ་མཁས་པ། །གཟི་བརྗིད་རྣམ་པར་འབར་གྱུར་པས། །ཉེ་བར་འདུག་པར་གྱུར་པ་ལ། །ལེགས་ཐོས་ཀྱིས་ནི་ཡང་
དྲིས་པ། །རྒྱུ་དང་མི་རྒྱུའི་འགྲོ་བ་རྣམས། །དྲོ་དང་བསེལ་བའི་རང་བཞིན་ཅན། །གསོ་བའང་དེ་ཡི་བདག་ཅན་དུ། །ལེགས་ལྡན་ཁྱེད་ཀྱིས་ཐམས་ཅད་གསུངས། །ཁྲག་དང་མཁྲིས་པས་ཉེན་རྣམས་ཀྱི། །ནད་ཀྱི་གསོ་བ་ལན་མང་བཤད། །དེ་ལ་བསིལ་བའི་གསོ་བ་ཡི། །
རྣམ་པ་དུ་མའང་ཁྱེད་ཀྱིས་གསུངས། །རླུང་དང་བད་ཀན་དག་གི་ནད། །ལྕི་ཞིང་གནོད་པ་མ་གྱུར་ལ། །གསོ་དཀའ་བར་ནི་སྣང་གྱུར་ན། །དེ་ཡི་གསོ་བ་ཅི་འདྲ་ལགས། །དུས་ཀྱི་རྣམ་པ་བུ་ཞིག་མཆིས། །དྲོས་པའི་མཚན་ཉིད་ཅི་ལྟ་བུ། །ཚད་ནི་ཆེ་དང་ཆུང་གྱུར་དུགས། །མཚན་ཉིད་
ཁྱེད་ནི་ཅི་ལྟར་བཞེད། །དུགས་མི་བྱ་བའི་ནད་གང་ལགས། །དུགས་ཀྱི་ཡོན་ཏན་གང་ཞིག་ལགས། །ཚ་ཞིང་རྡུལ་གྱུར་གསོ་བ་དག །ཡང་དག་གཅོ་བོས་བདག་ལ་གསུངས། །དེ་ནས་ལགས་ལྡན་དེ་ཡིས་ནི། །ཅི་སྐད་སྨྲས་པ་དྲིས་གྱུར་པ། །དུགས་ཀྱི་ཆོ་ག་རྣམ་པ་བརྒྱད། །

རིམ་བཞིན་ཁྱེད་ཀྱིས་མཉན་པར་གྱིས། །སྣུམ་གྱི་དུགས་དང་ལ་གས་ོམ། །བྱེ་མ་དང་ནི་འདྲེན་མ་དང་། །རྟུག་པ་གསུམ་དང་གོ་བྲ་དང་། །ལྕགས་ལེབ་དང་ནི་རྗ་མའི་དུགས། །གཅི་བའི་དུགས་ཀྱིས་བཙོས་པའི་སྣུམ། །འོ་མ་དེ་བཞིན་ཤ་ཁུ་ནི། །ཤ་ཟ་བ་དང་རླན་ཅན་ཤ། །
སྨན་སྤོད་ལེགས་པར་བཏབ་གྱུར་པ། །ཁྲོན་བའི་རྫིང་བུ་གཞོང་པ་ན། །ལེགས་པར་བསྲོས་པ་བླུགས་པར་བྱ། །སྣུམ་གྱི་དུགས་སུ་བྱ་བ་ནི། །སྣ་ཚོགས་སྨན་དང་སྦྱར་བྱ་སྟེ། །ཤི་ཀྲུ་དང་ནི་ཏད་ཀ་རི། །བ་སྲ་ར་ཧི་ཨེ་ར་ན་དང་། །བ་སྤུའི་འུ་ཤིང་ས་རྫ་ཀ །ཀུ་བ་རེ་ཀྵེ་དུར་བྱིད་དང་། །
གཞན་ཡང་ཚུལ་འདི་དེ་འདྲ་བ། །དེ་རྣམས་ལ་ལ་སོ་སོར་ནི། །ཆུ་ནི་མང་པོ་དང་བསྐོལ་ལ། །བྲི་བ་རན་པ་བླུགས་པར་བྱ། །འདི་ནི་གསོ་མའི་དུགས་ཡིན་ཞིང་། །ཤི་ཀུ་ཀ་ཡི་མེ་ཏོག་དང་། །གླང་པོ་རྟ་དང་རྔ་མོ་ཡི། རྟུག་པ་དང་ནི་འོ་མ་ཞོ། །གསོ་མའི་ལོ་མ་གཅིག་ཏུ་བསྡུས། །
འདྲིན་མའི་དུགས་ཞེས་བྱ་བ་ཡིན། །གསོ་དང་སྐྱུར་རྩབ་ནང་དུ་སྦངས། །ཀུན་ནས་ལེགས་པར་བཙིར་ནས་ཀྱང་། །དེ་ལ་ཨར་ཀའི་ལོ་མའམ། །ཨེ་རཎྜ་ཡི་ལོ་མ་ལྡིང་། །སླངའམ་ས་སློང་ལ་བརྔོས་པའི། །བྱེ་མ་ཚན་དེ་དེར་བསྲེ་བྱ། །དེ་ནས་དེ་ཡི་ཐོན་པོར་བྱ། །ལག་པ་
གཉིས་ནི་མཉེས་ནས་ཀྱང་། །ཡང་དང་ཡང་དུ་དུགས་བྱ་བ། །ཐུམ་པོའི་དུགས་སུ་དེ་བཤད་དེ། །བ་གླང་བོང་བུ་རའི་རྟུག་པ། །འོ་མ་དང་ནི་བསྲེས་བ་བསྐོལ། །གོས་ཀྱི་ནང་བཅུག་རབ་ཚ་མིན། །རྟུག་པ་གསུམ་གྱི་དུགས་ཞེས་བྱ། །ལ་ཕུག་ཆོམ་ཆོམ་བརྫུངས་ནས་ནི། །
འོ་མའི་ནང་དུ་བཅུག་ནས་བསྐོལ། །འོ་མ་དག་ཀྱང་དེར་བཅུག་སྟེ། །དེ་བཏགས་ནས་ནི་གོང་བུར་བྱ། །གྱོ་མོ་མེ་མདག་འདྲ་དེར་གཞག །གྱོ་མོའི་དུགས་དེ་ཅི་རིགས་པ། །ཁྲེ་དང་འབྲས་དང་གྲོ་རྣམས་ནི། །ཕྱེ་མར་བཏགས་ལ་འོ་མར་སྦྱར། །ལ་ཕུག་ཨེ་རཎྜའི་འབྲས་བུ། །
ག་གོན་གསོ་མའི་ས་བོན་དང་། །ཕབས་དང་མ་ཤ་ཏོལ་རྣམས་དང་། །ཡུངས་ཀར་རྣམས་ནི་ཕྱིར་བཏགས་ལ། །ཕྱེ་མ་དེ་ནི་འོ་མ་དང་། །ཆང་བསྲེས་ལན་ཚྭ་བྲོ་བྱས་ལ། །དེ་ཡིས་མང་དུ་བསྒོས་པ་ཡི། །རས་མ་ཡིས་ཀྱང་རབ་དཀྲིས་ལ། །དེ་ནི་ལྕགས་ལེབ་རབ་ཚ་བ། །ཀུན་དུ་

