Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 59

Văn bản gốc(Tây Tạng)

Trang 11 / 16 (50.000 ký tự/trang)
ཅོམ་ལྡན་འདས་རྡོ་རྗེ་ཧཱུྃ་མཛད་དབང་བསྐུར་བར་བྱ་ཞིང་རྡོ་རྗེ་འཛིན་པ་ལ་སོགས་པ་ནི་སངས་རྒྱས་ལྔའི་ཅོད་པན་གྱི་རྡོ་རྗེ་ཕྲེང་བའི་དབང་

བསྐུར་བའི་ཕྱག་རྒྱ་དག་གིས་དབང་བསྐུར་རོ། །དེ་ནས་དེ་བཞིན་དུ་མཆོད་ཡོན་ཕུལ་ལ་བུམ་པ་དང་བུམ་པ་གང་བ་དང་། ན་བཟའ་དང་བླ་རེ་ལ་སོགས་པ་ཕུལ་ལ། མེ་ཏོག་གི་ཤིང་ལ་སོགས་པ་མཆོད་པ་རྣམ་པ་ལྔའི་མཆོད་པ་བྱས་ལ། ཕྱི་རོལ་དུ་གླུ་དང་གར་དང་རོལ་མོ་དང་། རྟ་དང་གླང་པོ་ཆེ་
དང་། བ་ལང་གི་ཆུ་རྣམས་ཀྱིས་ཀྱང་མཆོད་པར་བྱའོ། །དེ་ནས་ཁྲོ་བོའི་མཚོན་ཆ་ལ་སོགས་པ་མཆོད་པ་རྣམ་པ་བཅུ་གཉིས་ཀྱིས་ཡང་དག་པར་མཆོད་པ། ཡིད་ཀྱི་མཆོད་པ་བྱས་ཏེ། ཕྱི་རོལ་དུ་གཏོར་མ་བྱིན་ལ་སྦྱིན་སྲེག་བྱའོ། །དེ་ནས་རས་སྔོན་པོ་ལ་རྡོ་རྗེ་གནོད་སྦྱིན་ཡོངས་སུ་བཟླས་ཏེ། དེ་ནས་
སྨད་གཡོགས་དང་སྟོད་གཡོགས་ཟེའུ་ཁ་དག་བྱས་ལ། ཡང་གཅིག་ལ་རྡོ་རྗེ་ལྕགས་ཀྱུ་དང་། ཞགས་པ་དང་། ལྕགས་སྒྲོག་དང་འབེབས་པ་ཡོངས་སུ་བཟླས་པས་རང་གི་གདོང་གཡོགས་ཏེ། ཕྱག་འཚལ་བ་ལ་སོགས་པ་སྔོན་དུ་འགྲོ་བས་སྡོམ་པ་གཟུང་བར་བྱའོ། །དེ་ནས་དེ་བཞིན་དུ་བྱང་
ཆུབ་ཏུ་སེམས་བསྐྱེད་དེ། རྡོ་རྗེ་རྩེ་བཞི་པ་འབར་བ་སྙིང་གར་དེ་བཞིན་དུ་གཞག་ལ། སྔ་མ་བཞིན་དུ་ཤར་སྒོ་ལ་མངོན་པར་ཕྱོགས་པའི་ཕྱི་རོལ་ན་གནས་པའི་བུམ་པའི་ཆུས་བདག་ཉིད་དབང་བསྐུར་ནས་འཇུག་པའི་དམ་ཚིག་གི་ཕྱག་རྒྱ་བཅིང་ལ་དེ་ཉིད་ཀྱིས་མེ་ཏོག་གི་ཕྲེང་བ་བླངས་ཏེ། བཛྲ་བཛྲ་ཧཱུྃ་ཞེས་
ཟློས་ཤིང་དཀྱིལ་འཁོར་དུ་འཇུག་པར་བྱའོ། །ཤར་ཕྱོགས་ཀྱི་སྒོར་ཨོཾ་བཛྲ་ཨཾ་ཀུ་ཤ་མ་ཧཱ་ཀྲོ་དྷ་ཨཱ་ཀཪྵ་ཡ་སརྦ་ས་མ་ཡཱ་ཧཱུཾ་ཛཿཞེས་བྱ་བ་དང་། རྡོ་རྗེ་ལྕགས་ཀྱུས་བདག་ཉིད་དགུག་པར་བྱའོ། །ལྷོར་ཨོཾ་བཛྲ་པཱ་ཤ་མ་ཧཱ་ཀྲོ་དྷ་པྲ་བེ་ཤ་ཡ་སརྦ་ས་མ་ཡཱ་ཧཱུཾ་ཧཱུྃ་ཞེས་བྱ་བ་དང་གཞུག་པར་བྱའོ། །ནུབ་ཏུ་ཨོཾ་བཛྲ་སྥོ་ཊ་
