Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 203

Văn bản gốc(Tây Tạng)

Trang 13 / 18 (50.000 ký tự/trang)
ི་བསྔགས་པར་གྱུར་པ་ཡིན། །རྟ་སྤུ་སྲབ་ཅིང་དྲང་

བ་དང་། །མདངས་ལྡན་ཁ་དོག་མ་འདྲེས་བཟང་། །རྟ་ནི་འདྲེ་བར་བྱེད་པའི་ཚེ། །གང་གིས་ལེགས་པར་སྐྱུགས་པ་དང་། །སྟོབས་དང་ལྡན་པའི་གཟུགས་ཡོད་པ། །མཚན་ཉིད་མཆོག་ཏུ་བཤད་པ་ཡིན། །ཆུ་ལ་རྒལ་བའི་གནས་དང་ནི། །ཁལ་བཀལ་ལམ་དུ་འགྲོ་བ་དང་། །
བསྣུན་དང་ཉམ་ངའི་གནས་དག་ཏུ། །རྩལ་འབྱིན་གཟི་ཅན་མཚན་ཉིད་ཅན། །དེ་ལྟར་བསྔགས་པའི་མགྱོགས་འགྲོ་ནི། །རྒྱལ་པོའི་བཞོན་པར་བར་ཏུ་བརྗོད། །ཤ་ལི་ཧོ་ཏྲའི་མདོའི་གནས་ལས་མཚན་གྱི་ལེའུ་སྟེ་བཅུ་བདུན་པའོ།། །།ལེགས་ལྡན་རྟ་ཡི་ཁ་དོག་དང་། །
དེ་བཞིན་མདོག་གི་དབྱེ་བ་དང་། །དེ་ཡི་མིང་གི་ཉེས་པ་དག །བདག་ཅག་མཉེན་པར་འཚལ་ལགས་སོ། །བུ་ཡིས་དེ་སྐད་སྨྲས་པ་དང་། །སྙན་པའི་ཚིག་གིས་སླར་སྨྲས་པ། །ང་ཡི་གཞུང་གི་མ་འདྲེས་མདོག །རྟ་ལ་རྣམ་བཞི་ཡོད་པར་འདོད། །དཀར་དང་དམར་དང་གནག་
པ་དང་། །བཞི་པ་སེར་པོ་ཞེས་བཤད་དོ། །འདི་རྣམས་ལུས་ཀྱི་ཕྱོགས་གནས་དང་། །ཕན་ཚུན་འདྲེས་པར་གྱུར་པ་དང་། །རྫས་དང་རྫས་མིན་འདྲེས་པ་ལས། །རྒྱས་པར་མདོག་ནི་དུ་མ་ཡིན། །དཀར་ལ་སོགས་པ་དེ་དག་རྣམས། །མ་ལུས་ཤེས་བྱ་མཉན་པར་གྱིས། །
པགས་པ་དཀར་ཞིང་བ་སྤུ་དཀར། །དེ་བཞིན་རྔ་མ་རྔོག་མ་དཀར། །འདི་ནི་དཀར་པོ་ཞེས་བཤད་དོ། །རྟ་དེ་སྲིད་སྒྲུབ་ཡིན་པར་འདོད། །པགས་པ་དམར་ཞིང་བ་སྤུ་དམར། །རྔ་མ་རྔོག་མ་དག་ཀྱང་དམར། །ཁྲག་དང་ཉི་མ་འཆར་ཀ་འདྲ། །རྟ་ནི་དམར་པོ་ཞེས་བྱའོ། །
པགས་པ་སྤུ་དང་རྔོག་མ་གནག །བུང་བ་འདྲ་བ་གང་ཡིན་པ། །སྟག་ཟིལ་ནག་པོའི་མདངས་འདྲའི་རྟ། །དེ་ཡི་ཐམས་ཅད་ནག་པོར་བཤད། །པགས་པ་རྔ་རྔོག་སྤུ་རྣམས་ནི། །གང་ཞིག་གསེར་གྱི་མདོག་འདྲ་ཞིང་། །དར་ནི་སེར་པོའི་མདངས་ལྡན་པ། །རྟ་དེ་སེར་
པོ་ཡིན་ཞེས་བྱ། །དེ་ལྟར་ཁ་དོག་རྣམ་པ་བཞི། །སོ་སོར་ཡང་དག་བཤད་པ་ཡིན། དེ་རྣམས་མདོག་ནི་འདྲེས་གྱུར་པ། །བཤད་པ་དེ་ལས་རྟོགས་པར་གྱིས། །པགས་པ་དམར་ཞིང་མིག་སྐྱོན་མེད། །ཁ་དང་རྐན་དང་ཕོ་མཚན་དམར། །མ་དུ་ཀ་ཡི་མེ་ཏོག་འདྲ། །

འདི་ནི་ལ་ལས་ཀར་ཀར་བཤད། །ཕོ་མཚན་རྨང་ཁ་རླིག་པ་དང་། །རླིག་པ་དེ་བཞིན་རྐུབ་དང་ནི། །མཆུ་ལྟག་མཆུ་དང་ཁ་དང་ནི། །པགས་པ་པདྨའི་མདོག་འདྲ་གང་། །མིག་དང་ཕུམ་ཕུམ་རྔོག་མའི་བར། །བ་སྤུ་དཀར་བར་གྱུར་པ་ནི། །རྟ་ནི་ཀར་
ཀ་ཁ་ཅིག་འདོད། །བཀྲ་ཤིས་དགེ་བ་དམ་པ་ཡིན། །པགས་པ་དམར་ཞིང་བ་སྤུ་དམར། །རྔ་མ་རྔོག་མ་དམར་བ་ནི། །ཉི་མ་སྐྱོན་བྲལ་མདོག་འདྲ་བ། །དེ་ཡང་ཀར་ཀར་ཤེས་པར་བྱ། །བཙོ་མའི་གསེར་གྱི་མདོག་འདྲ་བའི། །སྤུ་ནི་གང་ལ་ཡོད་གྱུར་པ། །པགས་
པ་པདྨའི་དབུས་འདྲ་ཞིང་། །མིག་ནི་མེ་ཡི་རྩེ་མོ་འདྲ། །རྨིག་པ་ཁ་དོག་གཅིག་པ་ཡི། །རྟ་དེ་འཁོར་ལོས་སྒྱུར་བའི་ཡིན། །གང་ཞིག་ཀར་ཀ་དྲའི་གཞི་ལ། །ཡན་ལག་ལྟོ་དང་དཔྱིད་དང་སྟོང་། །ཐིག་ལེ་ནག་པོ་ཆགས་གྱུར་པ། །རྟ་ནི་ཁྱིམ་བྱ་ཅན་ཞེས་བྱ། །གང་
ཞིག་ཀར་ཀ་ཅན་འདྲ་ལ། །དཔྱི་ལ་སོགས་པ་དམར་པོ་ཡི། །ཐིག་ལེ་ཆགས་པར་གྱུར་པ་ནི། །དེ་ཡང་ཁྱིམ་བྱ་ཅན་གཉིས་པ། །བ་སྤུ་རྔ་མ་རྔོག་མ་ནི། །དཀར་ལ་པགས་པ་ནག་པོ་ཅན། །མཚན་དང་རྨིག་པ་མིག་ཀྱང་ནག །དེ་ནི་ངུར་པའི་གཤོག་པར་
བཤད། །པགས་འཇམ་པགས་པ་མིག་དང་སྤུ། །རྔ་རྔོག་རྨིག་པ་དཀར་བ་དང་། །སིན་དུ་བ་ར་དང་འདྲ་བས། །མདོག་དེ་སིན་དུ་བ་ར་ཅན། །པགས་དམར་སེང་གེའི་སྤུ་འདྲ་ཞིང་། །རྔ་མ་དང་ནི་རྔོག་མ་དཀར། །རླིག་པ་དམར་ཞིང་འབྱར་གྱུར་ལ། །རྟ་དེ་སེང་
གེའི་མདོག་ཅན་ཡིན། །གང་ཞིག་སྤུ་རྩེ་དུ་བ་འདྲ། །ཅུང་ཟད་དམར་ཞིང་སེར་སྐྱར་འདྲེས། །ཁ་དོག་དེ་ཡི་རྟ་དེ་ནི། །གོ་རིའི་སྤུ་ཞེས་བྱ་བར་བཤད། །དེ་བཞིན་དུ་བའི་མདོག་ལྡན་པ། །དུད་སེར་ཞེས་ནི་བྱ་བར་བཤད། །སེར་ཤས་ཆེ་བ་གང་ཡིན་པ། །
མེ་ཏོག་ཀུ་རུ་ཎྜཀ་དང་འདྲར་བཤད། །སེར་པོའི་ངེས་ཚིག་འདི་ཡི་ནི། །དཔེ་ཡང་ཁྱེད་ཀྱིས་མཉེན་པར་གྱིས། །སོག་མ་མདའ་སྨྱུག་དང་འདྲ་ཞིང་། །སོ་དང་བད་ཀན་དང་འདྲ་ལ། །གང་ཞིག་སེར་པོ་ཟླུམ་པོ་ཡི། །དེ་ནི་ཁྱབ་འཇུག་བཞོན་པ་སྟེ། །རྒྱལ་དང་

རྣམ་རྒྱལ་དོན་གཉེར་ལ། །འདི་དག་ཐམས་ཅད་བསྔགས་པ་ཡིན། །དེ་བཞིན་ཁ་དོག་མང་བ་དང་། །སེང་གེའི་མདོག་དང་འདྲ་བ་དང་། །དུང་དང་ཀུནྡ་ཁ་ཤ་དང་། །འོ་མ་དང་བ་ཉི་མའི་མདོག །ཀུ་མུ་ད་ཡི་མདོག་འདྲ་དང་། །ཆུ་སྐྱར་བཟང་བོ་འདྲ་བ་དག །
དཀར་དང་སེར་པོ་འདྲེས་པ་ནི། །ཐམས་ཅད་དང་བ་ཞེས་བྱར་བཤད། །གང་ཞིག་མེ་ཏོག་མཁའ་ལྡིང་འདྲ། །རྔ་མ་རྔོག་མ་ནག་པོ་ནི། །ཡོད་པའི་རྟ་དེ་སྟང་ཟིལ་གྱི། །སྤྱི་བོ་ཅན་ཞེས་བྱ་བ་ཡིན། །རྔོག་མ་འཇམ་ཞིང་དཀར་བ་ནི། རྔོག་མ་མུཉྫ་ཅན་ཞེས་བྱ། །ཤིན་
ཏུ་དཀར་ལ་རྔོག་མ་གནག །རྔོག་མ་མིག་སྨན་མདོག་འདྲར་བཤད། །གང་ཞིག་རྔོག་མའི་མདོག་སྣ་ཚོགས། །འདྲེས་པའི་རྔོག་མ་ཞེས་བྱར་བཤད། །རྔ་མའི་ཁ་དོག་སྣ་ཚོགས་པ། །རྔ་མ་འདྲེས་པ་ཞེས་བྱར་བཤད། །དེ་དང་འདྲ་བ་གཞན་དག་ཀྱང་། །དཀར་
པའི་མདོག་འདྲེས་པ་ཞེས་བྱ། །གསོ་མའི་མེ་ཏོག་མདོག་འདྲ་དང་། །ལྷམ་བུ་ཆུ་གཤེར་འདྲ་བ་དང་། །ཨ་མྲའི་ལོ་མའི་མདོག་འདྲ་དང་། །རྟ་གང་ཀི་ཤུ་དང་འདྲ་དང་། །ཆུ་ཤིང་མེ་ཏོག་འདྲ་བ་དང་། །ཀར་ཀན་རུ་ཡི་མདོག་འདྲ་དང་། །མེ་ཏོག་བནྡུཛི་བའི་མདོག །ལྕང་མ་ཨ་ཤྭ་
ཀའི་མདོག་དང་། །གང་ཡང་བྱུ་རུའི་མདོག་འདྲ་དང་། །མིག་དང་རྔ་རྔོག་ནག་པ་དང་། །མཚན་དང་པགས་པ་དེ་བཞིན་གནག །དེ་ནི་སྤུ་གནག་ཞེས་བྱར་བཤད། །དེ་དག་དམར་པོ་དང་འདྲེས་མདོག །ནག་པོ་དང་འདྲེས་མདོག་ཉོན་ཅིག །ཁུ་བྱུག་དང་ནི་ཆར་སྤྲིན་འདྲ། །
དཱུར་བའམ་མ་ཧེའི་མདོག་འདྲ་བ། །ཨ་མྲ་བ་ཡི་མདོག་འདྲ་བ། །གང་ཡང་ལུང་ཏང་རློན་འདྲ་དང་། །སཱ་ལ་ཏ་ལའི་མདོག་འདྲ་དང་། །ཨུཏྤལ་སྔོན་པོ་ལྟ་བུ་དང་། །གང་གཞན་ཚུལ་ནི་འདི་འདྲ་བ། །རྟ་ནི་ནག་པོ་དང་འདྲེས་མདོག །གང་ཡང་སཱ་ལུའི་གྲ་མ་འདྲ། །ནེ་ཚོའི་སྒྲོ་གཤོག་
འདྲ་བ་དང་། །མར་གྱི་སྙིང་པོའི་མདོག་འདྲ་དང་། །པདྨའི་ས་བོན་མདོག་འདྲ་དང་། པདྨའི་གེ་སར་ལྟ་བུ་དང་། །དེ་བཞིན་མེ་ཡི་རྩེ་འདྲ་དང་། །གང་ཞིག་གཞའ་དང་འདྲ་བ་དང་། །གང་ཡང་བ་བླ་འདྲ་བ་དང་། །སྤུ་ཏི་ཀ་ཡི་སེར་པོ་འདྲ། །ཤྲི་ཤའི་མེ་ཏོག་འདྲ་བ་དང་། །

གང་ཡང་ཁྲེ་འབྲས་མདོག་འདྲ་དང་། །གང་ཡང་སྤྱང་ཁུའི་མདོག་ཅན་དང་། །ཁ་དོག་སེར་པོ་ཇི་སྙེད་དང་། །གཞན་ཡང་སེར་པོ་དང་འདྲེས་དང་། །དེ་འདྲ་དེ་ལས་གཞན་པ་དག །རྟ་ནི་སེར་པོ་དང་འདྲེས་མདོག །དེ་ལྟར་རྣམ་པ་བཞི་པོ་ནི། །མདོག་འདྲེས་པ་
ཞེས་བྱ་བར་བཤད། །གཞན་ཡང་ཁ་དོག་དབྱེ་བ་དང་། །ཁ་དོག་སྣ་ཚོགས་མཉན་པར་གྱིས། །ཕུག་རོན་གྱི་ནི་སྐེ་འདྲ་ཞིང་། །པགས་པ་སྤུ་ཡི་མདོག་དམར་བ། ཕུག་རོན་སྐེ་འདྲ་ཕུག་རོན་སྐེ། །དམར་དང་ནག་པོ་ཅུང་ཟད་འདྲེས། །པགས་བ་རྔ་མ་རྔོག་མ་གནག །
མིག་དང་གསང་བ་རྨིག་པའང་གནག །མཁལ་མའི་མདོག་འདྲ་ནག་འཚེར་བ། །འདི་ཉིད་གནག་པའི་ཤས་ཆེ་བ། །ནག་འཚེར་བ་ནི་ཡིན་ཞེས་བྱ། །གལ་ཏེ་མར་ནག་ཚམ་མཉམ་འདྲེས། །རྒུན་འབྲུ་ལྟ་བའི་ཚེར་ཡིན་པར་བཤད། །རྒུན་འབྲུ་ལྟར་འཚེར་དེ་ཉིད་ལ། །
ཅུང་ཟད་སེར་སྐྱས་འདྲེས་པ་ནི། །ཁ་དོག་གཉིས་ནི་བསྡུས་པ་ལས། །གད་ཞིག་ཤས་ཆེ་དེ་ལ་གདགས། །ནག་པོ་དཀར་བོ་དང་འདྲེས་ཤིང་། །པགས་པ་ནག་པོར་འདུག་པ་ནི། །སྤུ་འདྲེས་དྲང་སྲོང་པ་ཞེས་བཤད། །གསལ་བ་རི་དགས་མདོག་ཅན་ཡིན། །དེ་
ཉིད་དཀར་པོ་མ་གྱུར་ན། །དཀར་པོའི་དྲང་སྲོང་པ་ཞེས་བཤད། །དཀར་པོའི་གཞི་ལ་གནག་དང་འདྲེས། །ཁོར་ལིང་མང་དུ་སྣང་བ་དང་། །ཡན་ལག་གནག་ཅིང་མཇུག་མ་དཀར། །དེ་ནི་སྐྱེ་བའི་དྲང་སྲོང་པ། །དཀར་དང་དམར་དང་ནག་པོར་འདྲེས། །ཕགས་པ་ནག་
པོ་ཡོད་གྱུར་ཅིག །མིག་དང་ཕོ་མཚན་རྨིག་པ་གནག །འདྲེན་མའི་དྲང་སྲོང་པ་ཞེས་བྱ། །དམར་དང་སེར་ངན་ནག་པོ་ཡིས། །དཀར་ལ་འདྲེས་གྱུར་གསོ་དང་མདོག །དམར་སེར་དཀར་པོ་མདོག་འདྲ་ས་རྟ། །སེར་སྐྱའི་པ་འདྲ་སེར་སྐྱ་ཡིན། །ནག་པོ་དམར་པོས་
ཁྱབ་གྱུར་ཅིང་། །དམར་པོ་དང་ཡང་ཆེར་ལྡན་པ། །རྟ་དེ་རྟ་མཁན་དག་གིས་ནི། །དུས་ཀ་ཞེས་ནི་བྱ་བར་བཤད། །ཁྲག་དང་བཙག་གི་མདོག་འདྲ་ཞིང་། །པགས་པ་འདྲེན་མར་སྣང་པ་དང་། །རྔ་མ་རྔོག་མ་དམར་བ་ཡི། །སེར་དང་དམར་པོའི་འདྲེ་གྱུར་པ། །སྤུ་

