Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 59

Văn bản gốc(Tây Tạng)

Trang 10 / 16 (50.000 ký tự/trang)
པར་བྲི་བར་བྱའོ། །དེ་ནས་དཀྱིལ་འཁོར་ཟླུམ་པོ་གཉིས་པ་ལ་སྤྲུལ་པའི་སྐུའི་གཟུགས་ཅན་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་སངས་རྒྱས་བརྒྱད་བྲི་བར་
བྱའོ། །དེ་ནས་དཀྱིལ་འཁོར་ཟླུམ་པོ་གསུམ་པ་ལ། ཤར་ཕྱོགས་སུ་བཅོམ་ལྡན་འདས་མི་བསྐྱོད་པ་དང་། ཕྱག་ན་རྡོ་རྗེ་དང་། འཇམ་པའི་དབྱངས་དང་བཅས་པར་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གྱི་ཚུལ་དུ་བྲི་བར་བྱའོ། །ལྷོ་ཕྱོགས་སུ་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་བྱང་ཆུབ་སེམས་
དཔའ་ནམ་མཁའི་སྙིང་པོ་དང་། ནམ་མཁའི་མཛོད་དང་བཅས་པའོ། །ནུབ་ཕྱོགས་སུ་བཅོམ་ལྡན་འདས་སྣང་བ་མཐའ་ཡས། བྱང་ཆུབ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་དང་། སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་གཉིས་དང་བཅས་པའོ། །བྱང་ཕྱོགས་སུ་
བཅོམ་ལྡན་འདས་དོན་ཡོད་གྲུབ་པ་བྱང་ཆུབ་སེམས་དཔའ་རྡོ་རྗེ་ཁུ་ཚུར་དང་། རྡོ་རྗེ་གནོད་སྦྱིན་གཉིས་དང་བཅས་པ་སྔ་མ་བཞིན་དུ་བྲི་བར་བྱའོ། །དེ་ནས་ཕྱིའི་དཀྱིལ་འཁོར་གྱི་ལྷའི་སྣམ་བུ་ལ། ཤར་ཕྱོགས་སུ་ཡང་ཕྱག་ན་རྡོ་རྗེ། ལྷོ་ཕྱོགས་སུ་ནམ་མཁའི་སྙིང་པོ། །ནུབ་ཕྱོགས་སུ་འཇིག་རྟེན་
དབང་ཕྱུག །བྱང་ཕྱོགས་སུ་རྡོ་རྗེ་ཁུ་ཚུར། ཤར་ལྷོ་མཚམས་སུ་འཇམ་དཔལ་གཞོན་ནུ། ལྷོ་ནུབ་མཚམས་སུ་ནམ་མཁའི་མཛོད། ནུབ་བྱང་མཚམས་སུ་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ། བྱང་ཤར་མཚམས་ཀྱི་ཕྱོགས་ཆ་ལ། རྡོ་རྗེ་གནོད་སྦྱིན་བྲི་བར་བྱ་སྟེ། ལྷག་མ་རྣམས་ནི་
སྔར་སྨྲས་པར་ཟད་དོ། །བུམ་པ་དང་། བུམ་པ་གང་བ་རྣམས་ནི། ཨ་ཞེས་བྱ་བ་ཉིད་ཀྱིས་རེ་རེ་ཞིང་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ལ་སྔ་མ་བཞིན་དུ་ལྷ་ཐམས་ཅད་ལ་དབུལ་བར་བྱ་སྟེ། དེ་བཞིན་དུ་གཞན་དག་ཀྱང་སྔ་མ་བཞིན་དུ་ཤེས་པར་བྱའོ། །དེ་ལྟར་དཀྱིལ་འཁོར་བྲིས་ནས་སྔ་མ་བཞིན་དུ་རྡོ་རྗེ་

བསྡུ་བར་བྱའོ། །དེ་ནས་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཆེན་པོ་བསྒོམ་ཞིང་། མཚན་བརྒྱ་རྩ་བརྒྱད་ཀྱིས་བསྟོད་པར་བྱའོ། །དེ་ནས་ཨ་ཞེས་བྱ་བ་ཟློས་ཤིང་སྔར་བཤད་པའི་གསང་བའི་ལྕགས་ཀྱུ་བཅིངས་ནས། བཅོམ་ལྡན་འདས་འཁོར་དང་བཅས་པ་སྤྱན་དྲངས་ལ། དགུག་པ་
དང་གཞུག་པ་དང་། བཅིང་བ་དང་། དབང་དུ་བྱ་བ་བྱས་ཏེ། རྡོ་རྗེ་གནོད་སྦྱིན་གྱིས་བགེགས་བསལ་ལ། མཚམས་བཅད་པ་དང་། དཀྱིལ་འཁོར་བཅིང་བ་དང་། ར་བ་དང་དྲ་བ་དག་ཀྱང་བྱས་ཏེ། རྡོ་རྗེ་ཁུ་ཚུར་གྱིས་སྒོ་བཅད་པ་དང་། རྡོ་རྗེ་བསྲུང་བས་བསྲུང་བ་ཐམས་ཅད་ཡང་དག་པར་བསྲུངས་ལ།
ཨ་ཞེས་བྱ་བས་མཆོད་ཡོན་ཕུལ་ཏེ། རྡོ་རྗེ་བསྡམས་པ་ལས་བྱུང་བའི་དང་པོའི་རྡོ་རྗེ་བཅིངས་ལ། ཨ་དྲྀ་ཤྱ་ཞེས་བྱ་བ་ནས་རྣམ་པར་སྣང་མཛད་ལ་སོགས་པ་ཐམས་ཅད་བལྟ་བར་བྱས་ནས། ཛཿཧཱུྃ་བཾཾ་ཧོཿ། ས་མ་ཡ་སྟྭཾ། ས་མ་ཡ་སྟྭཾ། ཨ་ཧཾ་ཨ་ཞེས་བྱ་བ་ལན་གསུམ་བརྗོད་དེ། དེ་ཐམས་ཅད་བསྒྲུབ་
པར་བྱའོ། །དེ་ནས་རང་གི་ལྕེ་ལ་ཡི་གེ་ཧཱུྃ་ལས་རྡོ་རྗེ་བཟང་པོ་རྣམ་པར་བསམས་ལ། རྣམ་པར་སྣང་མཛད་ལ་སོགས་པའི་ལྗགས་ལ་ཡང་ཨ་ཞེས་བྱ་བ་བསམ་པར་བྱའོ། །དེ་ནས་ཡང་རང་གི་སྙིང་གར་ཨ་ལས་སྣ་ཚོགས་རྡོ་རྗེ་བསྐྱེད་ལ། རྣམ་པར་སྣང་མཛད་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་
ཨ་ཞེས་བྱ་བ་ཟློས་བཞིན་དུ་བཅིང་བར་བྱས་ཏེ། ཆོས་གོས་འཛིན་པའི་ཚུལ་གྱིས་དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་བཅིངས་ལ། གཡོན་པའི་རྡོ་རྗེ་མཛུབ་མོ་ནི། །གཡས་པའི་ནང་དུ་བསྒྲེང་བར་བྱ། །བྱང་ཆུབ་མཆོག་གི་ཕྱག་རྒྱ་སྟེ། །སངས་རྒྱས་བྱང་ཆུབ་སྦྱིན་པའོ། །ཞེས་བྱ་བ་ནི། བཅོམ་
ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱའོ། །དེ་བཞིན་དུ་གཡོན་པ་རང་གི་སྙིང་གར་བསྟོད་པའི་ཚུལ་གྱིས་བཞག་ལ། གཡས་པ་བརྐྱང་བས་ས་ལ་རེག་པའི་ཚུལ་དུ་བྱ་བ་འདི་ནི་མི་བསྐྱོད་པའིའོ། །གཡོན་པ་དེ་བཞིན་དུ་བཞག་ལ། གཡས་པ་ས་ལ་རེག་པ་ལས་ཟློག་སྟེ། སྨྲང་འདོན་པའི་ཚུལ་
གྱིས་བསླང་ཞིང་མཆོག་སྦྱིན་པ་ལྟ་བུ་ནི་རིན་ཆེན་འབྱུང་ལྡན་གྱིའོ། །མི་བསྐྱོད་པའི་ཕྱག་རྒྱ་ལས་གཡོན་པ་ཆོས་གོས་འཛིན་པའི་ཁུ་ཚུར་གཡས་པས་པདྨ་དབྱེ་བའི་ཚུལ་དུ་མཐེའུ་ཆུང་ནས་བརྩམས་ཏེ། འབྱེད་པ་ནི་འོད་དཔག་ཏུ་མེད་པའིའོ། །མི་བསྐྱོད་པའི་ཕྱག་རྒྱ་ལས་ལག་པ་གཡས་པ་བ་དན་

གསུམ་པ་ལྟར་བྱས་ལ། མི་འཇིགས་པ་སྟེར་བའི་ཚུལ་གྱིས་བཞག་པ་ནི་དོན་ཡོད་པར་གྲུབ་པའི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། གཉིས་ཀས་སྙིམས་པ་དང་བཅས་པར་བསྟོད་པའི་ཚུལ་དུ་བཞག་པ་འདི་ནི་ཕྱག་ན་རྡོ་རྗེའིའོ། །གཡོན་པའི་སྙིང་གར་བཞག་པ་ལ། གཡས་ཀྱིས་རལ་
གྲི་འཛིན་པ་ལྟ་བུ་ནི་མགོན་པོ་འཇམ་དབྱངས་ཀྱིའོ། །རྡོ་རྗེ་གཉིས་ཀྱིས་དབང་བསྐུར་བའི་ཚུལ་དུ་འཇོག་པ་ནི་ནམ་མཁའ་སྙིང་པོའིའོ། །རྡོ་རྗེ་གར་བསྐོར་ཞིང་བཀྲོལ་ཏེ། མཁུར་བ་དང་། སྤྱི་གཙུག་ཏུ་བཞག་པ་ནི་ནམ་མཁའི་མཛོད་ཀྱིའོ། །གཡས་ཀྱི་གཡོན་པ་དབྱེ་བ་ནི་འཇིག་རྟེན་དབང་ཕྱུག་
གིའོ། །མགལ་མེའི་འཁོར་ལོ་ལྟར་བསྐོར་བ་ནི་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བའིའོ། །རྡོ་རྗེ་ཁུ་ཚུར་གཉིས་མནན་པ་འཚིར་བ་ནི་རྡོ་རྗེ་ཁུ་ཚུར་གྱིའོ། །མཐེའུ་ཆུང་དང་མཛུབ་མོ་མཆེ་བ་ལྟར་བྱ་བ་ནི། རྡོ་རྗེ་གནོད་སྦྱིན་གྱི་ལས་ཀྱི་ཕྱག་རྒྱའོ། །བྱང་ཕྱོགས་ན་གནས་པའི་སངས་
རྒྱས་ཀྱི་སྐུ་གཟུགས་ཀྱི་ཕྱག་རྒྱ་ནི་དོན་ཡོད་པར་གྲུབ་པ་དང་འདྲ་བར་ཤེས་པར་བྱའོ། །རྣམ་པར་སྣང་མཛད་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་ནི་བྲིས་པའི་རྗེས་སུ་འབྲངས་ནས་བསམ་པར་བྱའོ། །དེ་ལྟར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་སོགས་པ་ཕྱག་རྒྱ་བཞིས་རྒྱས་བཏབ་པ་བྱས་ནས། སྔར་
བཤད་པའི་ཚུལ་ཉིད་ཀྱིས་དབང་བསྐུར་བའི་ཕྱག་རྒྱ་རྣམས་ཀྱིས་དབང་བསྐུར་ལ། ཡང་མཆོད་ཡོན་ཕུལ་ཏེ། བུམ་པ་དང་། བུམ་པ་གང་བ་དང་། མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་ལ། རྡོ་རྗེ་མཚོན་ཆ་ལ་སོགས་པ་ལས་ཀྱི་ཕྱག་རྒྱ་རྣམ་པ་བཅུ་གཉིས་ཀྱིས་མཆོད་པར་བྱའོ། །དེ་ནས་
ཡིད་ཀྱིས་དཔག་བསམ་གྱི་ཤིང་ལ་སོགས་པའི་སྤྲིན་རྣམས་ཀྱིས་སྔ་མ་བཞིན་དུ་ཡང་དག་པར་མཆོད་ལ། ཕྱི་རོལ་དུ་གཏོར་མ་སྦྱིན་པར་བྱའོ། །དེ་ནས་རྡོ་རྗེ་གནོད་སྦྱིན་དང་། རྡོ་རྗེ་མེ་ལྟར་རབ་ཏུ་འབར་བ་དང་། སངས་རྒྱས་སྤྱན་གྱི་སྦྱིན་སྲེག་བྱ་བ་ནས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་སྔ་མ་
བཞིན་དུ་ཐབ་ཀྱི་དབུས་སུ་དཀྱིལ་འཁོར་གྱི་ཚུལ་གྱིས་བཀོད་ནས། ཡང་སྦྱིན་སྲེག་བྱའོ། །དེ་ནས་རྡོ་རྗེ་གནོད་སྦྱིན་གྱིས་བགོ་བའི་གོས་ལ་བཟླས་པའི་སྟོད་གཡོགས་དང་། སྨད་གཡོགས་བགོ་ཞིང་ཟེའུ་ཁ་བཅིངས་ཏེ། ཡང་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་བཞིའི་སྙིང་པོས་གདོང་གཡོགས་ཀྱིས་

རས་ལ་ཡོངས་སུ་བཟླས་ཏེ། དེས་གདོང་གཡོགས་བྱས་ལ། སློབ་དཔོན་གྱིས་སྔར་བཤད་པའི་ཕྱག་རྒྱ་ལ་སོགས་པའི་ཆོ་ག་རྣམས་རྗེས་སུ་སྤྱད་ནས། ཨ་ཞེས་བྱ་བ་བཟླས་པའི་བུམ་པ་སྒོ་ན་གནས་པའི་ཆུས་བདག་ཉིད་དབང་བསྐུར་ལ། རྡོ་རྗེ་བསྡམས་པ་ལས་བྱུང་བའི་དང་པོའི་
རྡོ་རྗེ་བཅིངས་ནས་བཛྲ་བཛྲ་ཨ་ཞེས་བརྗོད་ཅིང་ཞུགས་ལ། ཇི་སྲིད་དེང་བདག་རྡོ་རྗེ་སེམས་གྲུབ་མཛོད། །ཅེས་བྱ་བའི་བར་དུ་སྔར་བཤད་པའི་ཆོ་ག་རྣམས་རྗེས་སུ་སྤྱད་ནས། ཕྱག་བཙལ་བའི་སྔགས་དང་། རྣམ་པར་སྒེག་པའི་རྡོ་རྗེས་ཕྱག་བྱའོ། །དེ་ལ་རྣམ་པར་སྒེག་པའི་རྡོ་རྗེ་ནི་འདི་ཡིན་ཏེ། རྡོ་རྗེ་
གར་གྱི་མཆོད་པས་རྣམ་པར་འགྱུར་བ་དང་བཅས་ཤིང་། འཛུམ་པ་དང་བཅས་པའི་མིག་གིས་ཕྱག་བྱ་བས་རྡོ་རྗེ་སེམས་དཔའ་དང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་རྗེས་སུ་མཉེས་པར་བྱ་ཞིང་། ཕྱག་འཚལ་ལོ་ཞེས་བྱ་བ་སྟེ། འདི་ནི་དེའི་མཚན་ཉིད་དོ། །དེ་ནས་བསྐོར་བ་ལན་གསུམ་བྱས་ལ། དེ་ཁོ་ན་
ཉིད་བརྗོད་དེ། ཛཿཧཱུྃ་བཾ་ཧོཿ། པྲ་སིདྡྷྱ་མཾ། ཞེས་བྱ་བས་བཅོམ་ལྡན་འདས་ལ་ཡང་དག་པར་བསྐུལ་བར་བྱའོ། །དེ་ནས་དེ་བཞིན་དུ་གོས་གྱོན་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་ཕྱག་རྒྱ་བཅིངས་ནས། ཞུགས་ན་ཞེས་བྱ་བ་འདིའི་དོན་བཤད་པ་ཡིན་ནོ། །བདག་ཉིད་སློབ་དཔོན་མེད་པར་ཡང་། །
ཞེས་བྱ་བ་འདི་དཀྱིལ་འཁོར་འདིར་དབང་མ་བསྐུར་བ་སྟེ། ཡང་ཞེས་བྱ་བའི་སྒྲས་ནི་དབང་བསྐུར་བ་རྣམས་ནི། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་སློབ་དཔོན་ཉིད་དང་། དེ་བཞིན་གཤེགས་པའི་དཀྱིལ་འཁོར་གྱི་སློབ་དཔོན་ཉིད་དུ་ལེགས་པར་
བྱིན་གྱིས་བརླབ་པར་མཛད་དེ་ཞེས་སྟོན་པ་ཡིན་ནོ། །འདིས་ནི་དོན་འདི་སྐད་སྟོན་པ་ཡིན་ཏེ། གང་ཞིག་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དཀྱིལ་འཁོར་དུ་ནི་དབང་བསྐུར་ལ། འདིར་ནི་དབང་མ་བསྐུར་བ་དེས་ཀྱང་། དཀྱིལ་འཁོར་འདི་ཉིད་བྲིས་ཏེ་ཞུགས་ན། དེ་ལྟ་ན་ཡང་ཇི་སྐད་དུ་གསུངས་པའི་འབྲས་བུ་ཐོབ་
པར་འགྱུར་རོ། །དེང་ནས་བརྩམས་ཏེ་ཞེས་བྱ་བ་ནི། དཀྱིལ་འཁོར་དུ་ཞུགས་པ་ནས་བརྩམས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྟོགས་པ་དང་ཞེས་བྱ་བ་རྒྱུད་གཞན་དག་ནས་གསུངས་པ་དག་ཏུ་ཡང་། དངོས་གྲུབ་ཐམས་ཅད་ལ་ཞེས་བྱ་བ་སངས་རྒྱས་ཉིད་ལ་སོགས་པ་རྣམས་ལ་བདུད་ལ་