མ་ཧཱ་ཀྲོ་དྷ་བནྡྷ་བནྡྷ་སརྦ་ས་མ་ཡཱ་ཧཱུྃ་བཾ་ཞེས་བྱ་བས་བཅིང་བར་བྱའོ། །བྱང་ཕྱོགས་ཀྱི་སྒོར་ཞུགས་ཏེ། ཨོཾ་བཛྲ་ཨཱ་བེ་ཤ་ཡ་མ་ཧཱ་ཀྲོ་དྷ་ཨཱ་བེ་ཤ་ཡ་སརྦ་ས་མ་ཡཱ་ཧཱུྃ་ཨ་ཞེས་བྱ་བས་བདག་ཉིད་དབང་དུ་བྱའོ། །དེ་ནས་ཤར་ཕྱོགས་ཀྱི་སྒོ་ནས་དཀྱིལ་འཁོར་དུ་ཞུགས་ལ། མ་ཧཱ་ར་ཏ། སུ་དྲྀ་ཌྷ། སུ་ཏོ་ཥོ། སུ་སུ་ཁོ།
བཛྲ་སཏྭ། ཨཱདྱ་སིདྡྷྱ་མཾ། ཞེས་བརྗོད་པར་བྱའོ། །དེ་ནས་རྡོ་རྗེ་གསོར་ཞིང་ཁྲོས་པས་ཁྲོ་གཉེར་དང་འཛུམ་པ་དང་བཅས་པས་ཕྱག་བྱའོ། །དེ་ནས་སློབ་དཔོན་ཆེར་ཁྲོས་ཤིང་། །རྡོ་རྗེ་ཅན་གྱི་སློབ་མ་མཆོག །རྡོ་རྗེ་ཧཱུྃ་མཛད་སྡིགས་མཛུབ་དང་། །ཧཱུྃ་ཞེས་བྱ་བས་རབ་ཏུ་སྦྱར། །རྡོ་རྗེ་སྙེམས་པ་འཛིན་གྱུར་

ཅིང་། །ཁྲོ་བོས་འདུལ་བ་དེ་ལྟ་བུས། །རྡོ་རྗེ་འཛིན་ཆེན་མཉེས་འགྱུར་ཞིང་། །དགྱེས་པ་ཡང་ནི་རབ་ཏུ་འགྱུར། །ཡང་འཇུག་པའི་ཕྱག་རྒྱ་བཅིངས་ཏེ། བསྐོར་བ་ལན་གསུམ་བྱས་ལ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་སྟེ། འདི་སྐད་དུ་ཞེས་བརྗོད་པར་བྱའོ། །འདོད་
ཆགས་ཆེན་པོ་བདེ་བ་ཆེ། །རྡོ་རྗེ་ཆེན་པོ་ནོར་ཆེ་ཞིང་། །ཡེ་ཤེས་ཆེན་པོ་ལས་ཆེ་བ། །རྡོ་རྗེ་སེམས་དཔར་དེང་བདག་འགྲུབ། །ཛཿཧཱུྃ་བཾ་ཧོཿཔྲ་སིདྡྷྱཱ་མཾ། དེ་ནས་རྡོ་རྗེའི་ཆུ་འཐུངས་ལ་བདག་ཉིད་ལ་དབབ་པར་བྱ་སྟེ། ཨ་ཞེས་བྱ་བ་ལན་བརྒྱ་བཟླས་ལ། ཡང་རྡོ་རྗེ་དབབ་པའི་དམ་ཚིག་གི་ཕྱག་རྒྱ་
བཅིངས་ནས། བཛྲ་ཨཱ་བེ་ཤ་ཨ། ཞེས་ལན་བརྒྱ་རྩ་བརྒྱད་བརྗོད་པར་བྱའོ། །དེ་ནས་ཡང་གཡོན་པའི་ཁྲོ་བོའི་ཁུ་ཚུར་གྱིས་སེམས་མ་རྡོ་རྗེའི་ཕྱག་རྒྱ་ཕྱེ་ལ། ཧཱུྃ་ཨ་ཞེས་བྱ་བ་ལན་བརྒྱ་བརྗོད་ན་འབབ་པར་འགྱུར་རོ། །དེ་ནས་ཧཱུྃ་ཞེས་བྱ་བས་མེ་ཏོག་དོར་རོ། །དེ་ནས་བླངས་ལ་ཧཱུྃ་ཉིད་ཀྱིས་རང་གི་