རྩེའི་མདོག་ནི་གནག་པ་དང་། །རྔ་རྔོག་གཉིས་ཀྱང་གནག་གྱུར་པ། །རྟ་དེ་མཚལ་བུ་ཞེས་བྱར་བཤད། །གད་ཞིག་སྤུ་རྩེ་གནག་གྱུར་ཅིང་། །གཞན་དག་སེར་སྐྱར་གནས་གྱུར་པ། །གདོང་གི་མདོག་ནི་མ་འདྲེས་པའི། །རྟ་དེ་དུར་པ་ཞེས་བྱར་བཤད། །ཀུན་དུ་དཀར་དང་
དམར་བ་ཡི། །སྤུ་ནི་འདྲེན་མར་གནས་གྱུར་ལ། །པགས་པ་ཕོ་མཚན་མཆུ་དམར་བའི། །རྟ་ནི་སེར་པོ་ཞེས་བྱར་བཤད། །དཀར་དང་སེར་བའི་མདོག་འདྲེས་ཤིང་། །པགས་ནག་རྔ་མ་འདྲེན་མར་གནས། །སེར་ལ་དཀར་ཤས་ཆེ་བ་ནི། །ཁ་ན་ཛ་ཏེ་ཞེས་བྱ་བ་ཡིན། །
གོས་ནི་སྲབ་མོས་བཀབ་པ་ལྟར། །ཁ་དོག་གཅིག་ཏུ་མི་མངོན་ཞིང་། །འཁོར་ལིང་མང་པོ་དང་ལྡན་པའི། །རྟ་དེ་འཁོར་ལིང་ཅན་ཞེས་བྱ། །ཁ་དོག་མང་པོ་དང་ལྡན་ཞིང་། །མདོག་གཞན་འཁོར་ལིང་གནས་པ་ཡིས། །བརྒྱན་པ་ལྟ་བུར་སྣང་བ་ནི། །རྟ་དེ་ཁྲ་བོ་
ཞེས་བཤད་དོ། །རྟ་ཡི་རྐང་པ་བཞི་དང་ནི། །མགོ་དང་རྔ་མ་རྔོག་མ་དང་། །རྐེད་པ་དཀར་པོར་སྣང་བ་ནི། །རྟ་དེ་བཀྲ་ཤིས་རྒྱས་པར་བཤད། །དམར་བའམ་དཀར་བའི་འཁོར་ལེང་ངམ། །ནག་པའམ་ཁ་དོག་གཞན་དག་ལས། །ཁ་དོག་དང་ནི་རྗེས་མཐུན་པར། །
དེ་ལས་མིང་དུ་གདགས་པར་བྱ། །གང་གིས་ཁ་དོག་གང་དགའ། །མདོག་གིས་འདྲེས་པར་གྱུར་ན་ཡང་། །མདོག་གི་ཤས་ནི་གང་ཆེ་བ། །དེ་ཡི་མདོག་ལས་གདགས་པར་བྱ། །གང་ཞིག་མདངས་སྣུམ་བརྟན་ཞིང་གསལ། །ཁ་དོག་དེ་ནི་ཐམས་ཅད་བསྔགས། །དེ་
ནས་དཀར་བ་མཆོག་ཡིན་ལ། །དེ་དང་ལྡན་པ་གཞན་པར་བཟང་། །རྟ་ཡི་ཁ་དོག་ཐམས་ཅད་ལས། །ཁ་དོག་དཀར་པོ་མི་འགྱུར་ཡིན། །བརྟན་ཞིང་མི་ཟད་ཉིད་ཀྱིས་ན། །དཀར་པོ་ཉིད་ནི་ཁྱད་པར་འཕགས། །དེ་ལྟར་རྟ་ཡི་ཁ་དོག་ནི། །མདོར་བསྡུས་ནས་ནི་བསྟན་པ་
ཡིན། །ཁ་དོག་དབྱེ་བ་མ་ལུས་པར། །སྨྲ་བར་ནུས་པ་མ་ཡིན་ནོ། །ཤ་ལི་ཧོ་ཏྲའི་མདོའི་གནས་ལས་ཁ་དོག་ཤེས་པར་བྱ་བའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།ཤ་ལི་ཧོ་ཏྲ་ཐུབ་མཆོག་ལ། །ལེགས་ཐོས་ཀྱིས་ནི་ཡང་དྲིས་པ། །ཞུར་དང་དེ་བཞིན་རྒྱལ་མཚན་

དག །ཇི་ལྟར་གནས་པ་བཀའ་སྩོལ་ཅིག །དེ་ལྟར་དྲིས་ཚེ་ལེགས་ཐོས་ལ། །ཤ་ལི་ཧོ་ཏྲས་སླར་སྨྲས་པ། །མཆུ་སྒྲོས་ལྟ་གནས་དཔྲལ་མཚམས་བར། །དཀར་བའམ་ཤིན་ཏུ་དཀར་གང་ཡིན། །དེར་ནི་ཞུ་བོར་ཤེས་བྱ་སྟེ། །འདི་ཡིས་འབྲས་
བུ་རྣམ་བཞི་ཡིན། །གནས་དང་དབྱིབས་དང་ཁ་དོག་དང་། །རང་བཞིན་ལས་ཤིས་མི་ཤིས་འགྱུར། །ཁུར་བ་དེ་ཡི་འབྲས་བུ་ནི། །རིམ་པ་བཞིན་དུ་བཤད་པར་བྱ། །མཆུ་ལྟག་དཔྲལ་བ་སྣ་གདོང་དང་། །གཞན་ཡང་མཆུ་ལྟག་གདོང་པ་དང་། །མཆུ་ལྟག་
ཕུམ་ཕུམ་མཐར་ཐུག་དེ། །རྟ་ཡི་གདོང་བ་ཀུན་དཀར་བ། །རིགས་ཀྱི་དབང་ཕྱུག་འཕེལ་བྱེད་ཡིན། །མགོ་བོ་རྣ་བར་བཅས་དཀར་བ། །བདག་པོ་བདེ་བ་ཀུན་སྐྱེད་དོ། །གནས་གཉིས་ན་ནི་གནས་པའི་འདྲས། །མེ་ལོང་ལྕགས་ཀྱུ་བུམ་པ་དང་། །གདུགས་དང་
རྔ་ཡབ་འདྲ་བ་དང་། །དཔལ་འདི་རིམ་གྱིས་འཕེལ་འདྲ་དང་། །བུམ་པ་གཡུར་དྲུང་དབྱིབས་འདྲ་བའི། །ཞུར་ནི་གང་གི་རྟ་ལ་ཡོད། །བུ་ཚ་བྲན་དང་མཛའ་བོ་འཕེལ། །རྒྱལ་པོས་ལེགས་པར་བཀུར་གྱུར་ལ། །རྟ་ཡང་བདེ་བར་འཚོ་བར་འགྱུར། །ཞུར་ནི་བྱང་
ཆུབ་ཤིང་ལོ་འདྲ། །དེ་ཡིས་སྐལ་བ་བཟང་འགྱུར་ཞིང་། །བུ་ནི་མང་པོ་ཡོད་པར་འགྱུར། །ཟུར་བཞི་ཡོད་ན་རྒྱལ་པོས་ནི། །ཡུལ་ཁམས་རྙེད་པར་སྟོན་པ་ཡིན། །རལ་གྲི་འཁོར་ལོ་རྡོ་རྗེ་གཞུ། །གཤོལ་དང་གཏུན་ཤིང་དབྱིག་པ་དང་། །རྒྱལ་མཚན་བ་བ་དན་གདུགས་
འདྲ་བ། །ཞུར་ལ་དབྱིབས་ཡོད་རྒྱལ་པོ་ཡིས། །ཞོན་ན་གཡུལ་ལས་རྒྱལ་བྱེད་ཡིན། །རྟ་དེ་བཞོན་ནས་རྒྱལ་པོ་ཡིས། །དགྲ་རྣམས་ཐུལ་བར་འགྱུར་བ་ཡིན། །ཆུང་མ་བུ་དང་ཆ་བོ་དང་། །ནོར་ཡང་ཤིན་ཏུ་མང་བར་འགྱུར། །དགད་གཟར་བླུགས་གཟར་
མཆོད་སྡོད་མེ། །ཁ་ཁྱེར་གྱི་ནི་དབྱིབས་འདྲ་བའི། །ཞུར་ཡོད་བདག་པོས་འབྲས་ཆེན་ཐོབ། །མཆོད་སྦྱིན་མང་དུ་བྱེད་པ་དང་། །སྦྱིན་པ་མང་དུ་འགྱེད་པར་འགྱུར། །གང་གི་ཞུར་ནི་བུམ་པ་འདྲ། །མེ་ཏོག་མགོ་ལྕོགས་དབྱིབས་འདྲ་བ། །རྟ་བདག་གཏེར་ནི་བརྒྱ་བྱིན་ཐོབ། །

མེ་ཏོག་པདྨའི་དབྱིབས་འདྲ་བའི། །མིག་མངས་རིས་ཀྱི་དབྱིབས་ཡོད་པ། །གང་གི་རྟ་ལ་ཡོང་གྱུར་པ། །བདག་པོ་བཀུར་སྟི་ནོར་མང་དགེ །ཤིང་རྟའི་དབྱིབས་འདྲའི་ཞུར་ཡོད་པའི། །རྟ་ནི་ནོར་རྣམས་འཕེལ་བྱེད་ཡིན། །སྟེང་ཆ་ཁ་ཞེང་ཆེ་བའི་ཞུར། །ནོར་དང་འབྲུ་དང་
ཕྲད་བྱེད་དོ། །དེ་ཡི་བདག་པོས་དཔལ་ཐོབ་ཅིང་། །བུ་དང་ཚ་བོ་རྣམ་པར་འཕེལ། །དེ་ཡི་ཁྱིམ་དུ་དཔལ་རྟག་གནས། །རྒྱལ་སྲིན་ཀྱང་ནི་ཐོབ་པར་འགྱུར། །རྟ་དེ་ཅིང་འདོད་མ་སྨས་པར། །བདེ་བར་འཆི་བ་ཉིད་དུ་འགྱུར། །མི་ཤིས་པ་ཡི་མཚན་རྟགས་ནི། །རྟའི་
ཞུར་ཁ་དོག་འདྲེས་པ་དང་། །གཡོན་ངོགས་འགྲམ་གླང་བར་དུ་ཆགས། །གཡོན་པའི་མིག་དཀྱུས་དཔྲལ་བའི་ངོས་དང་བཅས། །ཁྱད་པར་སྐྱེས་པའི་རྟ་དེ་ནི། །དཔྲལ་ཆགས་ཞེས་ཏེ་དང་ཚུལ་ངན། །རྒྱུན་དུ་དང་ཞིང་འཐབ་རྩོད་དགའ་བར་འགྱུར། །མུར་འགྲམ་དག་ཏུ་ཆགས་
པའི་རྟ་ཡང་སྨད། །གདོང་པར་དབྱིག་འདྲའི་ཞུར་ཆགས་དང་། །གཡོན་ངོས་ཆེ་ཞིང་ཅུད་ཟད་དང་། །དབུས་ན་ལྕགས་སྒྲོས་འདྲ་ཡོད་པ། །རྟ་དེ་བདེ་བར་མི་འགྱུར་རོ། །དེ་ཡི་བདག་པོ་ཐག་པའམ། །ལྕགས་སྒྲོག་གིས་ནི་བཅིང་བར་འགྱུར། །མཚན་ཉིད་དེ་འདྲས་མི་
འགོར་བར། །དེ་ནི་དགྲ་བོའི་དབང་དུ་འགྱུར། །འཕྲེད་དུ་ཞེང་དུ་ཆེ་བའི་ཞུར། །ནོར་བརླག་པར་ནི་སྟོན་པ་ཡིན། །ནག་ནོག་ཅན་གྱི་ནུར་ཡོད་པ། །བདག་པོའི་ནོར་ནི་ཉམས་པར་བྱེད། །ཞུར་བ་ཡོ་དང་སྦུབ་པ་དང་། །ཆད་པའི་ཞུར་ཡང་སྡུག་བསྔལ་སྐྱེད། །
སྦང་ལེབ་འདྲ་དང་འདྲེས་པ་ཡི། །ཞུར་ཡོད་རྟ་ཡང་དེ་དང་འདྲ། །ཁ་དོག་དཀར་ལ་མདོག་གཞན་གྱི། །ཞུར་ཡོད་པ་ནི་སྨད་པ་ཡིན། །ནག་པོས་བདག་པོ་མི་བཟད་དུག །རེག་པའང་བརླག་པར་བྱེད་པ་ཡིན། །གང་ཞིག་གློག་གི་དབྱིབས་འདྲ་དང་། །མདུང་ཐུང་གི་ནི་
དབྱིབས་འདྲ་བའོ། །དེ་བཞིན་མི་སྣང་གཞན་དག་དང་། །སྲབ་ཅིང་གསལ་བར་མི་མངོན་པ། །དེས་ནི་ནོར་རྣམས་བརླག་པ་དང་། །འཆི་བ་ཉིད་དུ་འགྱུར་བའོ། །མདོངས་ཀྱི་མཚན་ཉིད་གང་ཡིན་པ། །དེ་དག་བཤད་དོ་ཉན་པར་གྱིས། །ཟླ་བའམ་སྐར་མ་འདྲ་བ་ཡི། །

མདོངས་ཡོད་བདག་པོ་རྒྱལ་སྲིད་ཐོབ། །བུ་དང་ཚ་བོ་འཕེལ་བར་འགྱུར། །གང་གི་དགའ་བ་འཁྱིལ་འདྲ་བའི། །རུས་སྦལ་རདྨའི་དབྱིབས་འདྲ་ཡི། །མདོངས་ཡོད་བདག་པོ་ནོར་མང་རྙེད། །གང་ཞིག་རྒྱལ་མཚན་སོགས་དབྱིབས་འདྲ། །མདོངས་
ཡོད་བདག་པོའི་ནོར་བརྒྱན་འཕེལ། །བུ་དང་ཚ་བོ་འཕེལ་བར་བྱེད། །ནས་འབྲས་འདྲ་ཡོད་ཐ་སྙད་མཁས། །གདུ་བུ་འདྲ་ཡོད་ཟས་རྙེད་འགྱུར། །བ་གླང་ར་དང་བྱ་དང་སྦྲུལ། །རྔ་མོ་ཡི་ནི་དབྱིབས་འདྲ་བ། །མདོངས་དེ་ཤིས་པ་སྐལ་བ་བཟང་། །མི་ཤིས་པ་ཡང་བཤད་
པར་བྱ། །དབྲལ་བར་བྱ་རོག་རྗེས་འདྲ་དང་། །བ་གླང་ལྕི་བའི་འབུ་འདྲ་དང་། །གཡོན་འདུག་པའམ་འོག་ན་འདུག །གང་ཞིག་ཐུར་དུ་བལྟས་པ་ཡོད། །དེ་ཡི་བདག་པོ་སྡུག་བསྔལ་ཞིང་། །རྟ་དང་ལྷན་ཅིག་ཉ་མང་ཐོབ། ཚད་དང་ཁ་དོག་མི་སྡུག་དང་། །མི་གསལ་
བ་དང་སྲབ་པ་དང་། །འདྲེས་དང་པགས་པ་ལྟ་བུ་དང་། །གང་ཞིག་དབྱིབས་ནི་མི་སྡུག་དང་། །ཁ་དོག་གཞན་ལ་གཞན་པ་དང་། །རྩ་བ་དང་བཙོག་པ་ཅན་རྣམས་ཀྱི། །མདོངས་དེས་ནོར་རྣམས་ངེས་པར་འཇིག །རྒྱན་མཚན་ལ་སོགས་མཚན་མ་ཉོན། །མགོ་དང་
རྣ་བ་མིག་རྔོག་མཐའ། །རྔ་མ་རྐང་པ་ལྟོ་དང་རྒྱབ། །ཁ་དོག་སྟེང་དུ་མདོག་གཞན་གྱི། །མཚན་མ་ཡོད་པར་གྱུར་པའི་རྟ། །ཞོན་ན་གཡུལ་ལས་ཕམ་པར་འགྱུར། །དེ་བཞིན་སྐྲ་མཚམས་གདོང་དང་ཙེག །ཟེའུ་དང་ཟེའུ་མཐའ་ཨན་ཏོང་དང་། །སྨིན་མ་
དང་ནི་སྣ་རྩེ་གཉིས། །མཆུ་ལྟག་ཕོ་མཚན་རྔ་མ་དང་། །མདོག་སྟེང་ཁ་དོག་བྱུང་གྱུར་པ། །རྟ་དེ་རྒྱལ་མཚན་ཅན་ཞེས་བྱ། །རྒྱལ་མཚན་ཅན་དེ་ཞོན་ནས་ནི། །རྒྱལ་པོ་གཡུལ་འཇུག་དཔུང་ཉམས་འགྱུར། །ཤ་ལི་ཧི་ཏྲའི་མདོའི་གནས་ལས་ཞུར་མདོངས་བརྟག་
པའི་ལེའུ་སྟེ་བཅུ་དགུ་པའོ།། །།ཤ་ལི་ཧོ་ཏྲ་ཐུབ་ཆེན་ལ། །རྒྱལ་པོ་ནེ་ཤ་ཏྲས་དྲིས་པ། །རྟ་ལ་ཁ་དོག་དུ་མ་ཡི། །ཐིག་ལེ་རྣམས་ནི་མཐོང་ལགས་ན། །དགེ་དང་མི་དགེ་ཞུ་འཚལ་ལོ། །དྲང་སྲོང་གིས་ནི་སླར་སྨྲས་པ། །གད་ཞིག་ཐིག་ལེའི་མདོག་མི་གསལ། །

ལུས་ལ་སྐྱེས་པར་གྱུར་པ་ནི། །ཕྲ་ཞིང་མི་གསལ་བ་ཡི་གཟུགས། །དེ་ལ་ཐིག་ལེ་ཞེས་བྱའོ། །ཁ་དོག་འདྲ་བའི་ཐིག་ལེ་ནི། །འཇམ་པ་ཉིད་ཀྱི་མངོན་གྱུར་ཅིང་། །སྦུབས་དང་རྩུབ་དང་གསལ་བ་དང་། །སྦུ་འདུས་གྱུར་པ་ལས་ཀྱང་སྔོན། །ཇི་ལྟར་མིག་འབྲས་ནག་
བོའི་དབུས། །མིག་གི་རྒྱལ་མོ་སྣང་བ་ལྟར། །ལོགས་ཤིག་གྱུར་པ་མེད་གྱུར་ཅིང་། །མདོག་མཐུན་ན་ཡང་མངོན་པ་ཡིན། །མདོག་ནི་ཕན་ཚུན་འདྲེས་པ་ལས། །ཐིག་ལེ་གཞན་ཡང་འབྱུང་བར་འགྱུར། །ཇི་ལྟར་ཤིང་ལ་མེ་ཏོག་ལྟར། །དེ་ནི་གནས་
དབྱིབས་ཁ་དོག་ལས། །ཤིས་པ་དང་ནི་མི་ཤིས་སྐྱེད། །མདུན་སོ་ཡ་མཆུ་མ་མཆུ་ལ། །སྣུམ་ཞིང་དཀར་བའི་ཁ་དོག་སྣང་། །རྨིག་པ་རྣམས་ལའང་དེ་འདྲར་ཆགས། །མཁས་པས་དེས་ནི་ཞག་བདུན་ན། །ནོར་ཐོབ་ལྟས་སུ་ཤེས་པར་བྱ། །ཆེ་ཆུང་ལས་ཀྱི་ཟླ་ཕྱེད་
ནི། །བདུན་ནམ་ཟླ་བ་བདུན་གྱིས་ཐོབ། །མཆུ་སྒྲོས་ལས་ནི་ཐིག་ལེ་ཆགས། །ཟས་དང་སྐོམ་ནི་རྙེད་པར་བཤད། །ཁ་འགྲམ་ཀོ་སྐོར་བྱུང་ན་ནི། །དེ་ཡིས་ཟས་དང་སྐོམ་རྙེད་ཅིང་། །བདག་པོ་བདེ་དང་ལོངས་སྤྱོད་ཐོབ། །འདི་ཡིས་ཁྱིམ་ནི་འཕེལ་འགྱུར་ཞིང་། །གཏེར་
ཐོབ་པར་ཡང་སྣང་བ་ཡིན། །ཤིས་པ་བཤད་ཟིན་འདྲེས་མ་ཉོན། །སྣ་རུ་བྱུང་ན་མཚོན་གྱིས་འཆི། །མཁུར་བར་བྱུང་ན་བུ་ངེས་འཆི། །དཔྲལ་པར་བྱུང་ན་ནོར་ཐོབ་འགྱུར། །དཔྲལ་མཚམས་ཀྱིས་ནི་རྒྱལ་སྲིད་འགྱུར། །ལྐོག་མར་བྱུང་ན་ཟས་སྐོམ་རྙེད། །
མུར་འགྲམ་དག་ཏུ་བྱུང་ན་ཕུང་། །འཆིས་སྲན་བྱུང་ན་ཉེར་འཚེ་བྱེད། །མུར་འགྲམ་ཟ་ཡུར་བྱུང་དེ་འདྲ། །རྣ་བ་གཡོན་པའི་གཡས་ལས་འཕོ། །གཡས་སུ་བྱུང་ན་མཛའ་བོ་འཕེལ། །སྐེ་མཇིང་ལྟག་པ་ཟེམ་ཆེན་དུ། །བྱུང་ན་མཚོན་གྱི་འཐབ་མོ་འོང་། །ལྐོག་
མར་བྱུང་ན་རྟ་བདག་གིས། །ཆུང་མ་དང་ནི་བུ་རྙེད་འགྱུར། །ཕྲག་སོར་བྱུང་ན་བུ་རྙེད་དོ། །རྩིབ་ལོགས་བྱུང་ན་རང་ཕྱོགས་འཕེལ། །པུས་མོར་བྱུང་ན་གནོད་པ་སྐྱེད། །དཔུང་པར་བྱུང་ན་མཛའ་དང་ཕྲད། །གཡོན་ལོགས་ཀྱིས་ནི་སྐྲོད་པར་བྱེད། །ལུས་ཀྱི་སྟོད་སྨད་དུ་བྱུང་

