Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 59

Văn bản gốc(Tây Tạng)

Trang 8 / 16 (50.000 ký tự/trang)
གིས་
སྲད་བུ་དྲང་བར་བྱའོ། །དེ་ལ་སྒོ་ཐམས་ཅད་སྒོ་ཁྱུད་ནི་བརྒྱད་ཆར་བྱའོ། །སྒོ་འགྲམ་དང་ཁ་ཁྱེར་དང་ལྷའི་སྣམ་བུ་ནི་སྒོ་ཕྱེད་ཀྱི་ཚད་དོ། །ཚོན་སྣ་ལྔའི་ས་ནི་ཁ་ཁྱེར་གྱི་ཕྱེད་ཀྱི་ཚད་དོ། །རྟ་བབས་ཀྱི་ཚད་ནི་སྒོའི་སུམ་འགྱུར་དུ་བྱའོ། །ཕྱིའི་དཀྱིལ་འཁོར་གྱི་ཕྱེད་ཀྱི་ཚད་ནི་ནང་གི་དཀྱིལ་འཁོར་ཏེ་
ཟུར་བཞི་པ། སྒོ་བཞི་པ། ཀ་བ་བརྒྱད་པ། རྟ་བབས་མེད་པར་ལེགས་པར་ཐིག་བཏབ་ལ། དཀྱིལ་འཁོར་གྱི་དབུས་སུ་སེང་ལྡེང་གི་ཕུར་བུ་འོག་རྡོ་རྗེ་རྩེ་གཅིག་པ་ལྟ་བུ་ལ། སྟེང་རྡོ་རྗེ་རྩེ་ལྔ་པ་ལྟ་བུར་བྱ་སྟེ་ཧཱུྃ་ལས་བསྐྱེད་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། སརྦ་བིགྷྣཱན་བནྡྷ་ཧཱུྃ་ཕཊ། ཅེས་བྱ་བ་ལན་
བརྒྱ་རྩ་བརྒྱད་བཟླས་ཏེ། རྡོ་རྗེས་བརྡུང་བར་བྱའོ། །དེ་ལ་བཏགས་པའི་སྲད་བུས་ནང་གི་དཀྱིལ་འཁོར་གྱི་ཕྱི་རོལ་གྱི་རྡོ་རྗེ་ཕྲེང་བའི་ཐིག་གདབ་པར་བྱའོ། །དེ་ལ་དཀྱིལ་འཁོར་བརྒྱད་ཆ་འདྲ་བའི་ཀ་བ་བརྒྱད་ཉིད་ཀྱི་ཐིག་ཆ་མཉམ་པར་ཐིག་གདབ་པར་བྱ་སྟེ། ཤར་ཕྱོགས་ཀྱི་ཆའི་ཀ་བའི་ཐིག་ནི་
ལྷོ་ཕྱོགས་ཀྱི་ཆར་འདུག་ལ་བྱང་དུ་བལྟས་ཏེ་ཐིག་གདབ་པར་བྱའོ། །ནུབ་ཕྱོགས་ཀྱི་ཆའི་ཀ་བའི་ཐིག་ནི་བྱང་ཕྱོགས་ཀྱི་ཆར་གནས་ལ་ལྷོའི་ཕྱོགས་སུ་བལྟས་ཏེ་གདབ་པོ། །བྱང་ཕྱོགས་ཀྱི་ཆའི་ཀ་བའི་ཐིག་ནི་ནུབ་ཕྱོགས་སུ་འདུག་ལ་ཤར་དུ་ཁ་བལྟས་ཏེ་གདབ་པོ། །ལྷོ་ཕྱོགས་ཀྱི་
ཆའི་ཀ་བའི་ཐིག་ནི་ཤར་ཕྱོགས་ཀྱི་ཆར་འདུག་ལ་ནུབ་ཏུ་བལྟས་ཏེ་གདབ་པར་བྱའོ། །ད་ནི་ལུང་ལས་གསུངས་པའི་ཐིག་གདབ་པའི་ཆོ་ག་བཤད་པར་བྱ་སྟེ། དེ་ནས་ཐིག་ནི་གདབ་བྱ་བ། །སྲད་བུ་ཉིས་འགྱུར་དག་གིས་ཏེ། །ནམ་མཁའ་ཐམས་ཅད་ཚད་གྱུར་པས། །ཚད་མེད་པ་ནི་ཚད་

ཡིན་ཏེ། །བཟང་པོ་སངས་རྒྱས་ཀུན་གྱི་གནས། །ཕྱོགས་རྣམས་ཐམས་ཅད་མཉམ་པ་ཉིད། །ཤར་དང་ནུབ་དང་བྱང་དང་ལྷོ། །ཐིག་བཞི་བཏབ་པས་དཀྱིལ་འཁོར་བརྒྱད། །ཟུར་བཞི་པ་ལ་སྒོ་བཞི་པ། ཁྱམས་རྣམས་ཀྱིས་ནི་ལེགས་པར་བསྐོར། །རྟ་བབས་བཞི་དང་
ཡང་དག་ལྡན། །འོད་ཟེར་འབར་བ་འཁྲིགས་པའི་འོད། །དཀྱིལ་འཁོར་ཀུན་གྱི་གྲྭ་རྣམས་དང་། །སྒོ་དང་སྒོ་ཁྱུད་མཚམས་རྣམས་སུ། །ཟླ་བ་ཕྱེད་ལ་རབ་གནས་པའི། །རྡོ་རྗེ་རིན་ཆེན་རྣམས་ཀྱིས་སྤྲས། །མི་མཉམ་མེད་པས་ཟུར་བཞི་སྟེ། །དྲན་དང་དབང་པོའི་སྒོ་བཞིའོ། །བསམ་གཏན་
རྣམས་ཀྱི་རྟ་བབས་བཞི། །ཏིང་འཛིན་ཁ་ཁྱེར་ཤེས་པར་བྱ། །ཁ་ཁྱེར་ལ་བརྟན་རྡོ་རྗེའི་བདག །གཟུངས་རྣམས་ལྷ་མོས་མཆོད་པ་ཡིན། །རྒྱན་རྣམས་ཀུན་གྱིས་བཀྲ་བ་ཡང་། །བསམ་པ་ཐམས་ཅད་རྫོགས་བྱེད་པའོ། །གདུལ་བྱས་བསྐྱོད་པ་སྣ་ཚོགས་མཆོག །དར་འཕན་དྲིལ་བུ་
སྒྲོགས་པ་ཡིན། །མེ་ལོང་ཡེ་ཤེས་རྟག་མེད་རྟོག །བྱང་ཆུབ་ཡན་ལག་མེ་ཏོག་ཕྲེང་། །དྲ་བ་དྲ་ཕྱེད་རིན་ཆེན་མཆོག །ཉི་མ་ཟླ་བ་ཡང་དག་ལྡན། །ཀུན་གྲུབ་མི་ཟད་བདེ་བ་སྟེ། །བདེ་བ་ཆེན་པོ་ཞེས་གྲགས་པའོ། །ཕྱིའི་དཀྱིལ་འཁོར་རོ། །དེ་ཡི་ནང་གི་དཀྱིལ་འཁོར་ནི། །དཀྱིལ་འཁོར་བརྒྱད་
པ་དག་དང་མཚུངས། །རྡོ་རྗེའི་ཐིག་ནི་ཡོངས་བཏབ་པས། །རྡོ་རྗེ་འཁོར་ལོ་ཞེས་བྱར་གྲགས། །བྱང་ཆུབ་སེམས་ནི་ཐེག་པ་ཆེ། །རྡོ་རྗེ་ཐིག་ནི་རབ་བསྐོར་བས། །རྡོ་རྗེ་ཐིག་ནི་ཡོངས་བཏབ་ལ། །རྡོ་རྗེ་འཁོར་ལོ་ཡང་དག་བྲི། །ཡང་དག་བྲིས་ཏེ་ཀུན་གྱི་མཆོག །ཐར་པ་ཆེན་པོའི་རང་བཞིན་གྲོང་། །
ཐོག་མ་མེད་ཅིང་མཆོག་ཉིད་པས། །ཕྱོགས་རྣམས་ཐམས་ཅད་མཉམ་པ་ཡིན། །དེ་ནས། ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ། གྲྀ་ཧྞ་གྲྀ་ཧྞ་ཧཱུཾ། གྲྀ་ཧྞཱ་པ་ཡ་གྲྀ་ཧྞཱ་པ་ཡ་ཧཱུྃ། ཨཱ་ན་ཡ་ཧོ། བྷ་ག་བཱན་བཛྲ་ཧཱུཾ་ཕཊ། ཅེས་བརྗོད་ལ་དཀྱིལ་འཁོར་གྱི་ལྟེ་བ་ལ་གནས་པའི་ཕུར་བུ་ཕྱུང་ལ། འོག་ནས་བཤད་པའི་ཚོན་སྣ་
ལྔས་ཕུར་བུའི་བུ་ག་བཀང་སྟེ་མཉམ་པོར་བྱའོ། །དེ་ནས་མིག་གཉིས་སུ་ཧི་ལས་ཉི་མ་དང་ཟླ་བ་བསྐྱེད་ལ། ཁྲོ་བོའི་ལྟ་བས་ཀྱང་ཀུན་དུ་བལྟས་ཏེ་སྒོ་རྣམས་དབྱེའོ། །དེ་ནས་ཚོན་སྦྱང་བ་བཤད་པར་བྱ་སྟེ། ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུ། ཞེས་བྱ་བས་ཕྱག་རྒྱ་འདི་དང་ལྡན་པས་ཚོན་ཐམས་ཅད་ལ་ལན་

བདུན་བཟླས་ན། རྡོ་རྗེའི་རང་བཞིན་དུ་འགྱུར་རོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་གསུངས་སོ། །དེ་ལ་ཕྱག་རྒྱ་ནི་འདི་ཡིན་ཏེ། རྡོ་རྗེ་ཕྱག་རྒྱ་གཉིས་ལས་ནི། །མཛུབ་མོ་རྩེ་མོ་མཉམ་སྦྱར་བ། །བྱས་ནས་ཚོན་རྩི་ཐམས་ཅད་ནི། །འབར་བའི་ལྟ་བས་དགུག་པར་བྱ། །ཧི་ཞེས་བྱ་བའི་
མཐར་ཁྲོ་བོ་ཏི་རིནྟི་རིའི་ཕྱག་རྒྱ་བཅིངས་ལ་སྦྱར་བར་བྱའོ། །དེ་ལ་ཚོན་རྩི་དཀར་པོ་ལ་ནི། དེ་བཞིན་གཤེགས་པ་དཀར་པོའི་ཕྲ་རབ་རྣམས་གཞུག་པར་བྱའོ། །སེར་པོ་ལ་ནི་སེར་པོའོ། །སྔོན་པོ་ལ་ནི་སྔོན་པོའོ། །ལྗང་གུ་ལ་ནི་ལྗང་གུའོ། །དམར་པོ་ལ་ནི་དམར་པོ་བཅུག་ནས། ཇི་སྐད་དུ་
བཤད་པའི་འབར་བའི་ལྟ་བས་མངོན་པར་སྦྱང་བའི་དུས་སུ་ཡང་དང་པོའི་རྡོ་རྗེ་ཐོག་མར་ཚོན་དགྱེ་བ་བརྩམ་པར་བྱས་ལ། ཚོན་ཐམས་ཅད་དབང་ལྡན་གྱི་ཕྱོགས་ནས་བརྩམས་ཏེ། བསྐོར་ཕྱོགས་སུ་ཧཱུྃ་ཟློས་ཤིང་དགྱེ་ལ་དེའི་འོག་ཏུ་ཇི་ལྟར་དགའ་བའི་ཚོན་དགྱེ་བར་བྱའོ། །དེ་ལ་ཚོན་དགྱེ་བའི་
རིམ་པ་ནི་འདི་ཡིན་ཏེ། དམར་པོ་དང་། ལྗང་གུ་དང་། སྔོན་པོ་དང་། སེར་པོ་སྟེ། དཀར་པོ་ནི་ཐམས་ཅད་ཀྱི་ནང་རོལ་དུའོ། །དེ་ལྟར་དཀྱིལ་འཁོར་བྲིས་ནས་དཀྱིལ་འཁོར་གྱི་ལྟེ་བར་སྣ་ཚོགས་པདྨའི་གདན་ལ། དཔལ་རྡོ་རྗེ་སེམས་དཔའ་མཚན་ཉིད་སྔར་བཤད་པ་ལྟ་བུའི་ལུགས་མ་ལ་སོགས་
པའི་སྐུ་གཟུགས་བཀོད་ལ། ཧཱུྃ་གིས་ཀྱང་བར་སྣང་གི་ཕྱོགས་སུ་སྤྱན་དྲངས་ཏེ། གཟུགས་དང་གཅིག་ཏུ་བསྲེ་བར་བྱའོ། །དེ་བཞིན་དུ་ཐམས་ཅད་ལ་ཡང་ཤེས་པར་བྱ་སྟེ། གང་གི་ཕྱིར་ལྷ་ཐམས་ཅད་ཀྱི་ཡང་དགོད་པའི་སྙིང་པོ་ནི་ཧཱུྃ་འདི་ཉིད་དོ། །དེ་ལ་དེའི་མདུན་དུ་རྡོ་རྗེ་ཡིད་ལས་བྱུང་བ་
སྐུ་མདོག་དམར་སྐྱ། དེ་བཞིན་གཤེགས་པ་ལྔའི་ཅོད་པན་ཅན་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས། མེ་ཏོག་ཅན་གྱི་གཞུ་བསྣམས་པ། །ཕྱག་གཡས་ན་རྡོ་རྗེ་རྩེ་གཅིག་པའི་མདེའུ་ཅན་གྱི་མདའ་གསོར་བ་ལ་བརྩོན་པའོ། །དེའི་གཡས་ལོགས་སུ་རྡོ་རྗེ་ཀཱི་ལ་ཀཱི་ལ་སྐུ་མདོག་རྡོ་རྗེ་ཡིད་ལས་བྱུང་བ་
དང་མཐུན་པ། རྡོ་རྗེ་ཁུ་ཚུར་བཅིངས་པའི་ཕྱག་གཉིས་ཀྱིས་རང་གི་ཐུགས་ཀའི་ཕྱོགས་སུ་དང་པོའི་རྡོ་རྗེ་རྩེ་ལྔ་པ་མདོག་དམར་པོ་བསྣམས་ནས་འཁྱུད་པའི་ཚུལ་གྱིས་བཞུགས་པའོ། །དེའི་རྒྱབ་ཏུ་རྡོ་རྗེ་དྲན་པ་སྐུ་མདོག་སྔོ་སྐྱ། ཕྱག་གཡས་ན་ཆུ་སྲིན་གྱི་རྒྱལ་མཚན་བསྣམས་པ། ཕྱག་

གཡོན་གྱིས་གདན་ལ་སྙེམས་པ་དང་བཅས་པས་བཞུགས་པའོ། །དེའི་གཡོན་དུ་རྡོ་རྗེ་སྙེམས་པ་གསེར་བཙོ་མ་ལྟ་བུའི་མདོག་ཅན། རྡོ་རྗེ་ཁུ་ཚུར་གྱིས་རྡོ་རྗེ་རྩེ་ལྔ་པ་གཉིས་བསྣམས་ཏེ། དཀུ་གཉིས་སུ་སྙེམས་པ་དང་བཅས་པ། དབུ་གཡོན་དུ་ཅུང་ཟད་འདུད་པ་སྒེག་
པ་དང་བཅས་པའོ། །ནང་གི་དཀྱིལ་འཁོར་དེ་ཉིད་ཀྱི་ཤར་ལྷོའི་མཚམས་སུ་རབ་ཏུ་དགའ་བ་སྐུ་མདོག་རྡོ་རྗེ་ཡིད་ལས་བྱུང་བ་དང་མཐུན་པའོ། །ལྷོ་ནུབ་མཚམས་སུ་རབ་ཏུ་དགའ་མ་སྐུ་མདོག་ཀཱི་ལི་ཀཱི་ལ་དང་མཐུན་པའོ། །ནུབ་བྱང་མཚམས་སུ་རྡོ་རྗེ་སྤྱན་སྐུ་མདོག་རྡོ་རྗེ་དྲན་པ་དང་མཐུན་
པའོ། །བྱང་ཤར་མཚམས་སུ་དཔལ་ཆེན་མོ་སྐུ་མདོག་རྡོ་རྗེ་སྙེམས་པ་དང་མཐུན་པ་སྟེ། དེ་དག་ཀྱང་གོ་རིམས་ཇི་ལྟ་བ་བཞིན་དུ་མེ་ཏོག་གི་ཟ་མ་ཏོག་དང་། སྤོས་ཁང་དང་། མར་མེའི་སྡོང་བུ་དང་། དྲིའི་དུང་ཆོས་རང་གི་སྤྱི་བོའི་ཕྱོགས་སུ་ཐལ་མོ་ཁ་འབྱེད་པས་འཛིན་པའོ། །རྡོ་རྗེ་ཕྲེང་
བའི་ཕྱི་རོལ་གྱི་ནང་དུ་ཤར་ཕྱོགས་སུ་བཅོམ་ལྡན་འདས་མི་བསྐྱོད་པ་སྐུ་མདོག་དཀར་པོ་རྡོ་རྗེ་རྩེ་ལྔ་པ་བསྣམས་པ་ས་གནོན་གྱི་ཕྱག་རྒྱས་བཞུགས་པའོ། །དེའི་གཡས་ལོགས་སུ་ཕྱག་ན་རྡོ་རྗེ། རྡོ་རྗེ་དང་དྲིལ་བུ་བསྣམས་ཤིང་། གཡོན་སྙེམས་པ་དང་བཅས་པའོ། །གཡོན་དུ་འཇམ་
དཔལ་གཞོན་ནུར་གྱུར་པ་ནམ་མཁའི་མདོག་ཅན་གཞོན་ནུའི་སྐུའི་ཆ་ལུགས་འཆང་བ། འཛུམ་པ་དང་བཅས་པ་ཕྱག་བཞི་ན་རལ་གྲི་བཞི་དང་། དེ་བཞིན་གཤེགས་པ་རྣམས་ལ་འདེབས་པའོ། །རྡོ་རྗེ་ཕྲེང་བའི་ནང་ལྷོ་ཕྱོགས་སུ་རིན་ཆེན་འབྱུང་ལྡན་བཻ་ཌཱུརྱ་སྔོ་བསངས་ལྟ་བུའི་མདོག་ཅན།
རྡོ་རྗེ་རིན་པོ་ཆེ་མཆོག་སྦྱིན་པའི་ཕྱག་གིས་བསྣམས་པ། དེའི་གཡས་ལོགས་སུ་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་སྐུ་མདོག་མརྒད་ལྟ་བུ་རང་གི་མགོ་ལ་དབང་བསྐུར་བའི་ཕྲེང་བ་རང་ཉིད་འཆིང་བ་ཞལ་རྣམ་པར་བཞད་པའོ། །གཡོན་ལོགས་སུ་ནམ་མཁའི་མཛོད་སྐུ་མདོག་
སྣ་ཚོགས་པ་ཕྱག་ན་སྣ་ཚོགས་རྡོ་རྗེ་དང་། སྣ་ཚོགས་དྲིལ་བུ་བསྣམས་ནས། རྡོ་རྗེ་སྙེམས་པ་བསྒྱིངས་ནས་བཞུགས་པ་ཞལ་རྣམ་པར་བཞད་པའོ། །རྡོ་རྗེ་ཕྲེང་བའི་ནང་གི་ནུབ་ཕྱོགས་སུ་འོད་དཔག་ཏུ་མེད་པ་གསེར་བཙོ་མ་ལྟ་བུའི་མདོག་ཅན་པདྨ་བསྣམས་པ་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱས་

