Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 203

Văn bản gốc(Tây Tạng)

Trang 14 / 18 (50.000 ký tự/trang)
ིར་སྐྱེས་དེ་གོ་བཟློག །རང་བཞིན་རྫོགས་པར་གྱུར་པ་ན། །རླིག་པ་རང་གི་གནས་སུ་ཕྱིན། །བུ་སྐྱེད་པར་ཡང་འགྱུར་བ་དང་། །ལམ་དུ་འགྲོ་བའང་དེ་སྲན་
ཐུབ། །དོན་ཀུན་ཡང་དག་སྒྲུབ་བྱེད་ཅིང་། །ནོར་དང་དག་འདང་བདེ་འཐོབ་བྱེད། མཆེ་བ་སྐྱེ་བའི་དུས་དག་གི། །བྱ་བ་འདི་ནི་ཁྱེད་ལ་བཤད། །དེ་ཡན་ཆད་ནི་མཆེ་བ་དང་། །རླིག་པ་རྟ་ལ་མི་སྐྱེའོ། །ལོ་གསུམ་པ་ལ་མདུན་སོ་གཉིས། །ལོ་བཞི་པ་ལ་བར་མ་སྟེ། །ལྔ་པ་ལ་

ནི་ཐ་མ་དག །འབྱུང་ཞིང་སྐྱེ་བར་འགྱུར་བ་ཡིན། །ཕྱེད་དང་གསུམ་ན་མདུན་སོ་ནི། །གཉིས་འབྱུང་བར་ནི་ངེས་བ་ཡིན། །དེ་སྐྱེས་ཡོངས་སུ་རྫོགས་པ་ནི། །ལོ་གསུམ་པར་ནི་ཤེས་པར་བྱ། །ཕྱེད་དང་བཞི་ན་དེ་ཕི་ནི། །བར་མ་འབྱུང་བར་ཤེས་བ་ཡིན། །དེ་ཉིད་སྐྱེས་པར་གྱུར་
པ་ནི། །ལོ་བཞི་པར་ནི་ཤེས་པར་བྱ། །ཕྱེད་དང་ལྡན་མདུན་སོ་ཡི། །ཐ་མ་དག་ནི་འབྱུང་བར་འགྱུར། །དེ་ནས་ཐ་མ་སྐྱེས་གྱུར་པ། །ལོ་ལྔ་བར་ནི་དེ་ཤེས་བྱ། །སོ་འབྱུང་བ་དང་སྐྱེས་གྱུར་ཀུན། །རྫོགས་པའི་རྟ་ནི་ལོ་ལྔ་བ། །གཞོན་པ་ལས་ནི་དེ་འདས་ཤིང་། །མཆོག་ཏུ་
ལུས་ནི་རྒྱས་པ་དང་། །པགས་པ་རྔ་རྔོག་སྡུག་པ་དང་། །དབང་པོ་དང་ཞིང་དགའ་བ་དང་། །ནུས་བ་ཐོབ་བར་འགྱུར་བ་དང་། །དར་ལ་བབ་པ་གནས་གྱུར་ཅིང་། །ཁུ་བ་འབྱུང་པར་འགྱུར་པ་དང་། །སྐད་ཀྱང་ཡོངས་སུ་བརྗེས་འགྱུར་ཏེ། །ཇི་ལྟར་སྐྱེས་པ་ལོ་བཅུ་དྲུག །ལོ་ལྔ་པ་
ཡི་རྟ་དེ་འདྲ། །དེ་ཚེ་དར་ལ་བབ་ཅེས་བྱ། །ལད་རྣམས་ཀུན་ནི་ནུས་པར་འགྱུར། །དེ་རྗེས་བུ་ནི་ཐེ་ཚོམ་དག །སྐྱེས་པར་གྱུར་པས་དྲི་བ་དྲིས། །སོ་ནི་མི་འབྱུང་བར་ཤེས་ན། །ཇི་ལྟར་འབྱུང་ཞིང་སྐྱེ་བ་ལགས། །དེ་ནི་བདག་ལ་བཤད་པའི་རིགས། །དྲང་སྲོང་གིས་ཡང་
སླར་སྨྲས་པ། །དཔེར་ན་འབྲས་བུ་སྐྱེ་བ་ན། །མེ་ཏོག་ལུང་ལས་ཆད་པར་འགྱུར། །དེ་བཞིན་སོ་ནི་སྐྱེ་གྱུར་པ། །གཡོ་ཞིང་འབྱུང་བར་འགྱུར་བ་ཡིན། །གང་ཞིག་གཞན་པར་གྱུར་བའི་སོ། །ལྟུང་བ་སྐྱེ་བ་ལྷན་ཅིག་པ། །དེ་ནི་གོ་རིམས་ཇི་བཞིན་དུ། །ཐམས་ཅད་
ང་ཡིས་བསྟན་པར་བྱ། །འོ་མ་འབྱུང་བའི་སོ་སྲབ་ཅིང་། །ཐུང་ཞིང་འཇམ་ལ་མི་མཉམ་ལྷོད། །རྩ་བ་ཕྲ་ཞིང་རྩེ་མོ་སྦོམ། །མ་སོ་རྩ་མོ་ཟླུམ་པ་དང་། །དེ་བཞིན་ཁ་དོག་ནག་ནོག་ཅན། །སོ་རྟེན་ཆུང་ཞིང་སྙི་བ་དང་། །སོ་རྩེ་རི་མོ་མག་པོ་དང་། །ནག་ནོག་ཅན་གྱིས་མཚོན་
པ་ཡིན། །འདི་ནི་དང་བོར་སྐྱེས་པ་ཡི། །སོ་ཡི་མཚན་ཉིད་གྱུར་པ་ཡིན། །རྩེ་མོ་རྣོ་ཞིང་རྩ་བ་སྦོ་མ། །ལེགས་གནས་སོ་དཀྱུས་མཉམ་པ་དང་། །དཀར་ཞིང་སྣུམ་ལ་རིང་བ་དང་། །སྲ་ཞིང་ཐགས་ནི་བཟང་བ་དང་། །སྟེང་མི་རྐྱོང་ཞིང་དེ་བཞིན་དབུས། །གསལ་བར་

སྐྱེས་བ་དེ་འདྲའི་སོ། །རིམ་གྱིས་ཡོངས་སུ་རྫོགས་གྱུར་བ། །ནས་དང་འབྲུ་ནི་ཟ་བར་ནུས། །དེ་ལྟར་འབྱུང་དང་སྐྱེས་བའི་སོ། །རང་གི་མཚན་ཉིད་ཤེས་པར་བྱ། །ནག་པོ་མདུན་སོར་ཆགས་ལོ་དྲུག །བདུན་པ་ལ་ནི་བར་མ་དང་། །བརྒྱད་པ་ལ་ནི་ཐ་མ་རུ། །ཆགས་
པ་ཡིན་བར་མངོན་པར་བསྟན། །སེར་པོ་དགུ་བར་མདུན་སོ་སྟེ། །བཅུ་པ་ལ་ནི་བར་མདོ། །ལོ་ནི་བཅུ་གཅིག་ལོན་པ་ལ། །ཐ་མར་དེ་ནི་ཆགས་པར་བསྟན། །དཀར་པོ་ལ་ནི་བཅུ་གཉིས་ན། །མདུན་སོ་བར་མར་བཅུ་གསུམ་ན། །ཐ་མར་ལོ་ནི་བཅུ་བཞི་ན། །གནས་པར་དེ་
ནི་བསྟན་པ་ཡིན། །མཆིང་བུ་ལོ་ནི་བཅོ་ལྔ་ན། །མདུན་སོ་དག་ལ་གནས་པ་ཡིན། །བཅུ་དྲུག་པར་ནི་བར་མ་ལ། །བཅུ་བདུན་པར་ནི་ཐ་མར་འགྲོ། །སྦྲང་མདོག་ལོ་ནི་བཅོ་བརྒྱད་ན། །མདུན་སོ་བར་མ་བཅུ་དགུ་ན། །ཉི་ཤུ་ཚེ་ན་ཐ་མ་རུ། །དེ་ནི་གནས་པར་འགྱུར་བ་
ཡིན། །དུང་འདྲ་ཉི་ཤུ་རྩ་གཅིག་ན། །མདུན་སོར་ཉི་ཤུ་གཉིས་ན་དབུས། །ཉི་ཤུ་གསུམ་ན་ཐ་མ་རུ། །དེ་ནི་གནས་བར་རབ་ཏུ་བཤད། །གཏུན་འདྲ་ཉི་ཤུ་རྩ་བཞིན། །མདུན་སོར་རྩ་ལྔའི་ཚེ་ན་དབུས། །ཐ་མ་དག་དང་ལྡན་པར་ནི། །ལོ་ནི་ཉི་ཤུ་དྲུག་ན་འབྱུང་། །
ཉི་ཤུ་རྩ་བདུན་ལ་མདུན་སོ། །རྩ་བརྒྱད་པ་ལ་བར་ན་སྟེ། །ཉི་ཤུ་དགུ་ལ་ཐ་མ་དག །ཡོངས་སུ་འགུལ་བར་འགྱུར་བ་ཡིན། །ལོ་སུམ་ཅུ་ན་མདུན་སོ་སྟེ། །སུམ་ཅུ་གཅིག་ན་བར་མ་ཡིན། །སུམ་ཅུ་གཉིས་ཐ་མ་ནི། །འབྱུང་བ་འདི་ནི་ཐེ་ཚོམ་མེད། །དེ་ནས་གནས་ཀྱི་དབྱེ་བ་
ཡིས། །མཚན་མ་རྣམས་ནི་ཤེས་པར་གྱིས། །སྙིང་པོ་ཆ་ཡི་ཕྱི་རོལ་གནས། །སོ་ཡི་རྩེ་མོར་མངོན་གནས་ཡིན། །གནག་དང་སེར་དང་དཀར་པོ་ལས། །དཀར་པོ་ཡིན་ན་མཐིལ་དབུས་སྐྱེ། །རྟ་ཡི་སོ་རྩར་ཆགས་པ་ནི། །ཉེ་བའི་ལུས་ཞེས་བྱ་བ་ཡིན། །མཆིང་བུ་སྦྲང་བུ་དུ་
མདོག་འདྲ། །ཐེལ་ཀྱིས་དབུས་ལ་བརྟེན་པ་ཡི། །ནང་གི་སྙིང་བོའི་ཆ་ནས་ནི། །སོ་རྩེའི་བར་དུ་བརྟེན་པ་ཡིན། །གཏུན་འདྲ་སོ་རྟེན་དག་ལས་ནི། །བརྩམས་ཏེ་སྐྱེ་བ་ཡིན་པར་བཤད། །དེ་ནི་འཇོང་དང་ཟུར་བཞི་དང་། །ཤིན་ཏུ་ཟླུམ་པའི་ཁྱད་བར་གྱི། །རྨ་འདྲ་དང་ནི་བཅས་བ་

མཚན་མ། །དབྱིབས་ནི་རྣམ་པ་གསུམ་དུ་འགྱུར། །སྦྲང་བུའི་མདོག་ཅན་གྲུ་བཞིར་འགྱུར། །མཆིང་བུ་ཉིད་ནི་འཇོད་པར་གནས། །དུང་དང་གཏུན་འདྲ་ཉིད་དག་ནི། །ཤིན་ཏུ་ཟླུམ་བོར་གནས་བ་ཡིན། །རྟ་རྣམས་ཀྱི་ནི་སོ་ལ་མཚོན། །ངོ་བོ་ཉིད་ཀྱི་ཆགས་པ་ཡིན། །དཔེར་ན་ཤིང་
ལས་སྐྱེས་ལོ་མ། །གཞོན་ཚེ་དམར་པོར་གནས་པ་ཡིན། །རྒྱས་པའི་ཚེ་ན་སྔོན་པོར་འགྱུར། །དེ་ཡི་རྗེས་ལ་སེར་བོ་སྟེ། །སྐམས་ཤིང་མི་སྡུག་གྱུར་བ་ན། །སྨིན་ཅིང་ལྷུང་བར་གྱུར་པ་ཡིན། །དེ་བཞིན་རྟ་ཡི་སོ་དག་གི །ཚོན་ནི་རིམ་གྱིས་ཡལ་བ་ཡིན། །དེ་ལས་གཞན་ཡང་
མཚན་མ་ནི། །སོ་སོ་ཞིང་གི་རབ་སྦྱར་བྱ། །ལ་ལ་ལུང་ཏང་མདོག་ཅན་ལ། །གཞི་གཅིག་འཛམ་བུའི་འབྲས་བུ་མདོག །ཁ་ཅིག་ལྕགས་ནི་བཅག་པ་འདྲ། །ལ་ལ་དངུལ་རྡོ་འདྲ་བ་ནི། །ནག་པོ་དྲུག་ནས་དགུ་ཡི་བར། །རི་མོ་སོ་ཁ་གནས་པ་ཡིན། །དེ་ཚེ་ཉམས་དགའ་
སྟོབས་ལྡན་ཞིང་། །ཤ་ནི་རྒྱས་བར་གྱུར་པ་དང་། །རྔ་མ་དང་ནི་རྔོག་མ་སྣུམ། །སྤུ་མདོག་ཤིན་ཏུ་གསལ་བ་དང་། །མ་ཞུམ་མཚེར་ཞིང་འགྲོས་བཟང་དང་། །མཐོང་ན་དགའ་བ་ཉིད་དུ་ནི། །ཤུགས་དང་སྤྲོ་བར་ལྡན་པ་དང་། །གྲི་མ་ཞིང་ལང་ཚོ་དག་ལ་གནས། །པདྨའི་གེ་
སེར་འདྲ་བའམ། །གསེར་རམ་སྦྲང་རྩའི་མདོག་འདྲ་ན། །བ་སེར་བ་ལང་སྦྲང་བུ་ཡི། །མདོག་འདྲ་དེ་ཡི་དབུས་ན་ནི། །གྲོག་མའི་དབྱིབས་འདྲ་ཆགས་པ་དང་། །འདམ་བུའི་ཤུན་པའི་མདོག་འདྲ་བའམ། །ཅུང་ཟད་སྔོ་ཞིང་སེར་བ་ནི། །རིང་པོར་སོ་ཡི་ངོས་ལ་ཆགས། །
སེར་པོ་མདུན་སོ་ལ་སོགས་པར། །དེ་ལྟར་དགུ་པ་ཡན་ཆད་ནས། །སེར་བོའི་མཚན་མ་ལྡན་པའི་རྟ། །ཤ་ཡིས་རྒྱས་ཤིང་སྟོབས་དང་ལྡན། །མདངས་ལྡན་དེ་བཞིན་ཁ་དོག་བཟང་། །བརྟན་ཞིང་དགའ་བར་བྱེད་པ་ཡིན། །འབྲས་ནི་གྲུས་པ་ལྟ་བུ་དང་། །དེ་བཞིན་
མུ་ཏིག་མདོག་ཅན་ལ། །ཐིལ་དང་དབུས་ནི་མཉམ་ཞིང་ཟླུམ། །དེ་བཞིན་ཞོ་མདོག་ཅན་དུ། །དཀར་པོ་རྣམ་པ་ཐ་དད་པར། །བཅུ་གཉིས་སོགས་བར་མདུན་སོང་གནས། །དཀར་པོའི་མཚན་མར་ལྡན་པ་ལ། །ཕྱི་རོལ་མཚན་མ་འདི་འབྱུང་སྟེ། །པགས་པ་ཤ་ནི་

ལྷོད་པ་དང་། །སྟོབས་ནི་ཡོངས་སུ་བྲི་བ་དང་། །ཁ་དོག་དག་ཀྱང་ཉམས་པ་དང་། །དབྲལ་བ་སེར་བར་འགྱུར་བ་དང་། །ལུས་ཀྱི་སྟོབས་དང་མགྱོགས་པ་དང་། །སྤྲོ་བདག་ནི་འབྲི་བར་འགྱུར། །བྲང་གི་སྟོབས་ནི་ཟད་བའི་ཕྱིར། །ཕྲག་སོར་གཉེར་མ་འབྱུང་
བར་འགྱུར། །ཁ་ཅིག་ཡུངས་ཀར་དཀར་འདྲ་དང་། །ལ་ལ་སྦྲང་རྩི་འདྲ་བ་དང་། །ཁ་ཅིག་མཆིང་བུ་ནག་པོ་འདྲ། །དམར་ཞིང་ཟླུམ་པའི་ཐིག་ལེ་ཆགས། །མཆིང་བུ་མདུན་སོ་ལ་སོགས་བར། །བཅོ་ལྔ་ཡན་ཆད་འབྱུང་བ་ཡིན། །མིག་དང་བྲག་སོ་འཕྲལ་བ་དང་། །ཕྱི་རོལ་མཚན་
མ་ཁུང་དག་དང་ནི། །རྔ་རྩའི་གནས་ནི་གང་ཡིན་པར། །སྤུ་དཀར་གཉེར་མ་འབྱུང་བར་འགྱུར། །རྟ་ཡི་སྤྱོད་པ་འཁྲིག་པ་དང་། །འདྲ་བདག་ཀྱང་སྦོང་བྱེད་ཅིང་། །འགྲོས་དང་སྐད་ཀྱང་ཆུང་བ་དང་། །ཉམ་པའམ་ལམ་དུ་བུབ་བར་ནི། །ལོ་ནི་བཅུ་བདུན་པ་དག་ལ། །ཕྱི་རོལ་མཚན་མ་
འདི་དག་འབྱུང་། །སེར་དང་ནག་དང་དམར་པའམ། །སྦྲང་བུའི་དབྱིབས་འདྲར་སྦྲང་བུའི་མདོག །བཅོ་བརྒྱད་ནས་ནི་ཉི་ཤུའི་བར། །རྟ་ལ་འདི་འདྲ་འབྱུང་བར་འགྱུར། །དེ་ལ་གཉེར་མ་སྤུ་དཀར་ནི། །སླར་ཡང་འཕེལ་བར་འགྱུར་བ་དང་། །རྟ་ཡི་སྤྱོད་པ་འཁྲིག་བ་དང་། །འདྲ་བའང་
རྣམ་པར་འདོར་བར་འགྱུར། །དུང་ནི་དུང་གི་མདོག་འདྲ་བར། །མཁས་པ་རྣམས་ཀྱིས་ཤེས་བྱ་སྟེ། །ཟླུམ་དང་ཟླ་བ་ཕྱེད་འདྲ་བར། །སོ་ཡོ་སོ་ལ་འཕྲེད་དུ་ཆགས། །རྟ་དེ་ཉི་ཤུ་རྩ་གཅིག་ནས། །རྩ་གསུམ་པ་ཡི་བར་ཡིན་ནོ། །དེ་ནི་ལྤགས་མཐུག་མདོག་འགྱུར་ཞིང་། །
མཉམ་པོ་ཉམ་ཆུང་རེག་ན་རྩུབ། །གཉེར་མ་དང་ནི་སྤུ་དཀར་སྐྱེ། །རྣ་བ་དང་ན་མཇུག་མ་ལྟོང་། །ཉི་ཤུ་རྩ་གསུམ་པ་ཡི་རྟ། །འདི་འདྲར་འགྱུར་བར་ཤེས་པར་གྱིས། །སོ་ཡི་དབུས་སུ་བུག་གང་བྱུང་། །དེ་ནི་གཏུན་འདྲར་ཤེས་པར་བྱ། །མདུན་སོ་ལ་སོགས་ཉི་ཤུ་ནི། །རྩ་
བཞི་ཡན་ཆད་འབྱུང་ཤེས་བྱ། །འདི་ཡི་ཚིགས་རུས་གང་ཡིན་དང་། །ཚེའུ་སྤུ་པུས་མོ་མི་སྡུག་ཅིང་། །སྒྲོག་མཁར་གུག་པར་འགྱུར་པ་དང་། །ཞུམ་ཞིང་ལེ་ལོས་འགྲོ་བར་འགྱུར། །གཉིད་ཆེ་བར་ནི་འགྱུར་བ་དང་། །རྩ་ཡང་འདོད་བར་འགྱུར་བ་ཡིན། །རྟ་ནི་ཉི་ཤུ་དྲུག་ལོན་པ། །