ཉེ་བར་སྦྱར་བར་བྱ། །འདི་ནི་ལྕགས་ལེབ་དུགས་ཡིན་ཏེ། །རླུང་གི་ནད་ནི་འཇོམས་བྱེད་ཡིན། །ལྕགས་ལེབ་ལ་ནི་ཇི་ལྟར་བྱས། །བུམ་པ་ཡིས་ཀྱང་དེ་བཞིན་བྱ། །བུམ་པའི་དུགས་སུ་བྱ་བ་འདི། །བརྒྱད་པ་བུམ་པའི་དུགས་སུ་བཤད། །འདི་ནི་
སོ་སོའི་བྱ་བ་དྲག །ང་ཡིས་ཁྱེད་ལ་བསྟན་པ་ཡིན། །རྫ་བུམ་ཆེན་པོར་གསོ་མ་བཙོས། །སྦུབས་ཀྱི་དུགས་ཀྱང་བྱེད་དུ་གཞུག །འདི་ནི་རླངས་པའི་དུགས་ཡིན་ཏེ། །རེག་ན་བདེ་བར་བྱེད་པ་ཡིན། །བུམ་པའམ་རྫ་མ་དག་ཏུ་ནི། །གསོ་མ་དང་ནི་འབྲས་བུའི་རིགས། །སྣ་ཚོགས་
པ་ནི་བཙོས་པ་ཡིས། །རླངས་པའི་དུགས་ནི་སོ་སོར་བྱ། །དཀྲི་བའི་དུགས་ཞེས་བྱ་བ་ནི། །གོང་བུའི་དུགས་ཀྱང་ཡིན་པར་བཤད། །ཏིལ་དང་མ་ཤ་ཟར་མ་ཕབས། །ནས་དང་གྲོ་དང་ཀུ་ལ་ཏྠ། །ལ་ཕུག་ཨེ་རཎྜའི་ས་བོན། །དེ་བཞིན་ག་གོན་གསོ་མ་ཡི། །ས་བོན་ཡུངས་
ཀར་ཐང་ཤིང་དང་། །ས་ལ་ར་དང་རུ་རྟ་དང་། །ཤུ་ཏི་དང་ནི་པོ་སོན་ཆ། །ར་སྣ་རྒྱ་སྔོས་ཆུ་སྲིན་སམ། །དེ་བཞིན་རླུང་འཇོམས་པ་ཡི་སྨན། །ཕྱི་མར་ཞིབ་ཏུ་བཏགས་པར་བྱ། །སྣུམ་ནི་བཞི་པོ་གཞུག་བྱ་ཞིང་། །སྦྲང་རྩི་ཞོ་དང་འོ་མ་གཞུག །དེ་ལྟར་སྣུམ་རབ་ལྡན་སྦྱར་ལ། །
ལན་ཚྭ་བཏབ་ལ་བཙོ་བར་བྱ། །ཆོས་ནས་གོང་བུར་གྱུར་པ་ནི། །གོད་བུའི་དུགས་ཞེས་བྱ་བར་བཤད། །རླུང་དང་བད་ཀན་ལས་གྱུར་ན། །ཆིལ་དང་སྨིན་བུར་བཅས་གང་ཡིན། །དེ་ལ་གོང་བུའི་དུགས་བྱ་ཡིན། །འདི་ནི་ཤིན་ཏུ་བསྔགས་པ་ཡིན། །སྨན་ནི་ཕན་ཚུན་སྦྱར་
བའམ། །དེ་བཞིན་ཉི་མ་མེ་དྲོད་ཀྱིས། །གང་ཕྱིར་རྡུལ་ནི་འབྱིན་བྱེད་པས། །དེ་ཕྱིར་དུགས་ཞེས་བྱ་བར་བཤད། །འདི་ཡིས་ལུས་ནི་མཉེན་བྱེད་ཅིང་། །འགགས་པ་འབྱིན་པར་བྱེད་པ་ཡིན། །ཞུ་བའི་ཕྱིར་ནི་འབྱིན་བྱེད་ཅིང་། །འཐས་པ་ཞུ་བར་བྱེད་པ་ཡིན། །སྐྲངས་
བ་ཞི་བར་བྱེད་པ་དང་། །རླུང་ནི་བདེ་བར་རྒྱུ་བར་བྱེད། །ནད་ནི་ཚར་གཅོད་པར་བྱེད་ཅིང་། །དེ་བཞིན་གསོ་མའི་གྲོགས་ཀྱང་བྱེད། །སྨིན་པར་བྱ་བའི་ནང་ན་ནི། །ནད་འཇིག་བྱེད་པའི་མཆོག་ཡིན་ནོ། །དཔེར་ན་ཤིང་ལ་སྣུམ་བསྐུས་ཤིང་། །དཀྲི་ཞིང་བལྟོས་ན་དབུག

པ་སླ་། །དེ་བཞིན་དུས་ཚིགས་ཐམས་ཅད་དུ། །ལེགས་པར་སྦྱར་ན་ལུས་བདེ་བྱེད། །འཇམ་དང་དྲག་པོའི་སྦྱོར་བ་ནི། །ལེགས་པར་བསྐུས་ལ་དུགས་བྱ་ཡི། །རྩུབ་པོར་ནམ་ཡང་དུགས་མི་བྱ། །དཔེར་ན་ཤིང་ནི་རླན་མེད་པར། །བསྲོས་
ན་འཇིག་པར་འགྱུར་པ་ཡིན། །དེ་བཞིན་ལུས་ནི་སྣུམ་མེད་པར། །དུགས་བྱས་ན་ནི་འཇིག་པར་འགྱུར། །ནད་གང་སྣུམ་དང་དུགས་རྣམས་ཀྱིས། །ལུས་ལ་ཟགས་པར་བྱས་གྱུར་པ། །དེ་ནི་སྦྱངས་པས་བསལ་བར་བྱ། །རྣ་བ་རྒྱུ་མ་དཀུ་དང་ནི། །རླིག་པ་མཚན་གྱི་བར་དག་
ཀུན། །གང་ཚེ་རྡུལ་བར་གྱུར་པ་དང་། །ཁ་ནི་ཡོངས་སུ་བསྐམ་གྱུར་པ། །ལུས་ལྷོད་ཉམས་ནི་མི་བསོད་པ། །དེའི་ཚེ་དུགས་གྱུར་ཡིན་ཞེས་བྱ། །མཉེན་ཞིང་ཡང་བ་ཉིད་དང་ནི། །དེ་བཞིན་ཟུགས་གཟེར་ཞི་བ་དང་། །ནད་ནི་རྣམ་པར་བསལ་གྱུར་བ། །རྟའི་དུགས་ལེགས་
པའི་མཚན་ཉིད་ཡིན། །གང་གི་སྤུ་ནི་འབྱི་འགྱུར་ཞིང་། །ཁྲག་དང་འདྲ་བའི་གཅིན་འབྱུང་ངན། །སྐོམ་དད་དང་ནི་རྨོངས་བག་སྐྱེད། །ཉལ་བ་ལ་ནི་མངོན་པར་དགའ། །འདར་བས་ཉན་པར་གྱུར་པ་ནི། །དུགས་དྲགས་པ་ནི་ཡིན་པར་བཤད། །དུགས་ནི་ཆུང་བར་གྱུར་པ་ཡིས། །