ན། །བདག་པོ་ཕྲོག་བར་སྟོན་པ་ཡིན། །མཆན་ཁུང་དཀུ་ཡི་གནས་སུ་བྱུང་། །ལྟོགས་འགྱུར་མ་མཆུར་བྱུང་ན་འཆི། །ཡ་མཆུར་བྱུང་ན་མི་འཆི་ལ། །མིག་ཏུ་བྱུང་ན་གོས་ཟས་ཐོབ། །ཟེ་བ་ལྟག་དང་ཟེའུ་དང་། །དཔྱི་མགུལ་བརླ་ནི་ཕྲ་མོ་དང་། །
རྗེ་ངར་དང་ནི་དེ་མཚམས་སུ། །བྱུང་ན་འདིར་ནི་སྨད་པར་བཤད། །སྐེ་རྩར་བྱུང་ན་ནོར་ཐོབ་ཅིང་། །རྔོག་ལྟག་གིས་ནི་རྒྱལ་སྲིད་སྐྱེད། །རྒྱུ་མཚམས་ཐིག་ལེ་ནོར་རྙེད་ལ། །སྙིང་གར་བྱུང་ན་གཅོང་ཅན་འགྱུར། །རྩིབ་ལོགས་གཡས་བྱུང་བུད་མེད་རྙེད། །མཇུག་
པོར་བྱུང་ན་ནོར་ཟད་འགྱུར། །རྒྱུར་བྱུང་ན་ནི་སྐལ་བ་བཟང་། །རྒྱབ་ཏུ་བྱུང་ན་གནས་རྣམས་འཕེལ། །ལྟོར་བྱུང་རྟོགས་བའི་འཇིགས་པ་སྟེ། །རླིག་པར་བྱུང་ན་སྐལ་བཟང་རྙེད། །ལྟེ་བའི་རྩ་ལས་དམག་དཔོན་འགྱུར། །ཨོང་དོར་བྱུང་ན་ཆུང་མ་འཕྱོ། །རྐུབ་དང་རྔ་
མའི་རྩ་བར་བྱུང་། །ནོར་རྣམས་ཐམས་ཅད་བརླག་པར་འགྱུར། །པུས་མོར་བྱུང་ན་འཆི་བ་སྐྱེད། །ལྐོག་མ་ཚེའུ་ཕུས་ལམ་འགྲོ་སྟོན། །རྨང་ཁའི་ཐིག་ལེས་བུ་སྐྱེ་སྟོན། །སྤྱི་ལ་བུད་མེད་ཉེས་པ་སྐྱེད། །ཚེའུ་ཚེར་བྱུང་ན་གནོད་པ་སྐྱེད། །གང་ཞིག་བརྟན་པའི་གནས་སུ་
བྱུང་། །འདོད་པ་ཐམས་ཅད་སྐྱེད་བྱེད་དོ། །ཡན་ལག་ལ་བྱུང་དོན་ཀུན་འགྲུབ། །མཛའ་བོ་འཕེལ་ཞིང་དཔལ་སྐྱེད་ལ། །རིགས་དང་གྲགས་པ་འཕེལ་པར་བྱེད། །མདོག་དང་རྗེས་མཐུན་མདོག་བྱུང་ཤིས། །མདོག་གཞན་ཤིས་པ་མ་ཡིན་ནོ། །སེར་པོ་བྱུང་ན་
གཡུལ་དུ་འཇིག། །དཀར་པོ་ལ་ཡང་དེ་དང་འདྲ། །ནག་པོ་འཐབ་མོ་སྐྱེད་པར་བྱེད། །ནག་པོ་བྱུང་ན་གཡུལ་དུ་འཆི། །སྡུག་དང་མི་སྡུག་བདག་གིས། །བདག་པོ་ལ་ནི་འཇིགས་ཆེན་འབྱུང་། །ཐིག་ལེའི་སྟེང་དུ་ཐིག་ལེ་བྱུང་། །དེ་ཡང་རྗེས་མཐུན་མདོག་ཏུ་མིན། །
དེས་ནི་རྒྱལ་པོ་བརླག་པ་དང་། །ཡུལ་འཁོར་དག་ཀྱང་འཁྲུག་པར་སྟོན། །གང་ཚེ་རྟ་ནི་དཀར་པོ་ལ། །ཐིག་ལེ་དཀར་པོ་རྣམས་གྱུར་ན། །དེ་ཡི་བདག་པོ་རྟག་ཏུ་བདེ། །བུ་དང་ཚ་བོ་རྣམས་པར་འཕེལ། །གང་ཞིག་རྟ་ནི་དམར་པོ་ལ། །ཐིག་ལེ་དམར་པོ་སྣང་གྱུར་ན། །

བདག་པོས་མི་བཟད་དགྲ་འདུལ་ཞིང་། །ལོངས་སྦྱོད་ཆེན་པོའང་ཡུན་རིང་འགྱུར། །ནད་ཀྱིས་ཐེབས་ཀྱང་མྱུར་དུ་འཚོ། །གང་ཚེ་རྟ་ནི་སེར་པོ་ལ། །ཐིག་ལེ་སེར་པོ་སྣང་གྱུར་ན། །བདག་པོ་རིགས་བཙུན་ནོར་མང་འཕེལ། །གང་ཚེ་རྟ་ནི་ནག་པོ་ལ། །ཐིག་ལེ་ནག་པོ་
སྣང་གྱུར་ན། །དེ་ཡི་བདག་པོ་མི་བཟད་པའི། །ནད་ཀྱིས་བཏབ་ཅིང་མྱུར་དུ་འཆི། །གང་ཚེ་རྟ་ནི་དཀར་པོ་ལ། །ཐིག་ལེ་དམར་པོ་སྣང་གྱུར་ན། །བདག་པོ་མྱུར་དུ་དགྲ་ཡིས་གསོད། །ཐིག་ལེ་ནག་པོ་བྱུང་བ་ན། །བདག་པོ་མྱུར་དུ་འཆིའམ་འཆི། །རྟ་དམར་པོ་ལ་ཐིག་
ལེ་སེར། །མི་སྣང་དགྲ་བོ་བདག་པོ་གསོད། །རྟ་དམར་ཐིག་ལེ་ནག་པོ་སྣང་། །དེ་ཡི་བདག་པོ་གྲགས་མིན་པའི། །ལས་ཀྱིས་གསོད་པར་འགྱུར་བ་ཡིན། །རྟ་ནག་ཐིག་ལེ་དཀར་པོ་སྣང་། །བདག་པོ་གྲགས་ཐོབ་གཡུལ་ལས་རྒྱལ། །ནག་པོ་དམར་པོའི་ཐིག་ལེ་
སྣང་། །བདག་པོ་གཡུལ་དུ་སྙན་གྲགས་ཐོབ། །དཀར་ལ་ཤིན་ཏུ་དཀར་བ་དང་། །སྣུམ་ཞིང་མཉམ་པའི་ཐིག་ལེ་སྣང་། །དེ་ཡིས་བདག་པོ་རྒྱལ་སྲིད་ཐོབ། །དེ་ནི་རྒྱལ་པོར་འགྱུར་བ་ཡིན། །བུ་དང་ཚ་བོ་རྣམ་པར་འཕེལ། །རྒྱལ་པོ་དང་ནི་ཡུལ་འཁོར་ཤིས། །
དཔུང་དང་མཛོད་ཀྱང་འཕེལ་བར་འགྱུར། །ཐིག་ལེ་ཤེས་པའི་གཟུགས་ལྡན་ཞིང་། །རྗེས་སུ་མཐུན་པའི་མདོག་ཅབ་ལ། །སྣུམ་ཞིང་མདོག་ནི་སྡུག་པ་དང་། །གནས་ལས་མདུན་དུ་བལྟ་བ་དང་། །དེ་ནི་ནོར་རྣམས་རྙེད་པར་འགྱུར། །གོ་བཟློག་པ་ནི་སྨད་པ་ཡིན། །ཐིག་ལེ་ནས་
འབྲས་བ་དྲ་བ་ནི། །བདག་པོ་བུ་དང་ཕྲད་པར་འགྱུར། །ཁ་དོག་སྣ་ཚོགས་དམར་ཤས་ཆེ། །ནོར་རྙེད་པར་ནི་སྟོན་པ་ཡིན། །མདོག་མི་སྡུག་ཅིང་འཐོར་བ་དང་། །རྩུབ་ཅིང་ཆ་ནི་མེ་མཉམ་དང་། །དབྱིབས་ངན་པ་དང་ཕྲ་བ་དང་། །དེ་བཞིན་རྒྱབ་ཏུ་བལྟ་བ་དང་། །མི་མཐུན་
གནས་དང་མཚོན་ཆོགས་དང་། །མདོག་ལས་མདོག་གཞན་གྱུར་པ་རྣམས། །དེས་ནི་ཡུལ་འཁོར་འཇོག་བྱེད་ཡིན། །རྒྱལ་སྲིད་ཉམས་པར་བྱེད་པ་ཡིན། །རྒྱལ་པོ་ཡི་ནི་དཔུང་རྣམས་དང་། །མཛོད་དང་བུ་ནི་འཇོམས་པ་ཡིན། །ཐིག་ལེ་ཤིས་པའི་གནས་བྱུང་ཡང་། །

གང་ཞིག་མཚམས་སུ་སྐྱེས་པ་དང་། །སྣུམ་མདངས་ཆུང་པར་གྱུར་པ་རྣམས། །སྨད་པ་ཡིན་ཞེས་རྣམ་པར་བསྟན། །སྣུམ་ཞིང་མཛེས་པར་གྱུར་པ་ནི། །ཤིས་པ་ཐོབ་པ་ཁོ་ནར་བསྟན། །དེ་ལྟར་གནས་དང་གནས་མིན་པར། །སྐྱེས་པའི་མཚན་མ་
ཀུན་བསྟན་ནས། །འདིར་ནི་ཁ་དོག་ཀུན་འབྲས་བུ། །འདི་ནི་རྩེ་གཅིག་ཡིད་ཀྱིས་ཟུང་། །ཇི་ལྟར་གནས་ནི་རྣམ་པ་བཅུར། །མཚན་ཉིད་སོ་སོར་རྣམ་པར་དབྱེ། །དེ་བཞིན་ཐིག་ལེ་འབྲས་བུ་ཡང་། །ལྟས་སུ་གྱུར་བར་ཤེས་བར་བྱ། །དེ་བས་གནས་དང་ལྟས་རྣམས་ནི། །མཚན་
མ་དག་ཀྱང་གཟུང་བར་བྱ། །དེ་ལྟར་ཐིག་ལེ་མ་ལུས་པའི། །མཚན་ཉིད་ཇི་བཞིན་སྨྲས་པ་ཡིན། །ཤ་ལི་ཧོ་ཏྲའི་མདོའི་གནས་ལས་ཐིག་ལེ་བཟང་ངན་བརྟག་པའི་ལེའུ་སྟེ་ཉི་ཤུ་པའོ།། །།ཤ་ལི་ཧོ་ཏྲ་བདེར་གནས་ལ། །ལེགས་ཐོས་ཀྱིས་ནི་ཡང་དྲིས་པ། །
ཤར་ཞེས་བྱའི་ཁྱད་པར་གློག །དཀའ་ཐུབ་ཆེན་པོས་དེ་གསུངས་ཤིག །དཀར་ལ་མདོག་གཞན་དང་འདྲེས་པ། །ཤ་ར་ཞེས་ནི་བྱ་བར་བཤད། །གང་ཞིག་ཁོ་ན་གཞན་གྱིས་ནི། །ཁ་དོག་དཀར་བ་ཟིལ་མནན་ན། །གནས་དང་གྲགས་པ་གཞན་དག་གིས། །དེ་ཡི་
བདག་པོ་ཟིལ་མནན་འགྱུར། །འདི་ཡང་གནས་དང་དབྱིབས་དག་ནི། །གཞན་ལས་འབྲས་བུ་གཞན་དུ་འགྱུར། །ར་བ་མདའ་ཡབ་འདྲ་བ་དང་། །ཁང་བའི་ཕྱི་སྒོ་ལྟ་བུ་ཡི། །རྟ་ལ་ཤ་ར་ཡོད་ན་ནི། །བདག་པོས་ལ་དབང་བྱེད་འགྱུར། །གདེངས་ཀ་སྦྲུལ་འཁྱིལ་
ཤིང་འདྲ་དང་། །ཁྱུ་མཆོག་རུས་སྦལ་ཆུ་སྲིན་འདྲ། །ཤ་ར་རྟ་ལ་ཡོད་ན་ནི། །བདག་པོ་ཤིན་ཏུ་ཕྱུག་པར་འགྱུར། །ཁ་བཟང་རི་ཡི་རྩེ་མོ་འདྲ། །རི་མོ་གསལ་པོ་ཡོད་པའི་རྟ། །བདག་པོ་དབང་ཕྱུག་ལྡན་པ་དང་། །རང་དང་གཞན་ཉིད་བཀུར་པར་འགྱུར། །ཆག་
པའི་ཤིང་དང་སྒ་འདྲ་ཡོད། །བདག་པོས་ཕན་ཟད་པར་འགྱུར། །རྔ་རྩེ་དག་ཏུ་བྱུང་ན་ནི། །བདག་པོའི་མཆིང་བ་འཕེལ་བར་འགྱུར། །གང་ཞིག་ལྟེ་བ་ནས་བཟུང་ནས། །རོ་སྟོད་ཉི་མ་ཤར་ཁ་འདྲ། །དེ་བཞིན་རོ་སྨད་ཆ་དང་ནི། །ཟླ་བ་ཡིན་མདོག་འདྲ་བ། །མདངས་དང་

མདོག་ནི་ཕུན་ཚོགས་པ། །ཉིན་མོ་གཡུལ་ལས་རྒྱལ་བྱེད་ཡིན། །དེ་ལས་གོ་བཟློག་གྱུར་པ་དང་། །མཚན་མོ་གཡུལ་ལས་རྒྱལ་བྱེད་ཡིན། །གང་གི་ལྟེ་བ་ནས་བཟུང་ནས། །རོ་སྟོད་མདངས་སྣུམ་ནག་པོ་ནི། །དེ་ཡང་ཉིན་མོ་རྒྱལ་བྱེད་
ཡིན། །དེ་ལས་གོ་བ་ཟློག་གྱུར་ཏེ་ཡང་། །མཚན་མོ་རྒྱལ་བར་བྱེད་པ་ཡིན། །ཆ་ནི་འདི་དག་ཉིད་ཀྱིས་ནི། །གཡས་དང་གཡོན་དུ་འོད་གཞན་བྱུང་། །ཉིན་མོའམ་ནི་མཚན་མོ་དག །འཐབ་པའི་ཚེ་ན་རྒྱལ་བྱེད་ཡིན། །གཡས་ཕྱོགས་ཀྱི་ནི་ཁ་དོག་དང་། །རོ་
སྟོད་ཀྱི་ནི་མདོག་འདྲ་ཞིང་། །མདངས་སྣུམ་ཤིས་པའི་གཟུགས་ཅན་ནི། །རྟ་དེ་བསྔགས་པར་གྱུར་པ་ཡིན། །བྲམ་ཟེའམ་ནི་རྒྱལ་རིགས་ལས། །གཞན་གྱིས་དེ་ཐོབ་མི་རིགས་སོ། །དེས་ནི་དགྲ་ཀུན་ཟད་བྱེད་ཡིན། །ཆོས་དང་འདོད་པའང་སྟེར་བྱེད་ཡིན། །གང་
གི་རོ་སྟོད་མདོག་ནག་ཅིང་། །རོ་སྨད་མདངས་སྣུམ་དཀར་བ་ནི། །དགྲ་འཇོམས་མཛའ་བོ་འཕེལ་བྱེད་དེ། །དེ་ཡང་གཡུལ་ལས་རྒྱལ་བྱེད་ཡིན། །རོ་སྟོད་དུང་ལྟར་དཀར་བ་ལ། །རོ་སྨད་མདོག་ཞན་ལྡན་པ་ཡིན། །དེ་ལ་མཛའ་སྐྱེས་ཞེས་བྱ་སྟེ། །རིགས་འཕེལ་ཉིན་
མོ་ཤིས་པ་ཡིན། །པར་ལ་ལྟ་ར་མཆུ་དམར་ཞིང་། །ཁ་དང་ལྕེའུ་ཆུང་དམར་གྱུར་པ། །ཁྱིམ་དུའང་ཤིས་པར་འགྱུར་བ་དང་། །ལམ་དུའང་ཕན་པ་སྐྱེད་བྱེད་ཡིན། །གཞན་ཡང་དེ་དང་འདྲ་བའི་རྟ། །མདོག་ལ་སྤུ་ནི་སྲབ་བ་དང་། །མདངས་སྣུམ་ཤིས་པའི་གཟུགས་ཅན་
ནི། །རྟ་མཆོག་དེ་ནི་བསྔགས་པ་ཡིན། །གནག་དང་དམར་དང་སེར་པོ་ལ། །ཟླུམ་རིས་དཀར་པོས་བརྒྱན་པའམ། །དཀར་ལ་མདོག་གཞན་གྱིས་བརྒྱན་པའི། །རྟ་ནི་དཔལ་སྐྱེད་བྱེད་པ་ཡིན། །ཤ་ལི་ཧོ་ཏྲའི་མདོའི་གནས་ལས་ཤ་རའི་མདོག་གི་ཁྱད་པར་ཞེས་བྱ་བའི་ལེའུ་
སྟེ་ཉི་ཤུ་རྩ་གཅིག་པའོ།། །།ལྷ་དང་དྲང་སྲོང་གྲུབ་པའི་ཕ། །གཙང་མའི་བདག་ཉིད་དབང་པོ་ཐུལ། །རྟ་ཡི་ཚེ་ཡི་རིག་བྱེད་མཁས། །རྟ་བྲེས་ནས་ནི་གནས་པ་ལ། །ཀ་ར་ཡ་ནས་རྐང་པ་ལ། །ལེགས་པར་བཟུང་ནས་ཚིག་འདི་དྲིས། །རྟ་ཡི་ཤིས་དང་མི་