ཆོས་སྟོན་པར་མཛད་པའོ། །དེའི་གཡས་ལོགས་སུ་འཇིག་རྟེན་དབང་ཕྱུག་སྐུ་མདོག་དམར་སྐྱ། གཡོན་པ་སྙེམས་པ་དང་བཅས་པས་པདྨའི་སྡོང་བུ་བཟུང་ནས། ཕྱག་གཡས་པས་རང་གི་ཐུགས་ཀར་འབྱེད་པར་མཛད་པའོ། །གཡོན་ལོགས་སུ་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་
ལོ་བསྐོར་བ། གསེར་གྱི་མདོག་ཅན་ཕྱག་གཡོན་པས་གདན་ལ་བརྟེན་པ། ཕྱག་གཡས་པའི་གུང་མོའི་རྩེ་མོར་རྡོ་རྗེ་འཁོར་ལོ་རྩིབས་བརྒྱད་པ་རང་གི་ཐུགས་ཀའི་ཕྱོགས་སུ་བསྐོར་བའི་ཚུལ་གྱིས་བསྣམས་པ། ཞལ་རྣམ་པར་བཞད་པས་བཞུགས་པའོ། །རྡོ་རྗེ་ཕྲེང་བའི་ནང་གི་
བྱང་ཕྱོགས་སུ་དོན་ཡོད་པར་གྲུབ་པ་སྐུ་མདོག་སྣ་ཚོགས་པ་མི་འཇིགས་པ་སྦྱིན་པའི་ཕྱག་རྒྱས་སྣ་ཚོགས་རྡོ་རྗེ་བསྣམས་པའོ། །དེའི་གཡས་ལོགས་སུ་རྡོ་རྗེ་ཁུ་ཚུར་གསེར་གྱི་མདོག་ཅན་དམ་ཚིག་གི་ཁུ་ཚུར་གྱིས། རྡོ་རྗེ་རྩེ་ལྔ་པ་བསྣམས་པ་ཞལ་རྣམ་པར་བཞད་པའོ། །གཡོན་
ལོགས་སུ་རྡོ་རྗེ་གནོད་སྦྱིན་སྐུ་མདོག་སྔོན་པོ་རྡོ་རྗེ་མཆེ་བ་རྣམ་པར་གཙིགས་པ་འབར་བའི་ཕྲེང་བ་ཀུན་དུ་འཁྲིགས་པའི་འོད་མངའ་བ། འཇིགས་པར་མཛད་པ། ཧ་ཧ་ཞེས་གསལ་བར་བཞད་པའི་ཞལ་གྱིས་ཀུན་དུ་བཞུགས་ཤིང་། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་རྡོ་རྗེ་མཆེ་བའི་མཚོན་ཆ་བསྣམས་
ནས། ཞལ་གྱི་གྲྭ་གཉིས་སུ་འཇོག་པས་བཞུགས་པའོ། །ཕྱིའི་དཀྱིལ་འཁོར་གྱི་ལྷའི་སྣམ་བུ་ལ། ཤར་ལྷོའི་མཚམས་ཀྱི་ཕྱོགས་སུ་རྡོ་རྗེ་སྒེག་མོ། །རྡོ་རྗེ་ཡིད་ལས་བྱུང་བའི་མདོག་ཅན། རྡོ་རྗེ་ཁུ་ཚུར་གཉིས་རྡོ་རྗེ་རྩེ་ལྔ་པ་གཉིས་བསྣམས་ནས། གཉི་ག་སྙེམས་པར་བྱ་སྟེ། དབུ་གཡོན་དུ་
འདུད་པས་ཕྱག་འཚལ་བའོ། །ལྷོ་ནུབ་མཚམས་སུ་རྡོ་རྗེ་བཞད་པ་རྡོ་རྗེ་ཀཱི་ལི་ཀཱི་ལ་དང་མདོག་འདྲ་བ་ཕྱག་གཡས་ན་སོའི་ཕྲེང་བ་གཉིས་དང་ལྡན་པའི་རྡོ་རྗེ་གཉིས་བསྣམས་ནས་བཞད་པའི་ཚུལ་དུ་མཛད་ཅིང་། གཡོན་གྱིས་གདན་ལ་བརྟེན་ཏེ་བཞུགས་པའོ། །ནུབ་བྱང་དུ་རྡོ་རྗེ་གླུ་ཆེན་མོ་སྐུ་མདོག་རྡོ་རྗེ་
དྲན་པ་དང་མཐུན་པ་རྡོ་རྗེ་པི་ཝང་བརྡུང་བར་མཛད་པའོ། །བྱང་ཤར་གྱི་མཚམས་སུ་རྡོ་རྗེ་གར་སྐུ་མདོག་རྡོ་རྗེ་སྙེམས་མ་དང་མཐུན་པ། ཕྱག་གཉིས་ཀྱིས་རྡོ་རྗེ་རྩེ་གསུམ་པ་བསྣམས་ཏེ་གར་མཛད་པའོ། །ནང་དང་ཕྱི་རོལ་དུ་བཅས་པའི་ཤར་ཕྱོགས་ཀྱི་སྒོ་གཉིས་སུ་རྡོ་རྗེ་གཟུགས་སྐུ་

མདོག་རྡོ་རྗེ་ཡིད་ལས་བྱུང་བ་དང་མཐུན་པ་ཕྱག་ན་མེ་ལོང་བསྣམས་པའོ། །ལྷོ་ཕྱོགས་ཀྱི་སྒོ་གཉིས་སུ་རྡོ་རྗེ་སྒྲ་སྐུ་མདོག་རྡོ་རྗེ་ཀཱི་ལི་ཀཱི་ལ་དང་མཐུན་པའི་པི་ཝང་བརྡུང་བ་ལ་བརྩོན་པར་མཛད་པའོ། །ནུབ་ཕྱོགས་ཀྱི་སྒོ་གཉིས་སུ་རྡོ་རྗེ་དྲི་སྐུ་མདོག་རྡོ་རྗེ་དྲན་པ་དང་མཐུན་པ་
ཕྱག་ན་དྲིའི་དུང་ཆོས་བསྣམས་པའོ། །བྱང་ཕྱོགས་ཀྱི་སྒོ་གཉིས་སུ་རྡོ་རྗེ་རོ་སྐུ་མདོག་རྡོ་རྗེ་སྙེམས་པ་དང་མཐུན་པ་ཕྱག་ན་རོའི་སྣོད་བསྣམས་པའོ། །དེའི་ཕྱིར་འདི་དག་ནི་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་ཉིད་ཡིན་པར་འདོད་དེ། མེ་ལོང་དང་། པི་ཝང་དང་། དྲིའི་སྣོད་དང་། རོའི་སྣོད་རྣམས་ནི་
གཟུགས་ལ་སོགས་པའི་ཕྱག་མཚན་ཡིན་ནོ། །རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་ནི་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་ཕྱག་མཚན་ནོ་ཞེས་རྩ་བའི་རྒྱུད་ལས་གསུངས་པའོ། །ཕྱིའི་དཀྱིལ་འཁོར་གྱི་ཁྱམས་ཀྱི་ནང་དུ་འདོད་པའི་ཁམས་ཀྱི་དབང་ཕྱུག་རྣམས་སྔར་བཤད་པའི་རིམ་གྱིས་ཆུ་ལྷའི་
མཐར་ཐུག་པའི་བར་དུ་ཆུང་མ་དང་བཅས་པར་འཕགས་པ་དེ་ཁོ་ན་ཉིད་བསྡུས་པ་ལས་གསུངས་པའི་ཕྱག་རྒྱ་ཆེན་པོས་བྲི་བར་བྱའོ། །དེ་ལ་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ནས་རྡོ་རྗེ་གཟུགས་ཀྱི་བར་དུ་ནི་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པའོ། །དེ་བཞིན་གཤེགས་པ་
རྣམས་ནི་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའོ། །རྡོ་རྗེ་སེམས་དཔའ་ནི་ཤར་ཕྱོགས་སུ་གཟིགས་ནས་བཞུགས་པའོ། །ལྷག་མ་རྣམས་ནི་རང་གི་བདག་པོ་ལ་གཟིགས་པར་བྲི་བར་བྱའོ། །དེ་ལྟར་དཀྱིལ་འཁོར་ཆེན་པོ་བྲིས་ནས། ཕྱི་དྲོའི་དུས་སུ་མཚམས་ལ་བབ་པ་ན་དཔལ་
རྡོ་རྗེ་ཧཱུྃ་མཛད་ཀྱིས་སྦྱོར་བ་བྱས་ལ། ཁྲོ་བོ་ཏི་རིནྟི་རི་བཅིངས་ཏེ། བཛྲ་དང་ཧཱུྃ་བཞི་ཟློས་ཤིང་དཀྱིལ་འཁོར་ཆེན་པོར་འཇུག་པར་བྱའོ། །དེ་ནས་བསྐོར་བ་ལན་བདུན་བྱས་ལ་ལྷག་པ་དང་མ་ཚང་བའི་ཉེས་པ་རྣམས་ཞི་བར་བྱ་བའི་ཕྱིར་རྡོ་རྗེ་དྲིལ་བུ་དཀྲོལ་ལ་དཀྱིལ་འཁོར་ལ་བལྟ་བར་བྱའོ། །
དེ་ནས་མེ་ཏོག་གི་ཕྲེང་བ་བཅོམ་ལྡན་འདས་ལ་ཕུལ་ལ་གར་བྱ་བའི་ཚུལ་གྱིས་བླངས་ཏེ། ཕྲེང་བས་དབང་བསྐུར་བའི་སྔགས་ཀྱིས་རང་གི་མགོ་ལ་བཅིངས་ནས་སྒོ་དབྱེ་བ་ཇི་ལྟ་བ་བཞིན་བྱའོ། །དེ་ནས་དཔལ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ལ། སུ་ར་ཏ་བཛྲོ་ཧཱུྃ་ཞེས་བྱ་བ་ལ་

སོགས་པ་དང་། གཞན་ཡང་རང་གི་མིང་བརྗོད་ཅིང་། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་བཅིངས་ལ། ཧཱུྃ་ཨཱ་ཞེས་བྱ་བ་དང་། དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གྱི་ལྟེ་བར་རང་གི་རྡོ་རྗེའི་གཟུགས་སུ་བསམ་པར་བྱའོ། །དེ་ནས་ཧཱུྃ་བཛྲོ་ཧཾ་ཞེས་རྡོ་རྗེའི་ང་རྒྱལ་དུ་
རྣམ་པར་བསམས་ལ། ཧཱུྃ་བཛྲ་སཏྭ་ཧཾ་ཞེས་བྱ་བས། རྡོ་རྗེ་དེ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོའི་ངོ་བོ་ཉིད་དུ་བདག་ཉིད་བསམ་པར་བྱའོ། །དེ་བཞིན་དུ་རྡོ་རྗེ་རོའི་བར་གྱི་ཕྱག་རྒྱ་ཆེན་པོ་བཅིངས་ལ། ཧཱུྃ་ཨཱ་ཞེས་བྱ་བས་རྡོ་རྗེ་རོའི་གནས་སུ། རྡོ་རྗེ་རོའི་སྣོད་བསམ་མོ། །དེ་ནས་ཧཱུྃ་བཛྲ་
ར་ས་བྷཉྫ་ནོ་ཧཾ། ཞེས་བྱ་བས་ཕྱག་རྒྱའི་ང་རྒྱལ་དུ་བསམས་ལ། ཧཱུཾ་བཛྲ་ར་སོ་ཧཾ་ཞེས་བྱ་བས་ཕྱག་རྒྱའི་གཟུགས་ཏེ། རྡོ་རྗེ་རོའི་ཕྱག་རྒྱ་ཆེན་པོའི་ངོ་བོ་ཉིད་དུ་བདག་ཉིད་བསམ་པར་བྱའོ། །དེ་ནས་རྡོ་རྗེ་བསྡུ་བ་དང་། མཚན་བརྒྱ་རྩ་བརྒྱད་པས་བསྟོད་པ་དེ་བཞིན་དུ་བྱས་ལ། རྡོ་རྗེ་ཅན་གྱི་སྤྱན་
སྔར་རྡོ་རྗེ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་འདུག་ལ། ཡོངས་སུ་བརྟགས་པའི་དཀྱིལ་འཁོར་དེར་གསང་བའི་ལྕགས་ཀྱུས་བཅོམ་ལྡན་འདས་འཁོར་དང་བཅས་པ་སྤྱན་དྲངས་ལ། དེ་བཞིན་དུ་རྡོ་རྗེ་གནོད་སྦྱིན་གྱིས་བགེགས་བསྐྲད་པ་ལ་སོགས་པ་བྱས་ཏེ། རྡོ་རྗེ་ཁུ་ཚུར་གྱིས་སྒོ་
བཅད་ལ། རྡོ་རྗེ་གནོད་སྦྱིན་གྱིས་བསྲུང་བ་ཐམས་ཅད་ཡང་དག་པར་བསྲུངས་ཏེ། དེ་བཞིན་དུ་མཆོད་ཡོན་ཕུལ་ནས་དང་པོའི་རྡོ་རྗེས་བསྒྲུབ་པར་བྱའོ། །དེ་ནས་དེ་བཞིན་དུ་ལྷ་ཐམས་ཅད་ཀྱི་ལྗགས་ལ་ཧཱུཾ་བསམས་ཏེ། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ནས་ཆུ་ལྷའི་མཐར་ཐུག་པའི་
བར་གྱིས་ལས་ཀྱི་ཕྱག་རྒྱ་དང་། ཕྱག་རྒྱ་ཆེན་པོས་ཉེ་བར་བསྟན་ནས། དབང་བསྐུར་བའི་ཕྱག་རྒྱ་རྣམས་ཀྱིས་དེ་རྣམས་དབང་བསྐུར་ལ། མཆོད་ཡོན་ཕུལ་ཏེ། བུམ་པ་གང་བ་ལ་སོགས་པས་བཅོམ་ལྡན་འདས་འཁོར་དང་བཅས་པ་མཆོད་པར་བྱའོ། །དྲིལ་བུའི་མཆོག་བཏགས་རྒྱལ་
མཚན་དག །གྲྭ་རྣམས་སུ་ནི་གཞག་པར་བྱ། །ཕྱི་ཡི་མཚམས་ཀྱི་གནས་སུ་ནི། །བུམ་པ་ཡལ་གར་བཅས་པས་མཛེས། །ཕྱག་ན་རྡོ་རྗེའི་སྤྱན་སྔར་ཡང་། །བུམ་པ་སྤོས་ཆུས་གང་བ་གཞག །གང་ཞིག་རྡོ་རྗེར་བཅས་པ་ལ། །ནགས་ཀྱི་ལྕུག་མས་བཟླས་བརྗོད་བྱ། །འདི་སྐད་