སོགས་པས་ཟིལ་གྱིས་མི་ནོན་པས་ན་མི་ཚུགས་པར་འགྱུར་བ་དང་། དེ་དག་ཉིད་ཀྱིས་གསོད་པར་མི་ནུས་པས་ན། མི་གསོད་པ་དང་། ཉོན་མོངས་པའི་སྒྲིབ་པ་ལ་སོགས་པ་སྒྲིབ་པ་ཐམས་ཅད་དང་བྲལ་བ་ཐོབ་པར་འགྱུར་རོ། །དེ་ནས་སློབ་མ་ཡང་དེ་བཞིན་དུ་གཞུག་གོ་ཞེས་བྱ་བ་ནི་སློབ་མ་གཞུག་
པར་བྱ་བའི་ཕྱིར། རྗེས་སུ་གནང་བ་ཇི་ལྟ་བ་བཞིན་དུ་གསོལ་ཏེ། དེའི་རྗེས་ཐོགས་ཉིད་ལ་བདག་ཉིད་འཇུག་པའི་ཆོ་གས་སློབ་མ་གཞུག་པར་བྱའོ། །ཞུགས་ནས་རྡོ་རྗེ་རྩེ་ལྔ་པ་བྱིན་ལ་ཞེས་བྱ་བ་ནི། སློབ་མ་རྣམས་ལ་ཇི་ལྟ་བ་བཞིན་དུ་ཆུའི་དབང་བསྐུར་བ་དང་། ཕྱག་རྒྱ་དང་། དབུ་རྒྱན་དང་། ཅོད་པན་དང་།
དར་དཔྱང་གི་དབང་བསྐུར་བ་བྱིན་ལ་ཨ་ཞེས་བྱ་བ་ཉིད་ཟློས་ཤིང་། དེ་བཞིན་གཤེགས་པའི་རྡོ་རྗེ་སྦྱིན་པར་བྱའོ། །དེ་ནས་རྡོ་རྗེ་མིང་གི་དབང་བསྐུར་བ་དང་། དངོས་གྲུབ་ཀྱི་རྡོ་རྗེའི་བརྟུལ་ཞུགས་བྱིན་ལ། སེམས་ཅན་ཀུན་ལ་ཞེས་བྱ་བ་ལ་སོགས་པས་དམ་ཚིག་རྣམས་ཀྱང་བསྒོ་བར་བྱའོ། །སེམས་
ཅན་ཞེས་བྱ་བ་ལ་སོགས་པ་ལ་སེམས་ཅན་ཐམས་ཅད་ལ་ཕན་པ་ནི། བདེ་བའི་རྣམ་པར་སྨིན་པ་རྒྱ་ཆེན་པོར་འགྱུར་བའི་ལས་རྣམས་ཏེ། དེའི་ཕྱིར་ནི་དེ་རྫོགས་པར་བྱ་བའི་ཕྱིར་རོ། །བསྟན་པ་ཐམས་ཅད་ནི་དེ་བཞིན་གཤེགས་པའི་བཀའ་ཐམས་ཅད་དོ། །དེ་ཡོངས་སུ་སྐྱོང་ཞིང་ཉམས་སུ་ལེན་པ་ནི་
གྲུབ་པ་སྟེ་དེའི་ཕྱིར་རོ། །རྣམ་པར་མི་རྟོག་སྦྱོར་བ་ཡིས། །ཅི་བདེ་བར་ནི་ཐམས་ཅད་ཀྱིས། །ཞེས་བྱ་བ་ནི། རྡོ་རྗེ་དང་། དོན་དང་། ཆོས་དང་། ཐམས་ཅད་མཉམ་པ་ཉིད་དུ་བསྒོམ་པ་རྣམས་ནི་རྣམ་པར་མི་རྟོག་པའི་སྦྱོར་བ་སྟེ། རྣམ་པར་མི་རྟོག་པའི་སྦྱོར་བ་དེས་བཟླས་བརྗོད་དམ། བསྒོམ་པའམ།
དགེ་བའི་ལས་གཞན་གང་ཡང་རུང་བ་དེ། །ཅི་བདེ་བར་ནི་ཐམས་ཅད་ཀྱིས། །ཞེས་པ་སྟེ། དངོས་པོ་ལ་མངོན་པར་ཞེན་པ་སྤངས་པས། དགེ་བའི་ཕྱོགས་ཐམས་ཅད་ལ་བྱ་བའི་རྒྱུད་ལས་བཤད་པའི་སྟན་ལ་སོགས་པའི་ངེས་པའི་གནོད་པ་སྤངས་ཏེ། ཅི་བདེ་བར་ཐམས་ཅད་ཀྱིས་ཤིག་ཅེས་བྱའོ། །
དེ་ལྟར་དམ་ཚིག་བྱིན་ནས་དེ་ནས་དེ་བཞིན་དུ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོར་གསུངས་པའི་ཚུལ་གྱིས་བཟའ་བ་དང་། རོ་དང་། གནས་པ་རྣམས་ཀྱིས་སློབ་མ་རྣམས་ལོངས་སྤྱོད་དུ་གཞུག་ཅིང་། འབྱོར་པ་ཅི་ཡོད་པས་ཡང་དག་པར་ཚིམ་པར་བྱའོ། །དེ་ནས་མཚན་མ་བཞི་པོ་ཞེས་བྱ་བ་ནི། བྱང་

ཆུབ་ཀྱི་སེམས་རྫོགས་པར་བྱ་བའི་ཕྱིར་ནེའུ་གསིང་ས་དང་བཅས་པའི་དུམ་བུ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྫོགས་པར་བྱ་བའི་ཕྱིར། དབྱིག་དང་གསེར་དང་། རིན་པོ་ཆེ་དང་། གོས་ལ་སོགས་པས་གང་བའི་སྣོད་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས་པར་བྱ་བའི་ཕྱིར་
འཇམ་ཞིང་ཤིན་ཏུ་བདེ་བའི་སྟན་དང་། བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས་པར་བྱ་བའི་ཕྱིར། སངས་རྒྱས་ཀྱི་སྐུ་གཟུགས་འབྱོར་པ་ཇི་ལྟ་བས་སྐལ་བ་ཇི་ལྟ་བ་བཞིན་དུ་སློབ་དཔོན་གྱིས་སློབ་མ་རྣམས་ལ་སྦྱིན་པར་བྱ་སྟེ། མི་བསྐྱོད་པའི་རིགས་ལ་ནི་
ནེའུ་གསིང་ས་དང་བཅས་པའི་དུམ་བུའོ། །རིན་པོ་ཆེའི་རིགས་ལ་མངོན་པར་བརྩོན་པ་རྣམས་ལ་ནི་ཇི་སྐད་དུ་བཤད་པའི་སྣོད་དོ། །འོད་དཔག་ཏུ་མེད་པའི་རིགས་ལ་མངོན་པར་བརྩོན་པ་རྣམས་ལ་ནི་སྟན་ནོ། །དོན་ཡོད་པར་གྲུབ་པའི་རིགས་ལ་མངོན་པར་བརྩོན་པ་རྣམས་ལ་ནི་སངས་རྒྱས་ཀྱི་
སྐུ་གཟུགས་སྦྱིན་པར་བྱ་སྟེ། འདི་ནི་འདིར་སྐལ་བ་ཇི་ལྟ་བ་བཞིན་དུ་ཞེས་བྱ་བའི་སྒྲའི་དོན་ཡིན་ནོ། །དམ་ཚིག་ཆེན་པོའི་དཀྱིལ་འཁོར་རོ། །ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཆེན་པོ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཇི་
སྐད་དུ་བཤད་པ་རྣམས་ནི། ཐམས་ཅད་དུ་སོང་བ་ཡིན་པའི་ཕྱིར། དམ་ཚིག་ཆེན་པོ་ཡིན་ལ། དེ་ལས་བྱུང་བའི་རྣམ་པར་སྣང་མཛད་ལ་སོགས་པ་ལ་ཡང་ཉེ་བར་གདགས་པས་དམ་ཚིག་ཆེན་པོ་ཞེས་བཤད་དེ། དེ་རྣམས་ཀྱི་དཀྱིལ་འཁོར་ནི་དམ་ཚིག་ཆེན་པོའི་དཀྱིལ་འཁོར་རོ། །དེ་ནས་དེ་བཞིན་དུ་
ཞེས་བྱ་བ་ནས་བརྩམས་ཏེ་སྦྱིན་པར་བྱའོ་ཞེས་བྱ་བའི་དོན་སླར་ཡང་གསལ་བར་བྱ་བའི་ཕྱིར་བཤད་པར་བྱ་བ་སྟེ། དེ་ལྟར་བཤད་མ་ཐག་པའི་ཆོ་གས་དཀྱིལ་འཁོར་བྲིས་ལ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྦྱོར་བས་འདི་ལས་གསུངས་པའི་རྣལ་འབྱོར་ཆེན་པོ་བྱས་ལ། བུམ་པ་གང་བ་དང་། བུམ་
པ་རྣམས་ཀྱང་རྡོ་རྗེ་བསྡམས་པ་ལས་བྱུང་བའི་དང་པོའི་རྡོ་རྗེས་ཨ་ཞེས་བྱ་བ་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱའོ། །དེ་ནས་རྡོ་རྗེ་ཧཱུྃ་མཛད་ཀྱི་སྦྱོར་བས། དཀྱིལ་འཁོར་གྱི་སྒོ་བཞི་ཕྱེ་ལ། ཡང་རྣམ་པར་སྣང་མཛད་ཀྱི་ང་རྒྱལ་གྱིས་རྡོ་རྗེ་བསྡུ་བ་བྱས་ཏེ། རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཆེན་པོར་བསྒོམ་ཞིང་།

མཚན་བརྒྱ་རྩ་བརྒྱད་པས་བསྟོད་ལ། ཨ་ཞེས་བྱ་བ་ཟློས་ཤིང་གསང་བའི་ལྕགས་ཀྱུས་རྣམ་པར་སྣང་མཛད་ལ་སོགས་པ་ཐམས་ཅད་བཀུག་ལ། རང་གི་གནས་སུ་བཅུག་སྟེ་རྡོ་རྗེ་གནོད་སྦྱིན་གྱིས་བགེགས་བསྐྲད་ཅིང་། མཚམས་བཅད་པ་དང་། དཀྱིལ་འཁོར་བཅིང་བ་དང་། དྲྭ་བ་དང་།
ར་བ་རྣམས་བྱས་ནས། རྡོ་རྗེ་ཁུ་ཚུར་གྱིས་སྒོ་བཅད་དེ་རྡོ་རྗེ་བསྲུང་བས་བསྲུང་བ་ཐམས་ཅད་ཡང་དག་པར་བསྲུངས་ལ། ཨ་ཞེས་བྱ་བས་མཆོད་ཡོན་ཕུལ་ཏེ། དམ་ཚིག་གི་ཕྱག་རྒྱས་བཅོམ་ལྡན་འདས་འཁོར་དང་བཅས་པ་བསྒྲུབ་པར་བྱའོ། །དེ་ནས་རྣམ་པར་སྣང་མཛད་ལ་སོགས་པའི་
རྡོ་རྗེའི་ལྗགས་ལ་དེ་བཞིན་དུ་ཨ་ཞེས་བྱ་བ་རྣམ་པར་བསམས་ལ། རྣམ་པར་སྣང་མཛད་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་དང་། ཕྱག་རྒྱ་ཆེན་པོ་དག་བཅིང་བར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་རྣམས་ནི་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱས་དབང་བསྐུར་ཞིང་། བྱང་ཆུབ་སེམས་དཔའ་རྣམས་
ནི་སངས་རྒྱས་ལྔའི་དབུ་རྒྱན་གྱིས་དབང་བསྐུར་བར་བྱའོ། །དེ་ནས་བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་ཨ་ཞེས་བྱ་བས་མཆོད་ཡོན་ཕུལ་ཏེ། བུམ་པ་དང་། བུམ་པ་གང་བ་རྣམས་དང་། ན་བཟའ་རྣམས་ཕུལ་ཏེ། མཆོད་པ་རྣམ་པ་ལྔ་དང་། དཔག་བསམ་གྱི་ཤིང་ལ་སོགས་པས་མཆོད་
པར་བྱའོ། །དེ་ནས་གར་དང་། གླུ་དང་། རོལ་མོ་དང་། རྟ་དང་། གླང་པོ་ཆེ་དང་། བ་ལང་གི་ཁྱུ་ལ་སོགས་པ་ཕྱི་རོལ་གྱི་མཆོད་པ་རྣམས་ཀྱང་འབྱོར་པར་གྱུར་ན་མཆོད་ལ། མེ་ཏོག་ལ་སོགས་པའི་ཕྱག་རྒྱའི་མཆོད་པ་རྣམས་ཀྱིས་ཀྱང་ཡང་དག་པར་མཆོད་པར་བྱའོ། །དེ་ནས་ཡིད་ཀྱི་མཆོད་པ་
བྱས་ལ་ཕྱི་རོལ་དུ་གཏོར་མ་སྦྱིན་པར་བྱའོ། །དེ་ནས་ཇི་སྐད་དུ་བཤད་པའི་སྦྱིན་སྲེག་བྱས་ལ། ཇི་སྐད་དུ་བཤད་པའི་གོས་དང་། རྒྱན་དང་ལྡན་པའི་རྣལ་འབྱོར་པས། ཕྱག་བཙལ་བ་ལ་སོགས་པ་སྔོན་དུ་འགྲོ་བ་དང་སྡོམ་པ་གཟུང་བར་བྱའོ། །དེ་ནས་ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡཱ་མི། ཞེས་བྱ་
བས་བྱང་ཆུབ་ཀྱི་སེམས་ཆེན་པོ་བསྐྱེད་ལ། གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་དེ་བཞིན་གཤེགས་པའི་རྡོ་རྗེ་བླངས་ལ་རང་གི་སྙིང་གར་གཞག་སྟེ། ཨ་ཞེས་བྱ་བས་རང་གི་སྙིང་གའི་ཟླ་བའི་དཀྱིལ་འཁོར་ལ་དེས་བསྐྱེད་ནས། འདི་སྐད་ཅེས་བརྗོད་པར་བྱ་སྟེ། སུ་ར་ཏེ་ས་མ་ཡ་སྟྭཾ་ཧོ། བཛྲ་སིདྡྷྱ་ཡ་ཐཱ་སུ་ཁཾ། དེ་

ནས་སྒོ་ན་གནས་པའི་བུམ་པའི་ཆུས་བདག་ཉིད་དབང་བསྐུར་ལ། དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ། དེ་ཉིད་ཀྱིས་མེ་ཏོག་གི་ཕྲེང་བ་བཟུང་ནས། བཛྲ་བཛྲ་ཨ་ཞེས་བྱ་བ་ཟློས་ཤིང་། སློབ་དཔོན་ཤར་ཕྱོགས་ཀྱི་སྒོ་ནས་དམ་ཚིག་གི་དཀྱིལ་འཁོར་ཆེན་པོར་འཇུག་ཅིང་། བཛྲ་ཨཾ་
ཀུ་ཤ་ཛཿཞེས་ཀྱང་བརྗོད་པར་བྱའོ། །དེ་ནས་ལྷོ་ཕྱོགས་ཀྱི་སྒོ་ནས་ཞུགས་ལ། བཛྲ་པཱ་ཤ་ཧཱུྃ་ཞེས་བརྗོད་ནས། ཡང་ཡིད་ཀྱིས་ཞུགས་པས་འཇུག་པར་བྱའོ། །ཡང་ནུབ་ཕྱོགས་ཀྱི་སྒོ་ནས་ཞུགས་ལ་བཛྲ་སྥོ་ཊ་བཾ་ཞེས་བྱ་བ་དང་ཡིད་ཀྱིས་བཅིང་བར་བྱའོ། །དེ་ནས་བྱང་ཕྱོགས་ཀྱི་སྒོ་ནས་
ཞུགས་ལ། བཛྲ་ཨ་བེ་ཤ་ཧོཿ། །ཞེས་བྱ་བ་དང་། རྡོ་རྗེ་འབེབས་པས་བདག་ཉིད་དབང་དུ་བྱའོ། །དེ་ནས་ཡང་ཤར་ཕྱོགས་ཀྱི་སྒོ་ནས་ཞུགས་ནས། མ་ཧཱ་ར་ཏ་སུ་དྲྀ་ཌྷ་སུ་ཏོ་ཥེ། །སུ་སུ་ཁཾ་བཛྲ་སཏྭ་ཨདྡྱ་སིདྡྷྱ་མཾ་ཞེས་བརྗོད་པར་བྱའོ། །དེ་ནས་རྣམ་པར་སྒེག་པའི་རྡོ་རྗེས་ཕྱག་བྱས་ལ་དཀྱིལ་
འཁོར་བསྐོར་བ་ལན་གསུམ་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་སྟེ། འདི་སྐད་ཅེས་བརྗོད་པར་བྱའོ། །འདོད་ཆགས་ཆེན་པོ་བདེ་བ་ཆེ། །རྡོ་རྗེ་ཆེན་པོ་ནོར་ཆེ་ཞིང་། །ཡེ་ཤེས་ཆེན་པོ་ལས་ཆེ་བ། །རྡོ་རྗེ་སེམས་དཔའ་དེང་བདག་འགྲུབ། །ཛཿཧཱུྃ་བཾ་ཧོཿཔྲ་སིདྡྷྱ་མཾ། །དེ་ནས་
རྡོ་རྗེའི་ཆུ་འཐུངས་ལ། བདག་ཉིད་ལ་དབབ་པར་བྱ་སྟེ། ཨ་ཞེས་བྱ་བ་ལན་བརྒྱ་བཟླས་ལ། ཡང་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་ཕྱེ་ནས། བདག་ཉིད་ལ་དབབ་པར་བྱ་ཞིང་། ཨ་ཨ་ཞེས་བྱ་བ་ལན་བརྒྱ་བཟླས་སོ། །དེ་ནས་ཨ་ཞེས་བྱ་བས་མེ་ཏོག་དོར་བར་བྱའོ། །དེ་
ནས་དེ་བླངས་ལ་རང་གི་མགོ་ལ་དེ་ཉིད་ཀྱིས་བཅིང་བར་བྱའོ། །དེ་ནས་དེ་ཉིད་ཀྱིས་གདོང་གཡོགས་དགྲོལ་བར་བྱའོ། །དེ་ནས་དེ་ཉིད་ཟློས་ཤིང་ཤར་ཕྱོགས་ཀྱི་ཆ་ནས་བརྩམས་ཏེ། དཀྱིལ་འཁོར་བལྟ་བར་བྱའོ། །དེ་ནས་ཏིཥྛ་བཛྲ་ཞེས་བྱ་བ་ལ་སོགས་པས་དབབ་པའི་ཕྱག་རྒྱ་རང་གི་སྙིང་གར་
དགྲོལ་བར་བྱའོ། །དེ་ནས་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཆེན་པོར་རང་བསམས་ལ། བཅོམ་ལྡན་འདས་ལ་རྡོ་རྗེའི་ལྟ་བས་བལྟ་ཞིང་། ཇི་སྲིད་བཅོམ་ལྡན་འདས་ཀྱི་ཞལ་བསྟན་ནས་དངོས་གྲུབ་ཐམས་ཅད་སྩོལ་བར་མཛད་པ་དེ་སྲིད་ཀྱི་བར་དུ་བཟླས་བརྗོད་བྱའོ། །དེ་ནས་རྡོ་རྗེ་ཐལ་མོ་བསྐོར་ལ།

