Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 59

Văn bản gốc(Tây Tạng)

Trang 7 / 16 (50.000 ký tự/trang)
བྷ་བ་མ་ཧཱ་ས་མ་ཡ་སཏྭ་ཨཱཿཞེས་བྱ་བའི་ཡི་གེ་བརྒྱ་པས་བརྟན་པར་བྱའོ། །དེ་ནས་རྡོ་རྗེ་ཐལ་མོ་ལན་གསུམ་བསྐོར་ནས། བཅོམ་ལྡན་འདས་
རྡོ་རྗེ་སེམས་དཔའ་ལ་ཕྱག་བཙལ་དབང་བསྐུར་བ་བླང་བར་བྱ་སྟེ། ཨོཾ་སརྦ་བུདྡྷ་བྷ་བ་རཏྣ་སཉྩ་ཡ། པྲ་ཏྱུཏ་ད་བི་བྱ་མུ་ཀུ་ཊ་ནཱ་མ། ཨ་བྷི་ཥཱིཉྩ་མཾ། པྲ་བ་ར་བཛྲ་དྷ་ར་ཤྲཱི་བཛྲ་སཏྭ་ས་མ་ཡ་སྟྭཾ། ཨ་ཧཾ། ཞེས་རེ་རེ་བརྗོད་ཅིང་། དང་པོ་ཁོ་ནར་སངས་རྒྱས་ལྔའི་ཅོད་པན་གྱི་དབང་བསྐུར་བ་བླང་བར་བྱའོ། །
དེ་ཡང་སྤྱི་གཙུག་ཏུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་གསེར་གྱི་མདོག་ཅན། བྱང་ཆུབ་མཆོག་གི་ཕྱག་རྒྱས་བཞུགས་པར་བསམས་ལ། ཨོཾ་བྷཱུ་ཁཾ་ཨ་བྷི་ཥཱིཉྩ་མཾ་ཞེས་བརྗོད་དོ། །དཔྲལ་བའི་སྟེང་དུ་མི་བསྐྱོད་པ་སྐུ་མདོག་དཀར་པོས་གནོན་གྱི་ཕྱག་རྒྱས་བཞུགས་པར་བསམས་ལ། བཛྲ་
སཏྭ་ཨ་བྷི་ཥཱིཉྩ་མཾ་ཞེས་བརྗོད་དོ། །རྣ་བ་གཡས་པའི་སྟེང་དུ་རིན་ཆེན་འབྱུང་གནས་བཻ་ཌཱུརྱ་སྔོ་བསངས་ཀྱི་མདོག་ཅན། མཆོག་སྦྱིན་གྱི་ཕྱག་རྒྱས་བཞུགས་པར་བསམས་ལ། བཛྲ་རཏྣ་ཨ་བྷི་ཥཱིཉྩ་མཾ་ཞེས་བརྗོད་དོ། །ལྟག་པར་འོད་དཔག་ཏུ་མེད་པ་བཙག་ཡུག་སྣམ་གྱི་མདོག་ཅན། ཆོས་ཀྱི་འཁོར་
ལོའི་ཕྱག་རྒྱས་བཞུགས་པར་བསམས་ལ། བཛྲ་དྷརྨ་ཨ་བྷི་ཥཱིཉྩ་མཾ་ཞེས་བརྗོད་དོ། །རྣ་བ་གཡོན་པའི་སྟེང་དུ་དོན་ཡོད་གྲུབ་པ་སྣ་ཚོགས་པའི་མདོག་ཅན་མི་འཇིགས་པ་སྦྱིན་པའི་ཕྱག་རྒྱས་བཞུགས་པར་བསམས་ལ། ཕྱག་རྒྱ་འདི་དང་ལྡན་པས་བཛྲ་ཀརྨ་ཨ་བྷི་ཥཱིཉྩ་མཾ་ཞེས་བརྗོད་དེ། དེ་

ཡང་ཞལ་དཀར་པོ་དཔུང་པའི་མཐའ་ནས་ཕྱག་གཉིས་པ་ལ་ཤའི་མདོག་ཅན། ལྷག་མ་ནི་ཁ་དོག་སྔོན་པོ། ཞལ་གྱི་འོག་ནས་ལྟེ་བའི་མཐར་ཐུག་པའི་བར་ནི་དམར་སྐྱ། བརླ་གཉིས་སེར་སྐྱ། པུས་མོ་མན་ཆད་ཁ་དོག་དཀར་པོའི་མདོག་དང་ལྡན་པའི་བཅོམ་ལྡན་འདས་དོན་ཡོད་
གྲུབ་པ་བསྐྱེད་པར་བྱའོ། །དེ་ནས་དེ་རྣམས་ཀྱི་ཕྱག་རྒྱ་བཤད་པར་བྱ་སྟེ། རྡོ་རྗེ་བསྡམས་པ་ལས་མཐེ་བོ་གཉིས་བསྣོལ་བར་བྱས་ལ། མཛུབ་མོ་གཉིས་རྩེ་མོ་ནང་དུ་བཀུག་ནས། གུང་མོ་བསྙམས་པའི་ཚིགས་དང་པོར་སྦྱར་བ་འདི་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་མཆོག་ཅེས་བྱ་
བའི་དབང་བསྐུར་བའི་ཕྱག་རྒྱའོ། །དེ་ནས་ཕྱོགས་ཐམས་ཅད་དུ་ཅོད་པན་བཅིངས་ལ། མདུན་དུ་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་མདུད་པ་བྱེད་པ་ལྟ་བུས་ཕྲེང་བ་བཅིང་བ་བྱས་ལ། རྒྱབ་ཏུ་དེ་བཞིན་དུ་མདུད་པ་བྱས་ཏེ། སྒེག་པ་དང་བཅས་པས་མཐའ་མ་ལ་སོགས་པ་ལས་དགྲོལ་བས་ལོགས་
གཉིས་སུ་དར་དཔྱངས་འཕྱང་བར་བྱས་ལ། མཐར་མཉམ་པའི་ཐལ་མོས་མཉེས་པར་བྱས་ཏེ། བཛྲ་ཏུཥྱ་ཧོ་ཞེས་བརྗོད་དོ། །དེ་ནས་ཡང་བཛྲ་རཏྣ་ཨ་བྷི་ཥཱིཉྩ་མཾ་ཞེས་བྱ་བས། རྡོ་རྗེ་རིན་པོ་ཆེའི་ཕྲེང་བའི་དབང་བསྐུར་བ་བླང་བར་བྱའོ། །དེ་ནས་འདིའི་ཕྱག་རྒྱ་བཤད་པར་བྱའོ། །རྡོ་རྗེ་ཐལ་མོ་ཁ་ཐུར་
དུ་བསྟན་ལ། མཛུབ་མོ་གཉིས་བཀུག་སྟེ། མཐེ་བོང་ལ་རྩེ་སྦྱར་བར་བྱས་ནས། དེ་སྙིང་ག་ནས་བཏེག་སྟེ་དབང་བསྐུར་བའི་གནས་སུ་གཞག་པ་འདི་ནི། རྡོ་རྗེ་རིན་ཆེན་གྱི་དབང་བསྐུར་བའི་ཕྱག་རྒྱའོ། །དེ་ནས་ཨོཾ་པདྨ་མཱ་ལ་ཨ་བྷི་ཥཱིཉྩ་ལོ་ཀེ་ཤྭ་ར་ཏེ། ས་ར་ཧྲི། ཞེས་བྱ་བའི་རིག་སྔགས་འདི་དང་། པདྨའི་
ཕྲེང་བའི་དབང་བསྐུར་བ་བླང་བ་དང་། ཨོཾ་ཨ་བྷི་ཥཱིཉྩ་མཾ། ཞེས་བྱ་བ་དང་། ཕྱག་རྒྱ་འདིས་སྣ་ཚོགས་རྡོ་རྗེའི་ཕྲེང་བའི་དབང་བསྐུར་བ་བླང་བར་བྱའོ། །རྡོ་རྗེ་བསྡམས་པ་ལས་བྱུང་བའི། །རྡོ་རྗེ་རིན་ཆེན་གྱི་དམ་ཚིག་གི་ཕྱག་རྒྱ་ལས། སྲིན་ལག་དང་མཐེའུ་ཆུང་བསྙམས་ཏེ་བརྐྱང་ལ་བ་དན་ལྟར་བྱས་ཏེ།
དེ་ལྟར་ན་རྣལ་འབྱོར་པ་རྡོ་རྗེའི་ཕྲེང་བ་ལ་སོགས་པས་སྤྲས་པར་འགྱུར་རོ། །དེ་ནས་ཡི་གེ་གཉིས་ཀྱིས་སྔ་མ་བཞིན་དུ་གོ་ཆ་བྱས་ལ། ཧཱུཾ་ཟློས་བཞིན་དུ་དང་པོའི་རྡོ་རྗེའི་དབང་དང་བདག་པོའི་དབང་བླང་ལ། རྡོ་རྗེ་རང་གི་མགོ་ལ་གཞག་ལ་ཧཱུཾ་དེ་ཉིད་ཟློས་ཤིང་མིང་གི་དབང་བསྐུར་བ་བླང་བར་བྱའོ། །

དེ་ནས་འདིས་དངོས་གྲུབ་ཀྱི་རྡོ་རྗེའི་བརྟུལ་ཞུགས་བླང་བར་བྱ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ས་མ་ཡ་ཨ་དྷི་པ་ཏི་སྟྭཾ། ཨ་བྷི་ཥཱིཉྩ་མི་མ་ཧཱ་བཛྲ་དྷ་ར། འདི་ནི་སངས་རྒྱས་ཐམས་ཅད་དེ། །རྡོ་རྗེ་སེམས་དཔའི་རྡོ་རྗེ་ཡིན། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །རྡོ་རྗེ་འཆང་ཆེན་བརྟུལ་ཞུགས་ཡིན། །རྡོ་རྗེ་འདི་ནི་
དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སེམས་ཆེན་པོའི་མཆོག་སྟེ། འདི་ཡོངས་སུ་མི་སྤོང་བས་འདི་རྟག་ཏུ་ཆོངས་ཤིག་ཅེས་བྱ་བའི་གསང་བའོ། །ཧྲཱི་བཛྲ་གརྦྷ་པ་ཏི་ཨ་ཏི་ཤྲཱི་ཧེ་བཛྲ་ནཱ་མ་སིདྡྷྱ་ས་མ་ཡ་སྟྭཾ་བྷུར་བྷུ་བཿསྭཿ། དེ་ནས་རྡོ་རྗེ་མཚོན་ཆ་ལ་སོགས་པ་གསང་བའི་མཆོད་
པ་བཞིས་བདག་ཉིད་ཡང་དག་པར་མཆོད་ལ། དེ་ཉིད་ཀྱིས་ནི་རྡོ་རྗེ་བཟུང་། །ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱ། །དམ་ཚིག་གིས་ནི་ཕྱག་རྒྱ་ཆེར། །བྱིན་གྱིས་བརླབས་ནས་སྙིང་པོ་བཟླ། །དེ་ལྟར་བདག་ཉིད་བསྐྱེད་ནས། དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་བཅིངས་ལ། ཧཱུྃ་འདོན་པ་ལ་བརྩོན་
ཞིང་། གཡས་པའི་མིག་ཏུ་ཊ་ལས་ཟླ་བ་བྱ། གཡོན་པར་མ་བཀོད་ལ་ཉི་མའི་དཀྱིལ་འཁོར་བསྐྱེད། ཧཱུྃ་གིས་མིག་འབྲས་དུས་མཐའི་མེ་ལྟ་བུར། །གནས་པ་འདི་ནི་རྡོ་རྗེའི་ལྟ་བ་བྱ། །དེ་ནས་ཡིད་ཀྱིས་ནམ་མཁའི་ཕྱོགས་ལ་འདུག་སྟེ། སྣོད་ཀྱི་འཇིག་རྟེན་གྱི་འོག་ཏུ་རླུང་གི་དཀྱིལ་འཁོར་ལ་ཧཱུྃ་
ལས་རྡོ་རྗེ་རྩེ་ལྔ་པ། དེའི་དབུས་སུ་ཡི་གེ་ར་བསམས་ལ། དེ་ལས་དུས་མཐའི་རླུང་གིས་སྦར་བའི་སྲེག་པའི་བསྐལ་པའི་མེ་ལྟ་བུའི་རྡོ་རྗེ་འབར་བའི་འོད་དང་ལྡན་པའི་རྡོ་རྗེ་དེས་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཐལ་བར་བྱའོ། །དེ་ནས་ནམ་མཁའི་ཕྱོགས་སུ་སྟོང་གསུམ་པའི་སངས་རྒྱས་ཀྱི་ཞིང་གི་
ཚད་ཙམ་པའི་ཡི་གེ་ཁྃ་དཀར་པོའི་གཟུགས་ཅན་གྱི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་བདུད་རྩིའི་ཆར་གྱི་རྒྱུན་རྣམ་པར་འབེབས་པས། སངས་རྒྱས་ཀྱི་ཞིང་ཀུན་དུ་ཚིག་པ་བཀྲུས་ལ། འོ་མ་ཅན་གྱི་རྒྱ་མཚོ་དབའ་རླབས་ཀྱི་ཕྲེང་བ་འཁྲུགས་པས་གང་བར་གནས་པར་བསམ་མོ། །དེ་ནས་རིའི་
མེས་འོ་མ་ཅན་གྱི་རྒྱ་མཚོ་བསྐོལ་ལ། དེའི་དབུས་སུ་པདྨ་ཆེན་པོའི་གཟུགས་ཅན་དེ་ལ། དེ་བས་ཆུང་བའི་པདྨ་དཔག་ཏུ་མེད་པས་ཡོངས་སུ་བསྐོར་བ་དེའི་ཡང་རྩ་བར་ཡི་གེ་པྲ་ལས་ཚད་མཐའ་ཡས་པའི་གསེར་གྱི་རུས་སྦལ་ཡང་པདྨའི་ལྟེ་བ་ལ་ཡི་གེ་པྲ་ཉིད་གསེར་གྱི་མདོག་ཅན་གྱི་ཡི་གེ་ཁཾ་གི་གཟུགས་

ཅན་དུ་བསམས་ལ། ཇི་སྐད་དུ་བཤད་པའི་རྣམ་པར་སྣང་མཛད་ཀྱང་ནམ་མཁའི་ཕྱོགས་ནས་བྱོན་ཏེ་བཞུགས་པར་བསམ་མོ། །དེ་ནས་ཧཱུྃ་སུྃ་ཧཱུྃ་ཞེས་བྱ་བས་པདྨ་དེ་རིའི་རྒྱལ་པོ་རི་རབ་ཟུར་བཞི་པ། རིན་པོ་ཆེ་སྣ་བཞིའི་རང་བཞིན་གསེར་གྱི་རི་ལ་སོགས་པས་ཡོངས་སུ་
བསྐོར་བར་རྣམ་པར་བསམས་ལ། ཨོཾ་བཛྲ་དྲྀ་ཌྷོ་མེ་བྷ་བ་རཀྵ་སརྦན་སྭཱཧཱ། ཞེས་བྱ་བ་དང་། རྡོ་རྗེ་བསྡམས་པ་བརྐྱང་ལ། དེ་བཞིན་དུ་ས་ལ་རེག་པར་བྱས་ཏེ་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་དེ་བཞིན་དུ་དང་པོའི་རྡོ་རྗེ་ལས་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་རྒྱལ་པོའི་ཁང་པ། ནམ་མཁའི་ཕྱོགས་
ཐམས་ཅད་ལ་གནས་པར་སྤྲུལ་ལ། ལྷ་ཐམས་ཅད་ཀྱི་གནས་སུ་སྣ་ཚོགས་པདྨའི་གདན་བསྐྱེད་ལ། ནམ་མཁའི་ཕྱོགས་ནས་བཅས་ལ། དབུས་ཀྱི་པདྨའི་གདན་ལ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་འདུག་སྟེ། བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་མངོན་དུ་བྱས་
ལ། ཡིད་ཀྱི་རང་བཞིན་གྱི་ལུས་ཀྱིས་འོག་མིན་གྱི་གནས་སུ་སོང་སྟེ། བསྐལ་པ་གྲངས་མེད་པ་གསུམ་ལས་ངེས་པར་འབྱུང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དོན་ཐམས་ཅད་གྲུབ་པའི་གཟུགས་སུ་བདག་ཉིད་བསམས་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀྱང་།
སངས་རྒྱས་ཀྱི་ཞིང་འདི་ཏིལ་གྱི་གོང་བུ་བཞིན་དུ་ཡོངས་སུ་གང་བར་རྣམ་པར་བསམས་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཟུགས་ཀྱི་སྐུ་ཉིད་དང་། ཆོས་ཉིད་དག་ཀྱང་དྲན་པར་བྱའོ། །དེ་ནས་ཐེག་པ་ཆེན་པོའི་ངེས་པར་འབྱུང་བའི་ཆོས་སོ། །དེ་ནས་ཐེག་པ་ཆེན་པོའི་བྱང་ཆུབ་སེམས་
དཔའ་དགེ་འདུན་རྗེས་སུ་དྲན་པར་བྱས་ལ། སེམས་ཅན་ཐམས་ཅད་དང་། འགྲོ་བ་ཐམས་ཅད་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱིས་བསྡུས་པ་རྣམས་སུ་ལྷག་པར་བྱམས་པ་བསྐྱེད་པ་དང་། ངན་འགྲོ་ཐམས་ཅད་ལ་སོགས་པའི་སྡུག་བསྔལ་གྱིས་ཀུན་དུ་གཟིར་བ་རྣམས་ལ་སྙིང་
རྗེ་བ་དང་། འཕགས་པ་ཐམས་ཅད་ལ་དགའ་བ་དང་། འཇིག་རྟེན་གྱི་ཆོས་ཐམས་ཅད་ལ་ཡང་བཏང་སྙོམས་པར་བྱ་བ་དང་། ཆོས་ཐམས་ཅད་ལ་ཡང་དངོས་པོ་མེད་པའི་ངོ་བོ་ཉིད་དང་། སྒྱུ་མ་ལྟ་བུ་དང་། མིག་ཡོར་ལྟ་བུར་ལྷག་པར་མོས་པར་བྱས་ལ། བྱང་ཆུབ་ཀྱི་སེམས་དང་ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིན་པ་དང་། ཐབས་མཁས་པའི་སྤྱད་པ་དང་། རིགས་ལྔ་རྣམས་དང་། རྡོ་རྗེ་དང་དྲིལ་བུ་དང་། ཕྱག་རྒྱ་དང་། སློབ་དཔོན་ཉིད་དང་། བྱམས་པ་དང་། མི་འཇིགས་པ་དང་། ཟང་ཟིང་དང་། ཆོས་ཀྱི་སྦྱིན་པ་དང་། ཐེག་པ་གསུམ་གྱིས་ངེས་པར་འབྱུང་བའི་ཚུལ་ཐམས་ཅད་སྟོན་པ་དང་། གསང་
སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པ་རྣམས་མངོན་སུམ་དུ་བྱས་ལ། སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བ་དམ་པ་གྲུབ་པར་བྱ་བའི་ཕྱིར། །རྣམ་པར་སྣང་མཛད་དུ་གྱུར་ཅིག་ཅེས་སྨོན་ལམ་བཏབ་ལ། མི་གཡོ་བའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་བྱའོ། །དེ་ནས་རིམ་པ་འདིས་མངོན་
པར་བྱང་ཆུབ་པ་མངོན་དུ་བྱའོ། །རྡོ་རྗེའི་སྐྱིལ་མོ་ཀྲུང་བཅས་ལ་དེའི་སྟེང་དུ་རྡོ་རྗེ་བསྡམས་པ་བཀན་ཏེ་གཞག་ལ། རང་གི་སྙིང་གར་སེམས་དཔའི་རྡོ་རྗེ་རྣམ་པར་བསམས་ནས་འདི་ལྟར་བསྒོམ་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སངས་རྒྱས་ཀྱི་ཞིང་འདི། དཔེར་ན་ཏིལ་གྱི་གོང་
བུ་བཞིན་དུ་ཡོངས་སུ་གང་བར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་འདུས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དོན་ཐམས་ཅད་གྲུབ་པ་ཞེས་བྱ་བ། བྱང་ཆུབ་ཀྱི་སྙིང་པོར་བཞུགས་པ་གང་ན་བ་དེར་གཤེགས་ཏེ། བྱང་ཆུབ་སེམས་དཔའ་དེ་ལ་ཆེད་དུ་ལོངས་སྤྱོད་རྫོགས་
པའི་སྐུ་བསྟན་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ཁྱོད་ཀྱིས་གང་གི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མངོན་པར་མ་རྟོགས་པར་དཀའ་བ་སྤྱོད་པ་ཐམས་ཅད་ལ་སྤྲོ་བ་བསྐྱེད་ཅིང་། ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་བྱ་སྙམ་
མམ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དོན་ཐམས་ཅད་གྲུབ་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བསྐུལ་བས་མི་གཡོ་བའི་ཏིང་ངེ་འཛིན་ལས་བཞེངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བྱས་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་
གཤེགས་པ་རྣམས། དེ་ཁོ་ན་ཉིད་ཇི་ལྟ་བུ་ལགས། ཇི་ལྟར་བསྒྲུབ་པར་བགྱི། བཀའ་སྩལ་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱིས་གསུང་གཅིག་ཏུ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་རང་གི་སེམས་ལ་རྟོག་ཅིང་མཉམ་པར་ཞོག་ལ།