འདི་འདྲ་བར་ནི་ཤེས་པར་བྱ། །སོ་མདོག་མི་སྡུག་གྱུར་ནས་ནི། །དེ་ཡི་རྗེས་ལ་འགུལ་བར་འགྱུར། །སྤུ་ནི་ཤོར་བར་འགྱུར་བ་དང་། །འབྱི་ཞིང་འགྲོས་ནི་ཞེན་པ་དང་། །མིག་གྱུར་མིག་ནི་འདྲེས་པ་དང་། །མཆི་མར་བཅས་ཤིང་དམན་བར་ལྟ། །མཚན་མ་འདི་ཡིས་རྟ་དག་
ནི། །ཉི་ཤུ་དགུ་པར་ཤེས་བར་བྱ། །ཤ་ཡི་གནས་ནས་རིམ་བཞིན་དུ། །སོ་རྣམས་འབྱུང་བར་འགྱུར་བ་དང་། །འབྲེལ་པ་ཆད་ཅིང་གྱེས་པ་དང་། །རྟ་རྒས་མིག་ནི་ཞུམ་པ་དང་། །མདངས་བྲལ་སེམས་ཁོང་ཆུང་བ་དང་། །ཉལ་བར་དགའ་ཞིང་སེམས་ཞུམ་དང་། །ཁ་ཡི་དབུགས་
ནི་དྲི་མི་ཞིམ། །རྟ་ཡི་ཁ་ནས་ཁ་ཆུ་འཛག །མིག་ལ་རྒྱུན་དུ་འཛག་པ་དང་། །ཟོས་པ་དཀའ་བས་འཇུ་བར་འགྱུར། །གང་ཚེ་སུམ་ཅུ་གཉིས་ལོན་པའི། །རྟ་ནི་ལས་ལ་སྦྱོར་མི་ནུས། །ཇི་ལྟར་གླང་པོས་བརྒྱ་ཉི་ཤུ་ཐུབ། །རྔ་མོ་བོང་བུ་ཉི་ཤུ་ལྔ། །བ་ལང་འདི་དག་ཉི་ཤུ་ནི། །
རྩ་བཞིས་ལྷག་པ་ཉིད་ཡིན་ལ། །ར་ལུག་ལོ་ནི་བཅུ་གཉིས་ཏེ། །དྲེའུ་ལོ་ན་ཉི་ཤུ་ཡིན། །མེ་དང་གླང་པོ་མཉམ་པ་ལྟར། །དེ་བཞིན་རྟའི་ལོ་སུམ་ཅུ་གཉིས། །ཚེ་ཡི་མཐར་ཐུག་གྱུར་པ་ཡི། །རྩྭ་ཡི་མེ་ལྟར་འཆི་བར་འགྱུར། །ན་ཚོད་ལོ་ཡི་དབྱེ་བ་ནི། །ཇི་བཞིན་རབ་ཏུ་བསྟན་པ་
ཡིན། །ཤ་ལི་ཧོ་ཏྲའི་མདོའི་གནས་ལས་ན་ཚོད་བརྟག་པའི་ལེའུ་སྟེ་ཉི་ཤུ་རྩ་བདུན་བའོ།། །།དེ་ནས་ཤ་ལི་ཧོ་ཏྲའི་བུ། །མཛའ་ལས་རྒྱལ་གྱིས་ཡང་དྲིས་བ། །རྟ་ཡི་ཆེ་ནི་ཤེས་བྱ་སྟེ། །ལེགས་ལྡན་པ་དག་ལ་བཀའ་སྩོལ་ཅིག །ཤ་ལི་ཧོ་ཏྲ་གཟི་བརྗིད་ཆེ། །
ཕ་ཡིས་བུ་ལ་སླར་སྤུས་བ། །གང་གི་སོ་ནི་གྱེས་བ་དང་། །སོ་རྩ་འབྱུང་བར་གྱུར་པ་དང་། །མིག་ནི་གནས་བསྐྱོད་མཆི་མ་འཛག །ཞུམ་ཞིང་རྩ་བ་ལྷོད་པ་དང་། །རྣ་རྩ་དང་ནི་ལུས་ཀུན་ཀྱང་། །རབ་ཏུ་ལྷོད་པར་གྱུར་པ་དང་། །གཟི་མདངས་མེད་ཅིང་སེམས་ཁོང་ཆུང་། །
ཉལ་བར་དགའ་ཞིང་བློ་ཞུམ་དང་། །ཁའི་དབུགས་དྲི་ནི་མི་ཞིམ་དང་། །ཁ་ལས་ཁ་ཆུ་འཛག་བའི་རྟ། །དེ་ནི་དང་བོའི་གནས་སྐབས་ལས། །ལྷག་པར་འཚོ་བ་མ་ཡིན་ནོ། །ལྷག་པར་འཚོ་བ་མ་ཡིན་ནོ། །གང་ཞིག་ཚིགས་ནི་མི་སྡུག་དང་། །ཆིག་གྲང་ཚེའུ་གུག་པ་དང་། །སྲེ་ལང་བ་ཡང་ཡོ་བ་དང་། །འགྲོས་

ལྷོད་ལེ་ལོ་ཆེ་གྱུར་བ། །གཉིད་ནི་ཤིན་ཏུ་ཆེ་བ་དང་། །སོ་ཡི་མདོག་ནི་མི་སྡུག་དང་། །འདི་འདྲའི་མཚན་ཉིད་པའི་རྟ། །གནས་སྐབས་ཉིད་ལས་ལྷག་མི་འཚོ། །པགས་མཐུག་ཁ་དོག་མི་གསལ་དང་། །དབང་པོའི་སྟོབས་ཞན་རེག་ན་
རྩུབ། །རྣ་བ་རྔ་མ་ཞུམ་གྱུར་བ། །གསུམ་ལས་ལྷག་བར་མི་གནས་སོ། །མི་སྡུག་སྐད་ནི་དམན་པ་དང་། །གང་ཞིག་སོ་ནི་སྦོམ་པ་དང་། །དབུགས་འབྱིན་རྒྱུན་རིང་མི་བརྟན་པའི། །རྟ་དེ་བཞི་ལས་ལྷག་མི་འཚོ། །མིག་ནི་ཆུ་ཡིས་ཁེངས་པ་དང་། །ཅུང་ཟད་ཞུམ་
པར་གྱུར་བ་དང་། །ལུས་ཀུན་བརྟན་པ་ཆུང་བའི་རྟ། །ལྔ་ལས་ལྷག་པར་མི་འཚོའོ། །གང་ཞིག་དར་ལ་བབ་པ་ཡི། །མཚན་ཉིད་གཞོན་པའི་ཚེ་ན་ཡོད། །དེ་ནི་གནས་སྐབས་དྲུག་འཐོབ་སྟེ། །རྟ་དང་འདྲ་བར་གྱུར་པ་ཡིན། །སྟོབས་དང་སྤྲོ་བའི་ཡོན་ཏན་ལྡན། །སྐད་
གསང་དམན་པར་སྦྱོང་པ་ནི། །རྟ་དེ་གནས་སྐབས་བདུན་ཐོབ་ན། །སྲོག་དང་འབྲལ་བར་འགྱུར་བ་ཡིན། །སྟོབས་ལྡན་སྙིང་སྟོབས་ཕུན་སུམ་ཚོགས། །དྲི་མི་ཞིམ་པར་གྱུར་པའི་རྟ། །དེ་ནི་གནས་སྐབས་བརྒྱད་དུ་ནི། །ཕྱི་ན་ནས་སྲོག་དང་འབྲལ་བ་ཡིན། །ཚད་དང་སྟོབས་དང་
སྙིང་སྟོབས་དང་། །གཟི་མདངས་བརྟན་པ་རྒྱ་ཆེན་ལྡན། །རླིག་པ་འབྱར་བར་གྱུར་པ་གང་། །གནས་སྐབས་དགུ་ནས་འཆི་བར་འགྱུར། །རྟ་གང་རྟག་ཏུ་དགའ་ཞིང་སྤྲོ། །ལྟ་སྟངས་སྡུག་ཅིང་བརྐ་མ་ཆགས་ཆུང་། །སྟོབས་ལྡན་སྙིང་སྟོབས་ཕུན་སུམ་ཚོགས། །རླིག་
འབྲས་ཟླུམ་ཞིང་མི་འཕྱང་རྟ། །དེ་ནི་གནས་སྐབས་བཅུ་པ་རུ། །ཕྱིན་ནས་སྲོག་འདོར་འགྱུར་བ་ཡིན། །སྙིང་སྟོབས་ཁ་དོག་མདངས་མཚན་ཉིད། །ལྡན་ཞིང་འགྲོས་བཟང་སྐད་གསང་སྙན། །ཕུན་ཚོགས་སྟོབས་ལྡན་དྲེགས་པར་ལྡན། །རུས་པ་ཆེ་ཞིང་ཚིགས་
སྦོམ་ལ། །མདོག་བཟང་ཤ་མཚམས་ཀུན་ཚོགས་པ། །ཚེ་ཡི་མཐར་ཕྱིན་འགྱུར་བ་ཡིན། །ཤ་ལི་ཧོ་ཏྲའི་མདོའི་གནས་ལས་ཚེ་ཤེས་པར་བྱ་བའི་ལེའི་སྟེ་ཉི་ཤུ་རྩ་བརྒྱད་པའོ།། །།ཤ་ལི་ཧོ་ཏྲ་དབང་པོ་ཐུལ། །མཆོག་དང་མཆོག་མིན་དེ་ཉིད་ཤེས། །བུ་ཡི་

ཐུ་བོ་མཛའ་ལས་རྒྱལ། །ཉེ་བར་སོང་སྟེ་ཡང་དྲིས་བ། །དྲི་ནི་ཡིད་འོང་དགེ་བ་དང་། །དེ་བཞིན་དྲི་གང་མི་དགེ་བ། །དེ་རྣམས་ཀྱིས་ནི་འབྲས་བུ་དག །ཅིར་འགྱུར་བ་ནི་བཤད་དུ་གསོལ། །བུ་ཡིས་དེ་སྐད་དྲིས་པ་དང་། །ཤ་ལི་ཧོ་ཏྲས་སླར་སྨྲས་བ། །འདི་དག་ཐམས་ཅད་རབ་
བཤད་ཀྱིས། །ཐོས་ནས་ཐུང་ལ་བཅང་བར་གྱིས། །འོ་ཐུག་སྦྱིན་སྲེག་དུ་བ་དང་། །དེ་བཞིན་ཨུཏྤལ་དམར་པོ་དང་། །ཙནྡན་ཨ་ཀར་འདྲ་བ་དང་། །བྱིའུ་རུག་པ་ཨ་རྫ་ཀ །སྦྲང་རྩི་ཆང་དང་འདྲ་བ་དང་། །དེ་བཞིན་ཆང་གི་དྲི་འདྲ་དང་། །ས་ལ་གསར་དུ་ཆར་བབ་དྲི། །དེ་བཞིན་
སྣུམ་སྤང་སྤོས་དང་། །ཨུཏྤལ་པདྨའི་གེ་སར་དང་། །ཧ་རི་བེ་ཏ་པདྨའི་རྩ། །ཨ་མྲ་བི་བ་ཀ་པི་ཏ་ཐ། །བ་ནས་འབྲས་སྨིན་འདྲ་དང་། །ནི་མ་པ་ཨ་རྫུ་ཀ་དམ་དང་། །པར་ལ་དང་ཨ་ཤོ་ཀ །དུག་མོ་ཉུངས་དང་པན་དན། །སྤུ་ན་ག་ཡི་དྲི་འདྲ་དང་། །ཙམ་པ་ཀ་དང་ར་མ་ལའི། །
ལོ་མ་རྒྱ་སྤོས་དྲི་འདྲ་དང་། །དཔྱིད་ཀའི་ནགས་ཀྱི་ཚོགས་འདྲ་དང་། །གླང་པོའི་རྡུལ་གྱི་དྲི་འདྲ་དང་། །གང་ཞིག་དྲི་ནི་ཞིམ་གྱུར་བའི། །མེ་ཏོག་འབྲས་བུ་ལྡན་པ་དག །དེ་རྣམས་དྲི་ནི་མཚུངས་བ་ཡི། །རྟ་མཆོག་དེ་ནི་བཀྲ་ཤིས་སོ། །རྟག་ཏུ་རབ་ཏུ་དགའ་བ་དང་། །ཀུན་གྱི་
ཡིད་དུ་འོང་བ་དང་། །དོན་ཀུན་ཡང་དག་སྒྲུབ་བྱེད་ཅིང་། །སྐལ་ལྡན་རིགས་ནི་འཕེལ་བྱེད་ཡིན། །ཅི་ཙམ་ཡིད་འོང་དྲི་ཡོད་པ། །དེ་ཙམ་ཡིད་འོང་དོན་སྒྲུབ་བྱེད། །ཚེ་རིང་ནད་ནི་མེད་པ་དང་། །ནོར་དང་དགའ་དང་བདེ་བ་སྐྱེད། །གཡུལ་ལས་རྟག་ཏུ་རྒྱལ་བྱེད་ཅིང་། །གྲགས་
དང་བུ་དང་ཚ་བོ་སྐྱེད། །དེ་ལྟར་དགེ་བའི་དྲི་དག་ནི། །བཤད་ནས་ཅིག་ཤས་མཉན་བར་གྱིས། །རྟ་ནི་རྔུལ་བར་གྱུར་པ་དང་། །མང་ཀུ་ན་ཡི་དྲི་འདྲ་དང་། །བཤད་དང་གཅི་བའི་དྲི་བཅས་དང་། །དེ་བཞིན་སྒོག་པའི་དྲི་བཅས་དང་། །བྱི་ལ་རྔ་མོ་ཕག་དང་ནི། །འུག་པའི་དྲི་དང་
འདྲ་བ་དང་། །གང་ཞིག་ཁྱི་རླིག་དྲི་འདྲ་བ། །དགེ་བའི་དྲི་ལ་བརྟེན་མ་ཡིན། །ཉེས་པ་འདི་དག་ལྡན་པ་ཡི། །རྟ་དེ་ཤིས་པ་མ་ཡིན་ནོ། །རྒྱལ་པོའི་དོན་མི་འགྲུབ་པ་དང་། །དེ་བཞིན་བཀྲ་མི་ཤིས་པ་ཡིན། །རིང་དུ་འཚོ་བར་མི་འགྱུར་ཞིང་། །ལས་རྣམས་ཀུན་ལ་སྨད་པ་ཡིན། །

དེ་ལྟར་ཤིས་དང་མི་ཤིས་པའི། །དྲི་རྣམས་རབ་ཏུ་བཤད་པ་ཡིན། །ཤ་ལི་ཧོ་ཏྲའི་མདོའི་གནས་ལས་དྲི་བརྟག་པའི་ལེའུ་སྟེ་ཉི་ཤུ་རྩ་དགུ་པའོ།། །།ཤ་ལི་ཧོ་ཏྲས་བུ་ལ་ནི། །རྟ་ཡི་སྐད་གསང་མཚན་ཉིད་བཤད། །སྲོག་ཅེས་བྱ་བའི་རླུང་ཤུགས་
ཀྱིས། །ལྟེ་བའི་རྩ་ནས་བྱུང་གྱུར་ཏེ། །ལུས་ལ་གདོས་པར་གྱུར་ནས་ནི། །ཁར་ཕྱིན་འཚེར་བ་ཞེས་བཤད་དོ། །ཤིན་ཏུ་འཇམ་ཞིང་གཏིང་རིང་ལ། །ཀློང་ཆེ་འདྲིལ་ཞིང་རྒྱུན་མི་འཆད། །འཚེར་བར་བྱེད་པའི་རྒྱལ་བྱེད་རྟ། །རྒྱལ་པོས་ཡང་དག་རྒྱལ་བ་ཐོབ། །རྩུབ་
ཅིང་ཉམ་ཆུང་ཀློང་ཆུང་ཆད། །ངར་ངར་པོ་དང་འཛེར་བར་ནི། །མགོ་བོར་ཕྱིན་ཏེ་འཚེར་བ་ཡི། །རྟ་ནི་བསྔགས་པ་མ་ཡིན་ནོ། །དུང་དང་རྔ་ཆེན་སེང་གེ་སྟག །ཤིང་རྟའི་གླིང་བུ་ཁྱུ་མཁྱོག་སྒྲ། །ངར་ངུར་གླང་པོ་ཀུ་ར་ར། །འབྲུག་དང་རྫ་རྔའི་སྒྲ་འདྲ་ཞིང་། །ཆུ་བོ་འདྲ་བའི་སྒྲར་
ལྡན་པའི། །དེ་ནི་རྟག་ཏུ་འཕེལ་བྱེད་སྟེར། །སྤྱང་ཁུ་བྱ་རྒོད་རྔ་མོ་དང་། །བྱི་ལ་ཅེ་སྤྱང་སྣོད་ཆག་སྒྲ། །ཁྱི་དང་སྤྲེའུ་འུག་པ་དང་། །ཤིང་དང་རྡོ་དང་འདྲེ་བ་དང་། །སེར་བ་ཡིན་སྒྲ་འདྲ་བ། །རྟ་ཡི་ཐ་མ་སྡིག་ལྡན་ཡིན། །སྐད་ཟད་པ་ཡི་རྟ་རྙེད་ན། །མྱུར་དུ་ཉམས་པ་ཐོབ་པར་
འགྱུར། །ཐུར་དུ་ཁ་བལྟས་འཚེར་བའི་རྟ། །དེ་ནི་བདག་པོའི་ཕོངས་པ་སྐྱེད། །གཡོན་ལོགས་བལྟས་ཏེ་འཚེར་བ་དག །རིགས་རྒྱུད་ཉོན་མོངས་བྱེད་པ་ཡིན། །བཀྲ་མི་ཤིས་པའི་རྫས་དག་ནི། །མཐོང་ནས་མང་དུ་འཚེར་བྱེད་པ། །རྟ་དེ་མི་ཤིས་བསྐྱེད་པ་སྟེ། །བདག་
པོའི་སྡུག་བསྔལ་བྱེད་པར་བཤད། །བོང་བུ་ཡི་ལྟར་གང་ཡིན་པ། །དེ་ནི་བཀྲ་མི་ཤིས་པར་བཤད། །བཀྲ་ཤིས་པ་ཡི་རྫས་མཐོང་ན། །གང་ཞིག་འཚེར་བར་བྱེད་པའི་རྟ། །བདག་པོ་རྣམ་པར་འཕེལ་བྱེད་ཅིང་། །ནོར་དང་འབྲུ་ནི་རྒྱས་པར་བཤད། །གཡས་ལོགས་སུ་ནི་
བལྟས་པའམ། །རེག་ཅིང་འཚེར་བྱེད་གང་ཡིན་པ། །རྟ་དེ་ཞོན་ན་རྒྱལ་པོ་ནི། །ས་རྣམས་ལས་ནི་རྒྱལ་བར་འགྱུར། །མང་པོ་འཚེར་བར་བྱེད་པ་ན། །དེ་ཡི་འཚེར་བ་གསལ་གྱུར་གང་། །རྟ་དེ་རྗེས་སྒྲོགས་ཞེས་བྱ་སྟེ། །བདག་པོའི་དོན་ཀུན་སྒྲུབ་བྱེད་ཡིན། །གཅིག་པུ་