ཤིས་པའི། །མཚན་ཉིད་ཐམས་ཅད་ཤེས་བྱ་བ། །སོ་སོར་རྒྱས་པ་དག་ཏུ་ནི། །ལེགས་ལྡན་གྱིས་ནི་སྔར་བཤད་ན། །འདི་དག་ཐམས་ཅད་མ་ལུས་པ། །བསྲེས་པ་དག་ཀྱང་རྟོགས་བར་འཚལ། །ཤ་ལི་ཧོ་ཏྲས་སླར་སྨྲས་པ། །མཚན་
ཉིད་ཐམས་ཅད་ཕུན་སུམ་ཚོགས། །བསྲེས་བའི་མཚན་ཉིད་ཉན་པར་གྱིས། །ནག་པོ་སྣུམ་མདངས་ལྡན་པ་ལ། །ཁ་དང་རྐང་པ་རྔོག་མ་ལ། །དེ་བཞིན་མིག་དང་བྲང་རྣམས་ནི། །གང་ཞིག་དཀར་པོར་གྱུར་པ་དག །རྟ་དེ་ཞོན་ན་རྒྱལ་པོ་ནི། །མ་ལུས་པ་ལས་རྒྱལ་
པར་འགྱུར། །གང་ཞིག་རྨིག་པ་སྤུ་ཡིས་ནི། །ཀུན་ནད་ཁེབས་པར་སྣང་གྱུར་པ། །རྟ་དེ་གཡོགས་པ་ཞེས་བྱ་སྟེ། །བདག་པོ་ཕུན་ཚོགས་འཕེལ་བྱེད་ཡིན། །ཡན་ལག་ཉིང་ལག་ལ་བརྟེན་ནས། །གང་གི་མདངས་ནི་ཤིས་པ་ཡོད། །མཐོང་ན་མིག་ནི་དགའ་བྱེད་
ཅིང་། །ཡིད་ཀྱང་མགུ་བར་བྱེད་པ་ཡིན། །རྟ་ནི་ཁ་དོག་གཅིག་གྱུར་པའི། །ལུས་དང་ལྡན་པ་དེ་ཡི་བདག །འཇིག་རྟེན་དུ་ནི་འགྲོ་ཀུན་ལ། །སྲོག་འདྲ་བར་ནི་སྡུག་པར་འགྱུར། །འཛམ་བུ་སྨིན་པ་ལྟ་བུར་སྣང་། །གནག་པ་ལེགས་པར་བྲིས་པ་འདྲ། །རྟ་དེ་རྒྱལ་
པོས་ཞོན་པ་ནི། །མི་དབང་པ་ཡང་དབང་དུ་འགྱུར། །ཤིན་ཏུ་དམར་ཞིང་བར་སྣུམ་པའི། །རྟ་ནི་གང་ཞིག་འཆང་བྱེད་པ། །དེ་ནི་དོན་ཀུན་ཕུན་སུམ་ཚོགས། །གཡུལ་ངོ་དག་ཏུ་རྒྱལ་བར་འགྱུར། །ཀུན་ནག་བྱ་རོག་འདྲ་བའམ། །ཅེ་སྤྱང་སྤྱང་ཁུའི་མདོག་འདྲ་བའི། །
གང་ཡང་གྲ་མའི་མདོག་འདྲ་བ། །དེ་ནི་གཡུལ་དུ་རྒྱལ་བྱེད་ཡིན། །རྒྱབ་གཞུང་བོར་བུ་འདྲ་བ་ཡི། །མདོག་གཞན་གྱི་ནི་རི་མོ་ཅན། །དེ་ནི་གཞུང་ཐིག་ཡིན་ཞེས་བྱ། །རྟ་དེ་ནོར་ནི་འཇིག་བྱེད་ཡིན། །གང་ཞིག་ལུས་མདོག་རི་དགས་འདྲ། །རྨིག་པ་སོར་མོ་འདྲ་
བར་སྐྱེ། །བྱི་བའི་སྡེར་མོ་ཞེས་བཤད་དོ། །རྟ་དེ་མཇའ་དང་འབྲེལ་བྱེད་ཡིན། །གཞུང་ཐིག་ཅན་དང་མིག་མི་སྡུག །དེ་བཞིན་བྱི་བའི་སྡེར་མོ་ཅན། །མདོག་མི་སྡུག་པའི་རྟ་མཐོང་ན། །རིང་དུ་ཡོངས་སུ་སྦང་བར་བྱ། །རྫ་གྱོ་ཆག་པའི་མདོག་འདྲ་བའི། །ཐལ་བའི་

མདོག་དང་བྱི་ལའི་མདོག །བྱི་བའི་མདོག་དང་མདོག་མི་སྡུག །དེ་དག་གིས་ནི་བདག་པོ་གསོད། །དོན་གྲུབ་པ་ལ་སྨད་པ་ཡིན། །དུ་བ་དུ་བ་མིག་མདོག་འདྲེས། །མེ་ཏོག་ཁ་སེ་ཏཱ་ལའི་མདོག་འདྲ་བ། །རྔ་མ་རྔོག་མ་དམར་སེར་ཡོད། །རྟ་དེ་རིགས་ནི་རླག་བྱེད་ཡིན། །
གང་གི་རླིག་པ་རྨིག་པ་དང་། །རྔ་མ་མིག་དང་རྐན་ཡང་གནག །དེ་ནི་མཇུག་གནག་ཅེས་བྱ་སྟེ། །རིགས་དང་མཛོད་ནི་ཟད་བྱེད་ཡིན། །ཕྲག་སོ་རྒྱབ་དང་སྐེ་རྩ་དང་། །ཨོང་དོ་དག་ཏུ་རི་དགས་ནི། །ཨེ་ན་ཡ་ཡི་མདོག་ལྟར་གནག །དེ་ནི་གཡང་གཞི་ཅན་ཞེས་བྱ། །ཕྲག་
སོས་བུ་ནི་འཆི་བར་འགྱུར། །སྐེ་རྩས་ཁ་ལོ་བ་འཆི་འགྱུར། །རྒྱབ་ཀྱིས་བདག་པོ་འཆི་བར་འགྱུར། །ཨོང་དོས་ཆུང་མ་ངན་སྤྱོད་འགྱུར། །གང་ཞིག་སྟག་འདྲའི་རི་མོ་ཡོང་། །རྟ་དེ་བླུན་པོ་ཞེས་བྱ་སྟེ། །གསེར་ཅན་ཞེས་ཀྱང་དེ་ལ་བྱ། །གཡུལ་དུ་བདག་པོ་གསོད་བྱེད་ཡིན།
རོ་སྟོད་དམ་ནི་གཞན་དག་ཏུ། །རི་དྭགས་པགས་འདྲའི་ནག་པོས་ཁྱབ། །བདག་པོ་གསོད་ཅིང་ཀུན་གསོད་སྐྱེད། གང་ཞིག་མདངས་དང་བཅས་པ་ཡི། །རྐང་ལག་གཉི་གར་ཤིས་པ་ཡིན། །རྐང་ལག་གཉིས་ནི་དཀར་གྱུར་པ། །མདངས་དང་བཅས་ན་དེ་མི་སྨད། །ལག་
གཅིག་དཀར་མདངས་མེད་པ། །བདག་པོ་གསོད་བྱེད་གཡུལ་དུ་སྤང་། །རྐང་ལག་གཉིས་ནི་དཀར་གྱུར་པ། །གཡུལ་དུ་ཤིས་ཤིང་དཔལ་སྐྱེད་མིན། །རྐང་ལག་དཀར་བའི་འབྲས་བུ་ནི། །རྒྱ་ཆེར་ང་ཡིས་བཤད་པར་བྱ། །རྟ་གང་གིས་ནི་མདུན་རྐང་གི །གཡས་པ་དཀར་པོ་
གྱུར་པ་དེ། །གཡུལ་དུ་དོན་མི་འགྲུབ་པར་བྱེད། །སྔ་རྐང་གཡོན་པ་དཀར་གྱུར་པ། །དཔུང་བ་གནོད་པ་སྐྱེད་བྱེད་ཡིན། །ཕྱི་རྐང་གིས་ནི་གཡས་པ་དཀར། །བདག་པོ་གསོད་པར་བྱེད་པ་ཡིན། །གཡོན་པ་དཀར་བསག་ཡུལ་དུ་ནི། །ཞོན་པ་པོ་དང་བཅས་བཙོན་འཁྱེར། །
སྔ་རྐང་གཉིས་དང་དེ་བཞིན་དུ། །ཕྱི་རྐང་གི་ནི་གཡོན་པ་དཀར། །བདག་པོ་གཡུལ་དུ་མདའ་མདུང་གིས། །འཆི་བར་བྱེད་པ་ཉིད་ཡིན་ནོ། །སྔ་རྐང་གཉིས་དང་དེ་བཞིན་དུ། །ཕྱི་རྐང་གཡས་པ་དཀར་གྱུར་པ། །གཡུལ་དུ་བདག་པོ་འཆི་གྱུར་ནས། །དེ་ཡི་རྗེས་ལ་རང་ཉིད་འཆི།

སྔ་རྐང་གཡོན་པ་དཀར་གྱུར་ཅིང་། །ཕྱི་རྐང་གཉིས་ཀ་དཀར་གྱུར་པ། །རྟ་དེ་གཡུལ་དུ་འཇུག་གྱུར་ན། །གྲོགས་དང་བཅས་པ་འཆི་བར་འགྱུར། །སྔ་རྐང་གཡས་པ་དཀར་གྱུར་ཅིང་། །ཕྱི་རྐང་གཉིས་ཀ་དཀར་ན་ནི། །རྟ་དེ་བདག་པོ་གསོད་བྱེད་
ཡིན། །ལས་རྣམས་འགྲུབ་པར་མི་འགྱུར་རོ། །དེ་ལྟར་མི་ཤིས་བཤད་ནས་ནི། །ཤིས་པ་བཤད་ཀྱིས་ཉན་པར་གྱིས། །སྔ་རྐང་གཡས་པ་དཀར་གྱུར་ཅིང་། །ཕྱི་རྐང་གཡོན་པ་དཀར་བ་ནི། །ཐད་དཀར་དཀར་པོ་ཞེས་བྱ་སྟེ། །མཛའ་བཤེས་ཉེ་དུ་འཕེལ་བྱེད་ཡིན། །
དེ་བཞིན་ཅིག་ཤོས་གཉིས་དཀར་བ། །མཛའ་བོ་འཕེལ་བར་བྱེད་པ་ཡིན། །སྔ་རྐང་གཉིས་ནི་དཀར་གྱུར་ན། །ནོར་དང་བདེ་དང་དགའ་བ་སྐྱེད། །ཕྱི་རྐང་གཉིས་ནི་དཀར་གྱུར་བ། །གཡུལ་དུ་དགྲ་ལས་རྒྱལ་བར་འགྱུར། །ངོས་གཅིག་དཀར་པར་གྱུར་པ་ལས། །
གཡས་བ་དཔུང་དང་མཛོད་འཕེལ་བྱེད། །གཡོན་པས་སྐལ་པ་བཟང་བ་དང་། །ནོར་དང་མཛོད་ཀྱང་འཕེལ་བར་བྱེད། །རྐང་བ་བཞི་ཆར་དཀར་བའི་རྟ། །རེགས་དང་ཆོས་ནི་འཕེལ་བྱེད་ཡིན། །ཚིག་གྲང་མན་ཆད་རྐང་བཞི་དཀར། །འབྲས་བུ་ཆེན་པོ་སྐྱེད་ཅེས་བྱ། །
བ་སྤུའི་མཐའ་མ་རྟིང་པའམ། །སྤྱི་བོར་གང་ཞིག་དཀར་གྱུར་རྟ། །དེ་ནི་སྔར་བཤད་ལས་ཁྱད་པར། །འབྲས་བུ་ཆུ་ངུན་སྐྱེད་པར་བྱེད། །པུས་མོའི་བར་དུ་དཀར་བའི་རྟ། །འབྲས་བུ་གསལ་པོར་འབྱིན་པར་འགྱུར། །རྟ་ནི་ཁ་དོག་གཞན་ཡོད་པ། །རྐང་པ་ལུས་
མདོག་མི་མཐུན་ན། །དེ་ཡི་འབྲས་བུ་སྔར་བཤད་པའི། །ཁྱད་པར་བཞི་དུ་ཤེས་པར་བྱ། །གང་གི་ལག་པ་གཉིས་དཀར་ཞིང་། །རྐང་པ་གཉིས་ནི་གནག་བའམ། །དམར་པའི་ཁ་དོག་གཞན་ཡོད་པ། །དེ་ནི་ཉིན་མོ་རྒྱལ་བྱེད་ཡིན། །དེ་ལས་བཟློག་བར་གྱུར་པ་
ནི། །མཚན་མོ་རྒྱལ་བར་བྱེད་པ་ཡིན། །གང་ཞིག་ཁ་དོག་དམར་པོའི་རྟ། །རྐང་པ་སྔོ་སེར་དཀར་དང་གནག །ཡང་ན་རྨིག་པ་སྔོ་བའམ། །སེར་དང་དམར་དང་དཀར་དང་གནག །ཁ་དོག་གཉིས་སམ་གསུམ་མམ་བཞི། །མདོག་གང་མདོག་རྗེས་ཡོད་གྱུར་པ། །

ལྷ་ཡི་རྟ་ནི་དེ་འདྲ་འབྱུང་། །དེ་ཡི་རྒྱལ་པོ་རྒྱལ་བྱེད་ཅིང་། །དགྲ་རྣམས་ཐུལ་བར་བྱེད་པ་དང་། །གཡུལ་དུ་རྟག་ཏུ་ཤིས་པ་དང་། །ནོར་དང་བུ་དང་ཚ་བོར་ལྡན། །གང་ཞིག་སྐྱེས་པ་ཚུན་ཚད་ནི། །རྔ་རྔོག་སྐྱེ་བར་མི་འགྱུར་བ། །བདག་པོ་རིགས་ནི་བརླག་བྱས་ནས། །དེ་ཡི་
རྗེས་ལ་དར་ཉིད་ཉམས། །རྨོང་ཁ་ཡི་ནི་གཡས་གཡོན་ན། །བ་ཡི་ནུ་སོར་ལྟ་བུ་དག །ཡོད་པ་དེ་ཡིས་རྒྱལ་སྲིད་འཇིག །བ་གླང་རྭ་འདྲ་རུ་རུ་ཡི། །རྭ་ཡི་རྩེའམ་བ་ནུ་འདྲ། །ལྕི་བའི་རྩེ་མོ་ལྟ་བུའམ། །དེ་བཞིན་པགས་པའི་མཛོར་པའི་དབྱིབས། །ཡང་ན་བིལ་བ་ལྟ་
བུའམ། །ལག་སོར་ལྟ་བུའི་རྭ་དག་ནི། །སྦོམ་པོའམ་ཡང་ན་ཕྲ་མོ་དག །རིད་དང་ཐུང་དང་རྩུབ་དང་ལྗང་། །སྲ་དང་སྙི་བ་གང་ཡང་རུང་། །རྣ་རྩའམ་སྐྲ་མཚམས་ཐ་མའམ། །དཔྲལ་པ་ཡང་ན་སྤྱི་བོའམ། །དེ་ལས་གཞན་པའི་གནས་དག་ཏུ། །དེ་ལས་གཞན་པའི་དབྱིབས་ཡོད་
པ། །གང་བྱུང་དེ་ནི་རྭ་ཅན་དེ། །བདག་པོ་ཡུལ་འཁོར་འཇིག་བྱེད་ཡིན། །ཡུལ་ཕྱོགས་གང་ན་རྟ་དེ་ཡོད། །ཡུལ་དེ་རླག་པར་འགྱུར་བ་ཡིན། །དེས་ན་དེ་ནི་དགྲ་བོ་ཡི། །ཡུལ་དུ་བསྐྱལ་ལ་རྗེས་ཞི་བྱ། །རྟ་ནི་གང་གི་ཁ་ལ་ནི། །ཤ་ཁྲ་ཡིས་ནི་ཀུན་དུ་ཁྱབ། །དེ་བཞིན་རྐུབ་དང་རླིག་
པ་དང་། །རྣ་བ་དག་དང་མིག་ཏུ་བྱུང་། །རྟ་དེ་ཤ་ཁྲ་ཅན་ཞེས་བྱ། །མི་ཤིས་སྡིག་པའི་མཚན་ཉིད་ཅན། །རྟ་བྲེས་སུ་ནི་མིག་གཞུག་ཅིང་། །བཀྲ་ཤིས་འདོད་པས་རེག་མི་བྱ། །མིག་གི་ཉེས་པ་བཤད་བྱ་ཡི། །ཁྱི་མིག་དོམ་དང་བྱི་བའི་མིག །སྦལ་མིག་ནོར་བུའི་མིག་འདྲ་དང་། །བྱི་བ་
འུག་པ་ཉ་མིག་ཅན། །ཕག་དང་ཁྱུ་མཆོག་ལྟ་བུའི་མིག །བྱ་རོག་ལུག་དང་ཁྲ་མིག་ཅན། །ཁྲ་ཡི་མིག་ཅན་སྨད་པ་ཡིན། །མིག་ཡོ་མིག་ནི་གདུག་པ་དང་། །མིག་སེར་བ་ཡང་སྤང་བར་བྱ། །དེས་ནི་བདག་པོ་མི་བདེ་ཞིང་། །རིགས་ཟད་པ་ཡང་བྱེད་པ་ཡིན། །གཡུལ་དུ་བདག་
པོ་ཕམ་དང་གསོད། །རྐན་གྱི་མདོག་ནི་སྣ་ཚོགས་དང་། །དབྱིབས་ཀྱི་འབྲས་བུ་ང་ཡིས་བཤད། །གེ་སར་ནག་པོ་ལྟ་བུ་ཡི། །ཐིག་ལེ་གང་ལ་ཁྱབ་གྱུར་པ། །དེས་ནི་ལམ་དུ་ཉོན་མོངས་འགྱུར། །རྐན་གྱི་ཕྱེད་ནི་དཀར་བ་ཡིས། །ནོར་ཟད་གེ་སར་ལྟ་བུ་ཡིས། །འགགས་

