Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 59

Văn bản gốc(Tây Tạng)

Trang 1 / 16 (50.000 ký tự/trang)
༄༅༅། །རྒྱ་གར་སྐད་དུ། ཤྲཱི་པ་ར་མཱ་དྱ་བི་བ་ར་ཎཾ། བོད་སྐད་དུ། དཔལ་མཆོག་དང་པོའི་འགྲེལ་པ། བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །རྡོ་རྗེ་འཛིན་པ་ཆེན་
པོའི་ས། །ཐོག་མ་ཐ་མ་མེད་དགེ་བ། །དཔལ་མཆོག་དང་པོའི་རྒྱུད་ལས་གསུངས། །ཆོས་ཀྱི་སྐུ་ལ་སོགས་བསྡུས་པ། །རྡོ་རྗེ་འཛིན་ཆེན་དད་པ་ཡི། །ཡང་དང་ཡང་དུ་ཕྱག་འཚལ་ཏེ། །འགྲོ་བས་དེ་ནི་གནས་
ཐོབ་ཕྱིར། །རབ་ཏུ་ཕྱེ་སྟེ་བཤད་པར་བྱ། །འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་ལ་སོགས་པ་ཚིག་ཉེ་བར་དགོད་པ་འདིའི་བརྗོད་པར་བྱ་བ་ནི་གང་ཞིག་ཡིན། འབྲེལ་པ་ནི་གང་ཞིག་ཡིན། དགོས་པ་ནི་ཅི་ཞིག་
ཡོད། དགོས་པའི་དགོས་པ་ནི་ཅི་ཞིག་ཡིན་ཞེ་ན། རྒྱུད་འདིའི་མིང་དཔལ་མཆོག་དང་པོ་ཞེས་བྱ་བ་ལ་དཔལ་མཆོག་དང་པོ་ནི་ཆོས་ཀྱི་སྐུ་ལ་སོགས་པའི་མཚན་ཉིད་དེ་ནམ་མཁའི་ཁམས་ཐམས་ཅད་ལྟར་
རྟག་ཏུ་བཞུགས་པ་སྐུ་དང་གསུང་དང་ཐུགས་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལ་བཞུགས་པ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ནི་རྡོ་རྗེ་འཛིན་པ་ཆེན་པོ་སྟེ། དེའི་བརྗོད་པར་བྱ་བའི་

ངོ་བོ་ཉིད་དོ། །དེ་སྟོན་པར་བྱེད་པའི་སྒྲའི་ཚོགས་ནི་རྒྱུད་ཡིན་ནོ། །རྒྱུད་ཀྱི་བརྗོད་པར་བྱ་བ་དང་། དེ་སྟོན་པར་བྱེད་པའི་མཚན་ཉིད་ནི་འབྲེལ་པ་ཡིན་ནོ། །དེ་ལྟ་བུའི་བཅོམ་ལྡན་འདས་གདུལ་བྱ་རྣམས་འདོད་པ་བསྐྱེད་པ་ནི་
དགོས་པ་ཡིན་ནོ། །འདོད་པ་བསྐྱེད་ནས་ཀྱང་། དཀྱིལ་འཁོར་དུ་འཇུག་པ་ལ་སོགས་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འབྲས་བུ་ཐོབ་པར་འགྱུར་བ་ནི། དགོས་པའི་ཡང་དགོས་པར་བཤད་པ་ཡིན་ནོ། །དེ་ལ་བཅོམ་ལྡན་འདས་སེམས་
ཅན་རྣམས་ཀྱི་འདོད་ཆགས་ཀྱིས་འདོད་ཆགས་སྤང་བར་བྱ་བའི་ཕྱིར། དམ་ཚིག་ནི་སེམས་དཔའ་ཆེན་པོར་བྱིན་གྱིས་བརླབས་པ་རྡོ་རྗེའི་དཀྱིལ་འཁོར་ཆེན་པོའི་ཚུལ་གསང་སྔགས་ལ་སོགས་པའི་ཚུལ་གྱིས་བཞུགས་པ་ཡིན་ནོ། །རང་བཞིན་
བཟང་བའི་སེམས་ཅན་རྣམས་འདུལ་བར་བྱ་བའི་ཕྱིར། དེ་བཞིན་གཤེགས་པའི་དཀྱིལ་འཁོར་དང་། གསང་སྔགས་ཀྱི་ཚུལ་གྱིས་བཞུགས་པ་ཡིན་ནོ། །ཁྲོ་བས་ཁྲོ་བ་སྤང་བར་བྱ་བའི་ཕྱིར། །ཁམས་གསུམ་རྣམ་པར་རྒྱལ་བའི་ཚུལ་གྱིས་སོ། །
ལོག་པར་ལྟ་བ་སྤང་བར་བྱ་བའི་ཕྱིར། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་དཀྱིལ་འཁོར་དང་སྔགས་ཀྱི་ཚུལ་གྱིས་སོ། །སེར་སྣ་རབ་ཏུ་སྤང་བར་བྱ་བའི་ཕྱིར་དང་། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། འཕགས་

པ་ནམ་མཁའི་སྙིང་པོའི་དཀྱིལ་འཁོར་དང་སྔགས་ཀྱི་ཚུལ་གྱིས་སོ། །སྐུ་དང་གསུང་དང་ཐུགས་ཀྱི་མཚན་ཉིད་གཅིག་ཏུ་བྱ་བའི་ཕྱིར། འཕགས་པ་རྡོ་རྗེ་ཁུ་ཚུར་གྱི་དཀྱིལ་འཁོར་གྱི་སྔགས་ལ་སོགས་པའི་ཚུལ་གྱིས་སོ། །ཆོས་བདག་མེད་པ་དང་མ་བྲལ་ན། ཐམས་ཅད་འགྲུབ་པར་འགྱུར་རོ་ཞེས་
བསྟན་པར་བྱ་བའི་ཕྱིར་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་ན་ཐམས་ཅད་འབྱོར་པར་འགྱུར་རོ་ཞེས་བསྟན་པར་བྱ་བའི་ཕྱིར་འཕགས་པ་འཇམ་དཔལ་གྱི་དཀྱིལ་འཁོར་དང་། སྔགས་ལ་སོགས་པའི་སྔགས་དང་ཚུལ་གྱིས་སོ། །དཀྱིལ་འཁོར་དུ་འཇུག་པ་མེད་པར་གསང་སྔགས་ཀྱི་ཚུལ་འགྲུབ་
པར་མི་འགྱུར་རོ་ཞེས་བསྟན་པར་བྱ་བའི་ཕྱིར། འཕགས་པ་རྡོ་རྗེ་འཁོར་ལོའི་དཀྱིལ་འཁོར་དང་གསང་སྔགས་ལ་སོགས་པའི་ཚུལ་གྱིས་སོ། །མཆོད་པས་འགྲུབ་པར་འགྱུར་གྱི། ཚོགས་མེད་པར་མ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། འཕགས་པ་ནམ་མཁའི་མཛོད་ཀྱི་དཀྱིལ་འཁོར་དང་གསང་
སྔགས་ཀྱི་ཚུལ་གྱིས་སོ། །ཉོན་མོངས་པ་ཐམས་ཅད་ཀྱི་གཉེན་པོར་གྱུར་པའི་དགེ་བའི་ཕྱོགས་རྣམས་ལ་ཕྱི་རོལ་གྱི་ལྷའི་བུའི་བདུད་ལ་སོགས་པའི་བདུད་རྣམས་ཚར་གཅོད་པར་ནུས་ན་འགྲུབ་པར་འགྱུར་རོ་ཞེས་བསྟན་པར་བྱ་བའི་ཕྱིར། འཕགས་པ་རྡོ་རྗེ་གནོད་སྦྱིན་གྱི་དཀྱིལ་འཁོར་དང་སྔགས་ལ་
སོགས་པའི་ཚུལ་གྱིས་བཞུགས་པ་ཡིན་ནོ། །དཀྱིལ་འཁོར་གཅིག་ཏུ་ཞུགས་པས་དཀྱིལ་འཁོར་ཐམས་ཅད་དུ་ཞུགས་པར་འགྱུར་བར་བྱ་བའི་ཕྱིར་དང་། ཐམས་ཅད་ཀྱི་ངོ་བོ་ཉིད་བདག་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། བསྡུས་པའི་དཀྱིལ་འཁོར་གྱི་ཚུལ་དུ་བཞུགས་པ་ཡིན་ནོ། །ཞི་བའི་དཀྱིལ་
འཁོར་དང་མ་མོ་དང་མིང་པོ་གསུམ་དང་སྲིང་མོ་བཞིའི་དཀྱིལ་འཁོར་ནི་དེ་ལ་མོས་པའི་སེམས་ཅན་རྣམས་དགའ་བར་བྱ་བའི་ཕྱིར། དེ་ལྟར་སྤྲུལ་པར་མཛད་ནས་དོན་གྱི་སྒོ་ནས་བསྟན་པ་ལ་འཇུག་པར་བྱ་བའི་ཕྱིར་རོ། །དེ་ལ་རྡོ་རྗེ་སེམས་དཔའ་ནི་ངོ་བོ་ཉིད་ཀྱི་སྐུ་ཡིན་ལ་དེ་ཉིད་ནི་ཆོས་ཀྱི་སྐུ་སྟེ། གཉིས་སུ་
མེད་པའི་ཐུགས་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། དེ་བཞིན་གཤེགས་པའི་མཚན་དང་དཔེ་བྱད་དང་ལྡན་པ། སྐུ་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱང་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ངོ་བོ་ཉིད་ཡིན་ནོ། །རྡོ་རྗེ་ཧཱུཾ་མཛད་དང་། རྡོ་རྗེ་ཁུ་ཚུར་དང་། རྡོ་རྗེ་གནོད་སྦྱིན་ནི་སྤྲུལ་པའི་སྐུ་སྟེ། བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་

ནོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ནི་ལོངས་སྤྱོད་རྫོགས་པའི་སྐུ་སྟེ། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་ནོ། །འཕགས་པ་ནམ་མཁའི་སྙིང་པོ་དང་། ནམ་མཁའི་མཛོད་ནི་རྣམ་པར་སྨིན་པའི་སྐུ་སྟེ། མཉམ་
པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་ནོ། །འཕགས་པ་འཇམ་དཔལ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་གཉིས་སུ་མེད་པར་བཞུགས་པའི་ངོ་བོ་ཉིད་ཀྱིས་ན་འདིར་གཉིས་སུ་མེད་པའི་ཐུགས་ཀྱི་མཚན་ཉིད་ཡིན་པས། ངོ་བོ་ཉིད་ཀྱི་སྐུའི་ཁོངས་སུ་གཏོགས་སོ། །འཇིག་རྟེན་པའི་དཀྱིལ་འཁོར་རྣམས་ཀྱང་
སྤྲུལ་པའི་ངོ་བོ་ཉིད་ཡིན་པས། བྱ་བ་སྒྲུབ་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་ནོ། །དེ་ཡང་། རྡོ་རྗེ་སེམས་དཔའི་དབང་བསྐུར་བས། །ངོ་བོ་ཉིད་ཀྱི་སྐུ་རུ་འདོད། །རྡོ་རྗེ་རིན་ཆེན་དབང་བསྐུར་བས། །མཚན་དང་དེ་བཞིན་དཔེ་བྱད་དོ། །རྡོ་རྗེ་ཆོས་ཀྱི་དབང་བསྐུར་བས། །ལོངས་སྤྱོད་རྫོགས་པའི་སྐུ་ཡང་ཡིན། །
རྡོ་རྗེ་ལས་ཀྱི་དབང་བསྐུར་བས། །དེ་བཞིན་སྤྲུལ་པའི་སྐུ་ཡིན་ནོ། །ཞེས་གསུངས་སོ། །རྣམ་པར་སྣང་མཛད་ནི། སངས་རྒྱས་ཐམས་ཅད་གཅིག་ཏུ་བསྡུས་པ་ཡིན་ནོ། །ཇི་ལྟར་ན་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་དང་དཀྱིལ་འཁོར་དང་གསང་སྔགས་ལ་སོགས་པའི་དཀྱིལ་འཁོར་ངོ་བོ་ཉིད་དུ་རྣམ་
པར་གཞག་ཅེ་ན། རྒྱུ་དང་འབྲས་བུའི་ཉེ་བར་གདགས་པའི་ཚུལ་གྱིས་དེའི་རྒྱུ་མཐུན་པ་ལ། དེ་སྐད་ཉེ་བར་བསྟན་ཏེ། གཟུགས་ཉིད་ནི་སྟོང་པའོ། །སྟོང་པ་ཉིད་ནི་གཟུགས་སོ་ཞེས་གསུངས་པས་ན། ཉེས་པ་མེད་དོ། །དམ་ཚིག་གི་ཕྱག་རྒྱའི་ངོ་བོ་ཉིད་ཀྱིས་ངོ་བོ་ཉིད་དུ་དུམ་བུ་གཉིས་པ་ནི། བདེ་བ་ཆེན་
པོའི་རྡོ་རྗེ་མཆོག་གི་དམ་ཚིག་དམ་པའི་དཀྱིལ་འཁོར་ཡི་གེ་བཅུ་བདུན་པའི་སྔགས་ལ་སོགས་པའི་ཚུལ་ཡིན་ལ། དེ་བཞིན་དུ་དེ་བཞིན་གཤེགས་པ་དང་། རབ་ཏུ་དགའ་བའི་རྡོ་རྗེ་དང་། ཁྲོ་བོ་དང་། འཇིག་རྟེན་དབང་ཕྱུག་དང་། ནམ་མཁའི་སྙིང་པོ་དང་། བསྡུས་པའི་དཀྱིལ་འཁོར་དང་། མིང་པོ་གསུམ་དང་།
སྲིང་མོ་བཞི་དང་། ལྷ་དང་། ཀླུ་དང་། གསང་བའི་དཀྱིལ་འཁོར་གྱི་ཚུལ་དེ་ཉིད་ཡིན་ཏེ། ཡང་འདི་རྣམས་ཉིད་ཀྱི་རྟོག་པ་ལས་ལས་ཀྱི་སྒྲིབ་པའི་དབང་གིས་དུམ་བུ་དང་པོ་ལས་གསུངས་པ་མ་གྲུབ་པ་རྣམས་མྱུར་དུ་གྲུབ་པར་བྱ་བའི་ཕྱིར་རོ། །བདེ་བ་ཆེན་པོ་རྡོ་རྗེ་ཆེན་པོའི་དཀྱིལ་འཁོར་དང་། དེ་བཞིན་

གཤེགས་པ་དང་། རྡོ་རྗེ་མེ་ལྟར་རབ་ཏུ་འབར་བ་དང་། སྤྱན་རས་གཟིགས་དབང་ཕྱུག་དང་། ནམ་མཁའི་སྙིང་པོ་དང་། མིང་པོ་གསུམ་དང་། སྲིང་མོ་བཞི་དང་། ཀླུ་དང་སྡུག་བསྔལ་འདོན་པ་དང་། བསྡུས་པའི་དཀྱིལ་འཁོར་དང་། གསང་སྔགས་ལ་སོགས་པའི་ངོ་བོ་ཉིད་དེ། དེ་ཉིད་ནི་ཇི་ལྟར་མངོན་པར་
འདོད་པའི་དཀྱིལ་འཁོར་དུ་ཞུགས་པ་རྣམས་ཀྱང་མྱུར་དུ་འགྲུབ་པར་འགྱུར་བ་དང་། དཔལ་རྡོ་རྗེ་སེམས་དཔའི་གསང་བ་ལྔའི་དེ་ཁོ་ན་ཉིད་ཆེན་པོ་དམ་ཚིག་གསུམ་དང་། རྡོ་རྗེ་མེ་ལྟར་རབ་ཏུ་འབར་བ་དང་། སྤྱན་རས་གཟིགས་དབང་ཕྱུག་དང་། ནམ་མཁའི་སྙིང་པོ་དང་། གསང་བའི་རས་རིས་དང་། དཀྱིལ་འཁོར་
དང་སྔགས་ལ་སོགས་པའི་ཚུལ་ཡིན་ནོ། །ཆོས་ཀྱི་ཕྱག་རྒྱའི་དོན་གྱི་ངོ་བོ་ཉིད་དང་། དངོས་གྲུབ་རྣམས་ཀྱང་མྱུར་དུ་བསྒྲུབ་པར་བྱ་བའི་ཕྱིར། བསྒྲུབ་པའི་ཁྱད་པར་བསྡུས་པའི་ངོ་བོ་ཉིད་དུམ་བུ་གསུམ་པར་ཡང་བདེ་བ་ཆེན་པོ་རྡོ་རྗེ་ཆེན་པོའི་དཀྱིལ་འཁོར་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་དང་། རྡོ་རྗེ་
མེ་ལྟར་རབ་ཏུ་འབར་བ་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། ནམ་མཁའི་སྙིང་པོ་དང་། མིང་པོ་གསུམ་དང་། སྲིང་མོ་བཞི་དང་། ཀླུ་དང་སྡུག་བསྔལ་གདོན་པ་དང་། བསྡུས་པའི་དཀྱིལ་འཁོར་དང་སྔགས་ལ་སོགས་པའི་ཚུལ་ཡིན་ནོ། །ཡང་གསང་བའི་དཀྱིལ་འཁོར་དང་། གསང་བ་
ལྔ་པའི་རས་རིས་ཀྱི་དཀྱིལ་འཁོར་དང་། ལྔ་པོ་བསྡུས་པའི་དཀྱིལ་འཁོར་གྱི་ངོ་བོ་ཉིད་དང་། སྒྲུབ་པ་པོ་མྱུར་དུ་འགྲུབ་པར་བྱ་བའི་ཕྱིར་དེས་བཞུགས་པ་ཡིན་ནོ། །ལས་ཀྱི་ཕྱག་རྒྱའི་དོན་གྱི་ངོ་བོ་ཉིད་དང་། དངོས་གྲུབ་རྣམས་ཀྱང་མྱུར་དུ་བསྒྲུབ་པར་བྱ་བའི་ཕྱིར་དང་། བསྒྲུབ་པའི་ཁྱད་པར་བསྡུས་པའི་ངོ་བོ་
ཉིད་ཀྱིས་དུམ་བུ་བཞི་པར་ཡང་བདེ་བ་ཆེན་པོ་རྡོ་རྗེ་ཆེན་པོའི་དཀྱིལ་འཁོར་ཆེན་པོ་དང་། དེ་བཞིན་གཤེགས་པ་དང་། རྡོ་རྗེ་མེ་ལྟར་རབ་ཏུ་འབར་བ་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། ནམ་མཁའི་སྙིང་པོ་དང་། མིང་པོ་གསུམ་དང་། སྲིང་མོ་བཞི་དང་། ཀླུ་དང་། སྡུག་བསྔལ་གདོན་པ་དང་།
བསྡུས་པའི་དཀྱིལ་འཁོར་དང་། སྔགས་ལ་སོགས་པའི་ངོ་བོ་ཉིད་ཀྱང་། གསང་བའི་རས་རིས་དང་། དཀྱིལ་འཁོར་ལྔ་པ་མྱུར་དུ་འགྲུབ་པའི་ཕྱིར། བསྒྲུབ་པའི་ཁྱད་པར་ཉིད་ཀྱིས་བཞུགས་པ་ཡིན་ནོ། །ངོ་བོ་ཉིད་དང་རྣམ་པར་སྨིན་པ་དང་། ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུར་རྣམ་པར་གཞག་པ་