བདག་ཉིད་དབུལ་བའི་ཚུལ་གྱིས་སྙིང་གར་བཞག་ནས་མཚན་བརྒྱ་རྩ་བརྒྱད་ཀྱིས་བསྟོད་དེ་སྒེག་མོ་ལ་སོགས་པ་གསང་བའི་མཆོད་པ་བཞིས་བཅོམ་ལྡན་འདས་ཡང་དག་པར་མཆོད་ལ། གླུ་དང་རོལ་མོའི་མཆོད་པ་རྣམས་ཀྱིས་ཀྱང་མཆོད་པར་བྱའོ། །དེ་ནས་ཡང་ཕྱག་རྒྱ་ཆེན་པོ་
བཅིངས་ཏེ། བཅོམ་ལྡན་འདས་ལ་རྡོ་རྗེའི་ལྟ་བས་བལྟ་ཞིང་རྡོ་རྗེ་ཐལ་མོས་བསྐོར་བས་ཕྱག་བྱ་ཞིང་མེ་ཏོག་གི་ཕྲེང་བ་ལ་སོགས་པ་དང་། དབང་བསྐུར་བ་རྣམས་བླང་བར་བྱ་སྟེ། དེ་ལ་དང་པོ་ཁོ་ནར་དམ་ཚིག་གི་ཕྱག་རྒྱས་ཡོངས་སུ་བཟུང་བའི་རྡོ་རྗེའི་མེ་ཏོག་གི་ཡལ་ག་ལས་རྣམ་པར་རྒྱལ་
བའི་བུམ་པ་ལ་བཟླས་བརྗོད་ཉི་ཤུ་རྩ་གཅིག་བྱས་ལ། ཨོཾ་མ་ཧཱ་སུ་ཁ་བཛྲ་ཨ་མོ་གྷ་ས་མ་ཡོ་ད་ཀ་སིདྡྷྱ་ཨ་བྷི་ཥིཉྩ་སརྦ་སུ་ཁ་སོ་མ་ན་སྱ་ནི་ཨདྡྱ་ཀུ་རུ་ཀུ་རུ་ཛཿཧཱུྃ་བཾ་ཧོཿཨ་ཞེས་བྱ་བ་བརྗོད་དོ། །དེ་ནས་བདག་ཉིད་རྣམ་པར་སྣང་མཛད་དུ་བྱིན་གྱིས་བརླབས་ལ། དམ་ཚིག་གི་ཕྱག་རྒྱས་རྣལ་འབྱོར་
ཆེན་པོར་གསུངས་པའི་གནས་རྣམས་སུ་རང་གི་ལུས་ལ་ལྷ་ཐམས་ཅད་དགོད་པར་བྱས་ནས། ཕྱི་རོལ་དུ་དཀྱིལ་འཁོར་གྱི་ནང་དུ་སྣ་ཚོགས་པདྨའི་སྟེང་དུ་ཕྱག་རྒྱ་ཆེན་པོའི་ཚུལ་གྱིས་འདུག་ནས། མེ་ཏོག་ལ་སོགས་པས་བདག་ཉིད་ཡང་དག་པར་མཆོད་དེ། མཆོད་ཡོན་བླངས་ནས། མཚན་བརྒྱ་རྩ་
བརྒྱད་པས་བསྟོད་ལ། རྡོ་རྗེ་ཁུ་ཚུར་གྱིས་རྣམ་པར་རྒྱལ་བའི་བུམ་པ་ལས་ཆུ་བླངས་ལ། ཨོཾ་བཛྲ་ཨ་བྷི་ཥིཉྩ་ཨ་ཞེས་བརྗོད་དེ། དེས་བདག་ཉིད་དབང་བསྐུར་བར་བྱ་ཞིང་ཆུ་དེ་བཏུང་བར་ཡང་བྱའོ། །དེ་ནས་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱས་དབང་བསྐུར་བ་བླངས་ལ། ལུགས་མའམ། བྱས་པའམ། བརྐོས་
པའམ། བྲིས་པའི་རྡོ་རྗེ་རིན་པོ་ཆེའི་ཅོད་པན་རྡོ་རྗེ་རིན་ཆེན་ཡོངས་སུ་བཟླས་པས་དབང་བསྐུར་བར་བྱའོ། །དེ་ནས་རྡོ་རྗེ་དང་། བདག་པོ་དང་། མིང་གི་དབང་བསྐུར་བ་བླངས་ལ། དངོས་གྲུབ་ཀྱི་རྡོ་རྗེའི་བརྟུལ་ཞུགས་བླང་བར་བྱའོ། །དེ་ནས་མེ་ཏོག་ལ་སོགས་པ་ཕྱིའི་མཆོད་པ་རྣམས་ཀྱིས་ཀྱང་
བདག་ཉིད་ཡང་དག་པར་མཆོད་དེ། དེ་ནས། དེ་ཉིད་ཀྱིས་ནི་རྡོ་རྗེ་བཟུང་། །ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱ། །དམ་ཚིག་གི་ནི་ཕྱག་རྒྱ་ཆེར། །བྱིན་གྱིས་བརླབས་ནས་སྙིང་པོ་བཟླ། །ཞེས་བྱ་བ་དག་གོ། །དེ་ནས་བཅོམ་ལྡན་འདས་ལ་ཕྱག་བྱས་ལ། གསང་སྔགས་བཟུང་སྟེ། ཚིགས་སུ་བཅད་པ་ལྔ་

པས་རྗེས་སུ་གནང་བ་དང་། གཟེངས་བསྟོད་པ་དང་། ལུང་བསྟན་པ་དག་ཀྱང་བླང་བར་བྱའོ། །དེ་ནས་ཡང་བདག་ལ་བྱིན་གྱིས་བརླབས་པ་ལ་སོགས་པ་བྱས་ལ། ཅི་འདོད་པར་བཟླས་པ་བྱས་ནས། བཅོམ་ལྡན་འདས་ལ་ཕྱག་བྱས་ཏེ་འདི་སྐད་ཅེས་བརྗོད་པར་བྱའོ། །བདག་
མིང་འདི་ཞེས་བགྱི་བ་ཡི། །རྡོ་རྗེ་སློབ་དཔོན་དཀའ་ཐུབ་ཆེས། །སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །སློབ་མ་རྣམས་ནི་གཞུག་པར་བགྱི། །དེ་ནས་ཕྱིར་ཕྱུང་ལ། སློབ་མ་རྣམས་གཞུག་པར་བྱ་སྟེ། འདི་ནི་སློབ་དཔོན་གྱི་ལས་ཀྱི་ཆོ་གའོ། །དེ་ནས་སྡོམ་པ་སྦྱིན་པར་འོས་པའི་སློབ་མ་ལ་སྔར་
བཤད་པའི་ཚུལ་གྱིས་སྡོམ་པ་འཛིན་དུ་གཞུག་པར་བྱའོ། །དེ་ནས་དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལ་སོགས་པ་ཡང་བྱེད་དུ་བཅུག་ནས། དེའི་སྙིང་གར་དེ་བཞིན་དུ་རྡོ་རྗེ་བསྐྱེད་ལ། དེ་རྣམ་པར་སྣང་མཛད་དུ་བྱིན་གྱིས་བརླབས་ཏེ། དྲི་དང་མེ་ཏོག་ལ་སོགས་པས་མཆོད་ལ། འདི་སྐད་ཅེས་
བརྗོད་པར་བྱ་སྟེ། དེང་ཁྱོད་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས་པར་འགྱུར་གྱིས། ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསང་བའི་དཀྱིལ་འཁོར་མ་མཐོང་བ་རྣམས་ལ་བརྗོད་པར་མི་བྱ་ཞིང་། དད་པ་མེད་པར་ཡང་མ་བྱེད་ཅིག །དེ་ནས་ལྔ་པོ་བསྡུས་པ་བཅིངས་ལ། འདི་སྐད་ཅེས་
བརྗོད་པར་བྱ་སྟེ། འདི་ནི་ཁྱོད་ཀྱི་དམ་ཚིག་གསང་། །སངས་རྒྱས་ཀུན་གྱིས་རབ་བསྒྲུབ་པ། །གལ་ཏེ་དཀྱིལ་འཁོར་མ་མཐོང་སྨྲས། །རིགས་རྣམས་ཀུན་གྱིས་ཁྱོད་བརླག་འགྱུར། །ཨོཾ་མ་ཧཱ་སུ་ཁ་ཧ་ན་ས་མ་ཡ་ཨ་དྷི་ཀྲ་མ་མི་སུ་ར་ཏ་སྟྭཾ། དེ་ནས་ཡོན་གྱི་མཆོག་བླངས་ལ། ཕྱི་རོལ་གྱི་སྒོ་ལ་
མངོན་པར་ཕྱོགས་ནས་གནས་པའི་བུམ་པའི་ཆུས་དབང་བསྐུར་ལ། བདག་ཉིད་འཇུག་པའི་ཚུལ་དུ་བཅུག་ནས། ཆོ་ག་ཐམས་ཅད་སྔ་མ་བཞིན་དུ་རྗེས་སུ་སྤྱོད་ལ། དམ་ཚིག་འདི་སློབ་མ་རྣམས་ཀྱི་རྣ་བར་བསྒྲག་པར་བྱ་སྟེ། སེམས་ཅན་ཀུན་ལ་ཕན་ཕྱིར་དང་། །བསྟན་པ་ཐམས་ཅད་བསྒྲུབ་པའི་ཕྱིར། །
རྣམ་པར་མི་རྟོག་སྦྱོར་བ་ཡིས། །ཅི་བདེ་བར་ནི་ཐམས་ཅད་ཀྱིས། །ལྷག་མ་རྣམས་ནི་སྔར་བཤད་པ་བཞིན་དུ་ཤེས་པར་བྱའོ། །སློབ་མ་ཞུགས་པ་ལ་སོགས་པའི་ཆོ་ག་རྒྱས་པ་རྫོགས་སོ།། །།དེ་ལྟར་དབང་བསྐུར་བ་དང་། དམ་ཚིག་ཐོབ་པ་རྣམས་ལ། སློབ་དཔོན་གྱི་དངོས་གྲུབ་ཀྱི་ཡེ་ཤེས་

བསླབ་པར་བྱའོ་ཞེས་བྱ་བ་འདིའི་དོན་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བའི་སྒྲ་ནི་སྔ་མ་བཞིན་ནོ། །འདིས་བསྒྲུབ་པར་བྱ་བ་ཡིན་པས་ན་བསྒྲུབ་པ་སྟེ། རས་རིས་ལ་སོགས་པའོ། །དེ་ཉིད་བསྟན་པའི་ཕྱིར། རས་ལ་བཅོམ་ལྡན་འདས་
རྣམ་པར་སྣང་མཛད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་དག་ནི་གོ་བར་ཟད་དོ། །དེ་ནས་དེས་དེ་བཞིན་དུ་སེམས་དཔའ་མཆོག་བསྒྲུབ་པ་དང་ཞེས་བྱ་བ་ནི། ཇི་ལྟར་དཔལ་རྡོ་རྗེ་སེམས་དཔའི་བསྒྲུབ་པ་བཤད་པ་དེ་བཞིན་དུ། འདིར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་བསྒྲུབ་པ་ལ་ཡང་
ཤེས་པར་བྱའོ། །དངོས་གྲུབ་མཆོག་རྣམས་ཀྱང་དེ་བཞིན་ནོ་ཞེས་བྱ་བ་ནི། ཇི་ལྟར་དེར་རྡོ་རྗེ་སེམས་དཔའི་རས་རིས་ལ་སངས་རྒྱས་ཉིད་དང་། རྡོ་རྗེ་སེམས་དཔའ་ཉིད་ཀྱི་དངོས་གྲུབ་ཀྱི་མཆོག་ཏུ་གྱུར་པ་དེ་བཞིན་དུ་འདིར་ཡང་གྲུབ་པར་བཤད་པ་ཡིན་ནོ། །འདི་སྐད་སྟོན་པ་ཡིན་ཏེ། ཟླ་བ་ཉ་ནས་བརྩམས་
ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྤྱན་སྔར་རྡོ་རྗེའི་ཕྱག་རྒྱ་བཅིངས་ཏེ། ཇི་ལྟར་སྐྱོ་བར་མ་གྱུར་པས། དང་པོ་བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ལ། རྡོ་རྗེ་ཚིག་གིས་ཨ་ཞེས་བྱ་བ་ཇི་སྲིད་ཟླ་བ་གཅིག་གིས་སྔོན་དུ་བསྙེན་པ་བྱས་པར་འགྱུར་བ་དེ་ཇི་སྲིད་ཀྱི་བར་དུ་བཟླས་བརྗོད་
བྱའོ། །དེ་ནས་རས་ལ་རྡོ་རྗེ་བྲི་བའི་ཕྱག་རྒྱ་དང་པོར་བརྩམ་ཞིང་། ཕྱིས་ཅི་བདེར་བྱ་བ་དང་། བྲི་བའམ། འདྲིར་གཞུག་པར་བྱ་སྟེ། དབུས་སུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཕྱག་གཉིས་བྱང་ཆུབ་མཆོག་གི་ཕྱག་རྒྱ་དང་ལྡན་པར་བྲི་བར་བྱའོ། །དེ་བཞིན་དུ་གཞན་ཐམས་ཅད་ནི་དམ་ཚིག་གི་
དཀྱིལ་འཁོར་ཆེན་པོའི་ཚུལ་དུ་བྱའོ་ཞེས་བྱ་བ་ནི། དེ་ནས་ཟླ་བ་ཉ་ནས་བརྩམས་ཏེ། བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ལ། དེ་བཞིན་དུ་སྔོན་དུ་བསྙེན་པའི་སྦྱོར་བས་ཟླ་བ་ཕྱི་མ་ཉའི་བར་དུ་བཟླས་བརྗོད་བྱ་ཞིང་། དེའི་ཚེ་མཚན་ཐོག་ཐག་བཟླས་བརྗོད་བྱའོ། །དེ་ནས་ནང་པར་བཅོམ་ལྡན་འདས་ཀྱིས་
མཐོང་བ་སྩལ་ནས། སངས་རྒྱས་ཉིད་དང་བྱང་ཆུབ་སེམས་དཔའ་ཉིད་སྩོལ་བར་འགྱུར་རོ་ཞེས་བྱའོ། །གཞན་ཡང་རས་ལ་བཅོམ་ལྡན་འདས་དཔའ་བོ་གཅིག་པུ་བྲིས་ཏེ་ཞེས་བྱ་བ་ནི། སྔ་མ་བཞིན་དུ་བསྙེན་པ་བྱས་པའོ། །བཅོམ་ལྡན་འདས་དཔའ་བོ་གཅིག་པོ་རས་ལ་བྲི་བར་བྱའོ་ཞེས་བྱ་བ་ནི། དེ་ནས་ཟླ་