འཚེར་བར་བྱེད་པ་ཡང་། །མང་པོ་ལྟ་བུར་མངོན་གྱུར་བ། །རྟ་དེ་གཏིང་རིང་འཚེར་ཞེས་བྱ། །བདག་པོའི་རྣམ་རྒྱལ་འཕེལ་བྱེད་ཡིན། །གང་ཞིག་འཚེར་བ་ཐོས་ནས་ནི། །རྟ་གཞན་འཚེར་བར་བྱེད་པ་དག །དེས་ནི་རྒྱལ་པོའི་རྟ་བརྒྱ་སྟོང་། །འདོད་པར་བྱེད་པ་ཉིད་ཡིན་ནོ། །
གཞན་ཡང་འཚེར་བ་ཐོས་ནས་ནི། །རྟ་གང་ཕྱིས་ནས་འཚེར་བྱེད་པ། །རྟ་དེ་ཞོན་པར་གྱུར་ནས་ནི། །མཛའ་བོ་འཕེལ་བར་བྱེད་པ་ཡིན། །རྒན་དང་བྱིས་པ་ནད་པ་དང་། །གཅོང་ཅན་ངལ་དང་སྐོམ་པ་དང་། །བཀྲེས་ཚེ་འཚེར་བར་གྱུར་པ་ཡི། །རྟ་སྐད་བརྟག་བར་མི་བྱའོ། །
ཤ་ལི་ཧོ་ཏྲའི་མདོའི་གནས་ལས་སྐད་གསང་བརྟག་པའི་ལེའུ་སྟེ་སུམ་ཅུ་པའོ།། །།རྟ་ཡི་ཚེ་ཡི་དེ་ཉིད་ཤེས། །རིག་བྱེད་ཡན་ལག་མཐར་ཕྱིན་ལ། །འགྲོས་ཀྱི་བྱ་བ་ཤས་པ་ལ། །ཐེ་ཚོམ་སྐྱེས་བ་གར་དགར་སྲིད། །ལེགས་ལྡན་ས་ཡི་བདག་པོ་རྣམས། །གཡུལ་དུ་
ཤུགས་མགྱོགས་རྟ་ལ་ནི། །དགའ་ཞིང་བརྟན་པས་རྩོམ་བྱེད་ལ། །རྟ་ལ་གཅེས་པར་འཛིན་པ་ཡི། །འཆོང་བ་དགའ་བ་སྐྱེ་འགྱུར་ལ། །མགྱོགས་པས་ཤིན་ཏུ་ཡིད་རྟོན་འགྱུར། །རྟ་ནི་འདི་ལྟར་མི་མཆོང་བ། །མགྱོགས་ཤུགས་མེད་ན་དགའ་མི་འགྱུར། །འགྲོས་འདེབས་མྱུར་བར་
འགྲོ་བ་ལ། ཞོན་ན་དགའ་བ་སྐྱེད་པར་བྱེད། །ས་ཐག་རིང་དུ་འགྲོ་བ་ན། །འགྲོ་བདེ་བ་ནི་བསྔགས་པ་ཡིན། །རྒྱལ་པོ་དང་ནི་རྒྱལ་བུ་དང་། །བུད་མེད་སྐྱིད་དེ་བ་ཡིན་པས། །བཞོན་ལས་བསྐྱོད་པའི་ནད་རྣམས་ནི། །དེ་འདྲས་འབྱུང་བར་མི་འགྱུར་རོ། །འགྲོས་ཀྱི་ཚུལ་ནི་སྣ་
ཚོགས་ལས། །ཤིས་དང་མི་ཤེས་འབྲས་བུ་འབྱུང་། །ལེགས་ལྡན་འགྲོས་ཀྱི་ཚུལ་དག་ནི། །རྟ་ལ་གང་ཡོད་བདག་ལ་གསུངས། །གརྒའི་ཚིག་དེའི་རྗེས་ལ་ནི། །ཤ་ལི་ཧོ་ཏྲས་སླར་སྨྲས་པ། །མདོར་ནེའུ་ལེ་སྲེག་པ་དང་། །རྨ་བྱ་དང་ནི་མཚུངས་པར་འགྲོ། །ཇི་ལྟར་ནེའུ་
ལེའི་རྐང་པ་ནི། །མྱུར་དུ་འདོར་བར་བྱེད་པ་ནི། །བར་མཚམས་མེད་བ་ལྟ་བུར་མངོན། །རང་གི་སྤྱི་བོ་ཅུང་ཟད་འགུལ། །མགོ་མགྲིན་སེང་གེ་ལྟར་འདེགས་ཤིང་། །རྒྱབ་དང་ལུས་ནི་བརྟན་བར་གནས། །མཇུག་ཚོས་རྒལ་ཚིགས་མི་འགུལ་ཞིང་། །རྔ་མའང་འགུལ་བར་མི་བྱེད་གང་།

དེ་ནི་ནེའུ་ལེའི་འགྲོས་ཅན་དུ། །བློ་དང་ལྡན་པས་ཤེས་བར་བྱ། །འཁྲུལ་པ་མེད་ཅིང་གཡོ་བ་མེད། །ལམ་དུ་མ་ཡེངས་བྱེད་པ་དང་། །ཞོན་པའི་མི་ནི་བརྟན་བཟང་ངམ། །གྲུལ་གནས་པ་སྙམ་སེམས་ཞིང་། །གང་གི་ཤུགས་ནི་འདོར་བ་ན། །ཞོན་པ་སྤུ་རྩེ་ཙམ་མི་
འགུལ། །ལམ་རིང་དུ་ནི་སོང་གྱུར་ཀྱང་། །ཆད་པར་འགྱུར་བ་མེད་པ་དང་། །ལམ་གྱིས་ངོམས་པ་མེད་ལྟར་འགྲོ། །དབྱིབས་ནི་ལེགས་པར་གྱུར་པའི་རྟ། །མེ་མ་དག་ལ་ནི་རེག་པ་ལྟར། །ལམ་དུ་མྱུར་དུ་འགྲོ་བ་དང་། །སེང་གེ་ལྟ་བུར་ལུས་འདེགས་ཤིང་། །མཆུ་ཡིས་ནམ་ཚོང་བརྐོ་བ་
འདྲ། །ས་ལ་རྟོག་བྱེད་དེ་བཞིན་དུ། །ལུས་ནི་འདེགས་པ་ལྟར་བྱེད་དང་། །ཞོན་པ་པོ་ནི་དགའ་སྐྱེད་པ། །གང་མ་སྲེག་གི་འགྲོས་བསྟེན་ཡིན། །གང་ཞིག་མགོ་དྲང་ལ་འཁུམས་དང་། །མགོ་དང་སྒེ་མགྲིན་རབ་ཏུ་རྐྱོང་། །བདག་པོའི་སེམས་དང་རྗེས་མཐུན་པར། །ལམ་དུ་མཉམ་
པར་ལྟ་བ་དང་། རྟག་པར་ལམ་དུ་མི་བུ་བཅིང་། །ཆུ་ཡི་ནང་དུ་མི་ནུབ་ལ། །བརྟན་ཞིང་མ་འཆོལ་འགྲོ་བའི་རྟ། །རྨ་བྱའི་འགྲོས་ལ་བརྟེན་པ་ཡིན། །གསུམ་པོ་འདི་དག་འགྲོས་ཀྱི་ནི། །གཙོ་བོ་ཡིན་པས་ཤིས་པ་འཐོབ། །དེ་ལས་གཞན་པའི་འགྲོས་གང་ཡིན། །ཕེལ་ཆེར་སྨད་པར་
བྱ་བ་ཉིད། །འགྲོས་ཀྱི་མཚན་ཉིད་ཕུན་སུམ་ཚོགས། །རྟ་མཆོག་རྙེད་པར་གྱུར་ན་ནི། །རྒྱལ་པོ་དགྲ་ལས་རྒྱལ་འགྱུར་ཞིང་། །ལམ་དུ་དུ་བ་བར་མི་འགྱུར་རོ། །འགྲོས་བཟང་རྟ་ལ་བདག་པོ་ཡིས། །ལྷག་པར་དགའ་བར་བྱ་བ་ཡིན། །དེ་བས་རྟ་ཡི་བསྟན་བཅོས་ནི། །ཤེས་
བས་འགྲོས་ནི་བརྟག་པར་བྱ། །ཕག་དང་མ་ཧེ་རྔ་མོ་དང་། །ཁྱི་སྦྲེའུ་རུས་སྦལ་གླང་སེང་འགྲོས། །གང་ཡང་བྱི་ལ་ལྟར་འགྲོ་བ། །རྟ་དེ་མི་ཤིས་ཡིན་ཞེས་བྱ། །ཚེའུ་ཚེ་ཚིག་གྲང་དཔུང་པ་བརླ། །འདེགས་པར་དཀའ་ཞིང་འགྲོས་ཞན་ལ། །འཁུམས་ཤིང་རྐང་འཆོལ་འགྲོ་བ་
དང་། །རྒྱབ་ངན་བཞོན་བར་མི་བདེ་དང་། །གོམས་སྟེངས་འཇོག་ཉེས་བུལ་བས་འགྲོ། །དེ་ནི་ཡོངས་སུ་སྤང་པར་བྱ། །དབུགས་རྒོད་སླར་བསྡུ་དཀའ་བ་དང་། །ལམ་ནི་ཐུང་ངུས་རྟག་ཏུ་དུབ། །སྙིང་སྟོབས་ཆུང་སྟེ་རྟ་མཁན་གྱིས། །དགྲ་ཡི་བསམ་པ་འགྲུབ་དེ་སྤང་། །རྟ་གང་མགོ་བོ་

འདེགས་པ་དང་། །རྨིག་པ་མཐོ་བར་འདེགས་པ་དང་། །བདག་པོ་དགའ་བར་འགྲོ་བྱེད་པ། །འགྲོས་དེ་མཆོག་ནི་ཡིན་པར་བཤད། །མགྱོགས་ཤུགས་མདའ་ལྟར་རྒྱུག་བྱེད་ཅིང་། །ལུས་ཀུན་དུབ་པ་མེད་པ་དང་། །སྡུད་ཅིང་རིང་དུ་སྙོབ་བྱེད་པ། །འགྲོས་དེ་མཆོག་ནི་ཡིན་པར་
བཤད། །རྐང་འཇོག་ལྷག་ཆད་མི་སྙོམས་ཤིང་། །དེ་བཞིན་མྱུར་ཆེས་བུལ་ཆེས་པ། །ཤིན་ཏུ་འདུས་དང་ཤིན་ཏུ་སྐྱེ། །འགྲོས་ཀྱི་ཉེས་པ་འདི་དྲུག་ཡིན། །ཤ་ལི་ཧོ་ཏྲའི་མདོའི་གནས་ལས་འགྲོས་ཀྱི་བཟང་ངན་ཤེས་པར་བྱ་བ་སྟེ་ལེའུ་སུམ་ཅུ་སོ་གཅིག་པའོ།། །།ཤ་ལི་ཧོ་
ཏྲ་ཡིད་གཞུངས་པས། །ཚངས་པ་མེ་ཡི་རྒལ་འདྲ་ལ། །ལུས་ཀྱི་འཕེལ་བའི་བྱ་བ་ནི། །མཛའ་ལས་རྒྱལ་གྱིས་ཡང་དྲིས་པ། །ཐོག་མ་ཐ་མ་བར་མར་ནི། །ལུས་འཕེལ་བར་ནི་ཇི་ལྟར་འགྱུར། །འགྲོས་དང་འགྲོས་གཞན་བཅས་པར་ནི། །འདི་དག་ཤེས་པར་འཚལ་ལགས་སོ། །
རྟ་ནི་ཇི་ལྟར་རྒྱུ་བ་དང་། །རྟེན་དུ་ཇི་ལྟར་གྱུར་པ་དག །འདི་དག་ཤེས་པར་འཚལ་ལགས་སོ། །བུ་ཡིས་དེ་སྐད་དྲིས་པ་དང་། །ཤ་ལི་ཧོ་ཏྲས་སླར་སྨྲས་པ། །འདི་ན་ནམ་མཁའ་ས་དང་རླུང་དང་མེ་དང་ཆུ་དང་ས་རྣམས་སྣང་གི །སེམས་ཞེས་བྱ་བ་དྲུག་པ་དང་འདྲེས་པ་རྒོད་མའི་མངལ་དུ་ཞུགས་ཤིང་
གཅིག་ཏུ་འགྱུར་བ་ལུས་སུ་འབྲེལ་པ་ཡོངས་སུ་རྫོགས་པར་བྱེད་པར་འགྱུར་རོ། །དེ་ནས་དུས་ཡོངས་སུ་སྨིན་ཅིང་ཚོར་བ་ན། །མངལ་གྱི་དྲི་མ་དང་བྲལ་བའི་ཚུལ་གྱིས་སྐྱེ་ཞིང་འབྱུང་བ་ན། ཤ་མའི་དྲི་མས་ལུས་ལ་གོས་ཤིང་། ལུས་དང་སེམས་ཉོན་མོངས་པ་ལས་ལུས་བདེ་བར་གནས་པ་
ན་གྲང་བ་དང་ཚ་བ་དང་ཕྲད་པའི་ཚོར་བ་བདེ་སྡུག་བདག་ཉིད་ཀྱིས་མངོན་པར་ཤེས་པར་འགྱུར་རོ། །དེ་ལ་རྒྱུ་གང་གིས་འབྱུང་བ་ཆེན་པོ་ལྔ་དང་ནང་གི་བདག་ཉིད་དྲུག་པོ་ཕན་ཚུན་འདྲེས་པར་གྱུར་པ་སྟེ། ས་བོན་དང་འབྲས་བུའི་ཚུལ་དུ་ཉམས་པ་མེད་པར་གནས་པར་འགྱུར་རོ། །རྟ་དེ་དེ་ལྟར་བྱུང་
བ་ན་ཤིང་ལྟར་རིམ་གྱིས་འཕེལ་བར་འགྱུར་ཞིང་ཡོན་ཏན་དུ་མ་དང་ལྡན་པར་འགྱུར་རོ། །དེ་བཞིན་དུ་སྲེད་པའི་དབང་གིས་དང་པོ་ཡུལ་ལ་འཇུག་པར་ཞུས་པ་དང་། རླུང་འཐོར་བས་དབུས་ན་ཕན་ཚུན་དུ་ཁྱབ་པ་ན། ལུས་ཀྱི་འགྲོས་དང་གོམ་པའི་ཤུགས་རིམ་གྱིས་འབྱུང་བར་འགྱུར་ཏེ།

འགྲོས་གང་དང་གང་གིས་དང་པོར་མའི་རྗེས་སུ་འབྲང་ཞིང་ཟས་འདོད་པར་གྱུར་པ་དེ་ནི་ལུས་འཕེལ་བ་ཞེས་བྱའོ། །དེ་བཞིན་དུག་གཅིག་བུ་རྒྱུ་ཞིང་རྗེས་སུ་འབྲང་བའི་འགྲོས་ཀྱིས་འགྲོ་བར་བྱེད་པ་དང་། རིམ་གྱིས་འཕེལ་བར་གྱུར་པ་ན་ཡང་། ལུས་དང་རྗེས་སུ་མཐུན་པའི་སྟོབས་དང་།
འགྲོས་དང་། རྒྱུག་པ་དང་། རྩེ་བ་དང་། མཆོང་བ་དང་། དཀྱུ་བ་དང་། འགྲོས་དམ་པའི་ཡོན་ཏན་དང་ལྡན་པ་དེ་ནི་དང་པོ་གཅིག་ཏུ་རྒྱུ་ཞིང་རྗེས་སུ་འབྲེང་བ་ཞེས་བྱའོ། །དེ་ལ་རྐང་པ་འཇོག་བའི་འགྲོས་ནི་རྣམ་པ་བཞི་སྟེ། འདི་ལྟ་སྟེ་སྤོ་ཞིང་འགྲོ་བ་དང་། བཞག་པ་མཉམ་པས་རྗེས་སུ་འགྲོ་བ་
དང་། །གཞོགས་དུད་ཅིང་འགྲོ་བ་དང་། སྤྱོད་པ་གཅིག་གིས་རྗེས་སུ་འགྲོ་བའོ། །དེ་དག་ནི་རང་བཞིན་གང་ཡིན་པ་དེ་ཉེ་བར་བཤད་པར་བྱའོ། །སྔ་མ་གཉིས་དང་ཕྱི་མ་གཉིས། །རྐང་བ་མཉམ་པར་འགྲོ་བྱེད་ཅིང་། །རང་གི་ལུས་ནི་སྤོ་བ་དག །དེ་ནི་སྤོ་བའི་འགྲོས་ཡིན་ནོ། །རྩིབ་ལོགས་
གཉིས་ནི་མཉམ་གནས་ཤིང་། །རེས་ཀྱིས་ཉེ་བར་གནས་བྱེད་ལ། །རིམ་གྱིས་རླིག་པ་ཉེ་བར་འདེགས། །དེ་ནི་གཞོགས་མཉམ་འགྲོ་བ་ཡིན། །མིག་སྤྲུག་འཁྲུལ་པ་མེད་པར་ནི། །ལུས་ནི་དད་ཅིང་རྒྱུ་བྱེད་ལ། །སྤྱོད་པ་གཅིག་གིས་མི་འགྲོ་བ། །གཞོགས་དུས་འགྲོས་ནི་དེ་ཡིན་
ནོ། །གང་ཞིག་ཡན་ལག་རེས་མོས་ཀྱིས། །འཇོག་ཅིང་འདེགས་པར་བྱེད་པ་དང་། །རྐང་པ་གསུམ་ནི་ཤས་ཆེར་བདེགས། །རྟ་ནི་སྤྱོད་པ་གཅིག་འགྲོས་ཡིན། །དེ་བཞིན་དུ་རི་དགས་དང་། །མ་ཧེ་དང་། བྱི་ལ་དང་། ཁྱི་དང་། དོམ་དང་། སྟག་དང་། ནེའུ་ལེ་དང་། གླང་པོ་ཆེ་དང་། ཁྱུ་
མཆོག་དང་། རྔ་མོ་དང་། དྲེའུ་དང་། བོང་བུ་དང་། ར་དང་། ལུག་དང་། ཨེ་ནེ་ཡ་དང་། ས་ལ་དང་། སྦྱང་ཀུ་དང་། གཞན་ཡང་དེ་ལྟ་བུའི་རྣམ་པ་དག་ཀྱང་ལུས་མཆོག་དང་། བར་མ་དང་། ཐ་མའི་དབྱེ་བའི་ཚད་ཀྱིས་རྐང་བཞི་བ་རྣམས་ཀྱི་ལུས་འཕེལ་བའི་རྣམ་པར་དབྱེ་བ་བཤད་པ་ཡིན་ནོ། །
ཤ་ལི་ཧོ་ཏྲའི་མདོའི་གནས་ལས་ལུས་འཕེལ་བ་ཞེས་བྱ་བའི་ལེའུ་བུ་སྟེ་སུམ་ཅུ་སོ་གཉིས་པའོ།། །།ཐུབ་མཆོག་ཤ་ལི་ཧོ་ཏྲའམ། །ལེགས་ཐོས་ཀྱིས་ནི་ཡང་དྲིས་པ། །ལེགས་ལྡན་རྒྱུག་པའི་མཚན་ཉིད་ནི། །མཉན་པ་རུ་ནི་འཚལ་ལགས་སོ། །འདིར་ནི་སྐྱོན་གང་ཡོན་ཏན་གང་།