མགོ་ལ་བཅིང་བར་བྱའོ། །དེ་ནས་དེ་ལྟར་བབས་པར་གྱུར་པ་དང་། འདི་ལྟར་གདོང་གཡོགས་ཧཱུྃ་ཞེས་བྱ་བ་ཉིད་ཀྱིས་དགྲོལ་བར་བྱའོ། །དེ་ནས་ཧཱུྃ་མཛད་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ལ། བཅོམ་ལྡན་འདས་ལ་ཁྲོ་བོའི་ལྟ་བས་བལྟ་ཞིང་། ཇི་སྲིད་བཅོམ་ལྡན་འདས་ཀྱིས་ཞལ་བསྟན་ནས་དངོས་གྲུབ་
ཐམས་ཅད་སྩལ་བ་དེ་སྲིད་ཀྱི་བར་དུ་བཟླས་བརྗོད་བྱའོ། །དེ་ནས་རྡོ་རྗེ་ཐལ་མོས་བསྐོར་བས་ཤིས་པ་རྗོད་པར་བྱེད་པའི་ཚུལ་དུ་རང་གི་སྙིང་གར་བཞག་ལ། མཚན་བརྒྱ་རྩ་བརྒྱད་པས་བསྟོད་པ་བྱས་ནས། ཁྲོ་བོའི་མཚོན་ཆ་ལ་སོགས་པ་གསང་བའི་མཆོད་པ་རྣམ་པ་བཞིས་བཅོམ་ལྡན་འདས་འཁོར་
དང་བཅས་པ་ཡང་དག་པར་མཆོད་ལ་གླུ་དང་གར་དང་རོལ་མོའི་མཆོད་པས་ཡང་དག་པར་མཆོད་པར་བྱའོ། །དེ་ནས་ཡང་ཕྱག་རྒྱ་ཆེན་པོར་བསམས་ལ། བཅོམ་ལྡན་འདས་ལ་ཁྲོ་བོའི་ལྟ་བས་བལྟ་ཞིང་། རྡོ་རྗེ་ཐལ་མོས་བསྐོར་བར་ཕྱག་བྱས་ལ། མེ་ཏོག་ལ་སོགས་པའི་དབང་བསྐུར་བ་རྣམས་ཀྱང་
བླང་བར་བྱའོ། །དེ་ལ་དང་པོའི་ཁོ་ནར་དམ་ཚིག་གི་ཕྱག་རྒྱས་ཡོངས་སུ་བཟུང་བའི་རྡོ་རྗེ་དང་། མེ་ཏོག་གི་ཡལ་ག་ལས་རྣམ་པར་རྒྱལ་བའི་བུམ་པ་ལ་སྔགས་འདི་བཟླས་བརྗོད་ཉི་ཤུ་རྩ་གཅིག་བྱ་སྟེ། ཨོཾ་མ་ཧཱ་སུ་ཁ་ཞེས་བྱ་བ་ལ་སོགས་པ་སྔར་བཤད་པའི་བུམ་པའི་སྔགས་བཟླས་བརྗོད་བྱའོ། །

དེ་ནས་བདག་ཉིད་རྡོ་རྗེ་ཧཱུྃ་མཛད་དུ་བྱིན་གྱིས་བརླབས་ལ། དམ་ཚིག་གི་ཕྱག་རྒྱས་རྣལ་འབྱོར་ཆེན་པོ་ལས་བཤད་པའི་གནས་རྣམས་སུ་རང་གི་ལུས་ལ་རྡོ་རྗེ་ཧཱུྃ་མཛད་ལ་སོགས་པ་ཡང་དག་པར་བཞག་ལ། ཕྱིའི་དཀྱིལ་འཁོར་གྱི་ནང་དུ་སྣ་ཚོགས་པདྨའི་སྟེང་དུ་དབང་ཕྱུག་ཆེན་པོ་ཆུང་མ་དང་བཅས་པ་
བྲིས་ཏེ། དེ་གཉིས་ཀྱི་སྟེང་དུ་རྡོ་རྗེ་ཧཱུྃ་མཛད་ཀྱི་ཕྱག་རྒྱ་ཆེན་པོ་གཡོན་བརྐྱང་བའི་གནས་པས་གནས་པར་བསམས་ལ་འདུག་སྟེ། མེ་ཏོག་ལ་སོགས་པས་བདག་ཉིད་ཡང་དག་པར་མཆོད་ལ་མཆོད་ཡོན་བླངས་ཏེ། མཚན་བརྒྱ་རྩ་བརྒྱད་ཀྱིས་བསྟོད་ནས། རྡོ་རྗེ་ཁུ་ཚུར་གྱིས་རྣམ་པར་རྒྱལ་བའི་