ནད་ནི་ཞི་བར་བྱེད་གྱུར་ཏེ། །ནད་ནི་སྐྱེད་པར་གྱུར་ན་ཡང་། །གནས་དེ་ལས་ནི་ཕྱིན་མ་བྱས། །དེ་བས་འདི་ལ་ནད་ཤུགས་ནི། །ཤིན་ཏུ་དྲག་པོ་སྐྱེད་པར་བྱེད། །འདི་ལས་མཉེན་པ་མི་འབྱུང་གི །སླར་ཞིང་རེངས་པ་སྐྱེད་པར་བྱེད། །དུགས་དྲགས་པ་ལ་ལན་བརྒྱར་ནི། །གཅིན་
པའམ་མར་གྱི་བསྐུ་བར་བྱ། །འོ་མ་ཅན་ཤིང་ཁུ་བ་དང་། །འོ་མ་ཞོ་དང་ཞོ་ག་ཆུ། །ཏིལ་དང་དེ་བཞིན་གཞན་གྱི་ཆུས། །ལེགས་པར་བསྐུས་ལ་བླུགས་པར་བྱ། །དུགས་ཆུང་བ་ལ་སླར་ཡང་ནི། །ཆོ་ག་བཞིན་དུ་དུགས་བྱའོ། །དུགས་དྲགས་ཆུང་བར་གྱུར་པའམ། །ཚད་ལས་
ལྷག་པར་སྦྱར་གྱུར་ན། །ནད་གཞན་དག་ཀྱང་སྐྱེད་བྱེད་ཅིང་། །འདི་ཡིས་ལུས་ལ་གནོད་པར་བྱེད། །ཁོང་ཚ་སྐྲངས་པར་གྱུར་པ་དང་། །ལུས་ཀྱང་ཚིག་པར་འགྱུར་བ་ཡིན། །ཤིན་ཏུ་ཚིག་པའམ་ཆོས་མིན་པས། །ལས་ནི་ནམ་ཡང་འགྲུབ་མི་འགྱུར། །ཚད་པར་འཁྲུ་དང་

རིམས་ཀྱིས་ཐེབས། །པགས་ནད་ཅན་དང་ལུས་ཟུངས་ཟད། །དམུ་རྫིང་དབུགས་བདོ་གཅིན་ནད་དང་། །ཁྲག་དང་མཁྲིས་པའི་ནད་ཡོད་དང་། །གསེབ་ནི་མང་པོས་དུབ་པ་དང་། །སྦྲུམ་མ་དང་ནི་བཙས་མ་ཐག །ཟླ་དྲུག་ལོན་པར་མ་གྱུར་དང་། །གནོད་པ་ཅན་
དང་སྣད་པ་དང་། །དེ་བཞིན་གློ་བུར་བ་ཡི་ནད། །གང་ཡང་སྦྲུལ་གྱིས་ཟིན་པ་དང་། །དུག་མདངས་ཕོག་པར་གྱུར་པ་དང་། །གྱེན་དུ་རླུགས་བཟློག་སྐྱུགས་པ་དང་། །ལུད་པ་ཅན་དང་ཁོང་པ་ན། །འབུ་ཡོད་པ་ལ་དུགས་མི་བྱ། །འདི་དག་ལ་ནི་དུགས་བྱས་ན། །འཆིའམ་རིམས་
ཀྱིས་འདེབས་པར་འགྱུར། །ཤིན་ཏུ་གྲང་མིན་དྲོད་མིན་པའི། །དུས་སུ་རྟ་ལ་དུགས་བྱ་བསྔགས། །གནས་སྐབས་གཞན་དུ་གྱུར་པ་དང་། །སོས་ཀ་སྟོན་ཚེ་བྱ་དགོས་ན། །ཚད་དང་དུས་ནི་ལེགས་བརྟགས་ལ། །ཅི་ནས་གནོད་པར་མི་འགྱུར་བྱ། །ཤ་ལི་ཧོ་ཏྲའི་གྲུབ་པའི་
གནས་བདུན་པ་ལས་དུགས་ཀྱི་ཆོ་གའི་ལེའུའོ།། །།དུར་བྱིད་ག་ནྡ་བི་ར་དི། །པི་ལུ་བ་རྞ་པ་ལ་གཉིས། །གན་ད་ར་བའི་རྩ་བ་དང་། །ས་ཧ་ཙ་རའི་རྩ་བ་དང་། །ཨ་གྣི་མ་ན་བིལ་བ་དང་། །གཟི་མདངས་དང་ནི་ཏིནྟུ་ཀ །དེ་འདྲའི་སྨན་གྱི་རྩ་བ་རྣམས། །བསྡུས་ཏེ་ཆུ་བྲེ་བཞིན་དུ་
བསྐོལ། །ལེགས་པར་ཆོས་པར་གྱུར་པ་ན། །སྨན་པས་སླར་ནི་དབོག་པར་བྱ། །དེ་བཙགས་སྨན་ཁུ་དང་མཉམ་པའི། །ཏིལ་མར་འོ་མ་གཉིས་འགྱུར་གཞུག །དེ་ནི་ཐང་ཤིང་ཏ་རུ་པ། །སྤང་སྤོས་ཆུ་དག་རྡོ་དྲེག་དང་། །ཙནྡན་སྤང་སྤོས་རུ་རྟ་དང་། །ཨང་ཤུ་མ་ཏི་ཨ་ཀ་
རུ། །བ་ལ་ར་སྣ་ཤིང་མངར་དང་། །པི་པི་ལིང་དང་རྒྱམ་ཚ་ནི། །སྨན་ནི་རེ་རེ་སྲང་ཕྱེད་ཀྱི། །ཆང་དུ་མཁས་པས་གཞུག་པར་བྱ། །དེར་ནི་སླར་བསྐོལ་སྦྱར་བ་ཡི། །ཏིལ་མར་འདི་ཡི་ནུས་པ་ཉོན། །རྟ་ནི་རླུང་གིས་ཉེན་པའམ། །གླང་པོ་ཤིན་ཏུ་སྦེགས་པའམ། །འདི་ཡིས་དབང་
པོ་བརྟས་པར་འགྱུར། །བུད་མེད་མོ་གཤམ་གྱུར་བ་དག །འདི་ལའང་དེ་ནི་བླུད་པར་བྱ། །འདི་ཡིས་དྲེ་མོའང་བུ་ཆགས་ན། །མི་ཡི་བུད་མེད་སྨོས་ཅི་དགོས། །འདི་དག་ཚོགས་པར་གྱུར་བླུད་ལ། །དེ་རྗེས་ཆད་ནི་བླུད་གྱུར་ན། །རླུང་གི་གཟེར་གྱིས་ཉེན་པ་དང་། །མི་བཟང་རྣ་བའི་