འདི་རྣམས་རྣམ་པ་དུ་རུ་གྲགས། །མཚན་ཉིད་གང་དག་ཡིན་པ་དག །འདི་དག་ཐམས་ཅད་ཤེས་པར་འཚལ། །དེ་སྐད་སྨྲས་ཚེ་དྲང་སྲོང་མཆོག །ཤ་ལི་ཧོ་ཏྲས་སླར་སྨྲས་པ། །ཁྱེད་ཀྱི་ཡིད་ལ་གང་གནས་པ། །དེ་ནི་བཤད་ཀྱིས་མཉན་བར་གྱིས། །རྒྱུག་པ་མེད་བར་རྟ་རྣམས་ནི། །རྩིག་
པ་ཤིང་འདྲ་བེམས་པོ་ཡིན། །རྒྱལ་པོའི་སྟེ་ཚོམས་གསུམ་པོ་ནི། །སྒྲུབ་ལ་དེ་ནི་གཙོ་བོ་ཡིན། །དེ་བས་རྒྱུག་པའི་མཚན་ཉིད་ནི། །བཞི་བཅུ་དག་ཏུ་ཤེས་པར་བྱ། །དང་པོར་གཏང་བའི་དོན་དུ་ནི། །ཉེས་པ་ཉི་ཤུ་ལྔ་ཤེས་བྱ། །ཡང་དག་གཞག་པར་བྱ་བ་ཡི། །ཡོན་ཏན་བཅོ་ལྔ་ཉིད་དུ་
བཤད། །དེ་ལྟ་བུ་ཡི་རྒྱུག་པ་ནི། །ཟླུམ་པོ་དག་ཏུ་ཉེ་བར་སྦྱར། །རང་བཞིན་ལེགས་པར་ཤེས་བྱ་སྟེ། །གཞན་དུ་དེ་ནི་དོན་མེད་འགྱུར། །བརྡེག་ན་ལན་བྱེད་དང་པོ་སྟེ། །རྡེག་བྱེད་གཞན་ལ་དོགས་པ་དང་། །སྐེ་བ་གཅུ་དང་རྔ་མ་བསྐྱོད། །མི་སྦུག་ལྟ་ཞེང་འབྲུ་ཚུགས་ལྟ། །མགོ་མདུད་
རྣ་བ་མི་མཉམ་དང་། །སྡིགས་དང་རྡེག་པར་གྱུར་ན་ཡང་། །མགོ་ནི་མི་བརྟན་གྱུར་བ་དང་། །འདུ་ཤེས་མི་གསལ་དེ་ལས་གཞན། །དབྱིག་པ་ལ་སྡངས་རྐོ་བྱེད་དང་། །སོ་ནི་སྒྲ་དང་བཅས་པར་འཆའ། །གོམ་པ་དུད་དང་འཁྱོར་བ་དང་། །བཅིང་དང་ཁྲོ་བ་དེ་ལས་གཞན། །གཞན་ཡང་
བཅིངས་པས་རྨོངས་པ་དང་། །སྐེ་སྐྱོད་བརྟན་པར་མི་གནས་དང་། །དོགས་བཅས་ཡན་ལག་འཁྱོར་པ་དང་། །ཡན་ལག་རེངས་དང་ཡན་ལག་ཆུང་། །ལུས་ནི་བརྟན་པར་མི་གནས་དང་། །དེ་བཞིན་གོམ་པ་མི་བརྟན་དང་། །དབྱིབས་མི་མཉམ་དང་དབྱིབས་མི་སྡུག །འདི་དག་རྟ་ནི་
ངན་པར་བཤད། །འདི་དག་རྣམས་ཀྱི་མཚན་ཉིད་ནི། །བཤད་པ་ང་ལས་བཟུང་བར་གྱིས། །གང་ཞིག་རྡེག་ན་སླར་རྡེག་པ། །རྡེག་ན་ལན་བྱེད་ཡིན་ཤེས་བྱ། །གང་ཞིག་རྡེག་པར་བྱེད་པ་ལ། །དོགས་འདོད་འདོག་པ་ཅན་ཞེས་བྱ། །སྐེ་བ་རང་དག་འཇོག་པ་ནི། །སྐེ་གཅུ་རྟ་ཡི་ཐ་མ་
ཡིན། །རྔ་མ་བརྐྱང་དང་སྤྲུག་བྱེད་ཅིང་། །ཡང་ཡང་བསྐྱོད་པ་རྔ་སྤྲུགས་ཡིན། །རྟག་ཏུ་རྡེག་པར་འདོད་པ་ནི། །མི་སྡུག་རྟ་ཞེས་དེ་བཤད་དོ། །གང་ཞིག་བསླབས་ཀྱང་ཅུང་ཟད་ཙམ། །མི་སྟོང་སེམས་ཀྱིས་སྟོང་པར་འདུག །དེ་ནི་བལྟ་བར་སྡུག་པ་སྟེ། །དེས་ན་འབྲུ་ཆུགས་ལྟ་ཞེས་བཤད། །

གང་ཞིག་རྟག་ཏུ་ས་ལ་བལྟ། །མགོ་དུད་པ་ནི་ཡིན་ཞེས་བྱ། །བརྡེགས་སམ་གཞུས་བར་གྱུར་པ་ན། །ཁྲོས་པས་རྣ་བ་འཆོལ་བར་འཇོག །དེ་ནི་རྣ་བ་མི་མཉམ་ཡིན། །རང་བཞིན་གྱིས་ཡོད་མ་གཏོགས་སོ། །གང་ཞིག་སྤྱི་པོ་རྟག་ཏུ་བསྐྱོད། །དེ་ན་མགོ་མི་བརྟན་ཞེས་བྱ། །
གང་ཞིག་རྟ་ནི་མི་དྲན་པ། །དེ་ནི་འདུ་ཤེས་མི་གསལ་ཡིན། །ལྕག་ལ་སོགས་པ་གཅིག་གིས་ཀྱང་། །གནོད་མེད་དབྱིག་པ་ལའང་སྔངས་ཡིན། །ལག་པ་གཉིས་ཀྱིས་ས་རྐོབ། །དེ་ནི་རྐོ་བྱེད་ཞེས་བཤད་དོ། །ཁྲོ་བས་སོ་ནི་འཆའ་བྱེད་པ། །སོ་སྒྲ་འཆའ་ཞེས་བྱ་བར་བཤད། །
རྟ་གང་འདུལ་བར་བྱེད་པ་ཡི། །རྗེས་སུ་ཅུང་ཟད་མི་འཇུག་ཅིང་། །གོམ་པ་ལ་ལར་སྡུད་པ་དང་། །ལ་ལར་ཡང་ནི་འཁྱོར་བྱེད་པ། །མི་མཉམ་བ་ཡི་འགྲོས་ཅན་ཏེ། །གོམ་པ་སྡུད་ཅིང་འཁྱོར་བ་ཡིན། རོ་སྟོད་རོ་སྨད་གདོང་བའམ། །ཡིད་ན་ལུས་ཀྱི་བར་དག་ཏུ། །གང་ཞིག་བཅིངས་ན་
མྱུར་དུ་འཁྲུག །བཅིངས་ན་ཁྲོ་བའི་རྟ་རུ་འདོད། །གང་ཞིག་ཐག་པས་བཅིངས་ན་ནི། །བཅིངས་པས་བློ་གྲོས་རྨོངས་གྱུར་ཡིན། །རོ་སྨད་ཀྱི་ནི་ལུས་བྱེད་འགུལ། །བསྐྱོད་པས་རྐེད་པ་སྐྱོད་བྱེད་ཡིན། །འདིས་ནི་བདག་ལ་རྡེག་སྙོམ་སྟེ། །འདུལ་སྦྱོང་མཁན་ལ་སྔར་རྡེག་བྱེད། །དེ་ནི་
དོགས་པ་ཅན་ཞེས་བྱ། །ར་རོ་བ་ལྟར་ཡན་ལག་ཀུན། །ཕན་ཚུན་འཆོལ་བར་འགྲོ་བྱེད་པའམ། །གཟེར་བཅས་ལྟ་བུ་བྱེད་པའི་རྟ། །དེ་ནི་ཡན་ལག་འཁྱོར་ཞེས་བྱ། །ཡན་ལག་ཀྱང་ནི་འཁྱོར་བྱེད་ཅིང་། །ཡང་དང་ཡང་དུ་རེངས་པ་དག །དེ་ནི་ཡན་ལག་རེངས་ཡིན་པའམ། །
ཡང་ན་རྟག་ཏུ་ལུས་མི་འགྱུར། །གང་གི་ཡན་ལག་རབ་སྲ་ཞིང་། །བརྡེག་ཀྱང་ཚོར་བ་མེད་པ་དང་། །དགའ་བས་བྱ་བ་ལ་འཇུག་པ། །ཡན་ལག་རྩུབ་པར་དེ་བཤད་དོ། །གང་གི་ལུས་ཀྱི་དབྱིབས་དག་ནི། །ཚུལ་གཅིག་དུ་ནི་མི་མངོན་ཞིང་། །ལུས་ཀྱང་སྤུགས་པར་བྱེད་གྱུར་པ། །དེ་
ནི་བརྟན་མི་གནས་ཞེས་བྱ། །རྟ་གང་དང་པོར་གཞན་དུ་འགྲོ། །དེ་ཡི་རྗེས་ལའང་གཞན་འགྲོ་བ། །འགྲོས་ནི་གཏན་ནས་མེད་པའི་ཕྱིར། །དེ་ནི་གོམ་མི་བརྟན་ཞེས་བྱ། །གང་ཞིག་ལུས་ནི་འཛུམ་པའམ། །གང་ཞིག་ལུས་ནི་མི་མཉམ་པ། །དེ་ནི་དབྱིབས་མི་མཉམ་ཞེས་བྱ། །ལམ་དུ་འཇུག་

བྱེད་འོས་མ་ཡིན། །རྒྱབ་ནི་ཤིན་ཏུ་རིང་གྱུར་ཅིང་། །ལུས་ནི་རྔ་མོ་དང་འདྲ་བ། །དབྱིབས་མི་སྡུག་པར་ཤེས་བྱ་སྟེ། བསླབ་དང་མཛེས་པ་མེད་པ་ཡིན། །འདི་དག་སྐྱོན་ཅན་ཡིན་པས་ན། །མཁས་པས་སྐྱོན་ནི་ཤེས་པར་བྱ། །ད་ནི་ཡོད་ཏན་བསྟན་པ་ཡི། །མཚན་ཉིད་དག་ནི་བཤད་
བྱ་སྟེ། །རྣ་བ་མཇུག་མ་རྒལ་ཚིགས་རྣམས། །ཡོན་ཏན་ཆེ་ཞིང་ཡིད་གཞུངས་ལས། །ཡིད་གཞུངས་སེམས་ནི་དེ་ཉིད་ལ། །ངེས་པར་སྦྱོར་བ་ཉིད་ཡིན་ནོ། །ལུས་ལ་ཡེངས་བ་མེད་ཉིད་དང་། །ཡོན་ཏན་ཀུན་དང་ལྡན་པ་དག །ཡེངས་མ་དག་དང་བྲལ་བ་ཉིད། །མ་ཡེངས་ཞེས་བྱ་གཉིས་
པ་ཡིན། །རོ་སྟོད་མཆོག་ཏུ་ཐེལ་ཀ་ཆེ། །ཤུགས་ཀྱིས་ཡོངས་སུ་རྒྱུག་བྱེད་ཅིང་། །ལྟེ་བར་ལྟ་བར་བྱེད་པ་འདི། །ཡོན་ཏན་གསུམ་པར་ཤེས་པར་བྱ། །མཁའ་ལ་འགྲོ་བ་ལྟར་བྱེད་ཅིང་། །རྒྱུག་པ་ལ་ནི་མདོག་དགའ་ལ། །བར་འཚམས་མེད་པོ་ལྟར་རྒྱུག་པ། །ཡོན་ཏན་ཆེན་པོ་
བཞི་པ་ཡིན། །དང་པོ་དབུས་དང་ཐ་མ་རུ། །ཆ་མཉམ་པར་ནི་མངོན་རྒྱུག་ཅིང་། །དམན་དང་བར་མའང་མ་ཡིན་པར། །རྟ་ཡི་ཡོན་ཏན་ལྔ་བ་ཡིན། །རབ་ཏུ་ཐུང་མིན་རིང་མ་ཡིན། །ཡེངས་པ་དག་ནི་མེད་པར་ནི། །རྟ་ནི་གང་ཞིག་རྒྱུག་བྱེད་ཅིང་། །རྟག་ཏུ་ལེགས་གནས་དྲུག་
པ་ཡིན། །གང་ཞིག་དང་པོར་ཞོན་པ་ན། །དྲང་པོར་གཞུ་འདོམ་བརྒྱར་འགྲོ་ཞིང་། །ཤུགས་ཀྱིས་མྱུར་དུ་རྒྱུག་བྱེད་པ། །ཡོན་ཏན་དེ་ནི་བདུན་པར་བཤད། །རྐང་པ་འདོར་བ་མཁའ་ལ་ནི། །འགྲོ་བར་མང་དུ་སྣང་བྱེད་ཅིང་། །ས་ཡི་ཆ་ནི་ཅུང་ཟད་སྣང་། །ཡོན་ཏན་དེ་ནི་བརྒྱད་པར་འདོད། །
རྟ་ནི་གང་ཞིག་ཡན་ལག་ལ། །རེག་པ་ཙམ་གྱིས་རྒྱུག་བྱེད་ཅིང་། །བསྐུལ་བ་ཙམ་གྱིས་སེམས་ཤེས་པ། །ཡོན་ཏན་དམ་པ་དགུ་པ་ཡིན། །གང་གི་དང་ནི་ཚད་ལྡན་པར། །མཛེས་པར་བྱུགས་ནའང་སྣང་གྱུར་འདྲ། །སྲབ་ནི་ལེགས་པར་འཚོ་གྱུར་པ། །དེ་ནི་བཞིན་བཟངས་
ཡིན་ཞེས་བྱ། །མ་འཚོལ་བར་ནི་འགྲོ་བྱེད་ཅིང་། །མཁའ་ལ་འགྲོ་བ་ལྟར་སྣང་བ། །མཚན་ཉིན་གང་ཡིན་མ་ཞེན་པ། །དེ་ནི་ཡོན་ཏན་བཅུ་གཅིག་པ། །བྱ་བ་ལ་བསྐུལ་ཚེ་ན་ནི། །མྱུར་དུ་ལྡང་ཞིང་འཇུག་བྱེད་ལ། །ཚིག་གིས་མྱུར་དུ་གོ་བྱེད་པ། །ཡོན་ཏན་མཆོག་སྟེ་བཅུ་

གཉིས་པ། །ང་རྒྱལ་མེད་པར་ལྡང་བྱེད་ཅིང་། །འབད་པ་མེད་པར་ལྡོག་པ་དང་། །ཡོན་ཏན་གང་གི་ཡོན་ཏན་དང་། །ལྡན་ཞེས་བཅུ་གསུམ་པ་ཡིན་ནོ། །འཕངས་མཁན་བྱ་བ་དག་གིས་ནི། །མངའ་ཡིས་བསྣུན་པར་གྱུར་ན་ཡང་། །ཞུམ་པ་མེད་པར་འགྲོ་བྱེད་པ། །ཡོན་
ཏན་བཅུ་བཞི་པ་ཡིན་ནོ། །ཡོན་ཏན་གང་གི་ཤུགས་ཀྱིས་ནི། །བྱ་དང་འདྲ་བར་འགྲོ་བྱེད་ཅིང་། །ཤུགས་ཀྱི་རྒྱུན་གྱིས་རྒྱུག་བྱེད་པ། །ཡོན་ཏན་འདི་ནི་བཅོ་ལྔ་པའོ། །དེ་ལྟར་ཡོན་ཏན་ཡང་དག་བཤད། །མཚན་ཉིད་ཅུང་ཟད་ལྡན་པའང་རུང་། །ཡོན་ཏན་འདི་དག་ཡང་དག་
ལྡན། །རྟ་མཆོག་གང་ཞིག་ཐོག་མཐར་ནི། །ཡོན་ཏན་རྟག་ཏུ་མི་འགྱུར་ཞིང་། །ལེགས་པར་རྒྱུག་པ་བྱེད་པ་ཡི། །རྟ་དེ་རབ་ཏུ་བསྔགས་པ་ཡིན། །ཁྱེད་ལ་རྒྱུག་པ་དེ་ལྟར་བཤད། །གཞན་དག་དྲིས་པ་ཅི་ཞིག་བྱ། །ཤ་ལི་ཧོ་ཏྲའི་མདོའི་གནས་ལས་རྒྱུག་པ་བརྟག་པའི་ལེའུ་སྟེ་
སུམ་ཅུ་སོ་གསུམ་པའོ།། །།ལེགས་ལྡན་གྲ་མ་ཅན་ཞེས་པ། །འདི་ནི་གང་ཞིག་རྒྱུ་གང་ལགས། །མཚན་ཉིད་གང་གིས་དེ་ཤེས་བྱ། །དེ་ཡི་གསོ་བ་ཇི་ལྟ་བུ། །དེ་ལྟར་བུ་ཡིས་དྲིས་པ་ན། །ཤ་ལི་ཧོ་ཏྲ་དྲང་སྲོང་ཆེས། །དོན་གྱི་རྗེས་སུ་འགྲོ་བའི་ཚིག །གྲ་མ་ཅན་མཚན་
ཉིད་འདི་སྨྲས། །གྲ་མ་རྩེར་བྱར་འོས་པ་སྟེ། །དེ་ན་ངོ་ཚ་འཇིག་སོགས་ཡིན། །དེ་རྣམས་གང་ཞིག་བྱེད་པ་ནི། །གྲ་མ་ཅན་ཞེས་དེ་བཤད་དོ། །དེ་བས་འཇིགས་མེད་ཚུལ་ངན་དང་། །བརྩེ་མེད་རྩུབ་ཅིང་མི་སྲུན་བ། །འབྲས་བུའི་གྲ་མ་དང་འདྲ་བའི། །ཉེས་བ་འཛིན་པས་དེ་སྐད་
བཤད། །དེ་བས་ཉེས་པ་འདི་ལྡན་པའི། །རྟ་ཡང་གྲ་མ་ཅན་ཞེས་བྱ། །རྟ་གང་གཏུམ་ཞིང་མི་སྲུན་པ། །ཁྲོ་བར་གྱུར་པ་གང་ཞིག་ཡིན། །དེ་ཀུན་གྲ་མ་ཅན་ཡིན་ཏེ། །དེ་ནི་རང་དབང་འགྱུར་མ་ཡིན། །ཆས་ན་འཁྲུག་ཅིང་རྫས་མཐོང་སྐྲག །འགྱུར་ཞིང་མི་སྲུན་བྱེད་པ་དང་། །ཞོན་
དུ་མི་བཏུབ་པ་དང་ནི། །ཞོན་ནས་འཕག་པར་བྱེད་པ་དང་། །འཁྲུག་ཅིང་རིང་ནས་སོས་འདེབས་ལ། །ཟ་ཞིང་ལྟུང་བར་བྱེད་བ་དང་། །ལྕག་གིས་གཞུས་ཀྱང་འདུག་བྱེད་ཅིང་། །འཕྲ་བ་ཡང་དང་ཡང་དུ་བརྡེག །འདུལ་སྦྱོང་མཁན་ཡང་སྐྱུར་བྱེད་ཡིན། །འགྲེ་བ་ལྟ་བུར་བྱེད་པ་དང་། །