བུམ་པ་ལས་ཆུ་བླངས་ལ། ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ་ཞེས་བྱ་བ་དང་། དེས་བདག་ཉིད་དབང་བསྐུར་བར་བྱ་ཞིང་ཆུ་དེ་བཏུང་བར་ཡང་བྱའོ། །དེ་ནས་ཡང་སངས་རྒྱས་ཀྱི་ཕྲེང་བའི་དབང་བསྐུར་བའི་ཕྱག་རྒྱས་དབང་བསྐུར་བ་བླངས་པ་ལ། རིན་པོ་ཆེ་དང་། པདྨ་དང་། རྡོ་རྗེའི་དབང་བསྐུར་བ་སྔ་མ་བཞིན་
དུ་བླང་བར་བྱའོ། །དེ་ནས་ལུགས་མའམ། བརྐོས་པའམ། བྱས་པའམ། བྲིས་པའི་དབུ་རྒྱན་སངས་རྒྱས་དང་། རིན་པོ་ཆེ་དང་། པདྨ་དང་། རྡོ་རྗེའི་ཕྲེང་བ་དང་བཅས་པས་ཕྲེང་བ་དེ་བཅིངས་ལ་རེ་རེ་ཞིང་བཟླས་བརྗོད་བརྒྱ་རྩ་བརྒྱད་བྱ་ཞིང་རྡོ་རྗེ་རིན་ཆེན་ཡང་བཟླས་ལ་དེས་བདག་ཉིད་དབང་བསྐུར་
བ་དར་དཔྱངས་དང་བཅས་པ་བྱས་ཏེ། རྡོ་རྗེ་འབར་བ་དང་བདག་པོ་དང་། མིང་གི་དབང་བསྐུར་བ་བླང་བར་བྱའོ། །དེ་ནས་དངོས་གྲུབ་ཀྱི་རྡོ་རྗེའི་བརྟུལ་ཞུགས་བླང་བར་བྱ་སྟེ། འདི་ནི་གདུག་པ་འདུལ་བྱེད་པའི། །ཕྱག་ན་རྡོ་རྗེའི་རྡོ་རྗེ་སྟེ། །མ་རུངས་ཐམས་ཅད་འདུལ་བ་ལ། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །
དེ་ནས་ཕྱིའི་མཆོད་པ་རྣམས་ཀྱིས་བདག་ཉིད་ཡང་དག་པར་མཆོད་ལ། ཁྲོ་བོའི་མཚོན་ཆའི་ཕྱག་རྒྱ་རྣམས་ཀྱིས་ཀྱང་མཆོད་པར་བྱའོ། །དེ་ལྟར་བདག་ཉིད་མཆོད་ནས། དེ་ཁོ་ན་ཉིད་ཀྱིས་རྡོ་རྗེ་གཟུང་བར་བྱ་ཞིང་། རྟག་ཏུ་འདོད་ཆགས་ལས་བྱུང་ཁྲོ། །རྡོ་རྗེ་སེམས་དཔས་འདུལ་བའི་ཕྱིར། །རྡོ་རྗེ་མེ་ལྟར་
འབར་བ་ཡང་། །རབ་ཏུ་འཇིགས་པའི་སྙིང་པོ་ཡིན། །ཞེས་བྱ་བ་ནི་དེ་ཁོ་ན་ཉིད་དོ། །ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་དང་མཉམ་རྣལ་འབྱོར་པས། །འདི་དག་ཐམས་ཅད་མྱུར་དུ་བསྒྲུབ། །ཅེས་བྱ་བ་ནི་ཆོས་ཏེ་འདིས་དྲིལ་བུ་དཀྲོལ་བར་བྱའོ། །