གཟེར་དང་ནི། །སྙིང་ནད་དང་ནི་སྙིང་གཉེར་དང་། །མངལ་འཇིག་ཉམ་ཆུང་རྣམས་སེལ་ཡིན། །དེ་བཞིན་སྣ་དན་ཁ་ནད་དང་། །གཞོགས་ཕྱེད་ཀྱི་ནི་ནད་ལའང་ཕན། །དོན་གྲུབ་ཅེས་བྱའི་ཏིལ་མར་ནི། །ཁྱབ་འཇུག་གིས་ནི་བསྟན་པ་ཡིན། །ཤ་ལི་ཧོ་ཏྲའི་གྲུབ་པའི་གནས་
བདུན་པ་ལས་དོན་གྲུབ་ཅེས་བྱ་བ་ཏིལ་མར་གྱི་ལེའུའོ།། །།རྟ་ཡི་དེ་ཉིད་ལ་མཁས་པས། །བུ་དང་སློབ་མ་ལ་སྨྲས་པ། །ནད་གང་ལ་ནི་མེ་བཙའ་དག །གོང་རིམས་ཇི་བཞིན་བྱའོ་ཞེས། །གསོ་བའི་གནས་སུ་བསྟན་པ་སྟེ། །མེ་བཙའ་བཏབ་པའི་ཐབས་བཤད་བྱ། །
དེ་ལ་རེ་ཞིག་མེ་བཙའ་ལ། །དགོས་པའི་ཆ་བྱད་བརྗོད་བྱ་སྟེ། །ལྕགས་ལེབ་དན་དེའི་འབྲས་བུའི་དབྱིབས། །ཆུར་ཆག་ཕྱེད་དང་གཉིས་ཀྱི་ཚད། །འདབ་མའི་ཆུང་ནི་སོར་བརྒྱད་ལ། །ཞིབ་དུ་སོར་ནི་བཞི་བར་བྱ། །ཡུ་བའི་སྦོམ་ནི་མཐེ་སོར་ཚད། །ཤིན་ཏུ་ཟླུམ་ཞིང་སྲ་
བར་བརྡུང་། །སྲེག་པར་བྱེད་པའི་ཆ་བྱད་ཀྱང་། །ལྕགས་ལེབ་དང་ནི་འདྲ་བར་བརྡུང་། །དེ་ཡི་རྩེ་མོ་ཞེང་སོར་གཉིས། །བྱང་ཆུབ་ཤིང་ལོ་འདྲ་བར་བྱ། །ཤེ་བ་ལི་འབྲས་ལྟར་གུག་པའི། །སོར་ནི་བཅོ་བརྒྱད་ཚད་དུ་བྱ། །ལྕགས་ནག་ལས་ནི་རབ་ཟླུམ་པའི། །རྩེ་མོ་
དགུག་པའི་བཞར་སྤྱད་བྱ། །འཛམ་བུའི་ཚི་གུ་ཡུ་བ་འཇམ། །སོར་ནི་བཅོ་བརྒྱད་ཚད་དུ་བྱ། །འཇལ་ད་ཚེག་གུ་འདྲ་བ་ལ། །ཟླུམ་ཞིང་ལེགས་པ་ཉིད་དུ་བྱ། །ཐུར་མ་སོར་ནི་བཅུ་དྲུག་པའོ། །མར་མེའི་རྩེ་ལྟར་ཟླུམ་པ་ནི། །སྤུ་བ་སྲེག་པ་ཡི་ཆ་སྤྱད་འདི། །ལྕགས་
ལས་ལེགས་པར་བརྡུང་བར་བྱ། །ལྕགས་དེ་མེ་ཡི་མདོག་འདྲ་བར། །བསྲེགས་པའི་གནས་ཆ་ཤེས་བྱས་ལ། །འཛམ་བུའི་ཚི་གུ་འདྲ་བ་ཡི། །དབྱིབས་ནི་དུ་མར་བསྲེག་པར་བྱ། །ཚིགས་ཀྱི་ཆ་ཡི་ཕྱོགས་སུ་ནི། །དབྱིབས་གང་བྱ་བ་ནི་ཉིན་ཅིག །ཆ་བཟུང་བར་ནི་གནས་
པ་ལས། །དང་པོར་བྲི་བ་ཉིད་དུ་འདོད། །པིར་རམ་ཡང་ན་བཙག་གམ་ནི། །ས་དཀར་གྱིས་ནི་བྲི་བར་བྱ། །དེ་ནས་ཐུར་མ་བསྲེགས་པ་ཡིས། །གནས་དང་སྤུ་ནི་བསྲེག་པར་བྱ། །སྐྲེག་པར་བྱེད་ཚེ་ཚིགས་ལས་ནི། །གཞན་དུ་དབྱིབས་འདི་འགྱུར་སྲིད་ལ། །དེ་བས་མེ་བཙའི་ལས་

ལ་ནི། །དང་པོར་མཚན་མ་བྲི་བར་བྱ། །ཤིན་ཏུ་དྲད་དང་ཚ་བ་ཡི། །དུས་སུ་མེ་ཡི་ལས་མི་བྱ། །གྲང་བའི་ཚེ་ན་རྩ་རྒྱུས་ནི། །རེངས་ཤིང་འཐས་པར་འགྱུར་བ་ཡིན། །ནད་འདི་འཐས་པར་གྱུར་པ་དག །མེ་ཡི་ལས་ཀྱིས་སེལ་མི་ནུས། །དེ་ནས་གྲང་བས་ཉེན་གྱུར་
རྟའི། །ནད་ནི་སེལ་པས་དེ་མི་བྱ། །ཤིན་ཏུ་ཚ་ཚེ་ཁོང་ཚ་དང་། རྨོངས་བག་མགོ་འཁོར་དབུགས་རྒོད་བསྐྱེད། །སོས་ཀ་དབྱར་གྱི་ཚེ་ན་ནི། །སྲོག་ནི་ངེས་པར་ཟད་པར་བྱེད། །དེ་བས་སྔ་དྲོའི་ཚེ་ན་ནི། །ཤིན་ཏུ་གྲང་མིན་ཚ་མིན་པའི། །མེ་ལས་ཚད་ཙམ་བྱས་གྱུར་པ། །རྟ་ཡི་
བདེ་བ་སྐྱེད་པ་ཡིན། །འདུག་པ་ངལ་ནི་ལེགས་བཅིངས་ལ། །ཕྱོགས་གཅིག་ཏུ་ནི་སྐྱེལ་བར་བྱ། །ཐག་པ་སྲ་ཞིང་སྦོམ་པ་ཡིས། །ལག་པ་གཉིས་ནི་བསྡམ་པར་བྱ། །ཕྱི་རྐང་གཉིས་ཀྱང་བཅིངས་ནས་ནི། །མ་སྣད་འགྱུར་བ་མེད་པར་བྱ། །ཞགས་པས་ནང་ནས་བསྡམས་ཏེ་བརྡུང་། །
འདིས་ནི་གཡོ་བ་མེད་པར་འགྱུར། །ཨ་བཅུ་དག་ཀྱང་བཅིང་བྱ་ཞིང་། །རྣ་བ་གཉིས་ཀྱང་ལེགས་པར་བསྡམ། །བསྡམས་ཏེ་ལེགས་པར་བཞག་ནས་ནི། །དེ་རྗེས་ལས་ནི་བརྩམ་པར་བྱ། །གནས་ནི་མཉམ་ཞིང་རྩ་དགྲམ་པར། །པགས་པ་འཇམ་པོ་བཏིང་བར་ནི། །ཐག་པ་འཇམ་