སྟོན་པར་འགྱུར་ཏེ། རྩ་བ་ནག་པོ་ར་རི་མེད་པ་ལྟོ་བ་ཆེ་བ། མགྲིན་པ་མཐོ་བ། མཆུ་འཕྱང་བ། བྱི་རུ་དང་། གསེར་དང་། དུང་དང་། མུ་ཏིག་དང་། པདྨ་རཱ་ག་སྟེ་རིན་པོ་ཆེ་ཐམས་ཅད་དང་། བྲི་ཧ་ཏི་དང་། ཀཎྜ་ཀ་རི་དང་། ཧ་ས་ཧ་དང་། ནན་ཧ་ཨུཏྤ་ལ་དང་། ཨ་པ་ར་ཛི་ཏ་དཀར་
པོ་སྟེ། སྨན་ཐམས་ཅད་དང་། འབྲས་སཱ་ལུ་དང་། ནས་དང་། གྲོ་དང་། ཏིལ་དང་། མ་ཤ་སྟེ། འབྲུ་ཐམས་ཅད་དང་། ཙནྡན་དཀར་པོ་དང་ལྡན་པའི་ཆུ་དང་། མེ་ཏོག་དཀར་པོ་དང་། དྲི་ཤིན་ཏུ་ཞིམ་པ་རྣམས་ཀྱིས་ཡོངས་སུ་བཀང་ལ། ཕྱི་རོལ་ཀུན་དུ་དྲི་ཞིམ་པོས་བྱུགས་ཏེ། མེ་ཏོག་གི་ཕྲེང་བ་
བཏགས་ལ། རང་གི་ལྷའི་ཕྱག་རྒྱས་མཚན་པ། མགུལ་པར་རས་གཙང་མ་བཟང་པོས་དཀྲིས་པ། འབྲས་བུ་དང་ལོ་མ་བཟང་པོ་དང་ལྡན་པའི་ཡལ་གས་ཁ་བརྒྱན་པ་དང་པོའི་རྡོ་རྗེས་ཡོངས་སུ་བཟུང་བའི་མེ་ཏོག་གི་ལྕུག་མ་ལ་མཚན་བརྒྱ་རྩ་བརྒྱད་ཀྱི་བར་དུ་བཟླས་ཤིང་། ཧཱུྃ་ཡང་བཟླས་
ལ་ཕྱི་རོལ་ཀུན་དུ་ལྷ་རེ་རེ་ཞིང་དབུལ་བར་བྱ་སྟེ། དེ་ལ་དང་པོའི་དཔལ་རྡོ་རྗེ་སེམས་དཔའི་མདུན་དུ་གཅིག་དབུལ་བར་བྱའོ། །ཡང་བུམ་པ་གཅིག་འཇུག་པའི་སྒོར་མངོན་དུ་ཕྱོགས་པར་གཞག་པར་བྱའོ། །དེ་ལྟར་བུམ་པ་ཕུལ་ནས་བུམ་པ་གང་བ་ཡང་སོ་སོར་དབུལ་བར་བྱའོ། །དེ་ལྟར་
འབྱོར་པར་མ་གྱུར་ན། །བཅོམ་ལྡན་འདས་ལ་བུམ་པ་གཅིག །ལྷག་མ་རྣམས་ལ་བུམ་པ་ལྔ་དང་། བུམ་པ་གང་བ་ཡང་དབུལ་བར་བྱ་སྟེ། བཅུ་ལས་ཉུང་བར་མི་བྱའོ་ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་བུམ་པ་རྣམས་དང་། བུམ་པ་གང་བ་ཡང་ཕུལ་ནས། རས་ཟུང་འབུམ་མམ། ཁྲི་འམ།
སྟོང་ཕྲག་གཅིག་གམ། ལྷ་རེ་རེ་ཞིང་རྡོ་རྗེ་རིན་པོ་ཆེ་དང་། ཧཱུྃ་གཉིས་བཟླས་ལ། དབུལ་བ་དང་། བླ་རེ་དང་། རྒྱལ་མཚན་དང་། བ་དན་སྣ་ཚོགས་པ་རྣམས་ཀྱང་བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་དབུལ་བར་བྱའོ། །མེ་ཏོག་གི་ཤིང་བརྒྱ་འམ། བཞི་འམ་མེ་ཏོག་ཐམས་ཅད་ཀྱང་སྔར་
བཤད་པའི་མེ་ཏོག་གི་རིག་སྔགས་ཀྱིས་དབུལ་བ་དང་། དྲི་ཐམས་ཅད་ཀྱང་དྲིའི་རིག་སྔགས་ཀྱིས་དབུལ་བ་དང་། ག་པུར་དང་། ཨ་ག་རུ་དང་། དུ་རུ་སྐ་དང་། ཙནྡན་ལ་སོགས་པའི་བདུག་པ་རྣམས་ནི་བདུག་པའི་རིམ་པས་སོ། །ཁ་ཟས་རོ་བརྒྱ་པ་ལ་སོགས་པ་ནི་ཨ་ཀཱ་རོ་ལ་སོགས་པས་སོ། །

མར་གྱི་མར་མེ་ལ་སོགས་པ་ནི་མར་མེའི་རིག་སྔགས་མངོན་པར་བཟླས་ལ། བཛྲ་སྥ་ར་ཎ་ཁཾ་ཞེས་བརྗོད་ལ། བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་དབུལ་བར་བྱའོ། །མ་འབྱོར་ན་ཡང་བཅུ་ལས་ཉུང་བར་མི་བྱའོ། །མར་མེ་སྡོང་བུ་དང་བཅས་པའི་སྣོད་ཆེན་པོ་སྟོང་གཞག་པར་བྱ་སྟེ། ཐ་ན་
སྣོད་ཆེན་པོ་བཞི་མར་མེའི་རིག་སྔགས་ཉིད་བཟླས་ལ་དབུལ་བར་བྱའོ། །རོལ་མོ་བརྒྱ་སྟོང་ངམ། རོལ་མོའི་སིལ་སྙན་བཅུ་ཧཱུྃ་གིས་རོལ་མོའི་ཕྱག་རྒྱ་དང་ལྡན་པས་བཟླས་ལ་དབུལ་ཏེ། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་ལག་པའི་སོར་མོ་རྣམས་ཀྱིས་རོལ་མོ་བརྡུང་བ་ལྟ་བུ་རྣམ་པ་བཅུ་པོ་འདི་ལྟ་སྟེ།
པི་ཝང་དང་། གླིང་བུ་དང་། རྔ་དང་། མུ་ཀུན་ད་དང་། ཆ་ལང་དང་། རྔ་བོ་ཆེ་དང་། རྫ་རྔ་དང་། རྔ་རིངས་དང་། ཀུན་ཛ་དང་། ཏི་མི་ལ་བརྡུང་བའི་རྐེད་ཉག་ཚུལ་དུ་བྱེད་པའོ། །ཕྱི་རོལ་དུ་གར་ལ་སོགས་པ་ཡང་ཧཱུྃ་ཉིད་ཀྱིས་དབུལ་བར་བྱའོ། །དར་དཔྱངས་འཕྱང་བར་བྱ་བ་དང་། མེ་ཏོག་གི་ཆུན་པོ་
དང་། རྔ་ཡབ་ཀྱིས་རྣམ་པར་བརྒྱན་པ་དང་། དྲ་བ་དང་དྲ་བ་ཕྱེད་པས་སྤྲས་པ་དང་། ཟླ་བ་ཕྱེད་པ་དང་བཅས་པས་ཉེ་བར་མཛེས་པར་བྱས་པ་དང་། རྟ་དང་གླང་པོ་ཆེ་དང་། བ་ལང་གི་ཁྱུ་ཤིན་ཏུ་བརྟགས་པ་རྣམས་ཀྱང་དབུལ་བར་བྱའོ། །རྟ་བབས་ཡིད་དུ་འོང་བ་དྲིལ་བུ་དང་བཅས་པ་ཡང་དབུལ་བར་
བྱའོ། །དེ་ནས་རྡོ་རྗེ་མཚོན་ཆ་ལ་སོགས་པ་ལས་ཀྱི་ཕྱག་རྒྱ་རྣམ་པ་བཅུ་གཉིས་འོག་ནས་བཤད་པའི་མཚན་ཉིད་དང་ལྡན་པས། བཅོམ་ལྡན་འདས་འཁོར་དང་བཅས་པ་ཡང་དག་པར་མཆོད་ལ། ཨོཾ་གྱིས་རིན་པོ་ཆེ་སྣ་བདུན་དང་། དཔག་བསམ་གྱི་ཤིང་དང་། ཁ་ཟས་རོ་བརྒྱ་པ་དང་། གླུ་དང་།
གར་ལ་སོགས་པའི་སྤྲིན་རྣམས་སྤྲུལ་ལ། དཔྲལ་བའི་ཕྱོགས་སུ་ཐལ་མོ་ཁོང་སྟོང་དུ་སྦྱར་ལ། ཨོཾ་སརྦ་བིད་པཱུ་ར་པཱུ་ར། ཨཱ་བརྟ་ཡ་ཨཱ་བརྟ་ཡ་ཧོ། །ཞེས་བྱ་བས་དེ་རྣམས་དབུལ་བར་བྱའོ། །དེ་ནས་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུཏྤནན་ཏྭཱཏ། ཞེས་བྱ་བ་མངོན་པར་བཟླས་ལ། འདི་ཉིད་
བརྗོད་ཅིང་ཕྱི་རོལ་དུ་གཏོར་མ་སྦྱིན་པར་བྱའོ། །དེ་ནས་རྡོ་རྗེ་མེ་ལྟར་རབ་ཏུ་འབར་བ་དང་། རྡོ་རྗེ་གནོད་སྦྱིན་དང་། རྡོ་རྗེ་སྤྱན་མ་ལ་སོགས་པས་སྦྱིན་སྲེག་བྱས་ལ། དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གྱི་ཚུལ་གྱིས་ཐབ་ཀྱི་དབུས་སུ་མེ་ཏོག་གིས་བཞུགས་སུ་གསོལ་ལ། ཧཱུྃ་ཟློས་ཤིང་མར་

ལ་སོགས་པའི་རྫས་ལས་སྦྱིན་སྲེག་བརྒྱ་རྩ་བརྒྱད་དབུལ་བར་བྱའོ། །དེ་ནས་རྡོ་རྗེ་ཡིད་ལས་བྱུང་བ་ལ་སོགས་པ་ནས། རྡོ་རྗེ་རོའི་བར་ལ་ཡང་ཧཱུྃ་ཟློས་ཤིང་རེ་རེ་ལ་སྦྱིན་སྲེག་བདུན་བདུན་དབུལ་བར་བྱའོ། །དེ་ནས་ཕྱག་བཙལ་བ་ལ་སོགས་པ་སྔོན་དུ་འགྲོ་བས་སྡོམ་པ་
བཟུང་ལ། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡཱ་མི། ཞེས་བྱ་བས། བྱང་ཆུབ་ཆེན་པོའི་སེམས་བསྐྱེད་ལ། གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་དང་པོའི་རྡོ་རྗེ་བླངས་ནས་རང་གི་སྙིང་གར་ལེགས་པར་བཞག་སྟེ། ཧཱུྃ་ཞེས་བྱ་བས་རྡོ་རྗེ་བསྐྱེད་ལ། འདི་སྐད་ཅེས་བརྗོད་པར་བྱ་སྟེ། སུ་ར་ཏ་ས་མ་ཡ་
སྟྭཾ་ཧོ། །བཛྲ་སིདྡྷྱ་ཡ་ཐཱ་སུ་ཁཾ། དེ་ནས་སྒོར་བཞག་པའི་བུམ་པའི་ཆུས་བདག་ཉིད་དབང་བསྐུར་ལ། རས་དམར་པོ་ཟུང་གྱོན་ཞིང་། མེ་ཏོག་གི་ཕྲེང་བ་བཏགས་པ་དང་། གདོང་དྲི་ཞིམ་པོས་བྱུགས་ལ་ཇི་སྐད་དུ་བཤད་པའི་གར་ལས་བྱུང་བའི་རྡོ་རྗེ་ཐལ་མོ་བཅིངས་ནས། དེ་དང་མེ་ཏོག་
བླངས་ཏེ། དེའི་སྙིང་གའི་ཕྱོགས་སུ་བསྐོར་ནས་བཞག་ལ། བཛྲ་བཛྲ་ཧཱུྃ་ཞེས་བྱ་བ་ཟློས་ཤིང་། སློབ་དཔོན་འཇུག་པར་བྱའོ། །ཤར་ཕྱོགས་ཀྱི་སྒོར་བཛྲ་ཨཾ་ཀུ་ཤ་ཛཿཞེས་བརྗོད་ལ་རྡོ་རྗེ་ལྕགས་ཀྱུས་བདག་ཉིད་དགུག་པར་བྱའོ། །ཡང་ལྷོ་ཕྱོགས་ཀྱི་སྒོར་དཀྱིལ་འཁོར་ཆེན་པོར་དེ་
བཞིན་དུ་འཇུག་པར་བྱ་སྟེ། བཛྲ་པཱ་ཤ་ཧཱུྃ་ཞེས་བརྗོད་ལ། རྡོ་རྗེ་བསྡམས་པ་ལས་ཞགས་པར་བྱས་པས་བདག་ཉིད་གཞུག་པར་བྱའོ། །དེ་ནས་ནུབ་ཕྱོགས་ཀྱི་སྒོར་དེ་བཞིན་དུ་བདག་ཉིད་ཞུགས་ལ། བཛྲ་སྥོ་ཊ་བྃ་ཞེས་བྱ་བས། རྡོ་རྗེ་ལྕགས་སྒྲོག་བཅིངས་ཏེ་བདག་ཉིད་བཅིང་བར་བྱའོ། །ཡང་
བྱང་ཕྱོགས་ཀྱི་སྒོར་ཞུགས་ལ། བཛྲ་ཨཱ་བེ་ཤ་ཨ། ཞེས་བྱ་བས་བདག་ཉིད་དབང་དུ་བྱའོ། །ཡང་ཤར་ཕྱོགས་ཀྱི་སྒོར་ཞུགས་ལ། མ་ཧཱ་ར་ཏ་སུ་དྲི་ཌྷ་སུ་ཏོ་ཥོ་སུ་སུ་ཥོ་བཛྲ་སཏྭ་ཨཱདྱ་སིདྡྷྱཱ་མཱཾ། ཞེས་བརྗོད་དེ། རྡོ་རྗེ་གར་ལས་བྱུང་བའི་བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ལ་ཕྱག་བྱའོ། །
དེ་སྐད་དུ། ཞུགས་ནས་མགོན་ལ་ཕྱག་བྱས་ཏེ། །གཡོན་པའི་རྡོ་རྗེ་མིག་དང་ནི། །གཡོན་སྙེམས་འཛུམ་པའི་ཚུལ་གྱིས་ནི། །རོལ་པའི་མིག་ནི་བཙུམ་པར་བྱ། །ཞེས་གསུངས་པའི་ཕྱིར་རོ། །ཨོཾ་པ་ར་མ་སུ་ཁ་ཨ་ཤ་ཡ། སུ་ལ་ལི་ཏ་བི་ལ་སེ་ན་མི་ཏེ། ན་མ་མཱི་བྷ་ག་བཱན་ཏམ། ཛཿཧཱུྃ་བཾཾ་ཧོཿ

ཧི་ཧི་ཧི་ཧི་ཧཱི་། པྲ་ཏཱིཙྪ་ཀུ་སུ་མ་ཨཉྫ་ལི་ནཱ་ཐ་ཧོ། །ཞེས་བྱ་བ་ནི་ཕྱག་འཚལ་བའི་རིག་སྔགས་སོ། །ཡང་ཞུགས་པའི་ཕྱག་རྒྱ་བཅིངས་ལ། དཀྱིལ་འཁོར་ལན་གསུམ་བསྐོར་བར་བྱའོ། །དེ་ནས་ཡང་མདུན་དུ་འདུག་ལ། དེ་ཁོ་ན་ཉིད་འདི་ལན་ཅིག་བརྗོད་པར་བྱ་སྟེ། འདོད་ཆགས་ཆེན་པོ་བདེ་
བ་ཆེ། །རྡོ་རྗེ་ཆེན་པོ་ནོར་ཆེ་ཞིང་། །ཡེ་ཤེས་ཆེན་པོ་ལས་ཆེ་བ། །རྡོ་རྗེ་སེམས་དཔའ་དེང་བདག་འགྲུབ་། །ཛཿཧཱུྃ་བཾཾ་ཧོཿཔྲ་སིདྡྷྱེ་མཱཾ། དེ་ནས་རྡོ་རྗེའི་ཆུ་འཐུངས་ལ། ཨས་བདག་ཉིད་ལ་དབབ་པར་བྱ་སྟེ། ཨ་ཡང་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་རྡོ་རྗེ་སེམས་མ་ཕྱེ་ལ། བདག་ཉིད་དབབ་པར་
བྱ་སྟེ། ཨོཾ་ཨཱ་ཞེས་བྱ་བ་བརྒྱ་བཟླས་ལ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་བདག་ཉིད་ཀུན་དུ་གང་བར་བསམ་མོ། །དེ་ནས་ཧཱུྃ་གིས་མེ་ཏོག་གི་ཕྲེང་བ་དོར་ལ། དེ་ནས་སླར་བླངས་ཏེ། རང་གི་མགོ་ལ་དེ་ཉིད་ཀྱང་བཅིང་བར་བྱའོ། །དེ་ནས་དེ་ཉིད་ཀྱིས་གདོང་གཡོགས་དགྲོལ་ལ། དེ་ཉིད་
ཟློས་ཤིང་རྡོ་རྗེ་སེམས་དཔའ་ནས་བརྩམས་ཏེ། རྡོ་རྗེ་གཟུགས་ཀྱི་བར་གྱི་དཀྱིལ་འཁོར་བལྟ་བར་བྱའོ། །དེ་ནས་ཏིཥྛ་བཛྲ་ཞེས་བྱ་བ་ལ་སོགས་པས་ཞུགས་པའི་ཕྱག་རྒྱ་སྙིང་གར་དགྲོལ་བར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ལ། བཅོམ་ལྡན་འདས་ལ་རྡོ་རྗེ་
ལྟ་བས་བལྟ་ཞིང་། ཇི་སྲིད་བཅོམ་ལྡན་འདས་ཀྱི་མཐོང་བ་གནང་ནས། དངོས་གྲུབ་ཐམས་ཅད་སྩལ་པ་དེ་སྲིད་ཀྱི་བར་དུ་བཟླས་བརྗོད་བྱའོ། །དེ་ནས་རྡོ་རྗེ་ཐལ་མོ་བསྐོར་ལ་འདུག་སྟེ། ཤིས་པ་བརྗོད་པའི་ཚུལ་གྱིས་བདག་གི་སྙིང་གར་བཞག་ལ། མཚན་བརྒྱ་རྩ་བརྒྱད་པ་ལ་སོགས་པས་
བསྟོད་པ་བྱས་ཏེ། འདོད་ཆགས་རྡོ་རྗེ་ལ་སོགས་པ་གསང་བའི་མཆོད་པ་བཞིས་བཅོམ་ལྡན་འདས་ཡང་དག་པར་མཆོད་དོ། །གླུ་དང་རོལ་མོ་ལ་སོགས་པས་ཀྱང་མཆོད་ལ། ཡང་བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། བཅོམ་ལྡན་འདས་ལ་རྡོ་རྗེའི་ལྟ་བས་བལྟས་ནས། རྡོ་རྗེ་
ཐལ་མོ་བསྐོར་བས་བཅོམ་ལྡན་འདས་ལ་ཕྱག་བྱའོ། །ཕྱག་བྱས་ནས་ཀྱང་། མེ་ཏོག་ལ་སོགས་པའི་དབང་བསྐུར་བ་བླང་བར་བྱ་སྟེ། དེ་ལ་དང་པོ་ཁོ་ནར་དང་པོའི་རྡོ་རྗེས་བཟུང་བའི་མེ་ཏོག་གི་ཡལ་ག་ལ་རྣམ་པར་རྒྱལ་བའི་བུམ་པ་ལས་སྔགས་འདི་བཟླས་བརྗོད་ཉི་ཤུ་རྩ་གཅིག་བྱ་སྟེ། ཨོཾ་