དེ་ནས་འདིས་དམ་ཚིག་གི་ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབས་ལ། ཧཱུྃ་ཞེས་བྱ་བ་ཟློས་ཤིང་། ཐམས་ཅད་ནམ་མཁའ་མཆོག་སྦྱོར་བས། །ཐམས་ཅད་ནམ་མཁའ་ཞེས་སྨྲ་ཞིང་། །རྡོ་རྗེ་ཕྱག་རྒྱས་རྒྱས་བཏབ་ལ། །ཁམས་གསུམ་ཡང་ནི་བཟའ་བར་བྱ། །ཞེས་བྱ་བ་ནི་དམ་ཚིག་གོ། །
དེ་ནས་བཅོམ་ལྡན་འདས་ལ་ཕྱག་བྱས་ལ་སྔགས་བཟླས་ནས། ཚིགས་སུ་བཅད་པ་ལྔ་པོས་རྗེས་སུ་གནང་བ་དང་། གཟེངས་བསྟོད་པ་དང་། ལུང་བསྟན་པ་ཡང་བཅོམ་ལྡན་འདས་ལས་མནོས་ལ་ཡང་བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་དང་། བཟླས་བརྗོད་བྱས་ནས་ཕྱག་བྱས་ལ།
འདི་སྐད་ཅེས་བརྗོད་པར་བྱ་སྟེ། བདག་མིང་འདི་ཞེས་བྱ་བ་ཡི། །རྡོ་རྗེ་སློབ་དཔོན་དཀའ་ཐུབ་ཆེས། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །སློབ་མ་རྣམས་ནི་གཞུག་པར་བགྱི། །དེ་ནས་སློབ་མ་རྣམས་གཞུག་པར་བྱ་སྟེ། སློབ་དཔོན་གྱི་ལས་ཀྱི་ཆོ་གའོ། །དེ་ནས་རང་གི་སྡོམ་པ་སྦྱིན་པར་འོས་པ་
ལ་སྔར་བཤད་པའི་ཚུལ་གྱིས་དམ་ཚིག་འཛིན་དུ་གཞུག་པ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་དུ་བཅུག་ལ། དེའི་སྙིང་གར་དེ་བཞིན་དུ་རྡོ་རྗེ་བསྐྱེད་ནས། དེ་རྡོ་རྗེ་ཧཱུྃ་མཛད་དུ་བྱིན་གྱིས་བརླབས་ལ། སྤོས་དང་མེ་ཏོག་ལ་སོགས་པས་མཆོད་དེ། ཡོན་གྱི་མཆོག་བླངས་ཏེ། ཤར་སྒོ་ལ་བལྟས་ནས་གནས་པའི་
བུམ་པས་དབང་བསྐུར་ལ། བདག་ཉིད་འཇུག་པའི་ཆོ་གས་བཅུག་ལ། ཆོ་ག་ཐམས་ཅད་ལ་རྗེས་སུ་སྤྱད་པར་བྱའོ། །སློབ་མ་གཞུག་པ་ལ་སོགས་པ་ཆོ་ག་རྒྱས་པ་རྫོགས་སོ།། །།རྡོ་རྗེ་ནི་རྡོ་རྗེའི་རིགས་ཏེ། དེའི་དཀྱིལ་འཁོར་ནི་རྡོ་རྗེའི་དཀྱིལ་འཁོར་རོ། །དེ་ལྟར་སློབ་དཔོན་གྱི་ལས་ཀྱི་ཆོ་ག་
དང་། སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པར་བཤད་ནས། ད་ནི་དམ་ཚིག་དང་དབང་བསྐུར་བ་ཐོབ་པ་རྣམས་ལ་སློབ་དཔོན་གྱིས་དངོས་གྲུབ་ཀྱི་ཡེ་ཤེས་བསླབ་པར་བྱའོ་ཞེས་བྱ་བ་འདིའི་དོན་བསྟན་པར་བྱ་བའི་ཕྱིར། དེ་ནས་སྒྲུབ་པ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་རས་ལ་