རང་བཞིན་གྱིས་གྲུབ་པའི་སྔགས་ཅི་དགར་ཟློས་ཤིང་བསྒྲུབ་པ་གྱིས་ཤིག །ཨོཾ་ཙིཏྟ་པྲ་ཏི་བེ་དྷཾ་ཀ་རོ་མི། དེ་ནས་བྱང་ཆུབ་སེམས་དཔས་དེ་བཞིན་གཤེགས་པ་ཐམས་ཅད་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་བདག་གི་སྙིང་ག་
ན་ཟླ་བའི་དཀྱིལ་འཁོར་ལྟ་བུར་གདའ་བ་བདག་གིས་རྟོགས་སོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་སེམས་དེ་ནི་རང་བཞིན་གྱིས་འོད་གསལ་བས་ན། དེ་ནི་ཇི་ལྟ་བུར་སྦྱངས་པ་དེ་ལྟ་བུར་འགྱུར་ཏེ། དཔེར་ན་རས་དཀར་པོ་ཚོན་གྱིས་བསྒྱུར་
བ་བཞིན་ནོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རང་བཞིན་གྱིས་འོད་གསལ་བའི་སེམས་ཤེས་པ་རྒྱས་པར་བྱ་བའི་ཕྱིར། ཨོཾ་བོདྷི་ཙིཏྟ་ཨུཏྤཱ་ད་ཡཱ་མི། ཞེས་རང་བཞིན་གྱིས་གྲུབ་པའི་སྔགས་འདིས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བྱང་ཆུབ་ཀྱི་སེམས་
བསྐྱེད་པར་གྱུར་ཏེ། དེ་ནས་བྱང་ཆུབ་སེམས་དཔས་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཀས་བྱང་ཆུབ་ཀྱི་སེམས་བསྐྱེད་ནས། འདི་སྐད་ཅེས་གསོལ་ཏོ། །ཟླ་བའི་དཀྱིལ་འཁོར་ལྟ་བུར་མཐོང་བ་གང་ལགས་པ་དེ་ནི་ཟླ་བའི་དཀྱིལ་འཁོར་ཉིད་དུ་མཐོང་ངོ་ཞེས་སོ། །དེ་བཞིན་
གཤེགས་པ་ཐམས་ཅད་ཀྱིས་བཀའ་སྩལ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་སེམས་བསྐྱེད་པ་ཀུན་དུ་བཟང་པོ་ཁྱོད་ཀྱིས་མངོན་སུམ་དུ་གྱུར་གྱིས་དེ་ལེགས་པར་བསྒྲུབས་ཤིག །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སེམས་བསྐྱེད་པ་ཀུན་དུ་བཟང་པོ་དེ་བརྟན་པར་བྱ་
བའི་ཕྱིར། སྔགས་འདིས་རང་གི་སེམས་ཟླ་བའི་དཀྱིལ་འཁོར་ལ་རྡོ་རྗེའི་དབྱིབས་སུ་སོམས་ཤིག །ཨོཾ་ཏིཥྛ་བཛྲ། བྱང་ཆུབ་སེམས་དཔས་གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ན་རྡོ་རྗེར་བདག་གིས་མཐོང་ངོ་། །དེ་བཞིན་གཤེགས་པ་
ཐམས་ཅད་ཀྱིས་བཀའ་སྩལ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སེམས་བསྐྱེད་པ་ཀུན་དུ་བཟང་པོའི་སེམས་རྡོ་རྗེ་འདི་སྔགས་འདིས་བརྟན་པར་གྱིས་ཤིག །ཨོཾ་བཛྲ་ཨཱཏྨ་ཀོ྅ཧཾ། དེ་ནས་ནམ་མཁའི་དབྱིངས་ཐམས་ཅད་དུ་མཉམ་པར་འཇུག་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་

དང་གསུང་དང་ཐུགས་རྡོ་རྗེའི་དབྱིངས་ཇི་སྙེད་པ་དེ་དག་ཐམས་ཅད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱི་རླབས་ཀྱིས་སེམས་དཔའི་རྡོ་རྗེ་དེར་ཞུགས་སོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆེན་པོ་དོན་ཐམས་ཅད་གྲུབ་པ་དེ་ལ། རྡོ་རྗེའི་
དབྱིངས་རྡོ་རྗེའི་དབྱིངས་ཞེས་བྱ་བ་རྡོ་རྗེའི་མིང་གིས་དབང་བསྐུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེའི་དབྱིངས་ཀྱིས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ནི་བདག་
ལགས་པར་མཐོང་ལགས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཀའ་སྩལ་པ། སེམས་དཔའ་ཆེན་པོ་དེ་ལྟ་བས་ན། སེམས་དཔའི་རྡོ་རྗེ་དེ་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པའི་སངས་རྒྱས་ཀྱི་སྐུར་བདག་ཉིད་རང་བཞིན་གྱིས་གྲུབ་པའི་སྔགས་འདིས་ཅི་དགར་ཟློས་ལ་བསྒོམས་
ཤིག །ཨོཾ་ཡ་ཐཱ་སརྦ་ཏ་ཐཱ་ག་ཏ་ཏ་ཐཱ་ཨ་ཧཾ། དེ་ནས་དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་དབྱིངས་ཀྱིས་བདག་དེ་བཞིན་གཤེགས་པ་མངོན་པར་རྫོགས་པར་སངས་རྒྱས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བྱས་ཏེ། འདི་སྐད་ཅེས་གསོལ་ཏོ། །
བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་བྱིན་གྱིས་རློབས་ལ། མངོན་པར་རྫོགས་པར་བྱང་ཆུབ་པ་འདི་བརྟན་པར་མཛོད་ཅིག །དེ་ནས་དེ་སྐད་ཅེས་གསོལ་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་དེ་བཞིན་གཤེགས་པ་རྡོ་རྗེ་དབྱིངས་ཀྱི་སེམས་དཔའི་རྡོ་རྗེ་དེར་ཞུགས་སོ། །
ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་སཾ་བོ་དྷི་དྲྀ་ཌྷ་བཛྲ་ཏིཥྛ་ཞེས་བྱ་བ་དང་། དེའི་སྙིང་ག་དང་། སྨིན་མཚམས་དང་། ལྐོག་མ་དང་། སྤྱི་བོ་རྣམས་སུ་གོ་རིམས་ཇི་ལྟ་བ་བཞིན་དུ། རྡོ་རྗེ་སེམས་མ་དང་། རྡོ་རྗེ་རིན་ཆེན་མ་དང་། རྡོ་རྗེ་ཆོས་མ་དང་། རྡོ་རྗེ་ལས་མས་བརྟན་པར་བྱ་བའི་ཕྱིར་མངོན་པར་བྱང་ཆུབ་པ་རྫོགས་པར་
བྱས་པར་གྱུར་ཏོ། །དེ་ནས་སླར་བྱུང་སྟེ། ཡང་བཛྲ་རཏྣ་ཨ་བྷི་ཥིཉྩ་ཞེས་བྱ་བའི་སྙིང་པོ་ཟློས་པས། དེ་ལ་རིན་པོ་ཆེའི་ཅོད་པན་དང་། དར་དཔྱངས་ཀྱིས་དབང་བསྐུར་བ་བྱིན་ནོ། །དེ་ནས། མདོར་ན་འཇིག་རྟེན་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་བའི། །

ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །ཞེས་བྱ་བ་དང་། དེ་བཞིན་དུ་རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། ལས་དང་། ཁྲོ་བོའི་འཁོར་ལོ་རབ་ཏུ་བསྐོར། །ཞེས་བྱ་བའི་རྗེས་སུ་གནང་བའི་དབང་བསྐུར་བ་བྱིན་པས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཚོགས་ཀྱི་ཡེ་
ཤེས་བསྐྱེད་ནས། སངས་རྒྱས་ཀྱི་སྤྲུལ་པའི་ལས་དང་། སེམས་ཅན་གྱི་བྱ་བའི་ལས་ཀྱིས། སྣ་ཚོགས་པའི་ལས་ཉིད་ལ་རབ་ཏུ་གཞག་སྟེ། འདོད་པའི་ཁམས་ཐམས་ཅད་ན་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་རྒྱལ་པོའི་གནས་སུ་བཞག་པར་འགྱུར་བ་དང་། བཅོམ་ལྡན་འདས་རྣམ་པར་སྣང་
མཛད། ཕྱག་ན་རྡོ་རྗེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་བརྒྱད་ཀྱིས་ཡོངས་སུ་བསྐོར་ནས་བཞུགས་སོ། །དེ་ནས་ཨོཾ་བཛྲ་དྷ་ཏྭཱི་ཤྭ་རི་ཧཱུྃ་བཛྲི་ཎི། ཞེས་བྱ་བའི་རིག་སྔགས་འདི་ཕྱག་རྒྱ་དང་ལྡན་པས་སྙིང་ག་དང་། སྨིན་མཚམས་དང་། ལྐོག་མ་དང་། སྤྱི་བོ་རྣམས་སུ་བདག་ཉིད་བྱིན་
གྱིས་བརླབ་པར་བྱའོ། །རྡོ་རྗེ་ཐལ་མོ་ལས། མཐེ་བོང་གཉིས་ནི་བསྣོལ་བྱས་ལ། །མཛུབ་མོ་རྩེ་མོ་བཀུག་ནས་ནི། །གུང་མོ་བསྙམས་པའི་ཚིགས་སུ་སྦྱར། །རྡོ་རྗེ་དབྱིངས་ཀྱི་དབང་མོར་བཤད། །ཅེས་བྱ་བ་འདི་ནི་ཕྱག་རྒྱའོ། །དེ་ལྟར་བདག་ཉིད་བྱིན་གྱིས་བརླབས་ནས། རབ་ཏུ་དགའ་བ་
རྣམ་པར་དག་པའི་གནས་འདི་ནི། བྱང་ཆུབ་སེམས་དཔའི་གནས་སོ་ཞེས་བྱ་བ་ལ་སོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱིས་སྒོའི་ཆོས་སྟོན་པར་འགྱུར་བ་སྟེ། གཞུང་འདི་དག་གིས་ནི་དང་པོའི་སྦྱོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་སྟོན་པར་གྱུར་པ་ཡིན་ནོ། །དེ་ལྟར་དང་པོའི་སྦྱོར་བ་མངོན་དུ་
བྱས་ནས། རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། ཧཱུཾ་ཟློས་ཤིང་རྡོ་རྗེ་སེམས་དཔའ་ལ་སོགས་པ་རང་རང་གི་སྙིང་ག་ལས་ཕྱུང་སྟེ། ཇི་སྐད་བཤད་པའི་དཀྱིལ་འཁོར་གྱི་དབུས་སུ་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་བཀུག་སྟེ། བཅུག་ལ་བཅིངས་ཏེ་དབང་དུ་བྱས་ལ། རྡོ་རྗེ་སེམས་
དཔའ་ལ་སོགས་པ་དང་ལྷན་ཅིག་ཏུ་གྱུར་ནས། རྡོ་རྗེ་སེམས་དཔའ་ལ་སོགས་པ་ནས། ཆུ་ལྷའི་མཐར་ཐུག་གི་བར་དུ་རང་གི་གནས་སུ་ཧཱུཾ་ཉིད་ཀྱིས་གཞག་པར་བྱ་སྟེ། འདི་ནི་དཀྱིལ་འཁོར་གྱི་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གཉིས་པའོ། །དེ་ནས་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་གཉིས་པ་བཅིངས་ལ། ཨོཾ་

བཛྲ་ས་མ་ཡ་ཛཿཛཿཛཿཧཱུཾ་བཾ་ཧོཿ། ཞེས་བརྗོད་དེ། སྒོ་དབྱེ་བ་སྔོན་དུ་འགྲོ་བ་བསྡུ་བར་བྱའོ། །དེ་ནས་རྡོ་རྗེ་བསྡུ་བ་དེས་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་དང་བཅས་པ་བྱོན་
པར་བྱས་པ་དང་། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱ་ད་བནྡྷ་ནཾ་ཀ་རོ་མི། ཞེས་བརྗོད་ཅིང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞབས་ལ་ཕྱག་བྱས་ནས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཨེ་མའོ་བྱང་ཆུབ་སེམས་དཔའ་ཡི། །ཀུན་ཏུ་བཟང་པོ་སྤྱོད་པ་མཆོག །དེ་བཞིན་གཤེགས་པའི་འཁོར་ལོ་
ཡི། །དབུས་ན་དེ་བཞིན་གཤེགས་པ་མཛེས། །དེ་ནས་ཆེད་དུ་བརྗོད་པ་དེ་སྐད་དུ་སྨྲས་ནས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ནས་འདུས་པའི་དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་དང་བཅས་པ་དེ་དག་ཐམས་ཅད་དེ་བཞིན་གཤེགས་པ་ཐམས་
ཅད་ཀྱི་བྱིན་གྱི་རླབས་ཀྱིས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོའི་ཐུགས་སུ་ཞུགས་སོ། །དེ་ནས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱི་ཐུགས་ཀ་ནས་རྡོ་རྗེ་ཡིད་ལས་བྱུང་བ་ལ་སོགས་པ་ནས། ཆུ་ལྷའི་མཐར་ཐུག་པའི་བར་དུ་ཕྱུང་ནས། རྡོ་རྗེ་ཡིད་ལས་བྱུང་བ་ལ་སོགས་པ་ནས། ཆུ་ལྷའི་
མཐར་ཐུག་པ་དང་བཅས་པ་དང་། གཅིག་ཏུ་གྱུར་ནས་གནས་ཏེ། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཨེ་མའོ་སངས་རྒྱས་ཐམས་ཅད་ཀྱིས། །རྒྱ་ཆེན་གདོད་ནས་སྐྱེ་བ་མེད། །རྡུར་ཕྲན་ཇི་སྙེད་ཐམས་ཅད་ཀྱི། །སངས་རྒྱས་རྣམས་ནི་གཅིག་ཏུ་གྱུར། །དེ་ནས་བདེ་བ་ཆེན་པོ་ཡིས། །རྡོ་རྗེའི་ཕྱག་རྒྱ་
ཐམས་ཅད་བཅིངས་ནས། ཧཱུྃ་ཟློས་པ་ལ་འབད་པའི་རྣལ་འབྱོར་པ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་དེ་རྣམས་ཀྱིས་བླངས་ནས། དབང་བསྐུར་བ་ཐམས་ཅད་ཀྱིས་དབང་བསྐུར་བར་གྱུར་པར་བདག་ཉིད་བསམས་ལ། དབང་བསྐུར་བ་ཐམས་ཅད་བླང་བར་བྱའོ། །དེ་ལྟར་དབང་བསྐུར་བ་བླངས་
ནས། རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་ནས་ཆུ་ལྷའི་མཐར་ཐུག་པའི་བར་དུ་རྡོ་རྗེ་གཟུགས་དང་། སྒྲ་དང་། དྲི་དང་། རོའི་ལས་ཀྱི་ཕྱག་རྒྱ་རྣམས་ཀྱིས་བཀུག་ལ་བཅུག་སྟེ། བཅིངས་ལ་དབང་དུ་བྱས་ཏེ། མཆོད་ཡོན་ཕུལ་ཏེ་ཕྱག་རྒྱ་བཞིས་རྒྱས་བཏབ་ལ། རང་གི་དབང་བསྐུར་བས་དབང་བསྐུར་བར་བྱ་སྟེ།