ནི། ཐམས་ཅད་དུ་སྔ་མ་ཁོ་ན་བཞིན་དུ་བལྟ་བར་བྱའོ། །ངན་སོང་གསུམ་དང་མི་དང་། འདོད་པ་ན་སྤྱོད་པའི་ལྷ་དང་། གཟུགས་ན་སྤྱོད་པའི་ལྷ་རྣམས་རྣམ་པར་སྦྱང་བར་བྱ་བའི་ཕྱིར། དུམ་བུ་བཞི་པ་ལས་བཤད་པའི་བསྒོམ་པ་འགྲོ་བ་ཐམས་ཅད་ཁྱབ་པར་བྱེད་པ་སྔགས་པ་རྣམས་ཀྱིས་
བྱའོ་ཞེས་བསྟན་པའི་ཕྱིར། དུམ་བུ་བཞི་བསྟན་པ་ཡིན་ནོ་ཞེས་གཞན་དག་འཆད་དོ། །ཚུལ་འདི་ནི་རིགས་པའི་ཚུལ་ཡིན་ཏེ། རྒྱ་ཆེ་བ་ལ་སྲེད་པ་རྣམས་ནི་སྤྲོས་པའི་ཡེ་ཤེས་ནས་བརྩམས་པ་ནི་དུམ་བུ་དང་པོའོ། །བསྒྲུབ་པའི་ཁྱད་པར་ཅུང་ཟད་ཅིག་བསྟན་པའི་སྒོ་ནས་ཡང་དག་པར་སྟོན་པ་ནི། དུམ་བུ་གཉིས་
པའོ། །དོན་གསལ་བར་བྱ་བ་ནི་དུམ་བུ་གསུམ་པར་སྟོན་ཏོ། །དུམ་བུ་གསུམ་པའི་འདོད་པའི་དོན་ནི་དུམ་བུ་བཞི་པར་སྟོན་ཏེ། ཡང་དང་ཡང་དུ་དུམ་བུ་གཞན་གྱིས་དེའི་དོན་ཡང་དག་པར་མཚོན་པའི་ཕྱིར་རོ། །འདི་ཉིད་དུ་བཅོམ་ལྡན་འདས་ཉིད་ཀྱིས། དོན་འདི་ཉིད་ཡོངས་སུ་གཟུང་བར་མཛད་ནས། སླར་ཡང་
འདིར་སྟོན་པར་མཛད་ཅིང་། སྙིང་པོ་གསུངས་པར་གྱུར་པ་ནི། ཡང་དང་ཡང་དུ་བསྟན་པས་ཐེ་ཚོམ་དང་བྲལ་བ་ལ་རབ་ཏུ་འཇུག་ཅིང་། ཇི་ལྟར་མངོན་པར་འདོད་པ་འགྲུབ་པར་འགྱུར་བ་ཡིན་ནོ། །དེ་ཡང་། སངས་རྒྱས་བྱང་ཆུབ་སེམས་དཔའ་དག །ཡང་དང་ཡང་དུ་ལེགས་གསུངས་པ། །གསང་སྔགས་དེ་ལ་
དམ་པ་མཆོག །ཟློས་པ་པོ་ནི་འགྲུབ་པར་འགྱུར། །ཞེས་གསུངས་པ་དང་། འཇིག་རྟེན་པའི་བསྟན་བཅོས་ལ་ཡང་ཚུལ་འདི་སྣང་སྟེ་ཆོ་ག་དེ་ཉིད་ཀྱིས་རང་གི་བློའི་མཚན་ཉིད་གང་ལ་སྤྲོས་པར་བྱས་པར་འགྱུར་རོ། །དེ་བས་ན་འདིར་ཟློས་པ་པོའི་ཉེས་པའི་རྟོག་པ་མི་བྱའོ། །དེ་ལ་འདིར་བསྒྲུབ་པའི་ཁྱད་པར་
ཅུང་ཟད་ཅིག་ཡོད་པ་འདི་ལྟ་སྟེ། དཀྱིལ་འཁོར་དང་སྔགས་དང་། ཕྱག་རྒྱའི་ཁྱད་པར་ནི་དུམ་བུ་གསུམ་པར། ལྷ་མོ་བཞི་དང་ཡང་དག་པར་འདུས་པ་ལ་སོགས་པ་གསང་བའི་དཀྱིལ་འཁོར་ལྔ་པ་དང་། གཉིས་པ་ཧེ་མ་ཧཱ་སུ་ཁ་ཞེས་བྱ་བ་ལ་སོགས་པ་སྤྱན་འདྲེན་པའི་སྔགས་དང་། གསུམ་པ་དང་བཞི་
པར་ཧཱུཾ་མ་ཧཱ་སུ་ཁ་ཞེས་བྱ་བ་ལ་སོགས་པ་དང་། གཉིས་པར་ཨོྃ་ཞེས་བྱ་བ་ལ་སོགས་པ་བུམ་པའི་སྔགས་དང་། གསུམ་པ་དང་། བཞི་པར་ཡི་གེ་ཧཱུཾ་ཞེས་བྱ་བ་ལ་སོགས་པ་དང་། དེ་བཞིན་དུ་ཨོཾ་མ་དྷུ་བཛྲི་ཞེས་བྱ་བ་ལ་སོགས་པ་མཆོད་པའི་ལྷ་མོ་རྣམས་ཀྱི་སྔགས་དང་། ཡང་གསང་བ་ལྔའི་དཀྱིལ་འཁོར་ཀྱི་

དེ་ཁོ་ན་ཉིད་ཀྱིས་སྤྱན་དྲང་བའོ། །དེ་བཞིན་དུ་གཞན་དག་ཀྱང་རྒྱུད་ཀྱི་ནང་དུ་བལྟ་བར་བྱའོ། །དེ་ལྟར་ན་དུམ་བུ་དང་པོར་ནི་དཀྱིལ་འཁོར་བཅོ་ལྔ་པའོ། །གཉིས་པར་ནི་རྡོ་རྗེ་གསང་བའི་ཆོ་ག་དང་བཅས་པ་ཉི་ཤུ་རྩ་བདུན་ནོ། །གསུམ་པར་ནི་ཉི་ཤུ་རྩ་གཅིག་གོ །བཞི་པར་ནི་དཀྱིལ་འཁོར་བཅོ་ལྔ་སྟེ། སྤྱིར་
བསྡུ་ན་དཀྱིལ་འཁོར་བདུན་ཅུ་རྩ་བརྒྱད་དུ་འགྱུར་རོ། །དེ་ནས་འདི་རྣམས་ཀྱི་གཞི་དང་དབྱིབས་ཀྱི་ཁྱད་པར་མདོར་བསྡུས་ནས་ཇི་ལྟ་བ་བཞིན་དུ་བཤད་པར་བྱ་སྟེ། དེ་ལ་དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་བྱིན་གྱིས་བརླབས་པ་རྡོ་རྗེའི་དཀྱིལ་འཁོར་ཆེན་པོ་ནི་ཟུར་བཞི་པ་ལ་སོགས་པའི་གཟུགས་ཅན་ཏེ། དེའི་
ནང་དུ་ཕྱིའི་དཀྱིལ་འཁོར་བཞིའི་ཟུར་པ་ལ་སྒོ་བཞི་པའི་དཀྱིལ་འཁོར་དེའི་ཕྱེད་ཀྱི་ཚད་ལ་ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས་པར་བྱས་པ། ཕྱི་རོལ་ནས་རྡོ་རྗེ་ཕྲེང་བ་ཟླུམ་པོས་ཉེ་བར་ཡོངས་སུ་བསྐོར་བར་གནས་ལ། ལྷ་ཐམས་ཅད་ཀྱི་གནས་སུ་སྡོང་བུ་དང་བཅས་པའི་སྣ་ཚོགས་པདྨའི་གདན་བྱས་
ལ། དེའི་དབུས་སུ་རྡོ་རྗེ་སེམས་དཔའོ། །མདུན་དུ་རྡོ་རྗེ་ཡིད་ལས་བྱུང་བ། གཡས་སུ་རྡོ་རྗེ་ཀི་ལི་ཀི་ལ། རྒྱབ་ཏུ་རྡོ་རྗེ་དྲན་པ། གཡོན་དུ་རྡོ་རྗེ་སྙེམས་པའོ། །མེའི་ཕྱོགས་ཀྱི་ཆ་ལ་རྡོ་རྗེ་སྦྲང་རྩི། བདེན་བྲལ་གྱི་ཕྱོགས་སུ་རྡོ་རྗེ་སྤྲིན། རླུང་གི་ཕྱོགས་སུ་རྡོ་རྗེ་སྟོན། དབང་ལྡན་གྱི་ཕྱོགས་ཀྱི་རེའུ་ཆ་ལ་རྡོ་རྗེ་དགུན་
ནོ། །དཀྱིལ་འཁོར་འདིའི་རྒྱབ་རྡོ་རྗེ་སྲད་བུའི་ནང་གི་ཤར་ཕྱོགས་སུ་མི་བསྐྱོད་པ་གཡས་དང་གཡོན་ལོགས་ན་ཕྱག་ན་རྡོ་རྗེ་དང་། འཇམ་དཔལ་འཁོར་དུ་བཞུགས་པའོ། །ལྷོ་ཕྱོགས་སུ་རིན་ཆེན་འབྱུང་ལྡན་ནམ་མཁའི་སྙིང་པོ་དང་། ནམ་མཁའི་མཛོད་ཀྱི་འཁོར་གྱིས་བསྐོར་བའོ། །ནུབ་ཀྱི་ཕྱོགས་སུ་
འོད་དཔག་མེད་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བས་འཁོར་དུ་བྱས་པའོ། །བྱང་གི་ཕྱོགས་སུ་དོན་ཡོད་གྲུབ་པ་རྡོ་རྗེ་ཁུ་ཚུར་དང་། རྡོ་རྗེ་གནོད་སྦྱིན་གྱིས་འཁོར་དུ་བསྐོར་བའོ། །ཕྱིའི་དཀྱིལ་འཁོར་གྱི་མཚམས་རྣམས་སུ་
སྒེག་མོ་དང་བཞད་པ་མོ་དང་། གླུ་མཁན་མ་དང་གར་མཁན་མའོ། །ཤར་ལ་སོགས་པའི་སྒོ་རྣམས་སུ་ནི་གཟུགས་དང་སྒྲ་དང་དྲི་དང་རོ་གཟུགས་ལ་སོགས་པའི་ཕྱག་རྒྱ་ཕྱག་ན་བསྣམས་པའོ། །ཤར་ཕྱོགས་ཀྱི་ཕྱིའི་དཀྱིལ་འཁོར་གྱི་སྣམ་བུ་ལ་འཇིག་རྟེན་པའི་ལྷ་ཕྱེད་ལངས་པ། འདོད་པའི་ལྷ་ཚངས་པ།

ཁྱབ་འཇུག། ཀརྟི་ཀ །དབང་པོ་དྲག་པོ་ཆུང་མ་དང་བཅས་པའོ། །ལྷོ་ཕྱོགས་སུ་ཉི་མ། ཟླ་བ། སྤེན་པ། མིག་དམར་ཆུང་མ་དང་བཅས་པའོ། །ནུབ་ཀྱི་ཕྱོགས་སུ་གཏུམ་བག་ཅན་དང་། རླུང་དང་། མེ་དང་། ལུས་ངན་པོ་ཆུང་མ་དང་བཅས་པའོ། །བྱང་གི་ཕྱོགས་སུ་ཕག་དང་།
གཤིན་རྗེ་དང་། ལོག་འདྲེན་དང་། དབང་པོ་ཆུ་ལྷ། ཆུང་མ་དང་བཅས་པར་གནས་པའོ། །སྒོ་རྣམས་སུ་ནི་སྟོབས་བཟང་དང་། སྦྲང་རྩི་ཅན་དང་། རྒྱལ་བ་དང་རྒྱལ་བ་ཐོབ་པ་ཆུང་མ་དང་བཅས་པའོ། །ཕྱིའི་དཀྱིལ་འཁོར་དུ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དང་འདྲ་བ་ལས་དེའི་ནང་དུ་བཞི་ཆ་བའི་ཚད་
ལ་ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས་པར་བྱས་པ། ཟླུམ་པོ་དཀྱིལ་འཁོར་དེའི་ཉིས་འགྱུར་ནི་གཉིས་པའོ། །དེའི་ཕྱི་རོལ་དུ་དེའི་སུམ་འགྱུར་ནི་གསུམ་པ་སྟེ། དེ་ནི་འཁོར་གྱི་དཀྱིལ་འཁོར་རོ། །ལྷ་ཐམས་ཅད་ཀྱི་གནས་སུ་སྣ་ཚོགས་པའི་པདྨའི་སྟན་རྣམ་པར་བཞག་པ་ལ། དབུས་སུ་བཅོམ་ལྡན་འདས་
རྣམ་པར་སྣང་མཛད་སྤྲུལ་པའི་སྐུ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ། སངས་རྒྱས་ཀྱི་སྐུ་གཟུགས་བརྒྱད་ཀྱིས་ཡོངས་སུ་བསྐོར་བའོ། །གཉིས་པ་དཀྱིལ་འཁོར་ཟླུམ་པོའི་ནང་དུ་ཤར་ཕྱོགས་ནས་བརྩམས་ཏེ། མི་བསྐྱོད་པ་ལ་སོགས་པ་སྟེ་བྱང་ཆུབ་སེམས་དཔའ་གཉིས་ཀྱི་དབུས་སུ་བཞུགས་པར་བྱའོ། །
གསུམ་པའི་ཟླུམ་པོའི་ནང་དུ་ཤར་གྱི་ཕྱོགས་སུ་ཕྱག་ན་རྡོ་རྗེ། དེ་བཞིན་དུ་མེ་ལ་སོགས་པའི་ཕྱོགས་མཚམས་རྣམས་སུ་འཇམ་དཔལ་དང་། ནམ་མཁའི་སྙིང་པོ་དང་། ནམ་མཁའི་མཛོད་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་།
རྡོ་རྗེ་ཁུ་ཚུར་དང་། རྡོ་རྗེ་གནོད་སྦྱིན་དེར་བཞུགས་པར་བྱའོ། །ཕྱིའི་དཀྱིལ་འཁོར་གྱི་མཚམས་སུ་སྒེག་མོ་དང་། བཞད་མ་དང་། གླུ་མཁན་མ་དང་། གར་མཁན་མའོ། །སྒོ་རྣམས་སུ་ནི་བུམ་པ་བཞི་བྱའོ། །ཡང་ཤར་ཕྱོགས་ཀྱི་སྒོར་དཱུར་བ་ས་དང་བཅས་པའོ། །ལྷོར་ནི་དབྱིག་དང་། གསེར་དང་། རིན་པོ་ཆེ་དང་།
གོས་ཀྱིས་བརྒྱན་པའི་སྣོད་རོ་དྲུག་གིས་ཡོངས་སུ་གང་བའོ། །ནུབ་ཏུ་ནི་སྟན་ཤིན་ཏུ་འཇམ་པོའོ། །བྱང་དུ་ནི་སངས་རྒྱས་ཀྱི་སྐུ་གཟུགས་རྣམ་པར་གཞག་པར་བྱའོ། །ཕྱིའི་དཀྱིལ་འཁོར་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དང་འདྲ་བ་ལས་དེའི་ནང་དུ་དེའི་ཕྱེད་ཀྱི་ཚད་ཟླུམ་པོ་རྡོ་རྗེ་ཐིག་གིས་བསྐོར་བ། དཀྱིལ་