སྔོན་དུ་བསྙེན་པ་ལ་སོགས་པའི་སྒྲུབ་པ་ནི་རས་ལ་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་འདི་ཉིད་ཀྱིས་གསུངས་པ་ཡིན་ཏེ། སྔ་མ་བཞིན་དུ་ཐམས་ཅད་བྱས་ལ། རྡོ་རྗེ་བྲི་བའི་ཕྱག་རྒྱས་ཧཱུྃ་ཞེས་བྱ་བ་ཟློས་ཤིང་བརྩམ་པར་བྱས་ལ་དཀྱིལ་འཁོར་གྱི་ཚུལ་ཉིད་ཀྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་

པའི་ལྷ་ཐམས་ཅད་བྲི་བའམ། འདིར་གཞུག་པར་བྱའོ། །དེ་ནས་སྒྲུབ་པ་ཆེན་པོ་ལ་ཡང་དེ་བཞིན་ཏེ། དེ་བཞིན་དུ་དངོས་གྲུབ་མཆོག་རྣམས་ནི་ཞེས་བྱ་བ་ནི། རྡོ་རྗེ་སེམས་དཔའི་སྐབས་སུ་གསུངས་པའི་ཆོ་ག་ཉིད་ཀྱིས་སངས་རྒྱས་ཉིད་དམ། རྡོ་རྗེ་འཛིན་པ་ཉིད་འདིར་བསྒྲུབ་པར་བྱ་བའོ་ཞེས་བྱ་བའི་དོན་
ཏོ། །དེ་བས་ན་དེ་བཞིན་དུ་དངོས་གྲུབ་མཆོག་རྣམས་ལ་ནི་ཞེས་བྱ་བ་གསུངས་སོ། །རས་ལ་བཅོམ་ལྡན་འདས་ཇི་ལྟ་བ་བཞིན་དུ་བྱས་ནས་ཞེས་བྱ་བ་ནི། སྔར་བཤད་པའི་ཆོ་གས་བཅོམ་ལྡན་འདས་རྡོ་རྗེ་ཧཱུྃ་མཛད་དཔའ་བོ་གཅིག་པུ་བྲི་བའོ། །དེའི་མདུན་དུ་ལག་པ་གཉིས་ཀྱིས་ཕྱག་རྒྱ་བཅིངས་
ཏེ། བཟླས་བརྗོད་འབུམ་བྱའོ་ཞེས་བྱ་བ་ནི་ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱ་ལག་པ་གཉིས་ཀྱིས་བཅིངས་བའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །འདི་སྐད་སྟོན་པ་ཡིན་ཏེ། དཔལ་རྡོ་རྗེ་ཧཱུྃ་མཛད་ཀྱི་སྦྱོར་བ་བྱས་ལ། བདག་ལ་བྱིན་གྱིས་རློབ་པ་ལ་སོགས་པ་ཇི་ལྟ་བ་བཞིན་དུ་
བྱས་ནས། དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། དཀྱིལ་འཁོར་དུ་ཞུགས་པའི་རྗེས་ཐོགས་ཉིད་ལ་ཟླ་བ་ཉ་ནས་བརྩམས་ཏེ། ཉིན་རེ་སྦྱོར་བས་ཇི་སྲིད་ཟླ་བ་གཅིག་ཙམ་གྱི་བར་དུ་བཟླས་བརྗོད་བྱས་ནས། སྔོན་དུ་བསྙེན་པ་བྱས་པར་འགྱུར་རོ། །དེ་ནས་ཟླ་བ་ཉ་ལ་ཇི་སྐད་དུ་གསུངས་པའི་ཚུལ་གྱིས་རས་ལས་