ན་མི་ཤིས་གྱུར་པ་ཡིན། །རྐན་ནི་སྣུམ་ཞིང་ཟབ་པ་དང་། །དམར་པར་གྱུར་ན་བསྔགས་པ་ཡིན། །ཤིན་ཏུ་མདར་ཞིང་ཆེར་ཁྱབ་ལ། །རྩུབ་མོ་མེད་ལའང་འབྲས་བུ་ཆེ། །སྣུམ་ཆུང་དམར་པའི་ཤ་ཆུང་བ། །འབྲས་བུ་ཆུང་བར་ཤེས་པར་བྱ། །རྐན་
གྱི་ཁ་དོག་འབྲས་བུ་དང་། །སོ་ཡི་འབྲས་བུ་ཉིད་དང་ནི། །མཚན་ཉིད་དག་ནས་དང་བཞི་ལས་བརྟག །རླིག་འབྲས་གཅིག་པ་བདག་པོ་གསོད། །རླིག་འབྲས་གསུམ་པ་བུ་གསོད་བྱེད། །རླིག་འབྲས་དམར་སེར་ནོར་ཉམས་བྱེད། །རླིག་
འབྲས་ཤིན་ཏུ་འཕྱང་བ་དང་། །གཡུལ་དུ་བདག་པོ་གསོད་པར་བྱེད། །རླིག་པ་སྤུ་ནི་ཆེ་བའམ། །ཡང་ན་སེར་སྐྱར་གྱུར་པའམ། །དེ་བཞིན་ཞུ་པར་གྱུར་པ་ཡང་། །ད་ཡིས་བདག་པོ་གསོད་བྱེད་ཡིན། །ཁ་དོག་གཞན་དང་ལྡན་པ་ལས། །པུས་མོ་གཉིས་ནི་ནག་གྱུར་ཅིང་། །
སྲེ་ལོང་ནག་པོར་གྱུར་པ་ནི། །བདག་པོ་གསོད་བྱེད་ཤེས་པར་བྱ། །ལུས་ཀྱི་ཀ་དོག་གཉིད་ལས་ནི། །རྔ་མའི་ཁ་དོག་གཞན་གྱུར་པ། །འབར་བའི་རྔ་མ་ཅན་ཞེས་བྱ། །རྟ་དེ་རྟག་ཏུ་སྤང་བར་བྱ། །རྔ་མའི་རྩེ་མོ་མདོག་གཞན་གྱུར། །ཡུལ་འཁོར་ཡང་ནི་རླག་པར་བྱེད། །རྟ་ནི་
མདོག་དཀར་གྱུར་པ་ལ། །ནག་པོ་ཅུང་ཟད་ཡོད་མི་ཤིས། །རྣ་བ་དང་ནི་རྔོག་མ་ནས། །རྔ་རྩེ་ནག་པོར་གྱུར་པ་ནི། །དེ་ནི་རྣ་ནག་ཡིན་ཞེས་བྱ། །ལས་རྣམས་ཀུན་ལ་ཤིས་པ་ཡིན། །གཡུལ་དང་ལམ་ཞུགས་ཁ་ལ་བཀལ་བ། རྒྱལ་པོ་རྣམ་རྒྱལ་སྐྱེད་བྱེད་ཡིན། །རྔམ་
འབར་བཞེས་བྱ་དང་། །རྔ་རྩེ་ནག་པ་མ་གཏོགས་པ། །རྟ་ནི་ཁ་དོག་ནག་པ་ལ། །དཀར་པོ་ཅུང་ཟད་ཡོད་པ་ཤིས། །ལྷམ་བུ་ཆུ་ཤེལ་མདོག་འདྲ་ཞིང་། །གང་གི་མགོ་ནི་དཀར་གྱུར་པ། །རྟ་དེ་དཔལ་ཡོན་ཅན་ཞེས་བྱ། །རྒྱལ་པོ་རྣམ་རྒྱལ་སྐྱེད་བྱེད་ཡིན། ཤ་ལི་ཧོ་
ཏྲའི་མདོའི་གནས་ལས་འདྲེས་པའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ།། །།ཁ་བ་ཅན་གྱི་རི་བོའི་མཆོག །འབྱུང་ཁུངས་སྣ་ཚོགས་ཀྱིས་བརྒྱན་པ། །ཤིན་ཏུ་མཐོ་ཞིང་རྩེ་མོ་ཆེ། །ཀུན་ནས་རླུང་ནི་མི་ལྡང་ཞིང་། །རྩེ་མོ་ཁ་བས་རྣམ་པར་གཡོགས། །མིའམ་ཅི་ཡི་གླུ་

སྒྲས་ཁྱབ། །བྱ་རྣམས་སྣ་ཚོགས་སྒྲ་འབྱིན་ཅིང་། །རི་དགས་སྣ་ཚོགས་རྣམས་ཀྱིས་འཛེས། །སྣ་ཚོགས་ཤིང་གིས་ཀུན་དུ་ཁྱབ། །མཁའ་ལ་རྒྱུ་བ་རྟག་ཏུ་དགའ། །རིག་འཛིན་ཆོགས་ནི་ལེགས་གནས་ཤིང་། །དྲི་ཟའི་ཚོགས་ཀྱིས་བསྟེན་པར་ནི། །ཤ་ལི་ཧོ་ཏྲ་ལེགས་
གནས་ལ། །ལེགས་ཐོས་ཀྱིས་ནི་ཡང་དྲིས་པས། །རྒྱལ་པོའི་བཞོན་པར་འོས་པའི་རྟ། །དྲང་སྲོང་ཆེན་པོས་བདག་ལ་གསུངས། །རྒྱལ་པོའི་རྟ་ནི་ཅི་ལྟ་བུ། །དེ་ཡི་ངེས་པ་བདག་ལ་གསུངས། །བུ་ཡིས་དེ་སྐད་དྲིས་པ་དང་། །ཤ་ལི་ཧོ་ཏྲས་སླར་སྨྲས་པ། །ཡོན་ཏན་སྐྱོན་
དག་རྒྱལ་པོ་ལ། །འཇིག་རྟེན་འབྱུང་བ་ཅི་འདྲ་བར། །དེ་ལྟར་ཐ་མ་མི་རྣམས་ལ། །འབྱུང་མི་འབྱུང་བར་གཞུང་ལས་བཤད། །དེ་བས་རྒྱལ་པོའི་བཞོན་པ་ཡི། །མཚན་ཉིད་འབད་པས་བརྟག་པར་བྱ། །ཅི་ནས་ཉེས་པ་མི་འབྱུང་བར། །རྣམ་པ་ཀུན་དུ་བྱ་བ་ཡིན། །ཚད་དང་སྟོབས་དང་
སྙིང་སྟོབས་གཟི། །སྟོབས་དང་ལུས་ཀྱི་མེ་དྲོད་ལྡན། །གཙུག་འཁྱིལ་བཟང་ཞིང་མདངས་རབ་སྣང་། །འགྲོས་ན་ཕུན་སུམ་ཚོགས་པ་དང་། །སྐལ་བཟང་དྲི་ནི་ཞིམ་པ་དང་། །དེ་བཞིན་སྐྱེ་གནས་བཟང་བ་དང་། །རིག་ལྡན་དང་ཚུལ་ཕུན་སུམ་ཚོགས། །དུལ་ཞིང་མཐོང་ན་དགའ་བ་དང་། །
བད་ཀན་རང་བཞིན་ཅན་མཆོག་དང་། །དེ་བཞིན་བཟང་པོའི་སྐྱེ་གནས་དང་། །སྨད་བའི་མཚན་ཉིད་མེད་གྱུར་ཅིང་། །ཀུན་ནས་རྣམ་པ་ཐམས་ཅད་དུ། །མཚན་ཉིད་བཟང་པོ་ཕུན་ཚོགས་པ། །རབ་ཏུ་འབད་དེ་བརྟག་པར་བྱ། །རྒྱལ་པོའི་བཞོན་པར་འོས་པའི་རྟ། །རྒྱལ་པོའི་
རྟ་ཞེས་བྱ་བར་བཤད། །གང་ཞིག་གཞན་ཀུན་མེད་པ་ཡི། །བརྟན་པའི་གཙུག་ནི་བཅུད་དང་ལྡན། །རྒྱལ་པོའི་བཞོན་པར་འོས་པའི་རྟ། །མ་ལི་ཀ་དང་འདྲ་བའི་མིག །མདོག་སྣུམ་རབ་ཏུ་དཀར་བའི་རྟ། །ཟླ་བའི་ལྷ་དང་ལྡན་པ་ཡིན། །རྒྱལ་པོ་དེ་ལ་ཞོན་ན་ནི། །ས་སྟེང་
དབང་དུ་བྱེད་པར་འགྱུར། །ནེ་ཚོ་མདོག་ཅན་ཉི་མའི་རྟ། །རྒྱལ་པོའི་གཡུལ་ངོར་ཞོན་ན་ནི། །དེ་ཡི་དོན་རྣམས་འགྲུབ་འགྱུར་ཞིང་། །ས་ཡང་དབང་དུ་བྱེད་པར་འགྱུར། །དེ་བཞིན་རྒྱལ་པོའི་མདོག་དམར་རྟ། །རྣམ་ཐོས་སྲས་ཀྱི་ལྷ་ཅན་ཏེ། །དེ་ལ་བཞོན་ནས་རྣམས་ནི། །མ་

ལུས་དབང་བྱེད་ཐེ་ཚོམ་མེད། །སྔོ་བསངས་ལྷ་དབང་རྟ་ཡིན་ཏེ། །མདངས་སྣུམ་ལྡན་ལ་རྒྱལ་པོ་ནི། །ཞོན་ན་ས་ནི་མ་ལུས་ལས། །རྟག་ཏུ་རྒྱལ་བར་ངེས་པ་ཡིན། །གནག་ཅིང་འཚེར་བའི་མདངས་དང་ལྡན། །རྟ་མཆོག་དེ་ནི་ཆུ་ལྷའི་ཡིན། །དེ་ལ་ཞོན་ན་རྒྱལ་
པོ་ནི། །མྱུར་དུ་ནོར་དང་འབྲུ་འཕེལ་འགྱུར། །མདོག་དཀར་རྣ་བ་སྔོ་བ་དང་། །རྔོག་མ་དང་ནི་རྔ་མ་གནག །ཆུ་ལྷའི་རྟ་ནི་གཉིས་པ་སྟེ། །དེ་རྙེད་པ་ནི་མ་ལུས་འཐོབ། །ལྷམ་བུ་ཆུ་ཤེལ་ལྟར་སྣང་བ། །རྟ་ནི་ནོར་ལྷའི་ཡིན་པར་བཤད། །རྒྱལ་པོ་དེ་ལ་ཞོན་ན་ནི། །མྱུར་དུ་ནོར་མང་
བདག་པོར་འགྱུར། །བ་སོའི་མདོག་འདྲ་རྡམ་གནག །ཀུན་ནས་མདངས་ནི་སྣུམ་དང་ལྡན། །ཆོས་ཀྱི་ལྡ་ངེས་སེ་ཞོན་ན། །རྒྱལ་པོ་མཆོད་སྦྱིན་བྱེད་པར་འགྱུར། །ལུང་ཏང་སྣུམ་པོ་དང་འདྲ་བ། །རྟ་མཆོག་དེ་ནི་གཤིན་རྗེའི་ཡིན། །རྒྱལ་པོ་དེ་ལ་ཞོན་གྱུར་ན། །མྱུར་དུ་དགྲ་ཀུན་
ལས་རྒྱལ་འགྱུར། །རྨ་བྱའི་མདངས་དང་འདྲ་བ་ཡི། །རི་མོས་ཁྱབ་པར་གྱུར་པའི་རྟ། །སྣ་ཚོགས་ལྷའི་ཡིན་ཏེ་ཞོན་ན། །འདོད་པ་ཐམས་ཅད་ཐོབ་པར་འགྱུར། །དེ་བཞིན་མ་རྒད་བཅག་པ་ཡི། །མདོག་ལྟར་ཤིན་ཏུ་དམར་པའི་རྟ། །ཁྱབ་འཇུག་རྟ་སྟེ་དེ་ཞོན་ན། །མྱུར་དུ་ས་ནི་
དབང་བྱེད་འགྱུར། །དེ་བཞིན་གསེར་དང་འདྲ་བ་ལ། །འཚེར་བས་རྣམ་པར་བརྒྱན་གྱུར་པ། །དབང་ཕྱུག་ཆེན་པོའི་རྟ་ཞོན་ན། །དགྲ་རྣམས་དབང་དུ་འགྱུར་པ་ཡིན། །དེ་བཞིན་ཤེལ་དང་འདྲ་བ་རུ། །དང་ཞིང་མདངས་བཅས་ལུས་ཡོད་པ། །རྙེད་ན་མཆོད་སྦྱིན་དམ་པ་ཡི། །སྐལ་
བརྙེད་པར་འགྱུར་པ་ཡིན། །གང་ཞིག་ནག་ལ་མགོ་བོ་དང་། །རྐང་པ་བཞིན་ནི་དཀར་གྱུར་པ། །ཤེས་ལྡན་རྟ་དེ་རྙེད་ན་ནི། །ནད་ཀྱིས་ཟིལ་གནོན་མི་འགྱུར་རོ། །ལྷམ་བུ་ཆུ་ཤེལ་འདྲ་བ་ལ། །སྔར་ཞིང་ཡན་ལག་ལྔ་དཀར་བ། །རྒྱལ་པོ་དེ་ལ་ཞོན་ན་ནི། །ཕུན་སུམ་ཚོགས་པ་ཐམས་
ཅད་ཐོབ། །ལུས་ཀྱིས་མདོག་ནི་གཞན་འདྲ་ཞིང་། །མཚན་ཉིད་ཐམས་ཅད་ལྡན་པ་ལི། །ཐ་སྐར་བུ་ཡི་རྟ་རྙེད་ན། །རྟ་ནི་མང་བོ་རྙེད་པར་འགྱུར། །དཀར་དང་གནག་པའི་ཚུལ་གྱིས་ཁྲ། །གཡས་ལོགས་དཀར་བའི་ཤས་ཆེ་ལ། །གཡོན་པ་ཁྲུ་བོར་གྱུར་པ་ལི། །རྟ་ནི་ཁྲ་བོར་རྙེད་

གྱུར་ན། །རྟ་དེའི་ལྷ་ནི་ངན་སྦོང་སྟེ། །འདོད་པ་ཐམས་ཅད་རབ་སྒྲུབ་ཡིན། །ལྷམ་བུ་ཆུ་ཤེལ་འདྲའི་མདོག་ལ། །ནེ་ཚོའི་མདོག་འདྲའི་འཁོར་ལིང་ཅན། །དྲག་པོའི་རྟ་དེ་རྙེད་ན་ནི། །འདོད་པ་ཐམས་ཅད་ཐོབ་པར་འགྱུར། །དེ་ལྟ་བུ་ཡི་རྒྱལ་བའི་རྟ། །རྒྱལ་པོ་ཡི་ནི་རྟག་ཏུ་བྱ། །
དེ་ཡི་གནས་ནི་རྟ་གཞན་དག །གང་དང་ཡང་ནི་གཅིག་མི་བྱ། །ངོ་མཚར་མདོག་དང་ལྡན་པའི་རྟ། །དམོད་པས་ས་སྟེང་སྐྱེས་པ་ཡིན། །དྲི་ཟའི་བུར་ནི་ཤེས་གྱིས་ལ། །རབ་ཏུ་འབད་དེ་བསྙེན་བཀུར་བྱ། །ཤ་ལི་ཧོ་ཏྲའི་མདོའི་གནས་ལས་རྒྱལ་པོའི་བཞོན་པའི་རྟའི་མཚན་
ཉིད་བརྟགས་པའི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །རྟ་ཡི་མིག་གི་མཚན་ཉིད་དོ། །གང་ཞིག་བཻཌཱུརྱ་འདྲའི་མདོག །དེ་བཞིན་ཤེལ་གྱི་མདོག་འདྲ་དང་། །ཕུག་རོན་གྱི་ནི་མིག་འདྲ་དང་། །ཀ་ལ་པིངྒའི་མིག་འདྲ་དང་། །གླང་ཆེན་
རྨ་བྱ་རྔ་མོ་དང་། །སྲེག་པའི་མིག་དང་འདྲ་བ་དང་། །གསེར་གྱི་མདོག་དང་འདྲ་བ་ཉིད། །དེ་ཡི་མིག་ནི་ཤིས་པ་ཡིན། །སྐྱོན་མེད་པ་ཡི་ཆིག་ལ་ནི། །རྫི་མ་ཕྲ་མོས་ཁྱབ་པ་དང་། །མིག་འབྲས་ལེགས་ཤིང་མ་སྣང་ལ། །ཐུར་དུ་བལྟས་པར་མ་གྱུར་པ། །མདོག་ནི་བཟང་པོ་
དང་ལྡན་ཞིང་། །མིག་གི་མདངས་དང་ལྡན་པའི་རྟ། །དེ་ནི་གཡུལ་ལས་རྒྱལ་བྱེད་པའི། །རྒྱལ་བ་ཡི་ནི་བཞོན་པར་འགྱུར། །ཡངས་ཤིང་སྣུམ་ལ་མཉམ་པ་དང་། །མེ་ཏོག་མ་ལི་ཀ་འདྲ་དང་། །ཐམ་རིང་མོ་ཡོང་གྱུར་ཅིང་། །དབུས་ན་ཡོངས་སུ་མཛེས་པ་དག །རྟ་དེ་མ་
ལི་ཀའི་མིག་ཅན། །མིག་ཟུར་ཅུང་ཟད་གནག་པ་ཡིན། །དེ་ཡིས་མཛའ་བོ་འཕེལ་འགྱུར་ཞིང་། །རྟ་དང་མཛོད་ཀྱང་རྒྱས་པར་འགྱུར། །དཀར་བའམ་མདོག་རྗེས་དཀར་གྱུར་ལ། །མིག་ལ་སྐྱོན་མེད་མཐོང་མིག་ནག །རྫི་མ་མིག་དཀྱུས་ནག་གྱུར་བ། །གང་ལ་ཡོད་པ་
དེར་ནོར་སྐྱེད། །མིག་ནི་ཤེལ་དུ་འདྲ་བ་ལ། །རྒྱལ་མོའི་རྩ་བ་གནག་གྱུར་ཅིང་། །མིག་གི་རྒྱལ་མོ་རྡུལ་མེད་པས། །དེ་ནི་ཤེལ་མིག་ཅན་ཞེས་བྱ། །མིག་དང་ལུས་ཀྱི་མདོག་འདྲ་བ། །མིག་གི་མདོག་ཅན་ཞེས་བྱ་དགེ །ཁ་དོག་ལུས་དང་ཐ་དད་ཀྱང་། །གང་གི་མིག་