ཞིང་སྲ་བ་ལ། །སྦོམས་སུ་མཐེབ་སོར་དག་གི་ཚད། །དཀྱུས་སུ་འདོམ་དྲུག་ཡོད་པ་དང་། །བཅིངས་པའི་དོན་དུ་བྱ་བ་ཡིན། །ཕྲག་སོ་ནས་ནི་བཏབ་མ་ཡིན། །རོ་སྟོད་ལེགས་པར་བསྡམས་ནས་ནི། །ནང་ནས་བཅུག་སྟེ་ཚེའུ་ཚེ་ནས། །རོ་སྨད་དུ་ནི་བསྡམ་པར་བྱ། །བཟློག་ནས་
བྱིན་པ་ནས་བཀྲི་བྱ། །དེ་ལྟར་ལེགས་པར་བསྡམས་ནས་ནི། །སྟོབས་དང་ལྡན་པས་ལེགས་པར་མནན། །རྩིབ་མ་ཕབ་སྟེ་ལེགས་བཞག་ལ། །དེ་ཡི་རྔ་མ་ནས་གཟུང་བྱ། །དེ་ནས་ལགས་པར་དགབ་པ་ཡིས། །མིག་གིས་མཐོང་བ་མེད་པར་གཞག །ལུས་ནི་ཤས་ཆེར་མི་བཙིར་
ཞིང་། །ཆུ་སེ་དང་ནི་མཆན་ཁུང་དང་། །དཀུ་ཡི་བར་ནི་ལེགས་བསྲུངས་ལ། །དེ་ནས་གྲུབ་པའི་ལས་ཀྱང་བྱ། །སྙིང་ག་ཁ་དང་རྨང་ཀ་རུ། །ཆུ་ནི་ཡོངས་སུ་བླུགས་པར་བྱ། །དབུགས་ཕྱུང་སྙན་པའི་ཚིག་སྨྲས་པ། །དེ་རྗེས་སྲེག་པའི་ལས་རྣམས་བྱ། །དེ་ནས་གཞན་ཡང་

བསྲེག་བྱ་ཡི། །གནས་དང་དབྱིབས་ནི་བཤད་པར་བྱ། །མཆུ་ལྟག་གོང་དུ་འཕྲེད་དུ་ནི། །རི་མོ་གསུམ་ནི་བྱ་བ་ཡིན། །སྣ་གདོང་དང་ནི་འཁུར་ཚོས་སུའང་། །མཉམ་པར་བྱེད་དུ་བྱ་བ་ཡིན། །མཆུ་སྒྲོས་དང་ནི་མཆུ་དག་ཏུ། །རི་མོ་ཟླུམ་པོ་དག་ཀྱང་བྱ། །འགྲམ་གླང་རྟག་ཏུ་ཐིག་
ལེ་ཡི། །རི་མོ་ཅུང་ཞིག་བྱ་བ་ཡིན། །འཛམ་བུའི་ཚི་གུས་འབྲལ་བར་ནི། །བྱ་རོག་རྗེས་ནི་མཉམ་པོ་བྱ། །རྣ་བ་མིག་གི་ཕ་རོལ་དུ། །ཟླུམ་པོ་དག་ཀྱང་བྱ་བ་ཡིན། །མུར་གོང་དང་ནི་ཨུཏྤལ་འདབ། །དེ་བཞིན་བྱ་རོག་རྗེས་གཉིས་བྱ། །སྣ་རྩ་རུ་ནི་སྣུམ་གྱིས་ནི། །ས་ཐ་
ལི་ཡི་ཐིག་ལེ་བྱ། །རྩེའུ་ཆུང་གཉིས་སུ་ཟླུམ་པོའི་ནང་། །རི་མོ་གསུམ་དག་བྱ་བ་ཡིན། །ཕྲག་སོ་གཉིས་སུ་སེན་ཛི་ཡི། །འདབ་མ་ལྟ་བུར་བྲི་བར་བྱ། །དཔུང་མགོར་དགའ་བ་འཁྱིལ་བ་དང་། །ཤིང་རིས་ལྟ་བུ་བྱ་བ་ཡིན། །ནམ་ཚོད་དུ་ནི་ཐིག་ལེ་རིས། །ཡང་ན་
ཟླུམ་པོ་བྱ་བ་ཡིན། །སྙིང་ག་ཡི་ནི་ཕྱོགས་དག་ཏུ། །ནམ་ཡང་བསྲེག་པར་མི་བྱའོ། །པུས་གོང་དང་ནི་དཔུང་པ་རུ། །ཆུ་སྲིན་སོ་འདྲ་བྱ་བ་ཡིན། །ཡང་ན་ཆུ་སྲིན་སོའི་འོག་ཏུ། །རི་མོ་རིང་བུར་བྱ་བ་ཡིན། །དཔུང་པ་གཉིས་ཀྱི་བར་དུ་ནི། །ཐིག་ལེ་ལྟ་བུའི་རི་མོ་བྱ། །ལག་
ངར་ཆིག་རང་ཕྲ་མོ་རུ། །ཐིག་ལེའམ་ཡང་ན་འཁོར་ལོ་བྱ། །བྱིན་པ་ཚེའུ་ཚེ་དག་ལ་ནི། །ཐིག་ལེ་ཐོར་བུར་བྱ་བ་ཡིན། །དཀུ་གཉིས་སུ་ནི་བྱ་རོག་རྗེས། །ཡང་ན་ཨུཏྤལ་ཐིག་ལེ་བྱ། །སྒལ་ཚིགས་དོར་བའི་རྒྱབ་ཏུ་ནི། །མཉམ་ཞིང་ཆུར་ནི་འགྲོ་བ་ཡི། །རི་མོ་གསུམ་དག་བྱ་བ་
སྟེ། །དྲུག་མདོར་ཡང་ནི་གསུམ་པོ་བྱ། །ཡང་ན་དྲུག་མདོའི་གནས་སུ་ནི། །བྱ་རོག་རྗེས་ནི་བྱ་བ་ཡིན། །ཡང་ན་ལག་པ་དྲང་བའམ། །མར་མེ་ཡི་ནི་རྩེ་འདྲ་བྱ། །ལོང་བུ་བྱ་རོག་རྗེས་འདྲ་བའམ། །ཨུཏྤ་ལ་ཡི་ཐིག་ལེ་བྱ། །ལྟོ་བར་རི་མོ་བརྒྱད་པའམ། །པདྨ་ཡི་ནི་
དབྱིབས་འདྲ་བྱ། །སྙིང་ག་དང་ནི་སྤུ་རིས་དང་། །ལྟེ་བར་ཡོངས་སུ་སྤང་བར་བྱ། །དཔྱི་སྟེང་དུ་ནི་གཡུང་དྲུང་རུང་། །དགའ་བ་འཁྱིལ་པའམ་པདྨ་བྱ། །ཡང་ན་རི་མོ་མཛེས་པའམ། །ཟླུམ་པོ་ཉིད་དུ་བྱ་བ་ཡིན། །རྔ་རྩ་དོར་ལ་མཇུག་ཚོས་སུ། །བྱ་རོག་རྗེས་སམ་

ཨུཏྤལ་བྱ། །ཚིགས་ཀྱི་མཚམས་སུ་ལེགས་བརྟགས་ལ། །དགའ་བ་འཁྱིལ་པའམ་ཟླུམ་པོའམ། །ལོ་མ་བདུན་པ་ལྟ་བུ་ནི། །ཀུན་དུ་གནོད་པ་མེད་པར་བསྲེག །དཔྱི་ཡི་འོག་གི་ཆ་རུ་ནི། །ཆུར་ནི་རེངས་པའི་རི་མོ་བྱ། །ཡང་ན་ཟླ་བ་ལྟ་