འཁོར་བརྒྱད་པ་ལྟ་བུར་འབར་བའི་ཕྲེང་བ་ཡོངས་སུ་འཁྲུག་པས་ཁྱབ་པའོ། །དེ་ལྟར་ལྷ་ཐམས་ཅད་ཀྱི་གནས་སུ་སྣ་ཚོགས་པདྨའི་གདན་ལ་དབུས་སུ་རྡོ་རྗེ་ཧཱུཾ་མཛད་དེའི་སྤྱན་སྔར་གཡས་བརྐྱང་པས་བཞུགས་ཏེ། གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་རྡོ་རྗེ་བསྣམས་པ། གཡོན་པའི་ཁྲོ་བོའི་ཁུ་ཚུར་གྱིས་
སྡིགས་མཛུབ་མཛད་པར་བརྩོན་པའོ། །གཡས་སུ་ནི་ལྕགས་ཀྱུ་བསྣམས་པའོ། །རྒྱབ་ཏུ་རལ་གྲི་བསྣམས་པའོ། །གཡོན་དུ་ནི་ཞགས་པ་བསྣམས་པའོ། །མེ་ལ་སོགས་པའི་མཚམས་རྣམས་སུ་ནི་དབྱིག་པ་དང་། ཁ་ཊྭཱཾ་ག་དང་། གྲི་གུག་དང་། ཆུ་གྲི་བསྣམས་པའི་ཁྲོ་བོ་རྣམས་སོ། །ཕྱིའི་དཀྱིལ་
འཁོར་གྱི་མཚམས་རྣམས་སུ་ནི་སྒེག་མོ་ལ་སོགས་པའོ། །ནང་གི་སྣམ་བུ་དེ་ཉིད་ལ་ལྷ་ལ་སོགས་པ་ལས་དབང་ཕྱུག་ཆེན་པོ་ཆུང་མ་དང་བཅས་པ་སྟོན་ལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གྱི་ཚུལ་གྱིས་རང་རང་གི་ཕྱོགས་སུ་གནས་པར་བྱའོ། །ཤར་གྱི་སྒོར་ནི་མདའ་དང་གཞུའོ། །ལྷོར་ནི་རལ་
གྲིའོ། །ནུབ་ཏུ་ནི་འཁོར་ལོའོ། །བྱང་དུ་ནི་མདུང་བསྒྲེང་ནས་གནས་པར་བྱའོ། །ཕྱིའི་དཀྱིལ་འཁོར་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དང་འདྲ་བ་ལས་དེའི་ཕྱེད་ཀྱི་ཚད་ལ་མཚམས་སྒོ་ལ་མངོན་པར་ཕྱོགས་པ་གཉིས་ཏེ། ཀ་བ་བརྒྱད་ཀྱི་ཚུལ་དང་པདྨ་འདབ་མ་བརྒྱད་པས་བརྒྱན་པ་ལ་ལྷ་ཐམས་
ཅད་ཀྱི་གནས་སུ་སྣ་ཚོགས་པདྨའི་གདན་ལ་དེའི་དབུས་སུ་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གོ། །དེའི་སྤྱན་སྔ་ནས་བརྩམས་ཏེ། པདྨ་རཱ་ག་དང་། གཏུམ་པོའི་དབང་ཕྱུག་དང་། པདྨ་ཆེན་པོ་དང་། པདྨ་ནག་པོ་དང་། མི་མཇེད་ཀྱི་བདག་པོ་རྣམས་སོ། །མེ་ལ་སོགས་
པའི་འདབ་མ་རྣམས་ལ་པདྨ་ཆེན་མོས་འཛིན་དང་། རྒྱ་མཚོ་དང་ཉི་མ་དང་། རླུང་རྣམས་གཡས་ནས་བསྐོར་བའི་ཚུལ་དུ་གཞག་གོ །ཕྱིའི་དཀྱིལ་འཁོར་གྱི་མཚམས་རྣམས་སུ་དཔལ་ཆེན་མོ་དང་། དཀར་མོ་དང་། སེར་མོ་དང་། དཀྱིལ་འཁོར་ལ་གནས་པ་རྣམས་ཏེ། ཤྲཱི། ཧྲཱི། གཱི། དྷཱི། ཞེས་
བྱ་བ་རྣམས་སོ། །ཤར་ཕྱོགས་ཀྱི་སྒོར་ནི་བུད་མེད་ཀྱི་གཟུགས་ཅན་ནོ། །ལྷོར་ནི་སྦྲུལ་ལོ། །ནུབ་ཏུ་ནི་ཕག་གོ །བྱང་དུ་ནི་པདྨའི་གཟུགས་ཅན་ཡང་དག་པར་དགོད་པར་བྱའོ། །ཕྱིའི་དཀྱིལ་འཁོར་ནི་སྔ་མ་དང་འདྲའོ། །དེའི་ཕྱེད་ཀྱི་ནང་དུ་ནོར་བུ་རིན་པོ་ཆེ་ཟུར་བརྒྱད་པ་རིན་པོ་ཆེའི་ཀ་བ་བརྒྱད་

དང་ལྡན་པ། རིན་པོ་ཆེའི་ལྕུག་མས་ཡོངས་སུ་བསྐོར་བ། རྡོ་རྗེ་རིན་པོ་ཆེའི་རེ་བས་བསྐོར་བ། མེ་ཏོག་གི་ཆུན་འཕྱང་དང་། དར་དང་གདུགས་དང་། རྔ་ཡབ་ཀྱིས་ཉེ་བར་བསྒྲུབ་པར་བྱས་པས་མཛེས་པར་གནས་པར་བྱའོ། །དེའི་དབུས་སུ་བཅོམ་ལྡན་འདས་ནམ་མཁའི་སྙིང་
པོ་རྟ་དང་ལྡན་པའི་ཤིང་རྟ་ལ་ཆིབས་པས་བཞུགས་པའོ། །དེའི་མདུན་དུ་སྣ་ཚོགས་པདྨས་དབང་བསྐུར་བའི་རིན་ཆེན་རྡོ་རྗེ་རིན་པོ་ཆེའི་ཅོད་པན་ཐོགས་པའོ། །གཡས་སུ་རིན་ཆེན་ནོར་སྦྱིན་གཏེར་གྱི་བུམ་པ་ཕྱག་ན་བསྣམས་པའོ། །རྒྱབ་ཏུ་ཆོས་ཀྱི་རིན་ཆེན་ཕྱག་ན་གླེགས་བམ་བསྣམས་
པའོ། །གཡོན་དུ་རོའི་སྣོད་ཕྱག་ན་བསྣམས་པའོ། །མེ་ལ་སོགས་པའི་མཚམས་སུ་ནི་རིན་པོ་ཆེའི་གདུགས་དང་། རྒྱལ་མཚན་དང་། རྔ་བོ་ཆེ་དང་། རིན་པོ་ཆེའི་སྲོག་ཤིང་ཕྱག་ན་བསྣམས་པའི་ལྷ་མོ་རྣམས་བྱའོ། །ཕྱི་རོལ་གྱི་མཚམས་རྣམས་སུ་ནི་བུམ་པ་གང་བ་གཞག་པར་བྱའོ། །ཤར་ཕྱོགས་
ཀྱི་སྒོར་ནི་རིན་པོ་ཆེའི་ཅོད་པན་ནོ། །ལྷོར་ནི་གཏེར་གྱི་བུམ་པའོ། །ནུབ་ཏུ་ནི་རྒྱལ་མཚན་ནོ། །བྱང་དུ་ནི་རོའི་སྣོད་དོ། །ཕྱི་རོལ་དུ་ནི་རྒྱལ་མཚན་དང་བ་དན་ལ་སོགས་པ་གནས་པར་བྱའོ། །ཕྱིའི་དཀྱིལ་འཁོར་ནི་སྔ་མ་དང་འདྲའོ། །དེའི་ཕྱེད་ཀྱིས་དེའི་ནང་དུ་རྡོ་རྗེ་ཐིག་ཟླུམ་པོས་བསྐོར་བ་ཀ་བ་
བརྒྱད་ཀྱིས་ཉེ་བར་མཛེས་པར་བྱས་པ། ལྷ་ཐམས་ཅད་ཀྱི་གནས་སུ་སྣ་ཚོགས་པདྨའི་གདན་བྱས་ཏེ། དེའི་དབུས་སུ་བཅོམ་ལྡན་འདས་རྡོ་རྗེ་ཁུ་ཚུར་རོ། །དེའི་མདུན་དུ་ནི་རྡོ་རྗེ་སྐུ་མཆོག་གོ། །གཡས་སུ་ནི་རྡོ་རྗེ་ལྕགས་སོ། །རྒྱབ་ཏུ་ནི་ཏིང་ངེ་འཛིན་རྡོ་རྗེའོ། །གཡོན་དུ་ནི་རྡོ་རྗེའི་རྡོ་རྗེའོ། །མེ་ལ་
སོགས་པའི་མཚམས་སུ་ནི་ཕྱག་རྒྱའི་དོན་དང་། ཡེ་ཤེས་དང་ལས་དང་། ཁུ་ཚུར་བཟང་མོ་ཞེས་བྱ་བའི་མཆོད་པའི་ལྷ་མོ་རྣམས་སོ། །ཕྱིའི་མཚམས་རྣམས་སུ་ནི་སྒེག་མོ་ལ་སོགས་པའོ། །ཤར་ཕྱོགས་ཀྱི་སྒོར་ནི་རྡོ་རྗེ་སྙེམས་མའོ། །ལྷོར་ནི་རྡོ་རྗེ་ལྕགས་མའོ། །ནུབ་ཏུ་ནི་ཏིང་ངེ་འཛིན་རྡོ་རྗེ་མའོ། །
བྱང་དུ་ནི་རྡོ་རྗེ་རྡོ་རྗེ་མའི་ཞེས་བྱ་བའི་ལྷ་མོ་རྣམས་ཡང་དག་པར་གནས་སོ། །ཕྱིའི་དཀྱིལ་འཁོར་ནི་སྔ་མ་དང་འདྲའོ། །དེའི་ནང་དུ་ནི་དེའི་ཕྱེད་ཀྱི་འཁོར་ལོ་རྩིབས་བརྒྱད་པ། དཀྱིལ་འཁོར་བརྒྱད་པ་འདྲ་བའི་ཚུལ་ལ། འཁོར་ལོའི་སྟེང་དུ་ཤར་ཕྱོགས་ནས་བརྩམས་ཏེ། བསྐོར་བའི་ཕྱོགས་སུ་ཨ་

ལ་སོགས་པའི་ཡི་གེའི་ཕྲེང་བཞིར་མཐར་ཐུག་པའི་བར་དུ་བྲི་བར་བྱའོ། །དེ་ནི་འདིར་ཨ་ར་པ་ཙ་ན་ཞེས་བྱ་སྟེ། འདོད་པ་ཐམས་ཅད་ཐོབ་པར་བྱེད་པའོ། །དེ་ཅིའི་ཕྱིར་ཞེ་ན། ཡི་གེ་ཨ་ནི་འདོད་པ་ཞེས་བཤད་དོ། །ཡི་གེ་ར་ནི་ཆགས་པ་ཞེས་བཤད་དོ། །ཡི་གེ་པ་ནི་དོན་དམ་པ་ཞེས་བཤད་དོ། །ཡི་གེ་
ཙ་ནི་སྤྱོད་པ་ཞེས་བཤད་དོ། །ན་ཞེས་བྱ་བ་ནི་དངོས་པོ་མེད་པ་ཞེས་བཤད་དོ། །འདོད་པ་དང་། ཆགས་པ་དང་། དོན་དམ་པ་དང་། སྤྱོད་པ་དང་། དངོས་པོ་མེད་པ་ཉིད་དོ། །དེ་ལྟར་འདི་བསྒོམས་ནས་སྙིང་པོ་བསྒྲུབ་པས་འདོད་པ་ཐམས་ཅད་ཐོབ་པར་འགྱུར་རོ། །འདོད་པ་ཐམས་ཅད་ནི་དེ་བཞིན་
གཤེགས་པ་བསྐྱེད་པ་སྟེ། དེས་ན་སྙིང་པོ་འདིས་དེ་བཞིན་གཤེགས་པ་རྣམས་དང་རྡོ་རྗེ་འཛིན་པ་ཉིད་མྱུར་དུ་ཐོབ་པར་འགྱུར་རོ། །དེ་ལ་ལྷ་ཐམས་ཅད་ཀྱི་གནས་སུ་ནི་སྣ་ཚོགས་པདྨ་ཡང་དག་པར་གནས་པ་ལ་འཁོར་ལོའི་ལྟེ་བར་བཅོམ་ལྡན་འདས་འཇམ་དཔལ་ལོ། །དེའི་ངོས་རྣམས་སུ་དེ་བཞིན་
གཤེགས་པའི་སྤྲུལ་པའི་གཟུགས་བརྒྱད་བྱའོ། །ཕྱི་རོལ་གྱི་མཚམས་རྣམས་སུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་བཞི་གཞག་པར་བྱའོ། །ཤར་ལ་སོགས་པའི་སྒོ་རྣམས་སུ་ནི་རལ་གྲི་དང་། མདུང་ཐུང་དང་། ལྷུང་བཟེད་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་གཞག་
པར་བྱའོ། །ཕྱིའི་དཀྱིལ་འཁོར་ནི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གྱི་ཚུལ་ཇི་ལྟ་བ་དང་འདྲ་བ་དེའི་ནང་དུ་དེའི་ཕྱེད་ཀྱིས་རྡོ་རྗེའི་ཐིག་ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས་པར་བྱའོ། །ཐམས་ཅད་ཀྱི་གནས་སུ་ནི་སྣ་ཚོགས་པདྨའི་གདན་བྱའོ། །དེའི་དབུས་སུ་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་
བསྐོར་བའོ། །ཕྱོགས་དང་མཚམས་རྣམས་སུ་ནི་ཕྱག་ན་རྡོ་རྗེ་ལ་སོགས་པའོ། །ཕྱིའི་མཚམས་ཀྱི་ནང་གི་མེ་ལ་སོགས་པའི་མཚམས་རྣམས་སུ་གཡས་ནས་བསྐོར་ཏེ། ཞི་བ་མདུང་གིས་མཚན་པ་དང་། མ་མོ་དང་། མིང་པོ་གསུམ་དང་། སྲིང་མོ་བཞིའི་དཀྱིལ་འཁོར་གནས་པར་བྱའོ། །ཤར་ལ་སོགས་
པའི་སྒོ་རྣམས་སུ་ནི་རྡོ་རྗེ་སེམས་དཔའ་དང་། རྡོ་རྗེ་ཧཱུྃ་མཛད་དང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། ནམ་མཁའི་སྙིང་པོ་ཡང་དག་པར་གཞག་པར་བྱའོ། །ནམ་མཁའི་མཛོད་ཀྱི་དཀྱིལ་འཁོར་ཐམས་ཅད་ནི་ནམ་མཁའི་སྙིང་པོའི་དཀྱིལ་འཁོར་འདྲ་བ་ལས་མཚམས་སུ་ནི་སྒེག་མོ་ལ་སོགས་པ་

གཞག་པར་བྱའོ། །ལྷ་ཐམས་ཅད་ཀྱི་གནས་སུ་སྣ་ཚོགས་པདྨའི་གདན་ལ་དབུས་སུ་ནམ་མཁའི་མཛོད་སྣ་ཚོགས་རྡོ་རྗེ་བསྣམས་པའོ། །ཕྱོགས་དང་མཚམས་རྣམས་སུ་ནི་ཕྱག་ན་རྡོ་རྗེ་ལ་སོགས་པ་རང་གི་མཚན་མ་བསྣམས་པ་བྱའོ། །ཕྱིའི་མཚམས་སུ་ནི་མེ་ཏོག་དང་།
བདུག་སྤོས་དང་། མར་མེ་དང་། བྱུག་པ་མའི་ལྷ་མོ་རྣམས་སོ། །ཤར་ལ་སོགས་པའི་སྒོ་རྣམས་སུ་ནི་དོང་ཙེ་དང་གསེར་དང་མུ་ཏིག་དང་རྒྱན་གཞག་པར་བྱའོ། །ཕྱིའི་དཀྱིལ་འཁོར་ནི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དང་འདྲ་བ་ལས་དེའི་ནང་དུ་དེའི་ཕྱེད་ཀྱི་ཚད་ཀྱིས་ཕྱིའི་དཀྱིལ་འཁོར་གཉིས་པ་
དཀྱིལ་འཁོར་ཟུར་བཞི་པ་ལ་ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས་པར་བྱས་པའོ། །ལྷ་ཐམས་ཅད་ཀྱི་གནས་སུ་སྣ་ཚོགས་པདྨའི་གདན་ལ་འབར་བའི་དཀྱིལ་འཁོར་གྱིས་བརྒྱན་པར་བྱས་ལ། དཀྱིལ་འཁོར་དབུས་མའི་དབུས་སུ་བཅོམ་ལྡན་འདས་རྡོ་རྗེ་གནོད་སྦྱིན་ནོ། །ཕྱོགས་དང་མཚམས་རྣམས་སུ་
ནི་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་ལ་སོགས་པ་བརྒྱད་པོ་རྡོ་རྗེ་གནོད་སྦྱིན་གྱི་གཟུགས་ཅན་ནོ། །ཕྱིའི་དཀྱིལ་འཁོར་གྱི་མཚམས་རྣམས་སུ་ནི་རྡོ་རྗེ་མཆེ་བའི་ཕྱག་རྒྱ་རྣམས་སོ། །སྒོ་རྣམས་སུ་ནི་རྩེ་ལྔ་པའི་ཁྲོ་བོ་རྡོ་རྗེ་བསྣམས་པའི་ཕྱག་ན་རྡོ་རྗེ་གཞག་པར་བྱའོ། །དཀྱིལ་འཁོར་ཐམས་
ཅད་ཀྱི་ཕྱི་དང་ནང་དུ་བཅས་པ་དང་པོའི་དཀྱིལ་འཁོར་དང་འདྲ་བར་གནས་པ་ལས་དེའི་དབུས་མའི་རེའུ་ཆ་ལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་རོ། །ཤར་གྱི་རེའུ་ཆ་ལ་སོགས་པ་ལ་ནི་རྡོ་རྗེ་ཧཱུཾ་མཛད་དང་། ནམ་མཁའི་སྙིང་པོ་དང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། རྡོ་རྗེ་ཁུ་ཚུར་གྱི་
དཀྱིལ་འཁོར་རྣམས་ཏེ། ཤར་དང་ལྷོ་དང་ནུབ་དང་བྱང་གི་ཕྱོགས་སུ་བྱའོ། །མེ་ལ་སོགས་པའི་མཚམས་རྣམས་སུ་ནི་འཕགས་པ་འཇམ་དཔལ་དང་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་ནམ་མཁའི་མཛོད་དང་། རྡོ་རྗེ་གནོད་སྦྱིན་གྱི་དཀྱིལ་འཁོར་རྣམས་མཚམས་སུ་གནས་
པར་བྱའོ། །ཕྱིའི་དཀྱིལ་འཁོར་གྱི་མཚམས་རྣམས་སུ་ནི་ཞི་བ་མདུང་གིས་མཚན་པ་དང་། མ་མོ་དང་། མིང་པོ་གསུམ་དང་། སྲིང་མོ་བཞིའི་དཀྱིལ་འཁོར་སྔ་མ་བཞིན་དུ་ཤེས་པར་བྱའོ། །ཕྱིའི་ཤར་ལ་སོགས་པའི་སྒོ་རྣམས་སུ་ནི་རྡོ་རྗེ་སེམས་དཔའ་དང་། རྡོ་རྗེ་ཧཱུཾ་མཛད་དང་། འཕགས་པ་