ནི་བཟང་གྱུར་ཅིང་། །མི་སྡུག་པ་དང་མ་ཚང་མེད། །དེ་ནི་མིག་བཟང་ནོར་འཕེལ་བྱེད། །ཁ་དོག་ལུས་དང་ཐ་དད་ཅིང་། །སྨད་པར་བྱ་པའི་མིག་ཡོད་པ། །མིག་ངན་པ་ཡི་རྟ་གང་ཡིན། །ལས་རྣམས་ཀུན་ལ་སྨད་པ་ཡིན། །དེ་བས་དབྱིབས་
དང་ཚད་ལྡན་ཞིང་། །དཔེ་དང་ལེགས་བར་འདྲ་བ་དང་། །རྫི་མའི་ཁ་དོག་སྣུམ་པ་ཡི། །མིག་གང་ཡིན་པ་དེ་བསྔགས་སོ། །ཤ་ལི་ཧོ་ཏྲའི་མདོའི་གནས་ལས་མིག་བརྟག་པའི་ལེའུ་སྟེ་ཉི་ཤུ་རྩ་བཞི་བའོ།། །།བསྒྲུབ་དང་གྲུབ་བའི་རིག་འཛིན་གཙོ། །དྲང་སྲོང་
གཟི་བརྗིད་ཆེན་པོ་ལ། །ཡོན་ཏན་ངེས་ཀྱིས་ཡོངས་དྲིས་པ། །རྟ་སོའི་རིག་བྱེད་མཁྱེན་ལགས་སམ། །དེ་སྐད་དྲིས་ཚེ་དྲང་སྲོང་མཆོག །ཤ་ལི་ཧོ་ཏྲའི་སླང་སྨྲས་བ། །རྟ་སོའི་རིག་བྱེད་ཤེས་ལགས་སོ། །བུ་ཁྱོད་ཀྱིས་ནི་ཉན་པར་གྱིས། །མདུན་སོ་ཐམས་ཅད་ཐགས་
བཟང་སྙོམས། །སྲ་ཞིང་མཚན་མ་རབ་ཏུ་གསལ། །སྣུམ་པའམ་སྦྲང་རྩིའི་མདོག་འདྲ་བའི། །རྟ་ཡི་སོ་ནི་བསྔགས་པ་ཡིན། །མཆེ་བ་སོ་དང་མདོག་འདྲ་དང་། །འགྲམ་སོ་རྣམས་ཀྱང་དེ་དང་འདྲ། །སོ་རྣམས་གཏིང་རིད་སྲབ་པ་དང་། །རི་མོ་ཕྲ་ཞིང་ཤིན་ཏུ་འཇམ། །གོས་
པ་མེད་ཅིང་རྩ་བ་ཡི། །མདོག་དང་ཀུན་ཏུ་འདྲ་བ་ཤིས། །མཉམ་ཞིང་ཡན་ལག་རབ་ཏུ་འབྱོར། །ཆུ་ཞེང་ཆ་དེ་དག་ལྡན་པ་དང་། །གྲུ་གཟུགས་ནི་ཤིན་ཏུ་ལེགས་གྱུར་པའི། །སོ་ནི་བདེ་བ་སྐྱེད་བྱེད་ཡིན། །སོ་ནི་ལྷག་པ་ཡོད་པའི་རྟ། །བདག་པོ་ཡུལ་མི་རྣམས་ལ་གནོད། །དེ་
བཞིན་སོ་ནི་མ་ཚང་བ། །བདག་པོ་ཆུང་མར་བཅས་བརླག །སོ་ཡིས་ཁ་ནི་ཁེངས་གྱུར་བ། །རིགས་རླག་བྱེད་པས་སྤང་བར་བྱེད། །སོ་རྩ་སོ་དང་བཅས་པ་ནི། །མི་ཤིས་པ་ཡི་གཟུགས་ལྡན་ཞིང་། །ལོག་ལས་བྱུང་བར་གྱུར་བ་དག །གཙིགས་པ་དེ་ནི་རིགས་རླག་བྱེད། །
རྟ་ཡི་སོ་ནི་གནག་གྱུར་བ། །བདག་པོའི་ནོར་ནི་རླག་བྱེད་ཡིན། །མཐོ་དམན་ཁྱེར་དང་སྦོམ་ཕྲ་ཁྱེར། །དེ་བཞིན་ཕྲེད་ནི་རྣམ་པར་སྦངས། །མི་མཉམ་མེད་ཅེས་བྱ་སོ་དེ། །བདག་པོའི་བུ་ནི་གསོད་བྱེད་ཡིན། །རྩེ་མོ་ནང་དུ་གྲུབ་པ་ཡི། །སོ་ནི་ནོར་རྣམས་འཇིག་བྱེད་ཡིན། །

ཐམས་ཅད་དབྱུང་བའི་ཆག་པའམ། །གང་ཞིག་སོ་ནི་སྔོན་དུ་འདུས། །དེ་ནི་ཤིན་ཏུ་ཉེས་ཆེན་སྐྱེད། །མདོག་དང་དབྱིབས་ནི་ཉ་ཕྱིས་འདྲ། །སོ་དེ་ཉ་ཕྱིས་ཅན་ཞེས་བྱ། །ཉ་ཕྱིས་སོ་ཅན་རྟ་ཡིས་ནི། །ཟས་དང་སྒོམ་ལ་གནོད་པ་སྐྱེད། །འོག་སོ་ཤིན་ཏུ་གྱིས་གྱུར་ན། །བདག་
པོ་ལྟོགས་བའི་འཇིགས་པ་འབྱུང་། །ཡ་སོ་ཤིན་ཏུ་གྱིས་གྱུར་ན། །བདག་པོ་དགྲ་ལས་ཕམ་པར་འགྱུར། །ཟུར་གསུམ་རྩེ་མོ་རྣོ་བའི་སོ། །སྒ་དང་ནོར་ནི་འཕྲོག་བྱེད་ཡིན། །ས་དང་བཅས་པར་སྐྱེས་གྱུར་ན། །དེ་ནི་ཐམས་ཅད་ཟད་བྱེད་ཡིན། །དེ་དག་ལས་ནོ་གོ་བཟློག་
པའི། །སོ་བཟང་འབྲས་བུ་ཤིས་པ་ཡིན། །མཆེ་བ་དང་ནི་འགྲམ་སོ་ཡི། །འབྲས་བུ་དེ་བཞིན་ཤེས་པར་གྱིས། །ཤ་ལི་ཧོ་ཏྲའི་མདོའི་གནས་ལས་སོ་བརྟག་པའི་ལེའུ་སྟེ་ཉི་ཤུ་རྩ་ལྔ་པའོ།། །།མེ་དང་ཉི་མའི་མདོག་འདྲ་བ། །དཀའ་ཐུབ་ཅན་དེ་སྡིག་པ་
མེད། །ཐུབ་མཆོག་ཤ་ལི་ཧོ་ཏྲལ། །མཇའ་ལས་རྒྱལ་གྱིས་ཡང་དྲིས་པ། །བརྟན་པའི་གཙུག་ནི་དུར་ཤེས་བྱ། །གློ་བུར་བས་ནི་དུ་ཞིག་ཡིན། །ཤེས་དང་ཤེས་བྱའི་བདག་པོ་ཡིས། །གཙུག་རྣམས་ཀྱི་ནི་མཚན་ཉིད་ནི། །གང་དུ་ཇི་ལྟར་གནས་པ་ཡིན། །གཙུག་རྣམས་
ཀྱི་ནི་དབྱིབས་གྱུར་པ། །རྣམ་པ་དུར་ནི་འགྱུར་བ་གསུངས། །གཙུག་གི་ཚད་ནི་ཇི་ཙམ་ཞིག །ཤེས་དང་སྨད་པའི་གྲངས་ནི་དུ། །ཐམས་ཅད་གནས་ལས་འཕྲོ་བ་དང་། །གཡས་པ་དང་ནི་གཡོན་པ་དང་། །སྟབས་པ་དང་ནི་སྨན་པ་ཡི། །འབྲས་བུ་འོད་ཟེར་ཅི་ལྟར་
འགྱུར། །གཞན་ཡང་ལུས་ཀྱི་མཚན་ཉིད་ནི། །བརྟན་དང་མི་བརྟན་ཇི་ལྟ་བུ། །ལུས་ལས་སྐྱེས་པའི་གནས་རྣམས་ནི། །གནས་ཀྱི་གང་ཞིག་གནས་སྐབས་དང་། །རྐན་གྱི་ཁ་དོག་བྱེ་བྲག་གི །གློ་བུར་བྱུང་བའི་འབྲས་བུ་དང་། །སྲབ་དང་མཐུག་པའི་སྤུ་རྣམས་ནི། །
གཙུག་ལ་ཇི་ལྟར་འབྱུང་བ་ལགས། །དེ་སྐང་ཐུབ་མཆོག་འདྲིས་ཚེ། །ཤ་ལི་ཧོ་ཏྲས་ཁུ་ལ་སྨྲས། །འདི་ན་བརྟན་དང་མི་བརྟན་དང་། །ཡན་ལག་རྣམ་པ་བརྒྱད་ཡིན་ལ། །འབྲས་བུ་འབྱུང་བའི་ཚུལ་གྱིས་ནི། །མཚན་ཉིད་རབ་ཏུ་ཤེས་པར་བྱ། །ཤིས་དང་རྨ་བྱའི་མཚན་

ཉིད་ནི། །ཐམས་ཅད་ལུས་ལ་བརྟེན་པ་ཡིན། །ལུས་ལས་འབྱུང་བར་གྱུར་པ་ནི། །ལུས་དང་ཡན་ལག་རྣམ་པ་གཉིས། །དགེ་བའི་གནས་སུ་ཤིས་པའི་གཙུག །རྒྱ་ཆེ་བ་ཡི་འབྲས་བུ་སྟེར། །མི་ཤིས་གནས་ནི་ངན་པ་འབྱུང་། །ཤིན་ཏུ་མི་ཤིས་སྐལ་
ཆེན་འགྱུར། །ཚད་དང་ལྡན་ཞིང་གསལ་བར་བྱུང་། །མཚན་ཉིད་ལྡན་པའི་འབས་བུ་ཆེ། །ཚད་མི་ལྡན་ཞིང་མི་གསལ་བ། །དེའི་འདྲས་བུ་ཆུང་བར་འདོད། །གནས་དང་དབྱིབས་ཀྱི་བྱེ་བྲེག་ལས། །མཚན་ཉིད་འབྲས་བུ་ཆེན་པོར་འགྱུར། །སོར་གཉིས་ལས་ལྷག་ཉ་ཕྱིས་
ཏེ། །སོར་གཉིས་པ་ནི་ལྷག་ཅེས་བྱ། །ཤིང་ལྷམ་འདྲ་དང་རྐང་བརྒྱ་པ། །སོར་ནི་ཕྱེད་དང་གཉིས་པ་ཡིན། །ཤིང་ལྷམ་ཕྱེད་ནི་ནས་དྲུག་ཞིང་། །འདྲེས་པ་སོར་ནི་བརྒྱད་པ་ཡིན། །དེ་ཡི་ཆ་གསུམ་ཕྲི་བ་ནི། །འཁྱིལ་བ་ཞེས་ནི་བྱ་བར་བཤད། བཞི་ཆ་པྲི་པར་གྱུར་པ་ནི།
ཁ་འབུས་པ་ཞེས་བྱ་བ་ཡིན། །དེ་ལས་ལྷག་པའམ་མ་ཚད་བའི། །གཙུག་ནི་འབྲས་བུ་མེད་པ་ཡིན། །པགས་སྲབ་སྤུ་ནི་ཕྲ་བ་དང་། །ལུས་ཀྱི་གསང་བའི་གནས་སུ་བྱུང་། །དེ་ནི་ངོ་བོ་ཉིད་ཀྱིས་ཕྲ། །ཚད་དང་ལྡན་རུང་མི་ལྡན་རུང་། །འབྲས་བུ་བཅས་པར་ཤེས་པར་བྱ། །
ཕྲ་བ་དེ་དག་གནོད་བྱེད་ཡིན། །ཡན་ལག་བརྒྱད་པའི་མཚན་ཉིད་ཀྱིས། །ཤིས་དང་མི་ཤིས་འོག་ནས་བཤད། །རྟ་ཡི་གནས་བཅུའི་སྤུ་ཚོགས་ལ། །བསྟན་པ་གང་ཡིན་དེར་ཤེས་བྱ། །མཆུ་སྒྲོས་རྡོག་མར་རེ་རེ་དང་། །གཙུག་དང་བྲང་ལ་གཉིས་གཉིས་ཏེ། །རྒྱུ་ཞབས་
རྐུབ་ལྷག་གཉིས་གཉིས་ཏེ། །བཅུ་པོ་དེ་དག་ལྡན་པར་བཤད། །ཀུན་ནས་རྫོགས་ཤིང་ཤིན་ཏུ་གསལ། །གཙུག་ནི་གཡས་སུ་འཁྱིལ་བ་དང་། །ཆུང་བ་མ་ཡིན་ཆེ་བ་མིན། །གསེར་ལྟར་མདངས་སྣུམ་འོད་དང་བཅས། །དབྱིབས་ནི་ལེགས་པར་སྐྱེས་པ་དག །ལས་རྣམས་
ཐམས་ཅད་སྒྲུབ་བྱེད་ཡིན། །ལེགས་ཐོས་ཐེ་ཚོམ་སྐྱེས་གྱུར་ནས། །དྲང་སྲོལ་དེ་ལ་སླར་སྨྲས་པ། །ཇི་ལྟར་བཅུ་པོ་ཉིད་ལྡན་གྱི། །གཞན་དག་དེ་ལྟར་མ་ཡིན་བཤད། །རྟ་རྣམས་སྐྱེས་ཟིན་གྱུར་ནས་ནི། །གཙུག་དེ་ནམ་ཡང་མི་སྐྱེ་ལ། །སྐྱེས་པ་འཇིག་པར་མི་འགྱུར་ཞིང་

གནས་ལས་འཕོ་བར་མི་འགྱུར་རོ། །སྐྱེས་ཚེ་ལྷན་ཅིག་སྐྱེ་བར་འགྱུར། །དེ་བས་ཐམས་ཅད་བསྟན་པ་ཡིན། །ལེགས་ཐོས་ཚིག་ནི་ཐོས་བ་དང་། །དེ་རྗེས་དྲང་སྲོང་གིས་སྨྲས་པ། །ཇི་ལྟར་ཕྱོགས་དེར་སྐྱེས་གྱུར་པ། །དེ་ལྟར་གཞན་དུ་མ་ཡིན་པ། །ཕ་མང་ཡོད་དང་མེད་གྱུར་ཀྱང་། །ཅིག་
ཤོས་ལ་ནི་དབང་བ་ཡིན། །ཕལ་ཆེར་གནས་བཅུ་དབང་གྱུར་གྱི། །དེ་ལྟར་གཞན་དུ་མི་སྣང་ངོ་། །དེ་བས་བཅུ་པོ་བསྟན་པར་བྱ། །དེས་པ་ཉིད་དུ་ཟུང་བར་གྱིས། །འདི་དག་ལ་མེད་ངེས་འབྱུང་བ། །གཞན་དག་དེ་ལྟར་མིན་པར་བཤད། །བརྟན་དང་མ་བརྟན་གང་ཡིན་ཀྱང་། །འབྲས་
བུ་རྣམ་པ་གཉིས་སུ་བཤད། །གནས་ནི་དགུ་བཅུ་རྩ་དྲུག་ཡིན། །དབྱིབས་ནི་རྒྱལ་པོ་ཉིད་ཡིན་ནོ། །འདྲེས་དག་ཁ་འབུས་འཁྱིལ་བ་དང་། །རྐང་པ་བརྒྱ་དང་ལྷག་པ་དང་། །ཤིང་ལྷ་མ་དང་འདྲ་ཤིང་ལྷ་མ་ཕྱེད། །ཉ་ཕྱིས་འདྲ་སྟེ་རྣམ་པ་བརྒྱད། །སྨད་པའམ་དེ་སྔགས་པའི་གནས་
དག་གམ། །གནས་སུ་བསྟན་དང་མ་བསྟན་གང་། །གཙུག་འཁྱིལ་པ་ཡི་དབྱིབས་བྱུང་ན། །དེ་ནི་རྗེས་མཐུན་འབྲས་བུ་སྐྱེད། །འཁྱིལ་བ་ཆུ་སྐོར་ལྟ་བུ་ཡིན། །ཉ་ཕྱིས་ཉ་ཕྱིས་དབྱིབས་ལྟར་འོང་། །དབྱིབས་གཅིག་གཉིས་སམ་མང་པོར་ནི། །དུ་མ་གང་ཚེ་འདུས་གྱུར་པའི། །
གཙུག་འཁྱིལ་དེ་ནི་འདྲེས་པའམ། །འདུས་པ་ཞེས་ནི་བྱ་བར་བཤད། །སྤུ་ནི་འགྲོ་ཚེ་མེ་ཏོག་དག །ཁ་འབུས་ལྟར་སྣང་ལྷག་པ་ཡིན། །ཟླུམ་པོའམ་ཡང་ན་ཟུར་བཞི་ནི། །ཤིང་ལྷམ་དབྱིབས་འདྲ་ཤིང་ལྷམ་ཅན། །བྲད་བའམ་ཡང་ན་རྟིང་
པའི་གནས། །བྱེད་འདྲ་ཤིང་ལྷམ་ཕྱེད་པ་ཡིན། །མེ་ཏོག་མགོ་ལྕོགས་དབྱིབས་འདྲ་བ། །དེ་ནི་རྐང་བརྒྱད་བར་ཤེས་བྱ། །དབྱིབས་ལས་མི་མཐུན་གྱུར་པ་ནི། །གཞན་དག་ཀྱང་ནི་སྣང་མོད་ཀྱི། །དེ་ནི་སྤུ་ཡི་འགྱུར་བ་ཡིན། །གནས་ལས་ཤིས་དང་མི་ཤིས་འགྱུར། །གཙུག་ཀྱང་
གནས་དང་དབྱིབས་དང་ནི། །མི་ཤིས་མཚན་ཉིད་ཤེས་པར་བྱ། །ཆ་དང་འཕོས་དང་འཐོར་བ་དང་། །གཙུག་ནི་འཕྲེད་དུ་འབྱུང་བ་དང་། །ལྷག་པའམ་ཆད་པར་གྱུར་པའམ། །གང་ཡང་གནས་ལས་འཕོ་འགྱུར་པའམ། །དབྱིབས་ངན་མདོག་ནི་མི་སྡུག་པ། །བརྟན་པོ་རྣམས་ནི་མི་སྣང་