འདི་ནི་ལས་ཀྱི་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གསུམ་པའོ། །དེ་ལ་རང་གི་ལས་ལ་ངེས་པར་སྦྱོར་བའི་རབ་ཏུ་སྦྱོར་བ་ནི་འདི་ཡིན་ཏེ། རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་བཅིངས་ལ། འདི་སྐད་ཅེས་བརྗོད་པར་བྱ་སྟེ། སེམས་ཅན་གྱི་ཁམས་ཐམས་ཅད་རབ་ཏུ་དགའ་བ་རྣམ་པར་
དག་པའི་གནས་ལ་དགོད་པར་མཛོད་ཅིག །ཧཱུྃ་དེ་བཞིན་དུ་རྡོ་རྗེ་རོའི་བར་དུ་ཕྱག་རྒྱ་ཆེན་པོ་བཅིངས་ལ། འདི་སྐད་ཅེས་བརྗོད་པར་བྱ་སྟེ། སེམས་ཅན་གྱི་ཁམས་ཐམས་ཅད་རོ་རྣམ་པར་དག་པའི་གནས་ལ་རབ་ཏུ་དགོད་པར་མཛོད་ཅིག །ཧཱུྃ་དེ་ལྟར་ཏིང་ངེ་འཛིན་གསུམ་རྣམ་པར་བསྒོམས་ནས།
ཡང་རྡོ་རྗེ་བསྡུ་བ་བྱའོ། །དེ་ནས་རྡོ་རྗེ་སེམས་དཔའ་ཡི། །ཕྱག་རྒྱ་ཆེན་པོ་སྒོམ་བྱེད་ཅིང་། །མིང་བརྒྱ་རྩ་བརྒྱད་དམ་པ་ནི། །ལན་ཅིག་བར་དུ་བརྗོད་པར་བགྱི། །དཔལ་མཆོག་དང་པོ་སེམས་དཔའ་ཆེ། །ཞེས་བྱ་བ་ནས་བརྩམས་ཏེ། མགོན་པོ་ཁྱོད་ལ་དད་བགྱིས་པས། །རྡོ་རྗེ་སེམས་དཔའ་
དེང་བདག་གྲུབ། །ཅེས་བྱ་བའི་མཐར་ཐུག་པའི་བར་གྱིས་བསྟོད་དོ། །དེ་ནས་སྔར་བཤད་པའི་གསང་བའི་ལྕགས་ཀྱུས་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱ་བ་དག་བྱས་ལ། དཀྱིལ་འཁོར་གྱི་ལྷ་ཐམས་ཅད་རང་རང་གི་གནས་སུ་ངེས་པར་དགོད་པར་བྱའོ། །དེ་ནས་རྡོ་རྗེ་
གནོད་སྦྱིན་གྱིས་བགེགས་བསལ་བར་བྱས་ལ། རབ་དང་དྲ་བ་བྱས་ཏེ། རྡོ་རྗེ་ཁུ་ཚུར་གྱིས་སྒོ་བཅད་དེ། ཨོཾ་བཛྲ་རཀྵ་ཧྃ། ཞེས་བྱ་བ་དང་། རྡོ་རྗེ་བསྲུང་བའི་དམ་ཚིག་གི་ཕྱག་རྒྱས་བསྲུང་བ་ཐམས་ཅད་ཡང་དག་པར་བསྲུང་བར་བྱའོ། །རྡོ་རྗེ་བསྡམས་པ་བཅིངས་ལ། མཐེ་བོང་དང་མཐེ་ཆུང་གཉིས་ཐད་
ཀར་སྦྱར་ལ། མཛུབ་མོ་གཉིས་གཤིབས་པ་འདི་ནི་རྡོ་རྗེ་བསྲུང་བའི་དམ་ཚིག་གི་ཕྱག་རྒྱའོ། །དེ་ནས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་འཁོར་དང་བཅས་པ་ལ་མཆོད་ཡོན་ཧཱུྃ་དང་བཅས་པར་ཕུལ་ལ། དང་པོའི་རྡོ་རྗེ་བཅིངས་ཏེ། རང་གི་སྙིང་གའི་ཟླ་བ་ལ་ཧཱུཾ་ལས་དང་པོའི་རྡོ་རྗེ་བསྐྱེད་ལ། ཧཱུཾ་དྲྀ་ཤྱ་
ཞེས་བྱ་བས་བཅོམ་ལྡན་འདས་འཁོར་དང་བཅས་པ་བལྟ་བར་བྱས་ནས། ཛཿཧཱུཾ་བཾ་ཧོཿས་མ་ཡ་སྟྭཾ་ས་མ་ཡ་སྟྭ། ཨ་ཧྃ་ཧཱུྃ། ཞེས་ལན་གསུམ་བརྗོད་དོ། །བཅོམ་ལྡན་འདས་འཁོར་དང་བཅས་ཏེ་བསྒྲུབ་པར་བྱའོ། །དེ་ནས་རང་གི་ལྕེ་ལ་རྡོ་རྗེ་དེ་བཞིན་དུ་བསྐྱེད་ལ། ལྷ་ཐམས་ཅད་ཀྱི་ལྗགས་ལ་ཡང་

ཧཱུྃ་བསམ་པར་བྱ་སྟེ། འདི་ནི་དེ་རྣམས་ཀྱི་ཆོས་ཀྱི་ཕྱག་རྒྱའོ། །དེ་ནས་རང་གི་སྙིང་གར་ཨ་ལས་སྣ་ཚོགས་རྡོ་རྗེ་བསྐྱེད་ལ། རྡོ་རྗེ་སེམས་དཔའ་ལ་སོགས་པ་རང་གི་ལས་ཀྱི་ཕྱག་རྒྱ་ཧཱུཾ་ཟློས་ཤིང་གར་ལས་བྱུང་བ་སྟེ། བ་དན་གསུམ་པ་རྩེ་གསུམ་ཅན། །བསྒྱིངས་པས་མཐའ་སོགས་ལས་གྲོལ་
བས། །གློག་འགྱུ་ལྟར་འདེགས་མདུན་དུ་བསྐོར། །དེ་ནི་རྡོ་རྗེ་གར་ཞེས་བཤད། །ཅེས་བྱ་བ་དང་། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་གཡོན་པ་དཀུར་བསྟེན་ནས། གཡས་པས་བསྟོད་པའི་ཚུལ་གྱིས་སྙིང་གར་འཛིན་པ་འདི་ནི་བཅོམ་ལྡན་འདས་ཀྱི་ལས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་གཉིས་
ཀྱིས་མདའ་གསོར་བ་དང་བཅས་པ་གཡོན་དུ་འཕེན་པ་ནི་རྡོ་རྗེ་ཡིད་ལས་བྱུང་བའིའོ། །ཁུ་ཚུར་གཉིས་པ་དེ་དག་ཉིད་ཀྱིས་རང་ལ་འཁྱུད་པར་བྱེད་པ་དེ་ནི་ཀཱི་ལི་ཀཱི་ལའིའོ། །རྡོ་རྗེ་ཁུ་ཚུར་གཉིས་པོ་དེ་དག་ཉིད་ཀྱིས་རྒྱལ་མཚན་བསྒྲེང་བའི་ཚུལ་དུ་བྱེད་པ་ནི་རྡོ་རྗེ་བདུག་པའིའོ། །རྡོ་རྗེ་ཁུ་ཚུར་དེ་དག་ཉིད་
བཀན་ནས་ལག་པ་གཉིས་རྐེད་པ་གཉིས་སུ་འཇོག་པ་ནི་རྡོ་རྗེ་སྙེམས་པའིའོ། །མེ་ཏོག་ལ་སོགས་པ་ནས་གར་གྱི་བར་གྱི་ལས་ཀྱི་ཕྱག་རྒྱ་དམ་ཚིག་གི་ཕྱག་རྒྱའི་ཚུལ་དུ་བྱས་པ་ནི་ལས་ཀྱི་ཕྱག་རྒྱར་འགྱུར་རོ། །རྡོ་རྗེ་གཟུགས་ལ་སོགས་པ་ནས་ཆུ་ལྷ་ལ་སོགས་པའི་མཐར་ཐུག་པ་རྣམས་ཀྱི་ལས་ཀྱི་
ཕྱག་རྒྱ་ནི་བྲིས་པའི་རྗེས་སུ་མཐུན་པའི་ཕྱག་རྒྱ་ཆེན་པོ་གང་དག་ཡིན་པ་དེ་དག་ཉིད་ལས་ཀྱི་ཕྱག་རྒྱའི་ཚུལ་རབ་ཏུ་སྦྱར་བ་འདིར་ལས་ཀྱི་ཕྱག་རྒྱར་འགྱུར་རོ། །དེ་བཞིན་གཤེགས་པ་རྣམས་ཀྱི་ལས་ཀྱི་ཕྱག་རྒྱ་ནི་དེ་བཞིན་གཤེགས་པའི་ཁུ་ཚུར་ལས་བྱུང་བ་ཡིན་ཏེ། གཡོན་པ་དེ་བཞིན་གཤེགས་པའི་ཁུ་
ཚུར་སྙིང་གའི་ཕྱོགས་སུ་ཆོས་གོས་ཀྱི་རྩེ་མོ་འཛིན་པའི་ཚུལ་གྱིས་གཞག་ལ། གཡས་པའི་སོར་མོ་ཐམས་ཅད་བརྐྱང་པས། ས་ལ་རེག་པའི་ཚུལ་དུ་བྱ་བ་འདི་ནི་མི་བསྐྱོད་པའིའོ། །འདི་ཉིད་ལག་པ་གཡས་པ་རྐྱོང་པའི་ཚུལ་དུ་བཞག་པ་འདི་ནི་རིན་ཆེན་འབྱུང་ལྡན་གྱིའོ། །མི་བསྐྱོད་པའི་ཕྱག་རྒྱ་
ལས་གཡོན་པའི་ཆོས་གོས་ཀྱི་རྩེ་མོ་འཛིན་པའི་ལག་པས་པདྨའི་སྡོང་བུ་བཟུང་ལ། ལག་པ་གཡས་པའི་པདྨ་འདབ་མ་ཁ་འབྱེད་པ་ལྟ་བུ་ནི་འོད་དཔག་ཏུ་མེད་པའིའོ། །མི་བསྐྱོད་པའི་ཕྱག་རྒྱ་ལས་ལག་པ་གཡས་པ་བ་དན་གསུམ་པ་ལྟར་བྱས་ཏེ། མི་འཇིགས་པ་སྦྱིན་པའི་ཚུལ་དུ་བཞག་པ་ནི་དོན་

ཡོད་གྲུབ་པའི་ལས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། ལག་པ་གཉིས་སྙེམས་པ་དང་བཅས་པ་དང་། འདེགས་པའི་ཚུལ་གྱིས་འཇོག་པ་འདི་ནི་ཕྱག་ན་རྡོ་རྗེའིའོ། །ལག་པ་གཡོན་པ་སྙིང་གར་བཞག་ལ། གཡས་པ་རལ་གྲི་འཛིན་པ་ལྟ་བུ་ནི་འཇམ་དཔལ་
གྱིའོ། །རྡོ་རྗེ་ཁུ་ཚུར་གཉིས་དབང་བསྐུར་བའི་གནས་སུ་འཇོག་པ་ལྟ་བུ་ནི་ནམ་མཁའི་སྙིང་པོའིའོ། །རྡོ་རྗེ་གར་བསྐོར་ལ་དཀྲོལ་ཏེ་ཐལ་མོ་ཁོང་སྟོང་དུ་བྱས་ནས་སྤྱི་གཙུག་ཏུ་འཇོག་པ་ནི་ནམ་མཁའི་མཛོད་ཀྱིའོ། །གཡས་དང་གཡོན་གྱི་པདྨ་ཁ་འབྱེད་པ་ལྟ་བུར་བྱེད་པ་ནི། སྤྱན་རས་གཟིགས་དབང་
ཕྱུག་གིའོ། །མགལ་མེའི་འཁོར་ལོ་བསྐོར་བ་ལྟ་བུར་བྱ་བ་ནི་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བའིའོ། །རྡོ་རྗེ་ཁུ་ཚུར་གཉིས་ངེས་པར་འཚིར་བ་ནི་རྡོ་རྗེ་ཁུ་ཚུར་གྱིའོ། །མཐེའུ་ཆུང་དང་མཛུབ་མོ་མཆེ་བ་ལྟར་བྱ་བ་འདི་ནི་རྡོ་རྗེ་གནོད་སྦྱིན་གྱི་ལས་ཀྱི་ཕྱག་རྒྱའོ། །དེ་ནས་ཕྱག་རྒྱ་ཆེན་པོས་
ཐམས་ཅད་རྒྱས་གདབ་པར་བྱ་སྟེ། དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་ནི་བཤད་ཟིན་ཏོ། །གཞན་དག་གིས་ཡང་བྲིས་པ་དང་། རྗེས་སུ་མཐུན་པར་བཅིང་བར་བྱའོ། །དེའི་འོག་ཏུ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སངས་རྒྱས་ཀྱི་ཕྲེང་བ་ལ་སོགས་པས་དབང་བསྐུར་ལ། དེ་བཞིན་
གཤེགས་པ་རྣམས་དང་། ཕྱི་རོལ་གྱི་རྡོ་རྗེའི་རིགས་ཆུ་ལྷའི་བར་དུ་ཡང་རྡོ་རྗེ་རིན་པོ་ཆེའི་དབང་བསྐུར་བས་དབང་བསྐུར་རོ། །རྡོ་རྗེ་ཡིད་ལས་བྱུང་བ་ལ་སོགས་པ་ནས། རྡོ་རྗེ་རོའི་མཐར་ཐུག་པ་དང་། ཕྱག་ན་རྡོ་རྗེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་བརྒྱད་ནི། སངས་རྒྱས་ལྔའི་དབུ་རྒྱན་གྱི་ཕྱག་
རྒྱས་དབང་བསྐུར་བར་བྱའོ། །དེ་ནས་རྡོ་རྗེ་རྣམ་པར་སྒེག་པའི་ཕྱག་རྒྱས་ཕྱག་བྱས་ལ། འདོད་ཆགས་ཆེན་པོ་བདེ་བ་ཆེ། །རྡོ་རྗེ་ཆེན་པོ་ནོར་ཆེ་ཞིང་། །ཡེ་ཤེས་ཆེན་པོ་ལས་ཆེ་བ། །རྡོ་རྗེ་སེམས་དཔར་དེང་འགྲུབ་མཛོད། །ཅེས་བྱ་བའི་དེ་ཁོ་ན་ཉིད་ཀྱིས་ཡང་དག་པར་བསྐུལ་ལ། བསྟོད་པའི་ཕྱག་རྒྱ་
བཅིངས་ཏེ། ཡང་མཚན་བརྒྱ་རྩ་བརྒྱད་པས་ཡང་དག་པར་བསྟོད་དོ། མཆོད་ཡོན་ཕུལ་ལ། བཅོམ་ལྡན་འདས་འཁོར་དང་བཅས་པ་ལ། མེ་ཏོག་ལ་སོགས་པ་མཆོད་པ་རྣམ་པ་ལྔས་བཛྲ་སྥ་ར་ཎ་ཁྃ་ཧཱུྃ་ཞེས་འདོན་ཞིང་ཡང་དག་པར་མཆོད་དེ། རྡོ་རྗེ་མཚོན་ཆ་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་རྣམ་པ་བཅུ་