ཁལ་ནི་ལེགས་པར་བཀལ་གྱུར་ཀྱང་། །ས་གཞིར་སྐྱུར་བར་བྱེད་པ་དང་། །འདུལ་སྦྱོང་མཁན་ལ་གནོད་བྱའི་ཕྱིར། །མགལ་མེ་བསྐོར་བ་ལྟ་བུར་འཁོར། །རྒྱབ་ནི་གླང་པོ་ལྟར་བསྐྱུར་ཞིང་། །ཡང་དང་ཡང་དུ་སྤྲུགས་པ་དང་། །སོ་དང་ལག་ཡབ་དག་གིས་འདེབས། །ཤིང་ཡང་
ལྟུང་བར་བྱེད་པ་དང་། །གཡང་དུ་ཡང་ཡང་སྐྱུར་བྱེད་དེ། །བགྲོད་བྱ་ལས་ནི་གཞན་དུ་རྒྱུག །དོགས་པ་མེད་པར་ལྡོག་པ་དང་། །ལན་འགས་གཞན་དུའང་འགྲོ་བར་བྱེད། །ར་དང་རི་དགས་ལྟར་མཆོང་ཞིང་། །བར་བར་དུ་ནི་འདུལ་བྱེད་སྐྱུར། །ཆུ་ངོགས་ཤིང་དང་ཁྲོན་པ་དང་། །
གྲོགས་སྲོལ་དུ་ཡང་རྒྱུག་ཅིང་འབྱོར། །རྟ་ཁྱུའི་ནང་ན་མི་འདུག་ཅིང་། །དཔུང་གཞན་གྱི་ནི་ནང་དུའང་འགྲོ། །བར་ཏུ་འབད་པས་ཁ་བསྒྱུར་ཡང་། །ཟློག་པར་ནུས་བ་མ་ཡིན་ལ། །རྟ་བྲེས་ལས་ནི་མི་འབྱུང་ཞིང་། །བྱུང་དང་འཇུག་ཏུ་མི་འདོད་ལ། །སྲོག་འཕྲོག་ལས་ནི་གང་དང་
གང་། །ཡིད་དུ་མི་འོང་ལས་གང་ཡིན། །དེ་དག་ལྷག་པར་བྱེད་འགྱུར་ཞིང་། །བརྡུངས་ཀྱང་ཕན་པ་མེད་པ་ནི། །དེ་ནི་གྲ་མ་ཅན་ཞེས་བྱ། །དེ་ཡི་མཚན་ཉིད་འདི་ཉོན་ཅིག །ཁུར་ཚད་ཁུར་ནི་ཡོ་བ་དང་། །ཁ་དང་ཕོ་མཚན་ཡོ་བ་དང་། །རྟ་གང་འཕྲལ་བ་མགོས་འདྲ་དང་། །རླིག་
པ་ཤིན་ཏུ་འཕྱང་བ་དང་། །རི་མོ་ཆེན་པོ་ཡོད་པ་དང་། །ཡ་མཆུ་ན་གཅིང་རྐན་ཡང་ནག །གང་ཞིག་མཆུ་ལྟག་ཞོམ་པ་དང་། །སེར་སྐྱ་དམར་སེར་མདོག་ཅན་དང་། །གང་གི་མཆེ་བ་མི་མཉམ་ཞིང་། །གདོང་ལ་གཉེར་མ་ཡོད་པ་དང་། །མིག་ནག་སེར་བ་ཉིད་དང་ནི། །མིག་སྦོམ་
ཁྲ་ཡི་མིག་འདྲ་དང་། །བྱ་རྒོད་མིག་འདྲ་མ་ཁུར་ཚོས་ཆུང་། །གང་གི་ཡ་མཆུ་ཐུང་བ་དང་། །མགོ་བོ་རྣ་བ་རབ་ཏུ་ཆེ། །འགྲམ་པ་ཡང་ནི་ཞུམ་པ་དང་། །སྦལ་པ་བྱི་ལའི་མིག་འདྲ་ཞིང་། །རི་བོང་མདོག་འདྲ་མདངས་རྩུབ་དང་། །རླིག་པ་གཅིག་ནི་དཀར་བའམ། །ཡང་ན་རླིག་པ་
གསུམ་དཀར་ལ། །བཤད་པའི་མདོག་འདྲ་དུ་བའི་མདོག །ཕྲག་སོ་ལ་ནི་གཉེར་མ་ཆགས། །འདི་དག་དང་ནི་གཞན་མང་ངོ་། །མཚན་ལྡན་གྲ་མ་ཅན་དུ་འདོད། །དེ་བས་འདི་དང་རིགས་ཅན་རྟ། །གནས་དང་སློབ་སྦྱོང་བྱ་བ་དང་། །དེ་བཞིན་རྒྱུག་པའི་བྱ་བ་རྣམས། །རྟེའུ་

ནས་བརྩམ་པ་སོ་སོར་བྱ། །བྱ་བའི་ཁྱད་པར་གཞན་ཡང་ནི། །རིམ་པ་བཞིན་དུ་བཤད་པར་བྱ། །རླུང་མེད་གནས་ན་རབ་དབེན་པ། །སྤྱོད་ཡུལ་བདེ་བར་གཞག་བར་བྱ། །དེ་རྗེས་རེག་ན་བཟོས་གྱུར་ལ། །དེ་ནས་བྱ་བ་གཞན་དག་བྱ། །བདག་པོ་རས་དང་སྐོམ་བཅས་
དང་། །སྨན་རྣམས་ཆོ་ག་ཅི་བཞིན་བྱ། །གནྡྷ་བྷ་དྲ་པུ་ཤེལ་ཙེ། །ཀ་ར་བཱི་རའི་མེ་ཏོག་ནི། །འོ་མར་བཅས་དང་ཀ་ལང་ཐ། །བསྐོལ་བ་དེར་ནི་ཏིལ་ཐལ་བ། །ཀོ་ཀེ་ལཀྵ་སྭ་རྫི་ཀའི། །ཐལ་བ་དང་ནི་བཅས་པར་གཞུག །བསྐོལ་བ་དང་བ་དང་བཅས་པར། །ཉི་མ་བདུན་གྱི་བར་དུ་
གཞག། །འདི་ནི་འདི་ལ་ཞག་བདུན་པར། །ཆོ་ག་བཞིན་དུ་བཏུང་བ་སྦྱིན། །དེ་ལྟར་བཏུང་བས་དབང་གྱུར་ན། །རྟ་ནི་རེག་པ་ལ་སོགས་བཟོད། །བདག་གཅིན་དང་ནི་རྒོད་མའི་གཅིན། །ཡུངས་ཀར་དེ་བཞིན་རྣ་སྤབས་དང་། །པི་པི་ལིང་རྩ་ནག་ཚུར་བཅས། །ཧ་རེ་ན་ཀ་ཚ་བ་གསུམ། །
ཙནྡན་དང་ནི་ལྡན་པ་རུ། །བཏགས་ཏེ་དབེན་པར་སྤང་བར་བྱ། །འདི་ཡིས་ཟླ་ཚིགས་དག་ཏུ་ནི། །རྟ་ལ་མིག་སྨན་བསྐུ་བར་བྱ། །དེ་ནི་རང་བཞིན་གྱིས་གསོ་དཀའ། །གྲ་མ་ཅན་ནི་ཞི་བར་བྱ། །དོམ་དང་གཟིག་སྡེར་ཁྱིའི་རུས་པ། །བ་ལང་འགྲམ་པ་ཡུངས་ཀར་དང་། །རྨ་བྱའི་མཁྲིས་པ་
ལྡན་པར་ནི། །གདུག་པ་གྲམ་ཅན་སེལ་ཡིན། །རྟ་བྲེས་སུ་ནི་རྟག་པ་རུ། །གདུག་པ་འདི་ནི་གདུལ་བར་བྱ། །ཚེས་བརྒྱད་དང་ནི་བཅུ་བཞི་ལ། །ཁྱད་པར་དུ་ནི་བདུག་པས་བདུག །དེས་ན་རེག་དང་སྒྲ་དང་ནི། །གཟུགས་ནི་བདེ་བར་བརྟེན་བཟོད་འགྱུར། །གང་དང་གང་ནི་བྱེད་
དུ་བཅུག །དེ་དེ་རྗེས་སུ་མཐུན་པར་བྱེད། །རྐན་དང་ཁ་འགྲམ་དཔྲལ་པ་དང་། །མ་རྐན་སྨིན་མའི་འོག་དང་ནི། །རྟ་ཡི་མིག་ལའང་པི་པི་ལིང་། །རྩ་བ་ཚ་བ་གསུམ་གྱིས་བསྐུ། །འདི་ཡི་ལུས་ནི་ཐམས་ཅད་ཀྱང་། །བ་ཡི་ལྕི་བས་ཡང་ཡང་བསྐུ། །འདི་ཡི་ཡན་ལག་ནང་གྲོལ་
ནི། །སྦྲང་རྩི་དང་ནི་ཁ་རས་བསྐུ། །ཨེ་ལ་ཨུ་ཤིར་པྲ་རྩི་པོག །རུ་རྟ་ཙནྡན་ཨ་ཀ་རུ། །ནཱ་ག་གེ་སར་ཏིལ་མར་བཅས། །བདུག་པས་རྟ་ལ་རབ་ཏུ་བདུག །རྟ་ནི་ཉག་བར་གྱུར་པ་ན། །བདུག་བས་ཡང་ཡང་བདུག་ན་ནི། །སྒྲ་དང་རེག་དང་གཟུགས་དག་ནི། །ངེས་པར་བཟོད་པར་

འགྱུར་བ་ཡིན། །ཇི་སྲིད་ངེས་པར་ཞི་གྱུར་པར། །ཆོ་ག་འདི་ནི་སྦྱར་བར་བྱ། །དེ་ཚེ་འཁྲུགས་པར་མི་བྱེད་ཅིང་། །རྟ་རྫི་ལ་ནི་གནོད་མི་བྱེད། །གང་ན་གནས་ལ་མི་ལྡང་ཞིང་། །ཁྲོ་བ་མེད་པར་རྩྭ་རྣམས་ཟ། །རྣ་བ་འཇུམས་པར་མི་བྱེད་ཅིང་། །འདུལ་སྦྱོང་མཁན་ལ་མངོན་པར་དགའ། །
ལམ་དུ་ཞུགས་པར་ཆས་པ་ན། །འདོར་ཞིང་འཇིགས་པར་མི་འགྱུར་ལ། །ཁྲིད་ན་སེམས་ནི་དུལ་འགྱུར་ཞིང་། །ཚིག་གི་བསྡིགས་ནའང་འཇིགས་པར་འགྱུར། །ཅི་དགའ་བར་ནི་ཁྱེར་ན་ཡང་། །ལོག་པར་བྱེད་པར་མི་འགྱུར་རོ། །དངོས་པོ་གཞན་ལ་བརྡེགས་ན་ཡང་། །དེ་ནི་འཇིགས་
པ་སྐྱེ་མི་འགྱུར། །དེ་ལྟར་གྲ་མ་མེད་པའི་རྟ། །བཟོད་པ་ཅན་དུ་བཤད་པ་ཡིན། །དམོད་པ་གདོན་གྱི་ཉེས་བ་དང་། །རྟ་ཡི་རླུང་ནད་ཉེས་པ་དང་། །ཡུལ་གྱི་ཉེས་པ་བཏང་སྙོམས་གཞག །མེ་སྲུན་འགྲོགས་པ་དག་ལས་ཀྱང་། །རྟ་ནི་སེམས་ཤེས་མི་འགྱུར་ལས། །གྲ་མ་ཅན་
དུ་འགྱུར་བ་ཡིན། །དེ་བས་ཉེས་པ་འདི་རྣམས་ལ། །ཞི་བའི་ཐབས་འདི་ཡིན་པར་འདོད། །གང་ལ་ཆོ་ག་འདི་དག་ནི། །བྱས་ཀྱང་གྲ་མ་མ་ཞི་ན། །དེ་ཚེ་འབྲོག་སྟོང་དག་ཏུ་ཡང་། །དེ་ལ་ལྟོས་པར་མི་བྱའོ། །གང་ཚེ་མིའམ་རྟ་གཞན་གྱི། །ཕྱི་ནས་སྙེག་པར་བྱེད་པར་འགྱུར། །
དེའི་ཚེ་རླིག་པ་ཆུང་བ་ཡིས། །འདི་ཡི་སེམས་འཁྲུགས་ཞི་བར་བྱེད། །གྲ་མ་ཅན་ནི་ལེགས་དུལ་ཡང་། །གཡུལ་དུ་གཞུག་པར་མི་བྱ་སྟེ། །གལ་ཏེ་འདི་ཡིས་རང་བཞིན་ཉིད། །ལས་ཀྱི་དབང་གིས་གསལ་བྱེད་སྲིད། །གང་ཞིག་གྲ་མ་ཅན་ཞི་ནས། །ལ་ལར་མི་སྲུན་བྱེད་གྱུར་ན། །
དང་པོ་དེ་ནི་བྱེད་ཚུལ་གྱིས། །ཉེ་བར་ལེགས་བར་སྦྱར་བར་བྱ། །ཤ་ལི་ཧོ་ཏྲའི་མདོའི་གནས་ལས་གྲ་མ་ཅན་བརྟག་པའི་ལེའུ་སྟེ་སུམ་ཅུ་རྩ་བཞི་པའོ།། །།བུ་སྔོན་ང་ནི་རྟ་བྲེས་སུ། །གཉིད་ལོག་པ་ན་རྟ་དེར་བཏབ། །ང་ནི་ཁྲོ་བ་ཆེས་ཁྱབ་པས། །དེ་ལ་དམོད་པ་བཏབ་
པར་གྱུར། །བཀྲ་མི་ཤིས་དང་རྣམ་ཀུན་དུ། །སྤང་བར་བྱ་བ་ཉིད་གྱུར་ཅིང་། །བདག་པོ་ཆུང་མར་བཅས་པའི་ཡང་། །རིགས་ནི་རླག་པ་ཉིད་གྱུར་ཅིག །ང་ཡི་དམོད་པའི་དབང་གིས་ནི། །ཉེས་པ་ཆེ་དར་ལྡན་པར་ནི། །རྟ་རྣམས་འགྱུར་བ་ཉིད་ཡིན་ལ། །འདི་ཡི་མིང་ནི་ཤེས་པར་

གྱིས། །ཤིས་པ་གཞན་དང་ལྡན་གྱུར་ཀྱང་། །རྟ་ཡི་ཐ་ཆད་དེ་སྤང་བྱ། །སོ་ཡིས་ཁ་ཁེངས་ཁ་དོག་ནག །དེ་བཞིན་སོ་ནི་མི་མཉམ་ལྷག །ཡོ་ཞིང་འགུལ་ལ་ཆག་པ་དང་། །སོ་གྱེས་པ་དང་མི་ཚང་དང་། །ཉ་ཕྱིས་འདྲ་དང་ཟུར་གསུམ་དང་། །
སྐྱེས་ཚེ་སོ་ཡོད་ཉིན་མོ་སྐྱེས། །ཟེའུ་ལྟ་བུས་མོ་ཟེའུ་དང་། །སྙིང་ག་ན་ནི་གཙུག་ཡོད་དང་། །ཡན་ལག་མ་ཚང་རླིག་ཆེར་སྐྱེས། །མཚན་ཆེ་ཡན་ལག་ལྷག་པ་དང་། །ཐིག་ལེ་ཆགས་ཤིང་གསུམ་པོ་འཕྱང་། །མདོམས་ནི་སྦྲེའུའི་སྤུ་འདྲ་ལ། །མི་སྡུག་གཡོ་ཞིང་
ངོ་མ་འདྲ་ལ། །སྡིག་པ་འདྲ་བའམ་རླིག་པ་མེད། །ཁྲ་དང་ལུག་དང་ཀར་ཀ་དང་། །ཉ་དང་སྤྲེའུ་བྱི་བ་འདྲ། །དམར་སེར་ཕག་དང་བྱི་ལ་དང་། །བྱ་རྒོད་ལུག་པའི་མིག་འདྲ་ཞིང་། །དེ་བཞིན་མ་ཧེ་ཁྱིའི་མིག་འདྲ། །བྱ་རོག་མིག་འདྲ་མིག་གཅིག་སེར། །པགས་པ་
བསྲེགས་པའི་དྲི་འདྲ་དང་། །འབྲལ་པ་མི་སྡུག་དེ་བཞིན་བླུན། །ཡི་དགས་ཀྱིས་ཟིན་ཤ་བཀྲ་ཅན། །སྤུ་སྡོམ་དེ་བཞིན་རལ་བ་ཅན། །འཕྲལ་བ་བསྐུས་འདྲ་རྔོག་མ་གནག །རྐང་བཀྲ་མི་ལེགས་མ་ནིང་དང་། །རྔ་མ་རྔོག་མ་མེད་པ་ནི། །བཀྲ་མི་ཤིས་པས་སྐྱེ་བ་དང་། །རླིག་
པའི་སྤུ་མདོག་ཞན་པ་དང་། །དེ་བཞིན་མགོ་བོའི་མདོག་མི་མཐུན། །རྒྱབ་ཏུ་ཞན་ལ་གནོད་བྱེད་དང་། །དེ་བཞིན་རྟ་དྲེའུའི་སྤུ་འདྲ་དང་། །རྔོག་མ་ཕུམ་ཕུམ་འདྲེས་པ་དང་། །ཁ་འགྲམ་མཆེ་རླིག་ནག་པ་དང་། །དེ་བཞིན་མགོ་དང་ལྕེ་ནག་དང་། །རྐན་དང་ལྟག་པ་མཆུ་
གནག་དང་། །མངལ་ན་གཉིས་སྐྱེ་མང་པོ་སྐྱེ། །ཉེས་པ་ཆེན་པོར་རབ་ཏུ་བཤད། །རྭ་ཅན་རྣམ་གསུམ་རྨིག་པ་གཉིས། །རྐང་ལྔ་དུ་ཅན་གཡང་གཞིར་ལྡན། །དྲུག་པོ་འདི་དག་མཆོག་ཏུ་ནི། །མི་ཤིས་ཉེས་ཆེན་ལྡན་པར་བཤད། །རྟ་ཡི་སོ་ནི་མི་ཚང་བ། །
བདག་པོའི་བུ་དང་བཅས་པ་དང་། །ཆུང་མ་སྤུན་ཟླར་བཅས་པ་དང་། །རྟ་ཡི་ཐ་མས་གསོད་པར་བྱེད། །སོ་ནི་ལྷག་པར་གྱུར་པའི་རྟ། །དེ་ཡི་བདག་པོ་མི་རིང་བར། །ཉོན་མོངས་ཆེ་དང་ཕྲད་བྱེད་ནས། །ཡིད་དུ་མི་འོང་ལས་ཀྱིས་གསོད། །འོག་སོ་ལྷག་ཅིང་སོ་གྱེས་