མ་ཧཱ་སུ་ཁ་བཛྲ་ཨ་མོ་གྷ་ས་མ་ཡོ་ད་ཀ་སིདྡྷྱི། ཨ་བྷི་ཥིཉྩ་སརྦ་སུ་ཁ་སོ་མ་ན་སྱ་ནི་ཨ་དད་ཀུ་རུ་ཀུ་རུ་ཛཿཧཱུྃ་བཾ་ཧོཿཨ། དེ་ནས་རྡོ་རྗེ་སེམས་དཔར་བདག་ཉིད་བྱིན་གྱིས་བརླབས་ལ། དམ་ཚིག་གི་ཕྱག་རྒྱས་རང་གི་ལུས་ལ་རྣལ་འབྱོར་ཆེན་པོས་བཤད་པའི་གནས་རྣམས་སུ་ལྷ་
ཐམས་ཅད་དགོད་པར་བྱའོ། །ཕྱི་རོལ་གྱི་དཀྱིལ་འཁོར་གྱི་ནང་དུ་སྣ་ཚོགས་པདྨའི་སྟེང་དུ་ཕྱག་རྒྱ་ཆེན་པོས་འདུག་ལ། མེ་ཏོག་ལ་སོགས་པས་བདག་ཉིད་ཡང་དག་པར་མཆོད་དེ། མཆོད་ཡོན་བླངས་ནས་དཔལ་རྡོ་རྗེ་སེམས་དཔའི་སྐུ་གཟུགས་རང་གི་མགོ་ལ་བཞག་སྟེ། མཚན་
བརྒྱ་རྩ་བརྒྱད་པས་བསྟོད་ལ། རྡོ་རྗེ་ཁུ་ཚུར་གྱིས་རྣམ་པར་རྒྱལ་བའི་བུམ་པ་བླངས་ནས། ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བརྗོད་དེ། དེས་བདག་ཉིད་དབང་བསྐུར་བར་བྱ་ཞིང་ཆུ་དེ་བཏུང་བར་བྱའོ། །ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཛཿཧཱུྃ་བཾ་ཧོཿ སུ་ར་ཏ་སྟྭཾ་ཞེས་བྱ་བས་ཐོག་མའི་རྡོ་རྗེ་རང་གི་
མགོ་ལ་བཅིངས་ཏེ། བཟླས་བརྗོད་བརྒྱ་རྩ་བརྒྱད་བྱའོ། །དེ་ནས་སྔར་བཤད་པའི་ཕྱག་རྒྱས་དབང་བསྐུར་བ་ཐམས་ཅད་ཡང་དག་པར་བླངས་ཏེ། ལུགས་མའམ། བརྐོས་པའམ། བྲི་བའམ། བྱས་པའི་སངས་རྒྱས་ཀྱི་ཕྲེང་བ་ལ་སོགས་པ་དང་ལྡན་པའི་ཅོད་པན་རྡོ་རྗེ་རིན་ཆེན་གྱི་སྔགས་
དང་ཕྲེང་བའི་དབང་བསྐུར་བའི་སྔགས་བཟླས་པས་བདག་ཉིད་དབང་བསྐུར་བར་བྱའོ། །དེ་ནས་རྡོ་རྗེ་དང་བདག་པོ་དང་མིང་གི་དབང་བསྐུར་བ་བླངས་ལ། དངོས་གྲུབ་ཀྱི་རྡོ་རྗེའི་བརྟུལ་ཞུགས་ཀྱིས་རྡོ་རྗེའི་དབང་བླང་བར་བྱའོ། །དེ་ནས་མེ་ཏོག་ལ་སོགས་པ་དང་། ཕྱག་རྒྱའི་མཆོད་པ་རྣམ་པ་
བཅུ་གཉིས་ཀྱིས་བདག་ཉིད་མཆོད་པར་བྱའོ། །དེ་ནས་དེ་ཁོ་ན་ཉིད་ཀྱིས་རྡོ་རྗེ་བཟུང་ལ། ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱ་ཞིང་། དམ་ཚིག་གི་ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབས་ལ། ཧཱུྃ་ཞེས་བྱ་བ་བརྗོད་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་ཕྱག་བྱས་ལ་གསང་སྔགས་བཟུང་སྟེ། ཚིགས་སུ་
བཅད་པ་ལྔ་བས་རྗེས་སུ་གནང་བ་དང་། གཟེངས་བསྟོད་པ་དང་། ལུང་བསྟན་པ་ཡང་བླངས་ལ། བདག་ལ་བྱིན་གྱིས་བརླབ་པར་བྱ་སྟེ། ཇི་ལྟར་མངོན་པར་འདོད་པའི་ཆོ་གས་བཅོམ་ལྡན་འདས་རབ་ཏུ་བསྒྲུབས་ལ་ཕྱིར་འབྱུང་བར་བྱའོ། །སློབ་དཔོན་གྱི་ལས་ཀྱི་ཆོ་ག་རྒྱས་པ་རྫོགས་སོ།། །།

དེ་ནས་སྔར་བཤད་པའི་ཆོ་ག་ཉིད་ཀྱིས་སློབ་མ་གཞུག་པར་བྱ་སྟེ། སློབ་དཔོན་གྱིས་ལྔ་པོ་བསྡུས་པ་འདི་ཉིད་བཅིངས་ལ་སླར་ཡང་ཞུགས་ཏེ། ཆོ་ག་ཐམས་ཅད་རྗེས་སུ་སྤྱོད་ནས། བཅོམ་ལྡན་འདས་ལ་ཕྱག་བྱས་ལ། འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཁྱོད་སྔོན་ཁྱིམ་ལ་དགའ་བ་ཡི། །སྲེད་
པའི་བདེ་བ་དག་བྱའི་ཕྱིར། །འདོད་པ་ཀུན་གྱི་དངོས་གྲུབ་ཅེས། །འགྲོ་བ་ཀུན་ཀྱང་འགྲུབ་པར་གྱིས། །དེ་ནས་བཅོམ་ལྡན་འདས་ལ་མཆོད་པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་དེ། སློབ་མ་གཞུག་པར་བྱའོ། །དེ་ལ་བསླབ་པའི་གཞི་ལྔ་བླངས་པའམ། དགེ་སྦྱོང་ངམ། དགེ་སློང་གི་
བསླབ་པ་ཡོངས་སུ་བཟུང་བས། སྡོམ་པ་བཟུང་ལ་དེ་སློབ་དཔོན་ལ་ཕྱག་བྱས་ནས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། དགའ་ཆེན་ཁྱོད་བདག་སྟོན་པ་པས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་སེམས་དཔའི་ཚུལ་བསྟན་པས། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་
ཚིག་དེ་ཉིད་བདག་ལ་སྩོལ། །སྡོམ་པ་རྣམས་ཀྱང་སྩལ་དུ་གསོལ། །དེ་ནས་རྡོ་རྗེ་གནོད་སྦྱིན་གྱིས་ཡོངས་སུ་བཟླས་པའི་རས་དམར་པོ་བཟང་པོ་གཅིག་གིས་སྨད་གཡོགས་བྱ། གཅིག་གིས་སྟོད་གཡོགས་བྱས་ལ། ཡང་རྡོ་རྗེ་ལྕགས་ཀྱུ་དང་ཞགས་པ་དང་ལྕགས་སྒྲོག་དང་། རྡོ་རྗེ་
འབེབས་པས། གདོང་གཡོགས་ལ་ཡོངས་སུ་བཟླས་ལ། དེས་སློབ་མའི་གདོང་གཡོགས་པ་དང་། མེ་ཏོག་གི་ཕྲེང་བ་གདགས་ཤིང་། གདོང་དྲི་ཞིམ་པོས་བྱུགས་ལ་ཕྱག་བཞི་བྱེད་དུ་གཞུག་གོ། །ཡང་ལག་ན་མེ་ཏོག་ཐོགས་པས་སློབ་དཔོན་ལ་ཕྱག་བྱས་ལ་ལག་ན་མེ་ཏོག་ཐོགས་
པ་ཉིད་ཀྱིས་སྡིག་པ་བཤགས་པ་དང་། རྗེས་སུ་ཡི་རང་བ་དང་། བསྐུལ་བ་དང་། གསོལ་བ་གདབ་པ་བྱས་ནས། སློབ་མས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཐུབ་པའི་ཉི་མ་མ་ལུས་པ། །སངས་རྒྱས་རྣམས་ནི་བདག་ལ་དགོངས། །བདག་མིང་འདི་ཞེས་བྱ་བ་ནི། །སློབ་དཔོན་དཔང་དུ་གནས་པ་
ལ། །སངས་རྒྱས་རོལ་མོ་ལས་བྱུང་བ། །མི་ལྡོག་པ་ཡི་འཁོར་ལོས་སྦྱོར། །ཐར་པའི་རང་བཞིན་གྲོང་ཁྱེར་ཆེ། །གསང་བ་ཆེན་པོ་འཇུག་པར་བགྱི། །གསང་བ་ཐམས་ཅད་བསྡུས་པར་ནི། །སློབ་དཔོན་ཆེན་པོ་བདག་འཇུག་མཛོད། །མི་ལྡོག་པ་ཡི་དབང་བསྐུར་བ། །སྐལ་བ་ཆེན་པོ་བདག་

ལ་སྩོལ། །མཚན་རྣམས་ཀུན་གྱིས་རྒྱས་བཏབ་ཅིང་། །དཔེ་བྱད་རྣམས་དང་ཡང་དག་ལྡན། །སངས་རྒྱས་སྐུ་ནི་ཡིད་འོང་བ། །སློབ་དཔོན་ཆེན་པོ་བདག་ལ་སྩོལ། །དབང་བསྐུར་ཆེན་པོ་རྨད་བྱུང་བ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་ནི་རྟག་ཏུ་སློབ་དཔོན་འགྱུར། །
སློབ་དཔོན་ཆེན་པོ་བདག་ལ་སྩོལ། །དེ་ནས་སློབ་དཔོན་གྱིས་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ལ་གསོལ་བ་གདབ་པར་བྱ་སྟེ། ཆེ་གེ་ཞེས་བྱ་འདི་ཉིད་ནི། །བྱང་ཆུབ་སེམས་ནི་ཡོངས་འཛིན་པ། །དམ་ཚིག་མཆོག་དང་གསང་བ་ཡི། །འཁོར་ལོ་འདིར་ཡང་འཇུག་པར་འཚལ། །དེ་ནས་ཡང་
སློབ་དཔོན་གྱིས་ཡང་འདི་སྐད་ཅེས་བརྗོད་པར་བྱ་སྟེ། བདག་ཉིད་ཆེན་པོ་ཁྱོད་གསང་བ་ཆེན་པོའི་རིགས་དག་པ་ཤིན་ཏུ་སྦས་པ་ཡོངས་སུ་འཛིན་པར་འདོད་དམ་ཞེས་དྲི་བར་བྱའོ། །དེས་ཀྱང་བདག་འཚལ་ལོ་ཞེས་བརྗོད་པར་བྱའོ། །དེ་ནས་ཡང་སློབ་དཔོན་གྱིས་འདི་སྐད་ཅེས་བརྗོད་པར་བྱ་སྟེ།
སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་། །འདི་ནི་སངས་རྒྱས་རིགས་དག་པའི། །དམ་ཚིག་བརྟན་པར་གྱུར་པའོ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །བློ་ཆེན་ཁྱོད་ཀྱིས་གཟུང་བར་གྱིས། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་བསྒྲགས་
སོ། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །བླ་མ་སངས་རྒྱས་ཀུན་དང་མཉམ། །འདི་ནི་རྡོ་རྗེ་རིགས་དག་པའི། །སྡོམ་པ་དམ་ཚིག་ཡིན་པར་གསུངས། །སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་རྣམས་སྡུད་པ་དང་། །སེམས་ཅན་དོན་
བྱེད་ཚུལ་ཁྲིམས་གསུམ། །ཁྱོད་ཀྱིས་བརྟན་པོར་གཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེང་ནས་བརྩམས་ཏེ་གཟུང་བར་བགྱི། །ནམ་དུ་ཡང་ནི་མི་སྤོང་ངོ་། །འདི་ནི་སངས་རྒྱས་རིགས་དག་པའི། །སྡོམ་པ་བརྟན་པར་གྱུར་པའོ། །རིན་
ཆེན་རིགས་མཆོག་ཆེན་པོ་ལ། །ཉིན་དང་མཚན་དུ་ལན་གསུམ་དུ། །ཟང་ཟིང་མི་འཇིགས་ཆོས་དང་བྱམས། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་ཆོས་ཁྱོད་ཀྱིས་གཟུང་བར་བྱ། །འདི་ནི་པདྨའི་རིགས་དག་པའི། །དམ་ཚིག་སྡོམ་པ་ཡིན་པར་གསུངས། །

ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་གྱིས། །མཆོད་པའི་ལས་ཀྱང་ཅི་ནུས་བྱ། །གཞན་ཡང་བཅུ་བཞི་འདི་དག་ནི། །ཕས་ཕམ་པར་ནི་རབ་ཏུ་བཤད། །སྤང་ཞིང་དོར་བར་མི་བྱའོ། །རྩ་བའི་ལྟུང་བར་ཤེས་པར་བྱ། །ཉིན་དང་
མཚན་མོ་ལན་གསུམ་དུ། །ཉིན་རེ་ཞིང་ནི་བཟླ་བར་བྱ། །གང་ཚེ་ཉམས་ན་རྣལ་འབྱོར་པ། །ཁ་ན་མ་ཐོ་སྤོམ་པོར་འགྱུར། །ཁྱོད་ཀྱིས་སྲོག་ཆགས་གསད་མི་བྱ། །མ་བྱིན་པར་ཡང་མི་བླང་ངོ་། །འདོད་ལ་ལོག་པར་མི་སྤྱད་ཅིང་། །བརྫུན་དུ་སྨྲ་བར་མི་བྱའོ། །ཕུང་ཁྲོལ་ཀུན་གྱི་རྩ་བ་
ཡི། །ཆང་ནི་རྣམ་པར་སྤང་བར་བྱ། །སེམས་ཅན་གདུལ་ཕྱིར་མ་གཏོགས་པར། །བྱ་བ་མ་ཡིན་ཐམས་ཅད་སྤང་། །དམ་པ་ཉེ་བར་བསྟེན་བྱ་ཞིང་། །རྣལ་འབྱོར་པ་རྣམས་བསྙེན་བཀུར་བྱ། །ལུས་ཀྱི་ལས་ནི་རྣམ་གསུམ་དང་། །ངག་གི་རྣམ་པ་བཞི་རྣམས་དང་། །ཡིད་ཀྱི་རྣམ་པ་
གསུམ་དག་ནི། །ཅི་ནུས་པར་ནི་རྗེས་སུ་སྐྱོང་། །ཐེག་པ་དམན་པ་འདོད་མི་བྱ། །སེམས་ཅན་དོན་ལ་རྒྱབ་ཕྱོགས་མིན། །འཁོར་བ་དག་ཀྱང་ཡོངས་མི་སྤང་། །རྟག་ཏུ་མྱ་ངན་འདས་མི་ཆགས། །ལྷ་དང་ལྷ་མིན་གསང་བ་པ། །ཁྱོད་ཀྱིས་བརྙས་པར་མི་བྱ་ཞིང་། །ཕྱག་རྒྱ་བཞོན་པ་
མཚོན་ཆ་དང་། །མཚན་མ་འགོམ་པར་མི་བྱའོ། །འདི་དག་དམ་ཚིག་ཡིན་པར་བཤད། །ཁྱོད་ཀྱིས་རྟག་ཏུ་བསྲུང་བར་བྱ། །དེས་ཀྱང་འདི་སྐད་བརྗོད་བྱ་སྟེ། །སློབ་དཔོན་འདིར་ནི་བདག་ལ་གསོན། །གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་ལྟར་བདག་ནི་བགྱིད་པར་འཚལ། །ཇི་ལྟར་དུས་
གསུམ་མགོན་པོ་རྣམས། །ཞེས་བྱ་བ་ནས་བརྩམས་ཏེ། སེམས་ཅན་མྱ་ངན་འདས་ལ་དགོད། །ཅེས་བྱ་བའི་བར་དུ་བརྗོད་པར་བྱའོ། །དེ་ནས་དེ་ལ་ཨོཾ་སརྦ་ཡོ་ག་ཙིཏྟཱ་ཨུཏྤཱ་ད་ཡཱ་མི་ཞེས་བྱ་བས་བྱང་ཆུབ་ཏུ་སེམས་བསྐྱེད་དུ་བཅུག་སྟེ། དེའི་སྙིང་གར་དེ་བཞིན་དུ་རྡོ་རྗེ་བསྐྱེད་ནས། རྡོ་རྗེ་
སེམས་དཔར་བྱིན་གྱིས་བརླབས་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དེང་ཁྱོད་ལ་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས་པར་འགྱུར་གྱིས། ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་འདི་དཀྱིལ་འཁོར་མ་མཐོང་བ་རྣམས་ལ་སྨྲ་བར་མི་བྱ་ཞིང་། དད་པ་མེད་པ་རྣམས་ལ་ཡང་མ་