གཉིས་ཀྱིས་ཀྱང་ལེགས་པར་མཆོད་དོ། །དེ་ནས་ཕྱག་བཞི་བྱས་ལ། ཨོཾ་བཛྲ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བས་ལྷ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་ངོ་བོ་ཉིད་དུ་ཡེ་ཤེས་བདག་ཉིད་བསྒོམ་པ་དང་། ཨོཾ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་བྱ་བས་གཟུགས་བརྙན་དང་མཚུངས་ཤིང་དེ་ཁོ་ན་ཉིད་ཀྱི་ངོ་བོ་ཉིད་དུ་
བསམ་པ་དང་། ཨོཾ་སརྦ་ས་མོ་ཧཾ། ཞེས་བྱ་བས་ཆོས་ཐམས་ཅད་བདག་མེད་པའི་མཉམ་པ་ཉིད་ཀྱིས་ལྷ་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་ཡེ་ཤེས་གཅིག་གི་རྒྱུ་མཐུན་པ་ཡིན་པར་རྣམ་པར་བསྒོམས་ལ། ལྷ་ཐམས་ཅད་ཀྱི་ཐུགས་ཀའི་ཟླ་བའི་རྡོ་རྗེ་ལ་ཧཱུྃ་ཞེས་བྱ་བ་རྣམ་པར་བཀོད་དེ། དེ་ཉིད་འདོན་ཅིང་བཅོམ་
ལྡན་འདས་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་བཅིངས་ལ། དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །དབང་ཕྱུག་ཆེན་པོས་དབང་ཕྱུག་ཆེ། །འདོད་ཆགས་ཆེན་པོ་བདེ་བ་ཆེ། །རྡོ་རྗེ་སེམས་དཔར་བདག་གྱུར་ཅིག །ཅེས་བརྗོད་ལ་བསྒོམས་ཏེ། ལྷ་ཐམས་ཅད་ཀྱི་ཞལ་གྱི་སྒོ་ནས་ཧཱུྃ་གི་སྒྲ་མངོན་པར་སྒྲོགས་
པར་མཛད་པར་བསམས་ཏེ། དེ་ལྟར་ན་ཡང་ཐམས་ཅད་ཀྱི་ཡང་བཟླས་པ་བྱས་པར་འགྱུར་རོ། །བསྒོམས་པས་དུབ་པར་གྱུར་ན། མཚན་བརྒྱ་རྩ་བརྒྱད་ཀྱིས་ཡང་ཡང་དུ་བསྟོད་པ་དང་། མཆོད་པ་རྣམ་པ་བཅུ་གཉིས་དང་། ཕྱག་བྱས་ཏེ་འདི་དག་གིས་ནི་ཐམས་ཅད་སྤྱན་དྲངས་པ་དང་། མཆོད་པ་ཆེན་
པོ་དང་། བདག་ལ་བྱིན་གྱིས་བརླབ་པ་དང་། སྒྲུབ་པ་བཤད་པ་ཡིན་ནོ། །དེ་ནས་བྷ་ར་ཏ་དང་བི་ཤི་ཁ་ལ་མཁས་པའི་སྒྲུབ་པ་དང་རྗེས་སུ་སྒྲུབ་པ་དག་བཤད་པར་བྱ་སྟེ། དེ་ལ་ཧཱུྃ་གི་གླུ་ནི་རྗེས་སུ་སྒྲུབ་པ་སྟེ། རྡོ་རྗེ་དང་དྲིལ་བུ་དང་། གླིང་བུ་དང་། པི་ཝང་དང་། ཅང་ཏེའུ་དང་། རྫ་རྔ་དང་། རྔ་བོ་ཆེ་ལ་སོགས་པའི་
རོལ་མོ་རྣམས་དང་། བརྡུང་བའི་ཐལ་མོ་དང་བཅས་པ་དང་། ཧཱུྃ་གི་གླུ་ཉིད་ཀྱིས་དཔལ་རྡོ་རྗེ་སེམས་དཔའི་སྐུ་དང་གསུང་དང་ཐུགས་ཡང་དག་པར་སྟོན་པ་ནི་རྗེས་སུ་སྒྲུབ་པ་སྟེ། དེ་སྐད་དུ། རང་ལྷ་ཇི་བཞིན་སྦྱོར་བ་ཡི། །རྡོ་རྗེ་ཀུན་མཆོག་ལུས་དང་ནི། །གླུ་དང་རོལ་མོའི་ཆོ་ག་དང་། །རྡོ་རྗེ་ཉིད་ཀྱིས་མཉེས་
པར་བྱ། །རང་ལྷར་ཇི་བཞིན་སྦྱོར་བ་ཡི། །རྩ་བའི་དབྱངས་ཀྱིས་རབ་བསྐུལ་ཞིང་། །གླུ་དང་རོལ་མོའི་ཆོ་ག་དང་། །དྲིལ་བུ་ཉིད་དང་གླུར་བླང་ངོ་། །རང་ལྷར་ཇི་བཞིན་སྦྱོར་བ་ཡི། །སྣ་ཚོགས་ཕྱག་རྒྱའི་བདག་པོའི་མཆོག །གླུ་དང་རོལ་མོའི་ཆོ་ག་དང་། །དམ་ཚིག་ཉིད་ཀྱང་རྗེས་སུ་སྒྲུབ། །རྡོ་རྗེ་དྲིལ་བུ་

རོལ་མོ་མཉམ། །སྣ་ཚོགས་བརྩོན་པའི་རོལ་མོ་དང་། །རང་གསང་ཆོ་ག་ལེགས་བརྗོད་པས། །གཡས་པའི་ཐལ་མོ་རབ་ཏུ་འགྲུབ། །འདི་ཡིས་རྟོག་པ་ཐམས་ཅད་ལ། །རྡོ་རྗེའི་ཆ་ལུགས་བསྐུལ་བྱས་པ། །རང་གི་ལྷ་ཡི་གཞིར་གྱུར་གྱི། །དམ་ཚིག་ཐམས་ཅད་འགྲུབ་པར་
འགྱུར། །དེ་ནས་རྗེས་སུ་སྒྲུབ་པའི་ལན་བཤད་པར་བྱ་སྟེ། སློབ་མའི་ཚོགས་དང་བཅས་པ་དང་། །ཤིན་ཏུ་བྱང་བར་བསླབས་པའི་བུད་མེད་ཀྱི་ཚོགས་དང་། རྡོ་རྗེའི་གར་དང་། མཆོད་པའི་སྦྱོར་བ་དང་། སྣ་ཚོགས་པའི་ཕྱག་རྒྱ་མཆོད་པའི་སྦྱོར་བ་རྣམས་ཀྱིས་ཀྱང་བྱའོ། །དེ་ལ་རྡོ་རྗེའི་གར་ནི་འདི་ཡིན་
ཏེ། རྡོ་རྗེའི་གར་གྱིས་གར་བྱེད་ཅིང་། །བསྒྱུར་བཅས་འཛིན་པ་ཆེན་པོ་དང་། །དཀྱིལ་འཁོར་དུ་ནི་གར་བྱེད་ཅིང་། །ཡོངས་སུ་བཟློག་ནས་རབ་ཏུ་སྦྱར། །དེ་ནས་ཕྱག་རྒྱ་དང་ཕྱག་རྒྱའི་ལན་དང་། ཤིན་ཏུ་གསང་བའི་སྣ་ཚོགས་ཕྱག་རྒྱའི་མཆོད་པ་བཤད་པར་བྱ་སྟེ། རྡོ་རྗེ་སེམས་སོགས་ལྷ་རྣམས་ཀྱིས། །
རྟོགས་པ་ཀུན་གྱིས་རྣམ་བརྒྱན་པས། །གཏམ་དང་མཚན་མའི་རྒྱུ་དག་གིས། །གང་ཞིག་བྱེད་པ་དེ་གར་ཡིན། །གསེར་རམ་ཡང་ན་དངུལ་དག་དང་། །དེ་བཞིན་ཤིང་ལས་བྱས་པའི་གདོང་། །རང་གི་གདོང་ངམ་ལྷ་རྣམས་ཀྱི། །གྲུབ་པའི་ཕྱག་རྒྱ་རབ་ཏུ་གནས། །དེ་ལྟར་ལན་ཅིག་བསྒྲུབ་བྱས་ནས། །
དེ་ཡི་འོག་ཏུ་ཅི་བདེར་བྱ། །ཀུན་ཟ་དེ་བཞིན་ཐམས་ཅད་བྱེད། །སྤྱོད་པ་ཅི་དགར་འདོད་པར་བྱེད། །ལངས་པ་དང་ནི་འདུག་པ་དང་། །འཆག་གམ་དེ་བཞིན་གནས་པ་དང་། །དགོད་དམ་རབ་ཏུ་སྨྲ་ཡང་རུང་། །གང་ན་ཇི་ལྟར་སྤྱོད་ཀྱང་རུང་། །དབང་པོ་གང་དང་གང་ལས་གྱུར། །དེ་དང་དེ་ཡི་ངོ་བོར་བྱ། །
མཉམ་པར་མ་གཞག་སྦྱོར་བ་ཡི། །རང་གི་ལྷར་ནི་བསྒྲུབ་པར་བྱ། །དེ་ཉིད་སྦྱར་བ་འདི་ཡིས་ནི། །འདི་དག་ཐམས་ཅད་བསྒྲུབ་བྱས་ནས། །ཐམས་ཅད་རྡོ་རྗེ་སེམས་དཔའི་དངོས། །རྟག་ཏུ་བལྟས་པས་རབ་འགྲུབ་འགྱུར། །ཞེས་གསུངས་པས་གལ་ཏེ་ཤིན་ཏུ་མཉམ་པར་གཞག་པའི་སྦྱོར་བ་བསྒོམས་
པས་དུབ་པར་གྱུར་ཅིང་མཉམ་པར་མ་བཞག་པའི་སྦྱོར་བས་གནས་པར་འདོད་ན། དེའི་ཚེ་ཕྱག་རྒྱ་ཆེན་པོས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་རང་གི་གནས་སུ་གཞག་སྟེ། དང་པོའི་རྡོ་རྗེས་བདག་ཉིད་ལན་ཅིག་བྱིན་གྱིས་བརླབས་ལ་གནས་པར་བྱ་ཞིང་། བྱ་བ་ཐམས་ཅད་བྱས་ལ། ཡང་སླར་ཞུགས་ཏེ།

དང་པོའི་སྦྱོར་བ་དེ་ཉིད་ཀྱིས། ཛཿཧཱུཾ་བཾ་ཧོཿཞེས་བརྗོད་དེ། བཅོམ་ལྡན་འདས་རང་གི་ལུས་ལ་བཅུག་ལ། ཕྱག་རྒྱ་ཆེན་པོ་བཅིངས་ཏེ། དབུས་སུ་འདུག་ལ་མཚན་བརྒྱ་རྩ་བརྒྱད་པས་བསྟོད་དེ། མེ་ཏོག་ལ་སོགས་པ་དང་། མཆོད་པའི་ཕྱག་རྒྱ་བཅུ་གཉིས་ཀྱིས་ཀྱང་ཡང་དག་པར་མཆོད་དེ། དེ་
ནས་ཕྱག་བྱས་ཏེ་དེ་བཞིན་དུ་བསྒོམ་པར་བྱའོ། །གལ་ཏེ་ཕྱག་རྒྱ་ལྷོད་པར་གྱུར་ཏམ། རང་ཉིད་གཏོང་བར་འདོད་ན་དེའི་ཚེ་ཡི་གེ་བརྒྱ་པས་བརྟན་པར་བྱའོ། །གང་གི་ཚེ་གནས་སྐབས་དང་པོ་ཉིད་དམ། གནས་སྐབས་གཉིས་པར་ལྷ་གཤེགས་སུ་གསོལ་བར་འདོད་པར་གྱུར་ན། དེའི་ཚེ་མཚན་བརྒྱ་
རྩ་བརྒྱད་པས་བསྟོད་ཅིང་མཆོད་དེ། མེ་ཏོག་ལ་སོགས་པའི་མཆོད་པ་དང་། ཕྱག་རྒྱ་རྣམ་པ་བཅུ་གཉིས་ཀྱིས་མཆོད་པ་བྱས་ལ། རྡོ་རྗེ་རྣམ་པར་སྒེག་པའི་ཕྱག་རྒྱས་རྗེས་སུ་ཕྱག་བྱ་བའི་སྦྱོར་བས་ཀྱང་ཕྱག་བྱས་ལ། འདོད་པའི་དངོས་གྲུབ་ཀྱི་ཕྱིར་དགེ་བའི་རྩ་བ་ཡང་ཡོངས་སུ་བསྔོས་ལ། དཔལ་རྡོ་རྗེ་
སེམས་དཔའ་ལ་སོགས་པའི་ཕྱག་རྒྱ་དེ་གང་དང་གང་ནས་བྱུང་བ་དེ་དང་དེ་ཉིད་དུ་དགྲོལ་བར་བྱའོ། །དེ་ནས་དམ་ཚིག་གི་ཕྱག་རྒྱ་དགྲོལ་བས་བཛྲ་མུཿཞེས་བརྗོད་དོ། །དེ་ནས་སྙིད་གནས་བྱུང་བའི་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱས་རང་གི་དབང་བསྐུར་བའི་གནས་ན་གནས་པས་དབང་བསྐུར་ལ། མཛུབ་མོ་
གཉིས་ཀྱིས་ཕྲེང་བ་འཆིང་བའི་ཚུལ་དུ་བཅིང་ཞིང་། དེ་བཞིན་དུ་གོ་ཆ་བཅིང་བར་བྱ་སྟེ། དེ་ནས་ཨོཾ་བཛྲ་རཏྣ་ཨ་བྷི་ཥིཉྩ་ཞེས་བྱ་བ་ནི་ཕྱག་རྒྱ་ཐམས་ཅད་དབང་བསྐུར་བའི་སྙིང་པོའོ། །སརྦ་མུ་དྲ་མཻ་ཏྲི་ཀུ་རུ་བ་ར་ཀ་བ་ཙེ་ན་བཾ་ཞེས་བྱ་བ་ནི་གོ་ཆ་བཅིང་བའི་སྙིང་པོའོ། །དེ་ལ་འདིའི་ཕྱག་རྒྱ་ནི་འདི་ཡིན་ཏེ། རྡོ་རྗེ་
བསྡམས་པ་བཅིངས་ལ། མཛུབ་མོ་གཉིས་བཀུག་སྟེ། མཐེ་བོང་གཉིས་དང་རྩེ་སྦྱར་བའོ། །དེ་ནས་མཉམ་པའི་ཐལ་མོ་བརྡབས་པས་མཉེས་པར་བྱའོ། །དེ་ནས་བཅོམ་ལྡན་འདས་གཤེགས་པའི་ཕྱིར་བསྐུལ་བར་བྱ་སྟེ། ཐོག་མཐར་རབ་དགའི་ངོ་བོ་བརྟན། །འགྲོ་བ་འདི་དག་ཀུན་གྱི་དཔུང་། །
སེམས་དཔའ་ཆེན་པོ་བརྟན་མཛོད་ལ། །སླར་ཡང་གཤེགས་པར་མཛད་དུ་གསོལ། །ཞེས་བརྗོད་དེ། མེ་ཏོག་གི་ཐལ་མོ་གྱེན་དུ་དགྲོལ་བར་བྱའོ། །ཧཱུྃ་མུཿཡང་ཞེས་བརྗོད་ནས་དེས་ནི་བཅོམ་ལྡན་འདས་འཁོར་དང་བཅས་པ་གཤེགས་པར་འགྱུར་རོ། །ཇི་ལྟར་མངོན་པར་སྤྲུལ་པའི་དཀྱིལ་འཁོར་

གྱི་ཚོགས་དང་བཅས་པའི་འཁོར་ལོ་ཡང་ཡིད་ཀྱིས་ལེགས་སོ་ཞེས་བྱ་བའི་སྦྱོར་བས་རང་གི་ལུས་ལ་བཅུག་ལ་ཡི་གེ་བརྒྱ་པ་དང་། རྡོ་རྗེ་སེམས་དཔའ་ལན་གསུམ་བཟླས་ཏེ། དང་པོའི་རྡོ་རྗེ་དང་། རྡོ་རྗེ་གནོད་སྦྱིན་དང་། རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱས་བདག་ཉིད་བསྲུང་བར་བྱས་ལ།
ལངས་ཏེ་མཆོད་རྟེན་གྱི་ལས་དང་། གླེགས་བམ་བཀླག་པ་ལ་སོགས་པའི་དགེ་བའི་བྱ་བ་ལ་སྦྱོར་བ་ཅི་བདེར་གནས་པར་བྱའོ། །དེ་ལྟར་ཉིན་རེ་ཞིང་བྱས་ནས། ཇི་སྲིད་ཟླ་བ་གཅིག་གམ། ཟླ་བ་དྲུག་གམ། ལོ་གཅིག་གི་བར་དུའམ། དུས་ཇི་སྲིད་དུ་ཉིན་རེའི་སྦྱོར་བས་དཀྱིལ་འཁོར་ཐམས་ཅད་མངོན་
སུམ་དུ་མཐོང་བར་གྱུར་པའམ། རྣལ་འབྱོར་ཆེན་པོས་ཇི་སྐད་དུ་བཤད་པའི་དཀྱིལ་འཁོར་བསྒོམ་པར་བྱ་བའམ། རང་གི་སྙིང་གར་དཀྱིལ་འཁོར་བསྒོམ་པར་བྱ་སྟེ། ཟླ་བ་གཅིག་གམ། ཟླ་བ་དྲུག་གམ། ལོ་གཅིག་གམ། དུས་ཇི་སྲིད་ཀྱིས་རང་གི་སྙིང་གར་དཀྱིལ་འཁོར་མངོན་སུམ་དུ་མཐོང་བར་
གྱུར་པ་དེའི་བར་དུ་བསྒོམ་པར་བྱའོ། །གང་ཞིག་སྒོམ་པར་བྱེད་པར་མི་ནུས་པ་དེས་ནི་རྣལ་འབྱོར་ཆེན་པོ་བྱས་ལ། སྔགས་ཐམས་ཅད་ཀྱི་བཟླས་བརྗོད་འབུམ་བྱའོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་ལ་རྣལ་འབྱོར་ཆེན་པོ་འདི་ཉིད་བཤད་པར་བྱ་སྟེ། བདག་བསྲུང་བ་ལ་སོགས་པ་སྔོན་དུ་
འགྲོ་བ་ནས། དམ་ཚིག་སེམས་དཔར་བྱིན་གྱིས་བརླབ་པའི་བར་གྱི་ཆོ་ག་རྣམས་རྗེས་སུ་སྤྱད་ལ། དེ་བཞིན་དུ་ཕྱག་རྒྱ་ཆེན་པོ་བཅིངས་ལ་ནམ་མཁའ་དང་མཉམ་པའི་སྦྱོར་བས་རང་གི་ལུས་ལ་ཡིད་ཀྱིས་ཞུགས་ལ། དང་པོའི་རྡོ་རྗེ་བཅིངས་ཏེ། སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པ་དང་མཉམ་པའི་རང་གི་
སྙིང་གའི་ཟླ་བའི་དཀྱིལ་འཁོར་ལ་སྔ་མ་བཞིན་དུ་དཀྱིལ་འཁོར་མངོན་པར་སྤྲུལ་ལ། ཇི་ལྟ་བ་བཞིན་དུ་ཞུགས་ཏེ། རང་གི་མགོ་ལ་མེ་ཏོག་གི་ཕྲེང་བ་དོར་ལ། རང་གི་མགོ་ལ་བཅིང་བར་བྱའོ། །དེ་ནས་དངོས་གྲུབ་ཀྱི་བརྟུལ་ཞུགས་བླང་བའི་བར་གྱི་ཆོ་ག་རྣམས་རྗེས་སུ་སྤྱད་ལ། དཔལ་རྡོ་རྗེ་སེམས་དཔའི་
ངོ་བོ་ཉིད་ཀྱི་རང་གི་ལུས་ལ་ལྷ་ཐམས་ཅད་ཀྱི་གནས་སུ་ཧྲི་ལས་སྣ་ཚོགས་པའི་པདྨའི་གདན་བསྐྱེད་ལ། དཀྱིལ་འཁོར་དེ་རང་གི་ལུས་ལ་ཆུ་དང་འོ་མ་བཞིན་དུ་གཅིག་ཏུ་གྱུར་པའི་རྣམ་པར་བསམས་ལ། རང་གི་ལུས་རྡོ་རྗེ་སེམས་དཔའི་དབྱིབས་ལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་བཅིངས་ནས། ཧཱུྃ་ཟློས་