སྤྱན་རས་གཟིགས་དབང་ཕྱུག་དང་། ནམ་མཁའི་སྙིང་པོའི་རིགས་བཞིའི་མཚན་མའི་ངོ་བོ་ཉིད་དུ་གནས་པར་བྱའོ། །སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་དཀྱིལ་འཁོར་དུ་རིགས་བཞིའི་མཚན་མ་དེ་ཉིད་ཡིན་པར་བསྟན་པས་ན། འདིར་སོམ་ཉི་མི་བྱའོ། །བསྡུས་པའི་
དཀྱིལ་འཁོར་རོ། །དཀྱིལ་འཁོར་ཀུན་ནས་ཟླུམ་པོ་རིམ་པ་གསུམ་པོ་ལ་དཀྱིལ་འཁོར་དབུས་མའི་རིམ་པའི་ཉིས་འགྱུར་ནི། རིམ་པ་གཉིས་པའོ། །སུམ་འགྱུར་ནི། རིམ་པ་གསུམ་པ་སྟེ་ཐམས་ཅད་ཀྱང་སྒོ་བཞི་པ་ལ་མཚམས་བཞི་པོར་མདུང་རྩེ་གསུམ་པས་མཚན་པ་གནས་པར་བྱའོ། །
དེ་ལ་དབུས་སུ་དབང་ཕྱུག་ཆེན་པོའོ། །དེའི་ལོགས་ཤར་ལ་སོགས་པ་རྣམས་སུ་ནག་པོ་ཆེན་པོ་དང་། དགའ་བའི་དབང་ཕྱུག་དང་། དྲིལ་བུ་ཆེན་པོ་དང་། གར་གྱི་དབང་ཕྱུག་རྣམས་སོ། །མེ་ལ་སོགས་པའི་མཚམས་རྣམས་སུ་དྲག་པོའི་ཐོད་པ་དང་། གཏུམ་པོའི་དབང་ཕྱུག་དང་། ལག་ན་
ཁ་ཊྭཱཾ་ག་དང་། བ་ལང་རྣའི་དབང་ཕྱུག་རྣམས་སོ། །རིམ་པ་གཉིས་པའི་ཤར་ལ་སོགས་པའི་ཕྱོགས་རྣམས་སུ་དྲག་མོ་ལག་ན་མདུང་རྩེ་གསུམ་པ་ཐོགས་པ། ལྷོར་ཚངས་མ་ཕྲེང་བ་ལག་ན་ཐོགས་པའི་རྒྱན་ཅན། ནུབ་ཏུ་ཁྱབ་འཇུག་མ་ལག་ན་འཁོར་ལོ་ཐོགས་པ། བྱང་དུ་གཞོན་ནུ་མ་ལག་ན་
དྲིལ་བུ་ཐོགས་པའོ། །མཚམས་རྣམས་སུ་ནག་མོ་དང་ནག་མོ་ཆེན་མོ་དང་ཟ་བྱེད་མ་དང་། སྲིན་མོ་རྣམས་ཏེ། ལག་ན་དྲིལ་བུ་དང་ཆུ་གྲི་དང་མཆེ་བ་དང་། ཁ་ཊྭཱཾ་ག་ཐོགས་པའོ། །ཞི་བ་མ་དང་། བྷེརུ་ཎྜ་དང་། གཏུམ་མ་དང་། འཇིགས་བྱེད་མ་རྣམས་ཀྱང་དེ་ཉིད་དུ་བྱའོ། །ཤར་ལ་སོགས་པའི་སྒོ་
རྣམས་སུ་དབྱིག་པའི་དབང་ཕྱུག་དང་། མུཎྜའི་དབང་ཕྱུག་དང་། དྲིལ་རྣ་དང་། དྲག་པོ་ཆེན་པོ་རྣམས་གནས་པར་བྱའོ། །ཞི་བའི་དཀྱིལ་འཁོར་རོ། །དཀྱིལ་འཁོར་ཟུར་བཞི་པ་སྒོ་བྱང་དུ་བལྟས་པར་གནས་པ་ལ་དེའི་དབུས་སུ་ནག་པོ་ཆེན་པོ་ཐོད་པ་དང་རུས་པའི་ཕྲེང་བ་ཐོགས་པ་ཁ་གདངས་པ་
མཆེ་བ་ཅན། རིམ་པ་གསུམ་པ་ལ་འབྱུང་པོ་བརྒྱད་དང་རིམ་པ་བརྒྱད་ཀྱིས་ཀུན་ནས་ཕྲེང་དུ་བསྐོར་ནས་གནས་པའོ། །ཤར་ལ་སོགས་པའི་སྒོ་རྣམས་དེའི་བྱང་གི་ཕྱོགས་ནས་བརྩམས་ཏེ། བསྐོར་ཕྱོགས་སུ་དྲག་པོ་ལ་སོགས་པའི་མཚན་མ་སྔར་བཤད་པའི་ཕྱོགས་སུ་དགོད་པར་བྱའོ། །མཚམས་

ཀྱི་དབང་ལྡན་ནས་བརྩམས་ཏེ། ནག་མོ་དང་ནག་མོ་ཆེན་མོ་དང་། ཟ་བྱེད་མ་དང་སྲིན་མོའི་མཚན་མ་སྔར་བཤད་པ་དགོད་དོ། །སྒོ་རྣམས་སུ་ཞི་བ་དང་ཞི་བ་ཆེན་མོའོ། །གཡས་ཀྱི་ཕྱོགས་སུ་ནི་སྔར་བཤད་པའི་མཚན་མ་རྣམས་ཏེ། བྷེ་རུཎྜ་དང་། འཇིགས་བྱེད་མའོ། །གཡོན་
གྱི་ཕྱོགས་སུ་ནི་སྔར་བཤད་པའི་མཚན་མ་རྣམས་གཞག་པར་བྱའོ། །མ་མོའི་དཀྱིལ་འཁོར་རོ། །ཕྱིའི་དཀྱིལ་འཁོར་ཟུར་བཞི་པ་ལ་སྒོ་བཞི་པར་བྱས་ལ། དེའི་དབུས་སུ་གཞུ་ལྟ་བུའི་དཀྱིལ་འཁོར་གཉིས་ལ་ཕྱེད་ཀྱི་ཚད་དུ་བྱས་ལ། དེའི་དབུས་སུ་སེང་གེའི་གདན་བྱས་ནས། སེང་གེའི་གདན་
དེ་ལ་མིང་པོ་གསུམ་རིམ་བཞིན་དུ་གནས་པ་སྟན་གཅིག་ལ་འདུག་པ་བྱའོ། །ཕྱིའི་དཀྱིལ་འཁོར་གྱི་ཤར་གྱི་སྒོར་གྲུབ་པ། ལྷོ་རུ་ནི་རྫུ་འཕྲུལ་ལོ། །ནུབ་ཏུ་ནི་ཆེན་པོའོ། །བྱང་དུ་ནི་ཀྵེ་ཏྲའོ། །མེའི་མཚམས་སུ་ནི་གཏུམ་པའོ། །བདེན་བྲལ་གྱི་མཚམས་སུ་ནི་ཁྲོ་བའོ། །རླུང་གི་མཚམས་སུ་ནི་
མཆོག་གོ། །དབང་ལྡན་གྱི་མཚམས་སུ་ནི་གསོད་པར་གནས་པར་བྱའོ། །མིང་པོ་གསུམ་གྱི་དཀྱིལ་འཁོར་རོ། །དཀྱིལ་འཁོར་ཀུན་ནས་ཟླུམ་པོ་ལ་སྒོ་བཞི་པ་ལ་མཚམས་བཞི་པའི་རི་མོར་ཀ་བ་བཞི་བྱས་ལ། དཀྱིལ་འཁོར་གྱི་ལྟེ་བར་ཆ་བཞི་གནས་པ་ལ། དེ་ལ་ཤར་གྱི་ཆ་ལ་དགའ་མོ་མདའ་དང་
གཞུ་འདྲེན་པར་བརྩོན་པས་རང་གི་སྒོ་ལ་མངོན་པར་ཕྱོགས་ཏེ་འདུག་པའོ། །ལྷོའི་ཆ་ལ་གསོད་མ་ཕུབ་དང་རལ་གྲི་འཛིན་པའོ། །ནུབ་ཏུ་ཕག་མོ་གཏེར་གྱི་བུམ་པ་ལག་ན་ཐོགས་པའོ། །བྱང་དུ་གྲུབ་མ་ཙ་ཤ་ཀ་དང་གྲི་གུག་ལག་ན་ཐོགས་ཏེ་རང་གི་སྒོ་ལ་ཕྱོགས་ཏེ་མངོན་པར་འདུག་པར་བྱས་
ཏེ། རང་རང་གི་མཚན་མ་ཐོགས་ཏེ་རང་གི་སྒོའི་དབུས་སུ་ལེགས་པར་གནས་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དུམ་བུ་དཀྱིལ་འཁོར་བཅོ་ལྔ་རྣམ་པར་ཕྱེ་བ་ཡིན་ནོ། །དུམ་བུ་གཉིས་པར་དཀྱིལ་འཁོར་དང་པོ་དང་འདྲ་བར་ཕྱི་ནས་བྱས་པའི་དཀྱིལ་འཁོར་ལྷ་ཐམས་ཅད་ཀྱི་གནས་སུ་སྣ་
ཚོགས་པདྨའི་གདན་རྣམ་པར་གཞག་ལ། དེའི་དབུས་སུ་རྡོ་རྗེ་སེམས་དཔའོ། །དེའི་མདུན་དུ་རྡོ་རྗེ་ཡིད་ལས་བྱུང་བའོ། །གཡས་སུ་རྡོ་རྗེ་ཀི་ལི་ཀི་ལའོ། །རྒྱབ་ཏུ་ཆགས་པའི་རྡོ་རྗེའོ། །གཡོན་དུ་རྡོ་རྗེ་སྙེམས་པའོ། །མེ་ལ་སོགས་པའི་མཚམས་རྣམས་སུ་ནི་མེ་ཏོག་དང་བདུག་སྤོས་དང་།

མར་མེ་དང་། དྲིའི་ལྷ་མོ་རྣམས་སོ། །དཀྱིལ་འཁོར་གྱི་ཕྱིའི་མཚམས་རྣམས་སུ་ནི་སྒེག་མོ་དང་། བཞད་པ་མོ་དང་། གླུ་མཁན་མ་དང་། གར་མཁན་མའོ། །ཤར་ལ་སོགས་པའི་སྒོ་རྣམས་སུ་ནི་རྡོ་རྗེ་ལྕགས་ཀྱུ་དང་། ཞགས་པ་དང་། ལྕགས་སྒྲོག་དང་དྲིལ་བུ་རྣམས་གནས་པར་བྱའོ། །
གཉིས་པོའི་དཀྱིལ་འཁོར་དང་པོའོ། །ཕྱི་དང་ནང་དུ་བཅས་པ་ཐམས་ཅད་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དང་འདྲ་བས་གནས་པ་ལ། དེའི་དབུས་སུ་སངས་རྒྱས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་སྐུ་ཅན་ལ་རིན་པོ་ཆེའི་ཅོད་པན་གྱི་དབང་བསྐུར་བའོ། །དེའི་ཤར་ཕྱོགས་ཀྱི་ཆ་ལ་རྡོ་རྗེ་གོ་ཆ།
ལྷོར་ནི་རྡོ་རྗེ་ཀི་ལི་ཀི་ལའོ། །ནུབ་ཏུ་ནི་རྡོ་རྗེ་ཆགས་པའོ། །བྱང་དུ་ནི་རྡོ་རྗེ་སྙེམས་པའོ། །མཚམས་རྣམས་སུ་ནི་མེ་ཏོག་ལ་སོགས་པའོ། །ཕྱི་རོལ་གྱི་མཚམས་སུ་ནི་སྒེག་མོ་ལ་སོགས་པའོ། །ཤར་ལ་སོགས་པའི་སྒོ་རྣམས་སུ་ནི་ལྕགས་ཀྱུ་ལ་སོགས་པ་ཡང་དག་པར་གནས་པར་བྱའོ། །
རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོའི་དཀྱིལ་འཁོར་དུམ་བུ་གཉིས་པར་བཤད་པ་ཡང་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དང་པོ་དང་འདྲ་བ་ཡིན་ཏེ། དེ་ལ་རྡོ་རྗེ་སེམས་དཔའ་དང་། རྡོ་རྗེ་ཡིད་ལས་བྱུང་བ་ལ་སོགས་པ་ཉིད་ནས་རྡོ་རྗེ་དྲིལ་བུའི་མཐར་ཐུག་གི་བར་དུ་ཁྲོ་བ་དང་བཅས་པར་གནས་པ་ཡིན་ནོ། །
རབ་ཏུ་དགའ་བའི་རྡོ་རྗེའི་ཁྲོ་བོའི་དཀྱིལ་འཁོར་རོ། །དུམ་བུ་གཉིས་པར་བཤད་པའི་ཕྱི་དང་ནང་དུ་བཅས་པའི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དང་འདྲ་བར་བྱས་པ་ལ་དཀྱིལ་འཁོར་པདྨས་མཚན་པ་བྱས་ལ། དེའི་དབུས་སུ་བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་ཕྱུག་གོ། །དེའི་ཤར་
ནས་བརྩམས་ཏེ། རྡོ་རྗེ་ཡིད་ལས་བྱུང་བ་དང་རྡོ་རྗེ་ཀི་ལི་ཀི་ལ་ལ་སོགས་པ་རྡོ་རྗེ་དྲིལ་བུའི་མཐར་ཐུག་གི་བར་དུ་པདྨའི་མདའ་ལ་སོགས་པ་བསྣམས་ནས་བཞུགས་པར་བྱའོ། །འཇིག་རྟེན་དབང་ཕྱུག་གི་དཀྱིལ་འཁོར་རོ། །དཀྱིལ་འཁོར་ཐམས་ཅད་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དང་
འདྲ་བ་ལས་རིན་པོ་ཆེ་ལྟ་བུར་བྱས་ལ། དེའི་དབུས་སུ་བཅོམ་ལྡན་འདས་ནམ་མཁའི་སྙིང་པོ། །དེའི་ཤར་ནས་བརྩམས་ཏེ། རྡོ་རྗེ་ཡིད་ལས་བྱུང་བ་ལ་སོགས་པ་ཉིད་ནས། རྡོ་རྗེ་དྲིལ་བུའི་མཐར་ཐུག་གི་བར་དུ་རིན་པོ་ཆེའི་མདའ་དང་གཞུ་ལ་སོགས་པ་བསྣམས་ནས་གནས་པར་བྱའོ། །རིན་པོ་ཆེའི་

