Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 59
Văn bản gốc(Tây Tạng)
Trang 15 / 16 (50.000 ký tự/trang)
ན། སེམས་ཅན་ཐམས་ཅད་ཆོས་ཉིད་ལས་ཁྲོ་བོའི་ཆོས་ཉིད་དོ་ཞེས་བྱ་བ་གསུངས་ཏེ། སེམས་ཅན་ཐམས་ཅད་དོན་དམ་པར་གཟུང་བ་དང་འཛིན་པ་དང་བྲལ་བ་ཉིད་དེ། དེ་དང་ལྷན་ཅིག་ཏུ་གྱུར་པ་ནི་ ཁྲོ་བོའི་ཆོས་ཉིད་ཡིན་ལ། གང་སེམས་ཅན་ཐམས་ཅད་ཀྱི་དངོས་པོ་མེད་པའི་ངོ་བོ་ཉིད་དེ་ནི་ཁྲོ་བོ་དངོས་པོ་མེད་པའི་ངོ་བོ་ཉིད་དེ། དེ་ནི་སེམས་ཅན་ཐམས་ཅད་མེད་པ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །ཁྲོ་བོ་འདིའི་མིང་མི་ཕྱེད་པའི་མིང་ཇི་སྐད་དུ་བྱ་ཞེ་ན། སེམས་ཅན་ཐམས་ཅད་རྡོ་རྗེ་ཉིད་པས་ ཁྲོ་བོ་རྡོ་རྗེ་ཉིད་དོ་ཞེས་བྱ་བ་གསུངས་ཏེ། སེམས་དང་སེམས་ལས་བྱུང་བ་རྣམས་ནི་དོན་དམ་པར་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་དང་བྲལ་བ་ཉིད་དོ། །དེ་ནི་སེམས་ཅན་ཐམས་ཅད་རྡོ་རྗེ་ཉིད་ཡིན་ལ། དེས་ཁྲོ་བོ་རྡོ་རྗེ་ཉིད་ཡིན་ཏེ། སེམས་ཅན་ཐམས་ཅད་ཀྱི་རྡོ་རྗེ་ཉིད་གང་ཡིན་ པ་དེ་ཉིད་ནི་ཐུགས་རྗེ་ཆེན་པོ་ཁྲོ་བོའི་ངོ་བོ་ཉིད་ཡིན་ལ། ཆོས་ཐམས་ཅད་ནི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ཡང་ན་ཁྲོ་བོས་འདུལ་བའི་སེམས་ཅན་རྣམས་ལ་འཁོར་བ་ཇི་སྲིད་པར་གནས་པ་ནི་སེམས་ཅན་ཐམས་ཅད་ཀྱི་རྡོ་རྗེ་ཉིད་དོ། །སེམས་ཅན་ཐམས་ཅད་ཀྱི་རྡོ་རྗེ་ཉིད་ དེ་རྒྱུར་གྱུར་པས་ཁྲོ་བོ་རྡོ་རྗེ་ཉིད་དེ། ཁྲོ་བོས་གདུལ་བའི་སེམས་ཅན་ཐམས་ཅད་རྣམ་པར་གདུལ་བར་བྱ་བའི་བྱ་བའོ། །འཁོར་བ་ཇི་སྲིད་པར་ཁྲོ་བོའི་བྱ་བ་བསྒྲུབ་པ་རྒྱུན་མི་གཅོད་པ་ཉིད་ནི་ཁྲོ་བོ་རྡོ་རྗེ་ཉིད་དོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་རྒྱུ་གང་གིས་ན་སེམས་ཅན་ཐམས་ཅད་མཉམ་ པ་ཉིད་པས་ཁྲོ་བོ་མཉམ་པ་ཉིད་དོ་ཞེས་བྱ་བས། སེམས་ཅན་ཐམས་ཅད་རྡོ་རྗེ་ཉིད་པས་ཁྲོ་བོ་རྡོ་རྗེ་ཉིད་ཡིན་ཞེ་ན། གང་གི་ཕྱིར་འདི་ལྟར་སེམས་ཅན་ཐམས་ཅད་འདུལ་བའི་བྱང་ཆུབ་བོ་ཞེས་གསུངས་ཏེ། འདི་ཉིད་ནི་བྱང་ཆུབ་ཀྱི་མཚན་ཉིད་ཅན་ཏེ། གང་ཞེ་ན། སེམས་ཅན་ཐམས་ཅད་ མཉམ་པ་ཉིད་ནས་སེམས་ཅན་ཐམས་ཅད་རྡོ་རྗེ་ཉིད་ཀྱི་བར་ཏེ། དེས་ཁྲོ་བོ་རྡོ་རྗེ་ཉིད་དོ་ཞེས་བྱ་བ་སྟེ་ཁྲོ་བོ་མཉམ་པ་ཉིད་ལ་སོགས་པས་ཀྱང་སེམས་ཅན་གདུག་པ་ཅན་ཐམས་ཅད་འདུལ་བར་མཛད་ཅིང་། སངས་རྒྱས་ཀྱི་བྱང་ཆུབ་ལ་རབ་ཏུ་འཇོག་པར་མཛད་པས་ན། དེའི་ཕྱིར་སེམས་ཅན་ཐམས་ ཅད་འདུལ་བ་ནི་བྱང་ཆུབ་བོ་ཞེས་བྱ་བའོ། །དེ་ལྟར་ན་དེ་ནས་ཞེས་བྱ་བ་ནས་བརྩམས་ཏེ། བྱང་ཆུབ་བོ་ཞེས་བྱ་བའི་བར་གྱི་བཤད་པས་ནི་ཏིང་ངེ་འཛིན་དང་པོ་གསུངས་པ་ཡིན་ནོ། །དེ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ལ་དེ་ནས་ཞེས་ བྱ་བའི་སྒྲ་ནི་སྔ་མ་བཞིན་ཏེ་དེ་ལྟར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་བཅོམ་ལྡན་འདས་རྡོ་རྗེ་གནོད་སྦྱིན་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པའི་ཕྱིར་དང་། རང་གི་དཀྱིལ་འཁོར་སྤྲུལ་པར་བྱ་བའི་ཕྱིར་བསྐུལ་བ་མཛད་པ་དང་། དེའི་རྗེས་ཐོགས་ཉིད་ལ་སྙིང་པོ་འདི་རང་གི་དཀྱིལ་ འཁོར་སྤྲུལ་པར་བྱ་བའི་ཕྱིར་སྨྲས་པའོ། །བཞིན་རབ་ཏུ་འཛུམ་པ་ནི་ཁྲོ་བོའི་ཧ་ཧ་ཞེས་བྱ་བའི་གད་རྒྱངས་དང་བཅས་པའི་ཞལ་ལོ། །རྡོ་རྗེ་མཆེ་བའི་ཕྱག་རྒྱ་དང་། །ཞེས་བྱ་བ་ནི། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་རྡོ་རྗེ་མཆེ་བའི་མཚོན་བྱ་བཟུང་ནས་རང་གི་ཞལ་གྱི་གྲྭ་གཉིས་སུ་འཛིན་པར་མཛད་པ་ནི། རྡོ་རྗེ་མཆེ་བའི་ཕྱག་རྒྱ་སྟེ། དེ་དང་བཅས་པའི་རྡོ་རྗེ་གནོད་སྦྱིན་གྱི་གཟུགས་ཀྱིས་ཞེས་བྱ་བ་ནི་ཇི་སྐད་དུ་རབ་ཏུ་གྲགས་པས་རྡོ་རྗེ་ཁྲོ་བོའི་གད་མོ་ཞེས་བྱ་བའི་སྙིང་པོ་འདི་དཀྱིལ་འཁོར་སྤྲུལ་པར་མཛད་པའི་ཕྱིར་སྨྲས་པ་ནི་ཧ་ཞེས་བྱའོ། །གདུག་པ་ཐམས་ཅད་འདུལ་བའི་སེམས་དཔའ་རྣམས་ཞེས་བྱ་ བ་ལ། སེམས་ཅན་རྣམས་གདུལ་བའི་དོན་གྱི་སེམས་དཔའ་རྣམས་ནི་གདུག་པ་ཐམས་ཅད་འདུལ་བའི་སེམས་དཔའ་རྣམས་ཏེ། རྡོ་རྗེ་སེམས་དཔའི་ཁྲོ་བོ་ལ་སོགས་པའོ། །དང་པོའི་དཀྱིལ་འཁོར་གྱི་ཚུལ་དུ་བཞུགས་སོ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོ་ནི་དང་པོའི་དཀྱིལ་ འཁོར་ཏེ། དེའི་སྦྱོར་བས་དེའི་དབྱིབས་ཀྱི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་གནོད་སྦྱིན་གྱི་གཟུགས་ཀྱིས་བཞུགས་པའོ། །དེ་ལྟར་ན་དེ་ནས་ཞེས་བྱ་བ་ནས་བརྩམས་ཏེ་བཞུགས་སོ་ཞེས་བྱ་བའི་བར་གྱི་བཤད་པས་ནི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །དེ་ནས་འདུས་པ་ནས་བརྩམས་ ཏེ། ཏིང་ངེ་འཛིན་གསུམ་པ་ཡིན་པར་ཤེས་པར་བྱའོ། །ད་ནི་དམ་ཚིག་དང་དབང་བསྐུར་བ་ཐོབ་པ་རྣམས་ཀྱིས་བཟླས་བརྗོད་དང་བསྒོམ་པར་བྱའོ་ཞེས་བྱ་བ་འདིའི་དོན་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པས་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་། སློབ་མ་ལ་གཞུག་པ་ལ་ སོགས་པའི་ཆོ་ག་རྒྱས་པར་གསུངས་པ་ཡིན་ནོ། །དེ་ནས་ཞེས་བྱ་བའི་སྒྲ་ནི་སྔ་མ་བཞིན་ཏེ། དེ་ལྟར་ཏིང་ངེ་འཛིན་གསུམ་བསྒོམས་པ་ནས་བརྩམས་ཏེ། ཇི་སྲིད་མཚན་མ་ཐོབ་ཀྱི་བར་དུ་བསྒོམས་ལ། དེའི་རྗེས་ཐོགས་ཉིད་ལ་དཀྱིལ་འཁོར་འདི་བྲི་བར་བྱའོ། །ཐབས་ཐམས་ཅད་ཀྱིས་འདུལ་བའི་ ཁྲོ་བོ་ཞེས་བྱ་བ་ལ། འདིས་སེམས་ཅན་རྣམས་འདུལ་བ་སྟེ། གདུག་ཅིང་མ་རུངས་པ་ཉིད་འདོར་དུ་འཇུག་པས་ཞེས་བྱ་བའི་དོན་ཏོ། །ཐབས་ཐམས་ཅད་ཀྱང་ཡིན་ལ་འདུལ་བ་ཡིན་པས་ན། ཐབས་ཐམས་ཅད་ཀྱིས་འདུལ་བའོ། །དེ་ཉིད་ནི་ཁྲོ་བོའི་རྡོ་རྗེ་སྟེ་རྡོ་རྗེ་གནོད་སྦྱིན་གྱིས་ཞེས་བྱ་བའི་དོན་ཏོ། ། དེ་ལ་དམིགས་པས་ན་མིང་དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཤིང་མངོན་སུམ་དུ་མཛད་པའོ། །གདུག་པ་ཐམས་ཅད་འདུལ་ཞིང་བྱིན་གྱིས་རློབ་པའི་རྡོ་རྗེ་ཞེས་བྱ་བ་ནི། མི་ཕྱེད་པ་གང་ཡིན་པ་སྟེ། མིང་དེ་སྐད་ཅེས་བྱ་བའི་གནོད་སྦྱིན་གྱི་དཀྱིལ་འཁོར་འདི་གསུངས་ཤིང་བཀའ་ སྩལ་པའོ། །ཕྱི་ཡི་དཀྱིལ་འཁོར་ཚུལ་དུ་ནི། །ཕྱི་ཡི་དཀྱིལ་འཁོར་བྲི་བར་བྱ། །ཞེས་བྱ་བ་ནི། རྡོ་རྗེ་སེམས་དཔའི་ཕྱིའི་དཀྱིལ་འཁོར་གྱི་དབྱིབས་སུ་འདིའི་ཕྱིའི་དཀྱིལ་འཁོར་ཐམས་ཅད་བྲི་བར་བྱའོ། །དེ་ནི་ནང་རིམ་ཉིད་དུ་ནི། །དཀྱིལ་འཁོར་བཟང་པོ་གྲུ་བཞི་པ། །ཞེས་བྱ་བ་ནི། ཕྱིའི་ དཀྱིལ་འཁོར་གྱི་ནང་དུ་ཟུར་བཞི་པ་ཤིན་ཏུ་མཛེས་པའི་དཀྱིལ་འཁོར་གཉིས་པ་བྲི་བར་བྱའོ། །ཐིག་བཞིར་ལྡན་ཞེས་བྱ་བ་ནི་ཚངས་པའི་སྲད་བུ་གཉིས་དང་མཚམས་ཀྱི་སྲད་བུ་གཉིས་གདབ་པར་བྱ་སྟེ། དེ་ལྟར་ཐིག་བཞི་པར་འགྱུར་རོ། །ཚོན་སྣ་ལྔས་ནི་རྣམ་པར་བྲིས། །ཞེས་བྱ་བ་ནི། དམར་པོ་དང་། ལྗང་གུ་དང་། སྔོན་པོ་དང་། སེར་པོ་དང་། དཀར་པོའི་མདོག་ཅན་གྱི་ཚོན་རྣམས་ཀྱིས་ལེགས་པར་ཐིག་གདབ་ནས་རི་མོར་བྲིས་པ་ནི། ཚོན་སྣ་ལྔས་ནི་རྣམ་པར་བྲིས། །ཞེས་བྱའོ། །ཀ་བ་བརྒྱད་ཀྱི་མདུན་གནས་པར། །ཞེས་བྱ་བ་ལ་འདི་ཉིད་དུ་གནས་པས་ན་གནས་པ་ཞེས་བྱ་ལ། མདུན་ ཡང་ཡིན་ལ་གནས་པ་ཡང་ཡིན་པས་ན་མདུན་ན་གནས་པ་སྟེ། ཀ་བ་བརྒྱད་ཀྱི་མདུན་ན་གནས་པའི་དཀྱིལ་འཁོར་བྲི་བའོ། །འབར་བའི་དཀྱིལ་འཁོར་ཡང་དག་ལྡན། །ཞེས་བྱ་བ་ནི། ལྷ་ཐམས་ཅད་ཀྱི་གནས་སུ་སྣ་ཚོགས་པདྨའི་གདན་གྱི་སྟེང་དུ་འབར་བའི་དཀྱིལ་འཁོར་དང་ཡང་དག་པར་ ལྡན་པར་འགྱུར་རོ། །དེའི་ཞེས་བྱ་བ་ཇི་ལྟར་བྲིས་པའི་དཀྱིལ་འཁོར་དབུས་མའི་དབུས་སུ་ཅི་རིགས་པར་ཞེས་བྱ་བ་རྡོ་རྗེ་གནོད་སྦྱིན་ལུགས་མའམ། བརྡུངས་པའམ། བྱས་པའམ། བྲིས་པ་ཧ་ཞེས་བྱ་བ་དགོད་པར་བྱའོ། །རྡོ་རྗེ་མཆེ་བ་གཙིགས་པ་དང་ཞེས་ བྱ་བ་ནི་རྡོ་རྗེ་མཆེ་བ་གཉིས་གཙིགས་པའི་བུ་ག་དང་བཅས་པའི་ཞལ་གྱི་ཕྱོགས་སོ། །འབར་བའི་ཕྲེང་བ་འཁྲིགས་པའི་འོད། །ཅེས་བྱ་བ་ནི། འབར་བ་རྣམས་ཀྱི་ཕྲེང་བར་གྱུར་པ་གང་ཡིན་པ་དེ་ནི་འབར་བའི་ཕྲེང་བའོ། །དེ་ཉིད་འཁྲིགས་པ་སྟེ། ཕན་ཚུན་དུ་འགྲོ་བའི་འོད་ གང་ཡིན་པ་དེ་ནི་འབར་བའི་ཕྲེང་བ་འཁྲིགས་པའི་འོད་ཅེས་བྱའོ། །དེའི་ཞེས་བྱ་བ་ནི་རྡོ་རྗེ་གནོད་སྦྱིན་གྱིའོ། །ཀུན་དུ་ཞེས་བྱ་བ་ནི་ཕྱོགས་དང་ཕྱོགས་མཚམས་རྣམས་སུ་ཕྱག་ན་རྡོ་རྗེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་བརྒྱད་གནོད་སྦྱིན་གྱི་གཟུགས་འཆང་བ་ཤིན་ཏུ་ཞེས་བྱ་བ་སྟེ། ཁྱད་ པར་དུ་ཡང་འཇིགས་པར་བྱེད་པ་རྡོ་རྗེ་ལ་སོགས་པ་རང་གི་མཚན་མ་བསྣམས་པ་བྲི་བར་བྱའོ། །ཕྱིའི་དཀྱིལ་འཁོར་གྱི་མཚམས་བཞིར་ནི་མཆེ་བའི་ཕྱག་རྒྱ་བྲི་བར་བྱའོ། །ཕྱི་དང་ནང་གི་སྒོ་རྣམས་སུ་ནི་ཁྲོ་བོའི་རྡོ་རྗེ་ཡང་དག་པར་བྲི་བར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་ལྟར་ དཀྱིལ་འཁོར་བྲིས་ནས། རས་སྔོན་པོ་ལ་སྔ་མ་བཞིན་དུ་སྔགས་བཟླས་ལ། དེ་དག་གི་སྨད་གཡོགས་ལ་སོགས་པ་ཇི་ལྟ་བ་བཞིན་དུ་བྱས་ནས། བཅོམ་ལྡན་འདས་རྡོ་རྗེ་གནོད་སྦྱིན་གྱི་མཆེ་བའི་ཕྱག་རྒྱ་བཅིངས་ལ། འདིས་མེ་ཏོག་གི་ཕྲེང་བ་བཟུང་སྟེ། ཇི་ལྟ་བ་བཞིན་ཞུགས་ན་ཇི་སྐད་དུ་ གསུངས་པའི་གནས་ཐོབ་པར་འགྱུར་རོ། །རྡོ་རྗེ་མཆེ་བ་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་རྩེ་ལྔ་པའི་རྩ་བ་ཡོད་པའི་མཆེ་བ་ནི། རྡོ་རྗེ་མཆེ་བ་སྟེ། དེ་བླངས་ལ་རྡོ་རྗེ་མིང་གི་དབང་བསྐུར་བས་བདག་ཉིད་དབང་བསྐུར་ནས། དེའི་རྗེས་ཐོགས་ཉིད་ལ་རྡོ་རྗེས་རྡོ་རྗེ་གནོད་སྦྱིན་ལ་བསྣུན་པར་བྱ་སྟེ། དེ་ནས་ རྡོ་རྗེ་གནོད་སྦྱིན་མཉེས་པས། ཞལ་ནས་ཧ་ཧ་ཞེས་བྱ་བའི་བཞད་པ་མཛད་པར་འགྱུར་རོ། །དེ་ནས་སྒྲུབ་པ་པོས་བདག་ཉིད་བཅོམ་ལྡན་འདས་གྲུབ་པ་ཡིན་ནོ་ཞེས་ཤེས་པར་བྱའོ། །དེ་ནས་ཕྱག་རྒྱ་ཐམས་ཅད་བཅིང་བར་བྱ་ཞིང་བསྒྲུབ་པར་བྱའོ་ཞེས་བྱ་བ་ནི། དེ་ལྟར་བདག་ཉིད་འཇུག་པ་ལ་སོགས་ པ་བྱས་ནས། བཅོམ་ལྡན་འདས་ལས་སྙིང་པོ་མནོས་ལ། ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་གི་དང་། ཆོས་ཀྱི་ཕྱག་རྒྱ་རྣམས་བཅིང་བར་བྱའོ། །དེ་ནས་བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ལ། ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཕྱག་རྒྱ་ཐམས་ཅད་ཇི་ལྟར་མངོན་པར་འདོད་པ་བཞིན་ དུ་བསྒྲུབ་པར་བྱའོ། །དེ་ནས་མཆོད་ལ་ཞེས་བྱ་བ་ནི་དེ་ལྟར་ཇི་ལྟར་མངོན་པར་འདོད་པའི་ཕྱག་རྒྱ་བསྒྲུབ་པ་བྱས་ནས་སློབ་མ་བཅུག་ལ། མཆོད་པ་རྣམ་པ་ལྔ་དང་། ཕྱག་རྒྱའི་མཆོད་པ་རྣམ་པ་བཅུ་གཉིས་ཀྱིས་བཅོམ་ལྡན་འདས་འཁོར་དང་བཅས་པ་ཡང་དག་པར་མཆོད་ནས། རོ་དང་ཁ་ ཟས་དང་གནས་པ་ཐམས་ཅད་ཀྱིས་སློབ་མ་རྣམས་ཚིམ་པར་བྱས་ལ། སེམས་ཅན་ཐམས་ཅད་མཉམ་པ་ཉིད་པས་ཁྲོ་བོ་མཉམ་པ་ཉིད་དོ་ཞེས་བྱ་བ་ལ་སོགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚིག་བཞི་བརྗོད་ལ། བཅོམ་ལྡན་འདས་འཁོར་དང་བཅས་པ་ཇི་ལྟ་བ་བཞིན་དུ་གཤེགས་སུ་ གསོལ་ཏོ། །དཀྱིལ་འཁོར་ཉེ་བར་བསྡུས་ནས་སླར་དབྱུང་བར་བྱའོ། །དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་རྡོ་རྗེ་གནོད་སྦྱིན་གྱི་དཀྱིལ་འཁོར་དུ་ཕྱག་རྒྱ་བཅིང་བ་ལ་སོགས་པའི་ཆོ་ག་གསུངས་པ་དེ་བཞིན་དུ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དཀྱིལ་འཁོར་ཐམས་ཅད་དུ་ཡང་ བྱ་བར་ཤེས་པར་བྱའོ། །ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་རོ། །ཞེས་བྱ་བ་ནི་གོ་བར་ཟད་དོ། །འདིའི་དོན་སླར་ཡང་བཤད་པར་བྱ་སྟེ། བཅོམ་ལྡན་འདས་རྡོ་རྗེ་གནོད་སྦྱིན་གྱི་སྦྱོར་བས་རྣལ་འབྱོར་ཆེན་པོ་བྱས་ལ། ཏིང་ངེ་འཛིན་གསུམ་བསྒོམ་པ་ནས་བརྩམས་ཏེ། ཇི་སྲིད་དུ་མངོན་སུམ་དུ་ མཐོང་བར་གྱུར་གྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་ཇི་སྐད་དུ་གསུངས་པའི་དཀྱིལ་འཁོར་གྱི་སའི་དབུས་སུ་ཏིང་ངེ་འཛིན་གསུམ་བསྒོམས་ལ་བར་སྣང་གི་ཕྱོགས་སུ་ཇི་ལྟ་བ་བཞིན་དུ་ཡང་དག་པར་བཞག་སྟེ། ཉི་མ་འཆར་བའི་དུས་སུ་ལེགས་པར་ཐིག་གདབ་པར་བྱའོ། །རྡོ་རྗེ་སེམས་ དཔའི་ཕྱིའི་དཀྱིལ་འཁོར་ཐིག་བཏབ་ལ། ནང་དུ་འདིའི་ཕྱིའི་ཕྱེད་ཀྱི་ཚད་དང་། ཕྱིའི་དཀྱིལ་འཁོར་གཉིས་པ་གྲུ་བཞི་ལ། ཀ་བ་བརྒྱད་ཀྱིས་མཛེས་པར་བྱས་པ། ལྷ་ཐམས་ཅད་ཀྱི་གནས་སུ་སྣ་ཚོགས་པདྨའི་གདན་འབར་བའི་དཀྱིལ་འཁོར་གྱིས་བརྒྱན་པ་བྲི་བར་བྱའོ། །དཀྱིལ་འཁོར་ དབུས་མའི་དབུས་སུ་བཅོམ་ལྡན་འདས་རྡོ་རྗེ་གནོད་སྦྱིན། རྡོ་རྗེ་ཡིད་ལས་བྱུང་བའི་གནས་སུ་ཕྱག་ན་རྡོ་རྗེ། ཤར་ལྷོ་མཚམས་ཀྱི་ལེའུ་ཚེ་ལ་འཇམ་པའི་དབྱངས། ཀཱི་ལི་ཀཱི་ལའི་གནས་སུ་ནམ་མཁའི་སྙིང་པོ། ལྷོ་ནུབ་མཚམས་སུ་ནམ་མཁའ་མཛོད། རྡོ་རྗེ་དྲན་པའི་ གནས་སུ་འཇིག་རྟེན་དབང་ཕྱུག །ནུབ་བྱང་མཚམས་སུ་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ། རྡོ་རྗེ་སྙེམས་པའི་གནས་སུ་རྡོ་རྗེ་ཁུ་ཚུར། བྱང་ཤར་མཚམས་ཀྱི་ལེའུ་ཚེ་ལ་རྡོ་རྗེ་གནོད་སྦྱིན་གཉིས་པ་བྲི་བར་བྱ་སྟེ། དེ་དག་ཐམས་ཅད་ཀྱང་སེམས་དཔའི་སྐྱིལ་མོ་ ཀྲུང་གིས་བཞུགས་པ། སྐུ་མདོག་ནག་པོ་ཤས་ཆེར་གཏུམ་པ་འཇིགས་པ་རྣམས་ཀྱང་འཇིགས་པར་མཛད་པ། འབར་བའི་ཕྲེང་བ་འཁྲིགས་པའི་འོད་མངའ་བ་རྡོ་རྗེའི་མཆེ་བ་གཙིགས་པ། ཧ་ཧ་ཞེས་གསལ་བར་བཞད་པའི་ཞལ་མངའ་བའོ། །ཕྱིའི་དཀྱིལ་འཁོར་གྱི་མཚམས་ རྣམས་སུ་མཆེ་བའི་ཕྱག་རྒྱ་དང་། ཕྱི་དང་ནང་དུ་བཅས་པའི་སྒོ་རྣམས་སུ་ཁྲོ་བོའི་རྡོ་རྗེ་རྣམས་བྲི་བར་བྱའོ། །འདིར་ལྷ་ཐམས་ཅད་ཀྱི་སྙིང་པོ་ནི་ཧ་ཞེས་བྱ་བ་ཡིན་ནོ། །དེ་ལྟར་དཀྱིལ་འཁོར་བྲིས་ནས་དེ་བཞིན་དུ་རྣལ་འབྱོར་ཆེན་པོ་བྱས་ལ། རྡོ་རྗེ་གནོད་སྦྱིན་གྱི་དམ་ཚིག་གི་ཕྱག་རྒྱས་ ཡོངས་སུ་བཟུང་བའི་རྡོ་རྗེ་མཆེ་བ་དང་། མེ་ཏོག་གི་ཡལ་ག་ལས་བུམ་པ་ཐམས་ཅད་དང་། བུམ་པ་གང་བ་རྣམས་ལ་ཧ་ཞེས་བྱ་བ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱའོ། །དེ་ནས་དཀྱིལ་འཁོར་གྱི་སྒོ་བཞི་ཕྱེ་ལ་བསྡུ་བ་བྱས་ཏེ། བཅོམ་ལྡན་འདས་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་ཆེན་པོ་ བསྒོམ་ཞིང་། མཚན་བརྒྱ་རྩ་བརྒྱད་ཀྱིས་ཡང་དག་པར་བསྟོད་ལ། གསང་བའི་ལྕགས་ཀྱུ་དང་། ཧ་ཞེས་བྱ་བས་བཅོམ་ལྡན་འདས་འཁོར་དང་བཅས་པ་དཀྱིལ་འཁོར་དུ་བཅུག་ལ། རྡོ་རྗེ་གནོད་སྦྱིན་གྱིས་བགེགས་བསལ་བ་བྱས་ནས། མཚམས་བཅིང་བ་དང་། དཀྱིལ་འཁོར་བཅིང་ བ་དང་། ར་བ་དང་། དྲ་བ་དག་བྱས་ལ། རྡོ་རྗེ་ཁུ་ཚུར་གྱིས་སྒོ་བཅིངས་ནས། རྡོ་རྗེ་བསྲུང་བས་བསྲུང་བ་ཐམས་ཅད་གོ་ཆ་བསྐོན་ཏེ། ཧ་ཞེས་བྱ་བས་མཆོད་ཡོན་ཕུལ་ལ། དམ་ཚིག་གི་ཕྱག་རྒྱ་དང་། ཧ་དྲྀ་ཤྱ་ཞེས་བྱ་བས་བཅོམ་ལྡན་འདས་འཁོར་དང་བཅས་པ་བལྟ་བར་བྱ་སྟེ། ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟཾ། ས་མ་ཡ་སྟྭཾ་ཨ་ཧཾ་ཧ། ཞེས་ལན་གསུམ་བརྗོད་ལ་བསྒྲུབ་པར་བྱའོ། །དེ་ལ་བཅོམ་ལྡན་འདས་ཀྱི་དམ་ཚིག་གི་ཕྱག་རྒྱ་ནི་འདི་ཡིན་ཏེ། རྡོ་རྗེ་བསྡམས་པ་ལས་མཛུབ་མོའི་རྩེ་གཉིས་བཀུག་ལ། མཐེ་བོ་གཉིས་ཤིན་ཏུ་བརྐྱང་བ་ནི་རྡོ་རྗེ་མཆེ་བ་ཞེས་བྱའོ། །དེ་ནས་ལྷ་འདི་དག་ཐམས་ ཅད་ཀྱི་ལྗགས་ལ་ཧ་ཞེས་བྱ་བ་བསམ་པར་བྱ་སྟེ། འདི་ནི་འདིར་ཆོས་ཀྱི་ཕྱག་རྒྱའོ། །སྔ་མ་བཞིན་དུ་རང་གི་སྙིང་གར་ཨ་ལས་སྣ་ཚོགས་རྡོ་རྗེ་བསམས་ལ། ཧ་ཞེས་བྱ་བ་ཟློས་ཤིང་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུ་བཤད་པའི་ལྷ་ཐམས་ཅད་ཀྱི་ཕྱག་རྒྱ་བཅིང་བར་བྱའོ། །རང་ གི་སྙིང་གར་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་བསམས་ལ་ཧ་ཞེས་བྱ་བ་ཟློས་ཤིང་ཇི་ལྟར་བྲིས་པ་དང་རྗེས་སུ་མཐུན་པར་ལྷ་ཐམས་ཅད་ཀྱི་ཕྱག་རྒྱ་ཆེན་པོ་བཅིང་བར་བྱའོ། །དེ་ནས་སངས་རྒྱས་ལྔའི་དབུ་རྒྱན་དང་། རྡོ་རྗེ་ཕྲེང་བའི་དབང་བསྐུར་བའི་ཕྱག་རྒྱ་དག་གིས་བཅོམ་ལྡན་འདས་འཁོར་དང་ བཅས་པ་དབང་བསྐུར་ལ། ཧ་ཞེས་བྱ་བས་བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་མཆོད་ཡོན་ཕུལ་ཏེ། བུམ་པ་དང་། བུམ་པ་གང་བ་རྣམས་དང་། ན་བཟའ་དང་། བླ་རེ་ལ་སོགས་པ་ཕུལ་ལ། མཆོད་པ་རྣམ་པ་ལྔས་མཆོད་དེ། ཕྱི་རོལ་དུ་གླུ་དང་གར་དང་། རོལ་མོ་དང་། རྟ་དང་། གླང་པོ་ཆེ་དང་། བ་ལང་གི་ཁྱུ་རྣམས་ཀྱིས་ཀྱང་མཆོད་པ་བྱེད་དུ་གཞུག་གོ། །དེ་ནས་ཕྱག་རྒྱའི་མཆོད་པ་རྣམ་པ་བཅུ་གཉིས་ཀྱིས་ཡང་དག་པར་མཆོད་ལ། ཧ་ཞེས་བྱ་བ་ཉིད་ལས་རིན་པོ་ཆེ་སྣ་བདུན་དང་། དཔག་བསམ་གྱི་ཤིང་། ཁ་ཟས་རོ་བརྒྱ་པ་ལ་སོགས་པའི་ མཆོད་པ་རྣམས་སྤྲུལ་ལ། འདིས་དབུལ་བར་བྱ་སྟེ། ཐལ་མོ་ཁོང་སྟོང་དུ་སྦྱར་ལ་སྤྱི་བོར་བཞག་ལ་ཨོཾ་སརྦ་བིཏྤཱུ་ར་པཱུ་ར། སུ་ར་སུ་ར། ཨཱ་བརྟ་ཡ་ཨཱ་བརྟ་ཡ་ཧོ་ཞེས་བརྗོད་དོ། །དེ་ནས་ཕྱི་རོལ་དུ་གཏོར་མ་བྱིན་ལ་སྦྱིན་སྲེག་བྱའོ། །དེ་ནས་རས་སྔོན་པོ་ལ་རྡོ་རྗེ་གནོད་སྦྱིན་གྱིས་ ཡོངས་སུ་བཟླས་པ་གཅིག་གིས་སྨད་གཡོགས་བྱ། གཉིས་པས་སྟོད་གཡོགས་བྱའོ། །ཡང་གཅིག་ལ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་སྙིང་པོ་བཞི་ཡོངས་སུ་བཟླས་པས་རང་གི་གདོང་གཡོགས་པར་བྱའོ། །དེ་ནས་ཕྱག་འཚལ་བ་ལ་སོགས་པ་སྔོན་དུ་འགྲོ་བས་དེ་བཞིན་ དུ་སྡོམ་པ་བཟུང་ལ། བྱང་ཆུབ་ཏུ་སེམས་བསྐྱེད་དེ། སྔ་མ་བཞིན་དུ་སྙིང་གར་རྡོ་རྗེ་བསྐྱེད་ལ། ཤར་ཕྱོགས་ཀྱི་སྒོར་བལྟས་ནས། ཕྱི་རོལ་ན་གནས་པའི་བུམ་པའི་ཆུས་བདག་ཉིད་དབང་བསྐུར་ཏེ། རྡོ་རྗེ་མཆེ་བའི་ཕྱག་རྒྱ་བཅིངས་ལ། དེ་ཉིད་ཀྱིས་མེ་ཏོག་གི་ ཕྲེང་བ་བཟུང་ནས་བཛྲ་བཛྲ་ཧ་ཞེས་ཟློས་ཤིང་དཀྱིལ་འཁོར་དུ་འཇུག་པར་བྱ་སྟེ། ཤར་ཕྱོགས་ཀྱི་སྒོར་བཛྲ་ཨཾ་ཀུ་ཤ་ཛཿཞེས་བརྗོད་པར་བྱའོ། །དེ་ནས་ལྷོ་ཕྱོགས་ནས་ཞུགས་ལ་བཛྲ་པཱ་ཤ་ཧཱུཾ་ཞེས་བརྗོད་པར་བྱའོ། །ཡང་ནུབ་ཕྱོགས་ཀྱི་སྒོ་ནས་ཞུགས་ལ་བཛྲ་སྥོ་ཊ་བཾ་ཞེས་ བརྗོད་པར་བྱའོ། །དེ་ནས་བྱང་ཕྱོགས་ཀྱི་སྒོ་ནས་དེ་བཞིན་དུ་ཞུགས་ལ། བཛྲ་ཨཱ་བེ་ཤ་ཨཱཿཞེས་བྱ་བ་དང་། བདག་ཉིད་དབང་དུ་བྱའོ། །དེ་ནས་དེ་བཞིན་དུ་ཤར་ཕྱོགས་ཀྱི་སྒོར་ཞུགས་ལ། མ་ཧཱ་ར་ཏ། སུ་དྲྀ་ཌྷ། སུ་ཏོ་ཥྱ་མ་ཧཱ་དྷཱ་ན་སུ་སུ་ཁོ། བཛྲ་སཏྭ། ཨཱདྱ་སིདྡྷྱ་མཱཾ་ཞེས་བརྗོད་པར་བྱའོ། ། དེ་ནས་རྣམ་པར་སྒེག་པའི་རྡོ་རྗེས་ཕྱག་བྱས་ལ། དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་བྱས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་ལ། འདི་སྐད་ཅེས་བརྗོད་པར་བྱ་སྟེ། མ་ཧཱ་ར་ག་མ་ཧཱ་སཽ་ཁྱ། མ་ཧཱ་བཛྲ་མ་ཧཱ་ཛྙཱ་ན། མ་ཧཱ་ཀརྨ། བཛྲ་སཏྭ་ཨཱདྱ་སིདྡྷྱཱ་མཱཾ། ཡང་འདི་སྐད་ཅེས་བརྗོད་ པར་བྱ་སྟེ། ཛཿཧཱུྃ་བཾ་ཧོཿཔྲ་སིདྡྷྱཱ་མཱཾ། དེ་ནས་རྡོ་རྗེ་ཆུ་འཐུངས་ལ་ཨ་ཞེས་བྱ་བ་ལན་བརྒྱ་བཟླས་ནས། བདག་ཉིད་ལ་དབབ་པར་བྱའོ། །ཡང་གཡོན་པའི་ཁྲོ་བོའི་ཁུ་ཚུར་གྱིས་སེམས་མ་རྡོ་རྗེ་མ་ཕྱེ་ལ། ཨ་ཞེས་བྱ་བ་ལན་བརྒྱ་བརྗོད་ཅིང་བདག་ཉིད་ལ་དབབ་པར་བྱའོ། །དེ་ནས་ཧ་ཞེས་ བྱ་བ་ཟློས་ཤིང་མེ་ཏོག་དོར་བར་བྱའོ། །དེ་ནས་དེ་བླངས་ལ། ཧ་ཉིད་ཀྱིས་རང་གི་མགོ་ལ་བཅིང་བར་བྱའོ། །དེ་ནས་དེ་ཉིད་ཀྱིས་གདོང་གཡོགས་དགྲོལ་ལོ། །དེ་ནས་དེ་ཉིད་ཟློས་ཤིང་། ཤར་ཕྱོགས་ནས་བརྩམས་ཏེ། དཀྱིལ་འཁོར་ལ་བལྟ་བར་བྱའོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་ མཆེ་བའི་ཕྱག་རྒྱ་བཅིངས་ལ། སྔ་མ་བཞིན་དུ་རང་གི་སྙིང་གར་དགྲོལ་བར་བྱའོ། །ཡང་བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ལ། བཅོམ་ལྡན་འདས་ལ་ཁྲོ་བོའི་ལྟ་བས་བལྟ་ཞིང་། ཇི་སྲིད་དུ་བཅོམ་ལྡན་འདས་ཀྱིས་ཞལ་བསྟན་ནས་རང་ལ་དངོས་གྲུབ་སྩོལ་བར་གྱུར་པ་དེ་སྲིད་ ཀྱི་བར་དུ་ཧཱ་ཞེས་བྱ་བཟླས་བརྗོད་བྱའོ། །དེ་ནས་རྡོ་རྗེ་ཐལ་མོ་བསྐོར་བ་ཤིས་པ་བརྗོད་པ་འདོན་པའི་ཚུལ་དུ་རང་གི་སྙིང་གར་བཞག་ལ། མཚན་བརྒྱ་རྩ་བརྒྱད་པས་བསྟོད་དེ། རྡོ་རྗེ་མཚོན་ཆ་ལ་སོགས་པ་གསང་བའི་མཆོད་པ་བཞིས་ཡང་དག་པར་མཆོད་ལ། གླུ་དང་རོལ་མོ་ལ་ སོགས་པ་རྣམས་ཀྱིས་ཀྱང་ཡང་དག་པར་མཆོད་པར་བྱའོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ལ། བཅོམ་ལྡན་འདས་ལ་ཁྲོ་བོའི་ལྟ་བས་བལྟས་ཏེ། རྡོ་རྗེ་ཐལ་མོ་བསྐོར་བས་ཕྱག་བྱས་ནས། མེ་ཏོག་ལ་སོགས་པ་དང་དབང་བསྐུར་བ་རྣམས་བླང་བར་ བྱའོ། །དེ་ལ་དང་པོ་ཁོ་ནར་བཅོམ་ལྡན་འདས་ཀྱི་དམ་ཚིག་གི་ཕྱག་རྒྱས་ཡོངས་སུ་བཟུང་བའི་རྡོ་རྗེ་དང་། མེ་ཏོག་གི་ཡལ་ག་ལས་རྣམ་པར་རྒྱལ་བའི་བུམ་པ་ལ་སྔར་བཤད་པའི་བུམ་པའི་སྔགས་དེ་བཞིན་དུ་ཡོངས་སུ་བཟླས་ལ། བདག་ཉིད་བཅོམ་ལྡན་འདས་རྡོ་རྗེ་གནོད་སྦྱིན་དུ་བྱིན་ གྱིས་བརླབས་ཏེ། བཅོམ་ལྡན་འདས་ཀྱི་དམ་ཚིག་གི་ཕྱག་རྒྱས་རྣལ་འབྱོར་ཆེན་པོ་ལས་གསུངས་པའི་གནས་སུ་བཅོམ་ལྡན་འདས་འཁོར་དང་བཅས་པ་ཧས་རང་རང་གི་གནས་སུ་བཀོད་ལ། ཕྱི་རོལ་གྱི་དཀྱིལ་འཁོར་གྱི་ནང་དུ་སྣ་ཚོགས་པདྨའི་སྟེང་དུ། འབར་བའི་དཀྱིལ་ འཁོར་བྲིས་ལ། དེའི་སྟེང་དུ་བདག་ཉིད་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་ཆེན་པོས་འདུག་ནས་མཆོད་ཡོན་བླངས་ལ་མེ་ཏོག་ལ་སོགས་པས་བདག་ཉིད་ཡང་དག་པར་མཆོད་དེ་མཚན་བརྒྱ་རྩ་བརྒྱད་པས་ཡང་དག་པར་བསྟོད་ནས། རྡོ་རྗེ་ཁུ་ཚུར་གྱིས་རྣམ་པར་རྒྱལ་བའི་བུམ་པ་ལས་ཆུ་བླངས་ ལ། ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧ་ཞེས་བྱ་བས་བདག་ཉིད་དབང་བསྐུར་ཞིང་ཆུ་དེ་བཏུང་བར་ཡང་བྱའོ། །དེ་ནས་སངས་རྒྱས་ལྔའི་དབུ་རྒྱན་དང་། རྡོ་རྗེ་ཕྲེང་བའི་ཕྱག་རྒྱ་དག་གིས་བདག་ཉིད་དབང་བསྐུར་ཞིང་། ལུགས་མའམ། བརྡུངས་པའམ། བྱས་པའམ། བྲིས་པའི་སངས་ རྒྱས་ལྔའི་དབུ་རྒྱན་དང་། རྡོ་རྗེ་ཕྲེང་བ་དང་། དར་དཔྱངས་ཀྱིས་དབང་སྔ་མ་བཞིན་དུ་བསྐུར་ལ། ཧ་ཞེས་བྱ་བས་རྡོ་རྗེ་མཆེ་བའི་ཕྱག་རྒྱ་རྡོ་རྗེ་དྲིལ་བུ་དང་བཅས་པ་བླངས་ཏེ། ཧ་ཞེས་བྱ་བ་ཟློས་བཞིན་དུ་བདག་པོ་དང་མིང་གི་དབང་བསྐུར་བ་དག་གིས་ཀྱང་དབང་བསྐུར་བར་བྱའོ། ། དེ་ནས་དངོས་གྲུབ་ཀྱི་རྡོ་རྗེའི་བརྟུལ་ཞུགས་བླངས་ལ། མེ་ཏོག་ལ་སོགས་པའི་མཆོད་པ་རྣམ་པ་ལྔས་བདག་ཉིད་ཡང་དག་པར་མཆོད་དེ། རྡོ་རྗེ་མཚོན་ཆ་ལ་སོགས་པ་ཕྱག་རྒྱའི་མཆོད་པ་རྣམ་པ་བཅུ་གཉིས་ཀྱིས་ཀྱང་ཡང་དག་པར་མཆོད་པར་བྱའོ། །དེ་ནས་རྡོ་རྗེ་ དེ་ཁོ་ན་ཉིད་ཀྱིས་བཟུང་ལ། ཆོས་ཀྱི་དྲིལ་བུ་དཀྲོལ་ཞིང་དམ་ཚིག་གི་ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབ་པར་བྱས་ཏེ། དེ་ཁོ་ན་ཉིད་ལ་སོགས་པས་ནི། ཐོག་མཐའ་མེད་པའི་སེམས་དཔའ་ནི། །ཞེས་བྱ་བ་ལ་སོགས་པ་རྡོ་རྗེའི་རིགས་ཀྱི་དཀྱིལ་འཁོར་གྱི་སྐབས་སུ་སྨྲས་པ་ཉིད་ཡིན་ པར་ཤེས་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་ཕྱག་བྱས་ལ་སྙིང་པོ་བླངས་ཏེ། ཚིགས་སུ་བཅད་པ་ལྔ་པས་རྗེས་སུ་གནང་བ་དང་། གཟེངས་བསྟོད་པ་དང་། ལུང་བསྟན་པ་མནོས་ལ་ཡང་བདག་ཉིད་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་དང་ཇི་ལྟར་མངོན་པར་འདོད་པའི་བཟླས་ བརྗོད་བྱས་ནས། བཅོམ་ལྡན་འདས་ལ་ཕྱག་བྱས་ཏེ་འདི་སྐད་ཅེས་བརྗོད་པར་བྱའོ། །བདག་མིང་འདི་ཞེས་བགྱི་བ་ཡི། །རྡོ་རྗེ་སློབ་དཔོན་དཀའ་ཐུབ་ཆེས། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །སློབ་མ་རྣམས་ནི་གཞུག་པར་བགྱི། །དེ་ནས་སློབ་མ་རྣམས་གཞུག་པར་བྱའོ། ། སློབ་དཔོན་གྱི་ལས་ཀྱི་ཆོ་ག་རྒྱས་པ་རྫོགས་སོ།། །།དེ་ནས་སྡོམ་པ་དབོག་པར་འོས་པའི་སློབ་མ་ལ་སྔར་བཤད་པའི་ཚུལ་གྱིས་སྡོམ་པ་འཛིན་དུ་གཞུག་པར་བྱའོ། །དེ་ནས་བྱང་ཆུབ་ཏུ་སེམས་བསྐྱེད་དུ་བཅུག་ལ། དེའི་སྙིང་གར་དེ་བཞིན་དུ་རྡོ་རྗེ་བསྐྱེད་དེ། རྡོ་རྗེ་གནོད་སྦྱིན་དུ་བྱིན་གྱིས་ བརླབས་ནས། དྲི་དང་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་ལ། ཡོན་གྱི་མཆོག་ཡང་དག་པར་བླངས་ཏེ། རང་གི་འཇུག་པའི་ཆོ་གས་གཞུག་པ་དང་དབབ་པ་བྱའོ། །དེ་ནས་ཡང་རྡོ་རྗེ་དབབ་པའི་ཕྱག་རྒྱ་དྲིལ་བུ་དང་བཅས་པ་དང་། རྐང་པ་གཡོན་པས་དེའི་རྐང་པ་གཡས་པ་ མནན་ལ། ཧ་ཨཿཨཿཨཿཨཿཞེས་བྱ་བ་ལན་བརྒྱ་བཟླས་ལ་དབབ་པར་བྱའོ། །དེ་ནས་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་པར་བྱའོ། །སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་རྫོགས་སོ།། །།དེ་ལྟར་དམ་ཚིག་དང་དབང་བསྐུར་བ་ཐོབ་པ་རྣམས་ལ་སློབ་དཔོན་གྱིས་དངོས་གྲུབ་ ཀྱི་ཡེ་ཤེས་བསླབ་པར་བྱའོ་ཞེས་བྱ་བ་འདིའི་ཆོ་ག་བསྟན་པར་བྱ་བའི་ཕྱིར། སྒྲུབ་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒྲུབ་པ་དང་དངོས་གྲུབ་དག་ཀྱང་དེ་བཞིན་ནོ་ཞེས་བྱ་བ་ནི། ཇི་ལྟར་རྡོ་རྗེ་སེམས་དཔའི་སྒྲུབ་པ་ལས་རས་ཀྱི་རི་མོ་གཉིས་པ་བསྙེན་པ་བྱ་བར་གསུངས་པ་དེ་ བཞིན་དུ་རྡོ་རྗེ་གནོད་སྦྱིན་གྱི་སྒྲུབ་པ་ལ་ཡང་ཤེས་པར་བྱ་སྟེ། དངོས་གྲུབ་རྣམས་ཀྱང་དེ་བཞིན་ནོ། །མ་བསྒྲུབས་པར་ཡང་དང་པོ་ཇི་ལྟ་བ་བཞིན་ནོ་ཞེས་བྱ་བ་ནི་གོ་སླའོ། །གདུག་པ་ཐམས་ཅད་འདུལ་བ་ལ་ནི་རྡོ་རྗེ་མཆེ་བའི་ཕྱག་རྒྱས་སོ་ཞེས་བྱ་བ་ནི། རྡོ་རྗེ་གནོད་སྦྱིན་གྱི་སྦྱོར་བ་བྱས་ ལ། ཇི་སྐད་དུ་བཤད་པའི་རྡོ་རྗེ་གནོད་སྦྱིན་གྱི་རྡོ་རྗེ་མཆེ་བའི་ཕྱག་རྒྱ་བཅིངས་ལ། ཧ་ཞེས་བྱ་བས་བདུད་ལ་སོགས་པའི་གདུག་པ་ཐམས་ཅད་རང་དབང་དུ་བྱའོ། །སེམས་ཅན་ཐམས་ཅད་འདུལ་བ་ལ་ནི་ཞེས་བྱ་བ་ནི་བྱ་བ་མ་ཡིན་པ་ཐམས་ཅད་ལས་བཟློག་ནས། དགེ་བ་བཅུའི་ལས་ ཀྱི་ལམ་ལ་སྦྱར་བའམ། ཐེག་པ་ཆེན་པོ་ལ་དགོད་པའོ། །དེ་ཇི་ལྟར་འགྱུར་ཞེ་ན། ཁྲོ་བས་ཧ་ཧ་ཞེས་དགོད་ཅིང་བཟླས་པས་སོ་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་གནོད་སྦྱིན་གྱི་སྦྱོར་བ་བྱས་ལ། ཁྲོས་པར་འགྱུར་བས་ཧ་ཞེས་བྱ་བ་ཟློས་ཤིང་བསྒྲུབ་པར་བྱ་བ་རང་གི་ཁ་ནམ་མཁའ་དང་མཉམ་ པའི་ནང་དུ་ཞུགས་པར་ཡིད་ཀྱིས་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་སེམས་ཅན་གདུག་པ་ཐམས་ཅད་འདུལ་བར་འགྱུར་རོ། །ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ཐར་པ་ནི་འདུ་ཤེས་དང་བྲལ་བའོ། །འདོད་ཆགས་དང་བྲལ་བ་ལས་ལྟུང་བར་བྱ་བ་ནི་འདོད་པའི་ཁམས་ལ་ སོགས་པས་སོ་སོར་སྣང་བ་ཡང་དག་པར་བསྟན་པའོ། །དེ་ཇི་ལྟར་འགྱུར་ཞེ་ན། ཆོས་གོས་དང་སྣམ་སྦྱར་གྱི་སྦྱིན་སྲེག་གིས་སོ་ཞེས་བྱ་བ་གསུངས་ཏེ། འདོད་ཆགས་དང་བྲལ་བ་ལས་ལྟུང་བར་བྱ་བའི་བསམ་པས་ཆོས་གོས་དུམ་བུར་བྱས་ཏེ། རྡོ་རྗེ་གནོད་སྦྱིན་ཐབ་ཀྱི་ དབུས་སུ་རྣམ་པར་བསམས་ལ་སྦྱིན་སྲེག་བྱ་སྟེ། དེ་ལྟ་བུས་ནི་འདོད་ཆགས་དང་བྲལ་བ་ལས་ལྟུང་བར་འགྱུར་རོ། །དབང་བསྐུར་བ་ཐམས་ཅད་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་རྣམས་སོ། །དེ་དབྲོག་པ་ནི་མེད་པར་བྱའོ། །དེ་ཇི་ལྟར་འགྱུར་ཞེ་ན། ཁམས་ཐམས་ཅད་ ཀྱི་ཕྱེ་མའི་སྦྱིན་སྲེག་གིས་སོ་ཞེས་བྱ་བ་གསུངས་ཏེ། གསེར་ལ་སོགས་པའི་ཕྱེ་མའི་སྦྱིན་སྲེག་གིས་བྱ་བའི་དོན་ཏོ། །ཐམས་ཅད་རྒྱས་གདབ་པ་ལ་ནི་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱས་སོ་ཞེས་བྱ་བ་ནི། རྡོ་རྗེ་ཁུ་ཚུར་གྱི་དམ་ཚིག་གི་ཕྱག་རྒྱས་བསྒྲུབ་པར་བྱ་བའི་སྙིང་གར་ཧ་ཞེས་བྱ་བས་རྡོ་རྗེ་ འབར་བ་བསྐྱེད་པ་ནི་ཐམས་ཅད་རྒྱས་གདབ་པའོ། །ཐམས་ཅད་བཅད་པ་ལ་ནི་གཟུགས་བརྙན་བྱས་ནས་གཏུབས་པས་སོ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་གཟུགས་བརྙན་མངོན་སྤྱོད་ཀྱི་རྫས་རྣམས་ལས་བྱས་ལ། བསྒྲུབ་པར་བྱ་བ་གསང་བའི་ལྕགས་ཀྱུས་བཀུག་སྟེ་བཅུག་པ་བྱས་ལ། རྡོ་རྗེ་རྣོན་ པོའི་སྦྱོར་བས་ཧ་ལས་རལ་གྲི་བསྐྱེད་དེ། རལ་གྲི་དེས་ལྷ་སྦྱིན་མཱ་ར་ཡ་ཧ་ཞེས་བྱ་བ་ལ་སོགས་པ་མིང་ནས་སྨོས་ཤིང་བཟླས་ལ། གཟུགས་བརྙན་གཏུབ་པར་བྱ་སྟེ། དེ་ལྟ་བུས་ནི་ཐམས་ཅད་གཅོད་པར་འགྱུར་རོ། །མ་རུངས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་རྣམ་པར་འཇིག་པ་ལ་ནི་རྡོ་རྗེ་བཟུང་ནས་ འཇུག་པར་བྱའོ་ཞེས་བྱ་བ་ནི། རྡོ་རྗེ་འཛིན་པའི་སྦྱོར་བ་བྱས་ལ། འོག་ནས་བཤད་པའི་གདུག་པ་རྣམས་ཀྱི་དཀྱིལ་འཁོར་བྲིས་ནས་ཁྲོ་བོའི་རྡོ་རྗེ་བླངས་ལ། ཧ་དུཥྚ་མཎྜ་ལཾ་བྷསྨི་ཀུ་རུ་ཧཾ་ཞེས་ཟློས་ཤིང་། གནོད་སྦྱིན་ལ་སོགས་པའི་གདོན་གྱི་དཀྱིལ་འཁོར་དུ་ཞུགས་ལ་རྐང་པ་གཉིས་ཀྱིས་མཉེས་ན་དེ་ལྟ་ བུས་ནི་དེ་རྣམ་པར་འཇིག་པར་འགྱུར་རོ། །མཆོད་པ་ཐམས་ཅད་རྣམ་པར་གཞིག་པ་ལ་ནི་ཁྲོས་ནས་བཟླས་བརྗོད་བྱའོ་ཞེས་བྱ་བ་ལ་ནི། ནམ་མཁའ་མཛོད་ཀྱི་སྦྱོར་བས་ཧ་ཞེས་བྱ་བ་ཟློས་ཤིང་རང་གི་ཁ་ལས་རྡོ་རྗེ་གནོད་སྦྱིན་ཕྱུང་བས་མཆོད་པ་ཐམས་ཅད་ཐལ་བར་བྱས་པར་བསམ་པར་བྱ་སྟེ། དེ་ལྟ་ བུས་ནི་མཆོད་པ་ཐམས་ཅད་རྣམ་པར་འཇིག་པར་འགྱུར་རོ། །ཐམས་ཅད་སྐྲག་པར་བྱ་བ་ལ་ནི་འཇིགས་བྱེད་ཀྱི་ལྟ་བས་བལྟ་བར་བྱའོ་ཞེས་བྱ་བ་ནི། རྡོ་རྗེ་གནོད་སྦྱིན་གྱི་སྦྱོར་བ་བྱས་ལ། སེམས་ཅན་གདུག་པ་ཅན་རྣམས་ལ་ཧ་ཞེས་བྱ་བ་ཟློས་ཤིང་འཇིགས་བྱེད་ཀྱི་ལྟ་བས་བལྟས་ལ་རྡོ་རྗེ་འབར་བ་སྤྲུལ་ ཏེ། དེའི་མིག་གི་མཐའ་སྲེག་པར་བྱེད་པར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་ཐམས་ཅད་སྐྲག་པར་བྱེད་པར་འགྱུར་རོ། །རྡོ་རྗེ་དམ་ཚིག་ནི་རྡོ་རྗེ་དཀྱིལ་འཁོར་སྐྱེད་པའི་རྒྱུར་གྱུར་པ་སྟེ། །དེ་སྐད་ཅེས་བྱ་བའི་རྟོག་པའི་རྒྱལ་པོ་རྫོགས་པ་སྟེ། རྡོ་རྗེ་གནོད་སྦྱིན་གྱི་རྟོག་པའི་བཤད་པ་རྫོགས་སོ།། །། དེ་ལྟར་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དཀྱིལ་འཁོར་བསྟན་ནས། ད་ནི་རིགས་ཐམས་ཅད་ཀྱི་དཀྱིལ་འཁོར་གྱི་ངོ་བོ་ཉིད་དང་། རིགས་ཐམས་ཅད་ཀྱི་དཀྱིལ་འཁོར་གྱི་དམ་ཚིག་ཏུ་གྱུར་པ་བསྡུས་པའི་དཀྱིལ་འཁོར་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ལ། དེ་ནས་ཞེས་ བྱ་བ་ལ་སོགས་པའི་སྒྲ་ནི་དེ་མ་ཐག་པ་སྟེ་ཇི་སྐད་དུ་གསུངས་པའི་ཚུལ་གྱིས་བཅོམ་ལྡན་འདས་འདོད་པའི་ཁམས་ཐམས་ཅད་ཀྱི་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་རྒྱལ་པོའི་གནས་ན་བཞུགས་པ་དང་། དེའི་རྗེས་ཐོགས་ཉིད་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་གསུངས་པའོ། །ཆོས་ ཐམས་ཅད་ཀྱི་མཉམ་པ་ཉིད་ལ་བཞུགས་པས་ཞེས་བྱ་བ་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་ཐམས་ཅད་དོན་དམ་པར་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་རང་བཞིན་གཅིག་པ་ཉིད་ནི་ཆོས་ཐམས་ཅད་མཉམ་པ་ཉིད་དོ། །དེ་ལ་རབ་ཏུ་ཞུགས་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་ ཐུགས་སུ་ཆུད་པས་གནས་པར་མཛད་པའོ། །དེ་སུ་ཞིག་ཡིན་ཞེ་ན། དེ་བཞིན་གཤེགས་པ་ཆོས་ཐམས་ཅད་མཉམ་པ་ཉིད་ཅེས་བྱ་བ་གསུངས་ཏེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་ཐམས་ཅད་ཀྱི་དེ་བཞིན་ཉིད་ནི་ཐམས་ཅད་ཀྱི་ཆོས་ཉིད་དོ། །དེ་ལ་དམིགས་པའི་ཡེ་ ཤེས་ནི་མཆོག་སྟེ། དེ་ལས་བྱུང་བའི་ཐོས་པ་དང་བསམ་པ་དང་། བསྒོམ་པའི་ཡེ་ཤེས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་སུམ་དུ་མཛད་པའི་རྒྱུའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གང་ཡིན་པའི་མཆོག་སྟེ། མིང་དེ་སྐད་ཅེས་བྱ་བ་བཤད་པ་ནི་གསུངས་པའོ། །ཆོས་ཐམས་ཅད་ མཉམ་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པ་ཉིད་དོ་ཞེས་བྱ་བ་ལ་ཆོས་ཐམས་ཅད་ནི་བྱང་ཆུབ་ཀྱི་སེམས་དང་། མེ་ལོང་ལྟ་བུའི་ཡེ་ཤེས་དང་། དེ་བཞིན་གཤེགས་པའི་རིགས་དང་། ཀུན་གཞིའི་རྣམ་པར་ཤེས་པ་དང་། ངོ་བོ་ཉིད་ཀྱི་སྐུའོ། །དེ་རྣམས་ཀྱི་མཉམ་པ་ཉིད་ནི་རྣམ་པར་ཐར་ པའི་སྒོ་སྟོང་པ་ཉིད་དང་དེ་བཞིན་ཉིད་དོ། །ཆོས་ཐམས་ཅད་མཉམ་པ་ཉིད་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉོན་མོངས་པ་བག་ཆགས་དང་བཅས་པར་བྲལ་བ་དེ་ཐོབ་པར་བྱེད་པའི་ཐབས་ནི་ཆོས་བདག་མེད་པའི་ཡེ་ཤེས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེའི་མཉམ་པ་ཉིད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་དེ་བཞིན་ཉིད་དོ། །འདི་སྐད་སྟོན་པ་ཡིན་ཏེ། ཆོས་ཐམས་ཅད་ཀྱི་གཉིས་སུ་མེད་པ་ཉིད་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཉིས་སུ་མེད་པ་ཉིད་དེ། དོན་དམ་པར་ཆོས་ཐམས་ཅད་ནི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་ རོ། །ཐམས་ཅད་དོན་ཉིད་ཡིན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཉིད་དོ་ཞེས་བྱ་བ་ལ་ཐམས་ཅད་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། རིན་པོ་ཆེའི་རིགས་དང་། ཉོན་མོངས་པ་ཅན་གྱི་ཡིད་ཀྱི་ངོ་བོ་ཉིད་དང་། རྣམ་པར་སྨིན་པའི་སྐུའོ། །དེའི་དོན་ནི་ཐམས་ཅད་དོན་ཉིད་དོ། ། རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་དང་། ནམ་མཁའི་མཉམ་པ་ཉིད་དེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ནི་དེའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དོན་ཐམས་ཅད་དུ་གྱུར་པ་ཉིད་ཀྱིས་ནི་དོན་ཐམས་ཅད་ཉིད་དེ། དེས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དོན་ཉིད་དོ་ཞེས་བྱ་བ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ ཇི་སྐད་དུ་བཤད་པའོ། །དེའི་དོན་ནི་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་དང་ནམ་མཁའི་མཉམ་པ་ཉིད་དོ། །འདི་སྐད་སྟོན་པར་འགྱུར་ཏེ། རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་གང་ཡིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་སྟེ། གཉིས་པོ་འདི་དག་ནི་གཉིས་སུ་མེད་ཅིང་ཐ་མི་དད་པའོ། ། ཐམས་ཅད་ཆོས་ཉིད་པས་ཞེས་བྱ་བ་ལ། ཐམས་ཅད་ནི་འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སོ་སོར་རྟོག་པའི་ཡེ་ཤེས་དང་། པདྨའི་རིགས་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་། ལོངས་སྤྱོད་རྫོགས་པའི་སྐུའོ། །དེའི་ཐམས་ཅད་ཆོས་ཉིད་ནི་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་དང་། རང་ བཞིན་གྱིས་རྣམ་པར་དག་པ་སྟེ། ཐམས་ཅད་ཆོས་ཉིད་ཡིན་པ་དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་ཉིད་དོ་ཞེས་བྱ་བ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྔ་མ་བཞིན་ནོ། །དེའི་ཆོས་ཉིད་ནི་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་དང་། རང་བཞིན་གྱིས་རྣམ་པར་དག་པའོ། །འདི་སྐད་སྟོན་པར་འགྱུར་ཏེ། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་གང་ཡིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་སྟེ་གཉིས་པོ་འདི་དག་ནི་དབྱེར་མེད་པའོ། །ཐམས་ཅད་ལས་ཉིད་པས་ཞེས་བྱ་བ་ལ། ཐམས་ཅད་ནི་འདིར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བྱ་བ་གྲུབ་པའི་ཡེ་ཤེས་དང་། ལས་ཀྱི་རིགས་ དང་། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་ཀྱི་རྣམ་པར་ཤེས་པ་དང་། སྤྲུལ་པའི་སྐུའོ། །དེ་ལས་ཉིད་ནི་རྣམ་པར་ཐར་པའི་སྒོ་རང་བཞིན་གྱིས་འོད་གསལ་བ་དང་། རང་བཞིན་གྱིས་འོད་གསལ་བའི་ཆོས་ཉིད་དོ། །ཐམས་ཅད་ལས་ཉིད་པ་དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཉིད་དུ་རིག་པར་བྱའོ་ ཞེས་བྱ་བ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཇི་སྐད་དུ་བཤད་པའོ། །དེའི་ལས་ཉིད་ནི་རྣམ་པར་ཐར་པའི་སྒོ་རང་བཞིན་གྱིས་འོད་གསལ་བ་དང་། རང་བཞིན་གྱིས་འོད་གསལ་བའི་ཆོས་ཉིད་དོ་ཞེས་རིག་པར་བྱ་ཞིང་། ཁོང་དུ་ཆུད་པར་བྱ་ལ་ཤེས་པར་བྱའོ་ཞེས་བྱ་བ་ནི་རེ་རེ་ལ་ཡང་སྦྱར་བར་བྱའོ། །དེ་ལྟར་ན་དེ་ ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས་བརྩམས་ཏེ། ལས་ཉིད་དུ་རིག་པར་བྱའོ་ཞེས་བྱ་བའི་བར་གྱི་བཤད་པས་ནི་ཏིང་ངེ་འཛིན་དང་པོ་གསུངས་པ་ཡིན་ནོ། །ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ཏེ། དེ་ནས་ཞེས་བྱ་བའི་སྒྲ་ནི་སྔ་མ་བཞིན་ནོ། །དེ་ལྟར་བཅོམ་ལྡན་འདས་རྣམ་ པར་སྣང་མཛད་ཀྱིས་བསྡུས་པའི་དཀྱིལ་འཁོར་སྤྲུལ་པར་བྱ་བའི་ཕྱིར་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ལ་བསྐུལ་བའི་རྗེས་ཐོགས་ཉིད་ལ་སྙིང་པོ་འདི་བསྡུས་པའི་དཀྱིལ་འཁོར་སྤྲུལ་པར་མཛད་པའི་སྦྱོར་བ་གསུངས་པའོ། །དེ་བཞིན་ གཤེགས་པ་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཅེས་བྱ་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དེ། དེ་རྣམས་ཀྱི་དོན་ཡོད་པའི་དམ་ཚིག་ནི་དཀྱིལ་འཁོར་ངེས་པར་སྤྲུལ་པ་ཉིད་ཀྱིས་མངོན་པར་འདོད་པའི་དངོས་གྲུབ་རྫོགས་པར་བྱེད་པ་ལས་མི་འདའ་བའི་དཀྱིལ་འཁོར་ཏེ། བསྡུས་ པའི་དཀྱིལ་འཁོར་ཞེས་བྱ་བའི་དོན་ཏོ། །དེ་གང་གིས་བྱིན་གྱིས་རློབ་པ་དེ་ལ་ནི་མིང་དེ་སྐད་ཅེས་བྱ་སྟེ། ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ཤིང་མངོན་སུམ་དུ་མཛད་ནས། དོན་ཡོད་པ་ཐམས་ཅད་ཀྱི་དམ་ཚིག་ཅེས་བྱ་བའི་སྙིང་པོ་འདི་གསུངས་པའོ། །ཐམས་ཅད་ནི་འཇིག་རྟེན་དང་འཇིག་རྟེན་ ལས་འདས་པའི་ལྷ་རྣམས་སོ། །དེ་རྣམས་ཀྱི་དོན་ཡོད་པའི་དམ་ཚིག་ནི་བསྡུས་པའི་དཀྱིལ་འཁོར་ཏེ། དེར་ངེས་པའི་ཡེ་ཤེས་ལ་མིང་སྙིང་པོ་ཞེས་བྱ་ལ་དེ་སྟོན་པར་བྱེད་པའི་ཧཱུཾ་ལ་ཡང་ཉེ་བར་གདགས་པས་དེ་སྐད་ཅེས་བྱ་སྟེ། དེ་གསུངས་པ་ནི་སྟོན་པར་མཛད་པའོ། །དེ་ཡང་བསྡུས་པའི་དཀྱིལ་འཁོར་སྐྱེད་པར་ བྱེད་པའི་རྣམ་པ་ལ་ཐུགས་རྩེ་གཅིག་ཏུ་མཛད་ནས། ཧཱུཾ་ཞེས་བྱ་བ་གསུངས་སོ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་ཀྱིས་ཧཱུཾ་ཞེས་བྱ་བ་གསུངས་པ་ཙམ་གྱིས་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་ལ་སོགས་པ་དང་། བྱང་ཆུབ་སེམས་ དཔའ་ཐམས་ཅད་ཀྱི་དཀྱིལ་འཁོར་དང་། འཇིག་རྟེན་པ་དག་གི་དཀྱིལ་འཁོར་གྱི་བར་དང་། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ཐུགས་ཀའི་རྡོ་རྗེ་ལས་བྱུང་སྟེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་སྔར་བཤད་པའི་དཀྱིལ་འཁོར་ཆེན་པོའི་མཚན་ཉིད་དུ་ཞུགས་པར་གྱུར་ཏོ། །དེ་ལྟར་ན་དེ་ནས་ཞེས་བྱ་བ་ནས་བརྩམས་ ཏེ་ཞུགས་པར་གྱུར་ཏོ་ཞེས་བྱ་བའི་བར་གྱི་བཤད་པས་ནི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །དེ་ནས་འདུས་པ་མཛད་པ་ནས་བརྩམས་ཏེ་གསུམ་པ་ཡིན་པར་ཤེས་པར་བྱའོ།། །།དེ་ལྟར་ཏིང་ངེ་འཛིན་གསུམ་གསུངས་ནས། ད་ནི་དམ་ཚིག་དང་དབང་བསྐུར་བ་ཐོབ་པ་རྣམས་ཀྱིས་བཟླས་བརྗོད་དང་ བསྒོམ་པ་བྱའོ་ཞེས་བྱ་བ་འདིའི་ཆོ་ག་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པས་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་། སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པར་གསུངས་པ་ཡིན་ལ། དེ་ནས་ཞེས་བྱ་བ་ནི་སྔ་མ་བཞིན་ཏེ། དེ་ལྟར་ཏིང་ངེ་འཛིན་གསུམ་བསྒོམ་པ་ནས་བརྩམས་ཏེ། དཀྱིལ་ འཁོར་བསྒོམས་པའི་རྗེས་ཐོགས་ཉིད་ལའོ། །བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་ཉེ་བར་བཏུད་དེ་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཞབས་གཉིས་ལ་ཕྱག་བྱས་པའོ། །དམ་ཚིག་ཆེན་པོའི་དཀྱིལ་འཁོར་ཞེས་བྱ་བ་ལ་དམ་ཚིག་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་དམ་ཚིག་ ཆེན་པོ་སྟེ། བྱང་ཆུབ་ཀྱི་སེམས་ཆེན་པོ་ཆོས་ཀྱི་དབྱིངས་ཐོག་མ་དང་ཐ་མ་མེད་པའོ་ཞེས་བྱ་བའི་དོན་ཏོ། །དེའི་དཀྱིལ་འཁོར་ནི་དེ་ལས་བྱུང་བའི་བསྡུས་པའི་དཀྱིལ་འཁོར་རོ། །དེ་གསུངས་པ་ནི་བཀའ་སྩལ་པའོ། །དཀྱིལ་འཁོར་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་དཀྱིལ་ འཁོར་ཕྱི་དང་ནང་དུ་བཅས་པ་སྔ་མ་བཞིན་དུ་ལེགས་པར་བྲིས་ནས། དཀྱིལ་འཁོར་ཆེན་པོའི་གནས་བརྒྱད་དུ། །ཞེས་བྱ་བ་ནི། ཤར་ཕྱོགས་ཀྱི་རེའུ་ཆ་ལ་སོགས་པ་ནས། ནང་གི་དཀྱིལ་འཁོར་གྱི་བྱང་ཤར་མཚམས་ཀྱི་རེའུ་ཆའི་བར་དུ། ཁམས་གསུམ་ལས་རྣམ་པར་རྒྱལ་བ་དང་། འཕགས་ པ་འཇམ་དཔལ་གཞོན་ནུར་གྱུར་པ་དང་། ནམ་མཁའི་སྙིང་པོ་དང་། ནམ་མཁའ་མཛོད་དང་། འཇིག་རྟེན་དབང་ཕྱུག་དང་། སེམས་བསྐྱེད་མ་ཐག་པ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། རྡོ་རྗེ་ཁུ་ཚུར་དང་། རྡོ་རྗེ་གནོད་སྦྱིན་གྱི་དཀྱིལ་འཁོར་རིམ་པ་ཇི་ལྟ་བ་བཞིན་དུ་སོ་སོར་གནས་པར་ཡིད་ཀྱིས་རྣམ་པར་ བསམ་ལ། དབུས་སུ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཡང་བསམ་པར་བྱ་སྟེ། འདིས་ནི་ཡིད་ཀྱི་དཀྱིལ་འཁོར་བཤད་པ་ཡིན་ནོ། །དེ་ལྟར་ཡིད་ཀྱི་དཀྱིལ་འཁོར་གསུངས་ནས། ད་ནི་བྲིས་པའི་དཀྱིལ་འཁོར་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ལ། དེ་ནས་ཞེས་ བྱ་བའི་སྒྲ་ནི་དེ་མ་ཐག་པ་སྟེ། དེ་ལྟར་ཏིང་ངེ་འཛིན་གསུམ་བསྒོམ་པ་སྔོན་དུ་འགྲོ་བས་བསྡུས་པའི་དཀྱིལ་འཁོར་ཐུགས་ལ་བརྟན་པོར་མཛད་ནས་བསྡུས་པའི་དཀྱིལ་འཁོར་དེ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་གསུངས་པའོ། །དེ་ལ་དམ་ཚིག་ཐམས་ཅད་ནི་བསྡུས་པའི་དཀྱིལ་འཁོར་རོ། །དེ་ཉིད་ ནི་མི་ཕྱེད་པས་ན་རྡོ་རྗེའོ། །དེ་གང་གིས་བྱིན་གྱིས་རློབ་ཅིང་བརྟན་པར་མཛད་པ་དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་དམ་ཚིག་ཐམས་ཅད་ཀྱི་རྡོ་རྗེར་བྱིན་གྱིས་རློབ་པ་སྟེ། མིང་དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ནས། དམ་ཚིག་ཐམས་ཅད་ཀྱི་རྡོ་རྗེ་ཞེས་བྱ་བ་བསྡུས་པའི་དཀྱིལ་འཁོར་ ཏེ། མིང་དེ་སྐད་ཅེས་བྱ་བའི་དཀྱིལ་འཁོར་ཆེན་པོ་འདི་གསུངས་པ་ནི་བཀའ་སྩལ་པའོ། །དཀྱིལ་འཁོར་ཆེན་པོའི་ཚུལ་དུ་ཞེས་བྱ་བ་ལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོའི་དབྱིབས་སུའོ། །ཕྱིའི་དཀྱིལ་འཁོར་བྲིས་ལ་ཞེས་བྱ་བ་ནི་ཀུན་དུ་བྲི་བའོ། །དེའི་དབུས་སུ་དཀྱིལ་འཁོར་ཆེན་པོ་རྡོ་རྗེ་འཁོར་ ལོ་བྲིས་ནས་ཞེས་བྱ་བ་ནི་ཕྱིའི་དཀྱིལ་འཁོར་དེའི་དབུས་སུ་སྟེ། དེའི་ནང་དུ་རྡོ་རྗེ་འཁོར་ལོ་ཆེན་པོ་ཞེས་བྱ་བ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོར་བཤད་པའི་ནང་གི་དཀྱིལ་འཁོར་ལེགས་པར་བྲི་བར་བྱ་ཞིང་། དེའི་དབྱིབས་སུ་བྱའོ། །ནང་གི་དཀྱིལ་འཁོར་དེའི་དབུས་ཀྱི་ཆ་ནས་བརྩམས་ཏེ། བྱང་ཤར་མཚམས་ཀྱི་རེའུ་ཆ་རྣམས་སུ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོ་ནས་བརྩམས་ཏེ། །ཇི་སྲིད་རྡོ་རྗེ་གནོད་སྦྱིན་གྱི་དཀྱིལ་འཁོར་གྱི་མཐར་ཐུག་པའི་བར་གྱི་དཀྱིལ་འཁོར་ཐམས་ཅད་བྲི་བར་བྱ་ཞིང་སེམས་དཔའ་ཆེན་པོ་རྣམས་གཞག་པར་བྱའོ། །དེ་ཇི་ལྟར་བྲི་ཞེ་ན། ཐམས་ཅད་ཀྱང་ དཀྱིལ་འཁོར་བརྒྱད་པའི་ཐིག་གིས་ཐིག་བཏབ་ཅིང་། ཞེས་བྱ་བ་གསུངས་ཏེ། སྔར་བཤད་པའི་ཆོ་གས་དཀྱིལ་འཁོར་དེ་ལེགས་པར་ཐིག་གདབ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །སེམས་དཔའ་ཆེན་པོ་རྣམས་གཞག་པར་བྱའོ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་དང་། རྡོ་རྗེ་ཧཱུཾ་མཛད་ལ་སོགས་ པ་སྔར་བཤད་པའི་འཁོར་དང་ལྷན་ཅིག་ཏུ་ལུགས་མ་ལ་སོགས་པའི་སྐུ་གཟུགས་རྣམས་ཧཱུཾ་ཞེས་བྱ་བ་ཉིད་ཀྱིས་གཞག་པར་བྱའོ། །ཕྱིའི་དཀྱིལ་འཁོར་དུ་ནི་ཕྱིའི་རྡོ་རྗེའི་རིགས་རྣམས་རིམ་པ་ཇི་ལྟ་བ་བཞིན་དུ་བྲི་བར་བྱའོ་ཞེས་བྱ་བ་ལ་ཕྱིའི་དཀྱིལ་འཁོར་གྱི་ལྷའི་སྣམ་བུ་ལ་ཤར་ལྷོ་མཚམས་སུ་ ཞི་བ་མདུང་ཐུང་གིས་མཚན་པའི་དཀྱིལ་འཁོར། ལྷོ་ནུབ་ཏུ་མ་མོའི་དཀྱིལ་འཁོར། ནུབ་བྱང་དུ་མིང་པོ་གསུམ་གྱི་དཀྱིལ་འཁོར། བྱང་ཤར་མཚམས་སུ་སྲིང་མོ་བཞིའི་དཀྱིལ་འཁོར་བྲི་བར་བྱའོ། །སྒོ་རྣམས་སུ་ནི་རིགས་རྣམ་པ་བཞིའི་མཚན་མ་རྣམས་གཞག་པར་བྱའོ་ཞེས་བྱ་བ་ལ་ཤར་ཕྱོགས་ཀྱི་ སྒོར་རྡོ་རྗེ་སེམས་དཔའ། ལྷོར་རྡོ་རྗེ་ཧཱུཾ་མཛད། ནུབ་ཏུ་འཇིག་རྟེན་དབང་ཕྱུག །བྱང་དུ་ནམ་མཁའི་སྙིང་པོ་གཞག་པར་བྱའོ། །དེ་ནས་དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་ཀྱི་རྡོ་རྗེ་དཀྱིལ་འཁོར་ཆེན་པོའི་ཚུལ་གྱི་ཆོ་ག་ཐམས་ཅད་རྒྱས་པར་བྱའོ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོར་སློབ་དཔོན་གྱི་ལས་ཀྱི་ཆོ་ ག་དང་། སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པར་གསུངས་པ་གང་ཡིན་པ་དེ་ཐམས་ཅད་འདིར་བྱ་ཞིང་བསྒྲུབ་པའི་ཡེ་ཤེས་ཐམས་ཅད་ཀྱང་དང་པོ་ཉིད་ཀྱི་སྔ་མ་བཞིན་དུ་བྱ་སྟེ། རས་ཀྱི་རི་མོ་གཉིས་ནས་བརྩམས་ཏེ། གང་གསུངས་པ་དེ་ཐམས་ཅད་འདིར་ཡང་བྱ་བར་ཤེས་པར་བྱའོ། །བདེ་བ་ཐམས་ ཅད་ཀྱི་དམ་ཚིག་ཅེས་བྱ་བ་ལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དངོས་གྲུབ་འབྱུང་བའི་བདེ་བ་ནི་བདེ་བ་ཐམས་ཅད་དོ། །དེའི་དམ་ཚིག་ནི་རྒྱུ་སྟེ། མིང་དེ་སྐད་ཅེས་བྱ་བའི་རྟོགས་པའི་རྒྱལ་པོ་ཆེན་པོ་རྫོགས་སོ།། །།འདིའི་དོན་སླར་ཡང་བཤད་པར་བྱ་སྟེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ ལ། དེས་ཀྱང་རྣལ་འབྱོར་ཆེན་པོ་དེ་ལས་གསུངས་པ་ཇི་ལྟ་བ་བཞིན་དུ་བྱས་ཏེ། བསྡུས་པའི་དཀྱིལ་འཁོར་ལས་གསུངས་པའི་ཏིང་ངེ་འཛིན་གསུམ་ཇི་ལྟ་བ་བཞིན་དུ་བསྒོམ་པར་བྱའོ། །དེ་ནས་དཀྱིལ་འཁོར་དེ་ཇི་སྲིད་དུ་མངོན་སུམ་དུ་མཐོང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་ཉིན་རེ་བཞིན་བསྒོམ་པར་བྱའོ། །དེ་ ནས་ཇི་སྐད་དུ་གསུངས་པའི་དཀྱིལ་འཁོར་གྱི་སའི་དབུས་སུ་ཏིང་ངེ་འཛིན་གསུམ་རྣམ་པར་བསྒོམས་ལ། བར་སྣང་གི་ཕྱོགས་སུ་ཇི་ལྟ་བ་བཞིན་དུ་བཞག་སྟེ། ཉི་མ་འཆར་བའི་དུས་སུ་ལེགས་པར་ཐིག་གདབ་པར་བྱའོ། །རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གྱི་སའི་དབུས་མའི་རེའུ་ཆ་ལ་ཡང་དཔལ་རྡོ་རྗེ་སེམས་ དཔའི་དཀྱིལ་འཁོར་རོ། །རྡོ་རྗེ་ཡིད་ལས་བྱུང་བའི་གནས་སུ་རྡོ་རྗེ་ཧཱུཾ་མཛད་ཀྱི་དཀྱིལ་འཁོར། ཀཱི་ལི་ཀཱི་ལའི་གནས་སུ་ནམ་མཁའི་སྙིང་པོའི་དཀྱིལ་འཁོར། རྡོ་རྗེ་དྲན་པའི་གནས་སུ་འཇིག་རྟེན་དབང་ཕྱུག་གི་དཀྱིལ་འཁོར། རྡོ་རྗེ་བསྙེམས་པའི་གནས་སུ་རྡོ་རྗེ་ཁུ་ཚུར་གྱི་དཀྱིལ་འཁོར་རོ། །ཤར་ལྷོ་མཚམས་ཀྱི་ རེའུ་ཆ་ལ་འཕགས་པ་འཇམ་དཔལ་གྱི་དཀྱིལ་འཁོར། ལྷོ་ནུབ་མཚམས་སུ་ནམ་མཁའ་མཛོད་ཀྱིའོ། །ནུབ་བྱང་མཚམས་སུ་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བའིའོ། །བྱང་ཤར་མཚམས་སུ་རྡོ་རྗེ་གནོད་སྦྱིན་གྱི་དཀྱིལ་འཁོར་ལེགས་པར་བྲི་བར་བྱའོ། །དེ་ནས་ཧཱུཾ་ཞེས་བྱ་བ་ཉིད་ཀྱིས་ལྷ་ཐམས་ཅད་ སྔར་བཤད་པའི་རང་གི་དཀྱིལ་འཁོར་དུ་བྲིས་ལ། ཕྱིའི་དཀྱིལ་འཁོར་གྱི་ལྷའི་སྣམ་བུ་ལ་ཤར་ལྷོ་མཚམས་ལ་སོགས་པར་རིམ་པ་ཇི་ལྟ་བ་བཞིན་དུ་ཞི་བ་མདུང་གིས་མཚན་པ་དང་། མ་མོ་རྣམས་དང་། མིང་པོ་གསུམ་དང་སྲིང་མོ་བཞིའི་དཀྱིལ་འཁོར་རྣམས་བྲི་བར་བྱའོ། །ཤར་ཕྱོགས་ཀྱི་སྒོར་ནི་རྡོ་རྗེ་ སེམས་དཔའ། ལྷོར་ནི་རྡོ་རྗེ་ཧཱུཾ་མཛད། ནུབ་ཏུ་འཇིག་རྟེན་དབང་ཕྱུག །བྱང་དུ་ནམ་མཁའི་སྙིང་པོ་ལེགས་པར་བྲི་བར་བྱའོ། །དེ་ལྟར་དཀྱིལ་འཁོར་བྲིས་ནས། དེ་བཞིན་དུ་རྣལ་འབྱོར་ཆེན་པོ་བྱས་ལ། དང་པོ་རྡོ་རྗེས་ཡོངས་སུ་བཟུང་བའི་མེ་ཏོག་གི་ལྕུག་མ་ལས་བུམ་པ་ཐམས་ཅད་དང་། བུམ་པ་ གང་བ་རྣམས་ལ་ཧཱུཾ་ཞེས་བྱ་བ་རེ་རེ་ཞིང་བརྒྱ་རྩ་བརྒྱད་བཟླས་ལ། དཀྱིལ་འཁོར་གྱི་སྒོ་ཐམས་ཅད་ཕྱེ་སྟེ། རྡོ་རྗེ་བསྡུ་བ་བྱས་ལ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་བསྒོམ་ཞིང་། མཚན་བརྒྱ་རྩ་བརྒྱད་ཀྱིས་བསྟོད་པ་བྱས་ལ། གསང་བའི་ལྕགས་ཀྱུ་དང་། ཧཱུཾ་ཞེས་བྱ་བས་ལྷ་ཐམས་ཅད་ རང་གི་སྐུ་གཟུགས་ཀྱི་གནས་སུ་བཅུག་སྟེ། རྡོ་རྗེ་གནོད་སྦྱིན་གྱིས་བགེགས་བསལ་ལ། མཚམས་བཅིང་བ་དང་། དཀྱིལ་འཁོར་བཅིང་བ་དང་། དྲ་བ་དང་། ར་བ་དག་བྱས་ལ། རྡོ་རྗེ་ཁུ་ཚུར་གྱི་སྒོ་བཅིངས་ཏེ། རྡོ་རྗེ་བསྲུང་བས་བསྲུང་བ་ཐམས་ཅད་གོ་བསྐོན་ལ། ཧཱུཾ་ཞེས་བྱ་བས་མཆོད་ཡོན་དབུལ་བར་ བྱའོ། །དེ་ནས་དང་པོའི་རྡོ་རྗེ་ཧཱུཾ་དྲྀ་ཤྱ་ཞེས་བྱ་བས་བལྟ་བ་བྱས་ནས། ཛཿཧཱུཾ་བཾ་ཧོཿ། ས་མ་ཡ་སྟྭཾ་ས་མ་ཡ་སྟྭཾ་ཨ་ཧཾ་ཧཱུཾ་ཞེས་ལན་གསུམ་བརྗོད་ལ་བསྒྲུབ་པར་བྱའོ། །དེ་ནས་སྔ་མ་བཞིན་དུ་ལྷ་ཐམས་ཅད་ཀྱི་ལྗགས་ལ། ཧཱུཾ་ཞེས་བྱ་བ་རྣམ་པར་བསམ་པར་བྱ་སྟེ། འདི་ནི་འདིར་ཆོས་ཀྱི་ཕྱག་ རྒྱའོ། །རང་གི་སྙིང་གར་ཨ་ལས་སྣ་ཚོགས་རྡོ་རྗེ་བསམས་ཏེ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་སྔར་བཤད་པ་རྣམས་ཧཱུཾ་ཞེས་བྱ་བ་ཉིད་ཀྱིས་བཅིང་བར་བྱའོ། །དེ་ནས་ཡང་རང་གི་སྙིང་གར་ཧཱུཾ་ཉིད་ལས་རྡོ་རྗེ་རྩེ་ལྔ་བ་བསམས་ལ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱག་རྒྱ་ ཆེན་པོ་ཧཱུཾ་ཞེས་བྱ་བ་ཉིད་ཀྱིས་བཅིང་བར་བྱའོ། །དེ་ནས་སྔ་མ་བཞིན་དུ་རང་གིས་དབང་བསྐུར་བའི་ཕྱག་རྒྱ་རྣམས་ཀྱིས་རྡོ་རྗེ་སེམས་དཔའ་ལ་སོགས་པ་ཐམས་ཅད་དབང་བསྐུར་ལ། ཧཱུཾ་ཞེས་བྱ་བས་དཀྱིལ་འཁོར་བའི་ལྷ་ཐམས་ཅད་ལ་མཆོད་ཡོན་ཕུལ་ལ། བུམ་པ་དང་། བུམ་པ་གང་བ་རྣམས་དང་། ན་བཟའ་ དང་། བླ་རེ་ལ་སོགས་པ་ཕུལ་ཏེ། མཆོད་པ་ལྔས་མཆོད་ལ། ཕྱི་རོལ་དུ་གླུ་དང་། གར་དང་། རོལ་མོ་དང་། རྟ་དང་། གླང་པོ་ཆེ་དང་། བ་ལང་གི་ཁྱུ་རྣམས་ཀྱིས་ཀྱང་མཆོད་པ་བྱེད་དུ་གཞུག་གོ། །དེ་ནས་རིགས་རེ་རེ་ཞིང་ཕྱག་རྒྱའི་མཆོད་པ་རྣམ་པ་བཅུ་གཉིས་བྱས་ལ། ཨོཾ་ལས་རིན་པོ་ཆེ་སྣ་བདུན་དང་། དཔག་ བསམ་གྱི་ཤིང་དང་། ཁ་ཟས་རོ་བརྒྱ་པ་ལ་སོགས་པའི་བཀོད་པ་སྤྲུལ་ལ། འདིས་དབུལ་བར་བྱ་སྟེ། ཐལ་མོ་ཁང་སྟོང་དུ་སྦྱར་བ་སྤྱི་བོར་བཞག་ལ། ཨོཾ་སརྦ་བིད་པཱུ་ར་པཱུ་ར་སུ་ར་སུ་ར་ཨཱ་ཝརྟ་ཡ་ཨཱ་ཝརྟ་ཡ་ཧོ་ཞེས་བརྗོད་པར་བྱའོ། །དེ་ནས་ཕྱི་རོལ་དུ་གཏོར་མ་བྱིན་ལ་སྦྱིན་སྲེག་བྱའོ། །དེ་ནས་ཤིན་ཏུ་དམར་བའི་གོས་ ལ། རྡོ་རྗེ་གནོད་སྦྱིན་ཡོངས་སུ་བཟླས་པ་དེ་དག་ལས་གཅིག་གིས་སྨད་གཡོགས་བྱ། གཉིས་པས་སྟོད་གཡོགས་བྱས་ནས། ཡང་གཅིག་ལ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་སྙིང་པོ་བཞི་བཟླས་པས་རང་གི་གདོང་གཡོགས་ལ། ཕྱག་འཚལ་བ་ལ་སོགས་པ་སྔོན་དུ་འགྲོ་བས་དེ་བཞིན་དུ་སྡོམ་པ་བཟུང་ཞིང་། བྱང་ ཆུབ་ཏུ་སེམས་བསྐྱེད་ལ། རང་གི་སྙིང་གར་རྡོ་རྗེ་དེ་བཞིན་དུ་བསྐྱེད་དེ། ཤར་ཕྱོགས་ཀྱི་སྒོར་བལྟས་ནས་ཕྱི་རོལ་ན་གནས་པའི་བུམ་པའི་ཆུས་བདག་ཉིད་དབང་བསྐུར་ལ། རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོར་འཇུག་པའི་ཚུལ་གྱིས་ཞུགས་ཏེ། དེ་བཞིན་དུ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་པར་བྱའོ། །སློབ་ དཔོན་གྱི་ལས་ཀྱི་ཆོ་ག་རྒྱས་པ་རྫོགས་སོ།། །།དེ་ནས་སློབ་མ་རྣམས་ལ་ཡང་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོར་བཤད་པའི་ཆོ་ག་ཐམས་ཅད་འདིར་བྱའོ། །སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་རྫོགས་སོ།། །།དེ་ལྟར་དམ་ཚིག་དང་དབང་བསྐུར་བ་རྣམས་ལ་ སློབ་དཔོན་གྱིས་དངོས་གྲུབ་ཀྱི་ཡེ་ཤེས་བསླབ་པར་བྱས་ནས། དེ་བཞིན་དུ་རྡོ་རྗེ་སེམས་དཔའ་ལ་སོགས་པ་རང་གི་དཀྱིལ་འཁོར་དུ་གསུངས་པ་རྣམས་འགྲུབ་པར་འགྱུར་རོ། །གང་ཡང་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པ་སྒྲུབ་པ་པོ་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་ཆོ་ག་འདོད་པ་དེ་རྣམས་ཀྱི་ནི་རྡོ་རྗེ་ཧཱུཾ་མཛད་ལ་ སོགས་པའི་དཀྱིལ་འཁོར་དུ་བཤད་པའི་དབང་བསྐུར་བ་ལ་སོགས་པའི་ཆོ་ག་འདིར་བྱའོ། །བསྡུས་པའི་དཀྱིལ་འཁོར་གྱི་བཤད་པ་རྫོགས་སོ།། །།འདིར་འཇིག་རྟེན་པའི་ལྷ་རྣམས་ལ་ལྷག་པར་མོས་པའི་སེམས་ཅན་རྣམས་རྗེས་སུ་གཟུང་བའི་ཕྱིར། ཞི་བ་མདུང་གིས་མཚན་པ་ལ་སོགས་ པའི་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་སྟོན་པར་བྱེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གསུངས་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་ཡིན་ལ། དེ་ནས་ཞེས་བྱ་བའི་སྒྲ་ནི་སྔ་མ་བཞིན་ཏེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་འདོད་པའི་ཁམས་ཐམས་ཅད་ཀྱི་ལྷའི་རྒྱལ་པོའི་གནས་ན་ཕྱག་ན་རྡོ་རྗེ་ ལ་སོགས་པ་རྣམས་ཀྱིས་ཡོངས་སུ་བསྐོར་ནས། ཇི་ལྟ་བ་བཞིན་དུ་བཞུགས་པ་དང་། དེ་ནས་དེའི་རྗེས་ཐོགས་ཉིད་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་བཤད་དོ་ཞེས་བྱ་བར་སྦྱར་རོ། །སེམས་ཅན་ཐམས་ཅད་བྱིན་གྱིས་རློབ་པ་ཞེས་བྱ་བ་ལ། སེམས་ཅན་ཐམས་ཅད་ནི་འཇིག་རྟེན་པའི་ལྷ་རྣམས་ལ་ ལྷག་པར་མོས་པའོ། །དེ་རྣམས་བྱིན་གྱིས་རློབ་པ་ནི་དེ་བཞིན་གཤེགས་པའི་བདག་ཉིད་དུ་མོས་པ་བསྐྱེད་པས་བདག་ཏུ་འཛིན་པ་ལ་སོགས་པ་དང་བྲལ་ཏེ། དེ་བཞིན་གཤེགས་པ་ལ་སོགས་པ་ལ་ལྷག་པར་མོས་པ་བསྐྱེད་པ་སྟེ། མིང་དེ་སྐད་ཅེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་ བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་བཤད་པ་ནི་བཀའ་སྩལ་པའོ། །སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ་ཞེས་བྱ་བ་ལ་སེམས་ཅན་ཐམས་ཅད་ནི་འདོད་པ་དང་། གཟུགས་དང་གཟུགས་མེད་པའི་སྲིད་པའི་ངོ་བོ་ཉིད་དེ། དེ་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ། དེ་ལ་བྱང་ཆུབ་ཀྱི་སེམས་ཆེན་པོ་དང་། མི་བསྐྱོད་པའི་ངོ་བོ་ཉིད་ཡིན་པས། དེ་བཞིན་གཤེགས་པའི་རིགས་ནི་དེ་བཞིན་གཤེགས་པ་སྟེ། དེ་ཉིད་གང་གི་སྙིང་པོ་ཡིན་པ་དེ་ལ་ནི་དེ་སྐད་ཅེས་བྱའོ། །འདིར་རྒྱུ་བསྟན་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་བཟང་ པོ་ཐམས་ཅད་ཀྱི་རང་བཞིན་ཉིད་ཡིན་པས་ཞེས་བྱ་བ་གསུངས་ཏེ། དེ་ལ་བྱང་ཆུབ་ཀྱི་སེམས་ཆེན་པོ་དང་། དེ་བཞིན་གཤེགས་པའི་རིགས་དེ་དག་ཉིད་ནི་བྱང་ཆུབ་ཆེན་པོའི་ངོ་བོ་ཉིད་ཡིན་པས་ན་བྱང་ཆུབ་སེམས་དཔའ་ཆེན་པོའོ། །ཀུན་དུ་བཟང་པོའི་བྱང་ཆུབ་ཀྱི་སེམས་ཆེན་པོ་རྟོགས་པར་བྱེད་པའི་ངོ་བོ་དང་། དེ་ བཞིན་གཤེགས་པའི་རིགས་ཀྱི་རིགས་རྟོགས་པའི་ངོ་བོ་སྟེ། དེ་རྣལ་འབྱོར་པ་འདི་ཡིད་ལས་འབྱུང་བར་འགྱུར་བས་ཀུན་དུ་བཟང་པོའོ། །བྱང་ཆུབ་སེམས་དཔའ་ཆེན་པོ་ཡང་ཡིན་ལ་ཀུན་དུ་བཟང་པོ་ཡང་ཡིན་པས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོ་སྟེ། དེ་ནི་ཐམས་ ཅད་དུ་སེམས་ཅན་ཐམས་ཅད་ཀྱི་རང་བཞིན་ཡིན་པས་ན། དེ་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོ་ཐམས་ཅད་ཀྱི་རང་བཞིན་ནོ། །དེ་རྣམས་སུ་གྱུར་པས་ན་རང་བཞིན་ཉིད་དེ། དེས་ན་སེམས་ཅན་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ། །དེ་སྐད་དུ་ལང་ཀར་གཤེགས་ པའི་མདོ་ལས། དེ་བཞིན་གཤེགས་པའི་སྙིང་པོ་གསལ་ཞིང་དག་ལ་རྙོག་པ་མེད་པ། སེམས་ཅན་གྱི་རྒྱུད་ལ་གནས་ཏེ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཡང་དག་པར་ལྡན་པ་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་ལེགས་པར་བརྒྱན་པའོ་ཞེས་གསུངས་པའི་ཕྱིར་རོ། །འདི་སྐད་སྟོན་པར་ འགྱུར་ཏེ། དོན་དམ་པར་བྱང་ཆུབ་ཆེན་པོའི་མཚན་ཉིད་ཅན་གྱི་སེམས་ཀྱི་ངོ་བོ་ཉིད་དང་། དེ་བཞིན་གཤེགས་པའི་རིགས་ཀྱི་ངོ་བོ་ཉིད་ནི་སེམས་ཅན་ཐམས་ཅད་ཀྱི་ངོ་བོ་ཉིད་ཡིན་ཏེ། ཡང་དག་པ་མ་ཡིན་པར་ཡོངས་སུ་བརྟགས་པ་ཉིད་ཤིན་ཏུ་མ་སྐྱེས་པ་ཡིན་པའི་ཕྱིར་རོ། །སེམས་ཅན་ཐམས་ཅད་ནི་རྡོ་རྗེའི་ སྙིང་པོ་ཅན་ནོ་ཞེས་བྱ་བ་ལ་རྡོ་རྗེ་ནི་རྡོ་རྗེ་ནོར་བུའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། རིན་པོ་ཆེའི་རིགས་སོ། །དེ་ཉིད་ཅེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །འདིར་ཡང་རྒྱུ་བསྟན་པར་བྱ་བའི་ཕྱིར་རྡོ་རྗེ་སྙིང་པོས་དབང་བསྐུར་བ་ཉིད་པས་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་ནོར་བུའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། རིན་པོ་ཆེའི་རིགས་ཀྱི་ངོ་བོ་ཉིད་ཀྱི་རྡོ་རྗེ་སྙིང་པོས་དབང་བསྐུར་བ་གང་ཡིན་པ་དེ་ནི་རྡོ་རྗེ་སྙིང་པོས་དབང་བསྐུར་བ་སྟེ། དེ་རྣམས་ཀྱི་ངོ་བོ་ཉིད་ནི་དབང་བསྐུར་བ་ཉིད་དོ། །འདི་སྐད་སྟོན་པར་འགྱུར་ཏེ། གང་ཉོན་མོངས་པ་ཅན་གྱི་ཡིད་དེ་ཉིད་ནི་ཤིན་ཏུ་ཡང་སྐྱེ་བ་མེད་པ་ཡིན་ཏེ། དེ་བས་ན་དོན་དམ་པར་རྡོ་རྗེ་ནོར་བུ་སྦྱིན་ པའི་ཕ་རོལ་ཏུ་ཕྱིན་པ་དང་། རིན་པོ་ཆེའི་རིགས་ཀྱི་སྙིང་པོ་ཅན་ནི་སེམས་ཅན་ཐམས་ཅད་ཡིན་ནོ། །སེམས་ཅན་ཐམས་ཅད་ནི་ཆོས་ཀྱི་སྙིང་པོ་ཅན་ནོ་ཞེས་བྱ་བ་ལ། ཆོས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་པདྨའི་རིགས་སོ། །དེ་ཉིད་ཅེས་བྱ་བ་ལ་སོགས་པ་ཡང་དེ་བཞིན་ནོ། །འདིར་རྒྱུ་ བསྟན་པར་བྱ་བའི་ཕྱིར། ངག་ཐམས་ཅད་རབ་ཏུ་བྱུང་བ་ཉིད་པས་ཞེས་བྱ་བ་གསུངས་ཏེ། ཆོས་དང་། དོན་དང་། ངེས་པའི་ཚིག་དང་། སྤོབས་པ་སོ་སོ་ཡང་དག་པར་རིག་པའི་ངོ་བོ་ཉིད་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། པདྨའི་རིགས་ཐམས་ཅད་ནི་ངག་ཐམས་ཅད་དོ། །དེའི་རབ་ ཏུ་བྱུང་བ་ནི་གང་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་རབ་ཏུ་འཇུག་པ་དེ་ལ་ནི། ངག་ཐམས་ཅད་རབ་ཏུ་འབྱུང་བའོ། །དེ་རྣམས་ཀྱི་དངོས་པོ་ནི་ངག་ཐམས་ཅད་རབ་ཏུ་བྱུང་བ་ཉིད་དེ། དེས་ན་སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་སྙིང་པོ་ཅན་ནོ། །འདིས་ནི་འདི་སྐད་སྟོན་པར་འགྱུར་ཏེ། གང་སོ་སོར་ རྟོག་པ་ཅན་གྱི་ཤེས་རབ་དང་། ཡེ་ཤེས་ཀྱི་རྣམ་པར་ཤེས་པ་ནི་དོན་དམ་པར་མ་སྐྱེས་པ་ཡིན་ཏེ། དེ་བས་ན་སེམས་ཅན་ཐམས་ཅད་ཆོས་དང་། དོན་དང་། ངེས་པའི་ཚིག་དང་། སྤོབས་པ་སོ་སོ་ཡང་དག་པར་རིག་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། པདྨའི་རིགས་ཀྱི་ངོ་བོ་ཉིད་ཀྱི་ ཆོས་ཀྱི་སྙིང་པོ་ཅན་ནོ། །སེམས་ཅན་ཐམས་ཅད་ནི་ལས་ཀྱི་སྙིང་པོ་ཅན་ནོ་ཞེས་བྱ་བ་ལ་ལས་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ལས་ཀྱི་རིགས་སོ། །དེ་ཉིད་དེ་རྣམས་ཀྱི་སྙིང་པོ་ཡིན་པའམ། དེའི་སྙིང་པོ་ཅན་གང་ཡིན་པ་དེ་དག་ནི་ལས་ཀྱི་སྙིང་པོ་ཅན་ནོ། །འདིར་ཡང་རྒྱུ་བསྟན་པའི་ཕྱིར། སེམས་ཅན་ཐམས་ ཅད་ཀྱི་བྱ་བ་བྱེད་པ་ལ་སྦྱོར་བས་ཞེས་བྱ་བ་གསུངས་ཏེ། སེམས་ཅན་ཐམས་ཅད་ཀྱི་བྱ་བ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ལས་ཀྱི་རིགས་སོ། །དེའི་བྱེད་པ་ནི་དེ་ལ་འཇུག་པ་གང་ཡིན་པ་དེ་ནི་སེམས་ཅན་ཐམས་ཅད་ཀྱི་བྱ་བ་བྱེད་པའོ། །དེ་རྣམས་ཀྱི་དངོས་པོ་ནི་སེམས་ཅན་ཐམས་ཅད་ཀྱི་བྱ་བ་བྱེད་པ་ ཉིད་དོ། །དེ་དང་མཐར་ཐུག་པར་རབ་ཏུ་སྦྱོར་ཞིང་འབྲེལ་པས་སེམས་ཅན་ཐམས་ཅད་ཀྱི་བྱ་བ་བྱེད་པ་ཉིད་ལ་སྦྱོར་བ་སྟེ། དེས་ན་སེམས་ཅན་ཐམས་ཅད་ཀྱི་བྱ་བ་བྱེད་པ་ཉིད་ལ་སྦྱོར་བས་སོ་ཞེས་བྱ་བའི་སྒྲས་ནི་ངེས་པར་བཟུང་བ་སྟེ། སྦྱོར་བ་ཉིད་ཀྱིས་ཞེས་བྱ་བའི་དོན་ཏོ། །འདིས་ནི་འདི་སྐད་སྟོན་པ་ ཡིན་ཏེ། གང་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་ཀྱི་རྣམ་པར་ཤེས་པ་ནི་དོན་དམ་པར་རང་བཞིན་གྱིས་འོད་གསལ་བ་ཡིན་པས་མ་སྐྱེས་པའོ། །དེ་བས་ན་སེམས་ཅན་ཐམས་ཅད་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱས་པ་དང་། ལས་ཀྱི་རིགས་ཀྱི་ངོ་བོ་ཉིད་ནི་ལས་ཀྱི་སྙིང་པོའོ། །དེ་ལྟར་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདིས། སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ལ་སོགས་པ་སྟོན་པར་བྱེད་པས། དོན་དམ་པར་སེམས་ཅན་ཐམས་ཅད་ནི་བྱང་ཆུབ་ཀྱི་སེམས་དང་། དེ་བཞིན་གཤེགས་པའི་རིགས་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། རིན་པོ་ཆེའི་རིགས་དང་། ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་དང་། པདྨའི་རིགས་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ལས་ཀྱི་རིགས་ཀྱི་ངོ་བོ་ཉིད་དུ་སྟོན་པ་ཡིན་ནོ། །གཞུང་འདི་དག་གིས་ནི་ཕྱི་རོལ་གྱི་རྡོ་རྗེའི་རིགས་བཞིའི་ཐུན་མོང་གི་དང་པོའི་སྦྱོར་བའི་ཏིང་ངེ་འཛིན་གསུངས་པ་ཡིན་ནོ། །དེ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས། ཏིང་ངེ་ འཛིན་གསུངས་པ་ཡིན་ལ། དེ་ནས་ཞེས་བྱ་བའི་སྒྲ་ནི་སྔ་མ་བཞིན་ཏེ། དེ་ལྟར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པར་མཛད་པས་ཕྱི་རོལ་གྱི་རྡོ་རྗེའི་རིགས་ལ་ལྷག་པར་མོས་པའི་སེམས་ཅན་རྣམས་གདུལ་བར་བྱ་བའི་ཕྱིར། བཅོམ་ལྡན་འདས་ཕྱག་ ན་རྡོ་རྗེ་ལ་བསྐུལ་བ་དང་། དེའི་རྗེས་ཐོགས་ཉིད་ལ་རྡོ་རྗེའི་དབང་ཕྱུག་མ་ལ་སོགས་པ་ཕྱི་རོལ་གྱི་རྡོ་རྗེའི་རིགས་ཀྱི་གཟུགས་ཀྱི་ཞི་བ་མདུང་གིས་མཚན་པ་ལ་སོགས་པའི་དཀྱིལ་འཁོར་སྐྱེད་པར་བྱེད་པའི་སྙིང་པོ་སྨྲས་པར་གྱུར་པ་ནི་དྲི་ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་རྡོ་རྗེའི་དབང་ཕྱུག་གི་གཟུགས་ ཀྱིས་གསུངས་པའོ། །དེ་ནས་དེའི་རྗེས་ཐོགས་ཉིད་ལ་ཞི་བ་མདུང་གིས་མཚན་པའི་དཀྱིལ་འཁོར་འདི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་རྡོ་རྗེ་དབང་ཕྱུག་གི་གཟུགས་ཀྱི་གནས་པ་ཐུགས་ཀ་ནས་བྱུང་ནས་རང་གི་གནས་སུ་གནས་པར་ཤེས་པར་བྱའོ། །དེ་ལྟར་ན་གཞུང་འདི་དག་གིས་ཏིང་ངེ་འཛིན་ གཉིས་པ་གསུངས་པ་ཡིན་ནོ། །བསྡུས་པ་ནས་བརྩམས་ཏེ་གསུམ་པ་ཡིན་པར་ཤེས་པར་བྱའོ།། །།དམ་ཚིག་དང་དབང་བསྐུར་བ་ཐོབ་པ་རྣམས་ཀྱིས་བཟླས་བརྗོད་དང་བསྒོམ་པ་བྱའོ་ཞེས་བྱ་བ་འདིའི་ཆོ་ག་བསྟན་པར་བྱ་བའི་ཕྱིར། དེ་ནས་དཀྱིལ་འཁོར་བཤད་པར་བྱ་སྟེ་ཞེས་བྱ་བ་ ལ་སོགས་པ་གསུངས་ཏེ། འདིས་ནི་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་། སློབ་མ་ཞུགས་པ་ལ་སོགས་པའི་ཆོ་ག་ཡང་གསུངས་པ་ཡིན་ནོ། །དེ་ནས་ཞེས་བྱ་བའི་སྒྲ་ནི་འདས་མ་ཐག་པ་སྟོན་པར་བྱེད་པ་སྟེ། ཏིང་ངེ་འཛིན་གསུམ་པ་བསྒོམ་པ་ནས་བརྩམས་ཏེ། ཇི་སྲིད་མངོན་སུམ་དུ་ མཐོང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་དཀྱིལ་འཁོར་དུ་བསྒོམ་པར་བྱའོ། །དེ་ནས་དེའི་རྗེས་ཐོགས་ཉིད་ལ་ཏིང་ངེ་འཛིན་གསུམ་བསྒོམས་ལ་དཀྱིལ་འཁོར་འདི་བྲི་བར་བྱའོ། །དཀྱིལ་འཁོར་བཤད་པར་བྱ་སྟེ། ཞེས་བྱ་བ་ནི་བརྩོན་པ་ལ་འཇུག་པའོ། །ཀུན་ནས་ཟླུམ་པ་ཞེས་བྱ་བ་ནི་དབྱིབས་ཟླུམ་ པའོ། །ཐིག་གསུམ་པ་ཞེས་བྱ་བ་ནི་རིམ་པ་གསུམ་པའོ། །དཀྱིལ་འཁོར་ཆེན་པོ་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོ་གཙོ་བོར་བྱས་པའོ། །སྒོ་བཞི་པ་ཞེས་བྱ་བ་ལ་སོགས་པ་ལ་རིམ་པ་རེ་རེ་ཞིང་སོ་སོར་སྒོ་བཞི་བྲི་ཞིང་། མཚམས་སུ་ནི་མདུང་རྩེ་གསུམ་པ་བྲིས་ལ། དེའི་དབུས་སུ་དབང་ཕྱུག་ཆེན་པོ་ཇི་ ལྟ་བ་བཞིན་དུ་བྲིས་ལ། དབང་ཕྱུག་ཆེན་པོའི་དེའི་ཕྱོགས་དང་མཚམས་རྣམས་ཏེ། ལོགས་ཐམས་ཅད་དུ་ཚོགས་བརྒྱད་པོ་སྟེ། བ་ལང་གི་རྣ་བའི་དབང་ཕྱུག་གི་བར་དུ་བྲི་བར་བྱའོ། །དེའི་མཚམས་རྣམས་སུ་ནི་མ་མོའི་ཚོགས་ཐམས་ཅད་ཅེས་བྱ་བ་ནི་རིམ་པ་དབུས་མར་རོ། །གནས་ཇི་ལྟ་བ་བཞིན་དུ་ཞེས་ བྱ་བ་ནི་ཇི་ལྟར་འོག་ནས་བཤད་པ་བཞིན་དུའོ། །སྒོ་རྣམས་སུ་དབྱིག་པའི་དབང་ཕྱུག་ལ་སོགས་པ་བྲི་བར་བྱའོ། །ཕྱི་རོལ་དུ་ནི་འབྱུང་པོ་རྣམས་དང་ཡི་གེ་རྣམས་བྲི་བར་བྱའོ་ཞེས་བྱ་བ་ནི་རིམ་པ་གསུམ་པའི་ཕྱིའི་དཀྱིལ་འཁོར་གྱི་རང་བཞིན་གྱི་རིམ་པ་ལ་ནི་འབྱུང་པོ་བརྒྱད་ཀྱི་ཡི་གེ་བརྒྱད་བྲི་བར་བྱའོ། ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་ལྟར་དཀྱིལ་འཁོར་བྲིས་ནས། སློབ་དཔོན་ཐལ་བ་གཙང་མས་ལུས་བསྐུས་ཤིང་གོས་གཙང་མ་བགོས་ཏེ། མདུང་རྩེ་གསུམ་གྱི་མཚན་མས་གཞུག་པར་བྱའོ། །ཞུགས་ནས་ཀྱང་སེམས་ཅན་ཀུན་ལ་ཞེས་བྱ་བ་ལ་སོགས་པའི་ཆོ་ག་བརྗོད་པར་བྱའོ། ། སེམས་ཅན་ཞེས་བྱ་བ་ལ་སོགས་པ་ལ་ཕན་པ་རྒྱ་ཆེན་པོའི་བདེ་བར་རྣམ་པར་སྨིན་པ་ལས་ཏེ། དེའི་དོན་དུ་དྲག་པོའི་ལས་དངོས་པོ་མེད་པའི་ངོ་བོ་ཉིད་དོ་ཞེས་བྱ་བར་སྦྱར་རོ། །བསྟན་པ། གདུག་པ་ཐམས་ཅད་གྲུབ་པའི་ཕྱིར། །ཞེས་བྱ་བ་ནི་གདུག་པ་རྣམས་འདུལ་བའི་ ཕྱིར་མ་རུངས་པའི་ལས་བྱ་བ་སྟེ། དེ་བཞིན་གཤེགས་པའི་བཀའ་ནི་གདུག་པ་རྣམས་འདུལ་བའོ། །དེ་གྲུབ་པ་ནི་རྫོགས་པ་སྟེ་དེའི་དོན་དུའོ། །འདོད་པ་ཀུན་གྱི་བདག་པོ་དང་། །ཞེས་བྱ་བ་ནི་འདོད་པའི་ཡོན་ཏན་ལྔ་པོ་དག་གི་བདག་པོ་ཉིད་དང་། རྡོ་རྗེ་དབང་ཕྱུག་ལ་སོགས་པའི་ བདག་པོ་ཉིད་ནི་འདོད་པ་ཐམས་ཅད་ཀྱི་བདག་པོ་སྟེ་འདོད་པ་ཐམས་ཅད་ཀྱི་བདག་པོ་ཉིད་དོ། །དྲག་པོའི་ལས་ཀྱི་ངོ་བོ་ཉིད། །ཅེས་བྱ་བ་ནི་རྡོ་རྗེ་དབང་ཕྱུག་གི་ལས་ནི་དྲག་པོའི་ལས་ཏེ། ལས་དེའི་དངོས་པོ་དེ་གྱིས་ཤིག་ཅེས་བོད་པའོ། །འདི་སྐད་སྟོན་པ་ཡིན་ཏེ། གང་རྡོ་རྗེ་ དབང་ཕྱུག་གི་ལས་སྣ་ཚོགས་པ་དེ་གྱིས་ཤིག་པའོ། །དེ་ལྟ་བུ་དེས་ནི་དེའི་ཕྱག་རྒྱ་ཆེན་པོ་འགྲུབ་པར་འགྱུར་རོ་ཞེས་བྱ་བའོ། །དེ་ནས་ཕྱག་རྒྱའི་ཡེ་ཤེས་བསླབ་སྟེ་ཞེས་བྱ་བ་ནི་སློབ་མ་བཅུག་ནས་དེ་རྣམས་ཀྱི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསླབ་པར་བྱའོ། །དེ་ནས་ཉེ་བར་སྡུད་པའི་དུས་སུ་ཡང་ཕྱི་ རོལ་དུ་གཏོར་མ་ཇི་ལྟ་བ་བཞིན་དུ་བྱིན་ལ། དཀྱིལ་འཁོར་ཉེ་བར་བསྡུ་བར་བྱའོ། །དེ་ནས་བརྩམས་ཏེ་ཞེས་བྱ་བ་ནི་དཀྱིལ་འཁོར་དུ་འཇུག་པ་ནས་ཉེ་བར་གཟུང་བར་བྱའོ། །འཇིགས་པ་མེད་པར་ཞེས་བྱ་བ་ནི་ཕྱི་རོལ་གྱི་ལྷ་རྣམས་ཀྱི་འཚེ་བ་དང་བྲལ་བའོ། །དངོས་གྲུབ་ཐམས་ཅད་ཅེས་བྱ་བ་ནི་རྡོ་རྗེ་ དབང་ཕྱུག་དང་། ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་རྣམས་ཀྱི་རྒྱུར་གྱུར་པས་སོ། །ཕུན་སུམ་ཚོགས་པ་ཐམས་ཅད་ཀྱིས། །ཞེས་བྱ་བ་ནི་རྡོ་རྗེ་དབང་ཕྱུག་ལ་སོགས་པའི་ཕུན་སུམ་ཚོགས་པ་རྣམས་ཀྱིས་སོ། བདེ་བ་དང་ཡིད་བདེ་བ་ཐམས་ཅད་རྗེས་སུ་མྱོང་ནས་ཞེས་བྱ་བ་ནི་རྡོ་རྗེ་དབང་ཕྱུག་ལ་སོགས་པ་དེ་ རྣམས་ཉིད་ཀྱིའོ། །དྲག་པོའི་འཇིག་རྟེན་དུ་ཞེས་བྱ་བ་ནི་འཇིག་རྟེན་དུ་གྲགས་པའོ། །མཆོད་པར་འགྱུར་རོ་ཞེས་བྱ་བ་ནི་རྡོ་རྗེ་དབང་ཕྱུག་དང་འདྲ་བར་ཡང་དག་པར་མཆོད་པར་འགྱུར་བས་སོ། །དེའི་དོན་འདི་ཡིན་པར་བཤད་པར་བྱ་སྟེ། རྡོ་རྗེ་དབང་ཕྱུག་གི་སྦྱོར་བ་བྱས་ལ། ཏིང་ངེ་འཛིན་བསྒོམ་པ་ནས་ བརྩམས་ཏེ། ཇི་སྲིད་མཚན་མ་ཐོབ་ཅིང་རྗེས་སུ་གནང་བ་ཐོབ་ཀྱི་བར་དུ་དཀྱིལ་འཁོར་འདི་བསྒོམ་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་སའི་དབུས་སུ་ཏིང་ངེ་འཛིན་གསུམ་རྣམ་པར་བསྒོམས་ལ། བར་སྣང་གི་གནས་སུ་དཀྱིལ་འཁོར་སྔ་མ་བཞིན་དུ་གཞག་ལ། ཉི་མ་འཆར་བའི་དུས་སུ་ལེགས་པར་ ཐིག་གདབ་པར་བྱ་སྟེ། ཀུན་ནས་ཟླུམ་པོ་ལ། རིམ་པ་གསུམ་པ། དབུས་མ་ཉིས་འགྱུར། རིམ་པ་གསུམ་པ་ནི་ཕྱིའི་དཀྱིལ་འཁོར་གྱི་རང་བཞིན་ཏེ། རིམ་པ་གསུམ་པ་སུམ་འགྱུར་རོ། །ཐམས་ཅད་ཀྱི་སྒོ་བཞི་པ་ལ་མཚམས་བཞིར་མདུང་རྩེ་གསུམ་པས་མཚན་པ་བྲི་བར་བྱའོ། །དེ་ནས་དཀྱིལ་ འཁོར་དབུས་མའི་དབུས་སུ་དབང་ཕྱུག་ཆེན་པོ་གདོང་བཞི་པ་དགོད་པར་བྱ་སྟེ། གདོང་དང་པོ་ཞི་བ། གདོང་ལྷག་མ་རྣམས་ནི་དྲག་ཅིང་འཇིགས་པར་བྱེད་པ་བྲི་བར་བྱའོ། །ཁྲོ་བོ་ཆེན་པོ་འཇིགས་བྱེད་ལག་པ་བཞི་པ་ཁ་དོག་ནག་པོ་ལག་པ་གཉིས་ན་རྩེ་གསུམ་དང་ཐོད་པ། ཡང་གཉིས་ཀྱིས་གླང་པོ་ཆེའི་ པགས་པ་རླན་དང་བཅས་པ་བ་དན་གྱི་ཚུལ་གྱིས་འཛིན་པས་གནས་པ། དེའི་སྤྱི་བོར་བྲི་བར་བྱའོ། །རྡོ་རྗེ་དབང་ཕྱུག་དེའི་མདུན་གྱི་ལག་པ་བཞིན། མདུང་རྩེ་གསུམ་པ་དང་། ཁ་ཊྭཱཾ་ག་དང་། ཕྲེང་བ་དང་། གཡུང་དྲུང་གིས་མཚན་པ་འཛིན་པར་བྱའོ། །དེ་བཞིན་དུ་དེའི་རྒྱབ་ཀྱི་ལག་པ་བཞི་ལ་ཡང་ དེ་བཞིན་དུ་བྱའོ། །དཀྱིལ་འཁོར་དབུས་མ་དེ་ཉིད་ཤར་ཕྱོགས་ཀྱི་ལོགས་སུ་ནག་པོ་ཆེན་པོ་ལག་ན་ཏྲི་ཤཱུ་ལ་ཐོགས་པའོ། །ལྷོ་ཕྱོགས་སུ་དགའ་བྱེད་དབང་ཕྱུག་རྫ་རྔ་བརྡུང་བ་ལ་བརྩོན་པའོ། །ནུབ་ཕྱོགས་སུ་དྲིལ་ཆེན་ལག་ན་དྲིལ་བུ་ཐོགས་པའོ། །བྱང་ཕྱོགས་སུ་གར་གྱི་དབང་ཕྱུག་ལག་ན་མདུང་ རྩེ་ལ་སོགས་པ་ཐོགས་པའོ། །ཤར་ལྷོ་མཚམས་སུ་ཐོད་པ་བཟང་པོ་ལག་ན་ཐོད་པ་ཐོགས་པའོ། །ལྷོ་ནུབ་མཚམས་སུ་གཏུམ་པའི་དབང་ཕྱུག་ཕྱག་ན་ཏྲི་ཤཱུ་ལ་དང་། རལ་གྲི་དང་། ཁཊྭཱཾ་ག་དང་། ཐོད་པ་ཐོགས་པའོ། །ནུབ་བྱང་མཚམས་སུ་ཁཊྭཱཾ་ག་ལག་ན་ཁཊྭཱཾ་ག་དང་། ཐོད་པ་ཐོགས་པའོ། ། བྱང་ཤར་མཚམས་སུ་བ་ལང་རྣ་བའི་དབང་ཕྱུག་ལག་ན་ཏྲི་ཤཱུ་ལ་ཐོགས་པའོ། །རིམ་པ་གཉིས་པའི་ཤར་ཕྱོགས་སུ་དྲག་མོ་ལག་ན་མདུང་རྩེ་གསུམ་པ་ཐོགས་པའོ། །ལྷོར་ཚངས་པ་མོ་ལག་ན་བགྲང་ཕྲེང་ཐོགས་པའོ། །ནུབ་ཏུ་ཁྱབ་འཇུག་མོ་ལག་ན་འཁོར་ལོ་ཐོགས་པའོ། །བྱང་ཕྱོགས་སུ་ གཞོན་ནུ་མ་ལག་ན་དྲིལ་བུ་ཐོགས་པའོ། །ཤར་ལྷོ་མཚམས་སུ་ནག་མོ་ལག་ན་ཐོད་པ་ཁྲག་དང་བཅས་པ་དང་འཁར་གསིལ་ཐོགས་པའོ། །ལྷོ་ནུབ་མཚམས་སུ་ནག་མོ་ཆེན་མོ་ལག་ན་ཆུ་གྲི་ཐོགས་པའོ། །ནུབ་བྱང་མཚམས་སུ་ཟབ་མོ་ལག་ན་མཆེ་བ་ཐོགས་པའོ། ། བྱང་ཤར་མཚམས་སུ་སྲིན་མོ་ལག་ན་ཁཊྭཱཾ་ག་ཐོགས་པ་བྲི་བར་བྱའོ། །དཀྱིལ་འཁོར་གྱི་དེ་ཉིད་ཀྱི་ཤར་ཕྱོགས་ཀྱི་སྒོར་ཞི་བ་ལག་ན་ཐོད་པ་ཐོགས་པའོ། །ལྷོར་བྷཱེ་རུཎྜ་ལག་ན་རུས་པའི་ལུ་གུ་རྒྱུད་ཐོགས་པའོ། །ནུབ་ཏུ་གཏུམ་མོ་ལག་ན་བྱ་རྒོད་ཐོགས་པའོ། །བྱང་དུ་འཇིགས་བྱེད་ མ་ལག་ན་བྱི་ལ་ཐོགས་པའོ། །རིམ་པ་གསུམ་པོ་ལ་འབྱུང་པོའི་ཡི་གེ་ཏྲི་བརྒྱད་ཕྲེང་བརྒྱད་དུ་གནས་པ་བྲི་བར་བྱའོ། །ཕྱི་དང་ནང་དུ་བཅས་པའི་ཤར་ཕྱོགས་ཀྱི་སྒོར་དབྱིག་པའི་དབང་ཕྱུག་ལག་ན་ཐོད་པ་དང་འཁར་བ་ཐོགས་པའོ། །ལྷོར་མགོ་བོའི་དབང་ཕྱུག་ལག་ན་ཏི་ཤཱུ་ལ་དང་ཐོད་པ་ཐོགས་ པའོ། །ནུབ་ཏུ་དྲིལ་བུའི་རྣ་བ་ལག་ན་དྲིལ་བུ་ཐོགས་པའོ། །བྱང་ཕྱོགས་སུ་དྲག་པོ་ཆེན་པོ་ལག་ན་ཐོད་པ་དང་ཏྲི་ཤཱུ་ལ་ཐོགས་པ་བྲི་བར་བྱའོ། །འདིར་ལྷ་ཐམས་ཅད་ཀྱི་སྙིང་པོ་ནི་ཏྲི་ཞེས་བྱ་བ་ཡིན་པར་ཤེས་པར་བྱའོ། །དེ་ལྟར་ན་རྡོ་རྗེ་དབང་ཕྱུག་གི་སྦྱོར་བས་དཀྱིལ་འཁོར་བྲིས་ལ། མདུང་རྩེ་གསུམ་གྱིས་མཚན་ པའི་ཕྱག་རྒྱས་བཟུང་བའི་རྩེ་གསུམ་པ་དང་། མེ་ཏོག་གི་ཡལ་ག་ལས་བུམ་པ་ཐམས་ཅད་དང་བུམ་པ་གང་བ་རྣམས་ཏྲི་ཞེས་བྱ་བ་རེ་རེ་ཞིང་ལན་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་ལ། དཀྱིལ་འཁོར་གྱི་སྒོ་ཐམས་ཅད་ཕྱེ་སྟེ། ཏྲི་ཞེས་བྱ་བས་རྡོ་རྗེ་དབང་ཕྱུག་འཁོར་དང་བཅས་པ་ལ་མཆོད་ཡོན་ཕུལ་ལ། བུམ་པ་གང་བ་རྣམས་དང་། གོས་དང་བླ་རེ་ལ་སོགས་པ་བསྟབས་ཏེ། མཆོད་པ་རྣམ་པ་ལྔས་མཆོད་ལ། ཇི་སྐད་དུ་བཤད་པའི་རང་གི་ལས་ཀྱི་ཕྱག་རྒྱ་རྣམས་ཀྱིས་ཀྱང་མཆོད་དེ། ཕྱི་རོལ་དུ་གཏོར་མ་བྱིན་ནས་སྦྱིན་སྲེག་བྱའོ། །དེ་ནས་རས་དཀར་པོ་ལ་རྡོ་རྗེ་གནོད་སྦྱིན་དང་། དྲི་ཡོངས་སུ་བཟླས་ ལ། དེ་དག་ལས་གཅིག་གིས་སྨད་གཡོགས་བྱ། གཉིས་པས་ནི་སྟོད་གཡོགས་བྱ། གསུམ་པས་རང་གི་གདོང་གཡོགས་ལ། ཏྲི་ཞེས་བྱ་བ་ཡོངས་སུ་བཟླས་པའི་ཐལ་བ་གཙང་མས་ལུས་ལ་བྱུགས་ཏེ། ཕྱག་བྱས་ལ། བྱང་ཆུབ་ཏུ་སེམས་བསྐྱེད་ནས། དེ་བཞིན་དུ་རང་གི་སྙིང་གར་རྡོ་རྗེ་བསམས་ ལ། ཤར་ཕྱོགས་ཀྱི་སྒོར་བལྟས་ནས། ཕྱི་རོལ་ན་གནས་པའི་བུམ་པའི་ཆུས་དབང་བསྐུར་ནས། རྩེ་གསུམ་པས་མཚན་མ་བཅིངས་ཏེ། དེ་ཉིད་ཀྱིས་མེ་ཏོག་གི་ཕྲེང་བ་བཟུང་ལ། བཛྲ་བཛྲ་ཏྲི་ཞེས་བརྗོད་ཅིང་དཀྱིལ་འཁོར་དུ་འཇུག་པར་འགྱུར་བའོ། །དེ་ནས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཀྱེ་ དྲག་པོ་འབྱུང་བའི་བདག་པོ་དབང་དུ་མཛོད་ཅིག་ཅེས་བརྗོད་དོ། །དེ་ནས་ཕྱག་བྱས་ལ་དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་བྱས་ནས། རྡོ་རྗེ་དབང་ཕྱུག་གི་མདུན་དུ་འདུག་སྟེ། འདི་སྐད་ཅེས་བརྗོད་པར་བྱའོ། །ཛཿཧཱུཾ་བཾ་ཧོཿ། པྲ་སིདྡྷྱེ་མ་ན། དེ་ནས་རྡོ་རྗེ་ཆུ་འཐུངས་ལ། །ཨ་ཞེས་བྱ་བ་ ལན་བརྒྱ་ཟློས་ཤིང་། བདག་ཉིད་ལ་དབབ་པ་བྱའོ། །ཡང་གཡོན་པའི་ཁུ་ཚུར་གྱིས་རྡོ་རྗེ་སེམས་མ་ཕྱེ་ལ། ཨ་ཞེས་བྱ་བ་དེ་བཞིན་དུ་ཟློས་ཤིང་བདག་ཉིད་ལ་དབབ་པ་བྱའོ། །དེ་ནས་ཏྲི་ཞེས་བྱ་བས་མེ་ཏོག་དོར་རོ། །དེ་ནས་དེ་བླངས་ལ་དེ་ཉིད་ཀྱིས་རང་གི་མགོ་ལ་བཅིང་བར་བྱའོ། །དེ་ ནས་དེ་ཉིད་ཀྱིས་གདོང་གཡོགས་དགྲོལ་བར་བྱའོ། །དེ་ནས་དེ་ཉིད་ཟློས་ཤིང་ཤར་ཕྱོགས་ཀྱི་ཆ་ནས་བརྩམས་ཏེ། དཀྱིལ་འཁོར་བལྟ་བར་བྱའོ། །དེ་ནས་རྩེ་མོ་གསུམ་གྱིས་མཚན་པ་བཅིངས་ལ། ཏིཥྛ་བཛྲ་ཞེས་བྱ་བ་ལ་སོགས་པས་རང་གི་སྙིང་གར་དགྲོལ་བར་བྱའོ། །དེ་ནས་རྡོ་རྗེ་ དབང་ཕྱུག་གི་ཕྱག་རྒྱ་ཆེན་པོ་བཅིངས་ལ། རྡོ་རྗེ་ལྟ་བས་དེ་ལ་བལྟ་ཞིང་ཇི་སྲིད་དུ་རྡོ་རྗེ་དབང་ཕྱུག་གི་མཐོང་བར་བྱིན་ནས། རང་གི་དངོས་གྲུབ་རྣམས་སྟེར་བར་གྱུར་པ་དེ་སྲིད་ཀྱི་བར་དུ་ཏྲི་ཞེས་བྱ་བ་བཟླས་བརྗོད་བྱའོ། །དེ་ནས་རྡོ་རྗེ་དབང་ཕྱུག་རྡོ་རྗེའི་ལྟ་བས་བལྟས་ལ། རྡོ་རྗེ་ཐལ་མོ་བསྐོར་བས་ ཕྱག་བྱས་ཏེ། མེ་ཏོག་ལ་སོགས་པའི་དབང་བསྐུར་བ་བླང་བར་བྱའོ། །དེ་ལ་དང་པོ་ཁོ་ནར་ཞི་བ་མདུང་གིས་མཚན་པས་ཡོངས་སུ་བཟུང་བའི་མདུང་རྩེ་གསུམ་པ་དང་། མེ་ཏོག་གི་ཡལ་ག་ལས་ཀྱང་རྣམ་པར་རྒྱལ་བའི་བུམ་པ་ལས་སྔར་བཤད་པའི་བུམ་པའི་སྔགས་དེ་བཞིན་དུ་ཡོངས་སུ་ ཟློས་ཏེ། བདག་ཉིད་རྡོ་རྗེ་དབང་ཕྱུག་ཏུ་བྱིན་གྱིས་བརླབས་ལ། ཕྱིའི་དཀྱིལ་འཁོར་གྱི་ནང་དུ་སྣ་ཚོགས་པདྨ་བྲིས་ནས། དེའི་སྟེང་དུ་རྡོ་རྗེ་དབང་ཕྱུག་གི་ཕྱག་རྒྱ་ཆེན་པོས་འདུག་སྟེ་མེ་ཏོག་ལ་སོགས་པས་བདག་ཉིད་ཡང་དག་པར་མཆོད་ལ། མཆོད་ཡོན་བླངས་ཏེ། རྡོ་རྗེ་ཁུ་ཚུར་ གྱིས་རྣམ་པར་རྒྱལ་བའི་བུམ་པ་ལས་ཆུ་བླངས་ལ། ཨོཾ་བཛྲ་ཨ་བྷི་ཥིཉྩ་ཏྲི་ཞེས་ཟློས་ཤིང་དེས་བདག་ཉིད་དབང་བསྐུར་བར་བྱ་ལ། ཆུ་དེ་བཏུང་བར་ཡང་བྱའོ། །དེ་ནས་རིན་པོ་ཆེའི་ཅོད་པན་དང་། དར་དཔྱངས་དང་། དབང་བསྐུར་བའི་ཕྱག་རྒྱས་རིན་པོ་ཆེའི་ ཅོད་པན་དང་། དར་དཔྱངས་ཀྱིས་བདག་ཉིད་དབང་བསྐུར་བར་བྱ་ཞིང་། ཏྲི་ཞེས་བྱ་བས་མདུང་རྩེ་གསུམ་དྲིལ་བུ་དང་བཅས་པ་བླངས་ལ་ཏྲི་ཞེས་བྱ་བ་ཉིད་ཟློས་ཤིང་རྡོ་རྗེ་དབང་ཕྱུག་གི་མིང་གིས་དབང་བསྐུར་བས་བདག་ཉིད་དབང་བསྐུར་བ་དང་། ཏྲི་ཞེས་བྱ་བ་ཉིད་ཀྱིས་བདག་པོའི་དབང་བསྐུར་བ་ བླངས་ཏེ། མདུང་རྩེ་གསུམ་དེ་ཁོ་ན་ཉིད་ཀྱིས་གཟུང་བར་བྱའོ། །དེ་ལ་འཇིག་རྟེན་པ་འདི་དག་ཐམས་ཅད་ནི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་དཀྱིལ་འཁོར་དུ་བཅུག་ནས། རྡོ་རྗེར་མཛད་པ་དེ་རྣམས་ཀྱི་ཕྱག་རྒྱ་གང་ཡིན་པ་དེ་ནི་རྡོ་རྗེའི་ཕྱག་རྒྱ་ཞེས་བྱ་སྟེ། དེ་ཁོ་ན་ཉིད་དོ། །དེ་ནས་དྲིལ་བུ་ཆོས་ཀྱི་དཀྲོལ་ བར་བྱ་སྟེ། དེ་ལ་ཆོས་ནི་འདི་ཡིན་ཏེ། སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །གདུག་པ་འདུལ་བ་གྲུབ་ཕྱིར་དང་། །འདོད་ཀུན་བདག་པོ་ཉིད་ཀྱི་ཕྱིར། །གདུག་པའི་ལག་ལ་གནས་པར་གྱིས། དེ་ནས་དམ་ཚིག་གི་ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབ་བོ། །དེ་ནི་འདི་ཡིན་ཏེ། འདི་ནི་ཁྱོད་ཀྱི་དམ་ ཚིག་ཆོས། །ཡང་དག་བདེན་པར་སྨྲ་བྱ་བ། །དེ་ནི་ཁྱོད་ཀྱིས་བརྙས་མི་བྱ། །བདེན་པ་ཡང་དག་ཡིན་ཞེས་བཤད། །ཅེས་བྱ་བ་ནི་དམ་ཚིག་གོ། །དེ་ནས་བརྟུལ་ཞུགས་བླང་བར་བྱ་སྟེ། འཆི་བའི་དབང་དུ་གྱུར་ཀྱང་ནི། །མི་བདེན་ནམ་ཡང་སྨྲ་མི་བྱ། །འབྱུང་པོའི་གདོན་ཡང་གཞན་མིན་ཏེ། །འདི་ནི་ བདེན་པ་མིན་ལས་བྱུང་། །དེ་ན