བུའམ། །ཆུ་སྲིན་གྱི་ནི་སོ་འདྲ་བྱ། །བརླ་ཡི་ཕྱི་དང་ནང་དུ་ནི། །རི་མོ་འཕྲེད་དུ་བྱ་བ་ཡིན། །སྲེ་ལོང་ཚིགས་སུ་མཁས་པ་ཡིས། །ནྱ་གྲོ་དྷ་ཡི་འདབ་འདྲ་བྱ། །རོ་སྟོད་ཀྱི་ནི་ཆ་བཞིན་དུ། །རོ་སྨད་དུ་ཡང་བྱ་བ་ཡིན། །དེ་བཞིན་མཁས་པས་སྐྲངས་བ་དང་། །རྨར་གྱུར་
བ་ཡི་ནད་ལ་ཡང་། །དགའ་བ་འཁྱིལ་དང་ཆུ་སྲིན་གྱི། །སོ་འདྲ་བ་ནི་བྱ་བ་ཡིན། །ནད་ཀྱིས་ཉེན་པར་གྱུར་པ་ལ། །དབྱིབས་ནི་དེ་འདྲར་བསྲེག་པར་བྱ། །ཆ་རུ་དབྱིབས་འདི་གསལ་མངོན་ཞིང་། །ལེགས་པར་གནས་པ་དྲོས་ནས་ནི། །རི་མོ་སྙོམས་པར་གནས་པ་
ལ། །མཁས་པས་ལེགས་པར་བསྲེག་པར་བྱ། །ཏ་ལའི་སྙིང་པོ་དང་འདྲ་བའམ། །བིལ་བའི་སྙིང་པོ་འདྲར་གྱུར་པའམ། །ལེགས་པར་བསྲེག་པར་གྱུར་བ་སྟེ། །མདོག་གཞན་སྨད་པར་གྱུར་བ་ཡིན། །བསྲེགས་དྲགས་ན་ནི་ཤ་འདྲུལ་ཞིང་། །ཤིན་ཏུ་གཏིང་
རིང་རྨ་འཚོ་དཀའ། །སྡུག་བསྔལ་དག་ཀྱང་སྐྱེ་འགྱུར་ཞིང་། །ཡན་ལག་སྡུད་མི་ཤེས་པར་འགྱུར། །བསྲེགས་ཆུང་བས་ནི་འདི་ཡི་ནད། །ལེགས་པར་བསལ་བར་མི་ནུས་ཤིང་། །རྨ་ཡང་མྱུར་དུ་མི་འཚོ་ལ། །ལས་སུ་མི་རུང་ཉིད་དུ་འགྱུར། །རྟ་ནི་ལེགས་པར་
བསྲེགས་པའི་རྨ། །ཤ་ནི་ཆུ་བུར་འདྲས་ཁྱབ་ཅིང་། །ཅུང་ཟད་འཛག་པ་འདྲ་བ་དང་། །ནད་ཀྱང་རབ་ཏུ་ཞི་བར་བྱེད། །སྐྲངས་བ་རྣམས་ནི་ཞི་འགྱུར་ཞིང་། །སྐམ་པོ་སླར་ནི་སྐྱེད་པར་བྱེད། །རྨ་ནི་སྦྱོར་བར་བྱེད་པ་དང་། །འཚོབ་ཅིང་རྣག་ནི་ཟད་པར་བྱེད། །
གཟེར་ནི་སེལ་བར་འགྱུར་བ་དང་། །རླུང་ནི་བདེ་བར་རྒྱུ་བར་བྱེད། །རྨེད་བུ་སྐྱེ་བར་མི་བྱེད་ཅིང་། །རྨ་ཡང་མཆེད་པར་མི་འགྱུར་རོ། །གྱོང་པོ་རྣམས་ནི་མཉེན་འགྱུར་ཞིང་། །ལྷོད་པ་རྣམས་ནི་སྲ་བར་བྱེད། །ཁྲག་ནི་རྨིག་ཏུ་འབྱུང་འགྱུར་བ། །མེ་བཙའ་ཉིད་ཀྱིས་ཞི་བར་

བྱེད། །རྨིག་མཐིལ་ཚད་དང་དུགས་ལ་ནི། །མེ་ཉིད་ཁོ་ན་བདེ་སྐྱིད་ཡིན། །དེ་ལ་སོགས་དང་གཞན་པ་ཡི། །ཡོན་ཏན་མེས་བསྲེགས་ལེག་ལས་བྱུང་། །ཁ་ཟས་དང་ནི་བཏུང་བ་དང་། །སྣ་སྨན་དང་ནི་འཇམ་རྩི་དང་། །སྨན་ཆུ་བླུགས་དང་བསྐུ་བ་དང་། །དུགས་ཡང་ཡོངས་
སུ་མཉེ་བ་དང་། །དཀྲི་བའི་ཚུལ་ནི་སྣ་ཚོགས་སམ། །ཡང་དག་གཏར་གིའི་ལས་རྣམས་ཀྱིས། །ནད་གཅོད་བདེ་བར་མི་སྣང་ཞིང་། །ནད་ནི་ཤིན་ཏུ་འཕེལ་གྱུར་ན། །བདག་པོ་ལ་ནི་དྲིས་ནད་ཀྱང་། །མེ་ཡི་ལས་ནི་བརྩམ་པར་བྱ། །མེ་ཡི་ལས་བྱས་འོག་ཏུ་ནི། །གང་དག་
བྱ་བ་དེ་བཤད་བྱ། །ཚིག་དྲགས་གྱུར་ལ་ཡང་དང་ཡང་། །མར་གྱིས་ལེགས་པར་བསྐུ་བར་བྱ། །ཏིལ་དང་འོ་མའི་ལྡེ་གུའམ། །མར་གསར་གྱིས་ཀྱང་བསྐུ་བར་བྱ། །གཞན་ཡང་གང་དག་བསིལ་གྱུར་པ། །འདབ་མ་ཉེས་པར་སྦྱར་བར་བྱ། །མ་ཚིག་རྨ་ནི་རེད་འགྱུར་ལ། །
སྣུམ་ནི་དྲོན་པོ་གཏང་བར་བྱ། །དེ་བཞིན་སྨན་ཆུ་དྲོ་བ་དང་། །བསྐུ་བ་དག་ཀྱང་དྲོན་པོ་བྱ། །དུས་ཀྱིས་ལས་དང་དེ་བཞིན་དུ། །དྲིལ་ཕྱིས་དག་ཀྱང་བྱ་བ་ཡིན། །དེ་ཡིས་ནད་ཞིར་མ་གྱུར་ན། །སླར་ཡང་དེ་ལ་བསྲེག་པར་བྱ། །བསྲེགས་ནས་ཡང་དང་ཡང་དུ་ནི། །དེ་ལ་མར་ནི་བླུགས་