དཀྱིལ་འཁོར་རོ། །དཀྱིལ་འཁོར་གྱི་ཕྱི་དང་ནང་དུ་བཅས་པ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དང་འདྲ་བ་ལས་དེའི་དབུས་མའི་རེའུ་ཆ་ལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་རོ། །ཤར་ལ་སོགས་པའི་རེའུ་ཆ་རྣམས་ལ། དེ་བཞིན་གཤེགས་པ་དང་རབ་ཏུ་དགའ་བའི་རྡོ་
རྗེ་ཁྲོ་བོ་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། རྡོ་རྗེ་རིན་ཆེན་གྱི་དཀྱིལ་འཁོར་བཤད་མ་ཐག་པའོ། །མེ་ལ་སོགས་པའི་མཚམས་སུ་ནི་མེ་ཏོག་མ་ལ་སོགས་པའི་ལྷ་མོ་རྣམས་སོ། །ཕྱིའི་དཀྱིལ་འཁོར་གྱི་མཚམས་ཀྱི་མེའི་ཕྱོགས་ནས་བརྩམས་ཏེ། བསྐོར་ཕྱོགས་སུ་མིང་
པོ་གསུམ་དང་། སྲིང་མོ་བཞི་དང་། ལྷ་མ་ཡིན་དང་། ཀླུའི་དཀྱིལ་འཁོར་འོག་ནས་བཤད་པ་རྣམས་ལ་བྱའོ། །ཤར་ལ་སོགས་པའི་སྒོ་རྣམས་སུ་ནི་ལྕགས་ཀྱུ་ལ་སོགས་པ་གནས་པར་བྱའོ། །བསྡུས་པའི་དཀྱིལ་འཁོར་རོ།། །།མིང་པོ་དང་སྲིང་མོའི་དཀྱིལ་འཁོར་ནི་སྔ་མ་དང་འདྲ་སྟེ། ཁྲུ་
གང་ཙམ་གྱི་སྐས་བཞི་ལས་བབས་པར་བརྐོས་པ། རྒྱར་ཁྲུ་བརྒྱད་པ་ཟུར་བཞི་པ། ཤར་དུ་གྱེན་དུ་བལྟས་པའི་སྒོ་གཅིག་པའི་དཀྱིལ་འཁོར་དུ་གནས་པ་ལ། དེའི་དབུས་སུ་ཁྱབ་འཇུག་གི་འཁོར་ལོ། །དེའི་ཤར་ཕྱོགས་ལ་སོགས་པའི་ཆ་ལ་བདེ་མཆོག་དང་ཐགས་བཟངས་རིས་དང་ལག་
བཟངས་དང་། སྲིན་པོ་ཞེས་བྱ་བའི་ལྷ་མ་ཡིན་གྱི་བདག་པོ་འཁོར་དང་བཅས་པ་རྣམས་སོ། །མཚམས་རྣམས་སུ་ནི་ལྷ་མ་ཡིན་གྱི་བུ་མོ་རྣམས་གནས་པར་བྱའོ། །ལྷ་མ་ཡིན་གྱི་དཀྱིལ་འཁོར་རོ། །ཟུར་བཞི་པ་ལ་སྒོ་བཞི་པའི་དཀྱིལ་འཁོར་ལ་སྦྲུལ་གྱི་མཇུག་མའི་རི་མོས་མཚམས་བཞིར་མདུད་
པར་བྱས་པ་གདེངས་ཀ་བརྒྱད་བསྒྲེང་པ་སྒོ་བཞི་སྒོ་ཁྱུད་དང་ལྡན་པ་ནི་ཀླུའི་དཀྱིལ་འཁོར་ཏེ། དེ་ལ་ཆུ་སྲིན་ལ་སོགས་པ་དང་། ཆུས་ཡོངས་སུ་གང་བའི་མཚོའི་དབུས་སུ་ཀླུའི་རྒྱལ་པོ་མགོ་བརྒྱད་པའོ། །དེའི་ཕྱོགས་ལོགས་ཀྱི་ཕྱོགས་དང་མཚམས་རྣམས་སུ་མཐའ་ཡས་དང་། ནོར་རྒྱས་དང་།
འཇོག་པོ་དང་། ཀརྐོ་ཊ་དང་། པདྨ་དང་། པདྨ་ཆེན་པོ་དང་། དུང་སྐྱོང་དང་། རིགས་ལྡན་གདེངས་ཀ་བདུན་བདུན་དང་ལྡན་པ་སྐྱེས་བུའི་གཟུགས་སུ་གནས་པར་བྱའོ། །ཀླུའི་དཀྱིལ་འཁོར་རོ།། །།ཐམས་ཅད་དཀྱིལ་འཁོར་དང་པོ་དང་འདྲ་བར་བྱས་ལ་དཀྱིལ་འཁོར་གྱི་དབུས་སུ་བཅོམ་ལྡན་

འདས་རྡོ་རྗེ་སེམས་དཔའོ། །དེའི་ཤར་ཕྱོགས་ནས་བརྩམས་ཏེ། རྡོ་རྗེ་གོ་ཆ་ལ་སོགས་པ་ནས་རྡོ་རྗེ་དྲིལ་བུའི་མཐར་ཐུག་གི་བར་དུ་ཐམས་ཅད་ལྷ་མོའི་ཚུལ་གྱིས་བཞུགས་པར་བྱའོ། །རྡོ་རྗེ་སེམས་དཔའི་གསང་བའི་དཀྱིལ་འཁོར་རོ།། །།དུམ་བུ་གཉིས་པ་ལས་གསུངས་པའི་རྩ་བའི་རྒྱུད་ཀྱི་
དཀྱིལ་འཁོར་བཅུ་གཅིག་ཡིན་ནོ། །ཕྱི་དང་ནང་དུ་བཅས་པ་ཐམས་ཅད་དཀྱིལ་འཁོར་དང་པོའི་ཚུལ་དུ་གནས་པའི་དཀྱིལ་འཁོར་ལ། དེའི་དབུས་སུ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དེའི་ཕྱོགས་ཐམས་ཅད་དུ་འདོད་ཆགས་རྡོ་རྗེ་ལ་སོགས་པའོ། །དེའི་མཚམས་རྣམས་སུ་ཤིན་ཏུ་དགའ་མ་
དང་རབ་ཏུ་དགའ་མ་དང་། སྤྱན་དང་དཔལ་ཆེན་མོའོ། །ཕྱིའི་དཀྱིལ་འཁོར་གྱི་མཚམས་རྣམས་སུ་ནི་སྒེག་མོ་ལ་སོགས་པའོ། །ཤར་ལ་སོགས་པའི་སྒོ་རྣམས་སུ་ནི་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའོ། །ཕྱིའི་མཚམས་རྣམས་སུ་ནི་བུམ་པ་ལ་སོགས་པ་དང་། ཏོག་རྣམས་གནས་པའོ། །བཅོམ་
ལྡན་འདས་ཀྱི་སྤྱན་སྔར་བུམ་པ་གཅིག་གཞག་པར་བྱའོ། །དུམ་བུ་གཉིས་པ་ནས་གསུངས་པའི་རྒྱུད་ཕྱི་མའི་དཀྱིལ་འཁོར་དང་པོའོ། །ཕྱིའི་དཀྱིལ་འཁོར་དང་པོ་དང་འདྲ་བར་བྱས་པ། དེའི་ནང་དུ་དེའི་ཕྱེད་ཀྱི་ཟླུམ་པོ་ལ་རྡོ་རྗེའི་ཐིག་དང་། ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས་པར་བྱས་པ་ལྷ་ཐམས་ཅད་
ཀྱི་གནས་སུ་སྣ་ཚོགས་པདྨའི་གདན་གཞག་པ་ལ་དེའི་དབུས་སུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེའི་སྤྱན་སྔར་བཅོམ་ལྡན་འདས་མི་བསྐྱོད་པ་བདུད་ལས་རྣམ་པར་རྒྱལ་བར་མཛད་པ་གཡས་སུ་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་བྱང་ཆུབ་སེམས་དཔའ་ཕྱག་ན་རིན་ཆེན་ཅོད་པན་ལ་
སོགས་པ་ལ་དབང་བསྐུར་བར་མཛད་པའོ། །རྒྱབ་ཏུ་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པ་བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོ་ལ་སོགས་པས་ཡོངས་སུ་བསྐོར་བ་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་པའོ། །གཡོན་དུ་བཅོམ་ལྡན་འདས་དོན་ཡོད་པར་གྲུབ་པ་འདོད་ཆགས་ལ་
སྤྱོད་པའི་སེམས་ཅན་རྣམས་འདུལ་བར་མཛད་པའོ། །མེ་ལ་སོགས་པའི་མཚམས་རྣམས་སུ་རྡོ་རྗེ་སེམས་མ་དང་། རིན་ཆེན་སེམས་མ་དང་། ཆོས་ཀྱི་སེམས་མ་དང་། ལས་ཀྱི་སེམས་མ་རྣམས་སོ། །ཕྱིའི་དཀྱིལ་འཁོར་གྱི་མཚམས་རྣམས་སུ་སྒེག་མོ་ལ་སོགས་པའོ། །ཤར་ལ་སོགས་པའི་སྒོ་

རྣམས་སུ་ནི་ལྕགས་ཀྱུ་ལ་སོགས་པ་གནས་པར་བྱས་པ། དེ་བཞིན་གཤེགས་པའི་དཀྱིལ་འཁོར་རོ། །ཕྱིའི་དཀྱིལ་འཁོར་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དང་འདྲ་བ་ལས་དེའི་དབུས་སུ་རྡོ་རྗེའི་འཁོར་ལོ་ཟླུམ་པོ་འབར་བ་དང་བཅས་པ་ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས་
པར་བྱས་པ་ལ། དེའི་ཕྱི་རོལ་དུ་ཆ་མཉམ་པའི་ཟླུམ་པོ་རིམ་པ་བདུན་པ་བྱས་ཏེ། ལྷ་ཐམས་ཅད་ཀྱི་སྣ་ཚོགས་པདྨར་གནས་པ་ལ་འབར་བའི་འཁོར་ལོའི་དབུས་སུ་བཅོམ་ལྡན་འདས་རྡོ་རྗེ་མེ་ལྟར་རབ་ཏུ་འབར་བའོ། །དེའི་མདུན་དུ་རྡོ་རྗེ་མཚོན་ཆ་འཛིན་མ་གཡོན་བརྐྱང་པས་གནས་པས་
བཞུགས་པ། གཡོན་པའི་ཁྲོ་བོའི་ཁུ་ཚུར་སྡིགས་མཛུབ་བྱེད་པ། གཡས་པའི་རྡོ་རྗེའི་ཁུ་ཚུར་གྱིས་རྡོ་རྗེ་རྩེ་ལྔ་པ་བསྣམས་པའོ། །གཡས་སུ་ནི་མདུང་རྩེ་གསུམ་པ་འཛིན་མའོ། །རྒྱབ་ཏུ་ནི་རལ་གྲི་འཛིན་མའོ། །གཡོན་དུ་ནི་པདྨ་དང་ཐོད་པ་འཛིན་མའོ། །མེ་ལ་སོགས་པའི་མཚམས་སུ་
ནི་མདའ་གཞུ་དང་ཁ་ཊྭཱཾ་ག་དང་འཁོར་ལོ་དང་། བ་དན་སྣ་ཚོགས་འཛིན་པའི་ལྷ་མོ་རྣམས་གཞག་པར་བྱའོ། །དེའི་ཕྱི་རོལ་གྱི་ཐིག་དང་པོའི་ནང་དུ་རྡོ་རྗེ་གཙུག་ཏོར་ལ་སོགས་པ་གོ་རིམས་བཞིན་དུ་བཞུགས་པར་བྱས་ཏེ། དེ་བཞིན་དུ་གཡོན་བརྐྱང་བས་བཞུགས་ཤིང་གཡོན་པའི་ཁྲོ་བོའི་ཁུ་
ཚུར་གྱིས་སྡིགས་མཛུབ་བྱེད་ཅིང་གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་རྡོ་རྗེ་གཙུག་ཏོར་ལ་སོགས་པ་བསྣམས་པར་བྱའོ། །དེ་བཞིན་དུ་གཉིས་པ་ལ་སྔགས་ཀྱི་ལྷ་མོ་རྣམས་ཕྱག་ན་རང་གི་ཕྱག་རྒྱ་དང་ལྡན་པར་བྱའོ། །གསུམ་པར་ནི་རྡོ་རྗེ་རྒྱལ་པོ་ལྷ་མོ་བཞིའི་དབུས་ན་བཞུགས་པ་རྡོ་རྗེ་རྩེ་ལྔ་པ་བསྣམས་
པའོ། །བཞི་པར་ནི་རྡོ་རྗེ་རོལ་མོ་ཆེན་མོ་བཅུ་རྡུང་བར་བྱེད་ཅིང་རྡོ་རྗེ་སྒེག་མོ་རྣམས་གར་བྱེད་ཅིང་གླུ་ལེན་པའོ། །ལྔ་པར་ནི་རཱ་ཛ་ནཱ་ག་དང་པྲ་ཏི་ཧ་ར་དང་། ཚོགས་དང་ཁྲོ་བོ་རྣམས་སོ། །དྲུག་པར་ནི་རྡོ་རྗེ་ཕོ་ཉ་དང་། རྡོ་རྗེ་གནོད་སྦྱིན་དང་། རྡོ་རྗེ་སྲིན་པོ་དང་། རྡོ་རྗེ་མངག་གཞུག་རྣམས་སོ། །བདུན་པར་
ནི་རྡོ་རྗེ་གཙུག་ཏོར་རམ། རྡོ་རྗེ་སྨིན་མཚམས་ཀྱིས་བརྙས་པར་གྱུར་ཅིང་། ཆད་པ་བཅད་པ་དང་། རྡོ་རྗེ་རྒྱལ་པོ་དང་། པྲ་ཏི་ཧ་རས་གཡུལ་དུ་བཅོམ་པ་ལ་སོགས་པའི་རིམ་གྱིས་ཏེ། ལྷ་ཆེན་པོ་ལ་སོགས་པ་བཏུལ་བ་ནས་ཆུ་ལྷའི་མཐར་ཐུག་གི་བར་དུ་མ་མོའི་ཚོགས་དང་བཅས་པར་གནས་པ་རྣམས་

སོ། །རྡོ་རྗེ་གཙུག་ཏོར་ལ་སོགས་པ་ནས་རྡོ་རྗེ་མངག་གཞུག་གི་མཐར་ཐུག་གི་བར་ནི་འཇིག་རྟེན་ལས་འདས་པ་ཉིད་ཡིན་ཏེ། འཇིག་རྟེན་གསུམ་གྱི་གསང་བའི་རྒྱུད་དང་། ལ་ལ་ནི་རྒྱུད་འདི་ཉིད་དུ་བལྟ་བར་བྱའོ། །ཕྱིའི་དཀྱིལ་འཁོར་གྱི་མཚམས་མེའི་ཕྱོགས་ནས་བརྩམས་ཏེ། བསྐོར་ཕྱོགས་སུ་
མིང་པོ་གསུམ་དང་སྲིང་མོ་བཞི་དང་ཀླུ་དང་སྡུག་བསྔལ་གདོན་པའི་དཀྱིལ་འཁོར་དང་སྒེག་མོ་ལ་སོགས་པའོ། །སྒོ་རྣམས་སུ་ནི་ལྕགས་ཀྱུ་ལ་སོགས་པ་བཞུགས་པར་བྱའོ། །རྡོ་རྗེ་མེ་ལྟར་རབ་ཏུ་འབར་བའི་དཀྱིལ་འཁོར་རོ།། །།ཕྱིའི་དཀྱིལ་འཁོར་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དང་འདྲ་བར་
བྱས་ལ་དེའི་དབུས་སུ་དེའི་ཕྱེད་ཀྱི་ཚད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དུམ་བུ་ལས་གསུངས་པའི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་དཀྱིལ་འཁོར་དང་འདྲ་བར་པདྨའི་དཀྱིལ་འཁོར་དུ་ཡང་དག་པར་གནས་པ་ལ་དེའི་དབུས་སུ་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་
དབང་ཕྱུག་གོ། །དེའི་མདུན་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཕྱག་མཚན་པདྨ་བསྣམས་ཏེ། ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའོ། །དེ་བཞིན་དུ་ལྷོར་རིན་པོ་ཆེའི་པདྨ་བསྣམས་པའི་སངས་རྒྱས་སོ། །རྒྱབ་ཏུ་རྡོ་རྗེའི་པདྨ་བསྣམས་པའི་སངས་རྒྱས་སོ། །གཡོན་དུ་པདྨ་གཉིས་
བསྣམས་པའི་སངས་རྒྱས་ཏེ། དེ་དག་ཐམས་ཅད་ཀྱང་སྤྲུལ་པའི་སྐུའི་ཚུལ་ཅན་གྱི་སངས་རྒྱས་ཏེ། ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའོ། །མཚམས་རྣམས་སུ་ཞི་བ་དང་སྲེད་མེད་ཀྱི་བུ་དང་ཚངས་པ་དང་འདོད་པའི་གཟུགས་པདྨ་ཅན་ལ། དེ་བཞིན་གཤེགས་པའི་གཟུགས་ཅན་ནོ། །ཕྱི་རོལ་
གྱི་མཚམས་རྣམས་སུ་པདྨའི་སྒེག་མོ་ལ་སོགས་པའོ། །སྒོ་རྣམས་སུ་ནི་པདྨའི་ལྕགས་ཀྱུ་བཞུགས་པར་བྱའོ། །འཇིག་རྟེན་དབང་ཕྱུག་གི་དཀྱིལ་འཁོར་རོ།། །།ཕྱིའི་དཀྱིལ་འཁོར་དང་པོའི་དཀྱིལ་འཁོར་དང་འདྲ་བར་བྱས་ལ་དེའི་དབུས་སུ་དེའི་ཕྱེད་ཀྱི་ཚད་ཀྱིས་རྡོ་རྗེ་རིན་ཆེན་གྱི་འཁོར་ལོ་ཟླུམ་པོ་ལ་རིན་
པོ་ཆེའི་ཀ་བ་བརྒྱད་དང་ཡང་དག་པར་ལྡན་པ། མདོག་སྔོན་པོ། ཟླ་བ་དང་ཉི་མ་དང་སྐར་མ་ལ་སོགས་པའི་གཟུགས་རྣམས་ཀྱིས་ཉེ་བར་མཛེས་པར་བྱས་ནས་གནས་པ་ལ་ལྷ་ཐམས་ཅད་ཀྱི་གནས་སུ་སྣ་ཚོགས་པདྨའི་གདན་བྱས་ལ་དེའི་དབུས་སུ་བཅོམ་ལྡན་འདས་ནམ་མཁའི་སྙིང་པོ་དེའི་མདུན་དུ་