པའམ། །སྨད་པའི་གནས་སུ་གཡས་འཁྱིལ་དང་། །བསྔགས་པའི་གནས་སུ་གཡོན་འཁྱིལ་བ། །མཚན་ཉིད་ངན་པ་ཡིན་ཞེས་བྱ། །དེས་ནི་ཚེ་ཐུང་སྐྱེད་པར་བྱེད། །གཙུག་གི་གནས་ནི་དགུ་བཅུ་དྲུག །ཡོད་པ་བཤད་པ་དེ་རྣམས་ནི། །ཤིས་དང་སྨད་བར་
བྱ་བ་སྟེ། །རྣམ་པ་གཉིས་སུ་བསྡུ་བར་བྱ། །དེ་ལས་གཞན་ནི་ཉི་ཤུ་ཞིག །ཤིས་པ་ཡིན་པར་ཤེས་པར་བྱ། །བདུན་ཅུ་རྩ་དྲུག་སྨད་བྱ་སྟེ། །དེ་ལྟར་དགུ་བཅུ་རྩ་དྲུག་ཡིན། །ཁ་འགྲམ་ལ་གཉིས་དབྲལ་བར་བཞི། །དཔྲལ་མཚམས་ལ་གཅིག་ཁོ་ན་ཡིན། །རྣ་རྩར་
གཉིས་ཏེ་ལྐོག་མར་གཅིག །མགོ་པོའི་མཐར་ནི་གཉིས་ཡིན་ལ། །བྲང་དུ་གསུམ་སྟེ་དཔུང་པར་གཉིས། །མིད་པ་གཅིག་སྟེ་དེ་བཞིན་དུ། །རྒྱུ་དང་ལོང་བུ་གཉིས་གཉིས་སུ། །གཙུག་ནི་འབྱུང་བར་ཤེས་པར་བྱ། །དེ་ལྟར་ཤིས་པར་གྱུར་པའི་གནས། །ཉི་ཤུ་ཡིན་
པར་རྣམ་པར་བཤད། །གཙུག་ནི་འདི་རྣམས་གཉིས་ལ་ནི། །སུམ་ཅུ་རྩ་བདུན་གྲངས་སུ་འགྱུར། །མུར་འགྲམ་མུར་གོང་མཆི་སྟན་དང་། །མཁུར་ཚོས་སྣ་ཕོར་སྨིན་མ་དང་། །རྣ་རྩ་ལྕེའུ་ལྡང་རྩིའུ་ཆུང་དང་། །མཆན་ཁུར་དཀུ་དང་འགྲམ་སྲེ་ལོང་། སྣ་རྩེ་པུས་མོ་
མིག་འབྲས་གཉིས། །རྩིབ་ལོགས་རྐུབ་ཚོས་དག་ཏུ་ནི། །གནས་ནི་གཉིས་གཉིས་དག་ཏུ་གཙུག །གཉིས་གཉིས་འབྱུང་བ་སུམ་ཅུ་དྲུག །སྣ་གདོང་མཆུ་ལྟག་སྲོལ་མདུད་དང་། །དཔུང་སྣ་སྙིང་ག་ཟེའུ་དྲུག་མདོ། །ལྟེ་བ་རྐུབ་དང་མཇུག་སྲུབ་དང་། །ཡ་མཆུ་ཟེའུ་ལྟག་སྒ་
འོག་སྟེ། །དེ་ལྟར་གནས་ནི་དེ་དག་ཏུ། །གཙུག་ནི་བཅུ་གསུམ་འབྱུང་བ་ཡིན། །ཚེའུ་སྤུ་དེ་བཞིན་ཚིགས་གྲངས་དང་། །ཚེའུ་ཚེ་གཅིག་ཕྲ་མོ་ཡི། །གནས་ནི་བཅུ་དྲུག་འདི་དག་ཏུ། །གཙུག་ཀྱང་བཅུ་དྲུག་ཉིད་ཡིན་ནོ། །ཨན་དང་རུ་དང་སྐེ་བའི་རྩ། །རྨང་ཁ་རྔ་མར་གནས་
གཉིས་གཉིས། །དེ་ལྟར་གནས་བརྒྱད་ལྡན་པ་རུ། །གཙུག་ནི་རྣམ་བའང་བརྒྱད་ཡིན་ནོ། །མཆུ་སྒྲོས་དེ་ཡི་སོ་གཉིས་ཏེ། །གནས་ཀྱི་གསུམ་པོ་འདི་དག་ཏུ། །གཙུག་ནི་གསུམ་པོ་འབྱུང་པ་ཡིན། །དེ་ཕྱིར་དགུ་བཅུ་དྲུག་གསལ་ནས། །དེ་ལྟར་བསྟན་ཞིང་དགེ་བ་དང་། །སྨད་

པ་དག་ཀྱང་བཤད་པ་ཡིན། །གཙུག་རྣམས་ཀྱི་ནི་ཁྱད་པར་གྱིས། །འབྲས་བུ་འབྱུང་བ་མཉན་པར་བགྱི། །ཡ་མཚུར་གནས་པའི་གཙུག་གིས་ནི། །བདག་པོའི་བློན་པོ་གསོད་བར་བྱེད། །མཆུ་སྒོས་སྟེང་དང་གཡས་ཀྱིས་ནི། །བདག་པོའི་ཕ་ནི་འཆི་བར་འགྱུར། །དེ་ཡི་གཡོན་ན་
ཡོད་པས་ནི། །ཞོན་པ་པོ་ཡི་མ་འཆི་བྱེད། །མཆུ་ལྟས་གོང་དུ་གཙུག་བྱུང་ན། །བདག་པོའི་རིགས་དང་བཅས་པ་སྲེག །སྣ་ཕོར་ལ་ནི་གཡས་པ་ཡིས། །འཚོ་བའི་སྒོ་ནི་འགག་པར་བྱེད། །གང་གི་མཁུར་ཚོས་གཉིས་ཀ་ལ། །གཙུག་འཁྱིལ་བ་ནི་སྣང་གྱུར་ན། །དེ་ཡི་
བདག་པོའི་བུ་ཐུ་བོ། །རྟ་ཡིས་ཟ་བར་འགྱུར་བ་ཡིན། །རྟ་གདོང་འགྲམ་དང་སྣ་གདོང་ལ། །གང་གི་གཙུག་ནི་སྣང་གྱུར་པ། །རྟ་དེའི་བདག་པོ་གཡུལ་དུ་ནི། །དགྲ་བོས་གསོད་པར་འགྱུར་བ་ཡིན། །གང་གི་རྟ་ལ་མཆི་སྟན་དུ། །གཙུག་འཁྱིལ་བ་ནི་གནས་གྱུར་པ། །གང་ལ་
འདི་འདྲའི་རྟ་ཡོད་པ། །དེའི་རིགས་རྟག་ཏུ་ངུ་བར་འགྱུར། །གང་གི་རྟ་ཡི་མུ་འགྲམ་གཉིས། །གཙུག་ནི་གསལ་བོར་སྣང་གྱུར་པ། །དེ་ལྟའི་གཙུག་ཅན་བཅང་གྱུར་ན། །དེས་ནི་རིགས་ནི་གཉིས་སུ་འགྱེས། །གང་གི་གཙུག་གི་སྨིན་མ་ཡི། །བར་དུ་གནས་པར་སྣང་གྱུར་པ། །
རྟ་དེ་ཁྲོ་གཉེར་ཅན་ཞེས་བྱ། །ཉེ་དུ་མཛའ་བཤེས་རྣམས་ལ་གནོད། །གང་གི་མུར་གོང་གཉིས་སུ་ནི། །གཙུག་ནི་རེ་རེ་སྣང་གྱུར་པ། །དེ་ཡིས་རིགས་ཀུན་ཟད་བྱེད་ཅིང་། །བདག་པོའི་ཕོངས་པ་སྐྱེད་བྱེད་ཡིན། །འགྲམ་གླང་ཙེའུ་ཆུང་དག་གམ་ནི། །ཚེའུ་སྤུའམ་སྐེ་རྩ་ཆིག་གྲང་ཕྲ། །
མཚན་གཉིས་དག་ཏུ་གཙུག་འཁྱིལ་བ། །སྤུ་ནི་གཡོན་དུ་འཁྱིལ་གྱུར་ན། །དེ་ཡིས་རྟ་དང་བདག་པོ་ནི། །མདའ་ཆར་གྱིས་ནི་འཆི་བར་འགྱུར། །གང་གི་རྟ་ཡི་རྣ་བའི་རྩེ། །གཉི་གར་གཙུག་ནི་སྣང་གྱུར་བ། །གསང་འཕེལ་བ་ཡི་ཉེས་པ་ཡིས། །དེ་ཡི་བདག་པོ་འཆི་བར་འགྱུར། །
གང་གི་རྟ་ལ་རྣ་རྩ་རུ། །གནས་པའི་གཙུག་ནི་སྣང་གྱུར་དང་། །ཟེའུ་ལྷད་ལ་ཡོད་པའི་རྟ། །བདག་པོའི་དོན་སྒྲུབ་མ་ཡིན་ནོ། །གང་གི་རྟ་ཡི་སྲོང་གོང་དབུས། །གཙུག་འཁྱིལ་བ་ནི་སྣང་གྱུར་བ། །དེ་ཡི་བདག་པོ་བཟའ་བ་དང་། །བཏུང་བ་རེ་བ་འགྲུབ་མི་འགྱུར། །ཨན་

དོང་རུར་ནི་གཙུག་འཁྱིལ་བ། །རྟ་ནི་གང་ལ་སྣང་གྱུར་པ། །བདག་པོའམ་བུའམ་འདུལ་སྦྱོར་མཁན། །གང་ཡང་རུང་ལ་གནོད་པ་སྐྱེད། །གང་གི་ཟེའུར་གཙུག་བྱུང་བ། །རྟ་དེ་ཕོངས་པ་དང་བཅས་པ་དང་། །བདག་པོའི་རིགས་རྒྱུད་བཅས་བརླག་པའམ། །རིགས་
ཀྱི་གཙོ་ལ་གནས་གྱུར་བ། །རྟ་དང་ནོར་ནི་རླག་བྱེད་ཅིང་། །རྒྱལ་པོའི་ཡུལ་འཁོར་བཅས་འཆི་དང་། །དོན་ཀུན་འཇིག་ཅིང་འདུག་པར་ན། །སྐྱེས་པའི་ཚེ་ནི་ཉིད་ན་བསྐྲད། །ལག་གིས་རེག་དད་མིག་གིས་མཐོང་། ཐག་རིང་དུ་ནི་སྦང་བར་བྱ། །དེ་ནི་དགྲ་ལ་སྦྱིན་
པའམ། །གཞན་གྱི་ཡུལ་འཁོར་དག་ཏུ་བསྒྱུར། །གང་གི་ཟེའུ་ལྟག་གཙུག་ཡོད་པ། །དེ་ཡི་བདག་པོ་ཁྭའམ་ནི། །སེམས་ཅན་མི་སྡུག་པས་ཟོས་ཤིང་། །གཡུལ་དུ་དཔུང་དང་བཅས་པར་འཆི། །སྒ་འོག་གཙུག་གིས་བདག་པོ་འཆི། །གསལ་ཤིང་བསྐྱོན་ཏེ་འཆི་བར་འགྱུར། །
ཉེན་པས་ཉེན་ཅིང་ནོར་བརླག་པའམ། །ཡང་ན་མཚོན་གྱིས་འཆི་བར་བྱེད། །གང་གི་གཙུག་ནི་སྙིང་གའམ། །དཔུང་སྣ་དག་ཏུ་ལོང་གྱུར་པ། །རྟ་དེ་བདག་པོ་འཁོར་བཅས་པར། །གཡུལ་དུ་འཆི་བར་བྱེད་པ་ཡིན། །པུས་མོའི་གཙུག་གིས་གཡུལ་དུ་ནི། །འཁྲུལ་ཞིང་
དཔུང་བཅས་དགྲ་བོས་གསོད། །རྒྱལ་བོ་རྐུན་མ་ཆད་པ་མེས། །བདག་པོའི་རིགས་ནི་རླག་པར་བྱེད། །གང་གིས་ཚིག་གང་གཉིས་ལ་ནི། །གཙུག་ནི་གནས་པར་སྣང་གྱུར་ན། །དེ་ཡི་བདག་པོ་གཉེན་བཅས་པ། །ལྕགས་སྒྲོག་གིས་ནི་བཅིང་བར་འགྱུར། །གང་གི་ཚེའུའི་ཚེ་
རྣམས་སུ། །གཙུག་འཁྱིལ་བ་ནི་སྣང་གྱུར་པ། །བཅིང་དང་གསོད་པའི་སྡུག་བསྔལ་གྱིས། །དེ་ཡིས་བདག་པོ་རླག་པར་འགྱུར། །མཆན་ཁུང་གཙུག་ནི་ཡོད་པའི་རྟ། །གཡུལ་དུ་མྱུར་དུ་འཆི་འགྱུར་ཞིང་། །དེ་ཡི་བདག་པོ་དག་ཀྱང་ནི། །བདེ་དང་ལྡན་པར་མིག་ནས་སོ། །མཆན་
ཁུང་གཅིག་གིས་ཉེས་པ་ཆུང་། །གཉིས་ཀས་སྨད་པར་གྱུར་པ་ཡིན། །རྩིབ་ལོགས་གཙུག་གིས་བདག་པོ་ནི། །ཕྱོགས་དང་བཅས་པར་ཟད་པར་འགྱུར། །ལྟེ་བར་གཙུག་ནི་འཁྱིལ་གྱུར་བ། །གང་ཞིག་གིས་ནི་རྟ་ལ་སྣང་། །དེ་ཡི་བདག་པོ་རིགས་རྒྱུད་བཅས། །ནད་

ཀྱིས་ཡོངས་སུ་གདུངས་པར་འགྱུར། །རྨང་ཁར་གཙུག་ནི་ཡོད་གྱུར་པའི། །བདག་པོ་ཆུང་མ་མི་རིགས་སྤྱོད། །རླིག་པར་གང་གི་གཙུག་འཁྱིལ་བ། །རྟ་དེའི་བདག་པོར་གྱུར་པ་ནི། །བུ་མང་ཚེ་ནི་ཐུང་གྱུར་ཏེ། །རྟ་དེ་བལྟ་ན་མི་སྡུག་ཡིན། །རྟ་གང་གི་ནི་དྲུག་མདོ་ཡི། །
དབུས་ན་གཙུག་ནི་སྣང་གྱུར་པ། །འདུལ་སྤྱོད་མཁན་གྱིས་དེ་ཞོན་ཏེ། །གལ་ཏེ་གཡུལ་དུ་འཇུག་གྱུར་ན། །རྟ་དེ་ཉིད་དང་ལྷན་ཅིག་ཏུ། །ཟུག་རྔུ་ཡིས་ནི་འཆི་བར་བྱེད། །རྔ་རྩར་གང་གི་རྟ་ལ་ནི། །གཙུག་འཁྱིལ་པ་དག་ཡོད་གྱུར་པ། །འདི་ནི་རྩ་གནས་འཇིག་བྱེད་
ཡིན། །བདག་པོའི་སྒོ་བ་སྡུག་པར་བྱེད། །རྐུབ་ཀྱི་ཕྱོགས་དང་སྤུ་དག་དང་། །འབྲག་ལ་གནས་པར་གྱུར་པ་ནི། །བདག་པོའི་ལྟོ་བའི་ནད་སྐྱིད་ཅིང་། །གར་ཡང་བདེ་བར་སི་འགྱུར་རོ། །རྐུབ་ཚོས་རྐུབ་ཀྱི་སྟེང་དག་ཏུ། །གང་གི་གཙུག་ནི་སྣང་གྱུར་པ། །དེ་ནི་རྟུག་
འབྲུལ་ཞེས་བྱ་སྟེ། །བདག་པོའི་རིགས་ནི་རླག་བྱེད་ཡིན། །སྲེ་ལོང་བར་ནི་གཙུག་འཁྱིལ་བའི། །རྟ་ནི་རྟག་ཏུ་མ་འཇུག་འགྱུར། །བདག་པོ་གཡོག་དང་བཅས་པ་ནི། །མཚོན་གྱིས་འཆི་བ་ཉིད་དུ་འགྱུར། །ཆིག་གྲང་གཙུག་ལ་སོགས་པ་ཡི། །བཤད་འབྲས་ཕྱ་
རྒད་ལ་ཡང་སྦྱར། །དེ་ལྟར་མི་ཤིས་བཤད་པ་ནི། །ཤིས་པ་དག་ཀྱང་བཤད་པར་བྱ། །གང་གི་ཁ་འགྲམ་དག་ཏུ་གཙུག །གསལ་བའམ་ཉ་ཕྱིས་དབྱིབས་འདྲ་གནས། །རྟ་མཆོག་དེ་ཡི་བདག་པོ་ནི། །ཟས་ཐོབ་དོན་རྣམས་འགྲུབ་པར་འགྱུར། །དབྲལ་བར་གང་གི་
གཙུག་འཁྱིལ་བ། །གཡས་སུ་འཁྱིལ་བ་གཉིས་ཡོད་པ། །དེ་ཡི་བདག་པོ་གཡུལ་དུ་ནི། །རྒྱལ་ཞིང་བུ་ཚ་རྣམ་པར་འཕེལ། །གང་གི་གཙུག་ནི་དཔྲལ་བ་ན། །མི་མཉམ་གསུམ་ནི་ཡོད་གྱུར་བ། །རྒྱལ་རིགས་ཀྱི་ནི་དེ་འདྲ་རྙེད། །དགྲ་བོའི་ས་ལ་དབང་བྱེད་གྱུར། །མཆོད་
སྦྱིན་ལེགས་པར་བྱེད་པ་དང་། །རྒྱལ་ཆེན་ཡོན་ཀུན་གཏོང་བར་འགྱུར། །གང་གི་དཔྲལ་བར་གཙུག་འཁྱིལ་གསུམ། །གོང་ནས་གོང་དུ་བརྩེགས་པ་ནི། །གཡོན་དུ་མི་འཁྱིལ་མཉམ་ཟླུམ་ཡོད། །དེ་ནི་རྟ་ཡི་རིན་ཆེན་ཡིན། །དེས་ནི་རྒྱལ་པོ་ས་སྟེང་དུ། །དགྲ་རྣམས་ལས་

ནི་ངེས་པར་འགྱུར། །གང་གི་དཔྲལ་བར་གཙུག་དག་ནི། །ཕྱོགས་བཞིར་བཞི་ནི་ཡོད་གྱུར་པ། །གང་ལ་དེ་འདྲའི་རྟ་ཡོད་པ། །དེ་ནི་མྱུར་དུ་ས་བདག་འགྱུར། །གཡུལ་དུ་རྟག་ཏུ་རྒྱལ་བ་དང་། །ནོར་ལྡན་བུ་དང་ཚ་བོ་འཕེལ། །རིན་ཆེན་ཚོགས་ཀྱང་རྣམ་
པར་འཕེལ། །དགྲ་རྣམས་ཀྱི་ནི་སྤྱི་བོར་གནས། །གང་གི་དཔྲལ་འཚམས་གཙུག་གཡས་འཁྱིལ། །ཁ་འབུས་པའམ་འཁྱིལ་བ་ཡོད། །དེ་ནི་ལྷན་ཅིག་གཡུལ་ཞུགས་ན། །དགྲ་ལས་རྒྱལ་ཏེ་བཟློག་པར་འགྱུར། །རྣ་རྩེ་ཁོ་ནར་གཙུག་འཁྱིལ་བ། །རྟ་ནི་གང་ལ་ཡོད་གྱུར་
བ། །དེ་ནི་གོས་པ་ཞེས་བྱ་སྟེ། །བདག་པོའི་མཆོད་སྦྱིན་འཕེལ་བྱེད་ཡིན། །ལྐོག་མ་རུ་ནི་གནས་པའི་གཙུག །གཡས་སུ་འཁྱིལ་ཞིང་རབ་གསལ་ཡོད། །ལྷ་ཡི་ནོར་བུ་ཞེས་དེ་བྱ། །འདོད་པའི་དོན་ཀུན་སྒྲུབ་བྱེད་ཡིན། །མགུལ་པ་སྐེ་བ་ཁ་རུ་ནི། །ཉ་ཕྱིས་འདྲ་བའི་གཙུག་
ཡོད་པ། ཡིད་དུ་འོང་བ་ཞེས་བྱ་སྟེ། །རྟ་དེ་དགྲ་བོ་འཇིག་བྱེད་ཡིན། །གང་ཡི་རྔོག་མཐར་ཉ་ཕྱིས་འདྲའི། །གཙུག་འཁྱིལ་གསལ་ཞིང་གཡས་སུ་འཁྱིལ། །རྒྱལ་རིགས་ཀྱི་ནི་དེ་འདྲ་བ། རྙེད་ན་དགྲ་པོའི་སྤྱི་བོར་གནས། །གང་གི་བྲང་ལ་ལེགས་གནས་པའི། གཙུག་
ནི་གསུམ་པོ་གཡས་འཁྱིལ་ཞིང་། །གསལ་ཞིང་ཉ་ཕྱིས་དབྱིབས་འདྲ་བ། །སྤུ་ནི་གྱེན་དུ་བལྟས་པ་སྣང་། །དེས་ནི་གཡུལ་དུ་དགྲ་བསད་ནས། །བདེ་བར་ལྡོག་པར་འགྱུར་བ་ཡིན། །གང་ལ་བྲང་ལ་གཙུག་བཞི་ནི། །གཡས་སུ་འཁྱིལ་བ་ཡོད་པ་དང་། །དེ་བཞིན་ཡིད་འོང་གཞུག་
ཡོད་པ། །དེ་ནི་དཔལ་གྱི་ཤིང་ཞེས་བྱ། །དཔལ་ཤིང་ཞེས་བྱ་འདི་ཉིད་ནི། །དོན་སྒྲུབ་བྱེད་པའི་རྟ་ཡིན་ཏེ། །དེ་ཡིས་གཡུལ་ལས་རྒྱལ་བ་དང་། །བུ་དང་ཚ་བོ་འཕེལ་བར་འགྱུར། །དབུང་པ་ལ་ནི་གཙུག་ཡོད་ཅིང་། །དེ་ཡང་ཉ་ཕྱིས་དབྱིབས་འདྲ་བ། །དེ་ནི་དཔུང་རྒྱན་ཅན་
ཞེས་བྱ། །བདག་པོའི་འདོད་པ་སྟེར་བྱེད་ཡིན། །རྒྱུ་ཡི་ལྟག་ན་གང་གི་གཙུག །གཡས་སུ་འཁྱིལ་པ་ཡོད་གྱུར་པ། །དེ་ནི་འོག་པག་ཅན་ཞེས་བྱ། །འབྲུ་དང་ནོར་རྣམས་འཕེལ་ཕྱེད་ཡིན། །ནོར་གྱིས་ཚིམས་པར་བྱས་ནས་ནི། །བུ་དང་ཚ་བོ་འཕེལ་བར་བྱེད། །དབལ་ཤིང་པདྨ་གཡུང་