ཤིང་འདུག་པའི་རྣལ་འབྱོར་པས་གཞིའི་ལུས་ལ། ཕྱི་རོལ་དུ་ནམ་མཁའི་ཕྱོགས་སུ་ཧཱུཾ་ཨ་ཞེས་བྱ་བས་དཔལ་རྡོ་རྗེ་སེམས་དཔའི་རྡོ་རྗེ་ཆེན་པོ་སྣ་ཚོགས་པདྨའི་སྟེང་དུ་བསྐྱེད་ལ། ཧཱུྃ་བཛྲོ་ཧྃ་ཞེས་བསྒོམས་ལ། རྡོ་རྗེ་དེ་རྡོ་རྗེ་སེམས་དཔར་བསྒོམ་པར་བྱའོ། །དེ་བཞིན་དུ་རང་གི་ལུས་ལ་ཇི་སྲིད་
རྡོ་རྗེའི་རོའི་གནས་སུ་རྡོ་རྗེ་རོའི་ཕྱག་རྒྱ་ཆེན་པོ་བཅིངས་ལ། ཧཱུྃ་ཟློས་ཤིང་འདུག་པའི་རྣལ་འབྱོར་པས་གཞིའི་ལུས་ལས་ཕྱི་རོལ་དུ་ནམ་མཁའི་ཕྱོགས་ལ་ཧཱུྃ་ཨ་ཞེས་བྱ་བས། རྡོ་རྗེ་རོའི་རྡོ་རྗེའི་སྣོད་སྣ་ཚོགས་པདྨའི་སྟེང་དུ་བསམས་ལ། ཧཱུྃ་བཛྲ་ས་ར་བྷཉྩ་ནཾ་ཨ་ཧཾ་ཞེས་བསྒོམ་པར་བྱ་ཞིང་།
རོ་རྡོ་རྗེའི་སྣོད་དེ་རོ་རྡོ་རྗེ་ནི་བདག་པོ་ཞེས་བསྒོམ་པར་བྱའོ། །དེ་བཞིན་དུ་ལྷ་ཐམས་ཅད་ཀྱི་གཟུགས་མདུན་དུ་སྤྲུལ་ལ། སྔ་མ་བཞིན་དུ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱ་སྟེ། དང་པོའི་རྡོ་རྗེ་བཅིངས་ལ་ཧཱུྃ་དྲྀ་ཤྱ་ཞེས་བྱ་བས་ཐམས་ཅད་
བལྟ་བར་བྱའོ། །དེ་ནས་སྔར་བཤད་པའི་གསང་བའི་ལྕགས་ཀྱུ་དང་། ཧཱུྃ་གི་རང་རང་གི་གནས་སུ་ཐམས་ཅད་བཅུག་ལ། ཡང་དང་པོའི་རྡོ་རྗེ་བཅིངས་ལ། ཛཿཧཱུྃ་བཾ་ཧོཿཞེས་ལན་གསུམ་བརྗོད་པ་དང་། ས་མ་ཡ་སྟྭཾ་ཞེས་བྱ་བས་ཐམས་ཅད་ཀྱི་འོད་ཀྱི་དཀྱིལ་འཁོར་བསྐྱེད་ལ། ས་མ་ཡ་སྟྭཾ།
ཨ་ཧཾ་ཧཱུྃ་ཞེས་བརྗོད་དེ། ལྷ་ཐམས་ཅད་ཀྱི་ཕྱག་རྒྱ་ཆེན་པོའི་གཟུགས་དང་། ལྷན་ཅིག་གཅིག་ཏུ་གྱུར་པས། བདག་ཉིད་རྡོ་རྗེའི་ངོ་བོ་ཉིད་ཡིན་པར་བསམ་པར་བྱའོ། །དེ་ནས་ལྷ་ཐམས་ཅད་ཀྱི་ལྗགས་ལ་ཧཱུྃ་བསམས་ལ། སྔ་མ་བཞིན་དུ་ལྷ་ཐམས་ཅད་ཀྱི་ལས་ཀྱི་ཕྱག་རྒྱ་དང་། ཕྱག་རྒྱ་ཆེན་པོ་
བཅིང་བར་བྱའོ། །དེ་ནས་ལྷ་ཐམས་ཅད་ཀྱི་སྐུ་དང་གཞིའི་ལུས་ལ་ཡིད་ཀྱིས་ལེགས་སོ་ཞེས་བྱ་བའི་སྦྱོར་བས་སྔ་མ་བཞིན་དུ་སངས་རྒྱས་ཐམས་ཅད་བཅུག་ལ། ཕྱག་རྒྱ་བཞིས་རྒྱས་གདབ་པར་བྱའོ། །དེ་ནས་གནས་ཀྱི་ངེས་པ་བཤད་པར་བྱ་སྟེ། སྔགས་པའི་སྙིང་གའི་ཟླ་བའི་དཀྱིལ་འཁོར་གྱི་
མདུན་དུ་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའ་དང་། ཕྱག་ན་རྡོ་རྗེ་དང་། རྡོ་རྗེ་ཡིད་ལས་བྱུང་བ་བསམ་པར་ཤེས་པར་བྱའོ། །དཔྲལ་བར་ཀཱི་ལི་ཀཱི་ལ་དང་། ནམ་མཁའི་སྙིང་པོའོ། །ལྐོག་མའི་ཕྱོགས་སུ་འཇིག་རྟེན་དབང་ཕྱུག་དང་། རྡོ་རྗེ་དྲན་པའོ། །སྤྱི་བོར་རྡོ་རྗེ་སྙེམས་པའོ། །མགོ་བོ་ལ་རྡོ་རྗེ་དཔྱིད་དོ། །

མདོམས་ཀྱི་གསང་བར་རྡོ་རྗེ་སྤྲིན་ནོ། །མིག་གཉིས་སུ་རྡོ་རྗེ་སྟོན་ཀའོ། །ནུ་མ་དང་བྲང་དང་སྙིང་ག་རྣམས་སུ་རྡོ་རྗེ་དགུན་ནོ། །རྡོ་རྗེ་སེམས་དཔའི་གཡོན་ལོགས་སུ་ནི་རྡོ་རྗེ་སྒེག་མོའོ། །སྔགས་པའི་སོའི་ཕྲེང་བ་གཉིས་ལ་ནི་རྡོ་རྗེ་བཞད་པ་མོའོ། །རྡོ་རྗེ་ཆོས་ཀྱི་གཡོན་ལོགས་སུ་ནི་
རྡོ་རྗེ་གླུ་མཁན་མའོ། །རྡོ་རྗེ་སྙེམས་པའི་གཡོན་ལོགས་སུ་ནི། རྡོ་རྗེ་གར་མཁན་མའོ། །སྔགས་པའི་གཟུགས་ཀྱི་སྐྱེ་མཆེད་ལ་ནི་རྡོ་རྗེའི་གཟུགས་སོ། །སྒྲའི་སྐྱེ་མཆེད་ལ་ནི་རྡོ་རྗེ་སྒྲའོ། །དྲིའི་སྐྱེ་མཆེད་ལ་ནི་རྡོ་རྗེ་དྲིའོ། །རོའི་སྐྱེ་མཆེད་ལ་ནི་རྡོ་རྗེ་རོ་དགོད་པར་ཤེས་པར་བྱའོ། །ཡེ་ཤེས་ཀྱི་ནང་དུ་ནི་
འཕགས་པ་འཇམ་དཔལ་ལོ། །ཕྲག་པ་གཉིས་ནི་ནམ་མཁའི་མཛོད་དོ། །ལྟེ་བ་ལ་ནི་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བའོ། །རྐེད་པ་ལ་ནི་རྡོ་རྗེ་ཁུ་ཚུར་རོ། །ཁར་ནི་རྡོ་རྗེ་གནོད་སྦྱིན་ནོ། །དེ་བཞིན་གཤེགས་པ་རྣམས་ནི་ཐམས་ཅད་དུ་ཁྱབ་པ་ཡིན་པས་དེ་རྣམས་ཀྱི་གནས་
ངེས་པ་ཡོད་པར་མི་འདོད་དོ། །ཕྱག་རྒྱ་དགྲོལ་བའི་དུས་སུ་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྤྱི་བོའི་གཙུག་གི་གནས་སུ་དགྲོལ་བའོ། །མི་བསྐྱོད་པ་ནི་རྡོ་རྗེ་ཡིད་ལས་བྱུང་བའི་གནས་སུའོ། །རིན་ཆེན་འབྱུང་ལྡན་ནི་ཀཱི་ལི་ཀཱི་ལའི་གནས་སུའོ། །འོད་དཔག་ཏུ་མེད་པ་ནི་རྡོ་རྗེ་སྡུག་པའི་
གནས་སུའོ། །དོན་ཡོད་གྲུབ་པ་ནི་རྡོ་རྗེ་སྙེམས་པའི་གནས་སུ་དགྲོལ་བར་བྱའོ། །དེ་ནས་དེ་བཞིན་དུ་དང་པོའི་རྡོ་རྗེ་སྙིང་ག་དང་། སྨིན་མཚམས་དང་། ལྐོག་མ་དང་། སྤྱི་བོ་རྣམས་སུ་བྱིན་གྱིས་བརླབས་ལ། ཡི་གེ་བརྒྱ་པས་བརྟན་པར་བྱ་སྟེ། དབང་བསྐུར་བའི་ཕྱག་རྒྱ་རྣམས་ཀྱིས་དབང་བསྐུར་
ནས། གོ་ཆ་མཆོག་གི་ཕྱག་རྒྱས་བདག་ཉིད་གོ་བགོ་བར་བྱའོ། །དེ་ནས་དེ་བཞིན་དུ་དངོས་གྲུབ་དང་། བརྟུལ་ཞུགས་བླང་བའི་བར་གྱི་ཆོ་ག་ཐམས་ཅད་བྱས་ནས། རྡོ་རྗེ་མཚོན་ཆ་ལ་སོགས་པས་ལས་ཀྱི་ཕྱག་རྒྱ་རྣམ་པ་བཅུ་གཉིས་ཀྱིས་བདག་ཉིད་ཡང་དག་པར་མཆོད་ལ། མཆོད་པ་དེ་རྣམས་རང་གི་
གནས་སུ་བཞག་སྟེ། རྡོ་རྗེ་རྣམ་པར་སྒེག་པའི་ཕྱག་རྒྱ་དང་ལྡན་པའི་རབ་ཏུ་འདུད་པ་དང་ལྡན་པས་ཀྱང་། ཕྱག་བྱས་ལ་ཕྱག་རྒྱ་ཆེན་པོར་བསྒོམས་ཏེ། དེ་ཁོ་ན་ཉིད་ཀྱི་རྡོ་རྗེ་བླང་བར་བྱའོ། །ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་དུ་བཟང་པོ་ཀུན་བདག་

ཉིད། །རྡོ་རྗེ་སྙེམས་པ་བདག་པོའི་བདག །བཅོམ་ལྡན་འདས་དཔལ་མཆོག་དང་པོའི་སྐྱེས་བུ་ཉིད་དོ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་དོ། །ཡི་གེ་ཧཱུཾ་ནི་རྡོ་རྗེའི་ས་བོན་ནོ། །ཨ་ལས་དྲིལ་བུ་རྡོ་རྗེ་སྙེམས་མར་བསམས་ལ། ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱའོ། །བཅོམ་ལྡན་འདས་མཆོག་དེ་ཉིད་ནི། །སྲིད་
པའི་བདག་པོ་ཀུན་གྱི་མཆོག །དམ་པའི་དབང་ཕྱུག་དམ་ཆོས་མཆོག །བདེ་གཤེགས་བཀའ་བཞིན་བྱེད་པའོ། །སྲིད་པ་རང་བཞིན་དག་པ་སྟེ། །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་དཔའ་ཡིས། །སྲིད་པ་མཆོག་ཏུ་བྱེད་པར་འགྱུར། །དྲིལ་བུ་འདི་ནི་མཆོག་ཏུ་
གསང་བའི་ཆོས་ཉིད་དེ། །དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པ་བྱེད་པའམ། ལྷ་རྣམས་བསྒྲུབ་པ་ན་དཀྲོལ་བར་བྱ་སྟེ། དེས་ནི་ཆོས་ཐམས་ཅད་ཁོང་དུ་ཆུད་པ་ལ་འཇུག་པས་སྒྲིབ་པ་ཐམས་ཅད་རྣམ་པར་དག་པར་བྱེད་ཅིང་། རྡོ་རྗེ་ཐམས་ཅད་དབབ་པར་བྱ་བ་རབ་ཏུ་སྒྲུབ་པར་བྱེད་པ་དང་།
དབང་དུ་བྱ་བ་དང་། བསྒྲུབ་པར་བྱ་བ་རབ་ཏུ་གྲུབ་པར་བྱེད་པའི་ཆོས་སོ། །དེ་ནས་དག་པའི་ཐབས་རྟོག་པ་ཐམས་ཅད་ཀྱི་གསང་བ་ཆེན་པོའི་དམ་ཚིག་རྟག་ཏུ་བསྟེན་པར་བྱའོ། །དེ་བརྗོད་པར་བྱ་སྟེ། སྲིད་པའི་བདེ་བ་ཤིན་ཏུ་ཆུང་། །སྡུག་བསྔལ་ཆེན་པོ་དག་བྱའི་ཕྱིར། །ཤིན་ཏུ་བདེ་བ་དམ་པའི་
ཐབས། །དམ་ཚིག་འདིས་ནི་རྟག་ཏུ་འཐོབ། །འདོད་པའི་ལོངས་སྤྱོད་ཐམས་ཅད་ཀྱིས། །ཅི་འདོད་པར་ནི་བསྟེན་ནས་སུ། །རང་གི་ལྷ་ཡི་སྦྱོར་བ་ཡི། །བདག་དང་གཞན་ལ་མཆོད་པ་བྱ། །ཞེས་བྱ་བ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བ་བླ་ན་མེད་པའི་ཐེག་པ་ཆེན་པོའི་
དམ་ཚིག་ཆེན་པོའི་རྣལ་འབྱོར་བཅོམ་ལྡན་འདས་ནི་དམ་ཚིག་གོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ཀུན་གྱིས་ཀྱང་། །འདའ་བ་རུ་ནི་མི་མཛད་པ། །ཕྱག་རྒྱ་དམ་ཚིག་ཅེས་སུ་བསྒྲགས། །ཡིད་ཀྱི་གཟུགས་ནི་བརྟན་པའི་ཕྱིར། །ཞེས་གསུངས་པའི་ཕྱིར་རོ། །དེ་ལ་འདི་སྐད་ཅེས་ཀྱང་
བཤད་དེ། ཇི་སྲིད་འཁོར་བའི་གནས་སུ་ནི། །མཁས་མཆོག་འདུག་པར་གྱུར་པའི་ཚེ། །དེ་སྲིད་མཚུངས་མེད་སེམས་ཅན་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །གསང་བ་དམ་པ་དམ་ཚིག་ཐབས། །བསོད་ནམས་བྱིན་རླབས་སྒྲུབ་བྱེད་ཅིང་། །རྟག་ཏུ་དངོས་གྲུབ་ཀུན་དབང་ཕྱུག །