རིན་པོ་ཆེའི་ཅོད་པན་ཐོགས་ཏེ་དབང་བསྐུར་བ་ཞེས་བྱའོ། །གཡས་སུ་གཏེར་གྱི་བུམ་པ་ཕྱག་ན་བསྣམས་པའོ། །རྒྱབ་ཏུ་གླེགས་བམ་དང་རིན་པོ་ཆེ་བསྣམས་པར་མཛད་པའོ། །གཡོན་དུ་སྣ་ཚོགས་ནོར་བུ་བསྣམས་པའོ། །མེ་ལ་སོགས་པའི་མཚམས་རྣམས་སུ་རིན་
པོ་ཆེའི་ཅོད་པན་དང་བུམ་པ་དང་རྒྱལ་མཚན་དང་མཆོད་པ་ཐམས་ཅད་ཀྱིས་བཀང་བའི་སྣོད་ཕྱག་ན་བསྣམས་པའི་ལྷ་མོ་རྣམས་སོ། །ཕྱིའི་མཚམས་རྣམས་སུ་རིན་ཆེན་སྒེག་མོ་ལ་སོགས་པའོ། །སྒོ་རྣམས་སུ་རིན་ཆེན་ལྕགས་ཀྱུ་ལ་སོགས་པ་ཡང་དག་པར་གནས་པར་བྱའོ། །རིན་པོ་ཆེའི་དཀྱིལ་
འཁོར་རོ།། །།མིང་པོ་གསུམ་དང་། སྲིང་མོ་བཞི་དང་། ཀླུའི་དཀྱིལ་འཁོར་ནི་སྔ་མ་བཞིན་དུ་བལྟ་བར་བྱའོ། །སྡུག་བསྔལ་འཇིག་པའི་དཀྱིལ་འཁོར་ནི་ཟུར་བཞི་པ་དང་སྒོ་བཞི་པ་ལ་གནས་པ་ལ་དེའི་དབུས་སུ་སྲིན་པོ་དང་། ཡི་དྭགས་དང་། འབྱུང་པོ་དང་། ཀླུ་དང་གནོད་སྦྱིན་དང་། ཕྲ་མེན་མ་དང་།
རིམས་ལ་སོགས་པའི་གདོན་རྣམས་དང་། དམྱལ་བ་རྣམས་ཀྱང་གནས་པར་བྱའོ། །སྡུག་བསྔལ་གྱི་དཀྱིལ་འཁོར་རོ།། །།ཕྱི་དང་ནང་གི་དཀྱིལ་འཁོར་དང་པོ་དང་འདྲ་བར་བྱས་ལ། དབུས་ཀྱི་རེའུ་ཆ་ལ་ཡང་དང་པོའི་དཀྱིལ་འཁོར། ཤར་ཕྱོགས་ཀྱི་རེའུ་ཆ་ལ་དེ་བཞིན་གཤེགས་པའི་
དཀྱིལ་འཁོར། ལྷོ་ཕྱོགས་སུ་རྡོ་རྗེ་མེ་ལྟར་རབ་ཏུ་འབར་བའི་དཀྱིལ་འཁོར། ནུབ་ཏུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་དཀྱིལ་འཁོར། བྱང་གི་རེའུ་ཆ་ལ་འཕགས་པ་ནམ་མཁའི་སྙིང་པོ་རྣམས་གཞག་པར་བྱའོ། །དབུས་སུ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ལྷ་མོ་ཐམས་ཅད་
ཀྱིས་ཡོངས་སུ་བསྐོར་བའོ། །ཤར་ཕྱོགས་ཀྱི་དཀྱིལ་འཁོར་གྱི་དབུས་སུ་སངས་རྒྱས་བཅོམ་ལྡན་འདས་སྲེད་མེད་ཀྱི་བུའི་གཟུགས་ཅན་ལ་ཟླ་བ་བསྣམས་པའོ། །ལྷོར་རྡོ་རྗེ་མེ་ལྟར་རབ་ཏུ་འབར་བ་གཏུམ་པའི་དབང་ཕྱུག་གི་གཟུགས་ཅན་རྡོ་རྗེ་མདུང་བསྣམས་པའོ། །ནུབ་ཏུ་འཕགས་པ་སྤྱན་
རས་གཟིགས་དབང་ཕྱུག་ཚངས་པའི་གཟུགས་ཅན་རྡོ་རྗེའི་པདྨ་བསྣམས་པའོ། །བྱང་གི་ཕྱོགས་ཀྱི་དཀྱིལ་འཁོར་གྱི་དབུས་སུ་ནམ་མཁའི་སྙིང་པོ་འདོད་པའི་ལྷའི་གཟུགས་ཅན་ཏེ། འདི་དག་ཐམས་ཅད་ཀྱང་འཁོར་དང་བཅས་པར་བཞུགས་པའོ། །མེ་ལ་སོགས་པའི་མཚམས་རྣམས་སུ་

གཟུངས་ཀྱི་དཀྱིལ་འཁོར་དུ་རྡོ་རྗེ་དཔལ་མོ་དང་། རྡོ་རྗེ་སེར་མོ་དང་། རྡོ་རྗེ་སྒྲོལ་མ་དང་རྡོ་རྗེ་ནམ་མཁའ་མ་འཁོར་ལོ་རྡོ་རྗེ་དང་མདུང་རྩེ་གསུམ་ལ་སོགས་པ་དང་རྡོ་རྗེའི་པདྨ་དང་། རྡོ་རྗེའི་མེ་ཏོག་ཅན་གྱིས་མདའ་དང་གཞུ་བསྣམས་ནས་བཞུགས་པར་བྱའོ། །ཕྱིའི་དཀྱིལ་འཁོར་གྱི་མཚམས་སུ་
ནི་སྒེག་མོ་ལ་སོགས་པ་རྣམས་སོ། །སྒོ་རྣམས་སུ་ནི་ལྕགས་ཀྱུ་ལ་སོགས་པ་རྣམས་སོ། །ཡང་ཕྱིའི་དཀྱིལ་འཁོར་གྱི་སྣམ་བུ་ལ་འདོད་པ་དང་། ཚངས་པ་དང་། ཚངས་པའི་མཆོག་དང་། བདེ་བྱེད་ལ་སོགས་པའི་འཁོར་དང་བཅས་པ་རྣམས་སོ། །ཡང་དུམ་བུ་དང་པོ་ལས་གསུངས་པའི་དཀྱིལ་
འཁོར་གྱི་ཚུལ་དུ་བྱས་པ་ལ་དེ་ཉིད་ཀྱི་ཕྱིའི་དཀྱིལ་འཁོར་གྱི་ཁ་ཁྱེར་ལ་པི་བང་དང་གླིང་བུ་དང་རྔ་བོ་ཆེ་དང་མུ་ཀུནྡ་དང་། ཆ་ལང་དང་བྷི་རི་དང་རྫ་རྔ་དང་རྔ་དང་རྔ་རིངས་དང་རྔ་རྐེད་ཉག་སྟེ། རྡོ་རྗེ་རོལ་མོ་ཆེན་པོ་བཅུ་བརྡུང་པ་ལ་བརྩོན་པའི་ཚོགས་ཀྱི་དབང་ཕྱུག་རྣམས་གནས་བར་བྱའོ། །བསྡུས་
པའི་དཀྱིལ་འཁོར་རོ།། །།འདི་དག་ནི་དུམ་བུ་གཉིས་པའི་རྟོག་པ་ཐམས་ཅད་ཀྱི་ཕྱི་མ་དང་། རྩ་བའི་རྒྱུད་ཀྱི་དཀྱིལ་འཁོར་བཅུ་སྟེ། རྟོག་པ་ཐམས་ཅད་ཀྱི་རྒྱུད་ཕྱི་མ་དང་རྩ་བའི་རྒྱུད་རྫོགས་སོ་ཞེས་གསུངས་པས་ན་འདིར་སོམ་ཉི་མི་བྱའོ། །འདི་དག་ཉིད་མྱུར་དུ་འགྲུབ་པར་བྱ་བའི་ཕྱིར་རྡོ་རྗེ་
སེམས་དཔའ་དང་། རྡོ་རྗེ་དམ་ཚིག་གསུམ་པ་དང་། རྡོ་རྗེ་མེ་ལྟར་རབ་ཏུ་འབར་བ་དང་སྤྱན་རས་གཟིགས་དབང་ཕྱུག་དང་ནམ་མཁའི་སྙིང་པོའི་རས་རིས་དང་དཀྱིལ་འཁོར་དུ་རྣམ་པར་གནས་པ་འདི་དག་ཐམས་ཅད་ནི་འཁོར་དང་བཅས་པ་ཡིན་ཏེ་སྔར་བཤད་པའི་བདག་ཉིད་ཀྱི་དཀྱིལ་འཁོར་
གྱིས་བསྐོར་བ་ལས་རྡོ་རྗེ་མེ་ལྟར་རབ་ཏུ་འབར་བའི་ཆོ་ག་ལ་ནི་རྡོ་རྗེ་མཚོན་ཆ་དང་མདུང་རྩེ་ཆེན་པོ་དང་རལ་གྲི་དང་ཞགས་པ་འཛིན་པའི་ལྷ་མོ་བྱེད་པ་ལ་དེ་བཞིན་དུ་རིམ་པ་བདུན་གྱི་ནང་དུ་མིང་པོ་གསུམ་དང་སྲིང་མོ་བཞི་དང་། ཀླུ་དང་སྡུག་བསྔལ་གྱི་དཀྱིལ་འཁོར་མེད་པར་བལྟ་བར་བྱའོ། །གསང་
བའི་ཆོ་ག་ཡང་གཞན་ཡིན་ནོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཆོ་ག་ནི་སངས་རྒྱས་ཀྱི་སྐུ་གཟུགས་བརྒྱད་མེད་པ་ལ་སྦྲང་རྩི་རྡོ་རྗེ་ལ་སོགས་པ་ནས་པདྨའི་དྲིལ་བུའི་མཐར་ཐུག་པ་དང་ལྡན་པའོ། །ནམ་མཁའི་སྙིང་པོའི་ཡང་སེམས་དཔའ་བཞི་མེད་པའོ། །རས་རིས་ཀྱི་ཆོ་

ག་ཐམས་ཅད་ལ་ཡང་དེ་བཞིན་ནོ། །རས་རིས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་དྲུག་པོ་འདི་དག་ནི་རྒྱུད་ཀྱི་དུམ་བུ་གཉིས་པར་གསུངས་པ་ཡིན་ནོ།། །།དུམ་བུ་གསུམ་པར་ཡང་རྡོ་རྗེ་སེམས་དཔའ་དང་། དེ་བཞིན་གཤེགས་པ་དང་རྡོ་རྗེ་མེ་ལྟར་རབ་ཏུ་འབར་བ་དང་འཕགས་པ་སྤྱན་རས་གཟིགས་
དབང་ཕྱུག་དང་ནམ་མཁའི་སྙིང་པོ་དང་། མིང་པོ་གསུམ་དང་། སྲིང་མོ་བཞི་དང་། ཀླུ་དང་སྡུག་བསྔལ་ལས་གདོན་པ་དང་། བསྡུས་པའི་དཀྱིལ་འཁོར་རྣམས་དུམ་བུ་གཉིས་པ་ལས་གསུངས་པའི་དཀྱིལ་འཁོར་ལ་བལྟ་བར་བྱའོ། །ཁྱད་པར་ནི་འདི་ཡོད་དེ་རྡོ་རྗེ་མེ་ལྟར་རབ་ཏུ་འབར་བའི་དཀྱིལ་འཁོར་
ལ་ནང་གི་རིམ་པ་བདུན་གྱི་ཕྱི་རོལ་དུ་ཤར་ཕྱོགས་ལ་སོགས་པ་ནས་བརྩམས་ཏེ། འཇིག་རྟེན་གྱི་ཁམས་བརྒྱད་ལ་དེ་རྣམས་སུ་སངས་རྒྱས་རེ་རེ་ཞིང་བྱམས་པ་དང་། མཐོང་བ་དོན་ཡོད་ལ་སོགས་པ་བྱང་ཆུབ་སེམས་དཔའ་གཉིས་གཉིས་ཀྱི་དབུས་ན་བཞུགས་པར་བྱའོ། །ཡང་འདི་ཉིད་མྱུར་དུ་འགྲུབ་
པར་བྱ་བའི་ཕྱིར་རྡོ་རྗེ་སེམས་དཔའ་དང་དེ་བཞིན་གཤེགས་པ་དང་། རྡོ་རྗེ་མེ་ལྟར་རབ་ཏུ་འབར་བ་དང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། ནམ་མཁའི་སྙིང་པོ་དང་། གསང་བའི་དཀྱིལ་འཁོར་ལྷ་མོ་བཞི་དང་ཡང་དག་པར་འདུས་པ་ལ་སོགས་པའི་ཚུལ་གྱིས་ཡང་དག་པར་གནས་པར་
བྱའོ། །རྡོ་རྗེ་ཁྲོ་བོའི་གསང་བའི་དཀྱིལ་འཁོར་དུ་ནི་ཁྱད་པར་འདི་ཡིན་ཏེ། ཡི་གེ་ཧཱུཾ་བཞིས་སྤྱན་དྲང་བའོ། །ཧཱུཾ་ཨ་ར་ལི་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་སྙིང་པོའོ། །ཡང་གསང་བའི་རས་རིས་ལྔ་པོའི་ཆོ་ག་ནི་སྔ་མ་ཉིད་དང་། རྡོ་རྗེ་མེ་ལྟར་རབ་ཏུ་འབར་བའི་རས་རིས་ཀྱི་ཆོ་ག་ལ་ནི་ཁྱད་པར་འདི་ཡོད་དེ།
རྡོ་རྗེ་མཚོན་ཆ་འཛིན་པ་ལ་སོགས་པས་སོ། །ཡང་དང་པོའི་དཀྱིལ་འཁོར་དུ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ལྷ་མོ་བཞི་དང་ཡང་དག་པར་འདུས་པའི་དཀྱིལ་འཁོར་ལ་སོགས་པ་རྣམ་པར་གནས་སོ། །བསྡུས་པའི་དཀྱིལ་འཁོར་ཉིད་དོ། །དེ་ལྟར་དཀྱིལ་འཁོར་ཉི་ཤུ་རྩ་གཅིག་ནི་གསུམ་པའི་ཡིན་ནོ། །
བཞི་པར་ཡང་རྡོ་རྗེ་སེམས་དཔའ་དང་། དེ་བཞིན་གཤེགས་པ་དང་། རྡོ་རྗེ་མེ་ལྟར་རབ་ཏུ་འབར་བའི་དཀྱིལ་འཁོར་རྣམས་ནི་དུམ་བུ་གཉིས་པར་གསུངས་པ་ཉིད་ཡིན་ནོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ལ་ནི་ཏིང་ངེ་འཛིན་དང་བཅས་པ་ལ་སོགས་པར་བཞུགས་པའི་སངས་རྒྱས་ཀྱི་སྐུ་

གཟུགས་ཀྱི་གནས་སུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྐུ་གཟུགས་བཞི་བཞུགས་པར་བྱའོ། །འཕགས་པ་ནམ་མཁའི་སྙིང་པོ་དང་། མིང་པོ་གསུམ་དང་སྲིང་མོ་བཞི་དང་། ཀླུ་དང་སྡུག་བསྔལ་ལས་གདོན་པ་དང་བསྡུས་པའི་དཀྱིལ་འཁོར་རྣམས་ནི་དུམ་བུ་གཉིས་པ་ལས་
གསུངས་པའི་དཀྱིལ་འཁོར་ཉིད་ཡིན་ནོ། །རས་རིས་ཀྱི་དཀྱིལ་འཁོར་ལྔ་པ་ཡང་སྔ་མ་བཞིན་དུ་བལྟ་བར་བྱའོ། །དེ་ལ་ཡི་གེ་ཧཱུྃ་ལ་སོགས་པའི་ངོ་བོ་ཉིད་དང་། ཕྱག་རྒྱ་དང་ཕྱག་རྒྱ་ཆེན་པོའི་ཚུལ་དང་བསྲུང་བ་དང་གོ་ཆ་དང་བསྐྲད་པ་དང་ཕུར་བུ་ལ་སོགས་པའི་རང་རང་གི་ངོ་བོ་དང་གསང་
བའི་ལྕགས་ཀྱུ་ལ་སོགས་པས་དགུག་པ་དང་སྤྱན་དྲང་བ་དང་མཆོད་ཡོན་དབུལ་བ་དང་། ཕྱག་རྒྱ་བཞི་ལ་སོགས་པས་རྒྱས་གདབ་ཅིང་དབང་བསྐུར་བ་ལ་སོགས་པའི་ཆོ་གའི་ཚུལ་དང་བཟླས་པ་ལ་སོགས་པའི་ཚུལ་དང་། ཕྱི་དང་ནང་གི་མཚན་ཉིད་ཅན་གྱི་སྦྱིན་སྲེག་དང་། ཉེ་བར་བསྡུ་བ་སྟེ་
ཕྱག་རྒྱ་གང་དང་གང་ལས་བྱུང་བ་དེ་དང་དེ་ཉིད་དུ་དགྲོལ་བ་དང་གཤེགས་སུ་གསོལ་བ་སྟེ། རང་གི་ལུས་ལ་དཀྱིལ་འཁོར་ཆུད་པར་བྱ་བ་དང་། ཇི་སྐད་དུ་བཤད་པའི་གཤེགས་སུ་གསོལ་བའོ། །ཇི་སྐད་དུ་བཤད་པའི་དཀྱིལ་འཁོར་ལ་སོགས་པའི་གཟུགས་ཅན་བཅོམ་ལྡན་འདས་
རྡོ་རྗེ་འཛིན་པ་ཆེན་པོ་ནི་དཔལ་མཆོག་དང་པོ་ཞེས་བྱ་བའི་སྒྲར་བརྗོད་དེ། དེ་ལ་འདི་ཉིད་རྒྱུན་གྱི་ངོ་བོ་ཉིད་ཡིན་པས་ན། དེ་སྟོན་པར་བྱེད་པའི་སྒྲའི་རྒྱུན་ནི་རྒྱུད་ཅེས་བྱ་སྟེ། སྐྱེས་པའི་རབས་དང་འདྲའོ། །དེ་ནི་མདོར་བསྡུས་ནས་བཤད་པ་ཡིན་ནོ། །དེ་ལྟར་གྱུར་པའི་དཔལ་མཆོག་དང་པོའི་
རྒྱུད་རྡོ་རྗེ་འཛིན་པ་ཆེན་པོའི་ངོ་བོ་ཉིད་བློ་ལ་བཞག་ནས་སྡུད་པར་བྱེད་པ། ས་བཅུའི་དབང་ཕྱུག་རྡོ་རྗེ་འཛིན་པས། འདི་སྐད་བདག་གི་ཐོས་པ་ཞེས་བྱ་བ་ལ་སོགས་པ་འདི་གསུངས་པ་ཡིན་ཏེ། འདིས་ནི་བདག་ཉིད་ཀྱིས་མངོན་སུམ་དུ་ཐོས་ཀྱི་གཞན་དག་ལས་བརྒྱུད་པ་ནི་མ་ཡིན་ནོ་ཞེས་བྱང་
ཆུབ་སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོ་ལ་སོགས་པ་རྣམས་ལ་སྟོན་པ་ཡིན་ནོ། །ཁྱོད་ཀྱིས་གང་གི་ཚེ་ཐོས་ཤེ་ན། དུས་གཅིག་ན་ཞེས་བྱ་བ་གསུངས་ཏོ། སྐད་ཅིག་མ་གཅིག་ལ་ཞེས་བྱ་བའི་དོན་ཏོ། །འདིས་ནི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་ཐོབ་པ་ཉིད་ཀྱིས་དུས་གསུམ་གྱིས་