ཡིན་ནོ། །དེ་ནས་ལྔ་པོ་བསྡུས་པའི་ཕྱག་རྒྱ་བཅིངས་ལ། འདི་སྐད་ཅེས་བརྗོད་པར་བྱའོ། །འདི་ནི་དམ་ཚིག་གསང་བ་སྟེ། །སངས་རྒྱས་ཐམས་ཅད་རབ་གྲུབ་པ། །གལ་ཏེ་དཀྱིལ་འཁོར་མ་མཐོང་སྨྲས། །རིགས་རྣམས་ཐམས་ཅད་དེར་བརླག་འགྱུར། །ཨོཾ་མ་ཧཱ་སུ་ཁ་ཧ་ན་ས་
མ་ཡ་མཱ་ཏི་པྲ་ཏི་ཎཾ་སུ་ར་སྟྭཾ། དེ་ནས་ཡོན་གྱི་མཆོག་བླངས་ལ། །སྒོར་བཞག་པའི་བུམ་པའི་ཆུས་དབང་བསྐུར་ནས། དང་པོར་རང་ཉིད་འཇུག་པའི་ཆོ་གས་གཞུག་པར་བྱའོ། །ཞུགས་ནས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། མ་ཧཱ་ར་ཏ་སུ་དྲི་ཌྷ། སུ་ཏོ་ཥོ་སུ་སུ་ཁོ། བཛྲ་སཏྭ་ཨཱདྱ་སིདྡྷྱཱ་མཾ། ཞེས་སྨྲོས་ཤིག་
ཅེས་བསྒོའོ། །དེ་ནས་ཡང་འདི་སྐད་ཅེས་བརྗོད་པར་བྱ་སྟེ། དེང་ཁྱོད་དེ་བཞིན་གཤེགས་པའི་རིགས་སུ་ཞུགས་ཀྱིས་ངས་ཁྱོད་ལ་ཡེ་ཤེས་གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་དུ་འགྲུབ་པར་ཡང་འཐོབ་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ལྟ་བུའི་ཡེ་ཤེས་བསྐྱེད་པར་
བྱས་ཀྱིས། ཁྱོད་ཀྱིས་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ལ་མ་སྨྲ་ཤིག །ཁྱོད་དམ་ཚིག་ཉམས་པར་གྱུར་ཏ་རེ། དེ་ནས་རྡོ་རྗེ་སློབ་དཔོན་རང་ཉིད་ཀྱིས། སེམས་མ་རྡོ་རྗེའི་ཕྱག་རྒྱ་ཁ་ཐུར་དུ་བསྟན་པ་དང་། གྱེན་དུ་བསྟན་པ་བཅིངས་ལ། རྡོ་རྗེ་སློབ་མའི་སྤྱི་བོར་གཞག་ལ། འདི་སྐད་ཅེས་བརྗོད་
པར་བྱའོ། །འདི་ནི་ཁྱོད་ཀྱི་རྡོ་རྗེའི་དམ་ཚིག་ཡིན་གྱིས། གལ་ཏེ་འགའ་ཞིག་ལ་སྨྲས་ན། ཀླད་པ་འགས་པར་འགྱུར་རོ། །དེ་ནས་དམ་ཚིག་གི་ཕྱག་རྒྱ་དེ་ཉིད་དང་། མནའི་སྙིང་པོའི་ཆུ་ལ་ཡོངས་སུ་བཟླས་ན། སློབ་མ་དེ་འཐུང་དུ་གཞུག་གོ། དེ་ལ་མནའི་སྙིང་པོ་ནི་འདི་ཡིན་ཏེ། རྡོ་རྗེ་སེམས་དཔའ་
ཁྱོད་ཉིད་ཀྱིས། །དེང་ནས་སྙིང་ལ་ཡང་དག་ཞུགས། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །བཛྲོད་ཀ་ཐ། དེ་ནས་སློབ་མ་ལ་འདི་སྐད་བསྒོས་ཤིག །དེང་ཕྱིན་ཆད་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་གྱི། ངས་འདི་བྱོས་ཤིག་ཅེས་བསྒོ་བ་གང་ཡིན་པ་དེ་བྱ་དགོས་སོ། །ཁྱོད་ཀྱིས་ང་
ལ་བརྙས་པར་མ་བྱེད་ཅིག་མི་བདེ་བ་མ་སྤངས་པས་ཁྱོད་དུས་བྱས་ནས་དམྱལ་བར་ལྟུང་བར་གྱུར་ཏ་རེ་ཞེས་སྨྲས་ལ། དེ་ནས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ལ། རྡོ་རྗེ་སེམས་དཔའ་བདག་ལ་འབབ་པར་གྱུར་ཅིག་ཅེས་བརྗོད་དུ་གཞུག་གོ། །དེ་

ནས་རྡོ་རྗེ་སློབ་དཔོན་གྱིས་མྱུར་དུ་སེམས་མའི་རྡོ་རྗེའི་ཕྱག་རྒྱ་བཅིངས་ལ་དེའི་སྙིང་གར་བཞག་སྟེ། འདི་སྐད་ཅེས་བརྗོད་དུ་གཞུག་གོ །འདི་ནི་རྡོ་རྗེ་དམ་ཚིག་སྟེ། །རྡོ་རྗེ་སེམས་དཔའ་ཡིན་པར་གྲགས། །རྡོ་རྗེ་ཡེ་ཤེས་བླ་མེད་ནི། །དེ་རིང་ཉིད་དུ་འབབ་པར་ཤོག །དེ་ནས་བཛྲ་ཨཱ་བེ་ཤ་ཨ་
ཞེས་བྱ་བ་འདི་ལན་བརྒྱ་ཟློས་སུ་གཞུག་གོ། །ཡང་གཡོན་པའི་ཁུ་ཚུར་བཅིངས་ལ། སེམས་མ་རྡོ་རྗེའི་ཕྱག་རྒྱ་ཕྱེ་སྟེ། ཧཱུྃ་ཨ་ཨ་ཨ་ཨ་ཞེས་བྱ་བ་ལན་བརྒྱ་ཟློས་སུ་གཞུག་གོ །སྦྱོར་བ་གཉིས་ཀ་ལ་ཡང་འོད་ཟེར་དམར་པོ་འབར་བའི་འོད་ཀྱིས་ཀུན་ནས་འཁྲིགས་པའི་རྡོ་རྗེ་སེམས་དཔས་ཀུན་
ནས་གང་བར་བསམས་ན་ངེས་པར་འབབ་པར་འགྱུར་རོ། །ལྷའི་ཡེ་ཤེས་ཀྱང་འདི་ལས་སྐྱེ་བར་འགྱུར་རོ། །དེ་ནས་མེ་ཏོག་གི་ཕྲེང་བ་དོར་ཞིང་ཕྲེང་བས་དབང་བསྐུར་བ་དང་། གདོང་གཡོགས་དཀྲོལ་ཞིང་དཀྱིལ་འཁོར་བསྟན་པ་དང་། འཇུག་པའི་ཕྱག་རྒྱ་དགྲོལ་བ་དག་སློབ་དཔོན་གྱི་ལས་ཀྱི་ཆོ་
གར་བསྟན་པའི་སྦྱོར་བས་བྱེད་དུ་གཞུག་གོ །དེ་ནས་དེ་བཞིན་དུ་པདྨ་བྲིས་ལ། སློབ་མ་རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབ་པར་བྱ་སྟེ། པདྨ་དེ་ལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོས་ཉེ་བར་གཞག་ལ། ཡོན་གྱི་མཆོག་བླངས་ཏེ་མཆོད་ཡོན་བྱིན་ལ། མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་
དེ། རྣམ་པར་རྒྱལ་བའི་བུམ་པ་ལས་རྡོ་རྗེ་ཁུ་ཚུར་གྱིས་ཆུ་བླངས་ལ། སློབ་དཔོན་གྱི་ཆོ་གས་དབང་བསྐུར་ཞིང་ཆུ་དེ་འཐུང་དུ་བཅུག་ལ། འདི་སྐད་ཅེས་བརྗོད་དོ། །འདི་ནི་སེམས་ཅན་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེའི་བདུད་རྩི་
ཆུ་འདིས་འགྲུབ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་རྣམས། །གལ་ཏེ་དཀྱིལ་འཁོར་མ་མཐོང་སྨྲས། །སྐྱེས་བུ་འདུས་པའི་ནང་གནས་ཤིང་། །དད་པ་མེད་པས་བགད་པར་འགྱུར། །དེ་ནས་ཕྱག་རྒྱའི་དབང་བསྐུར་བ་དང་། ཅོད་པན་གྱི་དབང་བསྐུར་བ་དང་། རྡོ་རྗེ་དང་བདག་པོ་དང་མིང་གི་དབང་བསྐུར་བ་
དང་། རང་གི་དངོས་གྲུབ་ཀྱི་རྡོ་རྗེའི་བརྟུལ་ཞུགས་དང་། ཆོས་ཀྱི་དེ་ཁོ་ན་ཉིད་རྣམས་ཀྱི་དམ་ཚིག་རྣམས་སྦྱིན་པར་བྱའོ། །དེ་ནས་མེ་ཏོག་ལ་སོགས་པ་དང་། རྡོ་རྗེ་མཚོན་ཆ་ལ་སོགས་པས་དེ་ཡང་དག་པར་མཆོད་ལ། དེ་ལ་སྙིང་པོ་བྱིན་ཏེ། དང་པོར་མནའ་འདོར་དུ་བཅུག་ལ། ལྷའི་ཕྱག་རྒྱ་བཞི་

བསླབ་པར་བྱའོ། །དེ་ནས་གསང་བའི་དབང་བསྐུར་བཤད་དེ། དབང་བསྐུར་བར་འོས་པ་བཅུག་ལ། སློབ་དཔོན་གྱིས་ལས་ཀྱི་ཆོ་ག་ཐམས་ཅད་དང་། དཀྱིལ་འཁོར་དང་། ལྷའི་དེ་ཁོ་ན་ཉིད་ཐམས་ཅད་བསྟན་པར་བྱ་སྟེ། འདི་དག་གིས་ནི་དབང་བསྐུར་བ་ཐམས་ཅད་ཀྱིས་དབང་
བསྐུར་བར་གྱུར་པ་ཡིན་ནོ། །དེ་ནས་དབང་བསྐུར་བའི་ཆོ་ག་རྒྱས་པར་བཤད་པར་བྱ་སྟེ། རྩ་བའི་དཀྱིལ་འཁོར་ལས་བར་དུ་ཁྲུ་དོ་ཡོངས་སུ་དོར་བར་དབང་བསྐུར་བའི་དཀྱིལ་འཁོར་ཤར་ཕྱོགས་ཀྱི་སྐོར་བལྟས་པ་ནང་གི་དཀྱིལ་འཁོར་གྱི་ཕྱེད་ཀྱི་ཚད་ཙམ་ལ། ཟུར་བཞི་པོ་སྒོ་ནུབ་ཏུ་བལྟས་པ།
ཚོན་གྱི་ཕྱེ་མ་སྣ་ལྔས་བྲི་བར་བྱ་སྟེ། དཀྱིལ་འཁོར་དེའི་དབུས་སུ་པདྨ་འདབ་མ་བརྒྱད་པ། དེའི་སྟེང་དུ་དང་པོའི་རྡོ་རྗེ་ཁ་དོག་དམར་པོར་བྲི་བར་བྱའོ། །དེ་ནས་དཀྱིལ་འཁོར་དེ་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་ལ། སྣ་ཚོགས་པདྨ་དང་། རས་ཀྱིས་གཡོགས་པའི་སེང་གེའི་གདན་ནམ།
སྟན་ནང་ཚངས་ཅན་རྡོ་རྗེ་རྩེ་མོས་མངོན་པར་བཟླས་པ་དེར་གཞག་སྟེ། དེ་ཡང་དབང་བསྐུར་བར་བྱ་སྟེ། དཔལ་རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབས་ལ། དེའི་ལུས་ལ་ལྷ་ཐམས་ཅད་ཀྱི་གནས་སུ་སྔ་མ་བཞིན་དུ་པདྨའི་གདན་བསམས་ནས། གདན་དེ་རྣམས་ལ་དང་པོའི་རྡོ་རྗེའི་སྙིང་པོ་དང་
བཅས་པས། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་བསྐྱེད་དེ། གདན་དེ་ལ་དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོས་འདུག་ནས་དང་པོའི་རྡོ་རྗེ་དེ་ཉིད་དང་། རྡོ་རྗེ་སེམས་དཔའ་ལ་སོགས་པས་སྙིང་ག་དང་། སྨིན་མཚམས་དང་། ལྐོག་མ་དང་། སྤྱི་བོ་རྣམས་སུ་བྱིན་གྱིས་བརླབས་པ་
དང་། སེང་གེའི་གདན་གྱི་སྟེང་དུ་བླ་རེ་བྲེ་ཞིང་། གཡས་ལོགས་སུ་དར་དང་། མེ་ཏོག་གི་ཆུན་པོས་བརྒྱན་པའི་གདུགས་དཀར་པོ་རིན་པོ་ཆེའི་མེ་ཏོག་ཅན་ཧཱུྃ་གིས་བཟླས་པ་བཞག་པ་དང་། གཡོན་ཕྱོགས་ཀྱི་ཆར་དར་སྣ་ཚོགས་པའི་རྒྱལ་མཚན་དང་། བ་དན་ལ་ནམ་མཁའ་མཛོད་ཀྱི་སྔགས་
བཟླས་པ་གཞག་ལ། མཆོད་ཡོན་ཕུལ་ཏེ། མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་ནས། དུང་དང་། རྔ་རིངས་དང་། རྔ་བོ་ཆེ་དང་། རྭ་དུང་ལ་སོགས་པའི་རོལ་མོའི་ཕྱག་རྒྱས་བྱིན་གྱིས་བརླབས་པའི་སྒྲ་དང་། ཕྱི་རོལ་དུ་གླུ་དང་། གར་རྣམས་བྱ་བ་དང་། རྡོ་རྗེ་མཚོན་ཆ་བཟླས་པས་མཆོད་དོ། །

དེ་ནས་ཡོན་གྱི་མཆོག་བླངས་ལ། །དཔལ་རྡོ་རྗེ་སེམས་དཔའི་སྐུ་གཟུགས་དེའི་སྤྱི་བོར་བཞག་སྟེ། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་གདོན་པར་བྱའོ། །དེ་ལ་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་འདི་ཡིན་ཏེ། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་
མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པདྨ་རྒྱས་པའི་འདབ་འདྲའི་སྤྱན་མངའ་བ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་དང་པོའོ། །དེ་ཡིས་ཉེ་བར་བསྟན་པ་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ། །ཆོས་ཀྱི་དམ་པ་སྐྱེ་
དགུ་རྣམས་ལ་ཞི་བྱེད་པ། །དེ་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གཉིས་པའོ། །དགེ་འདུན་དམ་པ་ཆོས་ལྡན་ཐོས་པའི་བཀྲ་ཤིས་ཕྱུག །མི་དང་ལྷ་དང་ལྷ་མ་ཡིན་གྱིས་མཆོད་པའི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་གཞི། །དེ་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གསུམ་
པའོ། །སེམས་ཅན་ཀུན་ལ་ཕན་ཕྱིར་བྱང་ཆུབ་མངའ་བ་པོ། །དོན་རྣམས་ཐམས་ཅད་གྲུབ་པར་བརྟུལ་ཞུགས་ཡོངས་ལྡན་པ། །ཚོགས་ཀྱི་ལས་དགྱེས་ཐུབ་པའི་བཀྲ་ཤིས་གང་བྱུང་བ། །བཀྲ་ཤིས་དེས་ཀྱང་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །འགྲོ་ལ་ཕན་ཕྱིར་དེ་བཞིན་གཤེགས་པ་དགའ་
ལྡན་ལྷའི། །གཞལ་མེད་ཁང་གི་སྙིང་པོ་ནས་ནི་འདིར་གཤེགས་ཏེ། །དབང་བཅས་ལྷས་བསྐོར་བ་ཡི་བཀྲ་ཤིས་གང་བྱུང་བ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །ལོ་མ་མེ་ཏོག་འོད་འབར་ཉམས་དགའ་ལུམྦིའི་ཚལ། །ལྷ་མང་དག་གིས་བསྟན་པར་མགོན་པོ་བལྟམས་པ་
ན། །སྲིད་པའི་མཐར་ཕྱིན་པ་ཡི་བཀྲ་ཤིས་གང་བྱུང་བ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །གྲོང་ཁྱེར་སེར་སྐྱའི་གནས་ནས་རྒྱལ་པོའི་ཕོ་བྲང་དུ། །ལྷུམས་ནས་བལྟམས་པ་སྟོན་པ་བདེ་གཤེགས་ཟས་གཙང་སྲས། །མྱུར་བསྐྲུན་བདུད་རྩི་ཆུས་གཏོར་བ་ཡི་བཀྲ་ཤིས་
གང་། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །གྲོང་ཁྱེར་དམ་པ་སེར་སྐྱའི་གནས་ཞེས་བྱ་བར་ནི། །རྨད་དུ་གྲགས་པ་ཆེ་བའི་ལྷ་ཡིས་མངོན་བསྟོད་པས། །བསམ་ཡས་དགེ་བསྒྲུབས་བསོད་ནམས་ཕུང་པོའི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །དགྱེས་