བ་ཉ་ནས་བརྩམས་ཏེ། ཕྱག་རྒྱ་ཆེན་པོ་བཅིངས་ལ། བཟླས་བརྗོད་འབུམ་བྱའོ། །དེ་ནས་ཟླ་བ་ཕྱི་མའི་ཉ་ལ་བབ་པ་དང་། མཚན་ཐོག་ཐག་བཟླས་བརྗོད་བྱས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོབ་ཅིང་། ཇི་སྐད་དུ་བཤད་པའི་དངོས་གྲུབ་རྣམས་འགྲུབ་པར་འགྱུར་རོ། །དེ་
ནས་ཞེས་བྱ་བའི་སྒྲ་ནི་འདས་མ་ཐག་པ་སྟེ། སྔོན་དུ་བསྙེན་པའི་རྗེས་ཐོགས་ཉིད་ལའོ། །མ་བསྒྲུབས་པས་ཀྱང་ཞེས་བྱ་བ་ནི། དེ་ནས་རས་རིས་གྲུབ་པ་མ་བསྒྲུབས་པས་སོ། །དཀྱིལ་འཁོར་དུ་ཞུགས་པ་ཙམ་ཉིད་ཀྱི་ལས་རྣམས་འགྲུབ་པར་འགྱུར་ཏེ་ཞེས་བྱ་བ་ནི། ཡེ་ཤེས་བབས་པ་མེད་ཀྱང་
ཞེས་སྟོན་པ་ཡིན་ཏེ། གང་ཞིག་ཡེ་ཤེས་བབས་པར་གྱུར་པ་དེ་ལ་ནི། ལས་རྣམས་བཀླགས་པ་ཙམ་ཉིད་ཀྱིས་ཤིན་ཏུ་འགྲུབ་པར་འགྱུར་རོ་ཞེས་ཤེས་པར་བྱའོ། །འདི་ལྟ་སྟེ་ཞེས་བྱ་བའི་སྒྲ་ནི་ཉེ་བར་སྟོན་པའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཇི་སྐད་དུ་བཤད་པའི་བསྒྲུབ་པའི་མཆོད་
པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པའོ། །དེ་ཇི་ལྟར་འགྱུར་ཞེ་ན། ཇི་སྙེད་པའི་དེ་བཞིན་གཤེགས་པའི་བདེ་བ་ཐམས་ཅད་ཕུལ་བས་སོ་ཞེས་བྱ་བ་གསུངས་ཏེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་སྒོམ་པས་སོ། །བསྒོམ་པའི་རང་བཞིན་གྱིས་བདེ་བ་གང་ཞིག་
བྱུང་བར་གྱུར་པ་དེ་རྣམས་ནི་ཆུང་ངུ་དང་། འབྲིང་དང་ཆེན་པོ་རྣམས་ཇི་སྙེད་པ་སྟེ། ཇི་ལྟར་ཐོབ་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེ་བ་རྣམས་སོ། །དེ་རྣམས་དབུལ་བ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་གྱི་ངོ་བོ་ཉིད་དུ་སེམས་ཅན་ཐམས་ཅད་བསྐྱེད་པར་ཡང་དང་
ཡང་དུ་བསྒོམས་པས་ཕུལ་བ་སྟེ། དེས་ནི་དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པར་འགྱུར་རོ། །སངས་རྒྱས་ནི་ཇི་སྐད་དུ་བཤད་པ་རྣམས་སོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་ནས། བསྐལ་པ་བཟང་པོའི་མཐར་ཐུག་པའི་བར་རོ། །དེ་རྣམས་ལ་
མཆོད་པར་ཇི་ལྟར་འགྱུར་ཞེ་ན། བདག་ཕུལ་བས་སོ་ཞེས་བྱ་བ་གསུངས་ཏེ། ཕྱག་འཚལ་བ་བཞིའི་སྦྱོར་བས་བདག་ཉིད་ཕུལ་ནས་ཞེས་བྱ་བའི་དོན་ཏོ། །དཀོན་མཆོག་གསུམ་ནི་སངས་རྒྱས་དང་། ཆོས་དང་། དགེ་འདུན་ཏེ། འོག་ནས་བཤད་པའི་མཚན་ཉིད་ཅན་ཏེ། སངས་རྒྱས་ཆོས་དང་

དགེ་འདུན་ནི། །དམ་ཚིག་ཆེན་པོ་གསུམ་འདི་ཡིན། །རས་ལ་དཀོན་མཆོག་གསུམ་དང་ནི། །བྱང་ཆུབ་སེམས་དཔའ་གཟུགས་མཆོག་བྲི། །ཞེས་བྱ་ལ་སོགས་པ་བཤད་པས་སོ། །དེ་རྣམས་ལ་མཆོད་པར་ཇི་ལྟར་འགྱུར་ཞེ་ན། མེ་ཏོག་ལ་སོགས་པའི་བཟླས་པས་སོ་ཞེས་བྱ་བ་གསུངས་
ཏེ། རབ་ཏུ་དགའ་བ་དང་། ཤིན་ཏུ་དགའ་བ་དང་། སྤྱན་དང་། ལྷ་མོ་དཔལ་ཆེན་བཞིའི་སྙིང་པོ་བཟླ་ཞིང་ཕྱག་རྒྱ་དང་ལྡན་པས་སོ་ཞེས་བྱ་བའི་དོན་ཏོ། །སེམས་ཅན་ཐམས་ཅད་ནི། ཁམས་གསུམ་ན་སྤྱོད་པ་རྣམས་སོ། །དེ་རྣམས་ལ་མཆོད་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་
སུ་བསྐྱེད་པ་སྟེ། ཁམས་གསུམ་པ་རྡོ་རྗེ་སེམས་དཔའི་སྐུར་བསྒོམས་པས། དེས་ཁམས་གསུམ་ན་གནས་པའི་སེམས་ཅན་ཐམས་ཅད་རྣམ་པར་བྱང་ངོ་ཞེས་བྱ་བ་འདི་ཉིད་ཀྱི་འོག་ནས་གསུངས་པ་སྟེ། ཐམས་ཅད་ལ་བྱམས་པའི་བཟླས་པས་སོ་ཞེས་བྱ་བ་ནི། ཁམས་གསུམ་གྱི་རྡོ་རྗེ་
རྒྱས་པར་འཁོར་ལོ་ཆེན་པོ་ཐོག་མ་མེད་པ་ལས་བྱུང་བ་བསྒོམས་པས་སོ། །ཁམས་གསུམ་མ་ལུས་པ་ན་སྤྱོད་པའི་སེམས་ཅན་གྱི་ཁམས་ཐམས་ཅད་རྡོ་རྗེ་སེམས་དཔའ་ཉིད་དུ་བྱ་བའི་ཕྱིར། བཟླས་པ་ནི་ཐམས་ཅད་ལ་བྱམས་པའི་བཟླས་པ་སྟེ། བཟླས་པ་དེས་སེམས་ཅན་ཐམས་ཅད་
ལ་མཆོད་པར་འགྱུར་རོ། །ཆོས་ཐམས་ཅད་བསྡུས་པ་ནི། བྱང་ཆུབ་ཀྱི་སེམས་ཆེན་པོ་དང་། སྦྱིན་བའི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་ཉེ་བར་ལེན་པའོ། །དེ་ཇི་ལྟར་འགྱུར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚིག་
བཞི་པོ་འདོན་པས་སོ་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་སྲ་བ་ཉིད་ཀྱི་ཕྱིར་རྡོ་རྗེ་མཉམ་པ་ཉིད་ཀྱི་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་བྱང་ཆུབ་ཆེན་པོའོ་ཞེས་བྱ་བ་ནས། ཐམས་ཅད་རྣམ་པར་མི་རྟོག་པ་ཉིད་ཀྱི་ཕྱིར་ཐམས་ཅད་མཉམ་པ་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་བྱང་ཆུབ་ཆེན་པོའོ་ཞེས་
གསུངས་པའི་བར་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚིག་བཞི་འདོན་པ་སྟེ། དེས་བྱང་ཆུབ་ཀྱི་སེམས་ཆེན་པོ་ལ་སོགས་པའི་ཆོས་རྣམས་བསྡུས་པར་གྱུར་པ་ཡིན་ཞིང་། དེ་ལྟ་བུའི་ཡེ་ཤེས་སྐྱེ་བར་འགྱུར་རོ། །བདུད་ཐམས་ཅད་འདུལ་བ་ལ་ནི་བརྟན་ཞིང་ངེས་པའི་བཟླས་པས་སོ་ཞེས་བྱ་

བས་ནི། གང་གི་ཚེ་སྒྲུབ་པ་དང་རབ་ཏུ་ལྡན་པའི་རྣལ་འབྱོར་པ་ལ་བདུད་དག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཟུགས་ཀྱི་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཡུལ་ལས་རྣལ་འབྱོར་པའི་སེམས་ཕྱིར་ཕྱོགས་པར་བྱ་བའི་ཕྱིར་འཇུག་པ་མཐོང་
ན། དེའི་ཚེ་བཅོམ་ལྡན་འདས་མི་བསྐྱོད་པའི་ས་གནོན་གྱི་ཕྱག་རྒྱ་བཅིངས་ལ། ཆོས་ཐམས་ཅད་བདག་མེད་པར་བསྒོམ་ཞིང་། ཨ་ཞེས་བྱ་བའི་བཟླས་བརྗོད་བྱ་སྟེ། དེ་ལྟ་བུ་བརྟན་ཞིང་ངེས་པའི་བཟླས་པས་ནི་བདུད་ཐམས་ཅད་འདུལ་བར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་
དབང་བསྐུར་བ་ཐོབ་པ་ལ་ནི་ཞེས་བྱ་བ་ལ་སོགས་པ་ལ་འཕགས་པ་ནམ་མཁའི་སྙིང་པོར་བདག་ཉིད་བསམས་ལ། རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱ་བཅིངས་ཏེ། ཨ་ཞེས་བྱ་བ་ཟློས་ཤིང་། དེ་བཞིན་གཤེགས་པ་ཐམས་ཅད་ལ་དབང་བསྐུར་བ་དང་། རྒྱན་ཐམས་ཅད་ཀྱིས་ཡང་དག་པར་མཆོད་དེ། ཡང་
བདག་ཉིད་དེས་དབང་བསྐུར་ཞིང་། བདག་ཉིད་ཀྱིས་བདག་ཉིད་ལ་རྒྱན་ཐམས་ཅད་གདགས་པར་བྱ་སྟེ། དེ་ལྟ་བུས་ནི་དབང་ཐམས་ཅད་ཐོབ་པར་འགྱུར་རོ། །ཆོས་ཐམས་ཅད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེའི་ཐོབ་པ་ཉིད་ནི་རྙེད་པའོ། །དེ་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་པདྨ་ལ་ལྟ་བས་སོ་
ཞེས་བྱ་བ་གསུངས་ཏེ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཕྱག་རྒྱ་ཆེན་པོ་ནི་རྡོ་རྗེ་པདྨ་ལ་ལྟ་བ་སྟེ། དེ་ཆོས་ཉིད་ཐམས་ཅད་འཐོབ་པར་འགྱུར་རོ། །དེ་ཡང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཕྱག་རྒྱ་ཆེན་པོ་བཅིངས་པས། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་
པར་དག་པར་བསྒོམ་ཞིང་། ཨ་ཞེས་བྱ་བའི་བཟླས་བརྗོད་བྱ་སྟེ། དེ་ལྟ་བུས་ནི་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱི་ཏིང་ངེ་འཛིན་འཐོབ་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་ནི་འགྲོ་བའི་དོན་བྱ་བ་དང་། མཆོད་པའི་
ལས་རྣམས་སོ། །དེའི་དངོས་གྲུབ་ནི་རྫོགས་པར་འགྱུར་བའོ། །དེ་ཐོབ་པ་ནི་མངོན་སུམ་དུ་གྱུར་པའོ། །དེ་ཇི་ལྟར་འགྱུར་ཞེ་ན། ཐམས་ཅད་རྡོ་རྗེའི་ལས་ཀྱི་མཆོག་གིས་སོ་ཞེས་བྱ་བ་གསུངས་ཏེ། དང་པོའི་རྡོ་རྗེའི་ཕྱག་རྒྱ་བཅིངས་ལ། བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་ལས་ཀྱི་གཟུགས་

སུ་བདག་ཉིད་བསམས་ཏེ། ཨ་ཞེས་བྱ་བ་བཟླས་ནས། དེའི་འོག་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལས་ཀྱི་དངོས་གྲུབ་ཐོབ་པར་འགྱུར་རོ། །སངས་རྒྱས་ཉིད་ཅེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་ཉིད་རབ་ཏུ་འཐོབ་པ་ནི་འཚང་རྒྱ་བར་འགྱུར་བ་ཉིད་ཐོབ་པའོ། །དེ་ཇི་ལྟར་
འགྱུར་ཞེ་ན། རྡོ་རྗེ་ཡེ་ཤེས་ཀྱི་ཁུ་ཚུར་གྱི་དེ་ཁོ་ན་ཉིད་ཀྱི་ཕྱག་རྒྱ་ཆེན་པོས་སོ་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་ཡེ་ཤེས་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །དེ་སྟོན་པར་བྱེད་པའི་ཁུ་ཚུར་ནི་བྱང་ཆུབ་མཆོག་གི་ཕྱག་རྒྱའོ། །དེ་ཉིད་ནི་དེ་ཁོ་ན་ཉིད་ཀྱི་ཕྱག་རྒྱ་ཆེན་པོ་སྟེ། ཀུན་རྫོབ་ཀྱི་བདེན་པའི་
ངོ་བོ་ཉིད་དེ། ཕྱག་རྒྱ་ཆེན་པོ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུའི་གསང་བའི་ངོ་བོ་ཉིད་ཀྱི་ཕྱག་རྒྱའོ་ཞེས་བྱ་བའི་དོན་ཏོ། །འདི་སྐད་སྟོན་པར་འགྱུར་རོ། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྦྱོར་བ་ཇི་ལྟ་བ་བཞིན་བྱས་ལ་དེའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། རྣམ་པར་སྣང་
མཛད་དུ་བདག་ཉིད་བསྒོམས་ནས། ཨ་ཞེས་བྱ་བ་བཟླས་ནས་དེ་ལྟ་བུས་ནི་སངས་རྒྱས་ཉིད་འགྲུབ་བར་འགྱུར་རོ་ཞེས་པའོ། །བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པ་ནི་གཉིས་སུ་མེད་པ་སྟེ། བྱང་ཆུབ་སེམས་དཔའ་ལ་སོགས་པ་དེ་བཞིན་གཤེགས་པའི་ཡེ་ཤེས་བཞིའི་ངོ་བོ་ཉིད་དོ། །དེའི་དམ་ཚིག་ནི་
དེ་ལས་བྱུང་བ་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པའི་ཚུལ་དང་། དེའི་རིགས་ཀྱི་ངོ་བོ་ཉིད་དེ་སྟོན་པའི་སྒྲའི་ཚོགས་ལ་ཡང་ཉེ་བར་གདགས་པས་དེ་སྐད་ཅེས་བྱའོ། །དེ་དག་ཉིད་ནི་ཆོས་དང་དོན་དང་ངེས་པའི་ཚིག་དང་། སྤོབས་པ་སོ་སོ་ཡང་དག་པར་རིག་པའི་རྣམ་པར་རྟོག་པའི་
ངོ་བོ་ཉིད་དུ་གྱུར་པས་ན་རྟོག་པ་སྟེ། དེ་སྟོན་པའི་སྒྲའི་ཚོགས་ལ་ཡང་དེ་སྐད་ཅེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ནི་རྟོག་པ་གཞན་རྣམས་ལས་མཆོག་ཏུ་གྱུར་ཅིང་ཚུལ་དེ་ཉིད་ཀྱིས་གཞན་རྣམས་ཟིལ་གྱིས་ནོན་པས་མཛེས་ཤིང་འབར་བའི་ཕྱིར། རྟོག་པའི་རྒྱལ་པོ་ཆེན་པོ་སྟེ། རྟོག་པའི་རྒྱལ་
པོ་ཆེན་པོ་དེ་ལས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ནི། བྱང་ཆུབ་ཀྱི་སེམས་ཆེན་པོ་ལ་སོགས་པའི་ངོ་བོ་ཉིད་དོ། །དེ་ཉིད་ནི་རྣམ་པར་རྟོག་པ་ཐམས་ཅད་ཀྱིས་མི་ཤིགས་པས་ན་རྡོ་རྗེའོ། །དེ་རྣམས་ཀྱི་དམ་ཚིག་ནི་དེ་ཁོ་ན་ཉིད་བཅུ་སྟེ། མིང་དེ་སྐད་ཅེས་བཏགས་པའི་