དྲུང་དང་། །སཱ་ལུ་དབྱིག་པ་རྒྱལ་མཚན་དང་། །དགའ་བ་འཁྱིལ་དང་འཁོར་ལོ་གཤོལ། །ངུར་དང་རྡོ་རྗེ་རལ་གྲི་གཞུ། །ཉ་དང་ཟླ་བ་ཟླ་ཕྱེད་དམ། །དར་དང་དེ་བཞིན་གཏུན་ཤིང་འདྲ། །མཚན་མ་དེ་འདྲ་རབ་གསལ་བའི། །གཙུག་འཁྱིལ་རྟ་ནི་གང་དག་གི། བྲང་དམ་འཕྲལ་བར་
ཡོད་གྱུར་པའི། །རྒྱལ་པོ་དེ་ནི་རྒྱལ་སྲིད་བརྟན། །དེ་ལྟར་སྨད་དང་ཤིས་པ་ཡི། །གཙུག་ནི་ཡང་དག་བཤད་པ་ཡིན། །གཙུག་ལས་ལྷག་བའི་སྤུ་ཡོད་པ། །བདག་པོའི་ནོར་དང་འབྲུ་སྐྱེད་བྱེད། །སྔར་བཤད་པ་ནི་སྣང་གྱུར་ན། །གནས་ལས་འབྲས་བུ་འབྱིན་པ་ཡིན། །ལེགས་ཐོབ་
ཐེ་ཚོམ་གྱུར་པ་ཡིས། །སླར་ཡང་པ་ལ་སྨྲས་པ་ནི། །ཡན་ལག་བརྒྱད་པོ་འདི་དག་ལས། །འབྲས་བུ་སྣ་ཚོགས་འབྱུང་འགྱུར་པ། །རྒྱལ་བོའི་འབྲས་བུ་བྱེད་པ་ནི། །རྟ་ཡི་ལུས་ལ་བརྟེན་པ་མཐོང་། །གལ་ཏེ་རྟ་ལས་དགེ་མི་དགེ །འབྲས་བུ་རྒྱལ་པོས་ཐོབ་གྱུར་ན། །རྒྱལ་པོ་དེ་
ཡི་རང་ལུས་ལས། །བྱུང་བའི་མཚན་ཉིད་དོན་མ་མཆིས། །བུ་ཡིས་དེ་སྐད་སྨས་པ་དང་། །ཤ་ལི་ཧོ་ཏྲས་སླར་སྨྲས་པ། །དཀའ་ཐུབ་ཅན་གྱི་དྲང་སྲོང་གིས། རྒྱལ་པོའི་མཚན་མ་གང་མཐོ་བ། །དེ་ཡི་འབྲས་བུ་གསལ་བར་ནི། །རྟ་ཡི་མཚན་ཉིད་ཀྱིས་སྟོན་འགྱུར། །བདག་
པོ་བསོད་ནམས་ཅན་ལ་ནི། །མཚན་ཉིད་བཟང་པོ་འབྱུང་བར་འགྱུར། །བདག་པོ་སྨད་བར་བྱ་བ་ལ། །རྟ་ཡང་སྨད་པར་སྐྱེ་བར་འགྱུར། །རྒྱལ་བོ་འདྲེན་མའི་ལས་ཅན་ལ། །རྟ་ཡང་མཚན་ཉིད་འདྲེན་མར་འབྱུང་། །ཚེ་ནི་གནས་དང་འབྲེལ་བ་ལས། །གནས་སྐབས་ཇི་བཞིན་
འབྱུང་བར་འགྱུར། །རྐན་གྱི་མདོག་ནི་འདྲེན་མ་ཡིས། །ལེའུའི་ནང་དུ་སྔར་བཤད་ཟིན། །གློ་བུར་བ་ཡི་འབྲས་བུས་ནི། ལྟས་ནི་ལེའུ་ནང་ནས་སྟོན། །དེ་ལྟར་གཙུག་ཀུན་ཤིས་མི་ཤིས། །བརྟན་དང་བརྟན་མིན་མཚན་ཉིད་ནི། །ཇི་ལྟར་དྲིས་པ་མ་ལུས་པར། །ང་ཡིས་
ལེགས་པར་བཤད་པ་ཡིན། །ཤ་ལི་ཧོ་ཏྲའི་མདོའི་གནས་ལས་གཙུག་བསྟན་བ་ཞེས་བྱ་བའི་ལེའུ་སྟེ་ཉི་ཤུ་རྩ་དྲུག་པའོ།། །།ལེགས་ཐོས་ལ་སོགས་བུ་ཀུན་དང་། །གཅེར་བུ་རྒྱལ་ཚོགས་སློབ་མ་རྣམས། །ན་ཚོད་ཤེས་ལ་མཚར་སྐྱེས་ནས། །ཕལ་དེ་རྣམས་ཀྱིས་

དྲིས་པ། །རྟ་ཡི་ན་ཚོད་ཇི་ལྟར་ཤེས། །འདི་ཡི་ཆེ་ནི་ཇི་ལྟར་བཤད། །སོ་རྣམས་སུ་ནི་མཚན་མ་དང་། །པགས་པ་སྤུ་ནི་ཇི་ལྟར་འགྱུར་། །ན་ཚོད་གནས་སུ་ཕྱིན་མ་ཕྱིན། །ཅི་ལྟར་ཤེས་པར་གྱུར་པ་ལགས། །གང་གིས་ན་ཚོད་ཤེས་
འགྱུར་པའི། །མཚན་མ་ཇི་ལྟར་ཤེས་པར་གྱིས། །དེ་སྐད་དྲིས་ཚེ་དྲང་སྲོང་མཆོག །དེ་ཉིད་ཤེས་པར་སླར་སྨྲས་པ། །རྟ་ཡི་ན་ཚོད་ཤེས་པ་ནི། །མཚན་མ་ལས་ཀྱིས་གཉེར་རྙེད་འགྱུར། །ལ་ལ་གཞོན་པའང་རྒས་འདྲ་དང་། །རྒས་པའང་གཞོན་པའི་ཚུལ་དུ་སྣང་། །
དེ་བས་རྟ་ལས་ཁ་ཅིག་ནི། །ཤིན་ཏུ་རྨོངས་པས་བྱེད་པ་ཡིན། །དུས་ནི་བརྟག་ཅིང་བསམ་མི་ཁྱབ། །འཇིག་རྟེན་ཐམས་ཅད་མ་ལུས་ཁྱབ། ཉིན་མཚན་དང་ནི་ཟླ་བ་དང་། །ལོ་དང་དུས་དྲུག་བཅས་པར་ནི། །དུས་ཀྱི་མཚན་ཉིད་ལྡན་པ་རུང་། །དུས་འདི་ཤེས་བར་
བྱ་བ་ཡིན། །གང་གི་སོ་སོགས་ལ་རིམ་བཞིན། །དུས་ན་དུས་རྩི་གྲངས་སུ་འགྲོ། །དུས་ལས་མཚན་མ་གསལ་གྱུར་ལ། །མཚན་མ་ལས་ཀྱང་དུས་ཤེས་བྱ། །རྟ་ནི་སྐྱེས་ནས་དུ་ལོན་པ། །མཚན་མ་ལས་ནི་ཤེས་པར་བྱ། །མཁས་པས་མཚན་མ་བསྟན་ནས་ན། །
ལེགས་པར་ཤེས་ནས་བསྟན་པར་བྱ། །ལེགས་པའི་བརྟག་པར་གྱུར་པ་ཡིས། །གཟུང་བ་དེ་ནི་དེ་བཞིན་ཡིན། །མྱུར་བར་བལྟས་པར་མ་ཤེས་པ། །དེ་ནི་ལོག་པར་འཛིན་པར་འགྱུར། །ལེགས་བལྟས་མ་རྨོངས་པར་གྱུར་པ། །མཚན་མ་དུས་ནི་སྟོན་པ་ཡིན། །དེ་ལས་འབད་
ཅིང་མཁས་པ་དང་། །བསྟན་བཅོས་དོན་མཐོང་ཡང་དག་ཤེས། །མཚན་མ་ཤིན་ཏུ་ངེས་བརྟགས་ལ། །དོགས་པ་མེད་པར་བསྟན་པར་བྱ། །མདུན་སོ་སྟེང་དང་འོག་དག་ལ། །སྐྱེས་པ་དྲུག་དྲུག་ཡིན་ཞེས་བ། །དེ་ནས་རྟ་ཡི་མཆེ་བ་ནི། །སྟེང་འོག་གཉིས་ལ་བཞི་ཡོད་
དེ། །འགྲམ་སོ་སྟེང་དང་འོག་གཉིས་ན། །ཉི་ཤུ་རྩ་བཞི་ཡོད་པ་ཡིན། །དེ་ལྟར་སོ་བསྡུས་ཀུན་གྱི་སྤྱི། །བཞི་བཅུ་ཡོད་པར་ཤེས་པར་བྱ། །མདུན་སོའི་འོག་མ་ཅི་ལྟ་བར། །སྟེང་སོ་དེ་ལྟར་མི་མངོན་ཏེ །རྟ་ཡི་སོ་ལ་མཚན་མ་ནི། །མེ་ལོང་གཟུགས་བརྙེན་ལྟ་བུར་

མངོན། །ཟླ་བའི་རིམ་གྱིས་སྐྱེས་པ་ཡི། །མཚན་མ་ལོ་གཅིག་ཡིན་པར་འདོད། །ལོ་གཉིས་ནས་ནི་གོ་རིམས་བཞིན། །སོ་སོའི་ཁ་དོག་ལས་ཤེས་བྱ། །དེ་ནས་ལོ་གསུམ་ནས་བརྩམས་ཏེ། །སོ་འབྱུང་བར་ནི་འདོད་པ་ཡིན། །ལོ་ལྔའི་བར་དུ་སོ་དག་ནི། །འབྱུང་
ཞིང་སྐྱེ་བར་ཤེས་པར་བྱ། །དེ་ཡི་རྗེས་ལ་སོ་རིས་ཀྱི། །ཆ་ནས་ན་ཚོད་ཤེས་པར་བྱ། །གནག་དང་སེར་དང་དཀར་བ་དང་། །མཆིང་བུ་སྤྲང་བུའི་མདོག་འདྲ་དང་། །དུང་དང་གཏུན་གྱི་དབྱིབས་འདྲ་དང་། །དེ་ནས་སོ་ནི་འགུལ་བ་དང་། །དེ་རྗེས་དེ་ནི་འབྱུང་བ་སྟེ། །
འདི་ནི་མཚན་མ་བསྡུས་པ་ཡིན། །མཚན་མ་རྣམས་ནི་གོ་རིམས་བཞིན། །རེ་རེ་ལས་ནི་རབ་བཤད་བྱ། །དེ་ལས་ཐོག་མར་ཟླ་རེ་ནི། །ལོན་པའི་མཚན་ཉིད་ཤེས་པར་བྱ། །རྔ་རྔོག་པགས་པ་ཤིན་ཏུ་ཕྲ། །ཡན་ལག་དང་ནི་རྨིག་པ་མཉེན། །དཔྲལ་བ་
མཐོ་དམན་ཁྱེར་བ་དང་། །ལུས་གུག་རྩོལ་བ་ཆུང་བ་དང་། །མདུན་སོའི་དབུས་མ་གཉིས་ཟླུམ་པའི། །རྟེའུ་ཟླ་གཅིག་ལོན་ཞེས་བྱ། །ལུས་ཀྱི་ཚུལ་ནི་མཛེས་པ་དང་། །མདུན་སོ་གཉིས་ནི་གསལ་བར་གནས། །དྲེགས་པས་འགྲོ་བའི་ཚུལ་ཅན་དག །དེ་ནི་ཟླ་བ་
གཉིས་ལོན་ཡིན། །ཤ་ནི་རྒྱས་ཤིང་འབྱེས་པ་དང་། །སྲ་ཞིང་བརྟན་པར་གནས་པ་དང་། །མདུན་སོ་དག་ནི་རྣོ་བ་དང་། །སྤུ་ནི་རྩུབ་པར་སྐྱེ་བ་དག །རྟ་ལ་མཁས་པས་རྟེའུ་ནི། །ཟླ་གསུམ་ལོན་པར་ཤེས་པར་བྱ། སྐྱེས་པའི་སྤུ་ནི་བྱི་བ་དང་། །མདུན་སོ་
གཉིས་ནི་རྫོགས་པ་ཡི། །རྟེའུ་ཟླ་བ་བཞི་ལོན་པར། །མཁས་པ་རྣམས་ཀྱིས་ཤེས་པར་བྱ། །མདུན་སོ་གཉིས་ནི་རྫོགས་པ་དང་། །བར་མ་དག་ཀྱང་སྐྱེ་བ་ཡི། །རྟེའུ་གང་ཡིན་དེ་ཉིད་ནི། །ཟླ་ལྔ་ལོན་པར་ཤེས་པར་བྱ། །གང་ཚེ་རི་མོ་དུང་མར་འདྲ། །
ཤིན་ཏུ་ཕྲ་བར་སྣང་གྱུར་པ། །མདུན་སོ་ལ་ནི་ཡོད་གྱུར་ཅིང་། །སོ་མཐའ་ལས་ནི་གྱེན་དུ་འགྲེང་། །དེ་ཚེ་རྟེའུ་ཟླ་དྲུག་པར། །ཐེ་ཚོམ་མེད་པར་ཤེས་པར་བྱ། །སྤུ་ནི་མི་མཉམ་གྱུར་པ་དང་། །མདུན་སོ་བར་མར་རི་མོ་སྣང་། །ལུས་དང་རྨིག་པ་བརྟན་གྱུར་ཅིང་། །

ཀུན་ནས་འགྲིམ་པར་གྱུར་པ་དང་། མདུན་སོ་ཐ་མ་རྟོལ་གྱུར་པ། །དེ་ཚེ་ཟླ་བ་བདུན་པ་ཡིན། །མདུན་སོ་རྫོགས་པར་གྱུར་པ་དང་། འགྲམ་སོ་ཅུང་ཟད་སྐྱེ་བ་དང་། །རྔ་མའི་ཚོགས་ཀྱང་ལེགས་སྐྱེས་པ། །ཟླ་བ་བརྒྱད་པར་ཤེས་པར་བྱ། །མདུན་སོ་བར་
མ་ལེགས་རྫོགས་ཤིང་། །དེར་ཡང་རི་མོ་སྣང་གྱུར་ལ། །རྔོག་མའམ་མི་མཉམ་པར་སྣང་ལ། །དེ་ཚེ་ཟླ་བ་དགུ་པ་ཡིན། །རྔོག་མའང་རྣམ་པར་གྱེས་པ་དང་། །མདུན་སོ་བར་མའང་དཀའ་བ་དག །གང་ཡིན་དེ་ནི་མཁས་པ་ཡིས། །སྐྱེས་ནས་ཟླ་བཅུ་ལོན་ཞེས་བྱ། །
འགྲམ་སོ་རྡོགས་པར་གྱུར་པ་དང་། །རླིག་པ་དག་ཀྱང་འཕྱང་བ་དག །དེ་ལྟ་བུ་ཡི་རྟེའུ་ཡིས། །ཟླ་བ་བཅུ་གཅིག་ལོན་ཞེས་བྱ། །གང་གི་སོ་ནི་ཐམས་ཅད་ཀྱང་། །དཀར་བ་ཉིད་དུ་སྣང་བ་དང་། །བ་སྤུ་འཇམ་ཞིང་རིང་པ་ཡིས། །ལུས་ལ་ཁྱབ་པར་གྱུར་བ་ཡི། །རྟེའུ་
མཚན་མ་འདི་དག་གིས། །ལོ་གཅིག་ལེན་པར་ཤེས་པར་བྱ། །གང་ཚེ་སོ་ནི་མདོག་སེར་ཞིང་། །དུད་མར་དག་ཏུའང་སྣང་གྱུར་པ། །རྔོག་མ་དང་ནི་རྔ་མ་རིང་། །སྤུ་ཡང་འབྱི་བར་འགྱུར་པ་དང་། །གཉིད་ཀྱང་ཆེ་བར་སྣང་པ་དང་། །གྲགས་པ་གཟི་མདངས་འཕེལ་འགྱུར་
བ། །མཚན་མ་འདི་དག་ལྡན་པ་ཡི། །རྟ་ནི་ལོ་གཉིས་ལོན་ཞེས་བྱ། །ལོ་གཉིས་གསུམ་མམ་དེ་བཞིན་དུ། །བཞིའམ་ཡང་ན་ལྔ་ཡི་ཚེ། །མཆེ་བ་བཞི་ནི་སྐྱེ་འགྱུར་ཏེ། །འདི་ལ་ངེས་པ་མི་སྣང་ངོ་། །རྟེའུ་ལོ་གཉིས་ལོན་པ་ལ། །རླིག་པའི་འབྲས་བུ་གཅིག་སྣང་
སྟེ། །གཉིས་ནས་ལྡན་མཉམ་གྱུར་ཏེ། །གཞན་དུ་མི་ཤིས་བ་ཉིད་ཡིན། །རླིག་པ་དག་ནི་གཉིས་ཀ་ཡང་། །གང་ཞིག་མ