པར། །གང་ཞིག་སྐྱེས་པར་གྱུར་པ་ནི། །སོ་སྐྱེས་དེ་ཡི་རིགས་ཀྱི་མཆོག །རིང་པོར་མི་ཐོགས་རླག་པར་བྱེད། །སོ་དང་བཅས་པར་ཉིན་མོ་སྐྱེས། །ཐམས་ཅད་ཟད་པར་བྱེད་པ་ཡིན། །ཆུ་ཞེང་ཚད་ཀྱི་གྲངས་ལས་ནི། །ལྷག་པར་གང་ཞིག་གནས་གྱུར་པའི། །ཡན་ལག་
ཡོད་པའི་རྟ་ཡིས་ནི། །ནོར་ནི་ལྷག་པར་ཉམས་བྱེད་ཡིན། །ལོ་ལྔའི་བར་དུ་རླིག་པ་མེད། །རྒོད་མ་ལ་ཡང་མི་འཇུག་པ། །དབང་འཕེལ་གང་ཡིན་རྟ་དེས་ནི། །རིགས་ནི་རླག་པར་བྱེད་པར་བཤད། །གང་གི་རླིག་པ་མདོག་མི་མཐུན། །ཐིག་ལེ་ཡིས་ནི་ཁྲ་བོར་གྱུར། །དེ་ནི་རླིག་
པ་ཐིག་ལེ་ཅན། །བདག་པོའི་རིགས་ནི་རླག་བྱེད་ཡིན། །པགས་པ་བསྲེགས་པའི་དྲི་འདྲ་བ། །མེ་ཡིས་ཚིག་པར་བྱེད་པ་ཡིན། །རྟ་མིག་ནག་ལ་རྐན་ནག་པ། །མྱུར་དུ་མཚོན་གྱིས་གསོད་པར་བྱེད། །གང་གི་རྐན་ལ་གཉེར་མ་ནི། །གསུམ་མམ་བཞི་དག་ཡོད་གྱུར་པ། །དེ་ནི་
རྐན་ནག་ཉེས་པ་ཡིས། །དགོས་པ་མེད་པའི་རྟར་འགྱུར་རོ། །མདོག་ནག་དུད་པའི་མདོག་ཅན་དང་། །དངུལ་རྡོ་བཅག་པའི་མདོག་ལྟར་འཚེར། །རྟ་དེའི་རྐན་ཀུན་ནག་ན་ཡང་། །མདོག་དང་མཐུན་པས་ཉེས་པ་མེད། །ཁ་དོག་བརྒྱད་པོ་རྣམས་ཀྱི་ནི། །ཅུང་ཟད་དམར་ཞིང་གཉེར་
མ་གསལ། །དཀར་དང་དར་མདོག་སྐྱ་བ་དང་། །སེང་གེ་དུར་བའི་མདོག་རྗེས་འདྲ། །དམར་དང་སེར་དང་སྔོ་བསངས་ཀྱི། །རྐན་གནག་བ་ནི་བསྔགས་མ་ཡིན། །རི་མོ་ཤིན་ཏུ་དམའ་བ་ཡིས། །རྨིག་པ་གཉིས་སུ་སྣང་གྱུར་ཏེ། །བ་ལང་རྨིག་པ་འདྲ་བ་ནི། །གང་གི་རྨིག་པ་
སྣང་གྱུར་བ། །བདག་པོའི་ལུས་དང་ཡིད་ཀྱི་ནི། །མི་བཟང་སྡུག་བསྔལ་གཉིས་བསྐྱེད་ནས། །རིང་པོར་མི་ཐོགས་དུས་ཀྱིས་ནི། །དེ་དང་ལྷན་ཅིག་འཆི་བར་འགྱུར། །རྔོག་མའི་མཐར་ནི་རྟེན་པའི་རྭ། །མཐེ་བོའི་ཚིགས་དང་འདྲ་བའམ། །རྒྱ་ཤུགས་སྐྱུ་རུ་ར་འདྲ་བའམ། །ཨ་མྲའི་
རུས་པ་འདྲ་བ་ནི། །གང་གི་རྟ་ལ་སྣང་གྱུར་རམ། །རྭ་ཡི་རྩེ་ན་རྭ་འདྲ་གནས། །ཤ་འཚེར་གཞང་འབྲུམ་འདྲ་བ་སྟེ། །རྟ་ནི་རྣམ་པ་དེ་བདུན་ཡིན། །རྭ་ཅན་དེ་ནི་སྐྱེས་གྱུར་པའི། །གྲོང་དེར་རིང་པོར་མི་ཐོགས་བརླག །རྣ་བ་གསུམ་པའི་རྟ་གང་ཡིན། །དེ་ཡང་རྭ་ཅན་དག་དང་མཚུངས། །

རྟ་ཡི་ཐ་མ་འདི་གཉིས་ཀ །ཡུལ་མཐའ་གཞན་དུ་སྤང་བར་བྱ། །པུས་མོའི་ཚེའུ་སྤུ་དང་ཉེ་བར། །རྐད་པ་འདྲ་སྟེ་རྐང་ལྔ་པ། །རྭ་ཅན་ལྟ་བུ་དེའི་མོད་ལ། །སྤངས་པ་ཁོ་ནར་བསྔགས་པ་ཡིན། །ཟེའུའམ་རྒྱབ་ཏུ་གཙུག་ཡོད་པ། །རིགས་ནི་གཙོ་བོ་གསོད་བྱེད་
ཡིན། །མི་ཤེས་བཞོན་བྱ་མ་ཡིན་ཏེ། །དེ་བས་དེ་དག་ཐམས་ཅད་རྟ། །མདོག་ནི་གང་ཡང་རུང་བ་ལ། །ལྕེ་ནག་པར་ནི་གྱུར་པའི་རྟ། །ཁྱིམ་དེ་མི་ཤིས་བྱ་བ་སྟེ། །རྟ་དེ་ཐམས་ཅད་ཟད་བྱེད་ཡིན། །གང་གི་ཁ་འགྲམ་ནག་པ་ཡི། །རྟ་ནི་བདག་པོ་གསོད་བྱེད་ཡིན། །རྟ་ཡི་ཐ་
ཆད་ཤ་བཀྲ་ཅན། །བདག་པོ་ནོར་དང་འབྲལ་བྱེད་ཡིན། །སྟག་འདྲ་ཁ་དོག་གཞན་པ་ཡི། །མདོག་ནི་སྣ་ཚོགས་གྱུར་པ་དག །དེ་ནི་མི་ཤིས་སྡུག་བསྔལ་ནི། །ཐམས་ཅད་སྐྱེ་བས་སྤང་བར་བྱ། །སྟག་དང་འདྲ་ཞིང་རྗེས་མཐུན་ལ། །སྤྲེའུའི་མིག་དང་འདྲ་བ་ཡི། །དེ་འདྲ་བ་ཡི་བདག་
པོ་ནི། །སེམས་ནི་སྨྱོ་བར་བྱེད་པ་དང་། །ཁྱིམ་ནས་བྱུང་བའམ་སྤྱུག་པའམ། །ལོག་པའི་ཆད་པ་ཐོབ་པར་འགྱུར། །གང་ཞིག་མདོག་ཀུན་དཀར་བ་ལ། །རྔོག་མ་ནག་པོ་ཡོད་པ་ནི། །རྟ་དེ་རྔོག་ནག་ཅེས་བྱ་སྟེ། །གཡུལ་དུ་བདག་པོ་གསོད་བྱེད་ཡིན། །བོང་བུ་ལྟར་ནི་ཁྲ་བོའི་རྟ། །
འཁོར་ལིང་དམའ་བོར་གྱུར་བ་དང་། །ཤིས་མིན་ཚེ་འཕེལ་བྱེད་མིན་ལ། །ལས་རྣམས་ཀུན་ལ་སྨད་པ་ཡིན། །མཆུ་ནག་པ་ཡི་བུ་དང་ནི། །རྟ་རྣམས་དུག་གིས་གསོད་པར་བྱེད། །རླིག་ནག་གསོད་དང་འཆི་བྱེད་ལ། །ཕོ་མཚན་ནག་པར་གྱུར་པ་ཡིས། །ཆུང་མ་མནའ་མ་སྒྱུག་མོ་
དང་། །དེ་བཞིན་དུ་ནི་བྲན་མོ་རྣམས། །འདི་དག་ཐམས་ཅད་རླག་པར་ནི། །རྟ་དེ་ལ་ནི་ཞོན་པས་འགྱུར། །རྟ་གང་རྨིག་པར་བཅས་པར་སྐྱེ། །མཚོ་མར་བྱུང་བར་གྱུས་པ་དག །གང་དག་ཏུ་ནི་བྱུང་གྱུར་པ། །རིགས་དེ་ཡོངས་དུ་བརྡུག་པ་ཡིན། །སེམས་མེད་བཅིང་དང་གསོད་
བ་དང་། །བླུན་པས་ངར་སེམས་མེད་པར་འགྱུར། །འཇིགས་པ་ཆེན་པོ་ཉེ་བར་ནི། །བྱེད་པས་རིང་དུ་སྤང་བར་བྱ། །གང་ཞིག་གཤིན་པོ་ལ་བསྔོས་དང་། །རྟ་གང་གཤིན་པོས་ཁྱེར་བ་ཡི། །རྟ་དེ་ཡི་དགས་ཀྱིས་ཁྱེར་ཡིན། །རྟག་ཏུ་ཉེས་པ་ཐམས་ཅད་སྐྱེ། །དབང་པོ་

འཕེལ་བ་དང་འདྲ་ཞིང་། །ཟ་མའི་གཟུགས་ཅན་མ་ནིང་ཡིན། །རྒྱབ་ཏུ་ཞོན་པ་གནོད་བྱེད་པ། །ཡི་དགས་ཀྱིས་ཁྱེར་བཞིན་དུ་ཡང་། །གཉིས་སམ་མང་པོ་མཚེ་མར་སྐྱེས། །བུ་དང་བཅས་པ་ཡོངས་སུ་སྤང་། །སོ་ཡི་ལེའུ་སོ་ཉེས་པ། །མིག་ལེའུར་མིག་གི་ཉེས་པ་དང་། །
གཙུག་གི་འབྲས་བུ་དག་ལས་ནི། །གཙུག་ངན་འབྲས་བུ་བཅས་ཞེས་བྱ། །དཔྲལ་བར་ཆགས་པ་ཞུར་དང་འདྲ། །འདྲེས་པའི་ལེའུ་གང་བཤད་པ། །ནུ་མ་ཅན་དང་རླིག་པ་ནག །མགོ་ནག་ལ་སོགས་པར་བཤད་པ། །འདི་ཡི་འབྲས་བུའི་མཚན་ཉིད་ནི། །འདི་རུ་རྒྱས་
པས་མ་བཤད་དོ། །དེར་ནི་སྤང་བྱ་གང་ཡིན་པ། །འདིར་ཡང་འབྲས་བུ་དེ་དང་འདྲ། །དེ་ཉིད་ཚེ་ཡི་གནས་སྐབས་ལ། །བབ་ལ་ཉེས་པའི་འབྲས་བྱིན་བཤད། །ཉེས་ཆེན་ཤིན་ཏུ་ཉེས་ཆེ་བ། །རྟག་ཏུ་འབྲས་བུ་འབྱིན་བྱེད་ཡིན། །ཤིན་ཏུ་བཟང་པའི་མཚན་ཉིད་ཀུན། །
ལྡན་ན་ཉེས་པ་ཆེན་པོའང་བཅང་། །ཤིན་ཏུ་ཉེས་ཆེན་ལྡན་པ་ནི། །ནམ་ཡང་བཅང་བར་མི་བྱའོ། །གལ་ཏེ་ཡོན་ཏན་གཞན་ལྡན་ཡང་། །ཤིན་ཏུ་ཉེས་ཆེར་ལྡན་པའི་རྟ། །ཁྱིམ་དུ་སྐད་ཅིག་ཙམ་གྱིས་ནི། །མཁས་པས་གཞག་པར་མི་བྱའོ། །རེག་པ་ཡིས་ཀྱང་རྟ་དེ་ནི། །
ཕུང་ཁྲོལ་དང་ནི་ཕྲད་པར་འགྱུར། །ཤ་ལི་ཧོ་ཏྲའི་མདོའི་གནས་ལས་ཉེས་པ་ཆེན་པོ་བརྟག་པའི་ལེའུ་སྟེ་སུམ་ཅུ་རྩ་ལྔ་པའོ།། །།ཤ་ལི་ཧོ་ཏྲ་བདག་ཉིད་ཆེ། །ལེགས་ཐོས་ཀྱིས་ནི་རྟ་རྣམས་ཀྱི། །སྙིང་སྟོབས་ཤེས་པར་བྱ་བ་དྲིས། །དྲང་སོང་གིས་དེ་དེ་ལ་སྨྲས། །
དཔའ་ཞིང་གཙང་སྦྲ་ཆེ་བ་དང་། །བདག་པོ་ལ་གུས་བཞིན་དགེ་ལ། །སྟོབས་དང་སྙིང་སྟོབས་མགྱོགས་དང་ལྡན། །དེ་མཆོད་གཏོར་མ་ལ་དགའ་ཞིང་། །རང་གི་སྤྱོད་པའི་མཚན་ཉིད་ལྡན། །དེ་བཞིན་ཞི་བའི་རང་བཞིན་ཅན། །འདུལ་བྱེད་དབང་བསྒྱུར་ལྡོབ་སྐྱེན་པའི། །རྟ་
ནི་ལྷ་ཡི་སྙིང་སྟོབས་ཅན། །གཙང་སྦྲ་ལ་དགའ་དུལ་བ་དང་། །སྐད་སྙན་ལམ་ནི་རྣལ་མར་འགྲོ། །རིག་བྱེད་སྒྲ་ལ་རབ་ཏུ་དགའ། །རྒོད་མ་ལ་ནི་རྒྱབ་ཀྱིས་ཕྱོགས། །ཁྲུས་ལ་དགའ་ཞིང་དེ་བཞིན་ཞི། །དྲང་སྲོང་སྙིང་སྟོབས་ཅན་དུ་བཤད། །དཔའ་ཞིང་སྟོབས་ཆེ་ཚམ་ཚོམ་

མེད། །དེ་བཞིན་འཐབ་མོ་ལ་དགའ་ཞིང་། །ཤ་དང་ཆང་ལ་འགའ་བ་ནི། །ལྷ་མིན་སྙིང་སྟོབས་ཅན་དེ་ཡིན། །དྲི་དང་ཕྲེང་བ་ལ་དགའ་ཞིང་། །གླུ་རྣམས་ལ་ནི་ཤིན་ཏུ་མོས། །གཡུལ་འགྱེད་ལ་སྤྲོ་དེ་བཞིན་ཞི། །དྲི་ཟའི་སྙིང་སྟོབས་ལ་བརྟེན་ཡིན། །
གཉིད་ལ་དགའ་ཞིང་ཁྲོ་ལ་བརྟག །རྟག་ཏུ་གཅིག་བུར་གནས་པ་དགའ། །སྟོབས་ཆེ་སྤྲོ་བ་ཆེ་བ་ཡི། །རྟ་ནི་རླུང་གི་སྙིང་སྟོབས་ཅན། །ཆུ་ཡི་གནས་ལ་གདའ་བ་དང་། །རྟག་ཏུ་ཆུ་དང་ཕྲད་པར་འདོད། །ཕལ་ཆེར་ཏིལ་ལ་དགའ་གྱུར་པ། །ཡི་དགས་མཚུན་ལྷའི་སྙིང་སྟོབས་
ཅན། །རི་ལ་འཛེག་ནི་མི་སྐྱོ་ཞིང་། །སྟོབས་ལྡན་འཚེར་ཞིང་འགྲོ་བ་དང་། །ཏིལ་ལམ་ཁ་ཟས་མངར་ལ་དགའ། །གནོད་སྦྱིན་སྙིང་སྟོབས་ཅན་དུ་བཤད། །མི་བརྟན་ཁྲོ་ཞིང་གདུག་པ་དང་། །ཆང་དང་སྦྱར་ཆང་ཤ་ལ་དགའ། །གདོང་ནི་མི་སྡུག་པར་སྣང་བ། །སྲིན་པོའི་
སྙིང་སྟོབས་ལ་བརྟེན་ཡིན། །མི་བརྟན་རྩུབ་ཅིང་དྲི་མ་ཅན། །རྟག་ཏུ་མི་གཙང་ལ་སྤྱོད་ཅིང་། །ཞུམ་ཞིང་ཁང་སྟོང་དག་ལ་དགའ། །ཤ་ཟའི་སྙིང་སྟོབས་ལ་བརྟེན་ཡིན། །བླུན་ཞིང་ལམ་ལོག་འགྲོ་ལ་དགའ། །རྒོད་མ་ཡི་ནི་ཕྱི་བཞིན་རྒྱུག །རྟག་ཏུ་རྩྭ་ཟ་ལ་དགའ་བ། །
དུད་འགྲོའི་སྙིང་སྟོབས་དག་དང་མཚུངས། །རླུང་དང་གྲང་ལྷགས་ཚད་པ་བཟོད། །བདག་པོ་ལ་དགའ་སྐད་སྙན་ཅིང་། །སེམས་ཁོང་ཆུང་ཅིང་ལེ་ལོ་ཅན། །མི་རྒྱུའི་སྙིང་སྟོབས་ལ་བརྟེན་ཡིན། །རྐེ་མགྲིན་བཏུང་ཅིང་འཇིགས་པ་ཅན། །རྟག་ཏུ་གནས་འདི་སྟོང་བར་
དགའ། །མི་གཙང་ལ་དགའི་དར་ཚུལ་ཅན། །སྲིན་བུའི་སྙིང་སྟོབས་ལ་བརྟེན་ཡིན། །ཤུགས་ཆེན་རྒྱུན་དུ་ལྟོས་པ་དང་། །ཡོངས་སུ་འཁོར་བའི་ངང་ཚུལ་ཅན། །རྒོད་མ་ལ་ནི་རབ་དགའ་བའི། །རྟ་ནི་འདབ་ཆགས་སྙིང་སྟོབས་ཅན། །དཔའ་ཞིང་འཇིགས་པ་
ཉིད་དུ་ནི། །དུས་དང་དུས་སུ་གནས་འགྱུར་ཞིང་། །རྒོད་མ་ལ་ནི་རབ་དགའ་བ། །འཆི་བ་ཡིས་ནི་ཤིན་ཏུ་འཇིགས། །བརྡེགས་བ་ན་ནི་རབ་ཏུ་འཁྲུག །རྩེ་དང་ཁྱིམ་དུ་གནས་ལ་དགའ། །བྱས་པ་ཚོར་ནི་སྟོབས་དང་ལྡན། །མི་ཡི་སྙིང་སྟོབས་ཅན་དེ་ཡིན། །ལྷ་དང་དྲང་