རྟོག་པའི་རྒྱལ་པོ་རྫོགས་སོ་ཞེས་བྱ་བ་ནི། བྱང་ཆུབ་ཀྱི་སེམས་དང་། ཕྱག་རྒྱ་ཆེན་པོ་དང་། མེ་ལོང་ལྟ་བུའི་ཡེ་ཤེས་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། ངོ་བོ་ཉིད་ཀྱི་སྐུ་སྟོན་པའི་ངོ་བོ་ཉིད་ཀྱིས་མཐར་ཐུག་གོ་ཞེས་བྱ་བའོ། །དེ་བཞིན་གཤེགས་པའི་
དབུགས་དབྱུང་བའི་བཤད་པ་རྫོགས་སོ།། །།དེ་ལྟར་རང་བཞིན་ཤས་བཟང་ཞིང་ཆ་མཉམ་པ་ལ་སྤྱོད་པའི་སེམས་ཅན་རྣམས་རྗེས་སུ་གཟུང་བར་བྱ་བའི་ཕྱིར། དེ་བཞིན་གཤེགས་པའི་དབུགས་དབྱུང་བ་བཤད་ནས། ད་ནི་ཁྲོ་བས་ཁྲོ་བ་སྤང་བར་བྱ་བའི་ཕྱིར། དཔལ་ཁམས་གསུམ་
རྣམ་པར་རྒྱལ་བའི་དབུགས་དབྱུང་བ་གསུངས་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་པ་སྟེ། སྔར་བཤད་པའི་ཚུལ་གྱིས་འདོད་པའི་ཁམས་ཐམས་ཅད་ཀྱི་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་རྒྱལ་པོའི་གནས་ན། བྱང་ཆུབ་སེམས་དཔའ་ལག་
ན་རྡོ་རྗེ་ལ་སོགས་པས་ཡོངས་སུ་བསྐོར་ནས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་བཞུགས་པ་དང་། དེའི་རྗེས་ཐོགས་ཉིད་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲུབ་པ་འདི་གསུངས་པའོ། །དེ་ལ་མ་རུངས་པ་ནི་སེམས་ཅན་ཉེ་བར་ལེན་པའི་གསོད་པ་ལ་ཞུགས་པའོ། །དེ་རྣམས་འདུལ་བ་
ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་རྡོ་རྗེ་ཧཱུྃ་མཛད་དུ་གྱུར་ནས་འདིས་འདུལ་ཞིང་སེམས་ཅན་གསོད་པའི་གདུག་པ་ཡོངས་སུ་སྤངས་ནས། བྱང་ཆུབ་ཆེན་པོའི་སེམས་བསྐྱེད་པར་མཛད་པས་ན་འདུལ་བའོ། །དེ་བཞིན་དུ་ཐུགས་སུ་ཆུད་ཅིང་སངས་རྒྱས་ལ་དེ་བཞིན་དུ་གསུངས་པས་ན། དེ་
བཞིན་གཤེགས་པའོ། །དེ་ཉིད་ནི་ཤཱཀྱའི་རིགས་སུ་སྤྲུལ་པའི་སྐུས་སྐྱེ་བ་སྟོན་པར་མཛད་པས་ན། ཤཱཀྱ་ཐུབ་པའོ། །དེ་ཉིད་ནི་རྡོ་རྗེ་སྲ་བ་ཉིད་ཀྱི་ཕྱིར་མཉམ་པ་ཉིད་ཀྱིས་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་བྱང་ཆུབ་ཆེན་པོའོ་ཞེས་བྱ་བ་ལ་སོགས་པ་སྔར་གསུངས་པ་ལ་ལྟོས་ནས། ཡང་གཞན་
དག་ཀྱང་སྟོན་པར་མཛད་པ་ནི་ཡང་ཞེས་བྱ་བའི་སྒྲས་བཤད་པ་ཡིན་ནོ། །ཆོས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ཆོས་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་ཆོས་ཐམས་ཅད་དེ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་དོ། །དེ་རྣམས་ཀྱི་མཉམ་པ་

ཉིད་ནི་དེ་བཞིན་ཉིད་དོ། །དེ་རྣམ་པར་རྒྱལ་བ་ནི་མཉམ་པ་ཉིད་ཀྱི་སྟོབས་ཀྱིས་འདོད་ཆགས་ལ་སོགས་པ་སྤོང་བའོ། །དེའི་བསྡུ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་གང་གིས་འདོད་ཆགས་ལ་སོགས་པ་དངོས་པོ་མེད་པའི་ངོ་བོ་ཉིད་དུ་བསྒོམས་པའི་མཚན་ཉིད་ཀྱིས་སྤོང་
བར་གྱུར་པ་སྟེ། གང་ལ་མིང་དེ་སྐད་ཅེས་བྱ་བ་ནི། ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱིས་རྣམ་པར་རྒྱལ་བ་བསྡུ་བ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒྲུབ་པ་འདི་གསུངས་པ་དེ་འཆད་པར་མཛད་པའོ། །འདོད་ཆགས་སྤྲོ་བ་མེད་པ་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་འདོད་
ཆགས་ནི་བྱང་ཆུབ་ཀྱི་སེམས་ཆེན་པོ་དང་། ཉོན་མོངས་པ་རྣམས་ཀྱི་ངོ་བོ་ཉིད་དོ། །དེའི་སྤྲོས་པ་ནི་དེ་བཞིན་གཤེགས་པའི་རིགས་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། ངོ་བོ་ཉིད་ཀྱི་སྐུའི་རང་བཞིན་གྱིས་རྣམ་པ་སྣ་ཚོགས་པའི་ཚུལ་དུ་རྣམ་པར་རྟོག་ཅིང་བྱང་ཆུབ་སེམས་དཔའི་ངོ་བོ་
ཉིད་དང་། ཉོན་མོངས་པའི་ངོ་བོ་ཉིད་ལ་ཆགས་པའི་མཚན་ཉིད་ཀྱི་རྗེས་སུ་ཆགས་པ་དང་། འདོད་པའི་འདོད་ཆགས་དང་། སྲིད་པའི་འདོད་ཆགས་ཁ་དོག་དང་དབྱིབས་དང་། རེག་པ་དང་། ཉེ་བར་སྤྱོད་པའི་དབྱེ་བས་སྣ་ཚོགས་པའི་ཚུལ་དུ་རྣམ་པར་རྟོག་པ་ནི་སྤྲོས་པའོ། །མ་སྤྲོས་པས་ན་
སྤྲོས་པ་མེད་པ་སྟེ། དོན་དམ་པར་འདོད་ཆགས་རྗེས་སུ་མི་དམིགས་པའོ། །འདོད་ཆགས་ཀྱི་སྤྲོས་པ་མེད་པར་གྱུར་པ་ནི། འདོད་ཆགས་སྤྲོས་པ་མེད་པ་སྟེ། དེ་རྒྱུར་གྱུར་པས་ནི། ཞེ་སྡང་སྤྲོས་པ་མེད་པ་ཉིད་དོ། །དེ་ལ་ཞེ་སྡང་ནི་རྡོ་རྗེའི་རིགས་དང་ཉོན་མོངས་པ་རྣམས་ཀྱི་ངོ་བོ་ཉིད་ཀྱིས་སེམས་
ཅན་རྣམས་ལ་གནོད་ཅིང་ཕན་པ་མ་ཡིན་པའི་ཚུལ་ཏེ། རྡོ་རྗེ་རིགས་ཀྱི་ངོ་བོ་ཉིད་དེ་ལ་རྡོ་རྗེ་ཧཱུྃ་མཛད་ལ་སོགས་པའི་གཟུགས་ཀྱིས་སྣ་ཚོགས་པའི་ཚུལ་དུ་རྣམ་པར་རྟོག་པའི་སྤྲོས་པ་དང་། ཉོན་མོངས་པའི་ངོ་བོ་ཉིད་མནར་སེམས་དགུ་པོའི་དངོས་པོའི་དབྱེ་བ་དང་གནས་མེད་པ་ལ་འཁྲུལ་པ་ནི་
བཅུ་པ་སྟེ། དེ་དག་གི་ངོ་བོ་ཉིད་སྣ་ཚོགས་པའི་ཚུལ་དུ་རྣམ་པར་རྟོག་པ་ནི་སྤྲོས་པའོ། །མ་སྤྲོས་པས་ན་སྤྲོས་པ་མེད་པ་སྟེ། དོན་དམ་པར་ཞེ་སྡང་ནི་དངོས་པོ་མེད་པའི་ངོ་བོ་ཉིད་དོ། །ཞེ་སྡང་གི་སྤྲོས་པ་མེད་པར་གྱུར་པ་ཉིད་ནི། ཞེ་སྡང་གི་སྤྲོས་པ་མེད་པ་དེས། གཏི་མུག་སྤྲོས་པ་མེད་པ་ཉིད་

དོ། །གཏི་མུག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དེ། གཟུང་བ་དང་། འཛིན་པའི་རྣམ་པར་རྟོག་པ་མེད་པས་འཇིག་རྟེན་གྱི་དབང་ཕྱུག་ཡོངས་སུ་མི་ཤེས་པ་དང་། མ་རིག་པ་ནི་གཏི་མུག་གོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ལ་འགྲོ་བ་འདུལ་བ་ལ་སོགས་པའི་
གཟུགས་ཀྱིས་སྣ་ཚོགས་པའི་ཚུལ་དུ་རྣམ་པར་རྟོག་པ་ནི་སྤྲོས་པའོ། །མ་རིག་པའི་ངོ་བོ་ཉིད་ཀྱིས་ཀྱང་རྨོངས་པའི་བདག་ལ་ཆགས་པ་ལ་སོགས་པ་ལྟ་བ་དྲུག་ཅུ་རྩ་གཉིས་ཀྱི་ཚུལ་དུ་རྣམ་པར་རྟོག་པ་ནི་སྤྲོས་པའོ། །མ་སྤྲོས་པས་ན་སྤྲོས་པ་མེད་པ་སྟེ། དོན་དམ་པར་ནི་གཏི་མུག་ལ་གཏི་མུག་
གི་དངོས་པོ་མི་དམིགས་པའི་ཕྱིར་རོ། །ཚིག་གི་དགོད་པ་གཞན་ནི་སྔ་མ་བཞིན་ནོ། །གཏི་མུག་གི་སྤྲོས་པ་མེད་པ་ཉིད་ཀྱིས་ཆོས་ཐམས་ཅད་ཀྱི་སྤྲོས་པ་མེད་པ་ཉིད་དོ་ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་གཏི་མུག་གི་སྤྲོས་པ་མེད་པ་ཉིད་ཀྱིས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ཅན་སེམས་
དང་སེམས་ལས་བྱུང་བའི་འཁོར་བ་པའི་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་ཀྱི་རྣམ་པར་ཤེས་པའི་ངོ་བོ་ཉིད་ཀྱིས་ཆོས་ཐམས་ཅད་ནི་སྤྲོས་པ་མེད་པ་ཉིད་དོ། །དེ་ལ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དང་། དོན་ཡོད་པར་གྲུབ་པ་ལ་སོགས་པའི་དབྱེ་བས་རྣམ་པ་དུ་མའི་ཚུལ་དུ་
རྣམ་པར་རྟོག་པ་ནི་སྤྲོས་པའོ། །འཁོར་བའི་ཆོས་ཐམས་ཅད་ཀྱང་ཇི་སྐད་དུ་བཤད་པའི་མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་དབྱེ་བས་སྣ་ཚོགས་པའི་ཚུལ་དུ་རྣམ་པར་རྟོག་པ་ནི་སྤྲོས་པའོ། །མ་སྤྲོས་པས་ན་སྤྲོས་པ་མེད་པ་སྟེ་དེ་ལྟར་གྱུར་པའོ། །ཆོས་ཐམས་ཅད་སྤྲོས་པ་མེད་པ་ཉིད་
ཀྱིས་ཞེས་བྱ་བ་ལ་སོགས་པ་ལ། འདིར་ཡང་ཆོས་ཐམས་ཅད་ནི་འདོད་ཆགས་དང་ཞེ་སྡང་དང་། གཏི་མུག་གི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་ཇི་སྐད་དུ་གསུངས་པའོ། །དེ་རྣམས་ཀྱི་སྤྲོས་པ་མེད་པ་ནི་ཇི་སྐད་དུ་གསུངས་པའི་མཚན་ཉིད་ཅན་གྱི་ཆོས་ཐམས་ཅད་སྤྲོས་པ་མེད་པར་གྱུར་པའོ། །ཆོས་
ཐམས་ཅད་སྤྲོས་པ་མེད་པར་གྱུར་པ་དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤྲོས་པ་མེད་པ་ཉིད་དུ་རིག་པར་བྱའོ་ཞེས་བྱ་བ་སྟེ། འདོད་ཆགས་དང་ཞེ་སྡང་དང་། གཏི་མུག་གི་ཆོས་ཐམས་ཅད་ནི་དངོས་པོ་མེད་པའི་ངོ་བོ་ཉིད་མངོན་སུམ་དུ་བྱས་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་ཉིད་ཀྱང་ཆོས་

ཐམས་ཅད་ཀྱི་སྤྲོས་པ་མེད་པ་ཉིད་དོ། །གང་གི་ཕྱིར་དེ་ལྟར་ཡིན་པ་དེས་ན་ཆོས་ཐམས་ཅད་ནི་སྤྲོས་པ་མེད་པ་ཉིད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤྲོས་པ་མེད་པ་ཉིད་དུ་རིག་པར་བྱ་ཞིང་ཤེས་པར་བྱ་སྟེ། ཆོས་ཐམས་ཅད་ཀྱི་དངོས་པོ་མེད་པའི་ངོ་བོ་ཉིད་གང་ཡིན་པ་དེ་ཉིད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་དང་དབྱེར་མེད་ཅིང་ཆད་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །འདི་སྐད་སྟོན་པར་འགྱུར་ཏེ། འདོད་ཆགས་ཀྱི་མཉམ་པ་ཉིད་རྟོག་པས་ནི་ཞེ་སྡང་མི་དམིགས་པར་འགྱུར་ལ། ཞེ་སྡང་མི་དམིགས་པས་ནི་གཏི་མུག་མི་དམིགས་ཏེ། དེས་ཀྱང་ཆོས་ཐམས་ཅད་མི་དམིགས་ལ། ཆོས་ཐམས་ཅད་
མི་དམིགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་སུམ་དུ་བྱས་པར་འགྱུར་ཏེ། དེ་ནས་རྡོ་རྗེ་ཧཱུྃ་མཛད་ལ་སོགས་པའི་གཟུགས་ཡང་དག་པར་བསྟན་ནས། སྔན་གྱི་འཕེན་པའི་ཤུགས་ལས་བྱུང་བའི་མ་ཆགས་པ་དང་། མི་སྡང་བ་དང་། མ་རྨོངས་པའི་ཚུལ་གྱིས་ཕྱི་མའི་མཐར་ཐུག་པའི་བར་
དུ་སེམས་ཅན་རྣམས་ཀྱི་དོན་རྫོགས་པར་བྱེད་པར་འགྱུར་རོ། །ལག་ན་རྡོ་རྗེ་གང་ལ་ལ་ཞེས་བྱ་བ་ལ་སོགས་པས་ནི། སྤྲོ་བ་བསྐྱེད་པར་བྱ་བའི་ཕྱིར་སྔ་མ་བཞིན་དུ་ཕན་ཡོན་སྟོན་པར་མཛད་པ་ཡིན་ནོ། །དེས་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་ཉན་པ་དང་། འཛིན་པ་དང་། ཀློག་པ་
དང་། སྒོམ་པ་དང་། རབ་ཏུ་བསྟན་པས་སོ། །འདོད་པ་དང་། གཟུགས་དང་། གཟུགས་མེད་པའི་ཁམས་གཅིག་ཏུ་བསྡུས་པ་ནི་ཁམས་གསུམ་སྟེ། དེར་སྐྱེས་པའི་སེམས་ཅན་ནི་ཁམས་གསུམ་དུ་སྐྱེས་པའི་སེམས་ཅན་ནོ། །དེ་ལྟ་བུའི་སེམས་ཅན་དེ་དག་ཐམས་ཅད་བསད་ཀྱང་ངན་སོང་
གསུམ་དུ་སྐྱེ་བར་མི་འགྱུར་བ་སྟེ། ཀྱང་ཞེས་བྱ་བའི་སྒྲས་ནི་ཉུང་ཟད་ཅིག་བསད་པས་ནི་ཤིན་ཏུ་ཡང་ངན་སོང་དུ་སྐྱེ་བར་མི་འགྱུར་རོ་ཞེས་སྟོན་པ་ཡིན་ནོ། །ཅིའི་ཕྱིར་མི་འགྱུར་ཞེ་ན། འདུལ་བའི་དབང་གི་ཕྱིར་ཞེས་བྱ་བ་གསུངས་ཏེ། འདིར་སེམས་ཅན་རྣམས་འདུལ་བར་འགྱུར་བས་ན་འདུལ་བ་སྟེ། གང་
གི་བསམ་པ་རྣམ་པར་དག་ཅིང་སྙིང་རྗེའི་རང་བཞིན་དུ་གྱུར་པ་དེས་ནི་སེམས་ཅན་རྣམས་ངན་འགྲོ་ལ་སོགས་པའི་སྡུག་བསྔལ་ལས་བསྒྲལ་བར་བྱ་བའི་ཕྱིར་བྱེད་པའི་སེམས་ཀྱི་རིན་པོ་ཆེ་གང་ཡིན་པ་དེའི་དབང་ཞེས་བྱ་བ་ནུས་པ་རྒྱུར་གྱུར་པར་བྱ་བའི་ཕྱིར་ངན་འགྲོར་སྐྱེ་བར་མི་འགྱུར་ཞིང་མྱུར་དུ་བླ་ན་

མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཅེས་བྱ་བ། དེ་བཞིན་གཤེགས་པ་རྣམས་ཀྱི་ཡེ་ཤེས་རྟོགས་ཤིང་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་བ་སྟེ། མངོན་སུམ་དུ་བྱེད་པར་འགྱུར་རོ་ཞེས་བྱ་བའོ། །དེ་ལྟར་དེ་ནས་མ་རུངས་པ་འདུལ་བ་ཞེས་བྱ་བ་ནས་བརྩམས་ཏེ།
མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་བྱ་བ་འདིའི་བར་གྱི་བཤད་པ་དོན་གཞན་ལ་དགོངས་པའི་ཚུལ་གྱིས་ནི་དང་པོའི་སྦྱོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་གསུངས་པ་ཡིན་ནོ། །ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་ཁྲོ་བོའི་དཀྱིལ་འཁོར་གྱི་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གསུངས་པ་ཡིན་ཏེ།
དེ་ནས་ཞེས་བྱ་བའི་སྒྲས་ནི་དེ་མ་ཐག་པའི་དོན་སྟོན་པར་བྱེད་པའི་ཚིག་སྟེ། དང་པོའི་སྦྱོར་བའི་རྗེས་ཐོགས་ཉིད་ལ་ཞེས་པའོ། །ལག་ན་རྡོ་རྗེ་ནི་རྡོ་རྗེ་སེམས་དཔའོ། །ཆོས་ཉིད་འདིའི་དོན་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་བཤད་མ་ཐག་པའོ། །རྒྱ་ཆེར་སྟོན་ཅིང་ཞེས་བྱ་བ་ནི་ཧཱུྃ་ཞེས་བྱ་བའི་
ཡི་གེ་དང་། སྤྲུལ་པ་སྟོན་པར་མཛད་ཅིང་གསལ་བར་མཛད་པའོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྡོ་རྗེ་ཞེས་བྱ་བའི་ཕྱག་རྒྱ་བཅིངས་ནས་ཞེས་བྱ་བ་ནི། ལག་ངར་རྡོ་རྗེར་བྱས་ནས་ནི། །མཐེའུ་ཆུང་ལྕགས་ཀྱུར་བཅིང་བར་བྱ། །མཛུབ་མོ་གཉིས་ཀྱིས་བསྡིགས་ནས་ནི། །འཇིག་རྟེན་
གསུམ་ལས་རྒྱལ་ཞེས་བྱ། །ཞེས་བྱ་བ་ནི། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྡོ་རྗེ་ཞེས་བྱ་བའི་ཕྱག་རྒྱ་སྟེ། དེ་བཅིངས་ནས་ཐུགས་ཀའི་ཕྱོགས་སུ་རྡོ་རྗེ་དྲིལ་བུ་འབར་བ་རྡོ་རྗེ་དང་བཅས་པས་བསྡམས་ནས་སྙིང་པོ་འདི་གསུངས་སོ་ཞེས་བྱ་བར་སྦྱར་རོ། །ཇི་ལྟ་བུའི་རྡོ་རྗེའི་སྙིང་པོ་གསུངས་
ཤེ་ན། ཁྲོ་གཉེར་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁྲོ་གཉེར་ལས་བྱུང་བའི་དཔྲལ་བའི་ཕྱོགས་སུ་བསྙེར་བ་དང་བཅས་པ་ནི་གཉེར་མའོ། །སྨིན་མ་གཉིས་འདེགས་པ་ནི་སྨིན་མ་བཏེག་པ་སྟེ། དེ་ཡང་ཤེས་པར་ཟད་དོ། །ཁྲོ་གཉེར་དང་བཅས་པ་དང་། སྨིན་མ་བཏེག་པ་ནི་ཁྲོ་གཉེར་དང་
བཅས་ཤིང་སྨིན་མ་བཏེག་པ་སྟེ། དེ་གཉིས་དང་ལྷན་ཅིག་གནས་པ་ནི། ཁྲོ་གཉེར་དང་བཅས་ཤིང་སྨིན་མ་བཏེག་སྟེ་འབར་བར་ལྟ་བ་ཞེས་བྱའོ། །སེམས་ཅན་ཚར་གཅོད་པའི་ཕྱིར་ཞེ་སྡང་ནི་ཁྲོ་ཞིང་ཞེས་བྱའོ། །གཞན་དག་སྐྲག་པར་བྱ་བའི་ཕྱིར་ཅུང་ཟད་དགོད་པར་ནི་དགོད་པའོ། །ཞལ་ལས་མཆེ་

བ་ཅུང་ཟད་བཏོན་ནས་གནས་པ་ནི་མཆེ་བ་ཅུང་ཟད་གཙིགས་པ་སྟེ། དེ་ལྟར་ན་ཚུལ་དེ་ལྟ་བུས་འབར་བར་ལྟ་བ་ལ། པདྨའི་གདོང་ཁྲོ་བ་དང་བཅས་པས་དགོད་ཅིང་མཆེ་བ་ཅུང་ཟད་གཙིགས་པས་འཇིགས་སུ་རུང་བའི་ཞལ་གྱི་པདྨ་གང་ལ་མངའ་བ་འདི་ལ་དེ་སྐད་ཅེས་བྱ་སྟེ། ཕྱག་ན་རྡོ་རྗེའོ། །དེ་ནི་
དེ་ལྟ་བུར་གྱུར་པ་འབའ་ཞིག་ཏུ་ཡང་མ་ཟད་ཀྱི། གཡོན་བརྐྱང་བའི་ཚུལ་དུ་གནས་པས་གནས་ནས་ཞེས་བྱ་བ་སྟེ། གཡོན་པའི་བྱིན་པ་བརྐྱང་ནས། པུས་མོ་གཡས་པ་དགུག་པའི་ཚུལ་གྱིས་གནས་པ་ལས་བར་དུ་མཐོ་ལྔས་ཆོད་པར་འཇོག་པ་འདི་ནི། གཡོན་བརྐྱང་བའི་གནས་པས་གནས་
པའི་མཚན་ཉིད་དོ། །དེས་བཞུགས་པས་ན་གཡོན་བརྐྱང་བའི་ཚུལ་དུ་གནས་པས་གནས་ནས་ཞེས་བྱ་བའོ། །དེ་ལྟར་བཞུགས་ནས། མིང་ཇི་སྐད་ཅེས་བྱ་བའི་སྙིང་པོར་གསུངས་ཤེ་ན། རྡོ་རྗེ་ཧཱུྃ་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་ནི་བྱང་ཆུབ་ཆེན་པོའི་མཚན་ཉིད་ཀྱི་སེམས་ཏེ། སྟོང་པ་ཉིད་ནི་རྡོ་
རྗེར་བཤད། ཅེས་གསུངས་པའི་ཕྱིར་རོ། །དེ་ལས་བྱུང་བའི་ཁྲོ་བོ་ནི་རྡོ་རྗེ་ཧཱུྃ་མཛད་དེ། དེ་སྟོན་པར་བྱེད་པའི་སྒྲ་ཧཱུྃ་གི་གཟུགས་ཅན་ཡང་རྡོ་རྗེ་ཧཱུཾ་མཛད་ཡིན་ནོ། །མིང་དེ་སྐད་ཅེས་བཏགས་པའི་ངེས་པའི་ཡེ་ཤེས་དང་། དེ་སྟོན་པའི་སྒྲའི་གཟུགས་ཅན་ནི་སྙིང་པོའོ། །འདི་ཞེས་བྱ་བ་ནི་བློ་ལ་བཞག་
ནས་སྨྲས་པའོ། །གསུངས་སོ་ཞེས་བྱ་བ་ནི་བཀའ་སྩལ་པར་གྱུར་པའོ། །ཧཱུཾ་ཞེས་བྱ་བ་ནི་ཧ་དབྱངས་ཀྱི་ཡི་གེ་ལྔ་པ་དང་བཅས་པ་ལ་ཐིག་ལེ་དང་ལྡན་པ་ནི་རྡོ་རྗེ་ཧཱུཾ་མཛད་ཡིན་པར་ཤེས་པར་བྱའོ། །དེ་ནས་འདི་གསུངས་པ་ཙམ་གྱིས་ཞེས་བྱ་བ་ནི་ཧཱུྃ་ཞེས་བྱ་བ་གསུངས་པ་ཙམ་གྱིས་ཏེ། བཅོམ་
ལྡན་འདས་ཕྱག་ན་རྡོ་རྗེས་བཀའ་སྩལ་པ་ཙམ་གྱིས་སོ། །འཇིག་རྟེན་གསུམ་པོ་ཐམས་ཅད་ཀྱི། །ཞེས་བྱ་བ་ནི། ཕྱོགས་བཅུ་ན་གནས་པའི་འདོད་པའི་ཁམས་ལ་སོགས་པ་སྟེ། ཁམས་གསུམ་པོ་མ་ལུས་པ་དེ་དག་ཐམས་ཅད་ལས། དབང་ཕྱུག་ཆེན་པོ་ལ་སོགས་པ་ནས། ཆུ་ལྷའི་མཐར་ཐུག་
པའི་བར་དུའོ། །འཇིག་རྟེན་གསུམ་པོ་ནི་ས་འོག་དང་། ས་སྟེང་དང་། མཐོ་རིས་པ་སྟེ། ས་ལ་གནས་པའི་འཇིག་རྟེན་པ་དང་། ལྷ་ཡུལ་ན་གནས་པའི་འཇིག་རྟེན་དང་། བར་སྣང་ལ་གནས་པའི་འཇིག་རྟེན་ནོ། །དེ་ལ་གང་བདག་པོར་གྱུར་པའི་རྒྱལ་པོ་རྣམས་ནི་འཇིག་རྟེན་གསུམ་གྱི་བདག་པོ་རྣམས་

སོ། །ཡང་དག་པར་བཀུག་སྟེ་ཞེས་བྱ་བ་ནི་ཕྱོགས་བཅུ་དག་ནས་བཀུག་པའོ། །ལྟུང་བར་མཛད་ནས་ཞེས་བྱ་བ་ནི། དེ་ནས་ལྟུང་བར་མཛད་ནས་དཀྱིལ་འཁོར་དུ་བཅུག་པའོ། །མཚན་མ་མེད་པར་བྱས་པ་ནི་རྣམ་པར་རྒྱལ་བར་མཛད་པ་སྟེ། རྡོ་རྗེ་ལྕགས་སྒྲོག་གིས་
བཅིངས་ནས། རྡོ་རྗེ་འབེབས་པས་ཕབ་སྟེ་དཔང་དུ་བྱས་ནས་བཏགས་ཏེ། རང་དབང་དུ་མཛད་ནས་བཏུལ་ཞིང་རྗེས་སུ་བཏུལ་ཏེ། ལྟུང་བར་བྱས་པ་ལས་བླངས་ནས་རྡོ་རྗེ་ལྕགས་སྒྲོག་གིས་བཅིངས་ཏེ། སླར་ཡང་དམ་ཚིག་གིས་བཅིངས་ནས། གསུམ་ལ་སྐྱབས་སུ་འགྲོ་བ་དང་།
བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། སེམས་ཅན་གྱི་དོན་ཡོངས་སུ་མི་གཏོང་བ་ལ་བཞག་པར་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །དབང་ཕྱུག་ཆེན་པོ་ཨུ་མ་དང་བཅས་པ་རྣམ་པར་སྦྱང་བར་བྱ་བའི་ཕྱིར། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ཀྱིས་མནན་པར་མཛད་པ་སྟེ། ལྷག་མ་རྣམས་ནི་གོ་
སླའོ། །དེ་ནས་རྡོ་རྗེ་ཁྲོ་བོའི་རྡོ་རྗེ་ལས་ཞེས་བྱ་བ་ལ་སོགས་པ་ལ་ཧཱུྃ་ཞེས་བྱ་བ་གསུངས་པའི་རྗེས་ཐོགས་ཉིད་ལ། བཅོམ་ལྡན་འདས་ཀྱི་ཕྱག་ན་གནས་པའི་རྡོ་རྗེ་རྩེ་བཞི་པ་འབར་བ་ལས་ཇི་སྐད་དུ་བཤད་པའི་རང་བཞིན་ཅན་གྱི་ཁྲོ་བོ་ཆེན་པོ་རྣམས་བྱུང་ནས། དང་པོའི་དཀྱིལ་འཁོར་གྱི་ཚུལ་
གྱིས་བཞུགས་སོ་ཞེས་བྱ་བར་སྦྱར་རོ། །དེ་རྣམས་ཀྱི་ཁྱད་པར་དུ་བྱ་བ་ནི་ཕྱག་ན་རྡོ་རྗེ་དང་འདྲ་བ་ལ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཕྱག་ན་རྡོ་རྗེ་ཞེས་བྱ་བ་རྡོ་རྗེ་ཧཱུྃ་མཛད་དང་འདྲ་བའི་བདག་ཉིད་ཀྱི་སྐུ་གང་ལ་མངའ་བ་དེ་ལ་དེ་སྐད་ཅེས་བྱའོ། །བདག་ཉིད་ཀྱི་དངོས་པོ་འབའ་ཞིག་ཕྱག་ན་རྡོ་རྗེ་དང་འདྲ་
བར་མ་ཟད་ཀྱི། ཁ་དོག་དང་རྒྱན་དང་མཚོན་ཆ་སྣ་ཚོགས་པ་བསྣམས་པ་ཞེས་བྱ་སྟེ། སྐུ་མདོག་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུ་དང་། དཀར་པོ་སྟེ། ཁ་དོག་སྣ་ཚོགས་པ་དང་། གདུ་བུ་དང་། རྣ་རྒྱན་དང་། དཔུང་རྒྱན་དང་། ཅོད་པན་ལ་སོགས་པ་རྒྱན་རྣམ་པ་སྣ་ཚོགས་དང་། རྡོ་རྗེ་
ལ་སོགས་པའི་མཚོན་ཆ་རྣམས་ཏེ། དེ་ལྟ་བུའི་སྣ་ཚོགས་ཤིང་ཐ་དད་པ་བསྣམས་པ་དང་། དེ་དག་དེ་ལྟ་བུའི་ཚུལ་ཅན་འབའ་ཞིག་ཏུ་ཡང་མ་ཟད་ཀྱི། རྣམ་པར་འགྱུར་ཞིང་རྡོ་རྗེ་མཆེ་བ་གཙིགས་པ། ཚེམས་ཀྱི་སྒྲོས་གནོན་པ་སྨིན་མ་མི་བཟད་ཅིང་ཁྲོ་གཉེར་བསྙེར་བ། སྤྱན་དང་དབུ་སྐྲ་དང་ཨག་ཚོམ་

འབར་བ་དང་། ཞལ་འཇིགས་པ་ཞེས་བྱ་བ་སྟེ། རྣམ་པར་འགྱུར་བའི་མཆེ་བ་གཡོ་ལ། རྡོ་རྗེ་ལྟར་མི་ཕྱེད་པའི་མཆེ་བ་ནི་རྣམ་པར་འགྱུར་བའི་རྡོ་རྗེ་མཆེ་བ་ཞེས་བྱའོ། །དེ་དག་གིས་གཙིགས་ཤིང་ཤིན་ཏུ་ཁྲོ་བས་ཚེམས་ཀྱི་སྒྲོས་གནོན་པ་སྟེ། མ་མཆུ་མནན་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །
སྨིན་མ་མི་བཟད་ཅིང་ཁྲོ་གཉེར་བསྙེར་བས་འཇིགས་སུ་རུང་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་བཞིན་དུ་སྤྱན་དང་། དབུ་སྐྲ་དང་། ཨག་ཚོམ་འབར་བས་ཞལ་འཇིགས་པ་དང་བཅས་ཤིང་འཇིགས་སུ་རུང་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། སྨིན་མ་མི་བཟད་པ་དང་། ཁྲོ་གཉེར་
བསྙེར་བ་ཡང་ཡིན་ལ། སྤྱན་དང་དབུ་སྐྲ་དང་། ཨག་ཚོམ་འབར་བ་དང་། ཞལ་འཇིགས་པ་ཡང་ཡིན་པས་ན། སྨིན་མ་མི་བཟད་པའི་ཁྲོ་གཉེར་བསྙེར་བ། སྤྱན་དང་། དབུ་སྐྲ་དང་། ཨག་ཚོམ་འབར་བ། ཞལ་འཇིགས་པ་ཞེས་བྱ་བ་ལ། རྣམ་པར་འགྱུར་བའི་རྡོ་རྗེ་མཆེ་བ་གཙིགས་པ། ཚེམས་ཀྱི་སྒྲོས་
གནོན་པ་ནི་ཡང་ཁྱད་པར་གྱི་མཚམས་སྦྱོར་བའོ། །རྡོ་རྗེ་དང་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ནི་རྩེ་མོ་བཞི་པའི་རྡོ་རྗེ་འབར་བའོ། །ལྕགས་ཀྱུ་ནི་རྡོ་རྗེས་མཚན་པའོ། །ཞགས་པ་ནི་ཤེས་པར་ཟད་དོ། །མཚོན་ཆ་ཞེས་བྱ་བ་ནི། ཚིག་སྔ་མ་རྣམས་དང་། ཚིག་འོག་མ་རྣམས་ལ་རེ་རེ་ཞིང་ཡང་སྦྱར་བར་
བྱའོ། །དབྱིག་པ་དང་། རལ་གྲི་དང་། ཁ་ཊྭཱཾ་ག་དང་། གྲི་རིངས་དང་། ཆུ་གྲི་ནི་གོ་བར་ཟད་དོ། །དེ་དག་ནི་ཕྱག་ན་བསྣམས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཁྲོ་བོ་ཆེན་པོ་ཧཱུྃ་མཛད་ཅེས་བྱ་བ་ནི། བཅོམ་ལྡན་འདས་རྡོ་རྗེ་ཧཱུྃ་མཛད་ཀྱི་ཕྱག་ན་བསྣམས་པའི་རྡོ་རྗེ་ལས་འབྱུང་སྟེ། བཅོམ་ལྡན་འདས་
ཕྱག་ན་རྡོ་རྗེ་ཞེས་བྱ་བ་རྡོ་རྗེ་སེམས་དཔའི་དང་པོའི་དཀྱིལ་འཁོར་གྱི་ཚུལ་གྱིས་བཞུགས་ཤིང་གནས་པར་གྱུར་ཏོ། །ལྷ་ལ་སོགས་པ་དེ་རྣམས་ཀྱང་ཞེས་བྱ་བ་ནི། ཁྱབ་འཇུག་ནས་བརྩམས་ཏེ། ཆུ་ལྷའི་བར་དུ་ཕྱིའི་དཀྱིལ་འཁོར་གྱི་ཁྱམས་ཀྱི་ནང་དུ་རིམ་གྱིས་གནས་པར་བྱའོ། །ཅི་ཞིག་བྱས་
ནས་གཞག་པར་བྱ་ཞེ་ན། རང་གི་དཀྱིལ་འཁོར་གྱིས་བྱིན་གྱིས་བརླབས་ནས་ཞེས་བྱ་བ་གསུངས་ཏེ། ལྷ་ལ་སོགས་པ་དེ་དག་རང་གི་དཀྱིལ་འཁོར་ལ་གནས་པའི་ཁྲོ་བོའི་ཆ་ལུགས་ལ་ཞུགས་ནས། རང་གི་དཀྱིལ་འཁོར་ལས་བཀུག་སྟེ། ཕྱིའི་དཀྱིལ་འཁོར་གྱི་ཁྱམས་ཀྱི་ནང་དུ་གཞག་