ཤིང་ནམ་ཕྱེད་གྲོང་ཁྱེར་མཆོག་ནས་མངོན་བྱུང་སྟེ། །དཀའ་ཐུབ་ཚལ་དུ་མངོན་པར་གཤེགས་ཤིང་ཚངས་ལ་སོགས། །ལྷ་ཡི་ཚོགས་ཀྱིས་ཡོངས་སུ་བསྐོར་བའི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ཀྱང་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །རབ་ཏུ་འོད་འབར་གསེར་དང་
འདྲ་བའི་སྐུ་མངའ་ཞིང་། །བཻ་ཌཱུརྱ་ལྟར་སྔོ་བའི་རྩྭ་བཏིང་སྟེང་བཞུགས་ཏེ། །སྐྱིལ་མོ་ཀྲུང་བཅས་མི་གཡོ་མཆོག་གི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །ཆུ་བོའི་འགྲམ་ན་ཙྭ་ཤའི་ཕྲེང་གིས་ཡོངས་བསྐོར་བ། །ཤིན་ཏུ་རྨད་དུ་བྱུང་བའི་སྲིད་པ་སེལ་མཛད་
པ། །ཀླུ་ཡི་རྒྱལ་པོས་ཕྱག་བྱས་པ་ཡི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ཀྱང་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །ཤིང་རྒྱལ་དྲུང་གཤེགས་བྱམས་པའི་སྟོབས་ཀྱིས་བདུད་ཀྱི་ཕྱོགས། །མང་པོ་བཏུལ་ཚེ་ས་སྟེང་དང་ནི་ནམ་མཁའ་ལ། །བཅོམ་ལྡན་བཀྲ་ཤིས་རྣམ་པ་སྣ་ཚོགས་གང་
བྱུང་བ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །སྡུག་བསྔལ་མཐའ་དག་གཞིག་ཕྱིར་རྡོ་རྗེ་གདན་བཞུགས་ཏེ། །ནམ་གྱི་ཐོ་རངས་བདུད་བཞི་པོ་དག་རྣམ་པར་བཏུལ། །སྟོན་པ་བདེ་བར་གཤེགས་པའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །
གྲོང་ཁྱེར་བཱ་རཱ་ཎ་སཱིར་དྲང་སྲོང་མཆོག་བཞུགས་ནས། །ཆོས་ཀྱི་འཁོར་ལོ་མཆོག་བསྟན་པ་ཡི་བཀྲ་ཤིས་གང་། །ལྷ་ཡུལ་དང་འདིར་ཤིན་ཏུ་རྨད་དུ་བྱུང་གྱུར་པ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །བཀྲ་ཤིས་གང་ཞིག་ཕན་བྱེད་དམ་པ་དག་བྱེད་པ། །བསོད་ནམས་བྱ་བྱེད་
འཕགས་པའི་སྐྱེ་བོས་མངོན་བསྟོད་པ། །བཅོམ་ལྡན་ཤཱཀྱ་ཐུབ་པ་སེང་གེས་མངོན་གསུངས་པ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །མུ་སྟེགས་བྱེད་པ་ཀུན་གྱི་ང་རྒྱལ་གཞོམ་པ་དང་། །འགྲོ་ལ་བདེ་བ་བསྐྱེད་ཕྱིར་ཆོ་འཕྲུལ་དམ་པ་དག །ཉེ་བར་སྟོན་པའི་རྒྱལ་བའི་བཀྲ་ཤིས་
གང་ཡིན་པ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །འགྲོ་ལ་ཕན་ཕྱིར་མཐོ་རིས་ནས་ནི་འདིར་གཤེགས་ཏེ། །ཚངས་པ་ལ་སོགས་ལྷ་ཚོགས་ལག་ན་རྔ་ཡབ་གདུགས། །སྣ་ཚོགས་ཐོགས་པས་ཡོངས་སུ་བསྐོར་བའི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་

ཤོག །དེ་བཞིན་གཤེགས་པ་ཞི་བའི་མཆོག་ཏུ་ཉེར་གཤེགས་པ། །མན་དཱ་ར་བའི་མེ་ཏོག་མང་པོས་མངོན་མཆོད་པ། །ལྷ་མཆོག་རྣམས་ཀྱིས་མངོན་པར་བསྟོད་པའི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །ལྷ་དབང་ཀླུ་དང་མི་ཡི་དབང་པོས་ཕྱག་བྱས་
པ། །མཁའ་ལྡིང་གནོད་སྦྱིན་དྲི་ཟའི་དབང་པོས་མཆོག་གྱུར་པ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ལྡན་གྱི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །དེ་ནས་མཚན་བརྒྱ་རྩ་བརྒྱད་པས་ཡང་དག་པར་བསྟོད་ལ། དང་པོར་བུམ་པ་གང་བ་དང་། རྡོ་རྗེ་གཟུགས་
ལ་སོགས་པ་དེ་དག་དབུལ་ལོ། །དེ་ནས་བུམ་པ་དེ་རྣམས་ཀྱིས་སོ། །དེའི་འོག་ཏུ་རྣམ་པར་རྒྱལ་བའི་བུམ་པ་ལས་ཆུ་བླངས་ཏེ། དེ་བཞིན་དུ་དབང་བསྐུར་བར་བྱ་ཞིང་འཐུང་དུ་ཡང་གཞུག་གོ །དེ་ནས་ཕྱག་རྒྱའི་དབང་བསྐུར་བ་དང་། ཅོད་པན་དང་དར་དཔྱངས་ཀྱི་དབང་བསྐུར་བ་དང་། རྡོ་རྗེ་དང་
བདག་པོ་དང་། མིང་གི་དབང་བསྐུར་བ་ཡང་བྱིན་ལ། དངོས་གྲུབ་ཀྱི་རྡོ་རྗེའི་བརྟུལ་ཞུགས་ཀྱང་སྦྱིན་པར་བྱའོ། །དེ་ནས་མེ་ཏོག་ལ་སོགས་པ་དང་། རྡོ་རྗེ་མཚོན་ཆ་ལ་སོགས་པ་མཆོད་པའི་ཕྱག་རྒྱ་རྣམ་པ་བཅུ་གཉིས་དུམ་བུ་གཉིས་པའི་རྩ་བའི་དཀྱིལ་འཁོར་དུ་བཤད་པ་རྣམས་ཀྱིས་ཡང་དག་
པར་མཆོད་ལ། ཆོས་ཀྱི་དེ་ཁོ་ན་ཉིད་ཀྱིས་དམ་ཚིག་རྣམས་སྦྱིན་པར་བྱའོ། །དེ་བཞིན་གཤེགས་པའི་དཀྱིལ་འཁོར་དུ་ཡང་མཆོད་པ་བཅུ་གཉིས་པོ་དེ་དག་ཉིད། དེ་བཞིན་གཤེགས་པའི་ཁུ་ཚུར་ལས་བྱུང་བའོ། །རྡོ་རྗེའི་རིགས་ལ་ནི་ཁྲོ་བོའི་ཁུ་ཚུར་གཉིས་ལས་བྱུང་བའོ། །པདྨའི་རིགས་ལ་
ནི་པདྨའི་ཁུ་ཚུར་གཉིས་ལས་བྱུང་བའོ། །རིན་པོ་ཆེའི་རིགས་ལ་ནི་རིན་པོ་ཆེའི་ཁུ་ཚུར་གཉིས་ལས་བྱུང་བར་གཟུང་བར་བྱའོ། །རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ལ་ནི་ཁ་དོག་སྣ་ཚོགས་པའོ། །དེ་བཞིན་གཤེགས་པའི་དཀྱིལ་འཁོར་ལ་ནི་དཀར་པོའོ། །རྡོ་རྗེའི་དཀྱིལ་འཁོར་ལ་ནི་སྔོན་པོའོ། །པདྨའི་
དཀྱིལ་འཁོར་ལ་ནི་དམར་པོའོ། །རིན་པོ་ཆེའི་དཀྱིལ་འཁོར་ལ་ནི་སེར་པོར་ཤེས་པར་བྱའོ། །དེ་ནས་སྔ་མ་བཞིན་དུ་ཆོ་ག་རྣམས་རྗེས་སུ་སྤྱད་པ་བྱས་ལ། ཡི་གེ་པྲས་བྱིན་གྱིས་བརླབས་པའི་རིན་པོ་ཆེའི་ཐུར་མའམ། གསེར་གྱི་ཐུར་མ་བླངས་ལ། སློབ་མའི་མིག་གཉིས་སུ་ཕྲ་བཀོད་དེ། ཐུར་

མ་དེས་དེའི་མིག་ཏུ་བྱུགས་ལ། འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་རབ་རིབ་བསལ་བ་ལྟར། །བུ་ཁྱོད་ཀྱིས་ནི་མི་ཤེས་པའི། །རབ་རིབ་རྒྱལ་བས་བསལ་བར་མཛད། །ཨོཾ་བཛྲ་ནཻ་ཏྲ་ཨ་པ་ཧཱ་ར་ཕཊ་ལཾ་ཧྲི། དེ་ནས་མེ་ལོང་
བླངས་ལ། ཆོས་ཀྱི་མཚན་ཉིད་བསྟན་པར་བྱ་སྟེ། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དང་ཞིང་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་བྱུང་བ་སྟེ། །ངོ་བོ་ཉིད་མེད་གནས་མེད་པར། །དེ་ལྟར་ཆོས་འདི་ཤེས་ནས་སུ། །སེམས་ཅན་དོན་ནི་མཉམ་མེད་
བྱོས། །འོན་ཀྱང་སངས་རྒྱས་སྲས་སུ་སྐྱེས། །དེ་ནས་ཡི་གེ་ཧོས་མདའ་དང་བཅས་པའི་གཞུ་བྱིན་ལ། དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་མཉེས་པར་གྱིས་ཤིག་ཅེས་བརྗོད་ལ། ཕྱོགས་བཞིར་མདའ་བཞི་འཕེན་པའི་ཚུལ་བྱེད་དུ་གཞུག་ཅིང་། སྟེང་འོག་ཏུ་འང་འཕེན་དུ་བཅུག་ལ། ཨོཾ་
བཛྲ་རཱ་ག་ཧོ་ཞེས་ཀྱང་སྨྲར་གཞུག་པར་བྱའོ། །དེ་ནས་ཨོཾ་བཛྲ་ས་ཏྭ་ཞེས་བྱ་བས་མེ་ལོང་བསྟན་ལ། འདི་སྐད་ཅེས་བརྗོད་པར་བྱ་སྟེ། རྡོ་རྗེ་སེམས་དཔའ་མེ་ལོང་ལྟར། །དག་ཅིང་གསལ་ལ་རྙོག་པ་མེད། །སངས་རྒྱས་ཀུན་བདག་རང་ཉིད་ནི། །བུ་ཁྱོད་ཀྱི་ནི་སྙིང་ལ་ཞུགས། །དེ་བཞིན་
གཤེགས་པ་ཀུན་བདག་གང་། །བྱང་ཆུབ་སེམས་འདིར་ཤེས་པར་གྱིས། །དེ་ནས་བཛྲ་ཧེ་ཏུ་མཾ། ཞེས་བྱ་བས་ཆོས་ཀྱི་འཁོར་ལོ་རྐང་པ་གཉིས་སུ་དགོད་པ་དང་། བཛྲ་བྷཱ་ཥ་རཾ་ཞེས་བྱ་བས་དུང་ལག་པ་གཡས་པར་བྱིན་ལ། འདི་སྐད་ཅེས་བརྗོད་པར་བྱ་སྟེ། དེ་རིང་ཕན་ཆད་འཇིག་རྟེན་ལ། །སྐྱོབ་པ་
རྣམས་ཀྱིས་འཁོར་ལོ་བསྐོར། །ཆོས་ཀྱི་དུང་ནི་བླ་མེད་པས། །ཀུན་དུ་མ་ལུས་གང་བར་གྱིས། །སོམ་ཉི་ཡིད་གཉིས་མི་བྱ་ཞིང་། །དོགས་པ་མེད་པའི་སེམས་ཀྱིས་སུ། །གསང་སྔགས་སྤྱད་པའི་ཚུལ་གྱི་མཆོག །འཇིག་རྟེན་འདི་ལ་རབ་ཏུ་སྒྲོགས། །དེ་ལྟར་བྱས་ན་སངས་རྒྱས་ལ། །ཕན་
འདོགས་ཤིན་ཏུ་གཟོ་ཞེས་བྱ། །རྡོ་རྗེ་འཛིན་པ་དེ་ཀུན་ཡང་། །ཀུན་དུ་ཁྱོད་ལ་སྲུང་བར་བྱེད། །མདོར་ན་འཇིག་རྟེན་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་འདུལ་བ་སྣ་ཚོགས་པའི། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །མདོར་ན་འཇིག་རྟེན་ཐམས་ཅད་དུ། །སེམས་ཅན་

ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་འདུལ་བ་སྣ་ཚོགས་པའི། །རྡོ་རྗེའི་འཁོར་ལོ་རབ་ཏུ་བསྐོར། །མདོར་ན་འཇིག་རྟེན་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་འདུལ་བ་སྣ་ཚོགས་པའི། །ཁྲོ་བོའི་འཁོར་ལོ་རབ་ཏུ་བསྐོར། །མདོར་ན་འཇིག་རྟེན་ཐམས་ཅད་དུ། །སེམས་
ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་འདུལ་བ་སྣ་ཚོགས་པའི། །པདྨའི་འཁོར་ལོ་རབ་ཏུ་བསྐོར། །མདོར་ན་འཇིག་རྟེན་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་འདུལ་བ་སྣ་ཚོགས་པའི། །ནོར་བུའི་འཁོར་ལོ་རབ་ཏུ་བསྐོར། །ཞེས་བྱ་བས་དེ་བཞིན་གཤེགས་པ་དང་།
རྡོ་རྗེ་སེམས་དཔའ་དང་། རྡོ་རྗེ་ཧཱུྃ་མཛད་དང་། འཇིག་རྟེན་དབང་ཕྱུག་དང་། ནམ་མཁའི་སྙིང་པོའི་ང་རྒྱལ་དང་། ཚིགས་སུ་བཅད་པ་འདི་རྣམས་ཀྱིས། རྗེས་སུ་གནང་བ་བྱིན་ལ་རང་གི་ལྷའི་སྙིང་པོ་སྦྱིན་པར་བྱའོ། །དེ་ནས་ཕྱག་རྒྱ་བཞིའི་ཡེ་ཤེས་བསླབས་ལ། གཟེངས་བསྟོད་པའི་ཕྱག་རྒྱ་
བཅིངས་ཏེ། སློབ་མ་ཐམས་ཅད་ལ་དབང་བསྐུར་བ་སྦྱིན་པར་བྱའོ། །ཨོཾ་འདི་ནི་ངས་ཁྱོད་ལུང་བསྟན་པ། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་པ་མཆོག་ཏུ་གྲུབ་པའི་ཕྱིར། །སྲིད་པའི་ངན་འགྲོ་དག་ལས་བཏོན། །ཀྱེ་རྡོ་རྗེ་ཆེ་གེ་མོ་ཞེས་བྱ་བའི་དེ་བཞིན་གཤེགས་པ་སིདྡྷྱ་ས་མ་ཡ་
སྟྭཾ། བྷུར་བྷུ་བཿ སྭཿ དེ་ལ་གཟེངས་བསྟོད་པ་འདི་ཡིན་ཏེ་དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་བཅིངས་ལ། གཡོན་པ་ཆོས་གོས་ཀྱི་མཐའ་མ་འཛིན་པའི་ཚུལ་དུ་བྱས་ལ། གཡས་པ་མི་འཇིགས་པའི་ཚུལ་དུ་བྱའོ། །ཆོ་ག་ལྷག་མ་རྣམས་ནི་དུམ་བུ་གཉིས་པ་ལས་ཤེས་པར་བྱའོ། །རྗེས་སུ་བསྒྲུབ་
པ་དང་། རྗེས་སུ་བསྒྲུབ་པའི་ལན་ཡང་དེ་ལྟར་ཤེས་པར་བྱའོ། །དེ་ནས་སྦྱིན་སྲེག་བྱ་སྟེ། སློབ་མ་བསང་གཏོར་བྱས་ལ་གཡོན་ལོགས་སུ་བཞག་སྟེ། དེའི་གཡས་པའི་མཐེ་བོང་ལག་པ་གཡོན་པས་བཟུང་ནས། ཧཱུྃ་གིས་མར་གྱི་སྦྱིན་སྲེག་ལན་བདུན་བྱས་ལ། བླུགས་གཟར་གྱིས་སློབ་མ་
ལ་བསྐོར་བ་བྱས་ཏེ། དེ་ཉིད་ཀྱིས་དགང་བླུགས་གསུམ་དབུལ་བར་བྱའོ། །དེ་ནས་སངས་རྒྱས་སྤྱན་གྱིས་དེ་བཞིན་དུ་སྦྱིན་སྲེག་བྱའོ། །དེ་ནས་སློབ་མའི་ལག་པར་རྡོ་རྗེ་གནོད་སྦྱིན་བཟླས་པའི་གདུ་བུ་བཏགས་ལ། དེ་ཉིད་བཟླས་པའི་ཆུས་བསང་གཏོར་བྱའོ། །ཨོཾ་རུ་རུ་སྥུ་རུ་ཛྭཱ་ལ་ཏིཥྛ་སིདྡྷ་ལོ་