ཀུན་དུ་འགྲོ་བའི་དོན་བྱེད་དོ། །ཞེས་གསུངས་པ་སྟེ། དོན་འདི་ཉིད་གསལ་བར་བྱེད་པའི་ཧཱུྃ་ཡང་བཟླས་པར་བྱ་སྟེ། འདི་ནི་དམ་ཚིག་གོ། །དེ་ནས་དམ་ཚིག་གསུམ་གྱི་གླུ་དང་། མཆོད་པ་དང་དྲིལ་བུ་དཀྲོལ་བར་བྱ་སྟེ། ཨོཾ་ནམ་མཁའ་ལས་བྱུང་མཚན་ལྡན་ཕྱིར། །ཐོག་མ་ཐ་མ་མེད་
པའི་མཆོག །སེམས་དཔའ་རྡོ་རྗེ་ཆེ་རང་བཞིན། །རྡོ་རྗེ་སེམས་དཔའ་བདག་གྲུབ་མཛོད། །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ། །མི་འགྱུར་དམ་པར་བདག་གྲུབ་མཛོད། །ཁྱོད་ནི་ཉེས་བྲལ་དམ་པ་སྟེ། །འདོད་ཆགས་ཀུན་
གྱི་རྗེས་སུ་མཉེས། །འདོད་ཆགས་ཆེན་པོ་དགའ་བ་ཆེ། །བཅོམ་ལྡན་དེ་ཉིད་ཀྱིས་གྲུབ་མཛོད། །ཤིན་ཏུ་དག་པ་ཀུན་གྱི་མཆོག །གདོད་ནས་འགྲོ་བ་དེ་བཞིན་གཤེགས། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །བྱང་ཆུབ་སེམས་དཔར་བདག་གྲུབ་མཛོད། །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །
དབང་ཕྱུག་ཆེ་སོགས་ཕྱག་རྒྱ་ཡིས། །གྲུབ་པའི་རྡོ་རྗེ་ཆེར་བསྟོད་པས། །རྡོ་རྗེ་སྙེམས་པའི་བདག་པོའི་བདག །དེ་ནས་སྔ་མ་བཞིན་དུ་བཛྲ་ཨཱཏྨ་ཀོ྅ཧཾ་ཞེས་བྱ་བ་ལ་སོགས་པའི་སྔགས་གསུམ་བརྗོད་ལ། དེ་བཞིན་དུ་ནམ་མཁའ་དང་མཉམ་པའི་སྦྱོར་བས་རང་གི་སྙིང་གར་ཞུགས་ཏེ། དང་པོའི་རྡོ་རྗེ་
ལས་སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པའི་ཚད་ཙམ་གྱི་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་སྤྲུལ་ལ། ཡང་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོར་བསམས་ཏེ། ཧཱུྃ་ཞེས་བྱ་བ་འདོན་ཞིང་། ཡིད་ཀྱིས་དེའི་དབུས་སུ་གནས་ལ། རྡོ་རྗེ་ཡིད་ལས་བྱུང་བ་ལ་སོགས་པ་ནས། ཆུ་ལྷའི་མཐར་ཐུག་པའི་བར་དུ་
དཀྱིལ་འཁོར་ཆེན་པོའི་སྦྱོར་བས་ཧཱུྃ་ཉིད་ཀྱིས་བཅུག་ལ། བཛྲ་ཨཱཏྨ་ཀོ྅ཧཾ་ལ་སོགས་པ་སྔགས་གསུམ་བརྗོད་དེ། སྔ་མ་བཞིན་དུ་དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་དང་པོའི་རྡོ་རྗེར་བྱིན་གྱིས་རློབ་པའི་དཀྱིལ་འཁོར་གྱི་ངོ་བོ་ཉིད་ནི་བདག་ཡིན་ནོ་ཞེས་ང་རྒྱལ་བསྐྱེད་ལ། ལྷ་ཐམས་ཅད་ཀྱི་ཐུགས་ཀ་ན་ཡོད་པའི་
རྡོ་རྗེའི་དབུས་སུ་ཧཱུྃ་བཀོད་དེ། དེ་བཞིན་དུ་ཐམས་ཅད་དུ་བདག་ཡིན་ནོ་ཞེས་བསྒོམ་ཞིང་ཟླ་བ་གཅིག་གམ། ཟླ་བ་དྲུག་གམ། ལོ་གཅིག་གམ། དུས་ཇི་སྲིད་ཀྱིས་རང་གི་སྙིང་གའི་ཟླ་བའི་དཀྱིལ་འཁོར་ཆེན་པོ་དེ་མངོན་སུམ་དུ་མཐོང་བར་གྱུར་པ་དེ་སྲིད་དུ་བསྒོམས་ལ། དེ་ནས་དཀྱིལ་འཁོར་བྲི་བར་བྱའོ། །

སྔོན་དུ་བསྙེན་པའི་ཆོ་གའོ། །དེ་ནས་སྔོན་དུ་བསྙེན་པ་བྱས་ནས། ཉིན་རེའམ། ཟླ་རེའམ། ལོ་རེ་ཞིང་རྣལ་འབྱོར་ཆེན་པོ་ཉིད་ཀྱིས་དཀྱིལ་འཁོར་བྲི་བར་བྱའོ། །དེ་ལ་དང་པོ་ཁོ་ནར་ཡོ་བྱད་ཐམས་ཅད་དང་ཡང་དག་པར་ལྡན་པས། མངོན་པར་འདོད་པའི་སའི་དབུས་སུ་མི་རུས་ཀྱི་ཕྱེ་མའི་སྦྱིན་སྲེག་དང་།
མངོན་སྤྱོད་ཀྱི་སྦྱིན་སྲེག་གི་ཆོ་གས་དཀྱིལ་འཁོར་གྱི་བགེགས་བཟློག་ལ་བདག་དང་སློབ་མ་ཞི་བར་བྱེད་པའི་སྦྱིན་སྲེག་བྱའོ། །དེ་ནས་རྡོ་རྗེ་གནོད་སྦྱིན་གྱིས་སེམས་ཅན་གདུག་པ་རྣམས་བསྐྲད་ལ། གནས་བསྲུང་བར་བྱས་ཏེ། ཡང་དེ་ཉིད་ཀྱི་སྔགས་ལན་བདུན་བཟླས་པའི་ཡུངས་ཀར་དང་། ཆུ་དང་
ཐལ་བ་རྣམས་ཀྱིས་གཏོར་ལ། སའི་ཕྱོགས་དེར་ཁྲུ་གང་ཙམ་མམ། འདོམ་གང་ཙམ་བརྐོས་ཏེ། བཟློག་ལ་སྐྲ་དང་རུས་པ་དང་། ཞོགས་མ་དང་། སོལ་བ་དང་། ཐལ་བ་ལ་སོགས་པ་བསལ་ཏེ། དག་ཅིང་དྲི་ཞིམ་པའི་སས་བཀང་ལ། རྡོ་རྗེ་རྩེ་མོ་ཡོངས་སུ་བཟླས་པའི་སྤོས་ཆུས་སྦོང་ཞིང་འཐས་
པར་བཅག་པར་བྱའོ། །ཤིན་ཏུ་མཉམ་པའི་སྒོ་བཞི་པའི་ཁང་པ་བརྩེགས་མའི་ནང་དུ་ཆུད་པ། རྟ་བབས་བཞིས་མཛེས་པར་བྱས་པ། སྒོ་བཞིའི་སྒོ་གླེགས་བཟང་པོས་བསྐོར་བའི་གནས་སུ་སློབ་མ་ཤིན་ཏུ་མཁས་པས་ཤར་ཕྱོགས་ནས་བརྩམས་ཏེ། རྡོ་རྗེ་གནོད་སྦྱིན་གྱི་སྔགས་ཡོངས་སུ་བཟླས་པའི་
བའི་རྣམ་པ་ལྔས་ལེགས་པར་བྱུག་ཅིང་། དེ་ཉིད་ཡོངས་སུ་བཟླས་པའི་སྤོས་ཆུས་བསང་གཏོར་བྱ་བ་དང་། དེ་ཉིད་ལན་བདུན་བཟླས་པའི་རིན་པོ་ཆེ་དང་། འབྲུ་དང་། སྨན་ཐམས་ཅད་སའི་དབུས་སུ་གཞུག་པར་བྱ་སྟེ། ས་ཡོངས་སུ་སྦྱང་བའི་ཆོ་གའོ། །དེ་ལ་ས་ཡོངས་སུ་སྦྱངས་ཤིང་ཤིན་ཏུ་
འཐས་པར་བཅགས་ཟིན་པའི་གནས་སུ་རྡོ་རྗེ་གནོད་སྦྱིན་གྱིས་བགེགས་བསལ་ལ། ཡུངས་ཀར་དང་ཆུ་དང་ཐལ་བ་རྣམས་ལ་རྡོ་རྗེ་གནོད་སྦྱིན་གྱི་སྔགས་ལན་བདུན་བཟླས་པས་མངོན་པར་གཏོར་བར་བྱའོ། །དེ་ནས་ཡང་སློབ་མ་ཤིན་ཏུ་མཁས་པས་རྡོ་རྗེ་གནོད་སྦྱིན་གྱི་སྔགས་བཟླས་པའི་བའི་རྣམ་
ལྔས་ལེགས་པར་བྱུག་ཅིང་། སྤོས་ཆུས་ཀྱང་ས་ཕྱོགས་དེ་བསང་གཏོར་བྱའོ། །དེ་ནས་ཀྱང་རིན་པོ་ཆེ་དང་། འབྲུ་དང་སྨན་ཐམས་ཅད་ལ་བཟླས་བརྗོད་ལན་བདུན་བྱས་པའི་སའི་ཆ་དེའི་དབུས་སུ་གཞུག་པར་བྱ་སྟེ། འདི་ཡང་འདིར་ས་སྦྱང་བའི་ཆོ་གའོ། །དེ་ནས་ཡང་འདིར་སློབ་མ་ཤིན་ཏུ་མཁས་པས་

སའི་ཤར་ཕྱོགས་ནས་བརྩམས་ཏེ། རྡོ་རྗེ་གནོད་སྦྱིན་གྱིས་ཡོངས་སུ་བཟླས་པའི་དྲིས་ཉེ་བར་བྱུག་པར་བྱའོ། །དེ་ནས་ལུགས་མའམ་འབུར་དུ་བརྐོས་པའམ། རིས་སུ་བྲིས་པའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། རིགས་པའི་ཚོགས་རྣམས་ཀྱིས་བརྒྱན་ཅིང་ཐ་
མར་ཚོན་གྱི་ར་བ་ཉེ་བར་མཛེས་པར་བྱ་བ་དང་། རྒྱལ་མཚན་གྱི་དམ་པ་དང་། བླ་རེ་མཆོག་དྲིལ་བུ་བཏགས་པ་བྲེ་བ་དང་། མེ་ཏོག་དང་། མར་མེ་དང་། མེ་ཏོག་གི་ཆུན་འཕྱང་དང་། དྲ་བ་དང་། དྲ་བ་ཕྱེད་པ་དང་། ཟླ་བ་ཕྱེད་པ་དང་། ཟླ་བ་རྡོ་རྗེ་དང་། རིན་པོ་ཆེ་དང་། བ་དན་དང་། ཕྲེང་བ་རྣམས་དང་།
སྒོ་བཞི་དང་། མཚམས་བཞིར་སྤོས་ཁང་གཞག་པ་དང་། རོལ་མོ་དང་། གླུ་དང་གར་རྣམས་ཀྱིས་ཡང་དག་པར་མཆོད་ནས། ས་ལ་ལག་པ་བཞག་སྟེ། ཧཱུྃ་དང་ཡི་གེ་བརྒྱ་པ་ལན་བདུན་བཟླས་བརྗོད་བྱའོ། །ས་ཡོངས་སུ་གཟུང་བའི་ཆོ་གའོ། །དེ་ནས་དཀྱིལ་འཁོར་གྱི་སའི་དབུས་སུ་འདུག་ལ།
བགེགས་གཞོམ་པ་ལ་སོགས་པ་ཇི་ལྟ་བ་བཞིན་དུ་བྱས་ཏེ། དང་པོའི་རྡོ་རྗེས་དཀྱིལ་འཁོར་སྤྲུལ་ལ། ཕྱག་བྱ་བ་ལ་སོགས་པ་སྔོན་དུ་འགྲོ་བས་སྡོམ་པ་བཟུང་ནས་ལྷའི་རྣལ་འབྱོར་དང་གཞལ་ཡས་ཁང་དང་གདན་རྣམས་བསྐྱེད་དེ། དབུས་སུ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་འདུག་ལ། འདི་
ལྟར་བདག་ཉིད་སྤྲོ་བ་བསྐྱེད་པར་བྱ་སྟེ། དེང་དུ་བདག་ཚེ་འབྲས་བུ་ཡོད། །བདག་གིས་གསོན་པའང་འབྲས་བུར་བཅས། །ལྷ་དང་དམ་ཚིག་གིས་མཉམ་པར། །གྱུར་པ་བདག་ནི་སོམ་ཉི་མེད། །བྱང་ཆུབ་སེམས་དང་སེམས་གཅིག་ལས། །མི་ལྡོག་པར་ནི་བདག་འགྱུར་ཏེ། །དེ་བཞིན་
གཤེགས་པའི་རིགས་སུ་ནི། །དེང་བདག་སྐྱེ་བར་ཐེ་ཚོམ་མེད། །དེང་བདག་ཉི་མ་དམ་པ་སྟེ། །བདག་གིས་མཆོད་སྦྱིན་བླ་ན་མེད། །སངས་རྒྱས་ཐམས་ཅད་སྤྱན་འདྲེན་པས། །དེང་བདག་འདུས་པ་མཆོག་ཡིན་ནོ། །དེ་ནས་ལུས་ཐམས་ཅད་ཀྱིས་ཕྱག་བྱས་ལ་བདུག་སྤོས་ཕུལ་ཏེ། སངས་རྒྱས་
ཐམས་ཅད་ལ་གསོལ་བ་གདབ་པར་བྱའོ། །མ་ལུས་ཕྱོགས་ན་བཞུགས་པ་ཡི། །སངས་རྒྱས་ཐམས་ཅད་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡི། །རྡོ་རྗེ་ཅན་གྱི་དཀྱིལ་འཁོར་བྲི། །དེང་འདིར་སངས་རྒྱས་ཀུན་གཤེགས་ཏེ། །དངོས་གྲུབ་འདིར་ནི་སྩལ་དུ་གསོལ། །ཞེས་བརྗོད་དོ། །

ཡན་ལག་ཐམས་ཅད་ཀྱིས་ཕྱག་བྱས་ལ། དང་པོའི་སྦྱོར་བ་དང་། དཀྱིལ་འཁོར་གྱི་མཆོག་དང་། ལས་ཀྱི་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གསུམ་བསྒོམས་ལ། སྔ་མ་བཞིན་དུ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་དེ། ཧཱུྃ་ཟློས་པ་ལ་བརྩོན་ཞིང་ཕྱག་རྒྱ་ཆེན་པོ་བསྒོམ་པར་བྱའོ། །དེ་ནས་དཀྱིལ་འཁོར་བྲི་བར་བྱ་
བའི་ཕྱིར། བདག་ཉིད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་གདབ་པར་གྱུར་པར་བསམས་ཏེ། བཅོམ་ལྡན་ཁྱོད་ལ་གསོལ་བ་ནི། །འདོད་ཆགས་ཆེན་པོ་བདེ་བ་ཆེ། །སྙིང་པོ་འདི་ཡི་རྟག་པ་ཉིད། །བདེ་ཆེན་མྱུར་དུ་གྲུབ་པར་མཛོད། །ཅེས་བྱ་བས་གསོལ་བ་གདབ་པར་བསམ་མོ། །
དེ་ནས་དེ་ལས་ལངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞབས་ལ་ཕྱག་བྱས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ནམ་མཁའ་ཡོངས་སུ་གང་བར་བསམས་ལ། བདག་ཉིད་རང་ཉིད་རྡོ་རྗེ་ཅན། །རྡོ་རྗེ་སེམས་དཔའ་བདག་རང་ཉིད། །བདག་ནི་སངས་རྒྱས་རྒྱལ་པོ་ཆེ། །སྟོབས་ཆེན་རྡོ་རྗེ་
ཅན་བདག་ཉིད། །རྣལ་འབྱོར་དབང་ཕྱུག་རྒྱལ་པོ་བདག །ཕྱག་ན་རྡོ་རྗེ་བརྟན་བདག་སྟེ། །བདག་པོ་རྡོ་རྗེ་ཆེན་པོར་བདག །བྱིན་གྱིས་བརླབས་པ་མི་འདོར་རོ། །ཧཱུྃ་ཞེས་བརྗོད་པར་བྱ་བའོ། །མཆོག་ཏུ་དམ་ཚིག་གསུམ་ཐོབ་པའི། །སློབ་དཔོན་རང་གི་ཕྱག་རྒྱ་ཡིས། །རྡོ་རྗེ་དྲིལ་བུ་འཆང་བྱ་ཞིང་། །འཁོར་
ལོའི་ཆོ་ག་ཐམས་ཅད་བྱ། །རྟོག་པ་ཀུན་ལ་མཉམ་འཇུག་པས། །དཀྱིལ་འཁོར་ཐམས་ཅད་བསྒྲུབ་པར་བྱ། །དམ་ཚིག་གསུམ་ཞེས་བྱ་བ་ཡི། །རྒྱ་འདི་གསང་སྔགས་སྒྲུབ་བྱེད་པའོ། །དངོས་གྲུབ་ཀུན་གྱི་ཆོ་ག་ལ། །རྡོ་རྗེ་དྲིལ་བུས་རབ་བསྐུལ་བས། །ཆོ་ག་ལྷག་གམ་མ་ཚང་ནའང་། །འགྲུབ་པར་
འགྱུར་ཏེ་སྨད་མི་བྱ། །དེ་ནས་དཀྱིལ་འཁོར་ཐམས་ཅད་མངོན་དུ་བྱས་ལ། དང་པོའི་རྡོ་རྗེས་ཧཱུྃ་བཛྲ་ཨུཏྟིཥྛ་མ་ཧཱ་མཎྜལ་ཨུཏྤཱ་ད་ཡཱ་ཞེས་བརྗོད་དེ། བར་སྣང་གི་ཕྱོགས་སུ་དཀྱིལ་འཁོར་བཞག་ལ། བདག་ཉིད་དང་པོའི་རྡོ་རྗེ་དེ་ཉིད་དུ་ཧཱུྃ་གིས་བྱིན་གྱིས་བརླབས་ལ། ཡང་ཕྱག་རྒྱ་ཆེན་པོར་བསམས་ཏེ།
བཛྲ་ཏིཥྛ་མ་ཊ་ཞེས་བྱ་བ་མིག་གཉིས་སུ་བཀོད་དེ། དེ་བཞིན་དུ་ལངས་ལ་ཕྱག་རྒྱ་ལ་གནས་པས་ཐམས་ཅད་དུ་བལྟས་ཏེ། སྙེམས་པས་ཧཱུྃ་འདོན་ཅིང་སོང་ལ་རྐང་པ་གཉིས་ཀྱི་འོག་ཏུ་ཨ་ལས་སྣ་ཚོགས་རྡོ་རྗེ་བསམས་ཏེ། རྐང་པ་ནས་བརྩམས་ནས། ནམ་མཁའི་ཁམས་མ་ལུས་པ་དང་མཉམ་པར་