བཅོམ་ལྡན་འདས་རྡོ་རྗེ་ཧཱུྃ་མཛད་ཀྱི་དཀྱིལ་འཁོར་སྤྲུལ་ལ། མཆོད་ཡོན་ཕུལ་བ་སྔོན་དུ་འགྲོ་བ་དང་། ཧཱུྃ་གིས་རང་གི་གནས་སུ་དགོད་པར་བྱས་ལ། རྡོ་རྗེ་བྲི་བའི་ཕྱག་རྒྱ་དང་པོ་ནས་བརྩམས་ཏེ། ཕྱིས་ཅི་བདེར་དཀྱིལ་འཁོར་གྱི་ཚུལ་དུའམ། བཅོམ་ལྡན་འདས་དཔའ་བོ་གཅིག་པུ་བྲིས་པའམ། འདིར་
གཞུག་པར་བྱའོ། །དེ་ནས་ཟླ་བ་ཉ་ནས་བརྩམས་ཏེ་བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པའི་སྦྱོར་བས་བཅོམ་ལྡན་འདས་དཀྱིལ་འཁོར་གྱི་ཚུལ་དུ་རས་ལ་བཞུགས་སུ་གསོལ་ལ། ཕྱག་རྒྱ་ཆེན་པོར་བསམས་ཏེ། ཉིན་རེའི་སྦྱོར་བས་ཇི་སྲིད་ཟླ་བ་གཉིས་པའི་ཉ་ལ་བབ་པ་དེ་སྲིད་ཀྱི་བར་དུ་དཔག་ཏུ་
མེད་པའི་བཟླས་བརྗོད་ཀྱིས་བསྒྲུབ་པར་བྱའོ། །དེ་ནས་དེའི་ཚེ་མཚན་ཐོག་ཐག་བཟླས་བརྗོད་བྱས་ནས། དེ་ནས་ནང་བར་བཅོམ་ལྡན་འདས་ཀྱིས་ཞལ་བསྟན་ནས། སངས་རྒྱས་ཉིད་དམ་རྡོ་རྗེ་འཛིན་པ་ཉིད་ལ་སོགས་པ་དངོས་གྲུབ་ཐམས་ཅད་སྩོལ་བར་འགྱུར། དཔའ་བོ་གཅིག་པུའི་རས་རིས་ལ་

ཡང་སྔར་བཤད་པའི་ཆོ་ག་རྗེས་སུ་སྤྱད་ལ། ཕྱག་རྒྱ་ཆེན་པོ་བཅིངས་ཏེ། བཟླས་བརྗོད་འབུམ་བྱའོ། །དེ་ནས་ཟླ་བ་ཉ་ལ་མཚན་ཐོག་ཐག་བཟླས་བརྗོད་བྱས་ནས་ཐོ་རངས་ཁ་བཅོམ་ལྡན་འདས་ཀྱིས་ཞལ་བསྟན་ནས་སངས་རྒྱས་ཉིད་དམ་རྡོ་རྗེ་ཧཱུྃ་མཛད་ཉིད་སྩོལ་བར་འགྱུར་རོ། །མ་
བསྒྲུབས་པར་ཡང་ཞེས་བྱ་བ་ནི་དཀྱིལ་འཁོར་དུ་འཇུག་པ་བྱས་ནས་སྔགས་བཟླས་ཏེ། དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་ཟླ་བ་གཅིག་གི་བར་དུ་བཟླས་བརྗོད་དཔག་ཏུ་མེད་པ་བྱས་ནས། དེའི་རྗེས་ཐོགས་ཉིད་ལ་སྙིང་པོ་མ་བསྒྲུབས་ཀྱང་ལས་འདི་དག་བྱེད་པར་འགྱུར་བའོ། །དེ་བཞིན་དུ་ཞེས་བྱ་བ་
ནི་བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ཏེ། ཇི་སྐད་བཤད་པ་ཐམས་ཅད་གསད་པ་ལ་ནི་རྡོ་རྗེ་ཁྲོ་བོ་མཐར་བྱེད་ཀྱིས་སོ་ཞེས་བྱ་བ་ལ་སོགས་པ་དེ་ཉིད་ལས་གཞན་དུ་མི་འགྱུར་བའོ། །ཐམས་ཅད་རྗེས་སུ་ཆགས་པར་བྱ་བ་དང་ཞེས་བྱ་བ་ལ་སོགས་པ་ནི་བསྟན་པའོ། །ཐམས་ཅད་གསད་པ་