སྲོང་གནོད་སྦྱིན་ཀླུ། །དྲི་ཟ་དང་ནི་སྙིང་སྟོབས་དག །མཉམ་པར་གྱུར་པའི་རྟ་གང་ཡིན། །ལས་རྣམས་ཀུན་ལ་རབ་ཏུ་བསྔགས། །མི་དང་ཡི་དགས་ལྷ་མ་ཡིན། །བྱ་དང་མཚུངས་པ་བར་མ་ཡིན། །དེ་ལས་གཞན་པའི་སྙིང་སྟོབས་ཅན། །རྟ་ནི་ཐ་མ་ཡིན་པར་བཤད། །ཀུན་དུ་
སྙིང་སྟོབས་གཙོ་བོ་སྟེ། །སྙིང་སྟོབས་ལ་ནི་ཐམས་ཅད་གནས། །ཤ་ལི་ཧོ་ཏྲའི་མདོའི་གནས་ལས་སྙིང་སྟོབས་བརྟག་པའི་ལེའུ་སྟེ་སུམ་ཅུ་རྩ་དྲུག་པའོ།། །།བུ་དག་གཟི་མདངས་རྣམ་པ་ལྔར། །རྟ་ལ་དུས་སུ་འབྱུང་བར་འགྱུར། །གང་ཕྱིར་འདི་དག་འབྱུང་བ་ཡི། །བདག་
ཉིད་ཡིན་པས་རྣམ་ལྔར་འདོད། །མདོག་དང་སྦུ་ཁ་རྫས་དང་ནི། །དེ་བཞིན་དུ་ནི་དབྱིབས་དག་ལས། །མིག་གིས་གཟུང་བྱ་གཞན་གང་ཡིན། །གཟི་མདངས་ཀྱི་ནི་སྒྲར་བཤད་དོ། །རེ་ཞིག་རྫས་ནི་ཡོན་ཏན་བཞི། །ཁ་དོག་གཟུགས་ནི་དཀར་ལ་སོགས། །རྟ་ནི་ཁ་དོག་ཐ་དད་ཀྱང་། །
སྤུ་ཁ་རིང་པོ་ལས་ཀྱང་སྣང་། །གཟི་མདངས་ཕྲ་ཞིང་དང་བས་ན། །ཉེ་བ་ཉིད་ན་མངོན་པ་ཡིན། །མདངས་ནི་མེད་པ་ཙམ་དེ་ལའང་། །མེད་པར་ཡང་ནི་དམིགས་མ་ཡིན། །རླུང་དང་དེ་བཞིན་ནམ་མཁའ་དང་། །མེ་དང་དེ་བཞིན་ས་དང་ནི། །ཆུ་ཉིད་ཀྱི་ནི་མཚན་ཉིད་དག །གང་ཡིན་
དེ་ནི་མཉན་པར་གྱིས། །རླུང་གི་གཟི་མདངས་སྣད་པ་ཡིན། །ནམ་མཁའ་ཡི་ནི་འབྲིང་དུ་བཤད། །མེ་དང་ས་དང་ཆུ་ཡི་ནི། །མཚན་ཉིད་གསུམ་པོ་རྟག་ཏུ་ཤིས། །མི་བརྟན་རྩུབ་ཅིང་མདོག་ལ་གནོད། །དེ་བཞིན་ཅུང་ཟད་དཀར་བ་སྣང་། །རྟ་ཡི་སྤུ་ཁ་ལ་གནོད་པ། །རླུང་
གི་གཟི་མདངས་དེ་སྨད་བྱ། །ཤིན་ཏུ་དང་བ་ནམ་མཁའ་ནི། །སྤྲིན་དང་འབྲལ་བ་དང་འདྲ་བ། །མདངས་ཅན་ཞི་བར་གྱུར་པ་དག །དེ་ནི་ནམ་མཁའ་ཅན་ཞེས་བཤད། །རྟ་རྣམས་ཕལ་ཆེར་རྟག་ཏུ་ནི། །ནམ་མཁའི་གཟི་མདངས་ཅན་དུ་སྣང་། །དེ་ནི་མི་སྨད་བསྟོད་བྱ་དག །
མིན་པར་གྱུར་པ་ཉིད་ཡིན་ནོ། །གཟི་མདངས་ལྡན་ཞིང་འོད་ཅན་འདྲ། །དེ་བཞིན་མེ་ནི་འབར་བ་འདྲ། །མེ་ཡི་གཟི་མདངས་བསྔགས་པ་སྟེ། །བསོད་ནམས་ཀྱིས་ནི་རྟ་ལ་འབྱུང་། །སྣུམ་ཞིང་ཆུ་ཡི་མདོག་ལྡན་པ། །དགེ་སྐྱེད་དེ་ནི་ཆུ་ཡི་ཡིན། །གཟི་བརྗིད་ལྡན་ཞིང་ཤིན་ཏུ་

བརྟན། །ས་ཡི་གཟི་མདངས་གཉིས་ཡིན། །རྟ་ལ་རྟག་ཏུས་ཡི་ནི། །གཟི་མདངས་བསྔགས་པར་གྱུར་པ་ཡིན། །སྨད་པའམ་བསྔགས་པར་བྱ་བ་ཡི། །གཟི་མདངས་ཡུན་རིང་གནས་གྱུར་བ། །བདག་པོས་བདེ་དང་སྡུག་བསྔལ་གྱི། །འབྲས་བུ་ཡུན་རིང་མྱོང་
བར་འགྱུར། །གཙུག་དང་ཁ་དོག་འབྲས་བུ་ནི། །ཤིས་པ་དང་ནི་མི་ཤིས་གང་། །ཞར་ལ་བྱུང་བར་གྱུར་པ་གང་། །གཟི་མདངས་སུ་ནི་རྗེས་སུ་འགྱུར། །དཔེར་ན་ཉི་མའི་འོད་ཟེར་ནི། །སྤྲིན་གྱིས་ཁེབས་པར་བྱེད་པ་ཡིན། །དེ་བཞིན་རྟ་ལ་གཟི་མདངས་ཀྱི། །མཚན་ཉིད་ཀྱིས་ནི་ཁེབས་
པར་འགྱུར། །གཉིད་ལོག་ལས་ལངས་ཁྲུས་བྱས་དང་། །རྣམ་ཀུན་སྐོམ་འཐུངས་ཟས་ཟོས་བ་དེ། །རྟ་ལ་རྟ་མཁན་དག་གིས་ནི། །གཟི་མདངས་ཉེ་བར་བརྟག་པར་བྱ། །ཤ་ལི་ཧོ་ཏྲའི་མདོའི་གནས་ལས་གཟི་མདངས་བརྟག་པའི་ལེའུ་སྟེ་སུམ་ཅུ་རྩ་བདུན་པའོ།། །།
ཤ་ལི་ཧོ་ཏྲ་དྲང་སྲོང་ཆེ། །རིག་བྱེད་ཡན་ལག་མཐར་ཕྱིན་པ། །རྟ་བྲེས་གནས་ན་འདུག་པ་ན། །མཛའ་ལས་རྒྱལ་སོགས་བུ་རྣམས་དང་། །བླ་མ་ལ་གུས་སློབ་མ་རྣམས། །རྟ་སྦྱོད་ཤེས་ལ་ཡང་དྲིས་པ། །ལེགས་ལྡན་རྒྱ་མཚོའི་མཐར་ཐུག་པའི། །ས་གཞི་དྲི་ཡི་
ཕྲེང་བས་བསྐོར། །གྲོང་རྡལ་འབྱུང་གནས་ཡུལ་དག་དང་། །ནགས་ཚལ་རྣམས་ཀྱིས་ཉེར་མཛེས་པར། །རང་དགར་རྒྱུ་བའི་རྟ་རྣམས་ནི། །ཁྱེད་ཀྱིས་བགོ་བཤའ་མཛད་ལགས་ན། །དེ་རྣམས་ཀྱི་ནི་འབྱུང་ལུགས་དང་། །རིགས་དང་ཉེ་བའི་རིགས་རྣམས་དང་། །
ཡུལ་གྱི་རྟགས་ནི་འབྱུང་བ་དང་། །ཁ་དོག་སྤྱོད་པ་གཟི་མདངས་ཤུགས། །སོ་སོའི་རིགས་ཤེས་རྣམ་བརྟག་པ། །བདག་ཅག་ལ་ནི་བཤད་དུ་གསོལ། །དོག་པའི་གནས་ཀྱི་ཤེས་བྱ་དང་། །རྟ་རྣམས་སྐྱེ་བ་ཉིད་དང་ནི། །ཡུལ་མཐར་ཡོན་ཏན་ཆེར་ལྡན་དང་། །ཡུལ་
དབུས་ཡོན་ཏན་ཆུང་བར་ནི། །འགྱུར་བས་དེ་ཕྱིར་དེ་ཐམས་ཅད། །ལེགས་ལྡན་གྱིས་ནི་བཤད་པར་རིགས། །དེ་ནས་ལེགས་ལྡན་དྲང་སྲོལ་མཆོག །བུ་རྣམས་ལ་ནི་སླར་སྨྲས་པ། །གཟུགས་དང་སྐྱེ་གནས་ཁ་དོག་དང་། །སྙིང་སྟོབས་སྤྱོད་པ་མདངས་དང་མ། །གཟི་

མདངས་དབྱིབས་དང་དྲི་དང་ནི། །བདེ་དང་མི་བདེ་སྐད་རྣམས་དང་། །རིགས་ལས་བྱུང་བ་འདི་དག་ཀུན། །ཇི་ལྟ་བར་ནི་སྨྲས་པ་ཡིན། །ཐོག་མ་ཁོ་ནར་སྤྲུལ་པ་ན། །ལྷ་ཡུལ་དུ་ནི་རྒོད་མ་བྱུང་། །མདོག་འདྲེས་གནག་དང་དམར་བ་དང་། །དུར་ག་སྔོ་བསངས་སྐྱ་བོ་དང་། །
ཁྲ་དང་ལྗང་བ་རྣམས་ཡིན་ཏེ། །དེ་དག་ཡུལ་ཡུལ་དག་ཏུ་བགོས། །རྟ་མཆོག་དེ་དག་རྣམས་ཀྱིས་ནི། །བདག་པོ་ཡང་ནི་དེ་སྙེད་དེ། །བརྒྱ་བྱིན་ཟླ་བ་ཉི་མ་དང་། །རླུང་ལྷ་དང་ནི་ཆུ་ལྷ་དང་། །མེ་ལྷ་དང་ནི་ནོར་བདག་རྣམས། །རྟ་རྣམས་ཀྱི་ནི་བདག་པོར་གྱུར། །ལྷ་ཡི་རྟ་
ཡི་འབྱུང་གནས་ཏེ། །ས་སྟེང་ཕྱོགས་ཕྱོགས་དག་ཏུ་བགོས། །ལྷ་ཡི་མཆོག་གི་རྒོད་མ་ནི། །དེ་ལྟར་རྗེས་སུ་སྤྲུལ་པ་ཡིན། །དབང་པོ་ཆེ་ལ་མདོག་འདྲེས་པ། །གཞན་དག་གོ་རིམས་ཇི་བཞིན་ནོ། །དེ་ཡི་བུ་དང་ཚ་བོ་ཡིས། །ས་གཞི་ཐམས་ཅད་ཁྱབ་པ་ཡིན། །
ལ་ལ་རྒྱ་མཚོ་ལ་གནས་ཏེ། །དེ་བཞིན་གཞན་དག་སིན་དུར་བརྟེན། །ནས་གླིང་ཐོ་གར་ལ་གནས་ཤིང་། །གཞན་དག་ནོར་ཅན་དག་ཏུའོ། །ཤ་ཁ་བྲུ་ཞ་གན་དུ་ར། །དྲང་སྲོང་ཅན་དང་ཉམས་དགའ་དང་། །མཉའ་དཀའ་གུར་ཤཱི་ཀ་ལི་ཀ །ཉ་དང་མེ་ཆ་ཏིག་ཏིག་
གི །ཆུ་བོ་བརྒྱ་བ་ཝིང་ས་ཤ། །ཟླ་བའི་ཆ་ཞེས་བྱ་བ་དང་། །ཀོ་ཤི་ཀ་དང་སྦྱངས་ཅན་དང་། །གང་གཱ་དེ་བཞིན་ས་སྲུང་དང་། །ཆུ་བོ་ཆེར་ལྡན་དེ་དག་དང་། །རུས་སྦལ་ཅན་དང་ཁ་བ་ཅན། །བ་ལང་ཤིང་རྟ་མ་ལ་ཡ། །སྤོས་དང་ལྡང་དང་དུ་ནི་རོ། །ཅ་ཅོ་ཅན་
ནའང་གནས་པ་ཡིན། །གྲོང་ཁྱེར་བཟང་དང་དཔའ་བོའི་སྟེ། །ཁ་ཆེའི་འབྲོག་གི་ཆ་དང་ནི། །ལྔ་ལེན་སྒྲ་ངན་ཨཾ་པཤྩ། །རི་ཁྲོད་མཐའ་འཁོབ་ནས་ཀྱི་ཡུལ། །ཡུལ་དབུས་རྒྱ་མཚོ་བཅུ་པ་དང་། །དངུལ་རྡོའི་རི་དང་ནི་ཤ་དང་། །ཤར་གྱིས་མཐའ་དང་བུ་ལིང་དང་། །
བི་དར་པ་དང་ཀེ་ཤི་ཀ །ཕྱོགས་དང་མི་ཡི་ཡུལ་ཀུན་ན། །ས་ལ་བརྡ་ནི་བརྟེན་པ་ཡིན། །ཡུལ་དེ་རྣམས་ཀྱི་ཁྱད་པར་གྱིས། །དབྱེ་བ་གསུམ་དུ་འགྱུར་བ་ཉོན། །དབྱངས་ཅན་གྱི་ནི་བྱང་ཕྱོགས་སུ། །དེར་ནི་གང་ཞིག་སྐྱེས་གྱུར་པ། །སྣ་ཚོགས་འབྱུང་གནས་ལས་

བྱུང་བ། །སྤྱོད་པ་མཆོག་དང་ལྡན་ཞེས་བྱ། །ཡང་ན་ལྷོ་ཕྱོགས་ཆ་རུ་ནི། །ཤར་དུ་འབབ་བའི་ཆུ་ངོགས་གནས། །དེ་ནི་སྟོབས་དང་གཟི་མདངས་སོགས། །ཚད་ཀྱང་བར་མ་ཡིན་ཞེས་བྱ། །བ་རྡུལ་ཅན་དང་རི་རོང་དོག །སོར་སྲ་ལ་སོགས་པའི་
རྟ། །གཟི་མདངས་སྟོབས་དང་ལུས་ཀྱི་ཚད། །སྙིང་སྟོབས་དམན་པ་ཡིན་ཞེས་བྱ། །རྟ་ཡི་རིགས་དང་དབྱེ་བ་ནི། །ཡུལ་ནི་སོ་སོ་ལས་བྱུང་བ། །རིགས་དང་སྐྱེ་བའི་ཚུལ་དག་ནི། །ཡུལ་ལས་ལྔ་བཅུ་རྩ་བཞིར་འགྱུར། །དེ་ལས་གཞན་ཡང་དོག་པ་ཡི། །ཡུལ་ལས་
སྐྱེ་བ་རབ་བཤད་བྱ། །མདང་ཆ་ཡིས་བསྟན་པ་ཡི། །ཉེས་པ་ཡོན་ཏན་མེད་འགྱུར་ཞིང་། །རིགས་བཟང་ཡིན་ཡང་ཕལ་ཆེར་ཡིན། །ལུས་ནི་མི་སྡུག་པ་དག་སྣང་། །དཔེར་ན་ལ་ལར་མི་དག་ནི། །སྒུར་བོ་དང་ནི་མིའུ་ཐུང་ཡོང་། །དེ་བཞིན་རྟ་ཡང་ལུས་བྱད་ནི། །མི་སྡུག་
པར་ནི་ཤེས་པར་བྱ། །ལུས་དང་མགྱོགས་ཚུལ་སྟོབས་རྣམས་ནི། །དམན་པས་རྟ་གཞན་དག་ཏུ་གྱུར། །ཡུལ་ནི་བཟང་པོར་སྐྱེས་ན་ཡང་། །ཡོན་ཏན་མེད་པ་དག་ཀྱང་ཡོད། །ཕ་དང་མ་ཡི་སྐྱོན་དང་ནི། །སྟོན་ཀ་སྐྱེས་པར་གྱུར་པ་དང་། །དེ་འདྲ་གཞན་ལས་བྱུང་བ་
ཡི། །དེ་དག་དང་ནི་འདྲ་བར་བཤད། །དེ་བཞིན་ཕ་དང་མ་དག་ནི། །ལུས་ཀྱི་ཡོན་ཏན་ལྡན་གྱུར་ཀྱང་། །ལེགས་པར་སྐྱེས་པར་མ་གྱུར་པ། །མཚན་ཉིད་དེ་དང་ལྡན་པ་མིན། །རིགས་ལས་བྱུང་པའི་མང་པོ་དང་། །འདུས་པ་དག་ཏུ་བསྟན་པའང་མིན། །མཛའ་ལས་རྒྱལ་
ལ་སོགས་པ་ཡི། །བུ་ཡིས་ཕ་ལ་ཡང་དྲིས་པ། །རྒྱུ་ནི་མཚུངས་པ་དང་ལྡན་ཞིང་། །མངལ་ལས་དུས་གཅིག་སྐྱེས་གྱུར་བ། །དབྱིབས་དང་ཡོན་ཏན་མཚུངས་གྱུར་ཅིང་། །རླུང་གི་ཤུགས་འདྲར་མཉམ་པར་ནི། །སྔོན་ཚེ་ཚངས་པ་ཉིད་ཀྱིས་ནི། །རྟ་རྣམས་སྤྲུལ་པར་
བྱས་པ་ཡིས། །དེ་ལྟར་ཡོན་ཏན་མཉམ་པ་ལས། །ཅི་ཕྱིར་དེ་དག་ཐ་དད་གྱུར། །འདི་ཡི་རྒྱུ་ནི་གང་ཡིན་པ། །ཁྱེད་ཀྱིས་བདག་ཅག་ལ་བཤད་རིགས། །དེ་ལྟར་བུ་ཡིས་བསྐུར་བ་དང་། །ཤ་ལི་ཧོ་ཏྲས་སླར་སྨྲས་པ། །དཔེར་ན་ཆུ་ནི་རོ་གཅིག་པར། །མཁའ་ལས་