པར་བྱའོ། །གདོན་ལ་སོགས་པ་དེ་དག་ཀྱང་ཞེས་བྱ་བ་ནི། སྲིན་པོ་ལ་སོགས་པའི་གདོན་རྣམས་ནས་བརྩམས་ཏེ། ནད་དང་ཡམས་དང་རིམས་དང་། དུག་དང་། ངན་སོང་ལ་སོགས་པ་ཐམས་ཅད་དོ། །དཀྱིལ་འཁོར་གྱི་ཕྱི་རོལ་ན་གནས་སོ་ཞེས་བྱ་བ་ནི། ཕྱིའི་དཀྱིལ་འཁོར་
བསྐོར་ནས་ཀུན་དུ་གནས་སོ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཕྱག་ན་རྡོ་རྗེ་ཞེས་བྱ་བ་ནས་བརྩམས་ཏེ། ཕྱི་རོལ་ན་གནས་སོ་ཞེས་བྱ་བའི་བར་གྱི་དོན་གཞན་པའི་དགོངས་པས་ནི་ཁྲོ་བོའི་དཀྱིལ་འཁོར་གྱི་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །དེ་ནས་འདུས་པ་སྔོན་དུ་འགྲོ་བ་
ནི་གསུམ་པ་ཡིན་པར་ཤེས་པར་བྱའོ། །དབང་བསྐུར་བ་དང་དམ་ཚིག་ཐོབ་པ་རྣམས་ཀྱི་བཟླས་བརྗོད་དང་བསྒོམ་པར་བྱའོ་ཞེས་བྱ་བའི་ཚིག་འདིའི་དོན་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པས་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་སློབ་མ་ཞུགས་པ་ལ་སོགས་པའི་ཆོ་ག་རྒྱས་པར་
གསུངས་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་ནི་དེ་མ་ཐག་པར་སྟོན་པའི་ཚིག་སྟེ། སྔར་བསྙེན་པ་བྱས་པའི་རྗེས་ཐོགས་ཉིད་ལའོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་རྡོ་རྗེ་ཧཱུྃ་མཛད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྗེ་ཆེན་པོ་ནི་མི་དམིགས་པས་སེམས་ཅན་ཐམས་ཅད་ལ་ཁྱབ་པར་
མཛད་པའོ། །དེ་ལས་བྱུང་བའི་ཐབས་ཀྱི་ཁྲོ་བོའི་གཟུགས་ཅན་ནི་ཁམས་གསུམ་རྣམ་པར་རྒྱལ་བ་ལ་སོགས་པའི་ཁྲོ་བོའི་ཚུལ་ཏེ་ཐུན་མོང་ངོ་། །དེ་ལ་དམིགས་པ་ནི་རྡོ་རྗེ་དང་འདྲ་བར་མི་ཕྱེད་པ་གང་ཡིན་པ་དེ་ལ་མིང་དེ་སྐད་ཅེས་བྱ་སྟེ། ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པ་ནི་མངོན་སུམ་
དུ་མཛད་པའོ། །ཁམས་གསུམ་པོ་མཐའ་དག་ནི་ཁམས་གསུམ་མ་ལུས་པའོ། །དེ་ལས་གང་གི་རྣམ་པར་རྒྱལ་བར་བྱས་པ་ནི་དེ་ན་གནས་པའི་དབང་ཕྱུག་ཆེན་པོ་ལ་སོགས་པ་རང་དབང་དུ་བྱས་པ་དེ་ནི་ཁམས་གསུམ་པོ་མཐའ་དག་ལས་རྣམ་པར་རྒྱལ་བ་རྡོ་རྗེ་སྟེ་རྡོ་རྗེའི་རིགས་སོ། །
དེའི་བྱིན་གྱིས་བརླབས་པ་ནི་དཀྱིལ་འཁོར་ཆེན་པོ་སྟེ། དེ་སྐད་ཅེས་བྱ་བའི་མིང་གང་ལ་ཡོད་པ་དེ་གསུངས་པའོ། །འདི་ཞེས་བྱ་བ་ནི་བློ་ལ་གཞག་པའི་དཀྱིལ་འཁོར་རོ། །གསུངས་སོ་ཞེས་བྱ་བ་ནི་སྨྲས་པ་སྟེ། དཀྱིལ་འཁོར་གྱི་རྣམ་པ་ལ་ཐུགས་རྩེ་གཅིག་ཏུ་མཛད་ནས། དཀྱིལ་འཁོར་གསུངས་

སོ་ཞེས་བྱ་བའི་དོན་ཏོ། །འདིས་ནི་དཀྱིལ་འཁོར་བསྒོམས་པས་མཚན་མ་ཐོབ་ནས་དཀྱིལ་འཁོར་བྲི་བར་བྱའོ་ཞེས་སྟོན་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་ནི་བཤད་མ་ཐག་པའི་དོན་སྟོན་པ་སྟེ། སྔོན་དུ་བསྙེན་པའི་མཚན་མ་ཐོབ་པའི་རྣལ་འབྱོར་པས་ཇི་སྐད་བཤད་པའི་དཀྱིལ་འཁོར་གྱི་དབུས་སུ་
འདུག་སྟེ། ཏིང་ངེ་འཛིན་གསུམ་རྣམ་པར་བསྒོམ་པའི་རྗེས་ཐོགས་ཉིད་ལའོ། །དེ་བས་ན་ཞེས་བྱ་བ་ནི་རྒྱུ་སྟེ། གང་གི་ཕྱིར་དཀྱིལ་འཁོར་དུ་མ་ཞུགས་པར་སྐལ་བ་མེད་པའི་སེམས་ཅན་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་བསྟན་པའི་སྐལ་བ་ཡོད་པ་མ་ཡིན་ནོ། །དེ་བས་ན་
སྐལ་བ་མེད་པ་དེ་རྣམས་ཀྱི་བག་ཆགས་བསྐྱེད་པར་བྱ་བའི་ཕྱིར། ཡང་དག་ཅིང་ཕྱིན་ཅི་མ་ལོག་པར་ཕུལ་དུ་བྱུང་བས་ལེགས་པར་བཤད་པར་བྱའོ་ཞེས་པའོ། །དེ་གང་ཞེ་ན་རྡོ་རྗེ་དཀྱིལ་འཁོར་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་ཆེན་པོའི་རིགས་དང་དབྱེར་མི་ཕྱེད་པས་ན་རྡོ་རྗེ་སྟེ་དེའི་དཀྱིལ་འཁོར་རོ། །
ཁྱད་པར་ཇི་ལྟ་བུ་ཞེ་ན། དམ་པ་སྟེ་ཞེས་བྱ་བ་སྟེ། སེམས་ཅན་མ་རུངས་ཤིང་གདུག་པ་རྣམས་གདུལ་བར་བྱ་བའི་ཕྱིར། གཉིས་སུ་མེད་པས་ན་དམ་པ་སྟེ་མཆོག་གོ། །མིང་ཇི་སྐད་དུ་བྱ་ཞེ་ན། ཁམས་གསུམ་རྣམ་པར་རྒྱལ་བ་ཞེས་བྱའོ། །ལས་ཅི་ཞིག་བྱེད་ཅེ་ན། གདུག་པ་ཆེན་པོ་འདུལ་བར་བྱེད་
པའོ་ཞེས་བྱ་སྟེ། འདིས་གདུག་པ་རྣམས་འདུལ་བས་ན་འདུལ་བའོ། །ཕྱོགས་བཅུ་ཐམས་ཅད་དུ་ཁྱབ་པས་ན་ཆེན་པོ་སྟེ། འདུལ་བ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་འདུལ་བ་ཆེན་པོ་སྟེ། བཅོམ་ལྡན་འདས་རྡོ་རྗེ་ཧཱུྃ་མཛད་དོ། །དེ་དཀྱིལ་འཁོར་ཆེན་པོ་གང་དུ་འདུལ་བ་མཛད་པ་དེ་ནི་གདུག་པ་ཆེན་པོ་
འདུལ་བྱེད་པ་ཞེས་བྱ་བ་སྟེ། གདུག་པ་ཐམས་ཅད་རང་གི་བཀའ་ལ་ངེས་པར་སྦྱར་བ་ཞེས་བྱ་བའི་དོན་ཏོ། །དཀྱིལ་འཁོར་དང་པོའི་སྦྱོར་བ་ཡིས། །ཕྱི་ཡི་དཀྱིལ་འཁོར་བྲི་བར་བྱ། །ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོའི་དབྱིབས་ཀྱི་ཕྱི་མའི་དཀྱིལ་འཁོར་འདི་དག་ཐམས་ཅད་བྲི་བར་བྱའོ། །
དེ་ཡི་ནང་གི་དཀྱིལ་འཁོར་ནི། །དཀྱིལ་འཁོར་བརྒྱད་པ་དག་དང་མཚུངས། །ཞེས་བྱ་བ་ནི་བཤད་མ་ཐག་པའི་ཕྱིའི་དཀྱིལ་འཁོར་དེའི་ནང་དུ་སྟེ། དབུས་སུ་འཁོར་ལོའི་དཀྱིལ་འཁོར་ཇི་སྐད་དུ་བཤད་པ་དཀྱིལ་འཁོར་བརྒྱད་པ་དང་མཚུངས་ཤིང་འདྲ་བར་བྲི་བར་བྱ་སྟེ། ཕྱིའི་དཀྱིལ་འཁོར་གྱི་ཕྱེད་ཀྱི་ཚད་

ལ་ཇི་སྐད་དུ་བཤད་པའི་ཀ་བ་བརྒྱད་དང་ལྡན་པ། རྡོ་རྗེའི་ཕྲེང་བ་ཟླུམ་པོས་བསྐོར་བའི་དཀྱིལ་འཁོར་བྲི་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ཡི་དབུས་སུ་ཁྲོ་བོ་ཆེ། །ཕྱག་ན་རྡོ་རྗེ་གཞག་པར་བྱ། །ཞེས་བྱ་བ་ནི། དཀྱིལ་འཁོར་བརྒྱད་པ་དང་མཚུངས་པའི་དབུས་མའི་དཀྱིལ་འཁོར་
དེའི་དབུས་སུ་བཅོམ་ལྡན་འདས་རྡོ་རྗེ་ཧཱུྃ་མཛད་ཧཱུྃ་ཞེས་བྱ་བ་ཟློས་ཤིང་ནམ་མཁའི་ཕྱོགས་ལས་ཕབ་སྟེ། ལུགས་མ་དང་། བརྐོས་མ་ལ་སོགས་པའི་གཟུགས་བརྙན་དང་ལྷན་ཅིག་གཅིག་ཏུ་གཞག་པར་བྱའོ། །དེ་ཇི་ལྟ་བུར་དགོད་པར་བྱ་ཞེ་ན། སངས་རྒྱས་ཕྲེང་བ་ལ་སོགས་པས་སྤྲས་ཞེས་བྱ་
བ་ལ་སོགས་པས་ཁྱད་པར་དུ་བྱས་པ་ཡིན་ཏེ། སངས་རྒྱས་དང་། རིན་པོ་ཆེ་དང་། པདྨ་དང་རྡོ་རྗེ་འབར་བ་རྩེ་བཞི་པའི་ཕྲེང་བ་ལ་སོགས་པ་དང་ལྡན་པའི་དབུ་རྒྱན་དང་། གཞན་དག་གདུ་བུ་དང་། སྙན་ཆ་ལ་སོགས་པས་བརྒྱན་པ་ནི། སངས་རྒྱས་ཕྲེང་བ་ལ་སོགས་པས་སྤྲས་ཞེས་བྱའོ། །
ཨུཏྤལ་སྔོན་པོའི་མདོག་འདྲ་བ། །ཞེས་བྱ་བ་ནི་སྐུ་མདོག་ཨུཏྤལ་སྔོན་པོ་དང་འདྲ་བའོ། །ཞལ་ནི་ཅུང་ཟད་མཆེ་བ་གཙིགས། །ཞེས་བྱ་བ་ནི། མཆེ་བ་ཅུང་ཟད་བྱུང་བ་ནི་མཆེ་བ་ཅུང་ཟད་དེ། དེ་གཉིས་གཙིགས་པའི་ཞལ་དང་བཅས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཁྲོ་བ་དང་བཅས་པར་གནས་
པས་ན་ཁྲོ་བཅས་ཏེ། ཞེ་སྡང་དང་བཅས་པ་ཞེས་བྱ་བའི་དོན་ཏོ། །ཁྲོ་བ་དང་བཅས་པ་ཡང་ཡིན་ལ། བཞད་པའི་ཞལ་མངའ་བ་ཡང་ཡིན་པས་ན་ཁྲོ་བཅས་བཞད་པའི་ཞལ་མངའ་བའོ། །གཡོན་བརྐྱང་བ་ནི་བཤད་ཟིན་ཏོ། །དེས་མཛེས་པར་གྱུར་པའི་གནས་པ་གང་ཡིན་པ་དེ་ནི་གཡོན་བརྐྱང་བས་
ལེགས་པར་བཞུགས་པ་ཞེས་བྱའོ། །རྡོ་རྗེ་ཁུ་ཚུར་གཉིས་ལས་བྱུང་བའི་རྡོ་རྗེ་དྲིལ་བུ་དང་བཅས་པ་ནི། ཁམས་གསུམ་རྣམ་པར་རྒྱལ་བ་ཇི་སྐད་དུ་བཤད་པའི་མཚན་ཉིད་ཅན་ནི་རྡོ་རྗེ་ཧཱུྃ་མཛད་དོ། །དེ་གང་གིས་བསྡུས་ཤིང་བཅིངས་པ་དེ་ནི་རྡོ་རྗེ་ཧཱུྃ་མཛད་བསྡུས་པའོ། །གཡོན་གྱི་ཞེས་བྱ་བ་ལ་
སོགས་པ་ནི་གོ་སླའོ། །འབར་ཕྲེང་འཁྲིགས་པའི་འོད་ལྡན་པ། །ཞེས་བྱ་བ་ནི། མཆེད་ཅིང་འཕྲོ་བ་ནི་འབར་བའོ། །དེའི་ཕྲེང་བ་ནི་འབར་བའི་ཕྲེང་བ་སྟེ། དེ་ཉིད་ཕན་ཚུན་དུ་འགྲོ་བས་ན་འཁྲིགས་པའི་འོད་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །འབར་བའི་ཕྲེང་བས་ཀུན་དུ་འཁྲིགས་པར་གྱུར་པ་ཉིད་ཀྱིས་

འོད་དང་ལྡན་ཞིང་འབར་བར་གྱུར་ལ་རབ་ཏུ་འབར་བས་ན་འོད་དང་ལྡན་པའོ། །དེ་ལྟ་བུར་གྱུར་པའི། ས་སོགས་བཅས་པའི་ཁམས་རྣམས་ཀྱིས། །ཁྲོ་བོ་ཀུན་དུ་གཞག་པར་བྱ། །ཞེས་བྱ་བ་སྟེ། དེའི་ཕྱོགས་དང་མཚམས་རྣམས་སུ་རྡོ་རྗེ་འཛིན་པ་ལ་སོགས་པའི་ཁྲོ་བོ་བརྒྱད་ས་ལ་སོགས་པ་དང་
བཅས་པའི་ཁྱམས་ལས་བྱས་པ་ཧཱུྃ་ཉིད་ཀྱིས་གཞག་པར་བྱའོ། །གང་གི་ཕྱིར་ལྷ་ཐམས་ཅད་ཀྱི་སྔགས་ནི་འདིར་ཡི་གེ་ཧཱུྃ་ཞེས་བྱ་བ་ཡིན་པའི་ཕྱིར། །འབར་ཕྲེང་འཁྲིགས་པའི་འོད་ལྡན་པ། །ཞེས་བྱ་བ་ནི་གོ་བར་ཟད་དོ། །འཁོར་ལོ་དེ་ཡང་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །སླར་ཡང་
གསལ་བར་བྱ་བའི་ཕྱིར། བྲི་བའི་ཆོ་ག་བཤད་པར་བྱ་སྟེ། བཅོམ་ལྡན་འདས་རྡོ་རྗེ་ཧཱུྃ་མཛད་ཀྱི་སྦྱོར་བས་རྣལ་འབྱོར་ཆེན་པོ་བྱས་ལ། དམ་ཚིག་གསུམ་བསྒོམ་པ་ནས་བརྩམས་ཏེ། དཀྱིལ་འཁོར་འདི་ཇི་སྲིད་དུ་མངོན་སུམ་དུ་མཐོང་བར་གྱུར་པའི་བར་དུ་བསྒོམ་པར་བྱའོ། །དེ་ནས་ཇི་སྐད་དུ་བཤད་པའི་
དཀྱིལ་འཁོར་གྱི་དབུས་སུ་དམ་ཚིག་གསུམ་བསྒོམས་ལ། བར་སྣང་གི་ཕྱོགས་སུ་སྔ་མ་བཞིན་དུ་ཡང་དག་པར་གཞག་པར་བྱ་སྟེ། ཉི་མ་འཆར་བའི་དུས་སུ་ལེགས་པར་ཐིག་གདབ་པར་བྱའོ། །འདིའི་ཕྱིའི་དཀྱིལ་འཁོར་ནི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དང་འདྲའོ། །དེའི་ནང་དུ་དེའི་ཕྱེད་ཀྱི་ཚད་ཀྱི་
ཐིག་རྡོ་རྗེ་ཟླུམ་པོར་དཀྱིལ་འཁོར་བརྒྱད་པ་དང་འདྲ་བ་རྡོ་རྗེ་འབར་བ་འོད་ཀུན་དུ་འཁྲིགས་པར་ཕྱི་དང་ནང་དུ་བཅས་པའི་དཀྱིལ་འཁོར་བྲི་བར་བྱའོ། །དེ་ནས་ལྷ་ཐམས་ཅད་ཀྱི་གནས་སུ་སྣ་ཚོགས་པདྨའི་གདན་བྱས་པའི་དབུས་སུ་རྡོ་རྗེ་ཧཱུྃ་མཛད་ཇི་སྐད་དུ་བཤད་པ་བཞག་ལ། དེའི་ཤར་ཕྱོགས་ཀྱི་ཆ་ལ་རྡོ་རྗེ་ཡིད་
ལས་བྱུང་བའི་གནས་སུ་ཁྲོ་བོ་རྡོ་རྗེ་འཛིན་པ་སྐུ་མདོག་དམར་པོ། ལྷོར་ཀཱི་ལི་ཀཱི་ལའི་གནས་སུ་ལྕགས་ཀྱུ་འཛིན་པ་སྐུ་མདོག་ལྗང་གུ །ནུབ་ཏུ་རྡོ་རྗེ་དྲན་པའི་གནས་སུ་རལ་གྲི་འཛིན་པ་སྐུ་མདོག་སྔོན་པོ། །བྱང་དུ་རྡོ་རྗེ་བསྙེམས་པའི་གནས་སུ་ཞགས་པ་འཛིན་པ་སྐུ་མདོག་སེར་པོ་དགོད་པར་བྱའོ། །ཤར་
ལྷོ་ལ་སོགས་པའི་མཚམས་རྣམས་སུ་དབྱིག་པ་དང་། ཁ་ཊྭཱཾ་ག་དང་། གྲི་རིངས་དང་། ཆུ་གྲི་འཛིན་པའི་ཁྲོ་བོ་རྣམས་རིམ་བཞིན་དུ་རྡོ་རྗེ་འཛིན་པ་ལ་སོགས་པ་དང་སྐུ་མདོག་མཐུན་པར་བྲི་བར་བྱ་སྟེ། དེ་དག་ཐམས་ཅད་ཀྱང་གཡོན་བརྐྱང་བའི་གནས་པས་བཞུགས་པ་ལ། གཡོན་པ་ཁྲོ་བོའི་ཁུ་ཚུར་