པར་བྱ། །དེ་ནས་ཉིན་ཞག་གསུམ་ན་ནི། །བརྟགས་ལ་འདྲུལ་བར་གྱུར་ན་ནི། །ཆུ་ནི་དྲོ་འཇམ་དག་གིས་ནི། །བླུགས་ཤིང་ལེགས་པར་བཀྲུ་བར་བྱ། །མར་དང་སྦྱར་བའི་ཏིལ་གྱི་ནི། །ལྡེ་གུ་ཡིས་ཀྱང་བསྐུ་བར་བྱ། །མེ་ཡིས་གདུངས་པར་གྱུར་པ་ལ། །རྒྱམ་ཚ་དང་སྦྱོར་ལྡེ་
གུ་བསྐུ། །དེ་ཡི་འོག་ཏུ་མར་དང་ནི། །སྤག་རྣམས་སྦྱར་བ་བསྐུ་བར་བྱ། །དེ་ལྟར་བསིལ་བཅོས་ཀྱིས་བཅོས་ན། །།མེ་ཡིས་ནད་ནི་སེལ་བར་འགྱུར། །ལེགས་ལྡན་ཤ་ལི་ཧོ་ཏྲ་ཡིས། །དེ་སྐད་རྗེས་བསྟན་སྨྲས་པ་ཡིན། །ཤ་ལི་ཧོ་ཏྲའི་གྲུབ་པའི་གནས་བདུན་པ་ལས་མེ་
བཙའི་ལས་ཀྱི་ཆོ་གའི་ལེའུའོ།། །།ག་ག་ནེ་ཤ་དའི་རྒྱལ་པོ། །མཛའ་བོ་བཟང་དང་ཀ་རི་ཏས། །མས་གཏོང་སྦུ་གུའི་ཆོ་ག་རྣམས། །ཤ་ལི་ཧོ་ཏྲ་ལ་དྲིས་པ། །མས་གཏོང་སྦུ་གུ་སྨན་དང་ནི། །བདའ་བ་ཡི་ནི་ཚོད་དག་དང་། །སྨད་དུ་ཞུགས་པའི་ནད་རྣམས་ནི། །གསོ་

བ་དང་བཅས་རྒྱས་པ་དག །རྟ་ལ་ཅི་ལྟར་བགྱི་བ་ནི། །ལེགས་ལྡན་ཁྱེད་ལས་ཤེས་པར་འཚལ། །དེ་རྣམས་དེ་སྐད་སྨྲས་པ་དང་། །ཤ་ལི་ཧོ་ཏྲས་སླར་སྨྲས་པ། །རྟ་ནི་སྣུམ་ཞིང་སྒོ་ལྔ་ནས། །ཡོངས་སུ་རྟས་པར་བྱེད་པ་ཡིན། །མར་དང་ཏིལ་མར་ཞག་དང་
རྐང་། །ཁ་དང་སྣ་དང་མཚན་མཇུག་མ། །པགས་པ་ལས་ནི་ཞུགས་པ་ཡིས། །ཐབས་ནི་བདེ་བས་དེ་རྟས་བྱེད། །སྟོབས་བསྐྱེད་རོ་ཙ་འཚོ་བྱེད་རྣམས། །སྦྱར་བའམ་ཡང་ན་མ་སྦྱར་བའམ། །སྦྱོར་བ་ལེགས་པར་གཏང་བའི་སྣུམ། །རྟ་ནི་འཚོ་བར་བྱེད་པ་ཡིན། །བཟའ་དང་
རྗེས་སུ་བཏུང་བ་དང་། །ཁ་བཀང་ཁ་ཡི་སྣུམ་ཡིན་ནོ། །དེ་བས་འཇམ་རྩིར་བཏང་གྱུར་པའི། །སྣུམ་གྱིས་ཁོང་སྣུམ་སྟོབས་སྐྱེད་ཅིང་། །རྟས་བྱེད་མགྱོགས་དང་རོ་ཙ་དང་། །དེ་བཞིན་མདོག་ནི་བཟང་བར་བྱེད། །འཇམ་རྩི་རྟ་ཡི་གསོ་བྱེད་ཀྱི། །མཆོག་ཡིན་པར་ཡང་བཤད་
པ་ཡིན། །འཇམ་རྩི་སྦུ་གུའི་ཚད་དང་རྫས། །ངས་བཤད་པ་ལས་མཉན་པར་གྱིས། །ལྕགས་དང་ཤིང་དང་རི་དགས་དང་། །བྱ་རྣམས་ཀྱི་ནི་ཆུ་སྦུབས་དང་། །ཤ་མི་སེང་ལྡེང་ཤྲི་མི་ཤ། །ཤིང་ཤ་པ་དང་ཏིན་ཏུ་ཀི། །ད་བ་འོ་མ་ཅན་ཙནྡན། །ཤིང་ནི་འདི་བརྒྱད་བསྔགས་པ་
ཡིན། །ངང་པ་བྱ་རྒོད་ཀུ་དྲ་བ། །རྨ་བྱ་ས་རི་བླ་བ་དང་། །དུད་པ་བ་ལ་མདའ་གུ་སྟེ། །བྱ་ཡི་མཆོག་ནི་དེ་བརྒྱད་ཡིན། །བོང་བུ་མ་ཧེ་རྔ་མོ་དང་། །དེ་བཞིན་གླང་དང་བ་མིན་དང་། །གཡག་དང་རུ་རུ་གླང་པོ་ཆེ། །ལྒང་པ་མཆོག་ཏུ་འདོད་པ་ཡིན། །གསེར་དང་དེ་བཞིན་དངུལ་
དང་ནི། །ཁར་བ་ར་གན་ཞ་ཉེ་དང་། །རོ་ཉེ་ཟངས་དང་ལྕགས་རྣམས་ནི། །ལྕགས་ཀྱི་རིགས་ནི་བརྒྱད་དུ་བཤད། །བ་དང་ར་ལུག་མ་ཧེ་ཡི། །ལྒང་པ་སྦུ་གུ་དང་ཉེར་བཤད། །ཤིང་རྣམས་ལས་ནི་ཙནྡན་མཆོག །ཕྱུགས་ཀྱི་ནང་ན་གླང་པོ་མཆོག །པ་རི་བླ་བ་བྱ་ཡི་མཆོག །
ལྕགས་རྣམས་མཆོག་ནི་གསེར་ཡིན་ནོ། །ཚན་ལྡན་གྲང་ལྡན་ཚེ་ལ་ཕན། །བཀྲ་ཤིས་བསིལ་སྨན་རྣམས་ཀྱི་མཆོག །པ་རི་བླ་བའི་འཛེར་པ་དང་། །བསིལ་བ་མཆོག་ཏུ་བཤད་པ་ཡིན། །གསོ་བ་ལ་བཅས་སྦུ་གུ་ནི། །ལྕི་ཞིང་འཇམ་ལ་སྲ་བ་ཡིན། །དེ་ནི་རྟ་ཡི་

ནད་སེལ་ཡིན། ཕན་པ་དམ་པ་ཡིན་པར་བཤད། །གསེར་ལས་བྱས་པའི་སྦུ་གུ་ནི། །འཇམ་ཞིང་མྱུར་དུ་ཆུད་པ་དང་། །མྱུར་དུ་འབྱིན་པར་བྱེད་པ་དང་། །ལྕི་བས་རྟ་ལ་ཕན་ཞིང་བཟང་། །དེ་ནི་གས་མེད་འགྱུར་བ་མེད། །ཟླུམ་ཞིང་ཤིན་ཏུ་བདེ་བར་བྱ། །དེ་དག་རྙེད་