བབ་ཀྱང་ས་རྣམས་ཀྱི། །ཁྱད་པར་དག་གིས་བཟང་ངན་གྱི། །རོ་ནི་སྣ་ཚོགས་མང་པོར་འགྱུར། །དེ་བཞིན་ཚངས་པས་ཚུལ་གཅིག་པར། །རྟ་རྣམས་སྤྲུལ་པར་བྱས་མོད་ཀྱི། །ལྷ་རྣམས་ལ་ནི་བགོས་པ་ལས། །ལྷག་པ་གང་ཡིན་ས་གཞི་འདིར། །རྒྱལ་པོ་རྣམས་ལ་བྱིན་
གྱུར་པ། །རྟ་དེ་ས་ཡི་ཁྱད་པར་གྱིས། །རིགས་དང་སྐྱེ་གནས་མིང་དག་ནི། །ཁྱད་པར་མང་པོར་གྱུར་པ་ཡིན། །ཤ་ལི་ཧོ་ཏྲའི་མདོའི་གནས་ལས་རིགས་བརྟས་པའི་ལེའུ་སྟེ་སུམ་ཅུ་རྩ་བརྒྱད་པའོ།། །།ཤ་ལི་ཧོ་ཏྲ་རྟ་བྲེས་ན། །འདུག་ཆ་དྲི་ཟའི་རྒྱལ་པོ་
དང་། །མཇའ་ལས་རྒྱལ་བ་གཉིས་ཀ་ནི། །དུལ་དང་ལྡན་པས་དྲིས་གྱུར་པ། །ལགས་ལྡན་རྟ་ནི་བཟང་པོ་ཡང་། །སྤྱོད་པ་ངན་པ་སྣང་བ་དང་། །མཚན་ཉིད་མི་ཤེས་ལྡན་གྱུར་ཀྱང་། །ཁ་ཅིག་རང་བཞིན་བཟང་བོ་མཆིས། །དེར་ནི་རྒྱུ་དག་གང་ལགས་པ། །ཡང་
དག་པར་ནི་གསུངས་ཞེས་དྲིས། །སྟོན་ཀ་བཅས་པའི་མཚན་ཉིད་ནི། །ཡང་དག་པར་ནི་བཀའ་སྩོལ་ཅིག །དེ་གཉིས་ཀྱིས་དེ་དྲིས་པ་ན། །ཤ་ལི་ཧོ་ཏྲས་སླར་སྨྲས་པ། །ལུང་ལ་ཀོམས་བྱས་ཤེས་རབ་ནི། །ནམ་ཡང་སླུ་བར་བྱེད་པ་མིན། །ལུས་དང་མདོག་དང་སྟོབས་
ལྡན་པ། །ཚུལ་ངན་རང་དུ་གྱུར་བ་ཡིན། །ལ་ལ་ལུས་ནི་གཙང་ཀྱུར་ཀྱང་། །སྙིང་སྟོབས་མི་ཉམས་གྱུར་པ་ཡིས། །ཕྱིན་ཅི་ལོག་གི་སྙིང་སྟོབས་ཅན། །ལུས་ནི་གཏུགས་པར་སྟོན་པར་བཤད། །དེ་ནི་ཤེས་རབ་དམན་བ་ཡི། །སྐྱེ་བོ་ཕལ་ཆེར་རྨོངས་པར་འགྱུར། །
སྐྱེ་བ་ཉིད་དང་གཅེས་པ་དང་། །ཤིས་དང་མི་ཤིས་མི་རྟོགས་འགྱུར། །དེ་བས་དབྱིབས་ལེགས་སྙིང་སྟོབས་ལྡན། །ངང་ཚུལ་བཟང་བའི་དམ་པ་ནི། །སྙིང་སྟོབས་ངང་ཚུལ་ལུས་བྱེད་ནི། །སུམ་འབྱིན་བྱེད་དེ་སྤང་བར་བྱ། །དེ་ནི་ང་ཡིས་བཤད་བྱ་ཡིས། །ཁྱད་
པར་མཉན་པ་ཉིད་དུ་གྱེས། །དབྱིབས་ལེགས་པ་དང་དབའ་བ་དང་། །གཟི་མདངས་སྟོབས་དང་མ་ཡེངས་དང་། །འཕེལ་ཀ་ཆེ་ཞིང་སེམས་བཟང་ལ། །དར་ལ་བ་བཅིངས་མདངས་བཟང་ལ། །དབང་པོ་བརྟན་ཞིང་དགའ་བ་དང་། །སྙིང་སྟོབས་མགྱོགས་བྱེད་ལྡན་པ་ཡི། །དེ་འདྲ་

བ་ཡི་རྟ་དག་ནི། །ཡུལ་དང་དུས་ལས་དག་འགྱུར་པར། །རྩྭ་དང་ཆུ་མང་དུས་སུ་ནི། །ཕ་དང་མ་ནི་འདུས་གྱུར་པའང་། །དེ་ཚེ་སྐྱེས་གྱུར་རྟེའུ་ནི། །ཡོན་ཏན་ཀུན་དང་ལྡན་པ་ཡིན། །རྟ་ནི་དེ་དག་གཉིད་ཀྱིས་ན། །ཡོན་ཏན་དེ་ཉིད་སྐྱེ་བར་འགྱུར། །
འདོད་པ་ཅེས་པ་དང་འདོད་བྲལ་བའམ། །དོན་དུ་ཉེར་དང་དོན་མི་གཉེར། །གཞོན་དང་ཤིན་ཏུ་རྒན་པ་དང་། །རྟེའུ་དང་རྟ་རྒན་ཉིད་ཀྱིས་ནི། །ལུས་དང་སྙིང་སྟོབས་དང་ཚུལ་རྣམས། །བཟང་ངན་འདྲེས་པ་ཉིད་དུ་འགྱུར། །ཁྲོ་དང་འཁྲུག་པར་གྱུར་པ་དང་། །འཇིགས་
དང་སྐྲག་པར་བྱེད་པ་དང་། །གཅོང་ཅན་དང་ནི་ཉམ་ཆུང་དང་། །ངལ་དང་སེམས་ནི་དུབ་པ་དང་། །སྐྱེ་བར་བྱེད་པའི་རྟག་པ་ཡིན། །ལས་ལ་མཁོ་བར་མི་འགྱུར་རོ། །དེ་ནི་མདངས་སྟོབས་དམན་འགྱུར་ཞིང་། །ལས་རྣམས་ཀུན་ལ་ནུས་པ་ཆུང་། །རྟག་ཏུ་ན་ཞིང་རྒྱུན་དུ་
སྦེག། །གང་ཞིག་རྙོག་ཅན་འགྱུར་བའི་རྟ། །ཕ་དང་མ་ཡི་རྒུད་པ་ཡིས། །སྟོབས་ཆུང་གཟི་མདངས་ཞན་པར་འགྱུར། །དེ་ལྟར་སྐྱེ་བར་གྱུར་བའི་རྟ། །ལས་རྣམས་འགྲུབ་པར་མི་བྱེད་དོ། །དགུན་མཐའ་ཚད་པའི་ཐོག་མ་རུ། །དཔྱིད་དུས་སྲོག་ཆགས་རྣམས་ལ་ཕན །
ཐུན་མོང་དུས་སུ་གྱུར་པའི་ཚེ། །ལུས་གཟུངས་སྙོམས་པར་གྱུར་པའི་རྟ། །རྒོད་མ་ལོ་བཞི་ལོན་བ་དང་། །རྟ་ཕོ་ལོ་བརྒྱད་ལེན་པ་དང་། །འདུས་གྱུར་པ་ལས་གྱུར་པའི་རྟ། །རྟག་ཏུ་ལས་རྣམས་ཀུན་ལ་བསྔགས། །དེ་ནི་ཡོན་ཏན་ཀུན་ལྡན་ཞིང་། །ཉེས་པ་
ཀུན་དང་བྲལ་བ་ཡིན། །ལུས་ཀྱི་ཕྱི་ནང་དག་གི་ནི། །ཡོན་ཏན་ལྡན་ཞིང་ཀུན་སྦྱོར་ནུས། །མཛའ་ལས་རྒྱལ་གྱིས་ཡང་སྨྲས་པ། །ཐ་མལ་པ་དང་ནད་བཅས་གནས། །སྟོན་ཀ་བ་ནི་གང་དག་ལགས། །གསོར་རུང་གསོར་མི་རུང་བ་དག །གང་ལགས་
ཐེ་ཚོམ་སྐྱེས་ལགས་ཀྱི། །དྲང་སྲོང་ཆེན་པོ་དེ་གསུངས་ཤིག །མཛའ་ལས་རྒྱལ་གྱིས་དེ་སྐད་དྲིས། །ལེགས་ལྡན་གྱིས་ནི་སླར་སྨྲས་པ། །འབྲས་བུ་བཟང་དང་ངན་པ་ཡི། །ཕུན་ཚོགས་སྟོན་ཀའི་ཚེ་ན་གནས། །འབྲུ་ཡི་ཕུན་ཚོགས་མཐུན་པས་

ན། །རྟ་ལའང་སྟོན་ཀ་པ་ཞེས་བཤད། །རང་བཞིན་དེ་འདྲར་གྱུར་པ་ཡི། །སྟོན་ཀ་རྣམ་པ་བཞི་རུ་མཐོང་། །རང་བཞིན་ལ་གནས་དེ་བཞིན་སྦོམ། །ཕྲ་དང་དམར་བའི་སྟོན་ཀ་པའོ། །རང་བཞིན་ལ་གནས་མཆོག་ཡིན་ཏེ། །ཕྲ་དང་སྦོམ་དང་གཞན་པ་ཡིན། །རྟེའུ་སྟོན་ཀ་
དམར་པོ་ནི། །སྦང་བར་བྱ་བར་གྱུར་པ་ཡིན། །ཕྲ་དང་སྦོམ་པ་ཕྲད་པ་ལས། །སྦོམ་པའམ་ཡང་ན་ཕྲ་བར་འགྱུར། །ཕལ་ཆེར་གང་གི་མཚན་ཉིད་གང་། །དེ་ལས་ལྷག་པར་མི་འགྱུར་རོ། །སྐྱེ་གནས་སྙིང་སྟོབས་ལུས་ཀྱི་ནི། །མཚན་ཉིད་དང་ནི་རྟགས་དག་ལས། །
འདི་རྣམས་ཀྱི་ནི་ལས་དག་ཀྱང་། །ཐམས་ཅན་རིམ་བཞིན་བཤད་པར་བྱ། །རྒོད་མའི་སེམས་སྟོབས་ཉེ་བ་དང་། །ལམ་དུ་ཞུགས་པར་གྱུར་བ་ཡིས། །ཁུར་དང་གོམ་པ་དག་གིས་ནི། །དེ་ནི་ཚ་བས་གདུངས་གྱུར་ཅིང་། །བཀྲེས་དང་སྐོམ་བས་ཉེན་པས་ན། །མང་ལ་
ནས་ཁྲག་ནི་འཛག་པར་འགྱུར། །ཟླ་བ་དྲུག་ནི་འདས་པ་ན། །ཤ་ནི་ཁྲག་ཏུ་འགྱུར་བ་ཡིན། །མངལ་དེའི་ཚིལ་ནི་གང་ཡིན་པའང་། །ཕྲ་མོ་ཙམ་ཞིག་ཡོད་མི་འགྱུར། །རུས་ཕྲ་ཤ་ནི་སྲབ་བ་རུ། །སྐྱེ་བ་སྟོན་ཀ་དམར་པོ་ཡིན། །འདི་ནི་ལོངས་སྤྱོད་མི་རུང་ཞིང་། །ལས་རྣམས་
ནུས་པའམ་ཡིན་ནོ། །མངལ་ནི་ཆགས་པར་གྱུར་བའི་རྟ། །ཟས་ཀྱི་བྱ་བས་འཕེལ་མི་འགྱུར། །རྩུབ་ཅིང་རྣོ་བ་ཟ་བ་དང་། །སེ་བཞིན་ལམ་དུ་ཞུགས་པ་དང་། །ཁུར་གྱིས་དུབ་པར་བྱས་པ་དང་། །བཅིངས་དང་རྟ་ཕོ་དང་སྦྱར་དང་། །དེར་ནི་མངལ་ཆགས་གྱུར་པ་ཡིས། །ཁྲག་
ཟད་ལོག་པར་འགྱུར་པ་ཡིན། །ཇི་ལྟར་ཆར་མེད་སྨན་རྣམས་ནི། །སྐྱེ་བར་འགྱུར་བ་མ་ཡིན་ལ། །འབད་མེད་མེ་ཏོག་འབྲས་བུ་སོགས། །འཕེལ་བར་འགྱུར་པའང་མ་ཡིན་ནོ། །དེ་བཞིན་ལོག་པར་གསོས་པ་ཡིས། །རྟ་ཡི་མངལ་ནི་སྐམས་པར་འགྱུར། །དེ་ནི་སྦེག་ཅིང་
ཉམ་ཆུང་བའི། རྟེའུ་དུས་ནི་འདའ་བར་བྱེད། །དུས་མ་འདས་པའང་ཉམ་ཆུང་ཞུམ། །ཡན་ལག་མ་ཚང་སྐྱེ་བར་འགྱུར། །རྟེའུ་དེ་ནི་སྟོབས་ཞན་ཞིང་། །དབང་པོ་ཞན་པར་སྐྱེ་པར་འགྱུར། །ཁྲག་ཆུང་སྙིང་སྟོབས་དམན་པ་རུ། །དུས་སུ་དེ་ནི་ལས་ཀྱིས་སྐྱེ། །དེ་ནི་རུས་

པའི་སྟོན་ཀ་བར། །ཤེས་བྱ་དེ་ཡི་ལས་ཉོན་ཅིག །རྟེའུ་དེ་ནི་མར་རམ་ནིམ། །ཡང་ན་འོ་མས་གསོ་བྱ་ཞིང་། །སྟོབས་སྐྱེད་པ་ནི་གཞན་དག་ནི། །ཕྲ་བའི་སྟོན་ཀ་གསོ་བར་བྱ། །མ་ནི་འབྲས་ཚན་ཡུ་ཤ་དང་། །དེ་བཞིན་ཁུ་བ་སྣ་ཚོགས་དང་། །
དེ་བཞིན་བཏུང་བ་སྣ་ཚོགས་དང་། །བསྐུ་དང་འཇམ་རྩིས་བརྡ་བར་བྱ། །ཡང་ན་རྟེའུ་ཟླ་དྲུག་པ། །བསྐུ་དང་འཇམ་རྩི་འབྲས་ཆན་ཞུ། །ཚད་དང་ལྡན་པས་གོ་རིམས་བཞིན། །དེ་བཞིན་ལྷག་པར་བྱ་བ་དང་། །མེ་སྟོབས་སྐྱེད་པ་སྦྱིན་པར་བྱ། །ཁ་ར་འོ་མར་སྦྱར་བ་ལ། །མར་
ནི་ཚད་ཙམ་བཅུག་པ་སྦྱིན། །རྟེའུ་ལོ་གཉིས་ལོན་པ་ལ། །ཁ་ཟས་སྦྱིན་པར་བྱ་བ་ཡིན། །ལུག་གི་ཤ་དང་རྨ་བྱའི་ཤ། །ཁྱིམ་བྱ་བྱ་ཡི་ཤ་རྣམས་དང་། །ཉ་དང་རུས་སྦལ་ཤ་རྣམས་ལས། །ཤ་ཁུ་དང་ནི་ཁ་ཟས་བྱ། །སྣ་སྨན་དགོངས་ཀ་བཏུང་བ་དང་། །བསྐུ་དང་འཇམ་རྩི་
རྩྭ་ཡིས་ཀྱང་། །ལུས་ཀྱི་ལུས་གཟུངས་བརྟས་བྱ་བ། །ཟླ་དྲུག་བར་དུ་བྱ་བར་བཤད། །དེ་ནས་ས་འདིར་བསྐྱང་བྱ་ཞིང་། །ལུས་དང་སྲོག་ཀྱང་བསྲུང་བར་བྱ། །སོར་ནི་ཉི་ཤུ་བཞི་ལ་ཁྲུ། །ཁྲུ་བཞི་ལ་ནི་གཞུ་གང་སྟེ། །གཞུ་འདོམ་བརྒྱད་སྟོང་དག་ལ་ནི། །ལས་ལ་སྦྱོར་བའི་
དཔག་ཚད་ཡིན། །དེར་ནི་དང་པོར་རྟེའུ་དག །རིམ་པ་འདི་དང་ལྡན་པས་ཀྱང་། །འདོམ་ནི་སུམ་བརྒྱ་ནས་བརྩམས་ཏེ། །དཔག་ཚད་བར་དུ་རིམ་གྱིས་བཀྲི། །དགུན་ཟླ་འབྲིང་དང་ཐ་ཆུངས་ཚེ། །དེ་ལས་ཉིས་འདབ་བྱ་བ་ཡིན། །དཔྱིད་ཟླ་ར་བ་གསུམ་འགྱུར་ཏེ། །དཔྱིད་
ཟླ་འབྲིང་པོ་དཔག་ཚད་མེད། །དེ་ཡི་རྫིས་ལ་དཔག་ཚད་ནི། །གཅིག་ཙམ་ཟླུམ་པོས་བསྐོར་བར་བྱ། །བྱ་བའི་སྦྱོར་བ་འདི་ཉིད་ནི། །ཉམ་ཆུང་བ་ལ་བྱ་བ་ཡིན། །ནས་དང་མ་ཤ་མར་འོ་མས། །བསྐུ་དང་འཇམ་རྩི་རྩྭ་རྣམས་དང་། །ཤིན་ཏུ་སྣུམ་པའི་བཏུང་བ་ཡིས། །གང་ཚེ་
གཉི་ག་བརྟས་བྱས་ལ། །དེ་བཞིན་རྒོད་མ་སྦོམ་གྱུར་ཀྱང་། །སྦོམ་ཞིང་མངལ་དུ་ལྕི་བའི་ཕྱིར། །དེ་ནི་དུས་སུ་སྐྱེ་མི་འགྱུར། །དེ་ཡི་ཡང་ཡང་མ་ཞུ་ལྟར། །དུས་མིན་པར་ནི་སྐྱེ་བར་འགྱུར། །རྟེའུ་ཚིལ་ནི་ཆེར་འགྱུར་ཞིང་། །ཤ་ཡི་ཚོགས་

ལྟར་གནས་པ་ཡིན། །དེ་ནི་ལྡང་ཤིང་བརྩེ་མི་ནུས། །ལྕི་ཞིང་ཁུར་གྱིས་ནོན་ལྟར་འགྲོ། །སྦལ་པ་ལྟར་འགྲོ་སྦོམ་པ་དང་། །ལུས་ནི་སྙོམས་པར་སྐྱེ་བར་འགྱུར། །སྦལ་པ་སྐྲངས་པར་གྱུར་པ་ལྟར། །བརྟན་པར་འགྲོ་བར་འགྱུར་མི་ཡིན། །ཚིལ་གྱིས་སྙིང་ནི་ཁྱབ་གྱུར་ཅིང་། །མི་ནུབ་
རྩ་བ་རྟེན་པ་ཡིན། །ཚིལ་ནི་ལྷག་པར་གྱུར་པ་ནི། །ལུས་ཀྱི་རྩེ་དང་འདེགས་པར་དཀའ། །འདི་ནི་ཚིལ་ཆེས་ཡིན་ཞེས་བྱ། །དེ་ལ་ལས་ནི་འདི་ཕན་ནོ། །པི་པི་ལིང་དང་བཅའ་ལྒ་དང་། །ཧཾ་སྟི་པི་པི་ལིང་ཙི་ཏྲ། །འདི་དག་བསྐོལ་བའི་མར་དག་ནི། །ནང་བར་ཟས་ཀྱི་
སྔོན་དུ་སྤྱིན། །ཚད་ཙམ་རྟེའུ་དེ་ལ་ནི། །སྦྱང་བའི་ཕྱིར་ནི་སྦྱིན་པར་བྱ། །དེ་ལ་མ་ཡི་འོ་མ་ནི། །མི་བླུད་ར་ཡི་འོ་མ་སྦྱིན། །ཚོན་མོའི་འོ་མ་ལྕི་བས་ན། །དེ་ཕྱིར་ར་ཡི་འོ་མ་བླུད། །འོ་མ་སྦྱོང་བར་བྱེད་པ་ཡི། །བཏུང་བ་རྒོད་མ་ལ་སྦྱིན་བྱ། །ཁ་བ་དང་ནི་བསྐ་བ་དང་། །ཚ་བ་
སྦྱིན་པས་དེ་སྦྱང་བྱ། །དེ་ལ་ཏིལ་མར་འཇམ་རྩི་དང་། །དེ་ནས་སླར་ཡང་གནས་པར་བྱ། །ཟླ་བ་དྲུག་གི་བར་དུ་ནི། །རྟེའུ་དེ་ལས་ཡང་དག་སྦྱད། །གཞུ་འདོམ་སྟོང་ནི