ཙ་ནེ་སརྦ་ཨརྠ་སཱ་དྷ་ནེ་སྭཱ་ཧཱ། ཞེས་བྱ་བའི་སངས་རྒྱས་སྤྱན་གྱི་སྔགས་དང་། སྙིང་གར་བྱུགས་ཏེ། སློབ་མ་གཏང་བར་བྱ་བ་ནི་སློབ་མའི་ཐུན་མོང་གི་ཆོ་གའོ། །གང་ཞིག་སློབ་དཔོན་གྱི་དབང་གིས་དབང་བསྐུར་བ་དེ་ལ་ནི། དེ་ལ་དམིགས་ཏེ་མར་གྱི་སྲེག་བླུགས་བརྒྱ་ཧཱུྃ་ཞེས་
བྱ་བ་དང་། སྦྱིན་སྲེག་བྱའོ། །དེ་ནས་སངས་རྒྱས་སྤྱན་གྱི་ཡང་སྦྲང་རྩི་དང་། མར་དང་། ཞོ་དང་བསྲེས་པའི་ཏིལ་གྱིས་སྦྱིན་སྲེག་བརྒྱ་སངས་རྒྱས་སྤྱན་གྱི་སྔགས་ཉིད་ཀྱིས་དབུལ་ལོ། །དེ་ནས་དེ་བཞིན་དུ་གདུ་བུ་བཏགས་ལ་བསང་གཏོར་བྱས་ཏེ། སྙིང་ག་ནས་བྱུགས་ནས། དེ་ནས་ཡང་སྔ་མ་
བཞིན་དུ་ཐབ་ཀྱི་ནང་དུ་དཀྱིལ་འཁོར་བསམས་ལ། དཀྱིལ་འཁོར་པའི་ལྷ་རྣམས་ལ་སྦྱིན་སྲེག་ཕུལ་ནས། ཡང་དཀྱིལ་འཁོར་ལ་ཞུགས་པའི་བཅོམ་ལྡན་འདས་ལ་མཚན་བརྒྱ་རྩ་བརྒྱད་པས་བསྟོད་ནས། མཆོད་པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་དེ། དེའི་ཕྱི་རོལ་དུ་གཏོར་མ་བྱིན་ལ་ཉེ་
རེག་བྱ་སྟེ། ཕྱག་རྒྱ་དགྲོལ་བ་ལ་སོགས་པ་སྔར་བཤད་པའི་ཆོ་ག་རྣམས་རྗེས་སུ་སྤྱད་ནས། བཅོམ་ལྡན་འདས་འཁོར་དང་བཅས་པ་རྣམས་གཤེགས་སུ་གསོལ་བར་བྱའོ། །དེ་ནས་དེ་བཞིན་དུ་རང་གི་ལུས་ལ་སྤྲུལ་པའི་དཀྱིལ་འཁོར་བཅུག་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐའ་
ཡས་པ་ཉིད་པས། དེ་བཞིན་གཤེགས་པ་ཐམས་ཅད་མཐའ་ཡས་པ་ཉིད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པ་ཉིད་པས། རྡོ་རྗེ་ཐམས་ཅད་མུ་མེད་པ་ཉིད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དུ་མ་ཉིད་པས་ཆོས་ཐམས་ཅད་དུ་མ་ཉིད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐར་ཐུག་པ་
མེད་པ་ཉིད་པས་ལས་ཐམས་ཅད་མཐར་ཐུག་པ་མེད་པ་ཉིད་དོ། །སེམས་ཅན་ཆེན་པོ་ལེགས་སོ་ལེགས། །བདེ་བ་ཆེན་པོ་ལེགས་སོ་ལེགས། །བློ་གྲོས་ཆེན་པོ་ལེགས་སོ་ལེགས། །ཆོ་ག་འདི་ནི་ལེགས་པར་སྨྲས། །སངས་རྒྱས་རྡོ་རྗེ་འཛིན་ཀུན་གྱིས། །འབྲས་བུ་ཡོད་པ་འདུལ་བའི་མཆོག །
རྡོ་རྗེ་མདོ་སྡེ་བྱིན་གྱིས་བརླབས། །དེ་ནས་སྔ་མ་བཞིན་དུ་བདག་ཉིད་ལ་བསྲུང་བ་ལེགས་པར་བྱས་ལ། ཧཱུྃ་ཞེས་བྱ་བཟློས་ཤིང་དཀྱིལ་འཁོར་ཕྱགས་པར་བྱའོ། །དེ་ནས་གླེགས་བམ་བཀླག་པ་དང་མཆོད་རྟེན་གདབ་པ་ལ་སོགས་པ་ཅི་ནུས་པའི་དགེ་བའི་ལས་རྣམས་རྗེས་སུ་སྤྱོད་པར་བྱེད་ཅིང་

གནས་པར་བྱའོ། །དེ་ནས་བརྩམས་པ་འདི་ནི་རིགས་ཐམས་ཅད་ཀྱི་དཀྱིལ་འཁོར་རྣམས་ལ་ཐུན་མོང་དུ་གྱུར་པ་ཡིན་པར་ཤེས་པར་བྱའོ། །སྔོན་དུ་བསྙེན་པ་བྱ་བ་ལ་སོགས་པའི་ཆོ་ག་རྣམས་གང་དུ་ཁྱད་པར་དུ་ཕྱེ་སྟེ། བཤད་པ་མེད་པ་དག་ལ་ནི་དཀྱིལ་འཁོར་གྱི་བདག་པོའི་དབང་དུ་བྱས་
ནས་བྱ་བ་ཡིན་པར་ཤེས་པར་བྱའོ། །སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་རྫོགས་སོ།། །།དབང་བསྐུར་བ་དང་། དམ་ཚིག་ཐོབ་པ་རྣམས་ལ་སློབ་དཔོན་གྱིས་དངོས་གྲུབ་གྱི་ཡེ་ཤེས་བླང་བར་བྱའོ་ཞེས་བྱ་བ་འདིའི་དོན་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་
པ་གསུངས་ཏེ། དེ་ནས་ཞེས་བྱ་བའི་སྒྲས་ནི་འདས་མ་ཐག་པའི་དོན་སྟོན་པར་བྱེད་པ་སྟེ། སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པའི་རྗེས་ཐོགས་ཉིད་ལ་ཞེས་བྱ་བའི་དོན་ཏོ། །ཆོ་ག་ཞེས་བྱ་བ་ནི་མངོན་པར་འདོད་པ་འགྲུབ་པར་བྱ་བའི་དངོས་གྲུབ་ཀྱི་ཕྱིར་རྒྱུ་དང་བྱེད་པར་ཞེས་བྱ་བའི་
དོན་ཏོ། །འབྱུང་སྟེ་ཞེས་བྱ་བ་རྩོམ་པར་བྱེད་པའོ། །ཟླ་བ་ཉ་ནས་བརྩམས་ཞེས་བྱ་བ་ནི་ཟླ་བ་ཡར་གྱི་ངོ་ཚེས་བཅོ་ལྔ་ལ་དཀྱིལ་འཁོར་དུ་འཇུག་པའི་མཚན་མོ་ནས་ཉེ་བར་བཟུང་བའོ། །ཕྱག་ན་རྡོ་རྗེའི་སྤྱན་སྔར་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་སྐུ་གཟུགས་ལུགས་མའམ། བརྐོས་པ་ལ་
སོགས་པའི་གཟུགས་ཀྱི་སྤྱན་སྔར་ཏེ་མདུན་དུའོ། །རབ་ཏུ་དགའ་བའི་རྡོ་རྗེའི་ཕྱག་རྒྱ་བཅིངས་ལ་ཞེས་བྱ་བ་ནི་ལྔ་པོ་བསྡུས་པ་བཅིངས་པའོ། །ཇི་ལྟར་སྐྱོ་བར་མ་གྱུར་བ་ཞེས་བྱ་བ་ནི། ཇི་སྲིད་སྐྱོ་བ་སྐྱེ་བར་མ་གྱུར་པའོ། །དང་པོར་བྱིན་གྱིས་བརླབས་པ་ལ་སོགས་པ་བྱས་ལ་ཞེས་བྱ་བ་ནི་བཟླས་
བརྗོད་ཀྱི་གང་དུ་བྱ་བ་ཐམས་ཅད་དྲངས་ནས་གསུངས་པ་ཡིན་ཏེ། མཆོད་པ་དང་། བདག་ལ་བྱིན་གྱིས་བརླབས་པ་དང་། དབང་བསྐུར་བའི་ཆོ་ག་དང་། དངོས་གྲུབ་ཀྱི་རྡོ་རྗེའི་བརྟུལ་ཞུགས་བླང་བར་བྱས་ནས། ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ཀྱི་དམ་ཚིག་རྣམས་བླང་བའོ། །རྡོ་རྗེའི་དམ་ཚིག་གིས་
བརྗོད་ཅིང་ཞེས་བྱ་བ་ནི་རབ་ཏུ་དགའ་བའི་རྡོ་རྗེའི་གསུང་གིས་བཟླས་བརྗོད་བྱའོ་ཞེས་བྱ་བའི་དོན་ཏོ། །འདི་སྐད་སྟོན་པར་འགྱུར་ཏེ། དཀྱིལ་འཁོར་ཆེན་པོར་ཞུགས་ནས། ཇི་ལྟར་སློབ་དཔོན་ལས་རང་གི་འདོད་པའི་ལྷ་བསྒྲུབ་པར་བྱ་བའི་ཕྱིར་ཧཱུྃ་ཞེས་བྱ་བ་བཟླས་ཤིང་ཕྱག་རྒྱ་བཞིའི་ཡེ་ཤེས་བརླབས་

ལ། དེ་ནས་བརྩམས་ཏེ་རྡོ་རྗེ་སེམས་དཔའི་རས་རིས་ལ་སོགས་པ་བྲིས་པའི་སྐུ་མདུན་དུ་བཞག་སྟེ། འདི་སྤྱན་སྔར་ཇི་སྐད་བཤད་པའི་བདག་ལ་བྱིན་གྱིས་བརླབས་པ་ལ་སོགས་པའི་ཆོ་ག་རྗེས་སུ་སྤྱད་མ་ཐག་ཏུ། ལྔ་པོ་བསྡུས་པའི་ཕྱག་རྒྱ་བཅིངས་ཏེ། ཧཱུྃ་ཞེས་བྱ་བའི་འོག་ནས་
བཤད་པའི་མཚན་ཉིད་དང་ལྡན་པའི་རབ་ཏུ་དགའ་བའི་རྡོ་རྗེའི་ཚིག་གིས་ཇི་སྲིད་སྐྱོ་བར་མ་གྱུར་པ་དེ་སྲིད་ཀྱི་བར་དུ་བཟླས་བརྗོད་བྱའོ། །སྐྱོ་བར་གྱུར་ན་མཉམ་པར་མ་བཞག་པའི་སྦྱོར་བས་རྡོ་རྗེའི་ཚིག་ཀྱང་བཟླས་པར་བྱའོ། །བྱ་བ་ཐམས་ཅད་བྱས་ནས། ལྔ་བོ་བསྡུས་པའི་ཕྱག་རྒྱ་དེ་བཞིན་དུ་
བཅིངས་ལ། ཇི་སྲིད་ཐུན་དང་པོའི་མཐར་ཐུག་པའི་བར་དུའམ། ཐུན་གཉིས་པའི་མཐར་ཐུག་པའི་བར་དུ་བཟླས་བརྗོད་བྱའོ། །དེ་ནས་ཇི་ལྟ་བ་བཞིན་དུ་གཤེགས་སུ་གསོལ་བ་བྱས་ལ། ལངས་ཏེ་ཇི་སྐད་དུ་བཤད་པའི་སྤྱོད་ལམ་གྱིས་གནས་པར་བྱའོ། །དེ་ལྟར་ཉིན་རེ་ཞིང་བདག་ལ་བྱིན་གྱིས་
བརླབས་པར་བྱས་ལ། ཇི་སྲིད་ཟླ་བ་གཅིག་གི་བར་དེ་སྲིད་དུ་བཟླས་བརྗོད་བྱས་ན་སྔོན་དུ་བསྙེན་པ་བྱས་པར་འགྱུར་རོ། །དེ་ནས་བརྩམས་ཏེ། ཕྱག་ན་རྡོ་རྗེའི་བཀའ་ཇི་ལྟ་བ་བཞིན་དུ་སྒྲུབ་པ་ཐམས་ཅད་འགྲུབ་པར་འགྱུར་རོ་ཞེས་བྱ་བ་ནི། འདི་ཉིད་ཀྱི་འོག་ནས་བཤད་པའི་རས་རིས་ལ་སོགས་པ་སྒྲུབ་པ་
ཐམས་ཅད་སྔོན་དུ་བསྙེན་པ་རྫོགས་ནས། བཀའ་ཉེ་བར་བརྩམས་ནས་འགྲུབ་པར་འགྱུར་ཞིང་རྫོགས་པར་འགྱུར་རོ། །ཕྱག་ན་རྡོ་རྗེའི་བཀའ་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་འདི་ནི་སྡུད་པར་བྱེད་པའི་ཚིག་ཡིན་ཏེ། རྡོ་རྗེ་སེམས་དཔས་ཇི་སྐད་གསུངས་པ་དེ་ནི་དེ་བཞིན་ཏེ་གཞན་དུ་མི་འགྱུར་རོ་ཞེས་བྱ་བའི་དོན་
ཏོ། །དེ་ནས་རས་རིས་བྲིའམ། འདྲིར་འཇུག་པར་འདོད་ན་ཞེས་བྱ་བ་ལ་སོགས་པ་ལ་གང་གི་ཕྱིར་སྔོན་དུ་བསྙེན་པ་བྱས་པས། རས་རིས་སྒྲུབ་པ་ལ་སོགས་པ་ཐམས་ཅད་འགྲུབ་པར་འགྱུར་གྱི་གཞན་དག་ལ་ནི་མ་ཡིན་ཏེ། གཏན་ཚིགས་དེ་བས་ན་སྔོན་དུ་བསྙེན་པ་བྱས་ལ། དེ་ནས་རས་རིས་བདག་ཉིད་
ཀྱིས་བྲི་བའམ། རི་མོ་མཁན་དཀྱིལ་འཁོར་མཐོང་བ་འདྲིར་གཞུག་པར་བྱའོ། །དང་པོའི་རྡོ་རྗེ་བྲི་བའི་ཕྱག་རྒྱ་བྲིས་ལ་ཞེས་བྱ་བ་ནི་དང་པོའི་རྡོ་རྗེ་ནི་རྡོ་རྗེ་བྲི་བའི་ཕྱག་རྒྱ་སྟེ། དེས་དང་པོ་ཧཱུྃ་ཞེས་བྱ་བ་ཟློས་ཤིང་། པིར་བླངས་ལ། དེ་རི་མོ་བྲི་བར་བྱ་བ་འམ་བྱེད་དུ་གཞུག་གོ །དེའི་འོག་ཏུ་ནི་ཅི་བདེར་བྱའོ་ཞེས་

བྱ་བ་ནི་དེ་ཕན་ཆད་ཀྱི་དུས་སུ་ནི་ཕྱག་རྒྱ་མེད་པར་ཡང་འདྲི་བ་འམ། འདྲིར་གཞུག་པར་བྱའོ། །དཀྱིལ་འཁོར་ཐམས་ཅད་དུ་ཡང་དེ་ཉིད་ཀྱིས་དང་པོར་བརྩམ་པར་བྱའོ་ཞེས་བྱ་བ་ནི་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ལ་སོགས་ཏེ། བཅོམ་ལྡན་འདས་ཀྱིས་རྒྱུད་འདིར་དཀྱིལ་འཁོར་ཇི་སྲིད་
གསུངས་པ་དེ་རྣམས་སུ་ཡང་རྡོ་རྗེ་བྲི་བའི་ཕྱག་རྒྱ་དང་པོ་བརྩམ་པར་བྱས་ལ། ཕྱི་ནས་ཚོན་རྩི་ཐམས་ཅད་དགྱེ་བ་ལ་ཧཱུྃ་ཞེས་བྱ་བ་ཉིད་ཟློས་བཞིན་དུ་ཅི་བདེ་བར་བྱའོ་ཞེས་པའོ། །དབུས་སུ་བཅོམ་ལྡན་འདས་ཆོ་ག་ཇི་ལྟ་བ་བཞིན་དུ་བྲི་ཞིང་ཞེས་བྱ་བ་ལ་སོགས་པ་ལ། ཇི་སྐད་སྟོན་པར་འགྱུར་ཏེ།
དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ། ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། བླ་རེ་དང་། གདུགས་དང་། རྒྱལ་མཚན་དང་། འཕན་ལ་སོགས་པས་གནས་མཛེས་པར་བྱས་ལ། བུམ་པ་དང་། བུམ་པ་གང་བ་རྣམས་ཀྱང་དགོད་དེ། སའི་ཕྱོགས་བའི་རྣམ་ལྔ་དང་། སྤོས་ཆུའི་དྲི་ཞིམ་པོས་ཉེ་
བར་བྱུགས་པའི་གནས་སུ་བྲི་བར་བྱ་བའི་རས་གཞག་ལ། དེ་སྔ་མ་བཞིན་དུ་དཀྱིལ་འཁོར་ཐམས་ཅད་བསམས་ནས། མཆོད་ཡོན་ཕུལ་ཏེ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཇི་ལྟར་ཡོངས་སུ་བརྟགས་པའི་གནས་རྣམས་སུ་ཧཱུྃ་ཞེས་བྱ་བ་བཀོད་ནས།
མཆོད་པ་རྣམ་པ་ལྔས་ཇི་ལྟ་བ་བཞིན་དུ་ཡང་དག་པར་མཆོད་དེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་རས་ཀྱི་དབུས་སུ་བྲི་བའམ། འདྲིར་གཞུག་པར་བྱའོ། །དེའི་འོག་ལོགས་སུ་ཕྱག་ན་རྡོ་རྗེ། ཤར་ལྷོ་མཚམས་སུ་འཇམ་པའི་དབྱངས། ལྷོར་ནམ་མཁའི་སྙིང་པོ། ལྷོ་ནུབ་མཚམས་སུ་ནམ་མཁའི་
མཛོད། བཅོམ་ལྡན་འདས་ཀྱི་སྟེང་གི་ཆ་ལ་འཇིག་རྟེན་དབང་ཕྱུག །ནུབ་བྱང་མཚམས་སུ་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ། བཅོམ་ལྡན་འདས་ཀྱི་གཡོན་ལོགས་སུ་རྡོ་རྗེ་ཁུ་ཚུར། བྱང་ཤར་མཚམས་སུ་རྡོ་རྗེ་གནོད་སྦྱིན་བྲི་བའམ། འདྲིར་འཇུག་པར་བྱའོ། །དེ་ནས་ཟླ་བ་ཉ་
ནས་བརྩམས་ཏེ་ཞེས་བྱ་བ་ནི། དེ་ལྟར་རས་རིས་བྲིས་ནས། དེའི་རྗེས་ཐོགས་ཉིད་ལ། ཚེས་བཅོ་ལྔ་ནས་ཉེ་བར་བཟུང་སྟེ། བདག་ལ་བྱིན་གྱིས་བརླབས་པ་ལ་སོགས་པ་བྱས་ཏེ། རས་རིས་ལ་བཅོམ་ལྡན་འདས་སྤྱན་དྲངས་ནས་ཡང་དག་པར་བཅུག་ལ། མཆོད་པ་ཐམས་ཅད་ཀྱིས་ཇི་ལྟ་བ་བཞིན་དུ་