ཐུགས་ཀའི་ཕྱོགས་སུ་བཞག་ནས་སྡིགས་མཛུབ་བསྒྲེང་བ་ལ་བརྩོན་པ། གཡས་པ་རྡོ་རྗེ་ཁུ་ཚུར་གྱིས་རང་གི་མཚན་མ་བསྡམས་ཤིང་སྟང་སྟབས་དང་བཅས་པ་བཞུགས་པའོ། །ཕྱིའི་མཚམས་བཞིའི་ལྷའི་སྣམ་བུ་ལ་སྒེག་མོ་ལ་སོགས་པའི་ཁྲོ་མོ་བཞི་དེ་བཞིན་དུ་བྲི་བར་
བྱའོ། །ཤར་ཕྱོགས་ཀྱི་སྒོར་མདའ་དང་གཞུ། ལྷོའི་སྒོར་རལ་གྲི། ནུབ་ཏུ་རྡོ་རྗེ། བྱང་གི་སྒོར་མདུང་རྩེ་གསུམ་པ་དགོད་པའོ། །ཕྱིའི་དཀྱིལ་འཁོར་གྱི་ཁྱམས་སུ་དབང་ཕྱུག་ཆེན་པོ་ཆུང་མ་དང་བཅས་པ་མ་གཏོགས་པར་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གྱི་ཚུལ་གྱིས་འདོད་པའི་ཁམས་ཀྱི་
དབང་ཕྱུག་ལ་སོགས་པ་ནས་ཆུ་ལྷའི་མཐར་ཐུག་པའི་བར་དུ་བྲི་བར་བྱ་སྟེ། འདིར་ཐམས་ཅད་ཀྱང་ཧཱུྃ་ཞེས་བྱ་བས་ཡང་དག་པར་དགོད་པར་བྱའོ། །ཁྱམས་ཀྱི་ཕྱི་རོལ་དུ་དཀྱིལ་འཁོར་གྱི་ཉེ་འཁོར་ཀུན་དུ་ཕྲེང་བ་སྣ་ཚོགས་དང་བ་དན་སྔོན་པོ་དྲིལ་བུ་བཏགས་པ་རྩེ་མོ་སྣ་ཚོགས་པས་བསྐོར་
བར་གཞག་པར་བྱའོ། །དེ་ནས་འཇུག་པ་ཞེས་བྱ་བ་ནི། ཡང་དག་པར་དེ་ལྟར་བྲིས་ནས་དཀྱིལ་འཁོར་རྫོགས་པ་དང་། ཆོ་ག་ཐམས་ཅད་ཀྱི་དཀྱིལ་འཁོར་གང་དག་ཏུ་འདས་མ་ཐག་པའི་ཆོ་ག་ཐམས་ཅད་ཀྱིས་འཇུག་ན། འདིར་སློབ་དཔོན་ཇི་ལྟར་འཇུག་པར་བྱ་ཞེ་ན། སྔོན་པོ་ཞེས་བྱ་བ་ལ་སོགས་པ་
གསུངས་ཏེ། ཁ་དོག་སྔོན་པོ་དང་ལྡན་པའི་རས་ཟུང་བླངས་ལ། གཅིག་གིས་སྨད་གཡོགས་བྱ། གཉིས་པས་སྟོད་གཡོགས་བྱས་ལ། གསུམ་པས་ཟེའུ་ཁ་བཅིངས་པ་སྟེ། དེ་ལྟར་གོས་སྔོན་པོ་བགོས་པར་གྱུར་ནས་ཞུགས་ན། བཅོམ་ལྡན་འདས་ཀྱིས་རྡོ་རྗེ་སློབ་དཔོན་བྱིན་གྱིས་རློབ་པར་
འགྱུར་རོ་ཞེས་བྱ་བར་སྦྱར་རོ། །དེ་ལྟ་བུར་བྱས་པ་འབའ་ཞིག་ཏུ་ཡང་མ་ཟད་ཀྱི་ཁྲོས་པས་ཞེས་བྱ་བ་སྟེ། དཔལ་རྡོ་རྗེ་ཁྲོ་བོ་ཧཱུྃ་མཛད་ཀྱི་ཉམས་དང་ལྡན་པ་ནི་ཁྲོས་པའོ། །དེ་ཡང་རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ལ་སོར་མོ་རྣམས་ནང་དུ་འབར་བ་ལྟ་བུར་བཞག་སྟེ། མཐེ་བོང་རྡོ་རྗེ་བསྒྲེང་བ་འདི་ནི་རྡོ་རྗེ་
དམ་ཚིག་གི་ཕྱག་རྒྱ་སྟེ། དེ་འཛིན་ཅིང་བདག་གིར་བྱེད་པ་གང་ཡིན་པ་དེ་ནི་རྡོ་རྗེ་དམ་ཚིག་གི་ཕྱག་རྒྱ་ཡོངས་སུ་འཛིན་པ་སྟེ། དམ་ཚིག་ཕྱག་རྒྱ་བཅིངས་པ་དང་བཅས་པས་དཔལ་རྡོ་རྗེ་ཧཱུྃ་མཛད་དུ་བདག་ཉིད་ལྷག་པར་མོས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་དམ་ཚིག་གི་ཕྱག་རྒྱ་བཅིངས་པ་དང་བཅས་

པའི་རྡོ་རྗེ་ཧཱུྃ་མཛད་ཀྱི་ང་རྒྱལ་དང་ལྡན་པར་གྱུར་པས། དཀྱིལ་འཁོར་འདིར་གཞུག་པའི་རྣལ་འབྱོར་པ་ལ་ནི། བཅོམ་ལྡན་འདས་རྡོ་རྗེ་ཧཱུྃ་མཛད་ཀྱིས་རྡོ་རྗེ་རིགས་ཀྱི་སློབ་དཔོན་དུ་བྱིན་གྱིས་རློབ་པར་མཛད་དོ། །དེང་ནས་བརྩམས་ཏེ་ཞེས་བྱ་བ་ནི། དཀྱིལ་འཁོར་དུ་འཇུག་པ་དེ་ནས་ཉེ་བར་བཟུང་སྟེ།
སྡིག་པ་ཐམས་ཅད་ལས་རྣམ་པར་གྲོལ་ཞིང་ཞེས་བྱ་བ་མཚམས་མེད་པ་ལ་སོགས་པ་སྡིག་པ་ཐམས་ཅད་དང་བྲལ་ཞིང་མི་གསོད་པར་འགྱུར་རོ། །དེ་ཉིད་ཀྱིས་ནི་མི་ཚུགས་པ་སྟེ། ཟིལ་གྱིས་མི་ནོན་པ་དང་། ཁམས་གསུམ་ཐམས་ཅད་ན་སྤྱོད་པའི་དབང་ཕྱུག་ཆེན་པོ་ལ་སོགས་པ་ཡང་ཧཱུྃ་ཞེས་བྱ་བ་
ཙམ་གྱིས་ཚར་གཅོད་པར་ནུས་པ་དང་། ཕན་འདོགས་པར་ནུས་པ་སྟེ། དེ་དག་ཉིད་ལ་བདེ་བ་དང་ཡིད་བདེ་བ་སྟེར་བས་ན་ཕན་འདོགས་པ་དང་། དཔལ་རྡོ་རྗེ་ཧཱུྃ་མཛད་དང་འདྲ་བར་ཐམས་ཅད་ལས་རྒྱལ་བ་དང་། འཇིག་རྟེན་གསུམ་པོ་ཐམས་ཅད་ལས་རྣམ་པར་རྒྱལ་བར་འགྱུར་ཞིང་། ཧཱུཾ་ཞེས་བྱ་བ་ཙམ་
གྱིས་དབང་ཕྱུག་ཆེན་པོ་ལ་སོགས་པ་རང་དབང་དུ་བྱེད་པའི་ཕྱིར་རོ། །དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར་རོ་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་བའོ། །སློབ་དཔོན་གྱི་ལས་ཀྱི་ཆོ་གའོ། །དེ་ནས་སློབ་མ་དེ་བཞིན་དུ་བཅུག་སྟེ་ཞེས་བྱ་བ་ནི་སློབ་དཔོན་གྱི་ལས་ཀྱི་ཆོ་གའི་
འོག་ཏུ་རང་གི་འཇུག་པའི་ཚུལ་གྱིས་སློབ་མ་གཞུག་པར་བྱ་སྟེ། བཅུག་ནས་དེའི་འོག་ཏུ་དེ་རྣམས་ལ་ཧཱུྃ་ཞེས་བྱ་བ་སྦྱིན་ནོ། །ཇི་ལྟར་འདིར་སྙིང་པོ་སྦྱིན་པར་བཤད་པ་དེ་བཞིན་དུ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རིགས་ཀྱི་དཀྱིལ་འཁོར་ཐམས་ཅད་དུ་ཡང་ཤེས་པར་བྱའོ། །དེ་ནས་རྡོ་རྗེ་རྣོན་པོ་རྩེ་བཞི་
པ་འབར་བ་སྦྱིན་ལ་ཞེས་བྱ་བ་ནི་དབུ་རྒྱན་གྱི་དབང་བསྐུར་བའི་འོག་ཏུ་རྡོ་རྗེ་རྣོན་པོ་རྩེ་བཞི་པ་འབར་བ་ཧཱུྃ་ཞེས་བྱ་བས་སྦྱིན་པར་བྱ་སྟེ། ཧཱུྃ་ཞེས་བྱ་བཟློས་ཤིང་། རྡོ་རྗེ་མིང་གི་དབང་བསྐུར་བས་དབང་བསྐུར་བར་བྱའོ། །དེ་ལྟར་དབང་བསྐུར་ནས་དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་སྦྱིན་པར་བྱ་སྟེ་ཞེས་བྱ་བ་ནི། འདི་
ནི་ཞེས་བྱ་བ་ལ་སོགས་པས་སྦྱིན་པར་བྱའོ། །དེ་ནས་དེ་བཞིན་དུ་དབྱུང་བར་བྱའོ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པ་བཞིན་དུ་ཆོ་ག་རྣམས་རྗེས་སུ་སྤྱད་ལ། དཀྱིལ་འཁོར་ཉེ་བར་བསྡུ་བ་ཇི་ལྟ་བ་བཞིན་དུ་བྱ་སྟེ་དབྱུང་བར་བྱའོ་ཞེས་བྱ་བའི་དོན་ཏོ། །འདི་དག་གི་དོན་སླར་

ཡང་བཤད་པར་བྱ་སྟེ། དེ་ལྟར་དཀྱིལ་འཁོར་བྲིས་ནས་ཇི་སྐད་དུ་བཤད་པའི་བཅོམ་ལྡན་འདས་རྡོ་རྗེ་ཧཱུྃ་མཛད་ཀྱི་སྦྱོར་བ་དང་། ཡང་རང་གི་སྦྱོར་བས་རྣལ་འབྱོར་ཆེན་པོ་བྱས་ལ་འཇུག་པའི་དམ་ཚིག་གི་ཕྱག་རྒྱས་ཡོངས་སུ་བཟུང་བའི་རྡོ་རྗེ་དང་། མེ་ཏོག་གི་ཡལ་ག་ལས་རྣམ་པར་རྒྱལ་
བའི་བུམ་པ་དང་། ལྷ་ཐམས་ཅད་ཀྱི་བུམ་པ་དང་། བུམ་པ་གང་བ་རྣམས་ལ་ཧཱུྃ་ཞེས་བྱ་བ་རེ་རེ་ཞིང་ལན་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་ལ་དཀྱིལ་འཁོར་གྱི་སྒོ་བཞི་ཕྱེ་སྟེ། རྡོ་རྗེ་བསྡུ་བ་བྱས་ནས། བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོ་བསྒོམ་ཞིང་། མཚན་བརྒྱ་རྩ་བརྒྱད་པས་ཡང་དག་པར་བསྟོད་
དེ། གསང་བའི་ལྕགས་ཀྱུ་དང་། ཧཱུྃ་ཞེས་བྱ་བས་བཅོམ་ལྡན་འདས་འཁོར་དང་བཅས་པ་དཀྱིལ་འཁོར་དུ་བཅུག་ལ། རྡོ་རྗེ་གནོད་སྦྱིན་གྱིས་བགེགས་བསྐྲད་པ་དང་། མཚམས་དང་དཀྱིལ་འཁོར་བཅིང་བ་དང་། ར་བ་དང་དྲ་བ་དག་བྱས་ནས་རྡོ་རྗེ་ཁུ་ཚུར་གྱིས་དཀྱིལ་འཁོར་གྱི་སྒོ་བཞི་བཅིངས་ལ། རྡོ་
རྗེ་བསྲུང་བས་བསྲུང་བ་ཐམས་ཅད་གོ་ཆ་བསྐོན་ཏེ། ཧཱུྃ་ཞེས་བྱ་བས་མཆོད་ཡོན་ཕུལ་ལ། དམ་ཚིག་གི་ཕྱག་རྒྱས་ཧཱུྃ་དྲྀ་ཤྱ་ཛཿཧཱུྃ་བཾྃ་ཧོཿས་མ་ཡ་སྟྭཾ། ས་མ་ཡ་སྟྭཾ་ཨ་ཧྃ་ཧཱུྃ། ཞེས་བྱ་བས་བསྒྲུབ་པར་བྱ་སྟེ། འཇུག་པའི་ཕྱག་རྒྱ་ཉིད་ནི་དམ་ཚིག་གི་ཕྱག་རྒྱའོ། །དེ་ནས་རང་གི་ལྕེ་ལ་རྡོ་རྗེ་བསམ་ཞིང་བཅོམ་
ལྡན་འདས་རྡོ་རྗེ་ཧཱུྃ་མཛད་ལ་སོགས་པའི་ལྗགས་ལ་ཧཱུྃ་བསམ་པར་བྱ་སྟེ་འདི་ནི་ཆོས་ཀྱི་ཕྱག་རྒྱའོ། །ཨ་ཞེས་བྱ་བ་རང་གི་སྙིང་གར་སྣ་ཚོགས་རྡོ་རྗེ་བསམས་ལ། བཅོམ་ལྡན་འདས་རྡོ་རྗེ་ཧཱུྃ་མཛད་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་ཧཱུྃ་ཞེས་བྱ་བ་ཉིད་ཟློས་ཤིང་བསྟན་པར་བྱའོ། །རྡོ་རྗེ་ཁུ་ཚུར་གཉིས་
བཅིངས་ཏེ། གཡོན་པའི་ཁུ་ཚུར་གྱིས་སྙིམས་པ་བྱས་ལ་གཡས་པས་རྡོ་རྗེ་གསོར་བ་འདི་ནི་བཅོམ་ལྡན་འདས་རྡོ་རྗེ་ཧཱུྃ་མཛད་ཀྱི་ལས་ཀྱི་ཕྱག་རྒྱའོ། །གཞན་རྣམས་ནི་ཕྱག་རྒྱ་ཆེན་པོ་ཉིད་དང་འདྲའོ། །དེ་ནས་རྡོ་རྗེ་དྲིལ་བུ་དང་། རྡོ་རྗེ་རྩེ་བཞི་པ་བླངས་ལ་བྲིས་པ་དང་། རྗེས་སུ་མཐུན་པར་རྡོ་རྗེ་ཧཱུྃ་མཛད་ཀྱི་ཕྱག་
རྒྱ་ཆེན་པོར་བསམ་པ་དང་། གཞན་རྣམས་ཀྱི་ཡང་བསམ་པར་བྱའོ། །དེ་ནས་རྡོ་རྗེ་སེམས་དཔའི་དབང་བསྐུར་བས། རྡོ་རྗེ་ཕྲེང་བ་གསུམ་གྱིས་དབང་བསྐུར་བ་དང་། བ