གནས་པའི་སའི་ཆ་རྡོ་རྗེར་གྱུར་པར་ལྷག་པར་མོས་པར་བྱས་ལ། རྡོ་རྗེའི་ལྟ་བས་ཀྱང་གཡོན་པས་བགེགས་བསལ་ཏེ། སྐོར་ཕྱོགས་དང་སྟེང་འོག་དང་། ནམ་མཁའི་ཕྱོགས་ཐམས་ཅད་དུ་དཀྱིལ་འཁོར་གྱི་མཚམས་བཅད་པ་དང་། ར་བ་དང་དྲ་བ་དག་བྱའོ། །དེ་ནས་སྒོ་འབྱེད་
པའི་ཕྱག་རྒྱས་སྒོ་ཕྱེ་ལ། རྡོ་རྗེ་རྒྱུའི་ངོ་བོ་ཞལ་བཞི་པ། ཕྱག་བཞི་པའི་གསང་བའི་གཟུགས་ཅན་གྱི་དཀྱིལ་འཁོར་ཕྱག་རྒྱ་དང་། སྔགས་འདི་དང་ལྡན་པས་དགུག་པར་བྱའོ། །ཨོཾ་བཛྲ་མཎྜ་ལ་ཧཱུྃ་ཛ། རྡོ་རྗེ་ཁུ་ཚུར་གཉིས་ལས་མཐེ་བོ་དང་མཛུབ་མོ་རྡོ་རྗེར་བྱ་བ་ནི་དཀྱིལ་འཁོར་ཐམས་ཅད་
འགུགས་པར་བྱེད་པ་རྡོ་རྗེ་འཁོར་ལོ་ཞེས་བྱ་བའི་ཕྱག་རྒྱའོ། །ཨོཾ་མ་ཧཱ་བཛྲ་ཙ་ཀྲ་ཨ་དྷི་ཏིཥྛ་སིདྡྷྱ་ཧཱུྃ་ཞེས་བྱ་བ་ཕྱག་རྒྱ་འདི་དང་ལྡན་པས་དཀྱིལ་འཁོར་ཡང་བྱིན་གྱིས་བརླབ་པར་བྱའོ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་འཁོར་ལོ་བསྐོར་བའི་ཚུལ་དུ་མགལ་མེ་བསྐོར་བ་ལྟར་བྱ་བ་ནི་འདིའི་ཕྱག་རྒྱའོ། །དེ་ནས་
སེང་ལྡེང་གི་ཕུར་བུ་ལ་མཐའ་ཡས་དང་། རྣམ་པར་རྒྱལ་བ་དང་། སྤྲིན་སྒྲ་དང་། གསུས་པོ་ཆེ་ཞེས་བྱ་བ་རིམ་པ་བཞིན་དུ་སྟེང་གི་འཁོར་ལོས་སྒྱུར་བ་དང་། རྡོ་རྗེ་ཧཱུྃ་མཛད་དང་། འཕགས་པ་འཇམ་དཔལ་གཤིན་རྗེ་གཤེད་དང་། རྡོ་རྗེ་ཆེན་པོ་དང་། རྟ་མགྲིན་ལྟ་བུ་ལ་འོག་ཏུ་རྡོ་རྗེ་རྩེ་གཅིག་པ་ལྟ་བུར་
བསྐྱེད་ནས། ཙནྡན་དམར་པོས་བྱུག་ཅིང་། སྲད་བུ་དམར་པོ་དང་། མེ་ཏོག་གི་ཕྲེང་བ་དམར་པོས་བཅིངས་ཏེ། ཧཱུྃ་ཀྲོ་ཏ་ཡ། ཏྲི་ཊ་ཏྲི་ཊ། ཏྲི་ཊ་མ་ཊ། ཞེས་བྱ་བ་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱ་སྟེ། དེ་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་བཟུང་ལ། ཕྱིའི་དཀྱིལ་འཁོར་གྱི་གྲྭ་བཞིར་དབང་ལྡན་གྱི་ཕྱོགས་ནས་བརྩམས་
ཏེ། རྡོ་རྗེ་ཐོ་བས་བརྡུང་བར་བྱའོ། །དེ་ནས་རྡོ་རྗེ་གནོད་སྦྱིན་གྱིས་བགེགས་བསལ་ལ་བསྲུང་བ་བྱས་ཏེ། དེ་བཞིན་དུ་རྡོ་རྗེ་ཁུ་ཚུར་གྱིས་སྒོ་བཅད་ལ། རྡོ་རྗེ་གནོད་སྦྱིན་གྱིས་བསྲུང་བ་རྣམས་ཡང་དག་པར་བསྲུངས་ཏེ། རྡོ་རྗེ་གནོད་སྦྱིན་གྱིས་ཡོངས་སུ་བཟླས་པའི་བུམ་པ་དཀྱིལ་འཁོར་གྱི་སྒོར་བསང་
གཏོར་བྱ་བའི་ཕྱིར་གཞག་པར་བྱའོ། །དེ་ནས་སྤོས་ཆུ་ལས་རྡོ་རྗེ་གནོད་སྦྱིན་ཉིད་བཟླས་ལ། དེ་ཉིད་འདོན་ཅིང་སྤོས་ཆུ་དེས་དཀྱིལ་འཁོར་གྱི་ས་གཞི་བྱུག་པར་བྱའོ། །དེ་ནས་ལྷ་ཐམས་ཅད་ཀྱི་གནས་སུ་དྲིའི་དཀྱིལ་འཁོར་བྱས་ལ། ལག་པས་བྲིམ་ནས། ཧཱུྃ་ལན་བདུན་དེ་དག་ལ་བཟླས་ལ། དེ་རྣམས་སུ་

དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ནམ་མཁའི་ཕྱོགས་ལས་ཕབ་སྟེ། ཧཱུྃ་ཉིད་ཀྱིས་བཅུག་ལ་མཆོད་པ་རྣམ་པ་ལྔས་མཆོད་དོ། །དེ་ནས་ཕྱི་རོལ་དུ་གཏོར་མ་སྦྱིན་ལ། རྣམ་པར་རྒྱལ་བའི་བུམ་པ་ཇི་སྐད་དུ་བཤད་པའི་མཚན་ཉིད་རྣམས་དང་ལྡན་པ། སྨན་དང་འབྲུ་དང་། རིན་པོ་ཆེ་ལ་སོགས་
པ་དག་ཡང་དག་པར་ལྡན་པར་བྱས་ནས་ཆུ་ཅུང་ཟད་བཅུག་སྟེ། རྡོ་རྗེ་གནོད་སྦྱིན་དང་། རྡོ་རྗེ་མེ་ལྟར་རབ་ཏུ་འབར་བ་དང་། རྡོ་རྗེ་སེམས་དཔའ་རེ་རེ་ཞིང་ལན་བརྒྱ་རྩ་བརྒྱད་བཟླས་པའི་མཆོད་ཡོན་བུམ་པའི་སྟེང་དུ་བཞག་ལ། རང་གི་དམ་ཚིག་གི་ཕྱག་རྒྱས་བཟུང་བའི་རྡོ་རྗེ་དང་། མེ་ཏོག་གི་
ཡལ་ག་ལས་རེ་རེ་ཞིང་ཡང་ལན་བརྒྱ་རྩ་བརྒྱད་བཟླས་ནས། མེ་ཏོག་བཅུག་ལ་བདུག་པས་བདུགས་ཏེ། དེ་ནས་དབང་བསྐུར་བའི་དོན་དུ་རྡོ་རྗེ་སེམས་དཔའི་སྤྱན་སྔར་གཞག་ལ། ཉི་མ་གཉིས་པ་ལ། དེ་ལ་དུས་གསུམ་དུ་བཟླས་བརྗོད་བྱའོ། །དེ་ལྟར་བུམ་པའི་བསྙེན་པ་བྱས་ནས། རྡོ་རྗེ་
གནོད་སྦྱིན་དང་། རྡོ་རྗེ་སེམས་དཔའ་དང་། སངས་རྒྱས་སྤྱན་གྱིས་མར་ལ་སོགས་པའི་སྦྱིན་སྲེག་རེ་རེ་ཞིང་བརྒྱ་རྩ་བརྒྱད་བྱ་སྟེ། འདི་ནི་ལྷག་པར་གནས་པའི་སྦྱིན་སྲེག་གི་ཆོ་གའོ།། །།དེ་ནས་བཅོམ་ལྡན་འདས་ལ་མཚན་བརྒྱ་རྩ་བརྒྱད་ཀྱིས་ཡང་དག་པར་བསྟོད་ལ། མཆོད་པ་བཅུ་གཉིས་
ཀྱིས་བཅོམ་ལྡན་འདས་འཁོར་དང་བཅས་པ་ལེགས་པར་མཆོད་ལ་སྔ་མ་བཞིན་དུ་ཕྱག་བྱས་ནས། མཆོད་ཡོན་ཕུལ་ཏེ། སློབ་མ་ལྷག་པར་གནས་པའི་ཆོ་ག་བྱའོ། །དེ་ལ་དང་པོར་རེ་ཞིག་ལག་ན་མེ་ཏོག་ཐོགས་པས། སློབ་དཔོན་ལ་ཕྱག་བྱས་ལ། འདི་སྐད་ཅེས་བརྗོད་པར་བྱ་སྟེ། དགའ་
ཆེན་ཁྱོད་བདག་སྟོན་པ་བས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་སེམས་དཔའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་སྩལ་དུ་གསོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་
ནི་བདག་ལ་སྩོལ། །ཐར་པ་ཆེན་པོ་གྲོང་མཆོག་ཏུ། །མགོན་པོ་བདག་ནི་འཇུག་པར་བགྱིད། །དེ་ནས་སློབ་དཔོན་གྱིས་སློབ་མའི་སྙིང་གར་ས་མ་ཡ་ཨ་ཞེས་བྱ་བས་ཟླ་བའི་དཀྱིལ་འཁོར་བསྐྱེད་ལ། དེའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ་བསམས་ལ། ལག་པ་གཡས་པས་རྡོ་རྗེ་བླངས་ཏེ། སུ་ར་ཏེ་ས་མ་

ཡ་སྟྭཾ་ཧོ། བཛྲ་སིདྡྷྱི་ཡ་ཐཱ་སུ་ཁཾ་ཞེས་བྱ་བའི་སྙིང་པོས་རང་གི་སྙིང་གར་རྡོ་རྗེ་གཞག་པར་བྱའོ། །དེ་ནས་སྡིག་པ་བཤགས་པ་ལ་སོགས་པ་བྱེད་དུ་གཞུག་སྟེ། རྟོག་པ་མ་ལུས་ལེགས་པར་བསྡུས་ནས་ནི། །ཤིན་ཏུ་བསམ་པ་བཟང་པོར་ལྡན་པས་ཉོན། །བརྗེད་ངས་བློ་ལ་རྡོ་རྗེ་
སེམས་སོགས་པའི། །བདེ་བར་གཤེགས་པ་རྣམས་ཀྱིས་བྱིན་མི་རློབ། །དབང་མེད་བདག་གིས་མི་དགེ་བགྱིས་པ་དང་། །རྗེས་སུ་ཡི་རང་ཡང་ན་བགྱིད་སྩལ་གང་། །དེ་དག་ཐམས་ཅད་བྱང་ཆུབ་མཆོག་གི་ནི། །སྤྱན་སྔར་ད་ལྟར་མ་ལུས་སོ་སོར་བཤགས། །བདེ་གཤེགས་རྣམས་
ཀྱི་ཚོགས་གཉིས་མ་ལུས་དང་། །སྲས་རྣམས་ཀྱི་ནི་ཟབ་ཅིང་མཐའ་མེད་པའི། །འགྲོ་བ་མ་ལུས་དོན་རྣམས་བསྒྲུབ་མཛད་དང་། །དེ་ལས་གཞན་ལའང་བདག་ནི་ཡི་རང་ངོ་། །ཐུགས་རྗེས་གདུང་བས་ཐུགས་དང་ལྡན་འགྱུར་ཞིང་། །བློ་གྲོས་སྡིག་མེད་གཏི་མུག་ཚོགས་ཀུན་བཅོམ། །
མ་ལུས་རིགས་ཀྱི་པདྨའི་ནང་བཞུགས་པ། །བདེ་བར་གཤེགས་པ་རྣམས་ལ་སྐྱབས་སུ་མཆི། །རབ་མཆོག་བློ་ཡིས་ཀུན་དགའ་ར་བ་སྟེ། །དམན་པ་འཇིག་པར་བྱེད་པས་འཁོར་ལོའི་ཚུལ། །སྲིད་པའི་སྦྱོར་བ་ཟིལ་གྱིས་གནོན་པའི་ཚུལ། །གསུང་མཆོག་ཆོས་ཀྱི་མཆོག་ལ་སྐྱབས་
སུ་མཆི། །འདོད་ཆགས་ལ་སོགས་སྦྲུལ་གྱི་དུག་འཇོམས་ཤིང་། །བློ་གྲོས་རྣམ་རྒྱལ་ཐུགས་རྗེ་ཆེན་པོ་ཡིད། །བརྟུལ་ཞུགས་དབང་པོའི་ཚོགས་ལ་སྐྱབས་གསོལ་ཞིང་། །སྲིད་དང་བྲལ་བ་རྣམས་ལ་བདག་ཕྱག་འཚལ། །རྒྱུ་ཡི་རྗེས་ཐོགས་བདག་པོའི་ཡུལ་ཉིད་ལས། །འབྲས་བུའི་
ནུས་པས་དགྲ་ཡི་ཚོགས་ལས་རྒྱལ། །སོ་སོར་རིགས་དང་སྙིང་རྗེའི་རྩ་བ་ཅན། །བྱང་ཆུབ་ཡང་དག་རིག་པ་བདག་གིས་བཟུང་། །སེམས་ཅན་རྣམས་ནི་ཡོངས་སུ་སྨིན་ཕྱིར་དང་། །བསྐྱབ་པའི་ཕྱིར་རམ་ཡང་ན་བདག་གི་སེམས། །ཡང་དག་ཉིད་དུ་དག་པར་བྱ་བའི་ཕྱིར། །ཐམས་ཅད་རྩྭ་བཞིན་
ལྟོས་པ་མེད་པར་སྦྱིན། །དེ་བཞིན་ཚུལ་ཁྲིམས་བཟོད་དང་བརྩོན་འགྲུས་དང་། །བསམ་གཏན་དང་ནི་ཤེས་རབ་བླ་མེད་པ། །བདག་དང་གཞན་རྣམས་དག་པར་བྱ་ཕྱིར་འདི། །སྐད་ཅིག་རེ་རེ་ཞིང་ཡང་བསྒོམ་པར་བགྱི། །བདེ་གཤེགས་སྔགས་ལ་རྒྱ་ཆེར་མཁས་པ་དང་། །ཆོས་རྒྱལ་རྟག་ཏུ་ལྷུན་

གྱིས་གྲུབ་པ་ནི། །འགྲོ་འདི་རྣམས་ཀྱིས་ཐོབ་པར་བྱ་བའི་ཕྱིར། འདི་ན་མཁའ་བཞིན་དུ་ནི་གནས་པར་བགྱིད། །ཅེས་ལན་གསུམ་བརྗོད་དོ། །བདག་གི་དགེ་བའི་རྩ་བ་ཡང་དག་པར་བསྡུས་པ་འདིས། བདག་གིས་ཐམས་ཅད་ཡོངས་སུ་གཏང་བར་བགྱིའོ། །བདག་གིས་སེམས་ཅན་ཐམས་
ཅད་ལ་མཉམ་པར་གཞག་པའི་སེམས་བསྐྱེད་པར་བགྱིའོ། །བདག་གིས་སེམས་ཅན་ཐམས་ཅད་ཐེག་པ་ཐམས་ཅད་དང་ཐབས་ཀྱི་བྱེ་བྲག་ཐམས་ཅད་ཀྱིས་བཏུལ་ནས་མི་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་རབ་ཏུ་གཞག་པར་བགྱིའོ། །བདག་གིས་སེམས་ཅན་ཐམས་ཅད་ཡོངས་
སུ་མྱ་ངན་ལས་འདས་པར་གྱུར་ཀྱང་སེམས་ཅན་འགའ་ཡང་མྱ་ངན་ལས་བཟླས་པར་འགྱུར་བ་མེད་དོ་ཞེས་སེམས་བསྐྱེད་པར་བགྱིའོ། །བདག་གིས་ཆོས་ཐམས་ཅད་སྐྱེ་བ་མེད་པ་ཉིད་དུ་རྗེས་སུ་རྟོགས་པར་བགྱིའོ། །བདག་གིས་མ་ཡེངས་པའི་སེམས་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་
ཀྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བསླབ་པར་བགྱིའོ། །བདག་གིས་ཐེག་པ་གཅིག་གི་ཚུལ་དུ་གནས་པར་ཡང་དག་པར་རྟོགས་པར་བགྱིའོ། །བདག་གིས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་གནས་པ་སོ་སོར་རྟོགས་པའི་ཕྱིར་བསླབ་པར་བགྱིའོ། །བདག་གིས་སྟོབས་བཅུ་དང་། མི་
འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སོ་སོར་རྟོགས་པར་བྱ་བའི་ཕྱིར་མངོན་པར་བརྩོན་པར་བགྱིའོ། །དེ་བཞིན་དུ་བདག་གིས་སངས་རྒྱས་ཀྱི་ཆོས་ཚད་མེད་པ་མ་ལུས་པ་ལ་མངོན་པར་གནས་ཤིང་། བསྒྲུབ་པར་བགྱིའོ། །འདི་ནི་
བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྡོ་རྗེ་ལྟ་བུར་བྱང་ཆུབ་ཆེན་པོར་སེམས་བསྐྱེད་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡབ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཀའ་བཞིན་མཛད་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྲས་ཀྱི་ཐུ་བོ་སྟེ། འདི་ཉིད་ནི་བཅོམ་ལྡན་
འདས་ཀུན་དུ་བཟང་པོའོ། །དེ་ཇི་ལྟ་བ་བཞིན་དུ་ཡང་དག་པར་རྫོགས་པར་བྱས་པའི་དགེ་བའི་རྩ་བའི་སྟོབས་ཀྱིས་བདག་སེམས་བསྐྱེད་པ་འདི་གནས་པས། བདེ་བ་མཐའ་ཡས་པ་ལ་གནས་པའི་ཀུན་དུ་བཟང་པོའི་སྤྱོད་པ་ཞེས་བྱ་བ་རྫོགས་པ་ལ་གདུལ་བྱའི་སྐྱེ་བོའི་ཚོགས་མ་ལུས་པ་ལ་