བསྐལ་པར་སྤོབས་པ་ལ་སོགས་པ་ཐོས་པར་བྱ་བ་ཅུང་ཟད་ཅི་ཡོད་པ་དེ་ཐམས་ཅད་སྐད་ཅིག་མ་གཅིག་གིས་བདག་གིས་ཐོས་སོ་ཞེས་བདག་ཉིད་ཚད་མའི་སྐྱེས་བུ་ཡིན་པར་སྟོན་ཏོ། །ཁྱེད་ཀྱིས་གང་ལས་གང་དུ་ཐོས་ཤེ་ན། གང་གི་ཚེ་བཅོམ་ལྡན་འདས་འདོད་པའི་
ཁམས་ཐམས་ཅད་ཀྱི་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་རྒྱལ་པོའི་གནས་ན་བཞུགས་པ་ཞེས་བྱ་བར་སྦྱར་ཏེ། དེའི་ཚེ་བཅོམ་ལྡན་འདས་ལས་བདག་གིས་ཐོས་སོ་ཞེས་བྱ་བའི་དོན་ཏོ། །གཞན་གྱིས་མི་ཐུབ་པའི་བདུད་བཞི་བཅོམ་པས་ན་བཅོམ་ལྡན་འདས་སོ། །བཅོམ་ལྡན་འདས་དེ་ཡོན་
ཏན་ཅི་ལྟ་བུ་དག་དང་ལྡན་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་བྱིན་གྱི་རླབས་དང་དམ་ཚིག་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་དེ་དཀྱིལ་འཁོར་པའི་སངས་རྒྱས་དང་བྱང་
ཆུབ་སེམས་དཔའ་རྣམས་སོ། །དེ་ཉིད་ནི་རྡོ་རྗེ་ཡིན་པས་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་སྟེ། དངོས་པོ་དང་དངོས་པོ་མེད་པ་ཡོངས་སུ་ཚོལ་བ་དང་བྲལ་བའི་གཉིས་སུ་མེད་པའི་སེམས་དང་སེམས་ལས་བྱུང་བའི་ཚུལ་ལོ། །དངོས་པོའི་དོན་ཐམས་ཅད་ཀྱིས་མི་ཕྱེད་པས་ན་རྡོ་
རྗེའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་དེའི་བྱིན་གྱི་རླབས་ནི་ནུས་པ་ཡིན་པས་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་བྱིན་གྱི་རླབས་ཏེ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཚུལ་ལོ། །དེ་ཉིད་དམ་ཚིག་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་བྱིན་གྱི་རླབས་དང་
དམ་ཚིག་སྟེ། མི་འདའ་བའི་དོན་ནི་དམ་ཚིག་གོ། །དེ་བས་ན། དེ་བཞིན་གཤེགས་པ་ཀུན་གྱིས་ཀྱང་། །འདའ་བ་རུ་ནི་མི་མཛད་པས། །ཕྱག་རྒྱ་དམ་ཚིག་ཡིན་པར་བཤད། །ཡིད་ཀྱི་གཟུགས་ནི་བསྟན་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་རོ། །དམ་ཚིག་དེ་རྣམས་ལ་མཁྱེན་པ་ནི་རྡོ་རྗེ་སེམས་
དཔའ་ལ་སོགས་པའི་ངོ་བོ་ཉིད་མངོན་སུམ་དུ་བྱ་བ་ངེས་པའི་ཚུལ་ལོ། །དེ་ཉིད་ནི་བྱེ་བྲག་རྣམ་པ་ཐ་དད་པ་སྟེ། རབ་ཏུ་དགའ་བའི་རྣམ་པར་དག་པའི་གནས་འདི་ནི་འདི་ལྟ་སྟེ་བྱང་ཆུབ་སེམས་དཔའི་གནས་སོ། །འདོད་ཆགས་ཀྱི་མདའ་རྣམ་པར་དག་པའི་གནས་འདི་ནི་འདི་ལྟ་སྟེ་བྱང་ཆུབ་སེམས་དཔའི་

གནས་སོ་ཞེས་བྱ་བ་ལ་སོགས་པའི་དབྱེ་བས་ཕྱེ་བ་སྟེ། དེས་ན་དེ་ལྟ་བུའི་ཚུལ་དང་ཡང་དག་པར་ལྡན་ཞིང་བཅས་པའོ་ཞེས་བྱ་བའི་དོན་ཏོ། །འདི་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་ངོ་བོ་ཉིད་མངོན་སུམ་དུ་མཛད་པས་དམ་ཚིག་མཁྱེན་པ་ཉིད་དང་དམ་ཚིག་གི་ངོ་བོ་ཉིད་ཡིན་པ་སྟེ། རྡོ་རྗེ་
སེམས་དཔའ་ལ་སོགས་པའི་ཚུལ་གྱིས་སེམས་དཔའ་རེ་རེ་ཞིང་ཐམས་ཅད་རྡོ་རྗེའི་ཡེ་ཤེས་ཀྱི་གཟུགས་བརྙན་ལས་སྐྱེས་པའི་རྒྱུ་ཅན་ཉིད་ཀྱིས་ན། མེ་ལོང་གི་དཀྱིལ་འཁོར་དང་འདྲ་བས་ན་བཅོམ་ལྡན་འདས་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དུ་ལུང་སྟོན་པར་མཛད་པ་ཡིན་ནོ། །དེ་ལྟར་རེ་ཞིག་
བཅོམ་ལྡན་འདས་ཉིད་དམ་ཚིག་མཁྱེན་པ་ཉིད་ཡིན་པས་ན། གསང་སྔགས་ཀྱི་སྒོ་ལ་སྤྱད་པ་སྤྱོད་པ་རྣམས་ཀྱིས་ཤིན་ཏུ་ཡང་དམ་ཚིག་ཤེས་པར་བྱའོ་ཞེས་བཤད་པར་གྱུར་པ་ཡིན་ནོ། །ད་ནི་བཅོམ་ལྡན་འདས་དེ་དམ་ཚིག་མཁྱེན་པ་འབའ་ཞིག་ཏུ་མ་ཟད་ཀྱི་དབང་བསྐུར་བ་ཡང་བརྙེས་པ་ཡིན་
ནོ་ཞེས་བསྟན་པའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ནི་མི་བསྐྱོད་པ་ལ་སོགས་པ་སྟེ། དེ་ཉིད་རིན་པོ་ཆེ་ཡིན་ལ་དེ་རྣམས་ལས་བསྒྲུབས་པའི་རིན་པོ་ཆེའི་ཅོད་པན་ནི་དེ་བཞིན་གཤེགས་པ་ཐམས་
ཅད་ཀྱི་ཅོད་པན་ནོ་ཞེས་དེས་འདོད་པ་དང་གཟུགས་དང་། གཟུགས་མེད་པའི་ཁམས་ཀྱི་ངོ་བོ་ཉིད་ཀྱི་ཁམས་གསུམ་དུ་ཀུན་གཞི་རྣམ་པར་ཤེས་པ་ལ་དམིགས་ཤིང་བདག་ཏུ་རྨོངས་པ་དང་། བདག་ཏུ་ང་རྒྱལ་བ་དང་། བདག་ཏུ་ཆགས་པ་དང་། བདག་ཏུ་ལྟ་བ་སྟེ་ཉོན་མོངས་པ་བཞི་དང་ལྡན་པའི་
ཡིད་སྤངས་པས་མཉམ་པ་ཉིད་ཀྱི་ཡེ་ཤེས་བརྙེས་པར་ཡང་དག་པར་བསྟན་པ་ནི་དབང་བསྐུར་བ་ཉིད་བརྙེས་པ་སྟེ། འདིས་ནི་རིན་པོ་ཆེའི་རིགས་ཐུགས་སུ་ཆུད་ཅིང་མཉམ་པ་ཉིད་ཀྱི་ཡེ་ཤེས་བརྙེས་པར་སྟོན་པ་ཡིན་ནོ། །གསང་སྔགས་ཀྱི་སྒོ་ལ་སྤྱད་པ་སྤྱོད་པ་རྣམས་ཀྱིས་ཀྱང་། དབང་བསྐུར་
བ་དང་ལྡན་པར་བྱའོ་ཞེས་སྟོན་ཏོ། །དེ་ཉིད་རྣལ་འབྱོར་ལ་དབང་ཐོབ་པ་བསྟན་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་དངོས་པོའི་དོན་ཐམས་ཅད་ཇི་ལྟ་བ་བཞིན་དུ་

ཐུགས་སུ་ཆུད་པ་སྟེ། ལམ་གྱི་རྣམ་པའི་ཡིད་ཀྱི་རྣམ་པར་ཤེས་པའོ། །དེ་ཉིད་ནི་རྣལ་འབྱོར་ཆེན་པོ་སྟེ། ཞི་གནས་དང་ལྷག་མཐོང་ཟུང་དུ་འཇུག་པའི་ལམ་གྱི་ངོ་བོ་ཉིད་དེ། རྣལ་འབྱོར་དེ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དབང་ཕྱུག་ཀྱང་དེ་ཉིད་ཡིན་ནོ། །དེ་བས་ན་
དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན་པ་རྣལ་འབྱོར་ཆེན་པོའི་དབང་ཕྱུག་ཅེས་བྱ་སྟེ། འདིས་ཀྱང་ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་ཡོངས་སུ་མཁྱེན་པ་ཡིན་པས་སོ་སོར་རྟོག་པའི་ཡེ་ཤེས་བརྙེས་པ་ཡིན་ཏེ། བཅོམ་ལྡན་འདས་ནི་ཡིད་ཀྱི་རྣམ་པར་ཤེས་
པ་རྣམ་པར་དག་པ་པདྨའི་རིགས་ཀྱི་ངོ་བོ་ཉིད་ཐུགས་སུ་ཆུད་པ་ཡིན་པར་སྟོན་ཏོ། །སྔགས་པ་རྣམས་ཀྱིས་ཀྱང་རྣལ་འབྱོར་ལ་གོམས་པར་བྱའོ་ཞེས་སྟོན་པ་ཡིན་ནོ། །བྱ་བ་སྒྲུབ་པ་དང་། ཐུགས་རྗེ་ཆེན་པོས་གཞན་གྱི་དབང་ལ་འཇུག་པ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་
ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་མཚན་ཉིད་ཅན་གྱི་ཕྱག་རྒྱ་རྣམ་པ་བཞིའོ། །དེ་རྣམས་ཀྱི་མཉམ་པ་ཉིད་ནི་དོན་དམ་པར་དངོས་པོ་མེད་པའི་ངོ་བོ་ཉིད་དང་། ཀུན་རྫོབ་ཏུ་དབྱེ་བ་མེད་པ་ཁྱད་པར་
དུ་འབྱེད་པར་བྱེད་པ་ཉིད་དེ་དེས་ཐུགས་སུ་ཆུད་པ་ནི་བརྙེས་པའོ། །སྣ་ཚོགས་པ་ནི་སེམས་ཅན་གྱི་ཁམས་མ་ལུས་པའི་རྒྱུ་དང་འབྲས་བུའི་མངོན་པར་འདོད་པ་མཐོང་བ་དང་། མ་མཐོང་བའི་འབྲས་བུ་ཐོབ་པར་མཛད་པས་ན་སྣ་ཚོགས་པའི་བྱ་བ་མཛད་པ་སྟེ། སྣ་ཚོགས་པའི་བྱ་བ་མཛད་པའི་ངོ་བོ་
ཡིན་པས་ནི། སྣ་ཚོགས་པའི་བྱ་བ་མཛད་པ་ཉིད་དེ་དེ་རྒྱུར་གྱུར་པས་མ་ལུས་པ་སྟེ། ཐམས་ཅད་ལུས་པ་མེད་པ་སྟེ་སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་རེ་བ་ཐམས་ཅད་ཅེས་བྱ་བ་སྲིད་པའི་རྣམ་པ་ཐམས་ཅད་དོ། །དེ་ཡོངས་སུ་བསྐོང་བ་ནི་མངོན་པར་འདོད་པའི་དོན་ཡོངས་སུ་རྫོགས་པར་མཛད་
པའོ། །དེ་ཉིད་ཕྲིན་ལས་ཏེ། དེ་མཛད་པ་ན་རེ་བ་ཐམས་ཅད་ཡོངས་སུ་བསྐོང་བའི་ཕྲིན་ལས་མཛད་པའོ། །འདིས་ཀྱང་བཅོམ་ལྡན་འདས་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་ཀྱི་རྣམ་པར་ཤེས་པ་རྣམ་པར་དག་པའི་ངོ་བོ་ཉིད་མངོན་སུམ་དུ་མཛད་པས་བྱ་བ་སྒྲུབ་པའི་ཡེ་ཤེས་བརྙེས་ཏེ།

ལས་ཀྱི་རིགས་ཀྱི་ངོ་བོ་ཉིད་ཡིན་པར་སྟོན་ཏོ། སྔགས་པ་རྣམས་ཀྱིས་ཀྱང་ཞི་བ་ལ་སོགས་པའི་ལས་རྣམས་ལ་གོམས་པར་བྱའོ་ཞེས་སྟོན་པ་ཡིན་ནོ། །དེ་ལྟ་བུ་དེ་སུ་ཞིག་ཡིན་ཞེ་ན། ཐུགས་རྗེ་ཆེ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་རྣམ་པར་སྣང་མཛད་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས། རྣམ་
པར་སྣང་མཛད་ཆེན་པོ་སྟེ། རྣམ་པར་སྣང་བར་བྱེད་པ་ཉིད་ཀྱིས་ན་རྣམ་པར་སྣང་མཛད་དོ། །འདི་སྐད་སྟོན་ཏེ་ནམ་མཁའི་ཁམས་ཐམས་ཅད་ལྟར་རྟག་ཏུ་བཞུགས་པ། སྐུ་དང་གསུང་དང་ཐུགས་རྡོ་རྗེ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་བྱང་ཆུབ་པའི་མཚན་ཉིད་རྡོ་རྗེ་སེམས་དཔའ་
གཞིའི་ས་ལ་རྣམ་པར་བཞུགས་པའི་བྱང་ཆུབ་སེམས་དཔའ་ལས་ལྷག་པ་ཉིད་དོ། །དེ་བས་ན་དེ་ལྟར་ཆེན་པོ་ཉིད་དེ་ཐམས་ཅད་དུ་ཁྱབ་པས་ཕྱོགས་བཅུར་སྐད་ཅིག་མ་གཅིག་གི་ཤུགས་ཀྱིས་རྣམ་པར་སྣང་ཞིང་འབར་ལ། གཟུགས་ཐམས་ཅད་ཡང་དག་པར་སྟོན་པར་མཛད་པས་ན་རྣམ་
པར་སྣང་མཛད་ཆེན་པོ་ཞེས་བྱའོ། །དེ་ལྟ་བུའི་བཅོམ་ལྡན་འདས་དུས་ཇི་སྲིད་ཅིག་གི་བར་དུ་བཞུགས་ཤེ་ན། རྟག་པ་ཞེས་བྱ་བ་གསུངས་ཏེ། རྒྱུན་གྱི་རྟག་པ་ཉིད་ཀྱི་དཀྱིལ་འཁོར་བ་ཇི་སྲིད་ཀྱི་བར་དུ་བཞུགས་སོ་ཞེས་བྱ་བའི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། ཐུགས་རྗེ་ཆེན་པོའི་གཞན་གྱི་དབང་གིས་
སེམས་ཅན་གྱི་དོན་དུ་བཞུགས་སོ། །ཇི་ལྟར་ན་འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བ་ཞེས་བརྗོད་པར་བྱ་ཞེ་ན། དུས་གསུམ་གྱིས་མཉམ་པ་ཉིད་ལ་བཞུགས་ཞེས་བྱ་བ་གསུངས་ཏེ། འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བའི་དུས་གསུམ་ནི་དུས་གསུམ་མོ། །དེ་དག་སྤྲུལ་པའི་
སྐུས་ཡོངས་སུ་མྱ་ངན་ལས་འདས་པ་ལ་སོགས་པ་ཡང་དག་པར་སྟོན་པར་མཛད་པས་དུས་གསུམ་གྱིས་མཉམ་པ་ཉིད་ལ་བཞུགས་པ་སྟེ། ཀུན་རྫོབ་ཏུ་བཞུགས་པ་ཞེས་བྱ་བའི་དོན་ཏོ། །ལོངས་སྤྱོད་རྫོགས་པའི་སྐུ་དང་། ཆོས་ཀྱི་སྐུ་དག་ནི་རྒྱུན་ཆད་པ་མེད་པས་འདས་པ་དང་མ་འོངས་པའི་དབྱེ་བ་
ཡོད་པ་མ་ཡིན་ནོ། །ཅི་འདི་དག་གཞན་དུ་རྣམ་པར་དབྱེ་བའམ་འོན་ཏེ་མ་ཡིན་ཞེ་ན། སྐུ་དང་གསུང་དང་ཐུགས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐུ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས། སྐུ་ཐམས་ཅད་དེ་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུ་ཞེས་བྱ་བའི་དོན་ཏོ། །གསུང་ཐམས་