བཅོམ་ལྡན་འདས་འཁོར་དང་བཅས་པ་ཡང་དག་པར་མཆོད་ལ། ཕྱག་བྱས་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཀའི་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་དང་པོའི་རྡོ་རྗེའི་ནང་དུ་ཧཱུྃ་ཞེས་བྱ་བ་རྣམ་པར་བསམས་ལ། ཕྱག་རྒྱ་ཆེན་པོ་བཅིངས་ནས་ཉིན་རེའི་སྦྱོར་བས་ཇི་སྲིད་ཟླ་བ་ཉ་
བ་གཉིས་པ་ལ་ཐུག་པ་དེ་སྲིད་ཀྱི་བར་དུ་བཟླས་བརྗོད་བྱའོ། །དེ་ནས་དེའི་ཚེ་མཚན་ཐོག་ཐག་ཏུ་བཟླས་བརྗོད་བྱས་ནས་ཐོ་རངས་ཀ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་མཐོང་བསྩལ་ནས། དེ་ལ་སངས་རྒྱས་ཉིད་ལ་སོགས་པའི་དངོས་གྲུབ་ཇི་ལྟར་འདོད་པ་སྩོལ་བར་འགྱུར་རོ། །ཆོ་ག་གཞན་
ཡང་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་དུ་སྔོན་དུ་བསྙེན་པ་བྱས་ཏེ། དཔལ་རྡོ་རྗེ་སེམས་དཔའི་རས་རིས་ཀྱི་དབུས་སུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཕྱག་གཉིས་བྱང་ཆུབ་མཆོག་གི་ཕྱག་རྒྱ་བཅིངས་ལ། ཧཱུྃ་ཞེས་བྱ་བ་ཉིད་ཀྱིས་བྲི་བར་བྱའོ། །དེའི་མདུན་གྱི་ཆ་ནས་བརྩམས་ཏེ། མི་
བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་བཞི། ཕྱག་ན་རྡོ་རྗེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་བརྒྱད་ཀྱིས་ཡོངས་སུ་བསྐོར་བར་བྲི་བར་བྱའོ། །དེ་ནས་དེའི་མདུན་དུ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ་དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། དེ་བཞིན་དུ་བཟླས་བརྗོད་བྱས་ནས་ཟླ་
བའི་མཐར་ཐུག་པ་དང་མཚན་ཐོག་ཐག་བཟླས་བརྗོད་བྱས་ལ། དེ་ནས་ནང་པར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་མཐོང་བ་སྩལ་ནས། སྒྲུབ་པ་པོས་སངས་རྒྱས་ཉིད་ལ་སོགས་པའི་དངོས་གྲུབ་སྩོལ་བར་འགྱུར་རོ། །རས་ལ་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ་སྔ་མ་
བཞིན་དུ་ཟླ་བ་གཅིག་ཙམ་སྔོན་དུ་བསྙེན་པ་བྱས་ལ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དཔའ་བོ་གཅིག་པུ་རས་ལ་བྲི་བར་བྱའོ། །དེ་ནས་ཟླ་བ་ཉ་ནས་བརྩམས་ཏེ། རས་རིས་ཀྱི་སྤྱན་སྔར་དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་བཅིངས་ལ། བཟླས་བརྗོད་འབུམ་བྱའོ། །དེ་ནས་
ཟླ་བ་ཉ་བ་ལ་ཕྱག་རྒྱ་ཆེན་པོ་བཅིངས་པ་ཉིད་ཀྱིས། མཚན་ཐོག་ཐག་བཟླས་བརྗོད་བྱས་ན། ཐོ་རངས་ཀ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་མཐོང་བ་སྩལ་ནས། རྡོ་རྗེ་སེམས་དཔའ་ཉིད་སྩོལ་བར་འགྱུར་རོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་དཔའ་བོ་གཅིག་པུའི་རས་རིས་སྒྲུབ་པ་ཡང་ཤེས་པར་

བྱའོ། །དེ་ནས་བཀླགས་པ་ཙམ་གྱིས་འགྲུབ་པ་ཞེས་བྱ་བ་ནི། ཧཱུྃ་ཞེས་བྱ་བས་བྱིན་གྱིས་བརླབས་པ་དང་བཅས་པའོ། །ལས་རྣམས་བཤད་པ་ནི་རྗེས་སུ་མཉེས་པར་བྱེད་པ་ལ་སོགས་པའོ། །དཀྱིལ་འཁོར་དུ་ཞུགས་པ་ཙམ་ཉིད་ཀྱིས་ཞེས་བྱ་བ་ནི། རས་རིས་ཀྱི་བསྒྲུབ་པ་བྱས་ལ།
ཟླ་བ་གཅིག་ཇི་སྐད་དུ་བཤད་པའི་བསྙེན་པ་བྱས་ནས་དཀྱིལ་འཁོར་དུ་ཞུགས་པ་ཙམ་གྱིས་ཡེ་ཤེས་མ་བབས་ཀྱང་ལས་རྣམས་འགྲུབ་པར་འགྱུར་རོ་ཞེས་སྟོན་ཏོ། །གང་ཞིག་ཡེ་ཤེས་བབས་པ་ལ་ནི་ལས་རྣམས་ཤིན་ཏུ་ཡང་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འདི་ལྟ་སྟེ་ཞེས་བྱ་བ་
ནི་ཉེ་བར་སྟོན་པའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ནི། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་སོགས་པའོ། །དེ་རྣམས་རྗེས་སུ་མཉེས་པར་བྱེད་པ་ནི་རྒྱབ་ཀྱིས་ཕྱོགས་པ་རྣམས་རང་དབང་དུ་བྱ་
བའི་ཕྱིར་མངོན་དུ་ཕྱོགས་པར་བྱའོ། །དེ་ཇི་ལྟར་འགྱུར་ཞེ་ན། འདོད་ཆགས་ལ་སོགས་པའི་བདེ་བ་ཐམས་ཅད་ཕུལ་བས་ཞེས་བྱ་བ་སྟེ། འདོད་ཆགས་ནི་རྡོ་རྗེ་སེམས་དཔའོ། །དེ་ལ་སོགས་པ་གང་ཡིན་པ་ནི། འདོད་ཆགས་ལ་སོགས་པའོ། །བདེ་བ་ཐམས་ཅད་ཅེས་བྱ་བ་ནི། རྡོ་རྗེ་ཡིད་
ལས་བྱུང་བ་ནས་བརྩམས་ཏེ། རྡོ་རྗེ་རོའི་མཐར་ཐུག་པའི་བར་གྱི་ལྷ་ཐམས་ཅད་ཀྱི་རྣམ་པར་ཐར་པའི་སྒོ་སྟེ། འདོད་ཆགས་དམ་ཚིག་ཅེས་སུ་བཤད། །ཅེས་བྱ་བ་ལ་སོགས་པས་བཤད་པའི་ཕྱིར་རོ། །དེ་རྣམས་ཕུལ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་ཐུགས་
རྡོ་རྗེ་ལས་བསྟབས་པའོ། །འདིས་ནི་དོན་འདི་སྐད་སྟོན་པར་འགྱུར་ཏེ། དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོའི་རྣལ་འབྱོར་དུ་ཞུགས་ལ། དེ་མངོན་སུམ་བཞིན་དུ་བལྟས་ཏེ། འཇིག་རྟེན་གྱི་ཁམས་ཐམས་ཅད་རྡུལ་ཕྲ་རབ་དང་མཉམ་པ། དེ་བཞིན་གཤེགས་པ་རྡོ་རྗེ་སེམས་དཔའི་
ཆ་ལུགས་ཀྱིས་བཅུག་ལ། རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོའི་ངོ་བོ་ཉིད་དུ་བྱས་ནས་ལས་དེ་ཡོངས་སུ་རྫོགས་པར་མཛད་པ་ལ་བརྩོན་པར་བྱའོ། །དེ་ལྟར་དེ་རྣམས་རྗེས་སུ་མཉེས་པར་བྱས་ནས། རྡོ་རྗེ་སེམས་དཔའི་བདེ་བ་དང་། ཡིད་བདེ་བ་ཐོབ་པར་འགྱུར་རོ། །རྡོ་རྗེ་འཛིན་པ་ཆེན་པོ་

ཞེས་བྱ་བ་ལ། རྡོ་རྗེ་འཛིན་པ་ཆེན་པོ་ནི་རྡོ་རྗེ་སེམས་དཔའ་སྟེ། དེའི་རྣལ་འབྱོར་དེ་བཞིན་དུ་བྱས་ལ། དེ་རས་རིས་ལ་སོགས་པ་ལ་མདུན་དུ་བཞུགས་སུ་གསོལ་ཏེ། མཆོད་པ་ཐམས་ཅད་ཀྱིས་ཇི་ལྟ་བ་བཞིན་དུ་མཆོད་ལ། འཁྱུད་པ་དང་འོ་བྱེད་པ་ལ་སོགས་པའི་ཕྱག་རྒྱ་
གཉིས་པོ་རྒྱུད་ཕྱི་མ་ལས་གསུངས་པ་དག་གིས་ཡིད་ཀྱི་རྗེས་སུ་མཉེས་པར་བྱ་བའམ། དཔལ་ཁམས་གསུམ་རྣམ་པར་རྒྱལ་བའི་ཆོ་ག་ལས་གསུངས་པའི་སྦྱོར་བས་རྗེས་སུ་མཉེས་པར་བྱའོ། །དེ་སྐད་དུ། གཟུགས་དེ་ལ་ནི་ཞུགས་བཞིན་ནམ། །ཡིད་ཀྱིས་བཏུད་པ་ལྟ་བུ་དང་། །འཛུམ་
ཞིང་མིག་གཞན་མི་ལྟ་བས། །བཟླས་ན་རིང་པོར་མི་ཐོགས་འགྲུབ། །ཅེས་གསུངས་པའོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ནི་ཕྱག་ན་རྡོ་རྗེ་ལ་སོགས་པ་སྟེ། གང་གླེང་གཞིར་བཤད་པའོ། །དེ་རྣམས་མཉེས་པར་བྱ་བ་ནི་རྡོ་རྗེ་སེམས་དཔའི་སྦྱོར་བས་ཧཱུྃ་ཞེས་བྱ་བ་དཔག་ཏུ་མེད་པར་བཟླས་
པ་སྟེ། སྔ་མ་བཞིན་ནོ། །རྡོ་རྗེ་ཐམས་ཅད་ནི་རྡོ་རྗེ་ཡིད་ལས་བྱུང་བ་ལ་སོགས་པ་སྟེ། དེ་རྣམས་རྗེས་སུ་མཉེས་པར་བྱའོ། །ཇི་ལྟར་འགྱུར་ཞེ་ན། རང་གི་སྙིང་པོ་ལ་བཟླས་པས་སོ་ཞེས་བྱ་བ་སྟེ། དུམ་བུ་གཉིས་པའི་རྩ་བའི་རྒྱུད་ལས། གང་དེ་རྣམས་ཀྱི་སྙིང་པོ་གསུངས་པ་དང་། རྡོ་རྗེ་སེམས་
དཔའ་ལ་སོགས་པའི་རྒྱུད་གཞན་དག་ལས། ཛཿཧཱུྃ་བཾ་ཧོཿ ཞེས་རང་གི་སྙིང་པོ་གསུངས་པ་གང་ཡིན་པ་དེ་བཟླས་པས་དེ་རྣམས་རྗེས་སུ་མཉེས་པར་འགྱུར་རོ། །ལྷ་ལ་སོགས་པའི་སེམས་ཅན་ཐམས་ཅད་རྗེས་སུ་ཆགས་པར་བྱ་བ་ལ་ནི། ཐམས་ཅད་དུ་བཟླས་བརྗོད་འབུམ་བྱས་པས་སོ་ཞེས་
བྱ་བ་ནི་འདོད་པའི་དབང་ཕྱུག་ལ་སོགས་པའི་ལྷ་རྣམས་བཀུག་ལ། བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ཏེ། ཧཱུྃ་ཞེས་བྱ་བ་དེ་རྗེས་སུ་དགའ་བར་བྱ་བའི་བསམས་པས། བཟླས་བརྗོད་འབུམ་བྱས་ན། དེ་ནས་དེ་དག་རྗེས་སུ་ཆགས་པར་སྒྲུབ་པ་པོ་ཅི་འདོད་པར་བྱེད་པར་འགྱུར་རོ། །གནོད་
སྦྱིན་མོ་ལ་སོགས་པ་རྣམས་ཀྱང་ཆུང་མ་ལ་སོགས་པའི་གཟུགས་ཀྱིས་ཉེ་བར་གནས་པར་འགྱུར་རོ། །བདག་བསྲུང་བ་ལ་སོགས་པ་ལ་ནི་ཡུངས་ཀར་ལ་ལན་ཅིག་གིས་སོ་ཞེས་བྱ་བ་ནི་ཡུངས་ཀར་ཧཱུྃ་ཞེས་བྱ་བས་རྡོ་རྗེ་རྩེ་ལྔ་པ་འབར་བ་རྣམ་པར་བསམས་ལ། རང་གི་མགོ་ལ་གཞག་སྟེ། རྡོ་རྗེ་

འབར་བའི་ནང་དུ་བདག་ཉིད་ཆུད་པར་བྱས་པར་བསམས་ན་བདག་བསྲུང་བར་བྱས་པར་འགྱུར་རོ། །གཞན་བསྲུང་བ་ལ་ནི་རྡོ་རྗེ་བསྐོར་བས་སོ་ཞེས་བྱ་བ་ནི། དེ་བཞིན་དུ་བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ཏེ། གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་ཐོག་མའི་རྡོ་རྗེ་བླངས་ལ། གཞན་
གྱི་ཡན་ལག་དང་ཉིང་ལག་རྣམས་སུ་རྡོ་རྗེར་བྱ་བའི་བསམ་པས། ཧཱུྃ་ཞེས་བྱ་བ་ཟློས་ཤིང་བསྐོར་བར་བྱ་སྟེ། དེས་ནི་གཞན་བསྲུང་བ་བྱས་པར་འགྱུར་རོ། །ཐམས་ཅད་དུ་ཡང་ཧཱུྃ་ཞེས་བྱ་བ་བཟླས་ལ། བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ཏེ། ལས་བྱ་བ་ཡིན་པར་ཤེས་པར་བྱའོ། །
ཐམས་ཅད་བསྲུང་བ་ལ་ནི་ཡིད་ཀྱིས་ལན་ཅིག་གོ་ཞེས་བྱ་བ་ལ་ནི། གྲོང་ལ་སོགས་པ་བསྲུང་བ་ལ་ནི་ཡིད་ཀྱིས་ཧཱུྃ་ཞེས་བྱ་བ་ཟློས་ཤིང་ཕྱོགས་བཅིང་བ་ལ་སོགས་པ་བྱའོ། །མཚམས་དང་ཕྱོགས་དང་དཀྱིལ་འཁོར་ཐམས་ཅད་བཅིང་བ་ལ་ནི་བལྟ་བའམ་ཞེས་བྱ་བ་ནི་ཧཱུྃ་ཞེས་བྱ་བས་མིག་
གཉིས་སུ་རྡོ་རྗེ་བསམས་ལ། བལྟས་པས་མཚམས་བཅིང་བ་ལ་སོགས་པ་བྱའོ། །ཡུངས་ཀར་ལ་སོགས་པས་སོ་ཞེས་བྱ་བ་ནི། ཧཱུྃ་ཞེས་བྱ་བས་ཡུངས་ཀར་རྡོ་རྗེའི་རྣམ་པར་བསམས་ལ་དེས་ཕྱོགས་བཅིང་བ་ལ་སོགས་པ་བྱ་སྟེ། དེ་བཞིན་དུ་ཆུ་དང་ཐལ་བ་ལ་སོགས་པས་ཀྱང་བྱའོ། །
སེམས་ཅན་ཐམས་ཅད་རེངས་པར་བྱ་བ་ལ་ནི་དབུགས་མི་འབྱིན་པས་བཟློས་པས་སོ་ཞེས་བྱ་བ་ནི། སེང་གེ་ལ་སོགས་པའི་སྟེང་