Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 59
Văn bản gốc(Tây Tạng)
Trang 3 / 16 (50.000 ký tự/trang)
་བ་ནི་ཅུང་ཟད་བཞད་པ་སྟེ། དེ་དང་བཅས་པས་འདི་གསུངས་སོ་ཞེས་བྱ་བར་སྦྱར་རོ། །ཆོས་ཐམས་ཅད་ནི་ཚིག་བཞིར་གསུངས་པའོ། །དེ་རྣམས་ཀྱིས་མཉམ་པ་ཉིད་ནི་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་དེ། དེ་ལ་དམིགས་པའི་ངེས་པའི་ཚུལ་གྱིས་ཐུགས་ནི་སྙིང་སྟེ་དེ་སྟོན་ པར་བྱེད་པའི་ཡི་གེ་ལ་ཡང་ཉེ་བར་གདགས་པས་སྙིང་པོ་ཞེས་བྱ་སྟེ། དེ་གསུངས་པ་ནི་བཀའ་སྩལ་པའོ། །བཞད་པ་ཆེན་པོས་བཞད་ཅིང་ཞེས་བྱ་བ་ནི་དེ་བཞིན་གཤེགས་པས་འདུལ་བའི་སེམས་ཅན་གྱི་ཁམས་རྣམས་ཀྱིས་དེ་བཞིན་གཤེགས་པའི་ཆ་ལུགས་ཀྱིས་སངས་རྒྱས་ཀྱི་བྱང་ ཆུབ་ཐོབ་པར་མཐོང་བ་དང་། དགའ་ཞིང་རབ་ཏུ་མགུ་བ་སྐྱེས་ནས་བཞད་པ་ཆེན་པོས་བཞད་པ་མཛད་དོ། །དེ་བཞིན་གཤེགས་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་དེ། དེ་ཉིད་ནི་རྡོ་རྗེ་ཡིན་ལ། དེ་རྣམས་ཀྱི་དཀྱིལ་འཁོར་ཏེ། དེ་བྱིན་གྱིས་ རློབ་པ་ནི་བསྟན་པར་བྱས་པ་དེ་ལ་དམིགས་པའི་སེམས་རྩེ་གཅིག་པ་གང་གིས་ཁྱད་པར་དུ་བྱས་པ་གང་ཡིན་པ་དེ་ལ་ནི་མིང་འདི་ཉིད་ཅེས་བྱ་སྟེ། ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ནས་དཀྱིལ་འཁོར་ཆེན་པོ་འདི་གསུངས་སོ་ཞེས་བྱ་བར་སྦྱར་རོ། །མིང་འདི་སྐད་ཅེས་བྱ་ཞེ་ན། དེ་ བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ནི་རྡོ་རྗེའི་མཉམ་པ་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པ་ལ་སོགས་པའི་མཚན་ཉིད་ཅན་ནོ། །དེ་ཉིད་ནི་རྡོ་རྗེ་སྟེ། དེ་སྟོན་པར་བྱེད་པ་ཉིད་ཀྱིས་ན་མིང་དེ་ཉིད་ཅེས་བྱ་ བའི་དཀྱིལ་འཁོར་ཆེན་པོ་གང་ཡིན་པ་འདི་གསུངས་སོ་ཞེས་བྱ་བ་ནི་བཀའ་སྩལ་པའོ། །དཀྱིལ་འཁོར་ནི་སྔར་བཤད་པ་ཉིད་དེ་ཐམས་ཅད་དུ་སྒོ་ནི་བརྒྱད་ཆར་བྱའོ། །འདིར་སྒྲུབ་པ་ཐམས་ཅད་ནི་ཡི་གེ་ཨཱ་ཉིད་ཀྱིས་བྱའོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་ཕྱག་རྒྱ་བཅིང་བ་ལས་བྱུང་བའི་དང་པོའི་རྡོ་རྗེ་ཉིད་བཅིངས་ལ། བཛྲ་བཛྲ་ཨ་ཞེས་ཟློས་ཤིང་ཆོ་ག་ཇི་ལྟ་བ་བཞིན་དུ་འཇུག་པར་བྱའོ། །རྣམ་པར་མི་རྟོག་སྦྱོར་བ་ཡི། །ཞེས་བྱ་བ་ནི་ཆོས་བདག་མེད་པ་བསྒོམས་པས་སོ། །སློབ་མ་རྣམས་ལ་སྦྱིན་ཞེས་བྱ་བ་ནི་ འབྱོར་པ་ཅི་ཡོད་པས་ཁ་ཟས་སྦྱིན་ནོ་ཞེས་བྱ་བའི་དོན་ཏོ། །མཚན་མ་བཞི་ཞེས་བྱ་བ་ནི་རྡོ་རྗེ་དང་རིན་པོ་ཆེ་དང་། པདྨ་དང་། སྣ་ཚོགས་རྡོ་རྗེ་སྐལ་པ་ཇི་ལྟ་བ་བཞིན་དུ་མེ་ཏོག་གང་ལ་བབས་པ་དེ་ལ་མཚན་མ་དེ་སྦྱིན་པར་བྱའོ། །དཀྱིལ་འཁོར་དུ་ཞུགས་པ་ཙམ་ཉིད་ཀྱིས་ལས་རྣམས་འགྲུབ་པར་ འགྱུར་ཞེས་བྱ་བ་འདི་ནི་ཡེ་ཤེས་བབས་པར་གྱུར་པ་རྣམས་ཀྱི་ཡིན་པར་ཐམས་ཅད་བལྟ་བར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེ་བ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་བསྒོམས་པའི་བདེ་བ་སྟེ། དེས་དེ་བཞིན་གཤེགས་པ་ཐམས་ཅད་ཚིམ་པར་བྱ་བའི་ཕྱིར། རྡོ་རྗེ་སེམས་དཔའ་ ལ་སོགས་པ་བབས་པས་སོ། །བདག་ཕུལ་བ་ནི་ཕྱག་བཞིའི་སྦྱོར་བས་སོ། །མེ་ཏོག་ལ་སོགས་པ་ལ་བཟླས་པ་ནི་རྡོ་རྗེ་སྦྲང་རྩི་དང་། རྡོ་རྗེ་སྤྲིན་དང་། རྡོ་རྗེ་སྟོན་དང་། རྡོ་རྗེ་དགུན་རྣམས་ཀྱི་སྔགས་བརྗོད་པ་སྟེ། དེས། སངས་རྒྱས་ཆོས་དང་དགེ་འདུན་ནི། །དམ་ ཚིག་ཆེན་པོ་གསུམ་འདི་ཡིན། །ཞེས་འོག་ནས་བཤད་དེ། དེ་ལྟ་བུས་དཀོན་མཆོག་གསུམ་མཆོད་པར་བྱའོ། །ཐམས་ཅད་ལ་བྱམས་པའི་བཟླས་པ་ནི་ཕྱོགས་བཅུའི་སེམས་ཅན་གྱི་ཁམས་ཐམས་ཅད་ལ་བྱམས་པས་ཁྱབ་པར་སྤྲོ་སྟེ་བཟླས་པ་ནི་བྱམས་པའི་བཟླས་པའོ། །ས་གནོན་གྱི་ཕྱག་རྒྱ་ བཅིངས་ལ། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་ལྷག་པར་མོས་པར་བྱས་པའི་བཟླས་པ་ནི་བརྟན་ཞིང་ངེས་པའི་བཟླས་པའོ། །ནམ་མཁའི་སྙིང་པོའི་ཏིང་ངེ་འཛིན་ལ་གནས་ཏེ། རྡོ་རྗེ་རིན་ཆེན་གྱི་ཏིང་ངེ་འཛིན་གྱི་ཕྱག་རྒྱ་བཅིངས་ལ། རྒྱན་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པ་རྣམས་ཡང་དག་པར་ མཆོད་ལ། བདག་ཉིད་ཀྱིས་རང་ཉིད་ལ་རྣམ་པ་ཐམས་ཅད་བཅིང་བར་བྱའོ། །ལག་པ་གཡོན་པས་པདྨ་བཟུང་ལ། རང་གི་སྙིང་གར་བཞག་སྟེ། ལག་པ་གཡས་པས་དབྱེ་བར་བྱ་བ་འདི་ནི་རྡོ་རྗེ་པདྨ་ལ་ལྟ་བའོ། །འཕགས་པ་རྡོ་རྗེ་ཉིད་ནི་རྡོ་རྗེ་ལས་ཀྱི་མཆོག་གོ། །ཡེ་ཤེས་ཀྱི་ཁུ་ཚུར་ནི་བྱང་ ཆུབ་ཀྱི་མཆོག་གོ། །དེ་བཞིན་གཤེགས་པའི་དཀྱིལ་འཁོར་གྱི་འགྲེལ་པའོ། །ད་ནི་ཁྲོ་བས་ཁྲོ་བ་སྤང་བར་བྱ་བའི་ཕྱིར། རྡོ་རྗེ་ཧཱུྃ་མཛད་ཀྱི་དཀྱིལ་འཁོར་སྟོན་པར་བཞེད་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བའི་སྒྲ་ནི་སྔ་མ་བཞིན་ནོ། །མ་རུངས་པ་ཡང་ཡིན་ལ་ཐམས་ ཅད་ཀྱང་ཡིན་པས་མ་རུངས་པ་ཐམས་ཅད་དེ། ལྷ་ཆེན་པོ་ལ་སོགས་པའོ། །མ་རུངས་པ་ཐམས་ཅད་འདུལ་བར་མཛད་པས་ན་མ་རུངས་པ་ཐམས་ཅད་འདུལ་བ་སྟེ་འདུལ་བར་མཛད་ཅིང་དེས་ཁྲོ་བ་སྤོང་བར་མཛད་པས་འདུལ་བའོ། །དེ་ནི་རྡོ་རྗེ་ཧཱུྃ་མཛད་ཀྱི་གཟུགས་ཅན་གྱི་དེ་བཞིན་གཤེགས་ པ་ཤཱཀྱ་ཐུབ་པའོ། །ཡང་ཞེས་བྱ་བ་ནི་སླར་ཡང་ཞེས་བྱ་བའི་དོན་ཏོ། །ཆོས་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ཆོས་ཐམས་ཅད་དེ། འདོད་ཆགས་ལ་སོགས་པའོ། །དེ་རྣམས་ཀྱི་མཉམ་པ་ཉིད་ནི་དེ་བཞིན་ཉིད་དོ། །དེས་རྣམ་པར་རྒྱལ་བ་ནི་མཉམ་པ་ཉིད་བསྒོམས་པས། ཞེ་སྡང་ལ་སོགས་ པ་ངེས་པར་བསྩལ་བ་ཞེས་བྱ་བའི་དོན་ཏོ། །རྣམ་པར་རྒྱལ་བ་དེའི་བསྡུ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒྲུབ་པ་གང་གིས་མངོན་སུམ་དུ་བྱེད་པར་འགྱུར་བ་གང་ཡིན་པ་དེ་ལ་མིང་འདི་ཉིད་ཅེས་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒྲུབ་པ་དེ་གསུངས་པའོ། །འདོད་ཆགས་ཀྱི་ཞེས་བྱ་བ་ལ་ སོགས་པ་ལ། དེ་ལ་འདོད་ཆགས་ནི་ཀུན་དུ་ཞེན་པའི་མཚན་ཉིད་ཅན་ནོ། །དེའི་སྤྲོས་པ་ནི་ཁ་དོག་དང་དབྱིབས་དང་རེག་པ་དང་ཉེ་བར་སྤྱོད་པའི་མཚན་ཉིད་ཅན་ནོ། །སྤྲོས་པ་ཡོད་པ་མ་ཡིན་པས་ན་སྤྲོས་པ་མེད་པ་སྟེ། འདོད་ཆགས་ཀྱི་སྤྲོས་པ་རྣམས་མཉམ་པ་ཉིད་དུ་བསྒོམས་པས་འདོད་ ཆགས་ཉེ་བར་མི་དམིགས་སོ་ཞེས་བྱ་བའི་དོན་ཏོ། །འདོད་ཆགས་ཀྱི་སྤྲོས་པ་མེད་པའི་ངོ་བོ་ཉིད་ནི་འདོད་ཆགས་ཀྱི་སྤྲོས་པ་མེད་པ་ཉིད་དོ། །དེས་ཞེ་སྡང་སྤྲོས་པ་མེད་པ་ཉིད་དོ། །དེ་ཡང་ཞེ་སྡང་ནི་སེམས་ཅན་ལ་གནོད་པར་བྱ་བར་འདོད་པ་སྟེ། དེའི་སྤྲོས་པ་ནི་མནར་སེམས་རིང་པོ་དགུ་དང་། བཅུ་པོ་གནས་མ་ཡིན་པ་ལ་ཁྲོ་བའོ། །སྤྲོས་པ་ཡོད་པ་མ་ཡིན་པས་ན་སྤྲོས་པ་མེད་པ་སྟེ། མནར་སེམས་ཅན་གྱི་དངོས་པོ་དམིགས་སུ་མེད་པའོ། །འདི་སྐད་སྟོན་པར་འགྱུར་ཏེ། གང་ལ་རྗེས་སུ་ཆགས་པ་མེད་པ་དེ་ལ་ཁོང་ཁྲོ་བར་འགྱུར་ཏེ། རྗེས་སུ་ཆགས་པའི་དངོས་པོ་དམིགས་སུ་མེད་པས་ཁོང་ ཁྲོ་བ་འདིའི་དངོས་པོ་ཡང་ཉེ་བར་དམིགས་པར་མི་འགྱུར་རོ། །དེ་བས་ན་འདོད་ཆགས་ཀྱི་སྤྲོས་པ་མེད་པ་ཉིད་ཀྱི་ཞེ་སྡང་གི་སྤྲོས་པ་མེད་པ་ཉིད་དུ་འགྱུར་རོ། །ཞེ་སྡང་གི་དངོས་པོ་ཉེ་བར་མི་དམིགས་པས་གཏི་མུག་གི་དངོས་པོ་དམིགས་པར་མི་འགྱུར་ཏེ། དེ་བས་ན་གཏི་མུག་གི་སྤྲོས་པ་མེད་པ་ཉིད་དུ་ འགྱུར་རོ། །དེ་ཡང་གཏི་མུག་ནི་མ་རིག་པ་སྟེ་དེའི་སྤྲོས་པ་ནི་དབང་ཕྱུག་རྒྱུར་འདོད་པ་ལ་སོགས་པར་ཡོངས་སུ་བཏགས་པའོ། །གཏི་མུག་གི་དངོས་པོ་དམིགས་སུ་མེད་པས་ཀྱང་ཆོས་ཐམས་ཅད་དམིགས་སུ་མེད་པ་ཡིན་ཏེ། དེ་བས་ན་གཏི་མུག་གི་སྤྲོས་པ་དམིགས་སུ་མེད་པ་ཉིད་ཀྱིས་ ཆོས་ཐམས་ཅད་སྤྲོས་པ་མེད་དོ་ཞེས་གསུངས་ཏེ། ཆོས་ཐམས་ཅད་ནི་ཁམས་གསུམ་ན་སྤྱོད་པའི་སེམས་སམ་སེམས་ལས་བྱུང་བ་རྣམས་སམ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སོགས་པའོ། །དེ་རྣམས་ཀྱི་སྤྲོས་པ་ནི་དབྱེ་བར་ཡོངས་ སུ་བརྟགས་པའོ། །འདོད་པའི་ཁམས་ན་སྤྱོད་པ་ལ་སོགས་པའི་ཚུལ་གྱིས་ཆོས་ཐམས་ཅད་ལ་མ་སྤྲོས་པས་ན་སྤྲོས་པ་མེད་པ་སྟེ། སྔ་མ་བཞིན་ནོ། །ཆོས་ཐམས་ཅད་དམིགས་སུ་མེད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤྲོས་པ་མེད་པ་ཉིད་དུ་རིག་པར་བྱའོ་ཞེས་བྱ་ བ་སྟེ། གང་ཆོས་ཐམས་ཅད་དམིགས་སུ་མེད་པ་དེ་ཉིད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱིས་ན་འདི་ནི་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱིས་རྣམ་པར་རྒྱལ་བ་བསྡུ་བ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒྲུབ་པར་འགྱུར་རོ། །འཇིག་རྟེན་གསུམ་ ལས་རྣམ་པར་རྒྱལ་བའི་རྡོ་རྗེའི་ཕྱག་རྒྱ་ནི་རྡོ་རྗེ་ཧཱུྃ་མཛད་ཀྱི་ཕྱག་རྒྱའོ། །པདྨའི་གདོང་ཁྲོ་གཉེར་དང་བཅས་པ་ལ་སོགས་པས་སྙིང་པོའི་ཡན་ལག་འདི་གསུངས་སོ་ཞེས་པར་སྦྱར་རོ། །ཁྲོ་བར་སྟོན་པར་བྱེད་པའི་དཔྲལ་བའི་གཉེར་མ་ནི་ཁྲོ་གཉེར་གྱི་སྒྲར་བཤད་དོ། །ཁྲོ་གཉེར་དང་བཅས་ ཤིང་སྨིན་མ་བཏེག་པ་དང་ལྡན་པས་ཁྲོ་གཉེར་དང་བཅས་ཤིང་སྨིན་མ་བཏེག་པའོ། །རབ་ཏུ་མྱུར་བར་གཡོ་བའི་མིག །མིག་གི་རྫི་མ་འདྲེན་པ་ནི། །འབར་བའི་ལྟ་བ་ཡིན་པར་བཤད། །ཅེས་བྱ་བ་ནི་འབར་བར་ལྟ་བ་སྟེ། དེས་ན་ཁྲོ་གཉེར་དང་བཅས་ཤིང་སྨིན་མ་བཏེག་པ་དང་། འབར་ བར་ལྟ་བ་དང་པདྨའི་གདོང་ཁྲོ་ཞིང་དགོད་དེ་མཆེ་བ་ཅུང་ཟད་གཙིགས་ནས་ཞལ་བསྟོད་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ནས་རྡོ་རྗེ་ཁྲོ་བོ་སྟེ་ཁྲོ་བོ་ཆེན་པོ་རྡོ་རྗེ་ཧཱུྃ་མཛད་ཕྱུང་ནས་བཞུགས་སོ་ཞེས་བྱ་བར་སྦྱར་རོ། །བདག་ཉིད་དངོས་པོ་ཅི་ལྟ་བུ་ཞེ་ན་ཕྱག་ན་རྡོ་རྗེ་དང་འདྲ་བའི་དངོས་པོའི་བདག་ཉིད་ ཅན་ནོ་ཞེས་བྱ་བའོ། །ཁ་དོག་ལ་སོགས་པ་ཅི་ལྟ་བུ་ཞེ་ན། ཁ་དོག་སྣ་ཚོགས་པ་ལ་སོགས་པ་སྟེ། ཁ་དོག་སྣ་ཚོགས་པ་ནི་སྔོན་པོ་དང་སེར་པོ་ལ་སོགས་པའོ། །རྒྱན་ནི་སྦྲུལ་གྱི་གདུ་བུ་དང་རྣ་ཆ་དང་དཔུང་རྒྱན་དང་ཅོད་པན་ལ་སོགས་པའོ། །མཚོན་ཆ་ནི་རྡོ་རྗེ་ལ་སོགས་པའོ། །དེ་ལྟར་ན་ཁ་ དོག་དང་རྒྱན་དང་མཚོན་ཆ་རྣམ་པ་སྣ་ཚོགས་པ་འཆང་བར་མཛད་པས་ན་ཁ་དོག་དང་རྒྱན་དང་མཚོན་ཆ་རྣམ་པ་སྣ་ཚོགས་བསྣམས་པའོ། །རྡོ་རྗེ་མཆེ་བ་གཙིགས་པ་ནི་རྡོ་རྗེ་མཆེ་བ་ལྷག་གེར་བྱུང་བའོ། །མཆེ་བ་རྣམ་པར་གཙིགས་པ་ཉིད་ཀྱི་ཚེམས་ཀྱི་སྒྲོས་མ་མཆུ་གནོན་པ་གང་ཡིན་པ་དེ་ལ་དེ་ སྐད་ཅེས་བྱའོ། །དེ་ལྟ་བུའི་ཚེམས་ཀྱི་སྒྲོས་རྣོན་པོ་མི་བཟད་པ་དང་ཁྲོ་གཉེར་བསྙེར་བ་དང་། སྨིན་མ་འབར་བ་དང་། དབུ་སྐྲ་དང་། ཨག་ཚོམ་རྣམས་འབར་ཞིང་འཇིགས་སུ་རུང་བའི་ཞལ་གང་ལ་མངའ་བ་དེ་ལ་ནི་རྣམ་པར་འགྱུར་བའི་མཆེ་བ་གཙིགས་པ་ཚེམས་ཀྱི་སྒྲོས་གནོན་པ་སྨིན་མ་མི་ བཟད་ཅིང་ཁྲོ་གཉེར་བསྙེར་བ་སྤྱན་དང་དབུ་སྐྲ་དང་ཨག་ཚོམ་འབར་བ་ཞལ་འཇིགས་པ་ཞེས་བྱའོ། །ཐུགས་རྗེ་ཆེན་པོའི་ཐབས་དེས་བསྐྱེད་པའི་ཁྲོ་བོ་ཡིན་པས་ན་ཐུགས་རྗེ་ཆེན་པོའི་ཐབས་ཀྱི་ཁྲོ་བོ་སྟེ། དེ་ཉིད་ནི་རྡོ་རྗེ་ཡིན་ལ་དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་རྡོ་རྗེ་ཧཱུྃ་མཛད་ལ་སེམས་རྩེ་ གཅིག་པའོ། །ཕྱོགས་བཅུའི་འདོད་པ་གཟུགས་དང་གཟུགས་མེད་པའི་ཁམས་རྣམས་ལ་ཁམས་གསུམ་ཞེས་བྱ་བའི་སྒྲར་བཤད་དོ། །དེར་གནས་པ་ལ་སོགས་པའི་ལྷ་ཆེན་པོ་ལ་སོགས་པ་གདུལ་བར་མཛད་པས་ན་ཁམས་གསུམ་པོ་མཐའ་དག་ལས་རྣམ་པར་རྒྱལ་བ་སྟེ། རྣམ་ པར་རྒྱལ་བ་དེ་དཀྱིལ་འཁོར་གང་དུ་མཛད་པ་དེ་ནི་དཀྱིལ་འཁོར་ཆེན་པོའོ། །ཡང་ན་ཁམས་གསུམ་པོ་མཐའ་དག་ལས་རྣམ་པར་རྒྱལ་བ་ཞེས་བྱ་བ་ལ་ཁམས་གསུམ་རྣམ་པར་རྒྱལ་བ་ནི། རྡོ་རྗེ་ཧཱུྃ་མཛད་སྟེ། དེས་བྱིན་གྱིས་བརླབས་པའི་གཞལ་ཡས་ཁང་ལ་མིང་དེ་ཉིད་ཅེས་བྱ་སྟེ། དཀྱིལ་ འཁོར་མིང་དེ་སྐད་ཅེས་གསུངས་སོ། །རྡོ་རྗེ་ནི་བཅོམ་ལྡན་འདས་ཧཱུྃ་མཛད་ཉིད་དེ་དེའི་དཀྱིལ་འཁོར་རོ། །འདུལ་བ་ཆེན་པོ་འདུལ་བྱེད་པ། །ཞེས་བྱ་བ་ལ། ཆེན་པོ་ནི་དབང་ཕྱུག་ཆེན་པོ་ལ་སོགས་པ་སྟེ། དེ་རྣམས་འདུལ་བས་འདུལ་བར་མཛད་པ་འམ་དེ་རྣམས་ཀྱིས་འདུལ་བའི་ཁྲོ་བོ་འདི་ ཉིད་ཀྱིས་འདུལ་བས་ན་འདུལ་བ་སྟེ། ཁྲོ་བོ་སྤང་བར་མཛད་ཅེས་བྱ་བའི་དོན་ཏོ། །དེ་ལྟར་ན་བཅོམ་ལྡན་འདས་རྡོ་རྗེ་ཧཱུྃ་མཛད་ནི་འདུལ་བ་ཆེན་པོ་ཡིན་ལ་དེ་ཉིད་དཀྱིལ་འཁོར་གང་དུ་འདུལ་བ་པོར་གྱུར་པ་དེ་ནི་འདུལ་བ་ཆེན་པོ་འདུལ་བར་བྱེད་པའོ། །དཀྱིལ་འཁོར་དང་པོ་ནི་རྡོ་རྗེ་སེམས་ དཔའི་ཕྱིའི་དཀྱིལ་འཁོར་ཏེ། བརྒྱད་ཆ་བའི་སྒོ་དང་ལྡན་པར་བྲིས་ལ་ནང་དུ་དེའི་ཕྱེད་ཀྱི་ཚད་ཀྱིས་རྡོ་རྗེའི་ཕྲེང་བ་ཟླུམ་པོ་དང་ལྡན་པའི་འཁོར་ལོ་ལ་རྡོ་རྗེ་ཀ་བ་བརྒྱད་དང་ལྡན་པར་བྲི་བར་བྱའོ། །ལྷ་ཐམས་ཅད་ཀྱི་གནས་སུ་ནི་སྣ་ཚོགས་པདྨའི་གདན་བྱས་ལ་དབུས་སུ་བཅོམ་ལྡན་འདས་རྡོ་རྗེ་ཧཱུྃ་ མཛད་རྡོ་རྗེ་དང་དྲིལ་བུ་བསྣམས་པ་རྡོ་རྗེ་ཧཱུྃ་མཛད་ཀྱི་ཕྱག་རྒྱས་བཞུགས་པ་ཇི་སྐད་དུ་བཤད་པའི་གཟུགས་དང་ལྡན་པར་བྲི་བར་བྱའོ། །དེ་བཞིན་དུ་གཞན་དག་ཀྱང་སྔར་བཤད་པ་ཉིད་ཡིན་ཏེ། འདིར་ཡི་གེ་ཧཱུྃ་ཉིད་ཀྱིས་དཀྱིལ་འཁོར་བྲི་བ་ལ་སོགས་པ་བྱའོ། །རྡོ་རྗེ་བསྡམས་ པ་ནང་དུ་བཅིངས་ལ་སོར་མོ་རྣམས་འབར་བ་ནང་དུ་བསྣོལ་ལ། མཐེ་བོའི་རྡོ་རྗེ་བསྒྲེང་བ་འདི་ནི་རྡོ་རྗེ་དམ་ཚིག་གི་ཕྱག་རྒྱ་སྟེ་འདིས་བཛྲ་བཛྲ་ཧཱུྃ་ཞེས་ཟློས་ཤིང་དཀྱིལ་འཁོར་དུ་འཇུག་པར་བྱའོ། །ལག་པ་གཉིས་ཀྱིས་ཕྱག་རྒྱ་བཅིངས་ཏེ་ཞེས་བྱ་བ་ནི་ལག་པ་གཉིས་ཀྱིས་རྡོ་རྗེ་ཧཱུྃ་མཛད་ཀྱི་ ཕྱག་རྒྱ་བཅིངས་ལ་ཞེས་བྱ་བའི་དོན་ཏོ། །ལྔ་པོ་བསྡུས་པའི་ཕྱག་རྒྱ་བཅིངས་ལ། བཟློག་སྟེ་ཁའི་གྲྭར་མཆེ་བ་བསྟན་པ་འདི་ན་རྡོ་རྗེ་ཁྲོ་བོ་མཐར་བྱེད་དོ་ཞེས་བྱ་བ་ནི་ཁྲོ་བོའི་ལྟ་བ་སྟེ། འདི་ནི་རྡོ་རྗེ་ཧཱུྃ་མཛད་ཀྱི་ཕྱག་རྒྱ་བཅས་པས་ཐམས་ཅད་རྒྱས་གདབ་པར་བྱའོ། །རྡོ་རྗེ་ཕྲ་མོའི་རྩེ་ལྔ་པ་རྡོ་རྗེ་ཁུ་ ཚུར་གྱིས་ཁྲོས་པར་འགྱུར་བས། བསྒྲུབ་པར་བྱ་བ་གཞིག་པའི་བསམ་པར་བྱ་བ་སྟེ། འདིས་ནི་ཐམས་ཅད་གཞིག་པར་འགྱུར་རོ། །ངེས་པར་གནོན་པ་ནི་ལྟུང་བར་བྱ་བ་སྟེ། ཡུངས་ཀར་ལ་སོགས་པའི་ཡི་གེ་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ་བསམས་ལ་དེ་དང་ཁྲོས་པར་གྱུར་པས་བསྒྲུབ་པར་བྱ་བ་ ལྟུང་བར་བྱ་བའི་བསམ་པས་ཕྱོགས་དེར་བརྡེག་པར་བྱའོ། །རྡོ་རྗེ་ཧཱུྃ་མཛད་ཀྱི་ཕྱག་རྒྱའི་ལག་པ་གཡས་པའི་མཛུབ་མོའི་ལྕགས་ཀྱུ་གཡོན་ལོགས་ནས་གཡོན་པའི་མཛུབ་མོ་དྲང་བར་བྱས་ཏེ། འདི་ནི་རྡོ་རྗེ་གླུའི་ཁྲོ་བོའི་ཕྱག་རྒྱ་ཕྲ་མོ་འབིགས་པར་བྱེད་པའོ། །འདིས་ནི་གནོད་པ་ཐམས་ ཅད་དགུག་པར་བྱའོ། །སྙིང་འབྱིན་པ་དང་གདུག་པ་ཐམས་ཅད་ཚར་གཅད་པ་ནི་གོ་བར་ཟད་དོ། །རལ་གྲི་ལ་སོགས་པའི་ཕྱེ་མའི་སྦྱིན་སྲེག་ནི་ལྕགས་ཕྱིའི་སྦྱིན་སྲེག་གོ། །རང་གི་ས་བོན་ནི་སྒྲ་ཇི་བཞིན་པར་ཡང་འདོད་མོད་ཀྱི། གཞན་དག་ནི་རྡོ་རྗེ་ཅན་གྱིའོ། །མ་ཡིན་པར་འཆད་དོ། །རྡོ་རྗེ་ ཧཱུྃ་མཛད་ཀྱིས་དགོད་པའི་ཚུལ་དུ་བྱེད་པ་སྟེ། ཧ་ཧ་ཧ་ཧ་ཧཱུྃ་ཞེས་བཟླས་པས་གནོད་སྦྱིན་ཐམས་ཅད་སྐྲོད་པར་འགྱུར་རོ། །རྡོ་རྗེ་ས་ལ་བརྡེབས་ཤིང་བཟླས་པས་སོ་ཞེས་བྱ་བ་ནི་གོ་སླའོ། །རྡོ་རྗེ་ཧཱུྃ་མཛད་ཀྱི་མཛུབ་མོ་ལྕགས་སྒྲོག་ཏུ་བཅིངས་ལ་སྤྱི་བར་བརྡེག་ནས་ལྟུང་བར་བྱ་བ་འདིས་ལྷ་ཐམས་ཅད་ བསྡུ་བར་བྱའོ། །སྲིད་པ་གསུམ་པོ་འདུལ་བར་བྱེད་པ་ནི་རྡོ་རྗེ་ཧཱུྃ་མཛད་དེ། ཧྲི་ཞེས་བྱ་བས་གཡོན་བརྐྱང་བའི་གནས་པས་གནས་ལ་རྐང་པ་གཡོན་པས་རྣམ་ཐོས་སྲས་ཀྱི་གཟུགས་བརྙན་མནན་ལ། རྡོ་རྗེ་ཧཱུྃ་མཛད་ཀྱི་ཕྱག་རྒྱ་བཅིངས་ཏེ་ཁྲོས་པས་བཟླས་ན་རྗེས་སུ་འབྲང་བར་འགྱུར་རོ། །རྡོ་རྗེ་ཧཱུྃ་ མཛད་ཀྱི་ཕྱག་རྒྱ་ལས་གཡས་དང་གཡོན་གྱི་ཁུ་ཚུར་གྱིས་མནན་ལ། གཡོན་པའི་མཛུབ་མོའི་ཕྲ་སྐམ་གྱིས་བཟུང་ལ་དྲང་བར་བྱ་བ་ནི་རྡོ་རྗེ་སྐྱེས་བུ་སྟེ། འདིས་ལུས་ངན་པོ་མནན་ལ་དཔལ་དབྲོག་པར་བྱའོ། །རྡོ་རྗེ་ཧཱུྃ་མཛད་ཀྱི་ཕྱག་རྒྱ་བཅིངས་ལ། འདོད་པའི་ལྷའི་མདུན་དུ་བཟླས་བརྗོད་ བྱའོ། །ལྔ་པོ་བསྡུས་པ་ནི། རྡོ་རྗེ་རབ་ཏུ་དགའ་བའི་ཕྱག་རྒྱ་སྟེ། དེས་ཚངས་པ་ལྟུང་བར་བྱའོ། །རྡོ་རྗེ་ཧཱུྃ་མཛད་ཀྱི་ཕྱག་རྒྱས་གཡོན་པའི་ཁྲོ་བོའི་ལྟེ་བ་དང་། འཁོར་ལོའི་ཚུལ་དུ་བྱས་ལ་གཡས་པའི་ཁྲོ་བོའི་མཛུབ་མོ་ཡང་དང་ཡང་དུ་བརྡབ་པ་འདི་ནི་རྡོ་རྗེ་འཁོར་ལོ་དྲལ་བའོ། །རྡོ་རྗེ་ཧཱུཾ་མཛད་ ཀྱི་ཕྱག་རྒྱས་ལག་པ་གཡོན་པའི་མདུང་རྩེ་གསུམ་པ་ལག་པ་གཡས་པའི་མཛུབ་མོས་བརྡེབ་པ་འདི་ནི་དབང་ཕྱུག་ཆེན་པོའི་འདུལ་བའོ། །རྡོ་རྗེ་ཧཱུྃ་མཛད་ཀྱི་མཛུབ་མོ་གཉིས་ཀྱི་ལྕགས་ཀྱུ་ནི་རྡོ་རྗེ་ཁྲོ་བོའི་ཚོགས་ཀྱི་སྲིན་མོའོ། །རྡོ་རྗེ་ཧཱུྃ་མཛད་ནི་རྡོ་རྗེ་ཁྲོ་བོའི་གདུག་པའི་དམ་ཚིག་འཇིག་པར་ བྱེད་པའོ། །རྡོ་རྗེ་ཁྲོ་བོའི་ཁུ་ཚུར་གཉིས་དང་མིག་བསྒུལ་བས་དེའི་བསམ་པས་རྡོ་རྗེ་ལྟུང་བར་བྱ་བ་ནི་ཐམས་ཅད་ལྟུང་བའོ། །རྡོ་རྗེ་ཧཱུྃ་མཛད་དང་བསླང་བའི་ཚུལ་དུ་བྱ་བ་ནི་རྡོ་རྗེ་ཁྲོ་བོ་བསླང་བའོ། །གར་ལས་བྱུང་བའི་རྡོ་རྗེའི་ཁྲོ་བོའི་ཁུ་ཚུར་གཉིས་ཀྱིས་བཟུང་ནས་དྲངས་ལ་གཞན་དུ་བཞག་པ་ནི་ རྡོ་རྗེ་ཁྲོས་པའི་རྣལ་འབྱོར་མའི་ཕྱག་རྒྱའོ། །ཁྲོ་བའི་ཁུ་ཚུར་གཉིས་ཀྱིས་བླངས་ནས་འཕྲོག་པ་ནི་ཐམས་ཅད་འཕྲོག་པའོ། །ཁྲོ་བོའི་ལྟ་བས་བལྟ་བ་ནི་གོ་བར་ཟད་དོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ་ཁ་ཕྱེ་སྟེ་གདོང་འཇིགས་སུ་རུང་ཞིང་སྐྲ་གྱེན་དུ་བརྫེས་པ་མགོ་འོག་ནས་བསྟོད་དེ་བཏེག་ ཅིང་བྷྱོ་ཞེས་བྱ་བ་སྨྲ་བ་འདི་ནི་རྡོ་རྗེ་ཁྲོ་བོའི་གནོད་སྦྱིན་མ་སྟེ་འདིས་བདུད་ཀྱི་དཔུང་ཐམས་ཅད་གསོད་པར་བྱེད་དོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ་མཐེའུ་ཆུང་གཉིས་ཁའི་གྲྭ་གཉིས་སུ་བཞག་སྟེ། མཛུབ་མོ་གཉིས་ཀྱི་ལྕགས་ཀྱུས་མཆེ་བ་ལྟར་བྱ་བ་འདི་ནི་རྡོ་རྗེ་ཁྲོ་བོ་མ་རུངས་པའི་སྲིན་མོའི་ ཕྱག་རྒྱའོ། །སྦྱིན་སྲེག་ནི་གོ་སླའོ། །གཞིག་པ་དང་བསྲེག་པའང་གོ་སླ་བ་ཡིན་ནོ། །རྡོ་རྗེ་ཧཱུྃ་མཛད་ཟློས་ཤིང་ནུབ་པའི་ཚུལ་གྱིས་ས་ཐམས་ཅད་ནུབ་པར་བྱའོ། །རྡོ་རྗེ་མེ་ལྟར་རབ་ཏུ་འབར་བའི་ཕྱག་རྒྱ་ཆེན་པོ་དང་། རྡོ་རྗེ་གསོར་བའི་མཚན་ཉིད་ཅན་ནི་རྡོ་རྗེ་འཇིགས་ པའི་ཕྱག་རྒྱའོ། །འདི་ཉིད་དང་ཧི་ཞེས་བྱ་བས་འཇིག་རྟེན་གསུམ་པོ་ཐམས་ཅད་ལས་རྣམ་པར་རྒྱལ་བར་བྱ་སྟེ། ཧཱུྃ་ཧི་ཞེས་བྱ་བའོ། །རྡོ་རྗེ་ཧཱུྃ་མཛད་ཀྱི་མཛུབ་མོ་གཉིས་རྩེ་མོར་སྦྱར་བ་ནི་རྡོ་རྗེ་སེམས་དཔའི་ཁྲོ་བོའི་ཕྱག་རྒྱའོ། །རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ལ་སོར་མོ་ཐམས་ཅད་ འབར་བའི་དབུས་སུ་མཐེ་བོང་བཞག་པའི་རྡོ་རྗེ་འདི་ནི་བདེ་བ་ཆེན་པོའི་རྡོ་རྗེའི་དམ་ཚིག་གི་ཁྲོ་བོའོ། །ཁམས་གསུམ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་གྱི་འགྲེལ་པའོ། །ད་ནི་གཏི་མུག་གི་གཉེན་པོར་གྱུར་པ་པདྨའི་རིགས་སྟོན་པར་བཞེད་པས། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ ཏེ། དེ་ནས་ཞེས་བྱ་བའི་སྒྲ་ནི་སྔ་མ་བཞིན་ནོ། །ངོ་བོ་ཉིད་ཀྱི་དག་པ་ཡང་ཡིན་ལ་ཆོས་ཉིད་ཀྱང་ཡིན་པས་ན་ངོ་བོ་ཉིད་དག་པའི་ཆོས་ཉིད་དེ་དེ་བཞིན་ཉིད་དོ། །དེ་ཐོས་པ་ནི་དེ་བཞིན་ཉིད་དུ་རོ་གཅིག་པའི་ཡེ་ཤེས་ཐོབ་པར་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །ཡང་ཞེས་བྱ་བའི་སྒྲ་ནི་སྔ་མ་ལ་ལྟོས་པ་ཡིན་ ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་གསུངས་ཏེ་ཞེས་བྱ་བར་སྦྱར་རོ། །དེ་ལ་ཆོས་ཐམས་ཅད་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སོགས་པའོ། །དེ་རྣམས་ཀྱི་མཉམ་པ་ཉིད་ཀྱི་གཟུང་བ་དང་འཛིན་པ་དང་བྲལ་བ་ཉིད་ དེ། ཆོས་ཐམས་ཅད་མཉམ་པ་ཉིད་ལ་སྤྱན་རས་ཀྱིས་གཟིགས་པ་ནི་མངོན་སུམ་དུ་མཛད་པ་སྟེ། དེ་ལ་དབང་ཕྱུག་ཏུ་གྱུར་པས་ན་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་སྤྱན་རས་གཟིགས་དབང་ཕྱུག་གོ། །དེའི་ཡེ་ཤེས་ནི་དཀྱིལ་འཁོར་ལ་སོགས་པའི་ངེས་པའོ། །དེ་ཉིད་ནི་ཕྱག་རྒྱ་སྟེ། མིང་དེ་ ཉིད་ཅེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གང་ཡིན་པ་དེ་གསུངས་པའོ། །འདོད་ཆགས་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་འདོད་ཆགས་ཐམས་ཅད་དེ། སྔར་བཤད་པའི་སེམས་ཅན་སྨིན་པ་དང་གྲོལ་བ་དང་ཀུན་དུ་ཞེན་པའམ་སེམས་ཅན་ལ་དམིགས་པ་དང་ཆོས་ལ་དམིགས་ པའི་ཐུགས་རྗེ་ཆེན་པོ་ནི་འདོད་ཆགས་སོ། །དེའི་རྣམ་པར་དག་པ་ནི་དགེ་བ་བཅུའི་ལས་ཀྱི་ལམ་མ་འདྲེས་པ་དང་། དོན་དམ་པར་དངོས་པོ་མེད་པའི་ངོ་བོ་ཉིད་དོ། །འདོད་ཆགས་ཐམས་ཅད་རྣམ་པར་དག་པར་གྱུར་པའི་ངོ་བོ་ཉིད་ཡིན་པས་ན་འདོད་ཆགས་ཐམས་ཅད་རྣམ་པར་དག་པ་ཉིད་དེ། དེ་ནི་ཞེ་སྡང་རྣམ་པར་དག་པ་ཉིད་དེ། དེ་ནི་ཞེ་སྡང་རྣམ་པར་དག་པའི་ཕྱིར་འབྱུང་བར་འགྱུར་ཏེ། རྒྱུའི་ངོ་བོ་ཉིད་དུ་གནས་པར་འགྱུར་རོ། །གང་དག་གནས་པར་འགྱུར་ཞེ་ན། །འཇིག་རྟེན་ན་ཞེས་བྱ་བ་སྟེ་འཇིག་པས་ན་འཇིག་རྟེན་ཏེ། སེམས་ཅན་གྱི་ཁམས་ཉིད་དོ། །འདི་དག་ཀྱང་སྔ་མ་ཁོ་ན་ བཞིན་དུ་བལྟ་བར་བྱའོ། །མ་རིག་པའི་རྣམ་པ་ཐམས་ཅད་ནི་དྲི་མ་སྟེ། དེའི་རྣམ་པར་དག་པ་ནི་དོན་དམ་པར་བདག་ལ་སོགས་པ་དམིགས་སུ་མེད་པའོ། །བདག་མི་དམིགས་པ་དེ་ལས་ནི་སྡིག་པའི་སེམས་འབྱུང་མི་སྲིད་པས་དེའི་ཕྱིར་སྡིག་པ་ཐམས་ཅད་རྣམ་པར་དག་པར་འགྱུར་རོ། ། ཆོས་ཐམས་ཅད་ནི་སེམས་དང་སེམས་ལས་བྱུང་བ་སྟེ། དེ་རྣམས་ཀྱི་རྣམ་པར་དག་པ་ནི་གཟུང་བ་དང་འཛིན་པ་རྣམ་པར་དག་པས་རྣམ་པར་རྟོག་པ་མེད་པའོ། །དེ་བས་ན་དེ་ནི་སེམས་ཅན་ཐམས་ཅད་རྣམ་པར་དག་པའི་རྒྱུར་འགྱུར་རོ། །ཡང་ན་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ནི། ཆོས་ཐམས་ཅད་དོ། །ཤེས་པ་ཐམས་ཅད་ནི་ཤེས་པ་བཅུ་སྟེ། སྡུག་བསྔལ་ཤེས་པ་དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་དང་། ཀུན་རྫོབ་དང་། གཞན་གྱི་སེམས་དང་། ཆོས་དང་། ཟད་པ་དང་། མི་སྐྱེ་བ་ཤེས་པ་རྣམས་སམ། ཡང་ན་མིག་གི་རྣམ་པར་ཤེས་པ་ལ་སོགས་པའམ། མེ་ལོང་ལྟ་བུ་དང་མཉམ་པ་ཉིད་དང་། སོ་སོར་རྟོག་པ་དང་། བྱ་བ་སྒྲུབ་པའི་ཡེ་ཤེས་རྣམས་སོ། །ཡང་ན་བྱ་བ་སྒྲུབ་པའི་ཡེ་ཤེས་ནི་དགེ་བའི་རྩ་བ་ཐམས་ཅད་སྤྲུལ་པའི་རྒྱུར་གྱུར་པ་ཡིན་པས་ན་ཤེས་པ་ཐམས་ཅད་དེ། དེའི་རྣམ་པར་དག་པ་ནི་དེ་བཞིན་ཉིད་དེ། དགེ་བ་བཅུ་ཀུན་ནས་སློང་བ་དང་། དོན་དམ་པར་གཉིས་སུ་མེད་པའོ། །དེ་རྣམ་པར་དག་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པར་འགྱུར་ཏེ། གང་དེ་རྣམས་ཀྱི་རྣམ་པར་དག་པ་དེ་ཉིད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྤྱན་རས་གཟིགས་པ་ནི་ལྟ་བ་སྟེ་སེམས་ཅན་ཡོངས་སུ་བསྐྱབ་པ་ལ་ གཟིགས་པ་དང་། ངོ་བོ་ཉིད་ཀྱིས་རྣམ་པར་དག་པའི་ཆོས་ཉིད་ལ་གཟིགས་པ་སྟེ། དེ་ལ་དབང་ཕྱུག་ཏུ་གྱུར་པའོ། །དེ་ཉིད་བྱང་ཆུབ་སེམས་དཔའ་ཆེན་པོ་སྟེ། བྱང་ཆུབ་ཆེན་པོའི་ངོ་བོ་ཉིད་ཀྱི་སེམས་དཔའ་ཡིན་པས་ན་བྱང་ཆུབ་སེམས་དཔའ་ཆེན་པོའོ། །འདོད་ཆགས་ ལ་སོགས་པའི་དྲི་མས་མི་གོས་པ་ནི་ཇི་སྐད་དུ་བཤད་པའི་རྣམ་པ་བཞི་པའོ། །འགྲོ་བ་ཐམས་ཅད་ནི་ཁམས་གསུམ་པ་ཐམས་ཅད་དོ། །དེར་སྣ་ཚོགས་པ་སྟེ། ཐ་དད་པའི་གཟུགས་ཐམས་ཅད་སྟོན་པའོ། །འགྲོ་བ་ཐམས་ཅད་ཀྱི་གཟུགས་སྣ་ཚོགས་པ་དེ་ཉིད་ནི་འཁོར་བའི་ཉེས་པ་ རྣམས་ཀྱིས་མི་གོས་པས་པདྨ་སྟེ། དེ་སྐད་ཅེས་བྱ་བའི་སྙིང་པོ་གསུངས་སོ་ཞེས་པའོ། །དེ་ཡང་སྙིང་པོ་ནི་གཟུགས་ཐམས་ཅད་སྟོན་པའི་ངེས་པའི་ཡེ་ཤེས་ཡིན་ལ་དེ་སྟོན་པར་བྱེད་པའི་སྒྲ་ལ་ཡང་ཉེ་བར་གདགས་པས་སྙིང་པོ་ཞེས་བྱའོ། །ཆོས་ཐམས་ཅད་ནི་འགྲོ་བ་འདུལ་བའི་དཀྱིལ་ འཁོར་ལ་སོགས་པའི་ངོ་བོ་ཉིད་དོ། །དེ་རྣམས་ལ་གཟིགས་པ་ནི་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ལ་སོགས་པ་ཡོངས་སུ་ཤེས་པའོ། །དེ་ཉིད་ནི་ཡེ་ཤེས་ཏེ་དེའི་དབང་ཕྱུག་ཡིན་ལ་དེའི་ཕྱག་རྒྱ་ནི་དཀྱིལ་འཁོར་ལ་སོགས་པ་སྟེ། མིང་དེ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་སྙོམས་ པར་ཞུགས་པ་སྟེ། དཀྱིལ་འཁོར་གྱི་བྱ་བའི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་པ་ལ་མངོན་དུ་ཕྱོགས་པར་མཛད་ཅེས་བྱ་བའི་དོན་ཏོ། །དཀྱིལ་འཁོར་ནི་ལྷ་རྣམས་ཀྱི་གནས་ཏེ་སྔར་བཤད་པའི་ཡི་གེ་ཧྲི་ཉིད་ཀྱིས་འདིར་བྱ་བ་ཐམས་ཅད་བྱའོ། །དཀྱིལ་འཁོར་དུ་འཇུག་པ་ན་ཡང་པདྨ་ཆེན་ པོ་སྙིང་གར་བཅིངས་ཏེ་བཛྲ་བཛྲ་ཧྲི་ཞེས་ཟློས་ཤིང་འཇུག་པར་བྱའོ། །འདི་ཡང་རྡོ་རྗེ་ཐལ་མོ་ཁོང་སྟོང་དང་བཅས་པ་ལས་གུང་མོ་དང་མཐེ་བོང་ཁ་ཕྱེ་ལ་འདབ་མ་བཞི་པ་བྱའོ། །རྡོ་རྗེ་བསྡམས་པ་བཅིངས་ལ་མཛུབ་མོ་གཉིས་བརྐྱང་ནས་བསྙམས་ཏེ་བཀུག་ནས་མིག་ལྟ་བུར་བྱས་ནས་ཁྲོ་ གཉེར་དུ་གཞག་ལ་འདི་ཐམས་ཅད་གསད་པར་བྱའོ། །གདེང་བའི་ཚུལ་གྱིས་ལག་པ་གཡོན་པ་བསྐུམས་ལ་ལག་པ་གཡས་པ་རང་གི་མགོ་བོའི་སྟེང་དུ་བཞག་པ་ནི་པདྨ་ཆེན་པོའི་ཕྱག་རྒྱའོ། །གཡོན་པ་དཀུར་བསྟན་པས་པདྨ་བཟུང་ལ། ལག་པ་གཡས་པས་སྙིང་གའི་ཕྱོགས་སུ་ ཁ་འབྱེད་ཅིང་རྣམ་པར་བལྟ་ལ། རྡོ་རྗེ་ལྟ་བས་བལྟ་བར་བྱེད་པ་འདི་ནི་པདྨ་ཆེན་པོ་རྣམ་པར་གཟིགས་པའི་ཕྱག་རྒྱའོ། །རྡོ་རྗེ་བསྡམས་པ་བསྟན་བྱས་ལ། །སྙིང་གར་རབ་ཏུ་བརྐྱང་པ་ཡི། །སོར་མོ་ཐམས་ཅད་རབ་ཟླུམ་པའི། །པདྨའི་ཉི་མ་ཞེས་བྱར་བཤད། །རྡོ་རྗེ་ཁུ་ཚུར་ གཉིས་ཀྱིས་བ་དན་གྱི་ཚུལ་དུ་བྱ་བ་ནི། པདྨ་ཆེན་པོ་རླུང་གི་ཕྱག་རྒྱའོ། །པདྨའི་རིགས་ཀྱི་འགྲེལ་པའོ།། །།ད་ནི་སེར་སྣའི་གཉེན་པོར་གྱུར་པ་རིན་པོ་ཆེའི་རིགས་སྟོན་པར་བཞེད་པས་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་ པའི་ཀུན་དུ་རྨོངས་པ་དང་བྲལ་བས་ཁམས་གསུམ་གྱི་བདག་པོར་གྱུར་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བ་ཞེས་བྱ་བས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བ་སྟེ། ཆོས་ཀྱི་ཅོད་པན་གྱིས་ཁམས་གསུམ་གྱི་ཆོས་ཀྱི་རྒྱལ་སྲིད་ཐོབ་པའི་ཕྱིར། ཡེ་ཤེས་གང་གིས་མཉམ་པར་གྱུར་པ་དེ་ནི་དབང་བསྐུར་བ་ལས་བྱུང་བའི་ཡེ་ཤེས་སོ། །དེ་ཉིད་ནི་སྙིང་པོ་སྟེ། བསྐྱེད་པའི་གནས་སུ་གྱུར་པ་གང་ཡིན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་དེ་ནི་དབང་བསྐུར་བ་ལས་བྱུང་བ་ཡེ་ཤེས་ཀྱི་སྙིང་པོ་ཞེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ ཚུལ་ཏེ། དེ་བཤད་པའོ། །དབང་བསྐུར་བ་སྦྱིན་པ་ཞེས་བྱ་བ་ནི་དཀྱིལ་འཁོར་དུ་སྤྱན་དྲངས་པར་གྱུར་བའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་དབང་བསྐུར་བའི་ཕྱག་རྒྱ་རྣམས་ཀྱིས་གང་དབང་བསྐུར་བ་བསྟན་པ་དང་། སློབ་མ་རྣམས་ལ་དཀྱིལ་འཁོར་དུ་གང་སྦྱིན་པར་གྱུར་ པའོ། །ནོར་ནི་དབྱིག་དང་གསེར་ལ་སོགས་པའོ། །ཆོས་སྦྱིན་པ་ནི་མདོ་སྡེ་ལ་སོགས་པ་རྣམས་ཟང་ཟིང་མེད་པའི་སེམས་ཀྱིས་ཇི་ལྟ་བ་བཞིན་དུ་སྟོན་པའོ། །ཟང་ཟིང་གི་སྦྱིན་པ་ནི་ཟས་དང་སྐོམ་དང་མལ་ཆ་དང་སྟན་ལ་སོགས་པའི་རྣམ་པའོ། །དབང་བསྐུར་བ་ཐམས་ཅད་ཀྱི་རིན་པོ་ཆེ་ནི་རིན་པོ་ཆེའི་ རིགས་ཀྱི་ངོ་བོ་ཉིད་དེ་འབྲས་བུའོ། །དེ་རྣམས་ཀྱི་དམ་ཚིག་ནི་རྒྱུ་སྟེ། སྙིང་བོ་གང་ངེས་པར་གྱུར་པས་རིན་པོ་ཆེའི་རིགས་བསྐྱེད་པ་དེ་ནི་སྙིང་པོ་ཡིན་ལ། དེ་སྟོན་པར་བྱེད་པའི་སྒྲའི་སྙིང་པོ་སྟེ། དེ་སྟོན་པར་བྱེད་པའི་སྒྲའི་ཚོགས་ལ་ཡང་སྙིང་པོ་ཞེས་བྱའོ། །དཀྱིལ་འཁོར་ནི་སྔར་བསྟན་པ་ཉིད་དང་ འདྲའོ། །འདིར་བྱ་བ་ཐམས་ཅད་ལ་ཡི་གེ་ཏྲྃ་ཞེས་བྱ་བ་བཟླས་པར་བྱའོ། །བཛྲ་བཛྲ་ཏྲྃ་ཞེས་ཟློས་ཞིང་དམ་ཚིག་གི་ཕྱག་རྒྱ་སྙིང་གར་བཅིངས་ལ་འཇུག་པར་བྱའོ། །དེ་ལ་ཕྱག་རྒྱ་ནི་འདི་ཡིན་ཏེ་རྡོ་རྗེ་ཐལ་མོ་ལས་མཐེ་བོང་དང་མཛུབ་མོའི་སོར་མོ་བཞི་ཁ་ཐུར་དུ་བརྐྱང་ལ། དེའི་དབུས་སུ་དབང་བསྐུར་བའི་གནས་སུ་བཞག་པ་ནི་རྡོ་རྗེ་རིན་ཆེན་གྱི་དབང་བསྐུར་བའོ། །ཕྲེང་བ་དང་རིན་པོ་ཆེའི་ཁུ་ཚུར་གཉིས་ཀྱིས་ཕྲེང་བ་བཅིང་བའི་ཚུལ་ལོ། །རྡོ་རྗེ་རིན་ཆེན་གྱི་དམ་ཚིག་གི་ཕྱག་རྒྱ་ཉིད་ལས་གུང་མོ་དང་སྲིན་ལག་དང་མཐེའུ་ཆུང་གི་སོར་མོ་བརྐྱང་ལ་སྲིན་ལག་དང་། མཐེའུ་ཆུང་ཕན་ཚུན་སྦྱར་བར་བྱས་པ་ནི་རིན་པོ་ཆེའི་རྒྱལ་མཚན་མཆོག་གིའོ། །རིན་པོ་ཆེའི་ཁུ་ཚུར་གཉིས་ཀྱིས་རིན་པོ་ཆེའི་སྲོག་ཤིང་འཛིན་པའི་ཚུལ་དུ་བྱ་བ་ནི་རིན་པོ་ཆེའི་སྲོག་ཤིང་གི་ཕྱག་རྒྱའོ། །རིན་པོ་ཆེའི་རིགས་ཀྱི་འགྲེལ་པའོ།། །།སྐུ་དང་གསུང་དང་ཐུགས་གཅིག་ཏུ་བྱས་ པ་ནི་མཚན་ཉིད་ཀྱི་དེ་བཞིན་ཉིད་དུ་རོ་གཅིག་པ་ཡིན་ལ། དེ་དྲན་པས་ཕྱག་རྒྱ་འགྲུབ་པར་འགྱུར་རོ་ཞེས་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱ་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ ཤེས་ཀྱི་ཕྱག་རྒྱ་སྟེ། དེ་ནི་འདི་ལྟར། བདེན་ཞིང་དེ་ཉིད་མི་སླུ་གང་། དེ་ནི་རྡོ་རྗེ་ཁུ་ཚུར་ཞེས། །ཡེ་ཤེས་ཕྱག་རྒྱ་ལྡན་སྦྱོར་ཉིད། །ཐོབ་པ་དོན་གསུམ་ཡིན་པར་བཤད། །ཅེས་གསུངས་པ་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྡུས་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་སྟེ། དེ་ཐོབ་པ་ནི་ མངོན་སུམ་དུ་མཛད་ཅེས་བྱ་བའི་དོན་ཏོ། །དེ་ཐོབ་པར་སྟོན་པར་བྱེད་པའི་དམ་ཚིག་གི་ཁུ་ཚུར་དེ་འཛིན་པར་མཛད་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་འཛིན་པའོ། །དེ་སུ་ཞིག་ཡིན་ཞེ་ན། དེ་བཞིན་གཤེགས་པ་ཞེས་བྱ་བ་སྟེ། དངོས་པོའི་དོན་ཇི་ལྟར་གནས་པ་དེ་བཞིན་ དུ་ཐུགས་སུ་ཆུད་པས་ན་དེ་བཞིན་གཤེགས་པ་ཞེས་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱ་ནི་སྔར་བཤད་པ་ཡིན་ནོ། །དེའི་བྱིན་གྱིས་བརླབས་པ་ནི་འཁོར་བ་ཇི་སྲིད་པའི་བར་དུ་བསྟན་པར་མཛད་པའོ། །དེ་ཉིད་ནི་རྡོ་རྗེ་སྟེ། མིང་དེ་སྐད་ཅེས་བྱ་བའི་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་བཤད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་ཕྱག་རྒྱ་ནི་ཕྱག་རྒྱ་ཆེན་པོའོ། །དེ་ཡོངས་སུ་འཛིན་པ་ན་གཞན་དང་མ་འདྲེས་པས་ཀུན་ནས་དེ་རྗེས་སུ་དྲན་པའོ། །གནས་སྐབས་དེ་ཉིད་དུ་གསུང་གི་ཕྱག་རྒྱ་ཡོངས་སུ་འཛིན་པ་ནི་ལྕེ་ལ་རྡོ་རྗེ་ དཀར་པོ་རྩེ་ལྔ་པ་བསམས་ལ་སྔགས་ཐམས་ཅད་བརྗོད་པའོ། །སོ་སོ་ཡང་དག་པར་རིག་པ་བཞི་ཐོབ་པ་ནི་ཆོས་ཐམས་ཅད་ཐོབ་པའོ། །རང་གི་སྙིང་གའི་ཟླ་བ་ལ་རྡོ་རྗེ་རྩེ་ལྔ་པ་བསམ་པ་ནི་ཐུགས་ཀྱི་ཕྱག་རྒྱ་ཡོངས་སུ་འཛིན་པའོ། །རང་གི་སྙིང་གའི་ཟླ་བ་ལ་སྣ་ཚོགས་རྡོ་རྗེ་ བསམས་ལ་ལས་ཀྱི་ཕྱག་རྒྱ་བཅིངས་པ་ནི་རྡོ་རྗེའི་ཕྱག་རྒྱ་ཡོངས་སུ་འཛིན་པའོ། །དེ་ལྟར་ན་ཕྱག་རྒྱ་བཞི་པོ་འདི་དག་གིས་ནི་དངོས་གྲུབ་ཀྱི་ཐབས་བཤད་པ་ཡིན་ནོ། །དམ་ཚིག་ཆེན་པོའི་རྡོ་རྗེའི་ཕྱག་རྒྱ་ཡོངས་སུ་འཛིན་པ་ཞེས་བྱ་བ་ནི། དམ་ཚིག་གི་རྡོ་རྗེའི་ཁུ་ཚུར་བཅིངས་ལ་ཞེས་བྱ་ བའི་དོན་ཏོ། །རྡོ་རྗེ་སྲ་བའི་ཕྱག་རྒྱ་ཐམས་ཅད་ཀྱི་དངོས་གྲུབ་ཀྱི་ཕྱིར་ཏེ། དེ་ལ་དམ་ཚིག་གི་ནི་རྒྱུ་ཡིན་པས་རྡོ་རྗེ་སྲ་བའི་ཕྱག་རྒྱ་ཐམས་ཅད་དེ། ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་གི་ཕྱག་རྒྱ་དང་། ཆོས་ཀྱི་ཕྱག་རྒྱ་དང་ལས་ཀྱི་ཕྱག་རྒྱ་སྟེ། ཕྱག་རྒྱ་འདི་ཐམས་ཅད་ཀྱིས་ཀུན་དུ་རྒྱས་བཏབ་ པའོ་ཞེས་བྱ་བར་སྦྱར་རོ། །ཕྱག་རྒྱ་ཆེན་པོ་དང་། ཕྱག་རྒྱ་ཐམས་ཅད་ཀྱིས་རྡོ་རྗེ་སེམས་དཔའ་ཉིད་དུ་ཞེས་བྱ་བ་རྡོ་རྗེ་སེམས་དཔའི་ངོ་བོ་ཉིད་དོ། །རྡོ་རྗེ་སེམས་དཔའ་དེའི་དངོས་གྲུབ་མཆོག་གི་རྒྱུར་རྒྱས་བཏབ་པའོ། །རྡོ་རྗེ་ཁུ་ཚུར་གྱི་རྣམ་པར་ཐུགས་རྩེ་གཅིག་པ་ནི་དེ་བཞིན་གཤེགས་པ་ ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ཡེ་ཤེས་ཀྱི་ཕྱག་རྒྱ་ལྔའི་རྡོ་རྗེའི་ཏིང་ངེ་འཛིན་སུམ་ཁྲི་ལྔ་སྟོང་ཇི་སྙེད་པ་ཅིག་བསྟན་པ་ཡང་འདིར་བསྡུས་པ་ཡིན་ནོ། །ཕྱག་རྒྱ་ཐམས་ཅད་ཉིད་ནི་རྡོ་རྗེ་ཡིན་པས་ན་ཕྱག་རྒྱ་ཐམས་ཅད་ཀྱི་རྡོ་རྗེ་སྟེ། དེ་རྣམས་ཀྱི་དམ་ཚིག་ཡིན་ པས་ན་དེ་སྐད་ཅེས་བྱ་སྟེ། མིང་དེ་ཉིད་ཅེས་བྱ་བའི་དཀྱིལ་འཁོར་གང་ཡིན་པ་དེ་གསུངས་པའོ། །དཀྱིལ་འཁོར་ནི་སྔར་བཤད་པ་ཉིད་དང་འདྲའོ། །བཅོམ་ལྡན་འདས་རྡོ་རྗེ་ཁུ་ཚུར་གྱི་མདུན་དུ་ནི་རྡོ་རྗེ་སྙེམས་མ་སྟེ། རྡོ་རྗེ་སེམས་དཔའ་གཉིས་པའི་གཟུགས་ཅན་ནོ། །རྡོ་རྗེ་ལྗགས་ནི་རྡོ་རྗེ་སྨྲ་བའི་ གཟུགས་ཅན་ནོ། །ཏིང་ངེ་འཛིན་རྡོ་རྗེ་ཡང་ཏིང་ངེ་འཛིན་མཆོག་གི་ཕྱག་རྒྱས་རྡོ་རྗེ་རྩེ་ལྔ་པ་བསྣམས་པའོ། །རྡོ་རྗེ་རྡོ་རྗེ་ནི་སྣ་ཚོགས་རྡོ་རྗེ་བསྣམས་པའི་རྡོ་རྗེ་ལས་སོ། །དེ་བཞིན་དུ་ལྷོའི་མཚམས་ཏེ། མེ་ལ་སོགས་པའི་མཚམས་རྣམས་སུ་རྡོ་རྗེ་དང་རྡོ་རྗེ་རིན་ཆེན་དང་ རྡོ་རྗེ་པདྨ་དང་། སྣ་ཚོགས་རྡོ་རྗེ་འཛིན་པའི་དམ་ཚིག་གི་རྡོ་རྗེའི་ཁུ་ཚུར་དང་། དམ་ཚིག་གི་རིན་པོ་ཆེའི་ཁུ་ཚུར་དང་། དམ་ཚིག་གི་པདྨའི་ཁུ་ཚུར་དང་། དམ་ཚིག་གི་ལས་ཀྱི་ཁུ་ཚུར་རིམ་པ་ཇི་ལྟ་བ་བཞིན་དུ་བྱའོ། །དཀྱིལ་འཁོར་གྱི་ཕྱིའི་མཚམས་རྣམས་སུ་ནི་སྒེག་མོ་ལ་སོགས་ པའོ། །སྒོ་རྣམས་སུ་ནི་རྡོ་རྗེ་སྙེམས་མ་ལ་སོགས་པ་རྡོ་རྗེ་སེམས་དཔའ་དང་། རྡོ་རྗེ་སྨྲ་བ་དང་། རྡོ་རྗེ་ཏིང་ངེ་འཛིན་དང་། རྡོ་རྗེ་ལས་ཀྱི་མཚན་མ་འཛིན་པའི་ལྷ་མོ་དེའི་དབྱིབས་དང་མཐུན་པ་ཉིད་དུ་བྲི་བར་བྱའོ། །འདིར་བྱ་བ་ཐམས་ཅད་ནི་ཡི་གེ་ཨ་ཞེས་བྱ་བ་བརྗོད་ཅིང་བྱའོ། །དེའི་འོག་ཏུ་ སྤྱན་དྲངས་པ་ལ་སོགས་པ་ཐམས་ཅད་བྱས་ལ་དམ་ཚིག་གི་ཁུ་ཚུར་བཅིངས་ཏེ། བཛྲ་བཛྲ་ཨ་ཞེས་བྱ་བ་བརྗོད་ཅིང་འཇུག་པར་བྱའོ། །རྡོ་རྗེ་བསྡམས་པ་བཅིངས་ལ་རང་གི་སྲིན་ལག་དང་། མཐེའུ་ཆུང་གི་བར་དུ་མཐེ་བོ་བཅུག་ལ་མཛུབ་མོ་བཀུག་ལ་བཙིར་བ་འདི་ནི་དམ་ཚིག་གི་ཁུ་ཚུར་ གྱི་མཚན་ཉིད་དོ། །རྡོ་རྗེ་ཁུ་ཚུར་གཉིས་ཕན་ཚུན་ཁ་སྦྱོར་ལ་སྙིང་གར་བཞག་ནས་བཙིར་བ་འདི་ནི་སྙིང་གའི་རྡོ་རྗེའི་ཁུ་ཚུར་གྱི་ཕྱག་རྒྱའོ། །རྡོ་རྗེ་ཆེན་པོའི་ཁུ་ཚུར་ནི་བཅོམ་ལྡན་འདས་རྡོ་རྗེ་ཁུ་ཚུར་གྱི་དམ་ཚིག་གི་ཕྱག་རྒྱའོ། །རྡོ་རྗེ་ཧཱུྃ་མཛད་ཀྱི་ཕྱག་རྒྱ་ལས་མཛུབ་མོ་གཉིས་ལྕགས་སྒྲོག་ཏུ་ བཅིང་བ་བྱས་ལ། མཐེ་བོང་གཉིས་གཤིབས་ལ་སྙིང་གར་བཞག་པ་འདི་ནི་རྡོ་རྗེ་འདོད་པའི་ཁུ་ཚུར་རོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། མདའ་འཕེན་པའི་ཚུལ་དུ་བྱ་བ་ནི་རྡོ་རྗེ་ཆགས་པའི་ཁུ་ཚུར་རོ། །རྡོ་རྗེ་བཞེད་པའི་དམ་ཚིག་གི་ཕྱག་རྒྱ་ནི་རྡོ་རྗེ་བཞེད་པའི་ཁུ་ཚུར་ཏེ། དེས་ཐམས་ ཅད་དབང་དུ་བྱའོ། །རྡོ་རྗེ་བཅིངས་པ་ཉིད་ནི་རྡོ་རྗེ་བསྡམས་པ་སྟེ། དེས་ཐམས་ཅད་བཅིང་བར་བྱའོ། །ཡང་རྣམ་པ་གཞན་གྱིས་ཀྱང་ཐམས་ཅད་བཅིང་བ་བསྟན་པ་ནི། ཐམས་ཅད་བསྡམས་པ་ལ་ནི་རྡོ་རྗེ་ལུ་གུ་རྒྱུད་ཀྱི་ཁུ་ཚུར་གྱིས་སོ་ཞེས་བྱ་བ་སྟེ། དེ་ཡང་འདི་ཡིན་ཏེ། རྡོ་རྗེ་ བསྡམས་པ་ནང་དུ་བཅིངས་ལ་མཛུབ་མོ་དང་མཐེ་བོང་ལྕགས་སྒྲོག་ཏུ་བྱ་བའོ། །རྡོ་རྗེ་དགུན་གྱི་ཕྱག་རྒྱ་ནི། རྡོ་རྗེ་ཞལ་ཞལ་གྱི་ཁུ་ཚུར་ཏེ། དེས་ཐམས་ཅད་ལྐུགས་པར་བྱའོ། །རྡོ་རྗེ་བསྡམས་པ་བཅིངས་ལ་དེས་བསྒྲུབ་པར་བྱ་བ་བཟུང་ནས་མདུན་དུ་བཙིར་བ་འདི་ནི་རྡོ་རྗེ་བསྡམས་པའི་ཁུ་ཚུར་ རོ། །གཡས་པའི་ཁྲོ་བོའི་ཁུ་ཚུར་གྱིས་རྡོ་རྗེ་བཟུང་ལ་བསྒྲུབ་པར་བྱ་བ་བཙིར་བའི་བསམ་པས་བཙིར་བ་འདི་ནི་རྡོ་རྗེ་ངེས་པར་བཙིར་བའི་ཁུ་ཚུར་རོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། དྲལ་བ་འདི་ནི་རྡོ་རྗེ་དྲལ་བའི་ཁུ་ཚུར་ཏེ་རལ་གྲི་དང་ལྡན་པས་སོ། །རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ ལ། རང་གི་སྲིན་ལག་དང་མཐེའུ་ཆུང་གི་བར་དུ་མཐེ་བོ་བཞག་པ་འདི་ནི་རྡོ་རྗེ་འབེབས་པའི་ཁུ་ཚུར་རོ། །རྡོ་རྗེ་གར་གྱི་ཕྱག་རྒྱ་ནི་རྡོ་རྗེ་གར་གྱི་ཁུ་ཚུར་རོ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་པི་བང་བརྡུང་བའི་ཚུལ་དུ་བྱེད་པ་ནི་རྡོ་རྗེ་བརྡུང་བའི་ཁུ་ཚུར་རོ། །སྙིང་གའི་ཟླ་བ་ལ། རྡོ་རྗེ་རྩེ་ལྔ་པ་འོད་ ཟེར་གྱི་ཕྲེང་བ་ཀུན་དུ་འཁྲིགས་པ་དང་ལྡན་པ་བསམས་ལ། རྡོ་རྗེ་འབར་བ་དེས་ཕྱོགས་བཅུའི་བསྒྲུབ་པར་བྱ་བ་ཐམས་ཅད་རེངས་པར་བྱ་བ་འདི་ནི་རྡོ་རྗེ་དམིགས་པའི་ཁུ་ཚུར་རོ། །གཞན་གྱི་དཔུང་ཐམས་ཅད་རྨོངས་ཤིང་ལྐུགས་པར་བྱ་བ་ནི་གཞན་གྱི་དབང་དུ་བྱ་བའོ། །རྡོ་རྗེ་རྔ་བོ་ཆེའི་ཁུ་ ཚུར་གྱིས་ཞེས་བྱ་བ་ནི་རྡོ་རྗེ་ཧཱུྃ་མཛད་ཀྱི་ཕྱག་རྒྱ་ལས་མཛུབ་མོ་གཉིས་ལ་བརྟེན་པ་ལ་བལྟས་པ་དང་། ཕྱག་རྒྱ་བཅིངས་པ་དེ་ལས་རྡོ་རྗེ་ཁྲོ་བོ་འབར་བའི་ཕྲེང་བ་ཀུན་དུ་འཁྲིགས་པའི་འོད་དང་ལྡན་པའི་གཟུགས་ཅན་ཕྱུང་ལ། དེས་གཞན་གྱི་དཔུང་རྨོངས་པར་བྱ་ཞིང་བརྒྱལ་བར་བྱ་སྟེ་འདི་ནི་རྔ་བོ་ ཆེའི་ཁུ་ཚུར་རོ། །དམ་ཚིག་གི་རྡོ་རྗེའི་ཁུ་ཚུར་གྱི་ལག་མཐིལ་གཉིས་ཀྱིས་མཐེ་བོང་བཟུང་ལ་ཕྱག་རྒྱ་ཐམས་ཅད་དགྲོལ་བར་བྱ་སྟེ། འདི་ནི་རྡོ་རྗེ་ཐལ་བའི་ཁུ་ཚུར་རོ། །རྡོ་རྗེ་ཧེ་རུ་ཀའི་ཁུ་ཚུར་ནི་རྡོ་རྗེ་ཧཱུྃ་མཛད་ཀྱི་རྡོ་རྗེ་ཁུ་ཚུར་ཏེ། དེས་མཁའ་འགྲོ་མ་ཐམས་ཅད་ཀྱི་ཕྱག་རྒྱ་གཞིག་པར་བྱའོ། ། རྡོ་རྗེ་ཧཱུྃ་མཛད་ཀྱི་ཕྱག་རྒྱ་ལས་དེ་ཉིད་མཁྲིག་མ་བསྣོལ་ཏེ་བརྡབ་པ་ནི་རྡོ་རྗེ་ཧཱུྃ་མཛད་ཀྱི་རྡོ་རྗེ་ཁུ་ཚུར་རོ། །རྡོ་རྗེ་ཁུ་ཚུར་གཉིས་མདུན་དུ་ཁ་སྤྲད་ལ་བཙིར་བ་ནི་རྡོ་རྗེ་ཁུ་ཚུར་གྱི་ཁུ་ཚུར་རོ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་ཡན་ལག་དང་ཉིང་ལག་རྣམས་སུ་བྱུག་པ་ནི་རྡོ་རྗེར་བྱ་བའོ། །རྡོ་རྗེ་ཁུ་ཚུར་གཉིས་ ཁར་བཞག་པ་འདི་ནི་རྡོ་རྗེ་མ་མོའི་ཁུ་ཚུར་ཏེ། འདི་ཐམས་ཅད་རྒྱས་གདབ་པར་བྱའོ། །དམ་ཚིག་གི་རྡོ་རྗེའི་ཁུ་ཚུར་གྱིས་བསྒྲུབ་པར་བྱ་བ་ཕྱེ་མར་བརླག་པའི་བསམ་པས་ས་ལ་བཙིར་བ་འདི་ནི་རྡོ་རྗེ་བཟང་པོའི་ཁུ་ཚུར་རོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ་རྣམ་པར་ གཞིག་པའི་ཚུལ་དུ་བྲི་བ་འདི་ནི་རྡོ་རྗེ་བདུག་པའི་ཁུ་ཚུར་རོ། །རྡོ་རྗེ་བསྡམས་པ་བཅིངས་ལ། གཉིས་སུ་བྱས་ནས་ལག་པ་གཡས་པས་གཡོན་པ་བསྡམས་ལ། དེ་ཡང་གཉིས་སུ་བྱས་ཏེ། ཁུ་ཚུར་གཉིས་བཅིངས་ལ་གཡས་པའི་མཐེ་བོང་གི་སྟེང་དུ་གཡོན་པའི་ཁུ་ཚུར་བཞག་པ་འདི་ ནི་དབང་དེའི་རྡོ་རྗེའི་ཁུ་ཚུར་རོ། །ཆུའི་ནང་དུ་གནས་ཤིང་ཞེས་བྱ་བ་ལ་སོགས་པར་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་གནོན་པའི་ཁུ་ཚུར་གྱིས་སོ་ཞེས་བྱ་བ་ལ། དང་པོའི་རྡོ་རྗེའི་ཕྱག་རྒྱའི་མཛུབ་མོས་གུང་མོ་མནན་ལ་མཐེ་བོང་དང་སྦྱར་ཏེ། མིག་གི་འབྲས་བུ་ལྟ་བུར་བྱས་ནས་སྲིན་ལག་དང་། མཐེ་ ཆུང་མཉམ་པོར་བརྐྱང་པ་བཅིངས་ནས་བལྟ་བཅིང་འགྲོ་བས་ཆུ་སྟེང་དུ་བཏེག་སྟེ། རང་གི་ཕྱག་རྒྱ་ལས་བྱུང་བའི་འོད་ཟེར་གྱི་ཚོགས་རྣམས་ཀྱིས་ཚོགས་པར་བྱས་ལ་ཆུའི་ནང་དུ་གནས་ཏེ། འཆགས་པར་བྱ་སྟེ། འདི་ནི་རྡོ་རྗེ་གནོན་པོའི་ཁུ་ཚུར་རོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ་གཡོན་ པའི་མཛུབ་མོ་དང་མཐེ་བོའི་བུ་གར་གཡས་པའི་མཛུབ་མོ་བཅུག་པ་འདི་ནི་སྣ་ཚོགས་རྡོ་རྗེའི་ཁུ་ཚུར་ཏེ། འདིས་གཟུགས་མང་པོར་བསྟན་པར་བྱའོ། །འདི་ཉིད་མོས་པའི་ཁྱད་པར་གྱིས་མི་སྣང་བར་འགྱུར་ཏེ། དེས་ན་འདི་ནི་མི་སྣང་བའི་རྡོ་རྗེ་ཁུ་ཚུར་རོ། །འཕགས་པ་ནམ་མཁའི་སྙིང་ པོའི་དམ་ཚིག་གི་ཕྱག་རྒྱ་ནི་རྡོ་རྗེ་ནམ་མཁའི་ཁུ་ཚུར་ཏེ། དེས་རྒྱུ་བ་དང་མི་རྒྱུ་བའི་དངོས་པོ་རྣམས་འབྱུང་བར་འགྱུར་ཏེ། དེ་ལྟར་མོས་པ་ལས་སྣང་བ་ཡིན་ནོ། །རྡོ་རྗེ་བསྡམས་པ་བཅིངས་པ་ནི་རྡོ་རྗེ་ཁུ་ཚུར་ཏེ། རྣལ་འབྱོར་པ་ཟླ་བའི་དཀྱིལ་འཁོར་ལ་འདུག་ནས་ནམ་མཁའ་ལ་འགྲོ་བར་ བསམས་ན་ནམ་མཁའ་ལ་འགྲོ་བར་འགྱུར་རོ། །རྡོ་རྗེ་རལ་གྲིའི་ཁུ་ཚུར་ནི་འཕགས་པ་འཇམ་དཔལ་གྱི་ཕྱག་རྒྱ་ཆེན་པོའོ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་སྣ་ཚོགས་རྡོ་རྗེ་འཛིན་པ་ནི་རྡོ་རྗེ་ལས་ཀྱི་ཁུ་ཚུར་རོ། །པདྨའི་དམ་ཚིག་གི་ཁུ་ཚུར་གྱིས་རྡོ་རྗེའི་པདྨ་ཡོངས་སུ་འཛིན་པ་ནི་རྡོ་རྗེ་ཡེ་ཤེས་ཀྱི་ཁུ་ཚུར་ རོ། །རིན་པོ་ཆེའི་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱས་རྡོ་རྗེ་རིན་ཆེན་ཡོངས་སུ་འཛིན་པ་ནི་རྡོ་རྗེ་ནོར་གྱི་ཁུ་ཚུར་རོ། །རྡོ་རྗེ་ཁུ་ཚུར་གྱི་དམ་ཚིག་གི་ཁུ་ཚུར་གྱིས་རྡོ་རྗེ་རྩེ་ལྔ་པ་ཡོངས་སུ་འཛིན་པ་ནི་རྡོ་རྗེ་ནོར་གྱི་ཕྱག་རྒྱའི་ཁུ་ཚུར་རོ། །ཕྱག་རྒྱ་འདི་རྣམས་ནི་སྔར་བཤད་ཟིན་ཏོ། །རྡོ་རྗེ་ལས་ཀྱི་ ཕྱག་རྒྱ་ཆེན་པོ་ནི་རྡོ་རྗེ་ཐལ་མོའི་ཁུ་ཚུར་རོ། །རྡོ་རྗེ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཆེན་པོ་ནི་རྡོ་རྗེ་འཛིན་པའི་ཁུ་ཚུར་རོ། །དེ་ཡང་ཕྱག་རྒྱ་ཆེན་པོའི་ཏིང་ངེ་འཛིན་མཆོག་གི་ཕྱག་རྒྱས་རྡོ་རྗེ་འཛིན་པས་ན། དེའི་ཕྱིར་རྡོ་རྗེ་འཛིན་པའི་ཁུ་ཚུར་ཞེས་བྱ་བའོ། །རྡོ་རྗེ་སྨྲ་བའི་ཕྱག་རྒྱ་ཆེན་པོ་ནི་རྡོ་རྗེ་ལྗགས་ ཀྱི་མཆོག་གི་ཁུ་ཚུར་རོ། །རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་ནི་རྡོ་རྗེ་བསྙེམས་པའི་ཁུ་ཚུར་རོ། །བྱང་ཆུབ་མཆོག་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་ཁུ་ཚུར་རོ། །རྡོ་རྗེ་ཁུ་ཚུར་གྱི་དཀྱིལ་འཁོར་གྱི་འགྲེལ་པའོ།། །།གསང་སྔགས་ནི་ཤེས་རབ་ཉིད་ཀྱིས་གྲུབ་པར་འགྱུར་ གྱི། གཞན་དུ་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། འཕགས་པ་འཇམ་དཔལ་གྱི་དཀྱིལ་འཁོར་སྟོན་པར་བཞེད་པས། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ཐམས་ཅད་ཅེས་བྱ་བ་ནི་གཟུགས་ལ་སོགས་པ་སྟེ། དེ་རྣམས་ལས་སྤྲོས་པ་ནི་སྔོན་པོ་ལ་སོགས་པར་རྣམ་པར་རྟོག་ པའོ། །ཆོས་ཐམས་ཅད་ལ་སྤྲོས་པ་མི་མངའ་བ་གང་ཡིན་པ་དེ་ནི་ཆོས་ཐམས་ཅད་ལ་སྤྲོས་པ་མེད་པ་སྟེ་བཅོམ་ལྡན་འདས་སོ། །གཏན་ཚིགས་གང་གི་ཕྱིར་ཞེ་ན། གཟུགས་ལ་སོགས་པའི་ངོ་བོ་ཉིད་དོ། །འཁོར་ལོ་ལྟར་ཡི་གེ་བསྐོར་བ་ཞེས་བྱ་བ་ནི། ཨ་ར་པ་ཙ་ན་ལ་སོགས་པའི་འཁོར་ལོ་དང་འདྲ་ བ་སྟེ། ཨ་ནི་འདོད་པའོ་ཞེས་བྱ་བ་ལ་སོགས་པ་སྟོན་པར་བྱེད་པས་ཡོངས་སུ་འཁོར་བར་འཇུག་ཅིང་མངོན་སུམ་དུ་གྱུར་པའི་ཐོས་པ་དང་བསམ་པ་དང་བསྒོམ་པའི་རང་བཞིན་ཅན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་དུ་འཁོར་ལོ་ལྟར་ཡི་གེ་ བསྐོར་བ་ཞེས་བྱ་བ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་བཤད་པ་ནི་གསུངས་པའོ། །ཆོས་ཐམས་ཅད་ནི་མེ་ལོང་ལྟ་བུ་དང་། མཉམ་པ་ཉིད་དང་། སོ་སོར་རྟོག་པ་དང་། བྱ་བ་སྒྲུབ་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དང་། དེ་བཞིན་དུ་ཕུང་པོ་ལྔ་དང་། སྐྱེ་མཆེད་བཅུ་གཉིས་དང་། ཁམས་བཅོ་བརྒྱད་ དེ། དེ་རྣམས་ནི་དོན་དམ་པར་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པས་སྟོང་པའོ། །ཅིའི་ཕྱིར་དེ་དག་སྟོང་པ་ཉིད་ཡིན་ཞེ་ན། ངོ་བོ་ཉིད་མེད་པའི་ཚུལ་གྱིས་སོ་ཞེས་བྱ་བ་གསུངས་ཏེ། གང་གི་ཕྱིར། དེ་རྣམས་ལ་ཤེས་རབ་ཀྱི་སྟོབས་ཀྱིས་རྣམ་པར་བརྟགས་པར་ གྱུར་ན། ངོ་བོ་ཉིད་དམིགས་སུ་མེད་དེ། དེ་བས་ན་དེ་ནི་སྟོང་པ་ཉིད་ཡིན་ནོ། །མཚན་མ་ནི་རྒྱུ་སྟེ། བདག་ལ་སོགས་པ་རྣམ་པར་ཤེས་པ་བསྐྱེད་པའི་རྒྱུའོ། །མཚན་མ་མེད་པས་ན་མཚན་མ་མེད་པ་སྟེ། རྒྱུ་མེད་པའི་སྟོང་པ་ཉིད་ཀྱིས་ན་མཚན་མ་མེད་པའོ། །ཆོས་ཐམས་ ཅད་ནི་ཆོས་ཐམས་ཅད་དམིགས་སུ་མེད་པ་སྟེ། དེ་ཉིད་ནི་མཚན་མ་མེད་པའོ། །སྨོན་པ་མེད་པ་ཞེས་བྱ་བ་ལ་སོགས་པ་ལ། གསོལ་བ་འདེབས་པ་མེད་པས་ན་སྨོན་པ་མེད་པའོ། །རང་བཞིན་ནི་ངོ་བོ་ཉིད་ཀྱི་སྐྱེ་བ་མེད་པ་ཉིད་ཀྱིས་ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་ མ་ཡིན་པའི་ཀུན་དུ་རྨོངས་པ་དང་བྲལ་བས་ན་རང་བཞིན་གྱིས་འོད་གསལ་བའོ། །དེ་ཇི་ལྟར་རྟོགས་པར་འགྱུར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ཞེས་བྱ་བ་གསུངས་ཏེ། གཟུང་བ་དང་འཛིན་པ་དམིགས་སུ་མེད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་ དག་པ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའི་རྒྱུར་གྱུར་པ་དེས་རྟོགས་པར་འགྱུར་རོ། །ཚིག་འདི་དག་གིས་ནི་མེ་ལོང་ལྟ་བུ་དང་། མཉམ་པ་ཉིད་དང་། སོ་སོར་རྟོག་པ་དང་། བྱ་བ་སྒྲུབ་པའི་ཡེ་ཤེས་རྣམ་པར་བརྟགས་པ་ཡིན་པར་རིམ་གྱིས་སྟོན་ཏོ། ། དེ་བཞིན་དུ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། རང་བཞིན་གྱིས་འོད་གསལ་བའི་རྣམ་པར་ཐར་པའི་སྒོ་བཞི་བཤད་པ་ཡིན་ནོ། །རལ་གྲི་དེས་ཞེས་བྱ་བ་ནི་འོག་ནས་བཤད་པའི་རལ་གྲི་བཞི་སྟེ། གྲངས་སམ་རིགས་ལས་ཚིག་གཅིག་པར་བྱས་པ་ཡིན་ ནོ། །འདེབས་ཤིང་ཞེས་བྱ་བ་ནི་མི་སྣང་བར་མཛད་པའོ། །དེ་ཡང་འདིས་ནི་ཆོས་ཀྱི་སྐུར་ཡང་དེ་བཞིན་གཤེགས་པ་རྣམས་རྗེས་སུ་མ་མཐོང་བ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་མཆོག་སྟེ། དམ་པར་གྱུར་པ་ཡིན་པས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཆོག་གོ། ། དེ་སྟོན་པར་བྱེད་པའི་སྒྲའི་ཚུལ་ཡང་ངེས་པའི་དོན་སྟོན་པར་བྱེད་པ་ཡིན་པའི་ཕྱིར་རོ། །སྙིང་པོ་དང་འདྲ་བས་ན་སྙིང་པོ་སྟེ། དེ་གསུངས་པ་ནི་བཀའ་སྩལ་པའོ། །ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་སྤྲོས་པ་མེད་པ་ཞེས་བྱ་བ་ལ། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ནི་སྲ་བ་ལ་སོགས་པའི་ཚུལ་ ཏེ། དེ་རྣམས་ལ་སྲ་བ་ལ་སོགས་པར་རྣམ་པར་རྟོག་པ་ནི་སྤྲོས་པའོ། །སྤྲོས་པ་མེད་པས་ན་སྤྲོས་པ་མེད་པ་སྟེ། ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་རྣམ་པར་རྟོག་པ་དང་བྲལ་བ་སྟེ། དོན་དམ་པར་ཆོས་ཐམས་ཅད་དམིགས་སུ་མེད་པའི་ཕྱིར་རོ། །ཆོས་ཐམས་ཅད་ལ་སྤྲོས་པ་མེད་པ་ ཉིད་ནི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་གཅོད་པར་བྱེད་པའི་ངོ་བོ་ཉིད་ཡིན་པས་ན་རལ་གྲི་དང་ཆོས་མཐུན་པའི་ཕྱིར་རལ་གྲི་ཞེས་བྱ་བ་ལ། དེའི་རྒྱུ་མཐུན་པ་ལས་བྱུང་བའི་འཕགས་པ་འཇམ་དཔལ་གྱི་དཀྱིལ་འཁོར་ལ་ཡང་དེ་སྐད་ཅེས་བྱ་སྟེ། དེ་ལ་དམིགས་ཤིང་མིང་དེ་སྐད་ ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་གོ། །འཁོར་ལོ་ལྟར་ཡི་གེ་བསྐོར་བའི་དམ་ཚིག་ཅེས་བྱ་བ་ལ། འཁོར་ལོ་ལྟར་ཡི་གེ་བསྐོར་བ་ནི་བཤད་ཟིན་ཏེ་དེའི་དམ་ཚིག་གི་གནས་སྐབས་སོ། །ཕྱིའི་དཀྱིལ་འཁོར་ཇི་ལྟ་བ་ཞེས་བྱ་བ་ནི། སྔར་ཐམས་ཅད་བཤད་ཟིན་པས་སླར་ མ་བཤད་པའོ། །འདིར་བྱ་བ་ཐམས་ཅད་ནི་ཡི་གེ་ཨ་བརྗོད་པས་བྱ་སྟེ། དེ་ནས་རལ་གྲི་དང་གླེགས་བམ་གྱི་ཕྱག་རྒྱ་དང་། བཛྲ་བཛྲ་ཨ་ཛ་ཞེས་ཟློས་ཤིང་པདྨའི་དཀྱིལ་འཁོར་དུ་འཇུག་པར་བྱའོ། །ལག་པ་གཡས་པའི་རྡོ་རྗེ་ཁུ་ཚུར་གྱི་མཛུབ་མོ་བརྐྱང་ལ་རྩེ་མོ་ཅུང་ཟད་བཀུག་ནས་ རལ་གྲིའི་ཚུལ་དུ་བཞག་པ་འདི་ནི་རལ་གྲིའི་ཕྱག་རྒྱའོ། །གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་སྙིང་གར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་འཛིན་པ་ལྟར་བྱ་བ་འདི་ནི་གླེགས་བམ་གྱི་ཕྱག་རྒྱའོ། །ཨ་ལ་སོགས་པའི་ཡི་གེ་ངོ་བོ་ཉིད་བསྒོམས་པ་ནི་ཨ་ར་པ་ཙ་ན་ལ་སོགས་པའོ། །རྡོ་རྗེ་ རལ་གྲིའི་ཕྱག་རྒྱ་ནི། རྡོ་རྗེ་བསྡམས་པ་ལས་མཐེ་བོང་གཉིས་གཤིབས་ལ། མཛུབ་མོ་གཉིས་པདྨར་བྱ། གུང་མོ་གཉིས་གཤིབས་ལ་ཚིགས་གསུམ་པ་བཀུག་ལ་རལ་གྲི་ལྟ་བུར་བྱའོ། །འཕགས་པ་འཇམ་དཔལ་གྱི་དཀྱིལ་འཁོར་གྱི་འགྲེལ་པའོ།། །།དཀྱིལ་འཁོར་དུ་ འཇུག་པ་མེད་པར་ནི། དངོས་གྲུབ་ཐོབ་པར་མི་འགྱུར་ཏེ། དེ་བས་ན་དཀྱིལ་འཁོར་དུ་འཇུག་པར་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་འཁོར་ལོ་ནི་དཀྱིལ་འཁོར་རོ། །དེའི་ནང་ དུ་འདུས་པ་ནི་ཞུགས་པ་སྟེ། དེ་ཡང་དེ་རྣམས་དེར་ཆུད་ཅིང་ཞུགས་པར་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོའི་ནང་དུ་འདུས་པ་ཞེས་བྱའོ། །འཁོར་ལོ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་འཁོར་ལོ་ཆེན་པོ་སྟེ། དེ་རྣམས་སུ་ཞུགས་པ་ཡིན་ པས་ན་འཁོར་ལོ་ཆེན་པོར་འཇུག་པའོ། །འཇུག་པ་དེ་ཡང་ཕྱི་དང་གསང་བའི་དབྱེ་བས་རྣམ་པ་གཉིས་ཏེ། ཕྱིའི་འཇུག་པ་ནི་ཇི་སྐད་དུ་བཤད་པའི་མངོན་པར་རྟོགས་པའི་ཕྱག་རྒྱ་རྣམས་ཀྱིས་སོ། །གསང་བའི་འཇུག་པ་ནི་དེར་ཞུགས་པའི་བཤད་པར་རྟོགས་པར་གྱུར་ཅིང་། སློབ་དཔོན་ ལས་དེ་ཁོ་ན་ཉིད་བཅུ་གཉིས་ཐོས་པའོ། །འཇུག་པ་དེར་གང་གིས་འགྱུར་བའི་མིང་དེ་སྐད་ཅེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་བཤད་པ་འདི་གསུངས་པའོ། །རྡོ་རྗེ་མཉམ་པ་ཉིད་ཅེས་བྱ་བ་ལ་རྡོ་རྗེ་ནི་དེ་བཞིན་གཤེགས་པ་དང་། དེ་བཞིན་གཤེགས་པའི་རིགས་རྣམས་སོ། ། དེ་རྣམས་ཀྱི་མཉམ་པ་ཉིད་ནི་སྟོང་པ་ཉིད་དོ། །ཀུན་རྫོབ་ཀྱང་དབྱེར་མི་ཕྱེད་པ་ཉིད་ཀྱིས་རྣམ་པར་བཤིག་པའམ། གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་དང་བྲལ་བའི་སེམས་དང་སེམས་ལས་བྱུང་བའི་རྡོ་རྗེ་ཡིན་ལ། དེའི་མཉམ་པ་ཉིད་ནི་དེ་ཁོ་ན་ཉིད་དེ་རྡོ་རྗེ་མཉམ་པ་ཉིད་དེས་རང་ གི་ངོ་བོ་ཉིད་ཡོངས་སུ་ཤེས་པ་ནི་འཇུག་པའོ། །དེར་ཇི་ལྟར་འཇུག་པར་འགྱུར་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོ་འཇུག་པར་འགྱུར་རོ་ཞེས་བྱ་བ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་དུ་མངོན་སུམ་དུ་འཇུག་པའི་དོན་དུ་འགྱུར་རོ་ཞེས་བྱ་བའི་ དོན་ཏོ། །དོན་དུ་གཉེར་བར་བྱ་བ་ཡིན་པས་ན་དོན་ཏོ། །གཟུགས་ལ་སོགས་པ་གཟུང་བར་བྱ་བའི་ངོ་བོར་ཡོངས་སུ་ཆད་པའམ། རིན་པོ་ཆེའི་རིགས་ནི་དོན་ཏོ། །དེའི་མཉམ་པ་ཉིད་ནི་དེ་བཞིན་ཉིད་དོ། །ཆོས་ནི་སྟོབས་དང་མི་འཇིགས་པ་ལ་སོགས་པ་དང་པདྨའི་རིགས་ལ་ཆོས་ཞེས་ བཤད་དེ། དེའི་མཉམ་པ་ཉིད་ནི་སྔ་མ་བཞིན་ནོ། །འཇུག་པ་ལ་ཡང་སྔ་མ་དང་འདྲའོ། །ཐམས་ཅད་ནི་ཕྱག་རྒྱ་བཞི་དང་ལས་ཀྱི་རིགས་ལ་བྱ་བར་བཤད་ལ། དེ་རྣམས་ལ་ཞུགས་པ་ནི་སྔར་ཇི་སྐད་དུ་བཤད་པའོ། །དེའི་དོན་གྱི་དམ་ཚིག་ནི་རྒྱུ་སྟེ། མིང་དེ་ཉིད་ཅེས་བྱ་བ་གང་ཡིན་ པ་དེ་གསུངས་པའོ། །དཀྱིལ་འཁོར་ཐམས་ཅད་དུ་འཇུག་པའི་རྒྱུར་གྱུར་པའི་ཕྱག་རྒྱ་ནི་དཀྱིལ་འཁོར་ཐམས་ཅད་ལ་རབ་ཏུ་འཇུག་པའི་ཕྱག་རྒྱ་སྟེ། རྡོ་རྗེ་འཁོར་ལོའི་དཀྱིལ་འཁོར་ལ་དམིགས་པའི་ཏིང་ངེ་འཛིན་ཏོ། །དེ་ལྟར་ན་མིང་དེ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པ་ དེ་ལ་སྙོམས་པར་ཞུགས་པའོ། །དཀྱིལ་འཁོར་ཆེན་པོ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་དཀྱིལ་འཁོར་ཆེན་པོ་ཐམས་ཅད་དེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་ཐམས་ཅད་དོ། །དེ་རྣམས་སུ་འཇུག་པའི་ཕྱིར། དམ་ཚིག་ནི་མི་འདའ་བའི་དོན་ དུ་རྣམ་པར་གཞག་པའོ། །དེ་ཡང་གང་གི་ཕྱིར། དཀྱིལ་འཁོར་འདིས་དཀྱིལ་འཁོར་ཐམས་ཅད་དུ་ཞུགས་ཤིང་ནང་དུ་ཆུད་པར་བྱེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དཀྱིལ་འཁོར་འདིར་ནི་དང་པོ་ཉིད་དུ་གསུངས་པའི་ཧཱུྃ་ཉིད་ཟློས་ཤིང་དཀྱིལ་འཁོར་གྱི་བྱ་བ་ཐམས་ཅད་བྱའོ། ། དེ་ནས་བཛྲ་བཛྲ་ཞེས་ཟློས་ཤིང་རྡོ་རྗེ་འཁོར་ལོའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་འཇུག་པར་བྱའོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ་མཛུབ་མོ་གཉིས་དང་མཐེ་ཆུང་གཉིས་རྡོ་རྗེར་བཅིངས་པ་ནི་རྡོ་རྗེ་འཁོར་ལོའི་དམ་ཚིག་གི་ཕྱག་རྒྱའོ། །དཀྱིལ་འཁོར་བཞི་ཐིག་གདབ་པ་ཞེས་ བྱ་བ་ནི། རྡོ་རྗེ་འཁོར་ལོའི་དཀྱིལ་འཁོར་ལེགས་པར་ཐིག་གདབ་པའི་རྗེས་ཐོགས་ཉིད་ལ། ཞི་བ་མདུང་གིས་མཚན་པ་དང་། མ་མོ་དང་། མིང་པོ་གསུམ་དང་། སྲིང་མོ་བཞིའི་དཀྱིལ་འཁོར་བཞི་པོ་ཐིག་གདབ། དེའི་འོག་ཏུ་འཇུག་པའི་ཚེ་རྡོ་རྗེ་འཁོར་ལོའི་དཀྱིལ་འཁོར་དུ་གཞུག་ ལ། ཞི་བ་མདུང་གི་དཀྱིལ་འཁོར་ལ་སོགས་པར་དེ་ཉིད་ལས་བཤད་པའི་ཆོ་གས་འཇུག་པར་བྱའོ། །རྡོ་རྗེ་འཁོར་ལོའི་ཕྱག་རྒྱའི་དཀྱིལ་འཁོར་དུ་འཇུག་པར་བསྟན་པས་དཀྱིལ་འཁོར་ཐམས་ཅད་དུ་འཇུག་པར་འགྱུར་རོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། མགལ་མེ་ལྟར་ བསྐོར་བ་ནི་རྡོ་རྗེ་འཁོར་ལོ་ཆེན་པོ་སྟེ། འདིས་དཀྱིལ་འཁོར་ཆེན་པོར་འཇུག་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་ཕྱག་རྒྱ་ནི་དང་པོའི་རྡོ་རྗེའོ། །དམ་ཚིག་ཆེན་པོའི་འཁོར་ལོ་ནི་རྡོ་རྗེ་བསྡམས་པ་བཅིངས་ལ། གུང་མོ་གཉིས་བརྐྱང་ནས་ མཛུབ་མོ་གཉིས་ཀྱང་བརྐྱང་ལ་གུང་མོའི་རྡོ་རྗེ་དེ་ཉིད་ཀྱི་རྒྱབ་ཏུ་བཞག་པ་འདི་ནི་དམ་ཚིག་ཆེན་པོའི་འཁོར་ལོ་སྟེ། འདིས་དམ་ཚིག་གི་དཀྱིལ་འཁོར་དུ་འཇུག་གོ། །ཐམས་ཅད་ཀྱི་འཁོར་ལོ་ནི་ནམ་མཁའ་མཛོད་ཀྱི་དམ་ཚིག་གི་ཕྱག་རྒྱ་ཡིན་ནོ། །གཞན་དག་ནི་རྡོ་རྗེ་འཛིན་མ་ཐམས་ཅད་ ཀྱི་འཁོར་ལོ་ཡིན་པར་འཆད་དོ། །རྡོ་རྗེ་སེམས་དཔའ་དང་། འཇམ་དཔལ་གཞོན་ནུ་དང་། ནམ་མཁའི་སྙིང་པོ་དང་། ནམ་མཁའི་མཛོད་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། རྡོ་རྗེ་ཁུ་ཚུར་དང་། རྡོ་རྗེ་ གནོད་སྦྱིན་གྱི་ཕྱག་རྒྱ་རྣམས་ནི་གཡོན་ན་འཁོར་ལོ་དང་བཅས་པ་སྟེ། དབང་དུ་བྱ་བ་ལ་སོགས་པ་དངོས་གྲུབ་བྱེད་དོ། །དེ་ལ་རྡོ་རྗེ་སེམས་དཔའི་དམ་ཚིག་གི་ཕྱག་རྒྱས་ནི་དབང་དུ་བྱའོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་དམ་ཚིག་གི་ཕྱག་རྒྱས་ནི་དབང་དུ་བྱའོ། ། འཕགས་པ་ནམ་མཁའི་སྙིང་པོའི་དམ་ཚིག་གི་ཕྱག་རྒྱས་ནི་དོན་ཐོབ་པའོ། །རྡོ་རྗེ་ཁུ་ཚུར་གྱི་དམ་ཚིག་གི་ཕྱག་རྒྱས་ནི་རྒྱས་བཏབ་པའོ། །འཕགས་པ་འཇམ་དཔལ་གྱི་དམ་ཚིག་གི་ཕྱག་རྒྱས་ནི་བཅད་པའོ། །རྡོ་རྗེ་འཁོར་ལོའི་དམ་ཚིག་གི་ཕྱག་རྒྱས་ནི་དཀྱིལ་འཁོར་དུ་འཇུག་ པའོ། །ནམ་མཁའ་མཛོད་ཀྱི་དམ་ཚིག་གི་ཕྱག་རྒྱས་ནི་མཆོད་པའོ། །རྡོ་རྗེ་གནོད་སྦྱིན་གྱི་དམ་ཚིག་གི་ཕྱག་རྒྱས་ནི་གདུག་པ་འདུལ་བའོ། །རྡོ་རྗེ་འཁོར་ལོའི་དཀྱིལ་འཁོར་གྱི་འགྲེལ་པའོ།། །།མཆོད་པས་གསང་སྔགས་འགྲུབ་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར། དེ་ནས་ ཞེས་བྱ་བ་ལ་སོགས་པས། ནམ་མཁའ་མཛོད་ཀྱི་དཀྱིལ་འཁོར་སྟོན་ཏོ། །མཆོད་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་མཆོད་པ་ཐམས་ཅད་དེ། དེའི་ཆོ་ག་རྒྱས་པ་ནི་རྣམ་པ་རྒྱ་ཆེ་བའོ། །ལུས་དང་ངག་དང་ཡིད་ཀྱིས་ཕྱག་འཚལ་བ་ནམ་མཁའི་ཁམས་ཐམས་ཅད་ཁྱབ་པར་ བྱེད་པ་ནི་མཆོད་པ་ཐམས་ཅད་དེ། བཤད་མ་ཐག་པ་དེ་ཉིད་མཆོག་སྟེ། དམ་པ་ཡིན་པས་ན་མཆོད་པ་ཐམས་ཅད་ཀྱི་མཆོག་གོ། །མིང་དེ་ཉིད་ཅེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གང་ཡིན་པ་དེ་ནི་མཆོད་པ་ཐམས་ཅད་ཀྱི་མཆོག་ཅེས་བྱ་བའི་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པའི་ཚུལ་ལོ། །དེ་བཤད་པ་ནི་བཀའ་སྩལ་པའོ། །ཨོཾ་སརྦ་ཡོ་ག་ཙིཏྟཾ་ཨུཏྤ་ད་ཡཱ་མི་ཞེས་བྱ་བ་ནི་སྨོན་པ་བྱང་ཆུབ་ཀྱི་སེམས་སོ། །གཉིས་པ་སེམས་བསྒོམ་པའི་མཚན་ཉིད་ཅན་ནི་འཇུག་པ་བྱང་ཆུབ་ཀྱི་སེམས་སོ། །གསུམ་པ་ནི་བྱང་ཆུབ་ཀྱི་ངོ་བོ་ཉིད་ཀྱི་ སེམས་ནི་བྱང་ཆུབ་སེམས་སོ། །དེ་ལྟར་ན་གསུམ་པོ་འདི་དག་བསྐྱེད་པ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པས་ཏེ། དེའི་ངོ་བོ་ཉིད་ནི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཉིད་དོ། །དེ་ནི་སྒྲུབ་པའི་མཆོད་པའི་ངོ་བོ་ཉིད་ཡིན་པས་དེའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་ པའི་ཆོ་ག་རྒྱས་པའོ་ཞེས་གསུངས་སོ། །བྱང་ཆུབ་ཏུ་སེམས་བསྐྱེད་པས་ནི་ངེས་པ་ཁོ་ནར་སེམས་ཅན་གྱི་དོན་བྱ་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར། སེམས་ཅན་གྱི་ཁམས་ཐམས་ཅད་ཡོངས་སུ་སྐྱོབ་པ་ཉིད་ནི་ཞེས་བྱ་བ་གསུངས་ཏེ། ཕྱོགས་བཅུ་མ་ལུས་པའི་སེམས་ཅན་གྱི་ ཁམས་ཐམས་ཅད་ཀྱི་ངན་སོང་དང་བསད་པ་དང་བཅིངས་པ་ལ་སོགས་པའི་སྡུག་བསྔལ་ཡོངས་སུ་བསལ་བ་ནི་ཡོངས་སུ་སྐྱོབ་པའོ། །དམ་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། རང་སངས་རྒྱས་དང་ཉན་ཐོས་རྣམས་སོ། །དེ་རྣམས་ཀྱི་ཆོས་ཡིན་པས་ན་དམ་ པའི་ཆོས་སོ། །དེ་ཡོངས་སུ་བཟུང་བ་ནི་ཐོས་པ་དང་བསམ་པ་དང་སྒོམ་པའི་རྗེས་སུ་སྦྱོར་བས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡི་གེ་འདྲི་བ་དང་ཞེས་བྱ་བ་ནི་གོ་སླའོ། །ལས་ཐམས་ཅད་ནི་མཆོད་པ་རྣམ་པ་བཞི་སྟེ། དེའི་དོན་ཡོད་པའི་དམ་ཚིག་ནི་ཟློག་པར་དཀའ་ བའི་རྒྱུའོ། །མཆོད་པ་ཐམས་ཅད་ཀྱི་ཆོ་ག་རྒྱས་པ་དེའི་བྱིན་གྱིས་རློབ་པ་ནི་ནམ་མཁའི་མཛོད་ཀྱི་དཀྱིལ་འཁོར་རོ། །དེ་ལ་དམིགས་ཤིང་མིང་དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའོ། །རྡོ་རྗེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཏེ། དེ་རྣམས་ཀྱི་མཆོད་པ་ ཡིན་པས་ན་རྡོ་རྗེའི་མཆོད་པ་སྟེ། དེ་ཉིད་ནི་མཆོག་གོ། །དེའི་དོན་ཡོད་པའི་དམ་ཚིག་ནི་ངེས་པ་ཉིད་དུ་གྲུབ་པའི་རྒྱུ་སྟེ། མིང་དེ་སྐད་ཅེས་བྱ་བའི་དཀྱིལ་འཁོར་འདི་གསུངས་པའོ། །དཀྱིལ་འཁོར་ནི་སྔར་བཤད་པ་ཉིད་དོ། །དེའི་དབུས་སུ་བཅོམ་ལྡན་ འདས་མཚོན་ཆ་སྣ་ཚོགས་འཛིན་པ་ཞེས་བྱ་བ་ནི་གཡོན་པའི་རྡོ་རྗེ་ཁུ་ཚུར་དཀུར་བརྟེན་པས་སྣ་ཚོགས་རྡོ་རྗེས་མཚན་པའི་རྡོ་རྗེ་དྲིལ་བུ་བསྣམས་པ་ཕྱག་གཡས་པའི་རང་གི་ཐུགས་ཀར་བསྟོད་པའི་ཚུལ་གྱིས་སྣ་ཚོགས་རྡོ་རྗེ་བསྣམས་པའོ། །སྐུ་དང་ཡན་ལག་ཟླ་བའི་ མདོག་ལ་སོགས་པའི་ཁ་དོག་ལྔ་པའི་མདོག་ཅན་ཞེས་བྱ་བ་ལ་ཞལ་ནི་དཀར་པོའོ། །ཐུགས་ཀ་ནི་དམར་པོའོ། །ཕྱག་ནི་སེར་པོའོ། །ཕྱག་གཉིས་ནི་ལྗང་གུའོ། །སྐུ་སྨད་ནི་ནག་པོའོ། །དེའི་ཐམས་ཅད་དུ་ཞེས་བྱ་བ་ནི་ཕྱོགས་དང་མཚམས་རྣམས་སུའོ། །མཆོད་པའི་ དམ་ཚིག་ཅེས་བྱ་བ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པ་རྫོགས་པར་བྱེད་པའི་རྒྱུའོ། །དེ་རྣམས་ཀྱི་གནས་སྐབས་ནི་སྔར་བཤད་པ་ཉིད་དོ། །དེ་རྣམས་ལས་གང་ཞིག་གཞག་ཅེ་ན། ཕྱག་ན་རྡོ་རྗེ་དང་ཞེས་བྱ་བ་ལ་སོགས་པ་བརྒྱད་པོ་གསུངས་སོ། །ཕྱག་ན་ ཅི་ཞིག་བསྣམས་ཤེ་ན། བྱང་ཆུབ་ཀྱི་སེམས་ལ་སོགས་པ་བླ་ན་མེད་པའི་མཆོད་པའི་ཆོ་ག་རྒྱས་པ་ཕྱག་ན་འཛིན་པའི་ཚུལ་གྱིས་ཞེས་བྱ་བ་གསུངས་སོ། །དེ་ལ་བྱང་ཆུབ་ཀྱི་སེམས་ཕྱག་ན་བསྣམས་པ་ནི་རྡོ་རྗེ་སེམས་དཔའ་སྟེ། ཕྱག་ན་རྡོ་རྗེ་རྩེ་ལྔ་པ་བསྣམས་ཞེས་བྱ་བའི་དོན་ ཏོ། །ཕྱག་ན་ཏིང་ངེ་འཛིན་ནི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྟེ། འདིར་པདྨ་ནི་ཏིང་ངེ་འཛིན་སྟོན་པས་ཏིང་ངེ་འཛིན་ཞེས་བཤད་དོ། །ནམ་མཁའི་སྙིང་པོ་ནི་ཕྱག་ན་དབང་བསྐུར་བ་སྟེ། རྡོ་རྗེ་རིན་ཆེན་བསྣམས་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་ཁུ་ཚུར་ནི་ཕྱག་གི་ཕྱག་ རྒྱས་ཡོངས་སུ་འཛིན་པ་སྟེ། དམ་ཚིག་གི་ཁུ་ཚུར་གྱིས་རྡོ་རྗེ་བཙིར་ཞིང་བཞུགས་པའོ། །འཕགས་པ་འཇམ་དཔལ་ནི་ཕྱག་ན་སྟོང་པ་ཉིད་སྨྲ་བ་སྟེ། ཕྱག་ན་རལ་གྲི་བསྣམས་ཞེས་བྱ་བའི་དོན་ཏོ། །སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ནི་ཕྱག་ན་དཀྱིལ་འཁོར་ འདྲི་བ་སྟེ། རྡོ་རྗེ་འཁོར་ལོ་བསྣམས་པ་ཞེས་བྱ་བའི་དོན་ཏོ། །ནམ་མཁའ་མཛོད་ནི་ཕྱག་ན་མཆོད་པ་ཐམས་ཅད་དེ། སྣ་ཚོགས་རྡོ་རྗེ་བསྣམས་པ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་གནོད་སྦྱིན་ཕྱག་ན་སེམས་ཅན་རྣམས་ཡོངས་སུ་སྐྱོབ་བ་སྟེ། རྡོ་རྗེ་མཆེ་བ་བསྣམས་ཞེས་བྱ་བའི་དོན་ཏོ། ། འདིར་བྱ་བ་ཐམས་ཅད་ནི་ཡི་གེ་ཨོཾ་བརྗོད་ལ་བྱའོ། །དེ་ནས་བཛྲ་བཛྲ་ཨོཾ་ཞེས་ཟློས་ཤིང་དཀྱིལ་འཁོར་དུ་འཇུག་པར་བྱའོ། །རྡོ་རྗེ་ཐམས་ཅད་བཅིངས་ལ་ཞེས་བྱ་བ་ལ། དེ་ལ་རྡོ་རྗེ་ཐམས་ཅད་ནི་འདི་ཡིན་ཏེ། རྡོ་རྗེ་བསྣམས་པ་ལས་བྱུང་བའི་རྡོ་རྗེ་རིན་ཆེན་གྱི་དམ་ཚིག་གི་ ཕྱག་རྒྱ་ལས་སྲིན་ལག་དང་མཐེའུ་ཆུང་གཉིས་བརྐྱང་ལ་རྒྱལ་མཚན་དང་། བ་དན་གྱི་རྩེ་མོ་ལྟར་བྱའོ། །ལུས་དང་ངག་དང་ཡིད་ཀྱིས་ཕྱག་བྱ་བ་ནི་ཡིད་ཀྱི་མཆོད་པའོ། །རང་གི་སྙིང་གར་རྡོ་རྗེ་རྩེ་ལྔ་པ་བསྒོམ་པ་དང་། རྡོ་རྗེ་སྦྲང་རྩི་ལ་སོགས་པའི་ཕྱག་རྒྱ་རྣམས་ཀྱིས་ཀྱང་མཆོད་པར་ བྱའོ། །བྱང་ཆུབ་ཀྱི་སེམས་ཀྱི་མཆོད་པ་དང་ཏིང་ངེ་འཛིན་གྱི་མཆོད་པ་ནི་གོ་སླའོ། །རྡོ་རྗེ་རིན་ཆེན་གྱི་དམ་ཚིག་ནི་རྡོ་རྗེ་དབང་བསྐུར་བ་སྣ་ཚོགས་སོ། །རྡོ་རྗེ་ཁུ་ཚུར་གྱི་དམ་ཚིག་གི་ཕྱག་རྒྱ་ནི་རྡོ་རྗེ་ཐམས་ཅད་ཀྱི་སྣ་ཚོགས་སོ། །སྟོང་པ་ཉིད་ཀྱི་མཆོད་པ་ལ་ནི་ཨ་ལ་སོགས་པའི་ ཡི་གེའི་ལུང་བསྟན་པས་སོ་ཞེས་བྱ་བ་ནི་གོ་བར་ཟད་དོ། །རྡོ་རྗེ་འཁོར་ལོའི་དམ་ཚིག་གི་ཕྱག་རྒྱ་ནི་རྡོ་རྗེ་འཁོར་ལོ་སྣ་ཚོགས་སོ། །ནམ་མཁའ་མཛོད་ཀྱི་དམ་ཚིག་གི་ཕྱག་རྒྱ་ནི་སྣ་ཚོགས་རྡོ་རྗེའོ། །རྡོ་རྗེ་གནོད་སྦྱིན་གྱི་དམ་ཚིག་གི་ཕྱག་རྒྱས་ནི་གདུག་པ་ཐམས་ཅད་གདུལ་བར་བྱའོ། ། རྡོ་རྗེ་སྦྲང་རྩི་ལ་སོགས་པའི་ཕྱག་རྒྱས་ནི་མེ་ཏོག་དོར་བ་ལ་སོགས་པ་བྱའོ། །ནམ་མཁའ་མཛོད་ཀྱི་དཀྱིལ་འཁོར་གྱི་འགྲེལ་པའོ།། །།བསྲུང་བ་ཡོངས་སུ་བསྐྱངས་པས་གསང་སྔགས་ཡོངས་སུ་འགྲུབ་པར་འགྱུར་རོ་ཞེས་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་པ་ལ་སོགས་ པས་རྡོ་རྗེ་གནོད་སྦྱིན་གྱི་དཀྱིལ་འཁོར་སྟོན་པར་མཛད་པ་ཡིན་ཏེ། གདུག་པ་ཅན་ཐམས་ཅད་ཀྱི་སྲོག་གཅོད་པ་ལ་སོགས་པ་ལས་བཟློག་པ་ནི་ཐམས་ཅད་འདུལ་བ་སྟེ། ཐམས་ཅད་འདུལ་བར་ནུས་པ་ནི་སྤྱོད་པའོ། །དེ་སུ་ཞིག་ཡིན་ཞེ་ན། བཅོམ་ལྡན་འདས་ཡེ་ཤེས་ཀྱི་ཁུ་ཚུར་ཏེ། བྱང་ཆུབ་ མཆོག་ཡོངས་སུ་འཛིན་པའོ། །སེམས་ཅན་ཐམས་ཅད་འདུལ་བ་ཡེ་ཤེས་ཀྱི་སྙིང་པོ་ཞེས་བྱ་བ་ལ་སེམས་ཅན་ཐམས་ཅད་ནི་སྡིག་པ་ཐམས་ཅད་བྱེད་པའོ། །དེ་ལྟ་བུའི་སེམས་ཅན་འདུལ་བས་སེམས་ཅན་ཐམས་ཅད་འདུལ་བ་སྟེ། སྡིག་པ་ཐམས་ཅད་ ཡོངས་སུ་སྤངས་ནས་དགེ་བ་ལ་ངེས་པར་སྦྱོར་བར་མཛད་པའོ། །དེའི་དོན་གྱི་ཡེ་ཤེས་ཡིན་པས་ན་སེམས་ཅན་ཐམས་ཅད་འདུལ་བའི་ཡེ་ཤེས་ཏེ། རྡོ་རྗེ་གནོད་སྦྱིན་གྱི་ཁྲོ་བོར་ཡང་དག་པར་སྟོན་པའི་ཡེ་ཤེས་སོ། །དེ་ཉིད་ནི་བསྐྱེད་པའི་གནས་ཡིན་པས་ན་སྙིང་པོ་སྟེ། མིང་དེ་ ཉིད་ཅེས་བྱ་བ་གང་ཡིན་པ་དེ་བཤད་པའོ། །སེམས་ཅན་ཐམས་ཅད་ནི་མཛའ་བོ་དང་། ཐ་མལ་པ་དང་། དགྲ་བོ་རྣམས་སོ། །དེ་རྣམས་ལ་མཉམ་པ་ཉིད་ནི་བུ་གཅིག་པ་ལྟ་བུར་སྡུག་པར་སེམས་པ་དང་། དོན་དམ་པར་སེམས་ཅན་ཐམས་ཅད་མི་དམིགས་པའི་མཉམ་ པ་ཉིད་དོ། །སེམས་ཅན་ཐམས་ཅད་ལ་མཉམ་པ་ཉིད་ཀྱི་ཐུགས་རྗེ་ཆེན་པོའི་མཚན་ཉིད་ཅན་དེས་གདུག་པ་ཐམས་ཅད་གདུལ་བའི་ཕྱིར། ཁྲོ་བའི་གཟུགས་སུ་ཡང་དག་པར་སྟོན་པ་ནི་ཁྲོ་བོ་མཉམ་པ་ཉིད་དོ། །ཁྲོ་བོའི་གཟུགས་དེ་གང་གི་ཚེ་ལྡོག་པར་འགྱུར་ཞེ་ན། སེམས་ ཅན་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཚེ་སེམས་ཅན་ཐམས་ཅད་འདུལ་བ་དེའི་ཚེ་ཁྲོ་བོ་ཉིད་ཀྱང་དུལ་ཞིང་ལྡོག་གོ་ཞེས་བྱ་བའི་དོན་ཏོ། །དེའི་ངོ་བོ་ཉིད་ཅི་ཞིག་ཡིན་ཞེ་ན། སེམས་ཅན་ཐམས་ཅད་ཆོས་ཉིད་པས་ཁྲོ་བོ་ཆོས་ཉིད་དོ་ཞེས་བྱ་བ་གསུངས་ཏེ། སེམས་ཅན་ཐམས་ཅད་ཀྱི་ཆོས་ཉིད་ནི་དོན་དམ་པར་དངོས་པོ་མེད་པའི་ངོ་བོ་ཉིད་དོ། །སེམས་ཅན་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་ནི་ཆོས་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཁྲོ་བོའི་གཟི་བརྗིད་འདི་ཅི་ཞིག་ཡིན་ཞེ་ན། སེམས་ཅན་ཐམས་ཅད་ཅེས་བྱ་བ་ལ་སོགས་ པ་གསུངས་ཏེ། དོན་དམ་པར་སེམས་དང་སེམས་ལས་བྱུང་བ་རྣམས་ནི་གཟུང་བ་དང་འཛིན་པ་དང་བྲལ་བ་ཉིད་ཡིན་པས་ན་སེམས་ཅན་ཐམས་ཅད་རྡོ་རྗེ་ཉིད་དེ། སེམས་ཅན་ཐམས་ཅད་རྡོ་རྗེ་ཉིད་ཡིན་པ་དེས་ན་ཁྲོ་བོ་རྡོ་རྗེ་ཉིད་དོ་ཞེས་བྱ་བ་སྟེ། སེམས་ཅན་ཐམས་ཅད་ཀྱི་གཟུང་ བ་དང་འཛིན་པ་དང་བྲལ་བ་གང་ཡིན་པ་དེ་ཉིད་ནི་ཁྲོ་བོའི་རྡོ་རྗེ་ཉིད་དོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་རྒྱུ་གང་གིས་ན་སེམས་ཅན་ཐམས་ཅད་མཉམ་པ་ཉིད་ནས་ཁྲོ་བོ་རྡོ་རྗེ་ཉིད་དོ་ཞེས་བྱ་བའི་བར་ཡིན་ཞེ་ན། གང་གི་ཕྱིར་འདི་ལྟར་སེམས་ཅན་ཐམས་ཅད་འདུལ་བ་ནི་བྱང་ཆུབ་པོ་ཞེས་ བྱ་བ་གསུངས་ཏེ། དེ་ཉིད་ནི་བྱང་ཆུབ་ཀྱི་མཚན་ཉིད་དོ། །དེ་ཡང་འདི་ལྟར་ཁྲོ་བོ་མཉམ་པ་ཉིད་ལ་སོགས་པས་སེམས་ཅན་རྣམས་འདུལ་བར་བྱེད་ཅིང་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པར་མཛད་པས་ན། དེའི་ཕྱིར་སེམས་ཅན་ཐམས་ཅད་འདུལ་བ་ནི་བྱང་ཆུབ་པོ་ཞེས་གསུངས་ པ་ཡིན་ནོ། །དཀྱིལ་འཁོར་ནི་སྔར་བཤད་པ་ཁོ་ནར་ཟད་དོ། །འདིར་བྱ་བ་ཐམས་ཅད་ནི་ཡི་གེ་ཧ་ཟློས་ཤིང་བྱའོ། །དེ་ནས་བཛྲ་བཛྲ་ཧ་ཞེས་བརྗོད་ལ། མཆེ་བའི་ཕྱག་རྒྱ་བཅིངས་ནས་དཀྱིལ་འཁོར་དུ་འཇུག་པར་བྱའོ། །རྡོ་རྗེ་ཐལ་མོ་བཅིངས་ལ། མཐེ་བོ་གཉིས་སོ་སོར་བསྒྲེང་ ལ་མཛུབ་མོ་གཉིས་ལྕགས་ཀྱུ་ལྟ་བུར་བཀུག་པའི་ཕྱག་རྒྱ་ཁར་བཞག་པ་འདི་ནི་མཆེ་བ་སྟེ། འདི་ནི་མཆེ་བའི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱས་ཐམས་ཅད་ཕྱེ་མར་བརླག་པ་ནི་གོ་བར་ཟད་དོ། །རྡོ་རྗེ་གནོད་སྦྱིན་གྱི་དཀྱིལ་འཁོར་གྱི་འགྲེལ་པའོ།། །།སྦྱོར་བ་གཅིག་གིས་ དམ་ཚིག་ཐམས་ཅད་ཐོབ་པར་མི་འགྱུར་བ་དང་། དཀྱིལ་འཁོར་ཐམས་ཅད་ནི་རྡོ་རྗེ་སེམས་དཔའ་ཡོངས་སུ་གྱུར་པའི་ངོ་བོ་ཉིད་ཡིན་ནོ་ཞེས་བསྟན་པའི་ཕྱིར། བསྡུས་པའི་དཀྱིལ་འཁོར་སྟོན་པར་བཞེད་པས། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཇིག་རྟེན་དང་ འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་རྣམས་ཀྱི་ངོ་བོ་ཉིད་གཅིག་པ་ཉིད་ནི་ཐམས་ཅད་མཉམ་པ་ཉིད་དེ། དོན་དམ་པར་དངོས་པོ་མེད་པའི་ངོ་བོ་ཉིད་དོ། །དེ་རབ་ཏུ་གནས་པ་ནི་མཉམ་པ་ཉིད་ལ་རབ་ཏུ་གནས་པ་སྟེ། མི་ཟད་པ་ཐུགས་སུ་ཆུད་པའི་ཚུལ་གྱིས་བཞུགས་པའོ། ། དེ་སུ་ཞིག་ཡིན་ཞེ་ན། དེ་བཞིན་གཤེགས་པ་ཞེས་བྱ་བ་སྟེ། དེ་བཞིན་དུ་གཤེགས་ཤིང་ཐུགས་སུ་ཆུད་པའོ། །ཆོས་ཐམས་ཅད་ཀྱི་མཆོག་ཅེས་བྱ་བ་ནི། རིགས་ཐམས་ཅད་ཀྱི་ཆོས་ཉིད་ནི་དེ་བཞིན་ཉིད་དེ། དེ་ཉིད་ནི་མཆོག་ཡིན་པས་ཆོས་ཐམས་ཅད་ཀྱི་མཆོག་སྟེ། མིང་དེ་ཉིད་ ཅེས་བྱ་བ་གང་ཡིན་པ་དེ་བཤད་པའོ། །དེ་བཞིན་གཤེགས་པའི་རིགས་དེ་ཐམས་ཅད་ཀྱི་མཉམ་པ་ཉིད་ནི་གཉིས་སུ་མེད་པ་ཉིད་དེ། དེ་ལྟ་བུའི་ཐམས་ཅད་མཉམ་པ་ཉིད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པ་ཉིད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབྱེར་ མི་ཕྱེད་པ་ཉིད་དོ། །དེ་ཉིད་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་གཉིས་སུ་མེད་པ་ཉིད་དེ་དེ་ཉིད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཉིས་སུ་མེད་པ་དང་ཐ་མི་དད་པ་ཡིན་ནོ། །ཐམས་ཅད་དོན་ཉིད་ཅེས་བྱ་བ་ལ་སོགས་པ་ལ་དོན་ནི་རིན་པོ་ཆེའི་རིགས་སོ། །ཐམས་ཅད་ཀྱང་ཡིན་ ལ། དོན་ཡང་ཡིན་པས་ན་ཐམས་ཅད་དོན་ཞེས་བྱ་བའམ། ཐམས་ཅད་ཀྱི་དོན་ཡིན་པས་ན་ཐམས་ཅད་དོན་ཏོ། །ཐམས་ཅད་ཀྱི་དོན་གྱི་ངོ་བོ་ཉིད་ཡིན་པས་ན། ཐམས་ཅད་དོན་ཉིད་དོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཉིད་དོ། །འདི་སྐད་སྟོན་པར་འགྱུར་ཏེ། རིན་པོ་ཆེའི་ རིགས་ནི་ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པ་ཅན་དང་། ཉོན་མོངས་པ་ཅན་མ་ཡིན་པའི་ཀུན་དུ་རྨོངས་པའི་བག་ཆགས་དང་བཅས་པར་སྤངས་པའི་ཡེ་ཤེས་ཏེ། དེ་ཉིད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཐམས་ཅད་ཆོས་ནི་སྟོབས་དང་མི་འཇིགས་པ་ལ་སོགས་པ་དང་། པདྨའི་རིགས་སོ། །ཐམས་ཅད་ཀྱི་ཆོས་ཡིན་པས་ན་ཐམས་ཅད་ཀྱི་ཆོས་ཏེ་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཡིན་པའི་ཕྱིར་རོ། །ཡང་ན་ཐམས་ཅད་ཀྱང་ཡིན་ལ་ཆོས་ཀྱང་ཡིན་པས་ན་ཐམས་ཅད་ཆོས་ཏེ། དེའི་ངོ་བོ་ཉིད་ཡིན་པས་ན་ཐམས་ཅད་ཆོས་ཉིད་དེ། དེས་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པའི་ཆོས་ཉིད་དོ། །ཐམས་ཅད་ལས་ཞེས་བྱ་བ་ལ་ཐམས་ཅད་ཀྱང་ཡིན་ལ་ལས་ཀྱང་ཡིན་པས་ན་ཐམས་ཅད་ལས་ཏེ། སེམས་ཅན་གྱི་དོན་མཛད་པའི་མཚན་ཉིད་དང་སངས་རྒྱས་ལ་མཆོད་པའི་ལས་ཀྱི་རིགས་སོ། །ལས་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་གྱུར་པས་ ན་ཐམས་ཅད་ལས་ཉིད་དེ། དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཉིད་དུ་རིག་པར་བྱའོ། །འདིས་ཀྱང་འདི་སྐད་སྟོན་པར་འགྱུར་ཏེ། ཐམས་ཅད་ལས་ཉིད་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཡིན་ལ། དེ་ལ་དོན་དམ་པར་གཉིས་སུ་མེད་པ་ཡིན་ནོ། །དེ་བས་ན་ཐམས་ཅད་ལས་ཉིད་ པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དབྱེར་ཕྱེད་པ་ཡིན་ཏེ། དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །དེ་བཞིན་གཤེགས་པ་རྣམས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ནི་དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དེ། དེ་རྣམས་ཀྱི་དོན་ཡོད་ པའི་དམ་ཚིག་ནི་འདའ་བར་མི་བྱེད་པ། དེ་ཉིད་ནི་དཀྱིལ་འཁོར་ཡིན་པས་ན་དོན་ཡོད་པའི་དམ་ཚིག་གི་དཀྱིལ་འཁོར་རོ། །དེ་བྱིན་གྱིས་བརླབ་པར་བྱ་བ་ནི་བསྟན་པར་བྱ་བའི་ཕྱིར་བྱིན་གྱིས་རློབ་པ་སྟེ། ཏིང་ངེ་འཛིན་ཡང་མིང་དེ་ཉིད་ཅེས་བྱ་བ་སྟེ། དེ་ལྟ་བུའི་ཏིང་ངེ་འཛིན་གང་ཡིན་ པ་དེ་ལ་སྙོམས་པར་ཞུགས་པ་ནི་མངོན་སུམ་དུ་མཛད་པའོ། །དོན་ཡོད་པ་ཐམས་ཅད་ཀྱི་དམ་ཚིག་ནི་དཀྱིལ་འཁོར་ཏེ། དེའི་སྙིང་པོ་ནི་བསྡུས་པའི་དཀྱིལ་འཁོར་ལྟ་བུར་ངེས་པའོ། །དེ་སྟོན་པར་བྱེད་པའི་སྒྲ་ལ་ཡང་སྙིང་པོ་ཞེས་བྱའོ། །དམ་ཚིག་ཀྱང་ཡིན་ལ། ཐམས་ ཅད་ཀྱང་ཡིན་པས་དམ་ཚིག་ཐམས་ཅད་དེ། རིགས་ལྔའི་ངོ་བོ་ཉིད་དོ། །དེ་ཉིད་ནི་རྡོ་རྗེ་ཡིན་པས་ན་དམ་ཚིག་ཐམས་ཅད་ཀྱི་རྡོ་རྗེ་སྟེ་དེ་རྣམས་བྱིན་གྱིས་རློབ་པའོ། །དཀྱིལ་འཁོར་ནི་གཞལ་ཡས་ཁང་སྟེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་ཡང་དེ་སྐད་ཅེས་བྱ་སྟེ། བསྡུས་ པའི་དཀྱིལ་འཁོར་ལྟ་བུར་ཐུགས་རྩེ་གཅིག་ཏུ་མཛད་ཅེས་བྱ་བའི་དོན་ཏོ། །འདི་དག་ཀྱང་སྔར་ཐམས་ཅད་བཤད་ཟིན་པས་ཡང་མ་བཤད་དོ། །འདིར་དང་པོར་རྡོ་རྗེ་ཕྱག་རྒྱ་བཅིངས་ལ། ཐོག་མ་ཁོ་ནར་འཇུག་པར་བྱའོ། །དེ་ནས་རང་ཉིད་ཀྱི་དམ་ཚིག་གི་དཀྱིལ་འཁོར་ལ་ སོགས་པས་དཀྱིལ་འཁོར་ཐམས་ཅད་དུ་འཇུག་པར་བྱའོ། །བསྡུས་པའི་དཀྱིལ་འཁོར་གྱི་འགྲེལ་པའོ།། །།ད་ནི་འཇིག་རྟེན་པའི་ལྷ་རྣམས་ལ་མོས་པ་རྣམས་ལ་དེ་ཉིད་ཀྱི་སྒོ་ནས་བསྟན་པ་ལ་འཇུག་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པས་དཀྱིལ་ འཁོར་བཞི་སྟོན་པར་མཛད་པ་ཡིན་ནོ། །སེམས་ཅན་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་སེམས་ཅན་ཐམས་ཅད་དེ། དེ་རྣམས་ཀྱིས་བྱིན་གྱིས་རློབ་པ་ཡིན་པས་སེམས་ཅན་ཐམས་ཅད་བྱིན་གྱིས་རློབ་པ་སྟེ། རྡོ་རྗེ་སེམས་དཔའ་ལ་ལྷག་པར་མོས་པ་བསྐྱེད་པའོ། །སེམས་ ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ་ཞེས་བྱ་བ་ནི་ཁམས་གསུམ་པའི་རྣམ་པའི་སེམས་དང་སེམས་ལས་བྱུང་བ་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་མཐོང་བའི་སྒྲིབ་པར་གྱུར་པ་ལ་སྙིང་པོ་ཞེས་བྱ་བའི་སྒྲར་བཤད་དོ། །དེ་ཉིད་ནི་སེམས་ ཅན་ཐམས་ཅད་དོ། །དེ་བཞིན་གཤེགས་པའི་སྙིང་པོ་གཞན་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའི་སྙིང་པོ་སྟེ། ཁམས་གསུམ་པའི་རྣམ་པར་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པའོ། །དེ་སྐད་དུ་དེ་བཞིན་གཤེགས་པའི་སྙིང་པོ་ནི་དག་ཅིང་གསལ་ལ་དྲི་མ་མེད་ པར་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་རྗེས་སུ་ཞུགས་པ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་རྣམ་པར་མཛེས་པ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །འདིས་ནི་འདི་སྐད་སྟོན་པར་འགྱུར་ཏེ། དོན་དམ་པར་སེམས་ཅན་ཐམས་ ཅད་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་ཏེ། ཁམས་གསུམ་པའི་རྣམ་པའི་སེམས་དང་སེམས་ལས་བྱུང་བ་ནི་ཤིན་ཏུ་སྐྱེས་པ་མེད་པ་ཉིད་ཡིན་པའི་ཕྱིར་རོ། །དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོ་ཐམས་ཅད་ཀྱི་རང་བཞིན་ཡིན་པས་ ཞེས་བྱ་བ་གསུངས་ཏེ། ལྷ་ཆེན་པོ་ལ་སོགས་པ་གཟུགས་སུ་སྟོན་པར་མཛད་ཀྱང་། ཞེ་སྡང་ལ་སོགས་པས་གོས་པ་མི་མངའ་བས་ན་ཀུན་ནས་བཟང་བ་ཡིན་པའི་ཕྱིར་ཀུན་དུ་བཟང་པོའོ། །བྱང་ཆུབ་སེམས་དཔའ་ཆེན་པོ་ཡང་ཡིན་ལ་ཀུན་དུ་བཟང་པོ་ཡང་ཡིན་པས་ན་བྱང་ཆུབ་ སེམས་དཔའ་ཀུན་དུ་བཟང་པོ་སྟེ། བྱང་ཆུབ་སེམས་དཔའི་ངོ་བོ་ཉིད་ཀྱི་སེམས་དཔའ་གཉིས་སུ་མེད་པའི་ཡེ་ཤེས་ཅན་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོ་ཐམས་ཅད་ཀྱི་རང་བཞིན་ནི་ཐུགས་ཐམས་ཅད་ཀྱི་བདག་ཉིད་ཐམས་ཅད་དུ་གྱུར་པས་ན་ཐམས་ ཅད་ཀྱི་རང་བཞིན་ཏེ། དེ་རྒྱུར་གྱུར་པས་ན་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ། །སེམས་ཅན་ཐམས་ཅད་ནི་དོན་དམ་པར་བག་ཆགས་དང་བཅས་པའི་ཉོན་མོངས་པ་མ་སྐྱེས་པའི་དབང་བསྐུར་བའི་ངོ་བོ་ཉིད་ཡིན་པས་ན་རྡོ་རྗེའི་སྙིང་པོ་ཅན་ནོ། །ཆོས་ཀྱི་སྙིང་ པོ་ཅན་ཞེས་བྱ་བ་ནི། དེ་བཞིན་དུ་ངག་རབ་ཏུ་འབྱུང་བའི་གནས་སུ་གྱུར་པ་མ་སྐྱེས་པ་ཡིན་པའི་ཕྱིར་རོ། །སོ་སོ་ཡང་དག་པར་རིག་པ་ཐོབ་པའི་ངོ་བོ་ཉིད་ཀྱིས་ན། ངག་ཐམས་ཅད་རབ་ཏུ་འབྱུང་བས་སོ། །མྱ་ངན་ལས་འདས་པ་དང་འགལ་བའི་ལས་ཐམས་ཅད་ཤིན་ཏུ་མ་སྐྱེས་ པས་ན། བྱ་བ་མ་གྲུབ་པ་ཐམས་ཅད་རབ་ཏུ་འཇུག་པ་ཡིན་ནོ། །དེ་བས་ན་བྱ་བ་བྱེད་པ་ཐམས་ཅད་ལ་རབ་ཏུ་སྦྱོར་བས་ཞེས་བྱ་བ་གསུངས་ཏེ། བྱ་བ་བྱེད་པ་ཐམས་ཅད་ནི་སེམས་ཅན་གྱི་དོན་བྱ་བ་དང་སངས་རྒྱས་ལ་མཆོད་པའོ། །བྱ་བ་བྱེད་པ་ཐམས་ཅད་ཀྱི་ངོ་བོ་ཉིད་ཡིན་པས་ན་ བྱ་བ་ཐམས་ཅད་བྱེད་པ་ཉིད་དོ། །དེའི