བདེ་བའི་དབང་ཕྱུག་གི་བར་དུ་དབྱེ་བ་མང་པོ་ཡང་དག་པར་བསྟན་པས་སྨིན་པར་བྱ་ཞིང་། རབ་ཏུ་དགའ་བའི་གཟེངས་བསྟོད་པ་ལ་ངེས་པར་སྦྱར་བར་བྱའོ། །དེ་ནས་དཔལ་ཆེན་མོས་སློབ་མའི་ལག་ཏུ་དྲི་སྦྱིན་པ་དང་། རབ་ཏུ་དགའ་བས་མེ་ཏོག །རབ་ཏུ་དགའ་བས་བདུག་
སྤོས། སྤྱན་གྱིས་མར་མེ་སྦྱིན་ཞིང་། བཛྲ་ཧ་ས་ཧ་ཞེས་བྱ་བ་མངོན་པར་བཟླས་ཤིང་། ཕྱག་རྒྱ་མཆོག་གིས་བསྲུང་བ་བྱས་པའི་ཨ་ཤྭཏྠ་ལས་བྱས་ལ། དྲིས་བསྒོས་ཤིང་མེ་ཏོག་གིས་བཅིངས་པའི་སོ་ཤིང་དང་། བཛྲ་ཏིཥྛ་ཞེས་བྱ་བ་བཟླས་པའི་ཀུ་ཤ་གསར་པ་སློབ་མ་ལ་སྦྱིན་པར་བྱའོ། །དེ་
ནས་དཔུང་པ་གཡོན་པར་མདུད་པ་གསུམ་དང་ལྡན་པའི་སྲུང་སྐུད་ལ། ཨོཾ་བཛྲ་རཀྵ་ཧཾ་ཞེས་བྱ་བ་འདི་བཟླས་ལ། བདག་ཉིད་ཀྱིས་ཡང་དག་པར་བཅིང་བར་བྱའོ། །དེ་ནས་ཨོཾ་བུདྡྷ་མཻ་ཏྲི་བཛྲ་རཀྵ་ཧཾ། ཞེས་བྱ་བའི་ཕྱག་རྒྱ་དང་ལྡན་པའི་བྱམས་པའི་གོ་ཆས་གོ་བསྐོན་པར་བྱའོ། །དེ་ལ་ཕྱག་རྒྱ་ནི་འདི་
ཡིན་ཏེ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། །མཛུབ་མོ་གཉིས་ཀྱིས་མདུད་པ་དང་། །བདག་གམ་གཞན་ལ་གོ་བསྐོན་ན། །རྟག་པ་ཡི་ནི་བསྲུང་བར་འགྱུར། །ཨོཾ་བཛྲ་སཏྭ་ཨུཥྞཱི་ཥ་ཧཱུཾ་ཕཊ། ཞེས་བྱ་བ་སློབ་མའི་སྤྱི་གཙུག་ཏུ་དགོད་དོ། །དེ་ནས་འདིའི་ཕྱག་རྒྱ་བཤད་དེ། རྡོ་རྗེ་བསྡམས་པ་དམ་བྱས་
ལ། །མཐེ་བོང་སྙིམ་པར་བཅུག་ནས་སུ། །མཛུབ་མོའི་རྩེ་མོ་བཀབ་པ་ནི། །སེམས་དཔའི་གཙུག་ཏོར་ཞེས་བྱར་གྲགས། །དེ་ནས་སློབ་མ་རྣམས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། བཞིན་བཟངས་དག་ལོངས་ལ། དེ་བཞིན་གཤེགས་པ་རྣམས་ལ་ཕྱག་གྱིས་ཤིག །ནང་པར་ཐར་པ་ཆེན་པོའི་
གྲོང་ཁྱེར་མཐོང་བར་འགྱུར་རོ། །སློབ་མ་ལྷག་པར་གནས་པའི་ཆོ་གའོ། །དེ་ནས་མཆོད་པ་བྱས་ལ་བདུག་སྤོས་ཕུལ་ཏེ། བཅོམ་ལྡན་འདས་འཁོར་དང་བཅས་པ་ཉེ་བར་སྙན་གསན་དབབ་པ་སྤྱན་དྲང་བར་བྱའོ། །རྡོ་རྗེ་སེམས་དཔའ་བཅོམ་ལྡན་འདས། །རིག་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །བདག་ནི་
བརྩེ་བར་གྱུར་ནས་སུ། །སློབ་མ་རྣམས་ལ་བརྩེ་བ་དང་། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །སང་ནི་དཀྱིལ་འཁོར་བྲི་བར་འཚལ། །བཅོམ་ལྡན་བདག་ནི་གུས་པ་ལ། །དེ་བས་གནང་བར་མཛད་པའི་རིགས། །སངས་རྒྱས་འཇིག་རྟེན་མགོན་བརྩེ་དང་། །བྱང་ཆུབ་སེམས་དཔའ་དགྲ་

བཅོམ་དང་། །གསང་སྔགས་ལྷ་གཞན་གང་ལགས་དང་། །འཇིག་རྟེན་སྐྱོང་བའི་ལྷ་རྣམས་དང་། །གང་ཡང་འབྱུང་པོ་མཐུ་ཆེན་དང་། །གང་དུ་ལྷ་ཡི་སྤྱན་མངའ་བའི། །སེམས་ཅན་བསྟན་ལ་དགའ་བ་རྣམས། །བདག་ལ་དགོངས་པར་མཛད་དུ་གསོལ། །བདག་མིང་འདི་ཞེས་བགྱི་
བ་ཡི། །སང་ནི་དཀྱིལ་འཁོར་བཟང་པོའི་མིང་། །འདི་ཞེས་བགྱི་བ་ཅི་ནུས་ཀྱིས། །ཆོ་ག་བཞིན་དུ་བྲི་ལགས་ན། །བདག་དང་སློབ་མར་བཅས་པ་ལ། །ཐུགས་ནི་བརྩེ་བར་དགོངས་ནས་སུ། །ཚོགས་པ་ཐམས་ཅད་དཀྱིལ་འཁོར་དུ། །བྱིན་གྱིས་བརླབས་པར་མཛད་དུ་གསོལ། །
ཞེས་ལན་གསུམ་བརྗོད་དེ་ལྷ་ལྷག་པར་གནས་པའི་ཆོ་གའོ། །དེ་ནས་བཅོམ་ལྡན་འདས་ལ་ཕྱག་བྱས་ལ། མཚན་བརྒྱ་རྩ་བརྒྱད་པས་བསྟོད་ལ། མཆོད་ཡོན་ཕུལ་བ་སྔོན་དུ་འགྲོ་བས་ཡང་དག་པར་མཆོད་ལ་ཕྱག་བྱས་ཏེ། སློབ་མ་རྣམས་ལ་ཟབ་ཅིང་རྒྱ་ཆེ་བའི་ཆོས་བཤད་པ་བྱས་ནས།
སློབ་མའི་ཚོགས་དང་བཅས་པའི་སློབ་དཔོན་དཀྱིལ་འཁོར་གྱི་སའི་མཐའ་ལོགས་སུ་ཉལ་བར་བྱའོ། །དེ་ནས་སྐྱ་རེངས་འཆར་བའི་དུས་སུ། ཁྲུས་བྱ་བ་སྔོན་དུ་འགྲོ་བས་ལྷའི་རྣལ་འབྱོར་བྱས་ལ། ཉི་མ་འཆར་བའི་དུས་སུ་དཀྱིལ་འཁོར་བྲི་བ་བརྩམ་པར་བྱ་སྟེ། དེ་བཞིན་དུ་དང་པོའི་རྡོ་རྗེ་བསྐྱེད་
ནས། དང་པོ་ཁོ་ནར་སྲད་བུ་ཚོན་དམར་པོ་དང་། ལྗང་གུ་དང་། སྔོན་པོ་དང་། སེར་པོ་དང་། དཀར་པོའི་དྲི་ཞིམ་པས་སོ་སོར་བཙོ་བར་བྱའོ། །དེ་ནས་རིམ་པ་འདི་ཉིད་ཀྱིས་བཞག་ལ། ཧྲཱིཿཨ་ཧཱུྃ་ཏྲཱྃ་ཨོཾ་ཞེས་བྱ་བའི་ས་བོན་གྱི་ཡི་གེ་རྣམས་ལས། དེ་བཞིན་གཤེགས་པ་འོད་དཔག་ཏུ་མེད་པ་དང་། དོན་
ཡོད་གྲུབ་པ་དང་། མི་བསྐྱོད་པ་དང་། རིན་ཆེན་འབྱུང་ལྡན་དང་། རྣམ་པར་སྣང་མཛད་རྣམས་སྲད་བུ་ལ་རྣམ་པར་བསམས་ལ། དེ་བཞིན་གཤེགས་པ་འོད་དཔག་ཏུ་མེད་པ་ལ་སོགས་པ་རང་རང་གི་ཕྱོགས་ན་བཞུགས་པས། རང་རང་གི་ས་བོན་གྱི་འོད་ཟེར་གྱི་སྲད་བུ་རང་རང་གི་ཐུགས་ཀ་ལས་
ཡང་དག་པར་གཏོར་བར་བསམ་པར་བྱའོ། །དེ་ནས་དེ་རྣམས་འབར་བའི་ལྟ་བ་དང་། ལྕགས་ཀྱུས་ཛ་ཧི་ཞེས་བྱ་བ་མིག་གཉིས་སུ་བཀོད་ལ། འབར་བའི་ལྟ་བ་དང་། ལྕགས་ཀྱུས་བཀུག་ནས། རང་གི་ལག་པ་གཉིས་སུ་བཞག་ལ། རང་གི་ལག་པར་བཞག་པ་དེ་རྣམས་ཀྱིས་ཕྱི་རོལ་གྱི་སྲད་བུ་

ལ་ཀུན་དུ་བཀང་ལ་བསྒྲིལ་བར་བྱ་སྟེ། ཨ་ནྱོ་ནྱ་ཨ་ནུ་ག་ཏ་སརྦ་དྷརྨཱ་སྥ་ར་སྥ་ར་ཨ་ནུ་པྲ་བིཥྚ་སརྦ་དྷརྨཱ། ཨ་ཏྱན་ཏ་ཨ་ནུ་པྲ་བིཥྚ་སརྦ་དྷརྨཱ་ཧཱུྃ། ཞེས་བརྗོད་པར་བྱའོ། །དེ་ནས་དྲི་བཟང་པོས་བྱུག་པའི་གསེར་ལ་སོགས་པའི་སྣོད་དུ་བཞག་ལ་མེ་ཏོག་གིས་གཏོར་ཏེ། ཡང་དག་པར་
མཆོད་ལ། ཨོཾ་བཛྲ་ས་མ་ཡ་སཱུ་ཏྲ་མཱ་ཏི་ཀྲ་མ་ཧཱུྃ། ཞེས་བྱ་བ་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་བཟུང་ལ། བཟླས་བརྗོད་བརྒྱ་རྩ་བརྒྱད་བྱའོ། །དེ་ནས་དཀྱིལ་འཁོར་གྱིས་དྲི་ཞིམ་པོས་བྱུགས་ལ་མེ་ཏོག་གི་སིལ་མ་གཏོར་ཏེ། ནམ་མཁའ་ལ་བཞུགས་པའི་བཅོམ་ལྡན་འདས་མེ་ཏོག་ལ་སོགས་པ་དང་།
གླུ་དང་རོལ་མོ་ལ་སོགས་པས་ཡང་དག་པར་མཆོད་ལ། མིག་གཡས་གཡོན་དུ་ཛ་གཉིས་ལས་ཉི་མ་དང་ཟླ་བ་ཁ་དོག་སེར་པོ་བསྐྱེད་དེ་ཡིད་ལ་ཧཱུྃ་ཟློས་ཤིང་། རྣམ་པར་སྣང་མཛད་དུ་བསྒྱུར་ནས། བཛྲ་ཀརྨ་ཞེས་བརྗོད་དེ། རང་གི་སྙིང་ག་ལས་སྒྲུབ་པའི་གྲོགས་མཆོག་རྡོ་རྗེ་ལས་ཀྱི་གཟུགས་
སུ་དྲངས་ལ་ཕྱུང་སྟེ། ཧཱུྃ་ཞེས་ཟློས་ཤིང་ཡང་རྡོ་རྗེ་འཛིན་པ་ཆེན་པོར་བདག་ཉིད་བསམས་ལ། དྲི་ཞིམ་པོ་དང་། ཡུངས་ཀར་དང་ལྡན་པའི་ཚོན་དཀར་པོ་དང་ལྷན་ཅིག་བསྒོས་ཏེ། སྲད་བུ་དེ་དང་པོའི་རྡོ་རྗེ་ཁུ་ཚུར་གྱིས་བཟུང་ལ། ཕྱི་ནས་ཅི་བདེར་བྱ་བ་དང་། །རིམ་པ་འདིས་ཐིག་གདབ་པར་བྱའོ། །
དེ་ལ་དང་པོ་ཁོ་ནར་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བྱས་ཏེ། ཡི་གེ་ཛས་སྒྲུབ་པའི་གྲོགས་མཆོག་རྡོ་རྗེ་ལས་ཀྱི་གཟུགས་ཅན་གྱི་ལག་ཏུ་གཏད་ལ་ཕྱོགས་ཐམས་ཅད་མཉམ་པ་ཉིད་དུ་བསམས་ནས། སློབ་དཔོན་ནུབ་ཏུ་གནས་ནས་ཤར་དུ་བལྟས་ཏེ་ཚངས་པའི་ཐིག་གདབ་པར་བྱའོ། །ཡང་ལྷོ་
ཕྱོགས་སུ་གནས་ནས་བྱང་ཕྱོགས་སུ་བལྟས་ཏེ་ཚངས་པའི་ཐིག་གཉིས་གདབ་པར་བྱའོ། །དེ་ནས་ཤར་ལྷོ་མཚམས་སུ་གནས་ནས་བྱང་ཕྱོགས་སུ་ཁ་བལྟས་ཏེ། ཕྱིའི་དཀྱིལ་འཁོར་གྱི་ཤར་ཕྱོགས་ཀྱི་ལོགས་ཐིག་གདབ་པར་བྱའོ། །དེ་ནས་ནུབ་བྱང་མཚམས་སུ་གནས་ནས་ལྷོ་ཕྱོགས་སུ་
ཁ་བལྟས་ཏེ་ནུབ་ཕྱོགས་ཀྱི་ལོགས་ཐིག་གདབ་པར་བྱའོ། །དེ་བཞིན་དུ་གནས་ནས་ཁ་ཤར་དུ་བལྟས་ཏེ་བྱང་ཕྱོགས་ཀྱི་ལོགས་ཐིག་གདབ་པར་བྱའོ། །ཡང་ཤར་ལྷོའི་མཚམས་ཀྱི་ཆ་ལ་འདུག་ནས་ནུབ་ཕྱོགས་སུ་བལྟས་ཏེ་ལྷོ་ཕྱོགས་ཀྱི་ལོགས་ཐིག་གདབ་པར་བྱའོ། །དེ་བཞིན་དུ་ཁྱམས་ཀྱི་ཐིག་དང་།

ལྷའི་སྣམ་བུའི་ཐིག་ཀྱང་གདབ་པར་ཤེས་པར་བྱ་སྟེ། ཐམས་ཅད་དུ་སློབ་དཔོན་དང་སྒྲུབ་པའི་གྲོགས་མཆོག་ནི་བསྐོར་བའི་ཚུལ་གྱིས་འགྲོ་བར་ཤེས་པར་བྱའོ། །དེ་ནས་ཤར་ལྷོ་མཚམས་སུ་གནས་ནས་ནུབ་བྱང་མཚམས་ཀྱི་བར་དུ་སྲད་བུ་བརྐྱང་སྟེ་ཐིག་གདབ་པ་དང་། ཡང་ལྷོ་ནུབ་ཀྱི་མཚམས་
སུ་འདུག་ལ་བྱང་ཤར་གྱི་མཚམས་སུ་སྲད་བུ་བརྐྱང་སྟེ་ཐིག་གདབ་པར་ཤེས་པར་བྱའོ། །དེ་ནས་སྒོ་དང་སྒོ་ཁྱུད་གདབ་སྟེ། དེ་ལ་ཐིག་གདབ་པའི་སྔགས་ནི་འདི་ཡིན་ཏེ། ཨོཾ་བཛྲ་ས་མ་ཡ་སཱུ་ཏྲ་མཱ་ཏི་ཀྲ་མ་ཧཱུྃ། ཞེས་བྱའོ། །ཛཿཛཿཛཿཞེས་བྱ་བ་ཛཿགསུམ་དང་། སྒྲུབ་པའི་གྲོགས་མཆོག་