པེ་མི་གྱུར་ན། །འོད་མ་ལྕང་མ་དག་ལས་བྱ། །འཇམ་ཞིང་འབུ་ཡིས་མ་ཟོས་ལ། །གཞུག་པ་ལ་གནོད་མི་སྐྱེད་བྱ། །འོད་མའི་ནང་ནས་ནག་པོ་ནི། །སྦུ་གུའི་རྒྱུ་ནི་བཟང་བར་བཤད། །ཤ་མི་ཤིན་ཏུ་གཞོན་མིན་པ། །བདེ་བར་འགྲོ་བར་བྱེད་པ་ཡིན། །ས་དང་ག་ཡི་
ལྒང་པ་ནི། །ལྒང་པ་རྣམས་ཀྱི་དམ་པ་ཡིན། །སྦུ་གུ་སོར་ནི་བཅུ་གཉིས་པ། །འཇམ་ཞིང་གག་པ་དང་བཅས་པ། །ཞེང་དུ་སོར་དྲུག་གིས་འཁྱུད་པ། །རྩེ་མོ་རིམ་གྱི་ཕྲ་བ་བྱ། །རྩེ་མོ་སྣ་མའི་མེ་ཏོག་ནི། །ཁ་འབུས་འདྲ་ཞིང་བུ་ག་ཆུང་། །མཐེའུ་ཆུང་གི་རྩེ་
མོའི་ཚད། །འདི་ཡི་ཚད་ནི་ཡིན་པར་བཤད། སྨན་པ་ལས་རྣམས་གྲུབ་འདོད་པས། །དེ་ལྟ་བུ་ཡི་སྦུ་གུ་ཡིས། །ཆོ་ག་བཞིན་དུ་ཟོས་འཐུངས་ལ། །འཇམ་རྩིའི་ལས་ནི་སྦྱར་བར་བྱ། །ལག་པ་གཡོན་པའི་མཛུབ་མོ་ཡིས། །བཀག་པ་ཡིས་ནི་བཅུག་
ནས་ཀྱང་། །ཆུད་ནས་རྩེ་མོ་བཀག་པ་ཡིས། །རྩེ་མོ་ཡོངས་སུ་གཏང་བར་བྱ། །དེ་ནས་ལགས་པ་གཡས་པས་ནི། །ལྒང་པ་བརྩིར་བས་སྣུམ་པར་བྱ། །ཁ་ནས་སྣུམ་དང་ཚད་གང་ཡིན། །མས་གཏོང་པ་ལ་གཉིས་འགྱུར་བྱ། །སྲང་ནི་དྲུག་ཅུ་རྩ་བཞིའམ། །
བཅུ་བཞི་བརྒྱད་དང་སུམ་ཅུ་གཉིས། །བཅུ་དྲུག་དང་ནི་དེ་ཡི་ཕྱེད། །དེ་ལྟར་རོམ་པར་གཞག་པ་ནི། །མཆོག་དང་བར་མ་ཐ་མ་ལ། །མས་གཏོང་པར་ནི་ཡིན་པར་བཤད། །འཇམ་རྩི་སྦུ་གུར་སྤུད་པ་ནི། །ཚད་དེ་རྣམ་པ་བཞི་ཡིན་ཏེ། །སོར་བཞི་སོར་གསུམ་སོར་
གཉིས་དང་། །སོར་གཅིག་པ་ནི་ཡིན་ཤེས་བྱ། །ཟླ་དྲུག་ལོན་བའི་རྟའུ་ལ། །སོར་གཅིག་ནང་དུ་གཏང་བར་བྱ། །སྣུམ་ནི་སྲང་བཞི་ཡིན་པར་བཤད། །སྣུམ་ཚད་དེ་ནི་གོ་ལོག་བྱ། །ལོ་གཅིག་ལོན་ལ་སོར་གཉིས་ཏེ། །འཇམ་རྩིར་སྣུམ་ནི་སྲང་བརྒྱད་གཏང་། །

ལོ་གཉིས་ལོན་ལ་སྦུ་གུའི་རྩེར། །སོར་གསུམ་ནང་དུ་གཏོང་བར་བྱ། །དེ་ཡི་འཇམ་རྩིར་གཏོང་བའི་སྣུམ། །སྲང་ནི་བཅུ་དྲུག་གཏང་བར་བྱ། །ལོ་ལྔ་ཡན་ཆད་སྣུམ་ཚོད་ནི། །གོང་དུ་ཅི་སྐད་བསྟན་པ་བྱ། །སྦུ་གུ་ནང་དུ་གཞུག་པའི་ཚེ། །ཐམས་
ཅད་ལ་ཡང་སོར་བཞི་ཡིན། །རྩ་བ་ལྔ་ལ་ཉི་རྒྱ་ཚ། །ཡུངས་ཀར་བཅས་པ་བསྐོལ་བའམ། །མེ་དང་ལན་ཚྭ་དང་བཅས་པ། །དབྱར་གྱི་ཚེ་ན་མས་གཏོང་བྱ། །པི་པི་ལིང་དང་བཅའ་ལྒ་དང་། །འབྲུ་སྐྱུར་དང་ནི་ཡུངས་ཀར་དག །ལན་ཚྭ་བྲོ་ཞིང་སྣུམ་དང་བཅོས། །
དགུན་གྱི་དུས་ཀྱི་མས་གཏོང་ཡིན། །ཏིལ་ནག་དང་ནི་ཤིང་ནག་དང་། །ཐང་ཤིང་དང་ནི་ས་ར་ལ། །ཀ་ར་པཱི་ར་ཨུཏྤལ། །ཤུག་པ་ཙནྡན་པུ་ཤེལ་ཙེ། །ཤ་ར་བ་ཡི་ལྡེ་གུར་བཅས། །འོ་མ་དང་སྦྱར་སོ་གར་བསྔགས། །ནད་དང་བཅས་པའི་རྟ་རྣམས་ནི། །ཅི་སྐད་
བཤད་པའི་བརྡ་ལ་བྱ། །མགོ་ནི་ཐུར་དུ་གཡངས་གྱུར་ན། །ལྒང་པ་མེད་པ་བཙིར་དྲགས་ན། །ཞུ་བའི་གནས་ལ་འདས་པ་ནི། །སྣུམ་ནི་གྱེན་དུ་འགྲོ་བར་འགྱུར། །དེ་ལས་འདི་ནི་རྨིག་བག་དང་། །སེམས་མྱོས་ཁོང་ཚ་སྐྱེ་བར་འགྱུར། །སྣུམ་ནི་ཟློག་པར་མི་བྱེད་
བའམ། །ཡང་ན་དུས་རིང་ཞིག་ན་འབྱུང་། །དེས་ན་མགོ་བོ་རྒྱབ་ནས་ནི། །ལག་པས་ཅུང་ཟད་བརྡག་པར་བྱ། །བསྐུ་ཞིང་མཉེ་བར་བྱས་ནས་ནི། །འཇམ་པོར་གྱུར་ནས་གཏོང་བར་བྱ། །དུབ་པར་གྱུར་པའམ་སྐོམ་གྱིས་གདུངས། །ལྟོགས་དང་ཤིན་ཏུ་ཉམ་ཆུང་བའི། །
མས་སྟོང་བྱར་མི་རུང་བ་ཡིན། །གལ་ཏེ་རྨོངས་པས་བཏང་གྱུར་ན། །དེ་ཡི་བ