ཅད་ནི་བཀའ་རྣམས་སོ། །ཐུགས་ཐམས་ཅད་ནི་མེ་ལོང་ལྟ་བུ་དང་མཉམ་པ་ཉིད་དང་སོ་སོར་རྟོག་པ་དང་། བྱ་བ་གྲུབ་པའི་ཡེ་ཤེས་རྣམས་སོ། །སྐུ་དང་གསུང་དང་ཐུགས་དེ་ཉིད་རྡོ་རྗེར་གྱུར་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ་གཉིས་སུ་མེད་པའོ། །དེ་ཡང་རེ་ཞིག་
སེམས་དང་སེམས་ཀྱི་ཚོགས་རྣམས་དེར་རོ་གཅིག་པར་གྱུར་པ་ཉིད་ཀྱིས་རྣམ་པར་རྟོག་པ་ཐམས་ཅད་ཀྱིས་བསྐྱོད་པར་མི་ནུས་པས་རྡོ་རྗེ་དང་འདྲ་བས་རྡོ་རྗེའོ། །བདག་པོ་དེ་ལས་ངེས་པར་བྱུང་བའི་ལོངས་སྤྱོད་རྫོགས་པའི་སྐུ་དང་། གསུང་རྣམས་ཀྱང་དངོས་པོའི་དོན་ཐམས་ཅད་ཀྱིས་
མི་ཕྱེད་པས་ན་རྡོ་རྗེ་སྟེ་དེ་ལྟར་ན་གསུམ་ཆར་ལ་ཡང་རྡོ་རྗེ་ཉིད་དུ་འདོད་པས་སྐུ་དང་གསུང་དང་ཐུགས་རྡོ་རྗེའོ། །དེ་ཡང་ཇི་ལྟར་སྐུ་དང་གསུང་དང་ཐུགས་འདི་དག་རྡོ་རྗེར་གནས་པ་དེ་བཞིན་དུ་བློས་རྟོགས་པར་མཛད་ཅིང་དེ་བཞིན་དུ་གཞན་དག་ལ་སྟོན་པར་མཛད་པ་ནི། ཐུགས་རྗེ་གཞན་གྱི་དབང་དུ་
གྱུར་པ། དེ་བཞིན་གཤེགས་པའོ་ཞེས་གསུངས་ཏེ། སྟོན་པར་མཛད་པའི་ཡོན་ཏན་ཡང་དག་པར་སྟོན་པར་མཛད་པ་འདིས། དག་པའི་ཆོས་ཀྱི་རྗེས་སུ་འབྲང་བ་རྣམས་སྔགས་ཀྱི་ཚུལ་ལ་འཇུག་པར་བྱ་བའི་ཕྱིར་བརྩོན་པར་འགྱུར་བ་དང་། དད་པའི་རྗེས་སུ་འབྲང་བ་རྣམས་རེ་ཞིག་སྟོན་པ་པོའི་
ཡོན་ཏན་ཐོས་པས་འབད་དེ། དང་བས་བཅོམ་ལྡན་འདས་ཀྱིས་བསྟན་པ་ཡིན་ནོ་ཞེས་ངེས་པ་སྐྱེས་པར་གྱུར་ནས་འཇུག་པར་འགྱུར་བ་དང་། ཆོས་ཀྱི་རྗེས་སུ་འབྲང་བ་རྣམས་ཀྱང་ཤེས་རབ་ལ་སྤྱོད་པར་འགྱུར་བ་ཉིད་ཀྱིས་ཉེས་པ་ཐམས་ཅད་དང་བྲལ་བར་གྱུར་ཅིང་ཐུགས་རྗེའི་བདག་ཉིད་ཅན་སླུ་
བར་མི་མཛད་པས་སྔགས་ཀྱི་ཚུལ་འདི་བསྟན་པ་ཡིན་ནོ་ཞེས་ངེས་པ་སྐྱེས་པར་གྱུར་ནས་འཇུག་པར་འགྱུར་ཏེ། ཉེས་པ་ཟད་པ་བརྫུན་གྱི་ཚིག །སྨྲ་བར་མི་འགྱུར་རྒྱུ་མེད་ཕྱིར། །ཞེས་བཤད་པ་སྟེ། དེ་ལྟར་གྱུར་པས་འདི་བཤད་པ་ཡིན་ནོ་ཞེས་ངེས་པ་བསྐྱེད་ནས། གང་དུ་བཞུགས་པས་
འདི་གསུངས་ཞེས་རྣལ་འབྱོར་གྱི་གནས་བསྟན་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་བཞུགས་ཤིང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་བསྟེན་པ་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་བཞུགས་ཤིང་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སྨྲས་

པ་གང་གི་ཕྱིར་བསྔགས་པས་སོ། །བསྔགས་པ་ཉིད་ཀྱིས་ན་བསྟོད་པའོ། །དེ་ལྟར་ན་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་བཞུགས་པ་དང་། བསྔགས་པ་དང་བསྟོད་པ་སྟེ། དེ་བས་ན་དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་བཞུགས་ཤིང་བསྔགས་པའང་བསྟོད་པ་དེ་ལྟ་བུའི་གནས་
དེར་བཞུགས་སོ་ཞེས་བྱ་བར་སྦྱར་རོ། །ནོར་བུ་རིན་པོ་ཆེ་དང་ཞེས་བྱ་བ་ལ་སོགས་པ་ལ་ནོར་བུ་རྣམས་དང་། རིན་པོ་ཆེ་རྣམས་ནི་ནོར་བུ་རིན་པོ་ཆེ་སྟེ། ནོར་བུ་ནི་ཡིད་བཞིན་གྱི་ནོར་བུའོ། །རིན་པོ་ཆེ་ནི་པདྨ་རཱ་ག་ལ་སོགས་པའོ། །ནོར་བུ་དང་རིན་པོ་ཆེ་ཡང་ཡིན་ལ། ཆེན་པོ་ཡང་ཡིན་པས་
ནོར་བུ་རིན་པོ་ཆེ་ཆེན་པོ་སྟེ། དེ་རྣམས་ཀྱིས་སྤྲས་པ་ནི་རྣམ་པར་བརྒྱན་པའོ། །དེ་ནོར་བུ་དང་རིན་པོ་ཆེས་སྤྲས་པ་འབའ་ཞིག་ཏུ་མ་ཟད་ཀྱི་ཁ་དོག་སྣ་ཚོགས་པ་ཡང་ཡིན་ཏེ། ཁ་དོག་སྣ་ཚོགས་པ་ནི་སྔོན་པོ་དང་སེར་པོ་ལ་སོགས་པའི་ཁ་དོག་རྣམ་པ་དུ་མའོ། །དྲིལ་བུ་བཏགས་པ་ནི་དྲིལ་བུ་
དང་སྦྲེལ་བའོ། །དྲིལ་བུ་བཏགས་པ་ཡང་ཡིན་ལ་དར་གྱི་བ་དན་ལ་སོགས་པ་རླུང་གིས་བསྐྱོད་པ་ཡང་ཡིན་པས། དེ་སྐད་ཅེས་བྱ་སྟེ། མེ་ཏོག་གི་ཕྲེང་བ་ནི་མེ་ཏོག་བརྒྱུས་པའོ། །རྔ་མ་ནི་རྔ་ཡབ་བོ། །དྲ་བ་ནི་མཆོག་དབུས་ན་ཡོད་པའོ། །དྲ་བ་ཕྱེད་པ་ནི་མཆོག་ཐ་མ་ན་ཡོད་པའོ། །ཟླ་བ་ནི་
ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པར་བྱེད་པའི་མེ་ལོང་གི་དཀྱིལ་འཁོར་ཏེ། དེ་རྣམས་རླུང་གིས་བསྐྱོད་པ་ནི་རླུང་གིས་བཏེག་ཅིང་གཡོ་བར་བྱས་པའོ། །དེ་ལྟར་ན་དེ་ལྟ་བུའི་དར་གྱི་བ་དན་དང་། མེ་ཏོག་གི་ཕྲེང་བ་དང་། རྔ་མ་དང་། དྲ་བ་དང་། དྲ་བ་ཕྱེད་པ་དང་། ཟླ་བ་རླུང་གིས་བསྐྱོད་པ་དེ་
རྣམས་ཀྱིས་གཞལ་ཡས་ཁང་དེ་རྣམས་ཉེ་བར་མཛེས་པར་བྱས་པའོ། །དེ་ལྟ་བུར་གྱུར་པ་དང་། གང་ན་བཞུགས་ཤེ་ན། འདོད་པའི་ཁམས་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདོད་པའི་ཁམས་ཀྱང་ཡིན་ལ། ཐམས་ཅད་ཀྱང་ཡིན་པས། འདོད་པའི་ཁམས་ཐམས་ཅད་དེ་
ཕྱོགས་བཅུའི་ནམ་མཁའི་ཁམས་མཐར་ཐུག་པ་ཅི་སྙེད་པའི་འདོད་པའི་ཁམས་དེ་སྙེད་དང་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་རྒྱལ་པོའི་གནས་ཇི་སྙེད་པ་དེ་སྙེད་དུ་བདག་ཉིད་ཀྱི་དངོས་པོ་ཚད་མེད་པ་ཉིད་ཀྱིས་བཞུགས་སོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་གཞན་རྣམས་ཀྱིས་སྤྲུལ་པས་ན་གཞན་འཕྲུལ་

ཏེ། ལོངས་སྤྱོད་དེ་རྣམས་ལ་དབང་སྒྱུར་བར་ནུས་པ་དེ་ལ་གནས་པའི་ངང་ཚུལ་ཅན་གྱི་ལྷ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །གཞན་གྱི་སྤྲུལ་པ་ལ་ལོངས་སྤྱོད་པར་ནུས་པའི་ལྷ་དེ་རྣམས་ཉིད་ཀྱི་རྒྱལ་པོ་ཡིན་པས་ན། གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་རྒྱལ་པོ་སྟེ། བཅོམ་
ལྡན་འདས་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའ་འདོད་པའི་ཁམས་ཀྱི་དབང་ཕྱུག་ཆེན་པོ་འདུལ་བར་བྱ་བའི་ཕྱིར། བཙུན་མོའི་འཁོར་གྱི་ནང་ན་བཞུགས་ཏེ། གཞན་དག་གིས་ནི་དེ་བཞིན་གཤེགས་པ་ཐམས་ཅད་བཞུགས་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་གཞལ་ཡས་ཁང་ལོངས་
སྤྱོད་པར་འོས་པ་མ་ཡིན་ནོ། །འདིས་ནི་གདུལ་བྱ་རྣམས་འདོད་པ་བསྐྱེད་པར་བྱ་བའི་ཕྱིར། གནས་ཕུན་སུམ་ཚོགས་པ་གསུངས་པ་ཡིན་ནོ། །ཅི་བཅོམ་ལྡན་འདས་འདི་གཅིག་པུ་ཞིག་བཞུགས་སམ་ཞེ་ན། འདི་ལྟ་སྟེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ལ་སོགས་
པ་གསུངས་སོ། །དེར་གཙོ་བོ་སུ་ཞིག་ཡིན་ཞེ་ན། ཕྱག་ན་རྡོ་རྗེ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་བརྒྱད་དེ། བྱང་ཆུབ་སྟོན་པར་བྱེད་པའི་མཚན་མ་ནི་རྡོ་རྗེ་སྟེ། དེས་ཉེ་བར་མཚན་པའི་ཕྱག་མངའ་བས་ན་ཕྱག་ན་རྡོ་རྗེའོ། །གཟིགས་པར་མཛད་པས་ན་སྤྱན་རས་གཟིགས་ཏེ། རང་བཞིན་
གྱིས་རྣམ་པར་དག་པ་ལ་སོ་སོར་རྟོག་པར་མཛད་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པ་ལ་སོ་སོར་རྟོག་པར་མཛད་པའོ། །དེའི་དབང་ཕྱུག་ནི་གཙོ་བོ་སྟེ། སྤྱན་རས་གཟིགས་དབང་ཕྱུག་གོ། །ནམ་མཁའ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། དེའི་སྙིང་པོ་དེ་སྐྱེ་བའི་གནས་མངའ་
བ་གང་ཡིན་པ་དེ་ནི་ནམ་མཁའི་སྙིང་པོའོ། །ཆོས་བདག་མེད་པར་རྗེས་སུ་དྲན་པས་སྐུ་དང་གསུང་དང་ཐུགས་རྡོ་རྗེ་གཅིག་ཏུ་བྱ་བ་ནི་ཁུ་ཚུར་ཏེ། དེ་ལས་བྱུང་བ་ལ་ཡང་ཉེ་བར་གདགས་པས་རྡོ་རྗེ་ཁུ་ཚུར་ཞེས་བྱའོ། །འཇམ་ཞིང་མཉེན་པའི་དཔལ་གང་ལ་ཡོད་པ་ནི་འཇམ་དཔལ་ཏེ། གཞོན་
ནུའི་མདངས་དང་ལྡན་པའི་ངོ་བོ་ཉིད་དང་ལྡན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའི་རྒྱུ་མཐུན་པ་ཉིད་ཀྱིས་ཉོན་མོངས་པ་ཅན་དང་། ཉོན་མོངས་པ་ཅན་མ་ཡིན་པའི་རྨོངས་པའི་སྲ་བ་མི་མངའ་བའི་ཕྱིར་རོ། །སེམས་བསྐྱེད་པའི་རྗེས་ཐོགས་ཉིད་ལ་ཆོས་ཀྱི་འཁོར་ལོ་སྟེ། དཀྱིལ་

འཁོར་བསྐོར་བའི་ངང་ཚུལ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། བྱང་ཆུབ་སེམས་དཔའ་ཡང་ཡིན་ལ་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡང་ཡིན་པས་དེ་སྐད་ཅེས་བྱའོ། །ནམ་མཁའ་ནི་གོ་འབྱེད་དེ། དེ་ཉིད་ནི་རྫས་ཀྱི་སྣོད་ཀྱི་ཁང་པར་གྱུར་པ་གང་ཡིན་པ་དེ་ནི་ནམ་
མཁའི་མཛོད་དོ། །བདུད་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་བདུད་ཐམས་ཅད་དེ། ལྷའི་བུ་དང་། ཕུང་པོ་དང་། ཉོན་མོངས་པ་དང་། འཆི་བདག་གི་བདུད་དོ། །དེ་རྣམས་རབ་ཏུ་འཇོམས་ཤིང་ཟློག་པའི་ངང་ཚུལ་གང་ལ་ཡོད་པ་དེ་ནི་དེ་སྐད་ཅེས་བྱའོ། །དེ་དག་ལ་སོགས་པ་ཞེས་བྱ་
བ་ནི་དེ་དག་ཉིད་ཅེས་བྱ་བའི་དོན་ཏོ། །དེ་ལྟར་ན་དེ་དག་ལ་སོགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱེ་བ་ཕྲག་བརྒྱད་ཀྱིས་ཡོངས་སུ་བསྐོར་བ་སྟེ། ཀུན་ནས་ཡོངས་སུ་བསྐོར་བ་དང་། མདུན་གྱིས་བལྟས་པ་སྟེ། མོས་པའི་ཁྱད་པར་ཕུལ་དུ་བྱུང་བས་བློ་ལ་འཇོག་པའོ། །ཅི་
ཞིག་མཛད་ནས་ཆོས་སྟོན་པར་མཛད་ཅེ་ན། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་རྣམ་པར་དག་པའི་སྒོ་ཞེས་བྱ་བར་རྣམ་པར་སྦྱར་ཏེ། སྟོན་ཏེ་ཞེས་བྱ་བ་ནི་འཆད་པར་མཛད་དོ། །ཁྱད་པར་ཇི་ལྟ་བུ་ཞིག་ཅེ་ན་ཐོག་མར་དགེ་བ་ཞེས་པ་ལ་སོགས་པ་གསུངས་ཏེ། དང་པོར་ཐོས་པར་གྱུར་པ་ནི་གནས་
སྐབས་སུ་མོས་པ་དམ་པའི་རྒྱུར་གྱུར་པས་ན་ཐོག་མར་དགེ་བའོ། །བར་དུ་བསམ་པའི་གནས་སྐབས་ན་དགའ་བའི་རྒྱུར་གྱུར་པས་ན་བར་དུ་དགེ་བའོ། །ཐ་མར་བསྒོམ་པའི་གནས་སྐབས་ན་གྲོལ་བའི་རྒྱུར་གྱུར་པས་ན་ཐ་མར་དགེ་བའོ། །ཡང་ན་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་
རབ་སྐྱེད་པར་བྱེད་པ་ཉིད་ཀྱིས་ཐོག་མ་དང་བར་དང་ཐ་མར་དགེ་བ་སྟེ་དགེ་བ་ནི་འཚེ་བ་མེད་པའོ། །བྱང་ཆུབ་ཀྱི་སེམས་ལ་སོགས་པའི་ཚིག་གི་ཚུལ་ཡིན་པས་ན་དོན་བཟང་པོའོ། །སྐད་ཟུར་ཆག་པ་ལ་སོགས་པ་དང་བྲལ་བས་ན་ཚིག་འབྲུ་བཟང་པོའོ། །གང་ཟག་དང་ཆོས་སུ་འཛིན་པ་དང་
བྲལ་བས་ན་མ་འདྲེས་པའོ། །ཐེག་པ་མ་ལུས་པ་ལ་ལྷག་པར་མོས་པའི་སེམས་ཅན་རྣམས་ཀྱི་མངོན་པར་འདོད་པའི་དོན་ཐོབ་པར་མཛད