ལ་ནི་ཞེས་བྱ་བ་ལ་སོགས་པ་ནི་འདི་ཉིད་ཀྱི་བཤད་པའོ། །དེ་བཞིན་དུ་སྔོན་དུ་བསྙེན་པ་བྱ་ཞིང་བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ནས། གདུག་པ་ཐམས་ཅད་གསད་པ་ལ་ནི་ཁྲོ་བོ་རྡོ་རྗེ་མཐར་བྱེད་ཀྱིས་བྱ་སྟེ། ལྔ་པོ་བསྡུས་པ་བཅིངས་ནས་བཟློག་ནས། ཁའི་གྲྭ་གཉིས་སུ་མཆེ་བ་
སྟོན་པའི་ཚུལ་དུ་གཞག་པར་བྱ་ཞིང་གདུག་པ་ཐམས་ཅད་ཀྱང་མཆེ་བ་གཙིགས་པའི་ཞལ་ནས་ནམ་མཁའ་དང་མཉམ་པའི་རྡོ་རྗེ་ཧཱུྃ་མཛད་ཀྱིས་ཟོས་པར་གྱུར་པར་བསྒོམ་པར་བྱ་སྟེ། འདི་ནི་རྡོ་རྗེ་ཁྲོ་བོ་མཐར་བྱེད་དོ། །ཐམས་ཅད་རྒྱས་གདབ་པ་ལ་ནི། །ཁྲོ་བོའི་བལྟ་བའི་བཟླས་པས་སོ་ཞེས་བྱ་བ་ནི་
བསྒྲུབ་པར་བྱ་བའི་ལུས་ལ་རྡོ་རྗེ་འབར་བའི་གཟུགས་བརྙན་བསྐྱེད་པ་ནི་རྒྱས་གདབ་པའོ། །ཁྲོ་གཉེར་བསྙེར་ཞིང་མིག་གདངས་ནས། ཁྲོ་བས་ལྟ་བ་ནི་ཁྲོ་བོའི་ལྟ་བ་སྟེ། འདིས་རྡོ་རྗེ་ཧཱུྃ་མཛད་ཀྱི་ཕྱག་རྒྱ་བཅིངས་ལ། ཧཱུྃ་ཞེས་བྱ་བ་ཟློས་ཤིང་བསྒྲུབ་པར་བྱ་བ་ལ་རྒྱས་གདབ་པར་བྱ་སྟེ། མིག་གཉིས་
ལས་རྡོ་རྗེ་འབར་བ་ཕྱུང་ལ་བསྒྲུབ་པར་བྱ་བའི་ལུས་ལ་དབབ་པར་བྱ་སྟེ། དེ་ལྟ་བུས་ནི་ཐམས་ཅད་རྒྱས་གདབ་པར་འགྱུར་རོ། །ཐམས་ཅད་གཞིག་པ་ལ་ནི་རྡོ་རྗེ་ཁྲོས་པས་གཞིག་པར་བྱའོ་ཞེས་བྱ་བ་ནི་སྲིན་པོ་ལ་སོགས་པའི་གདུག་པ་ཐམས་ཅད་གཞིག་ཅིང་མི་སྣང་ལ་མི་མངོན་པ་དང་། ཟས་ལ་

སོགས་པའི་དངོས་པོ་ཐམས་ཅད་སྣང་བར་འགྱུར་བ་ལས་མི་སྣང་བར་བྱ་བ་ནི་གཞིག་པ་སྟེ། གསང་བའི་རྡོ་རྗེ་སོར་བཞི་པའི་ཚད་བླངས་ལ་བསྒྲུབ་པར་བྱ་བ་གཞིག་པའི་བསམ་པས་ཁྲོས་པར་གྱུར་པ་དང་། རྡོ་རྗེ་ཁུ་ཚུར་གྱིས་གཡོགས་པར་བྱ་བ་སྟེ། དེ་ལྟ་བུས་ནི་ཐམས་ཅད་འཇིག་པར་འགྱུར་
རོ། །ཐམས་ཅད་ངེས་པར་གནོན་པ་ལ་ནི་ཞེས་བྱ་བ་ནི་དབང་ཕྱུག་ཆེན་པོ་ལ་སོགས་པའི་འཇིག་རྟེན་གསུམ་པོ་མཐའ་དག་བརྒྱལ་ནས་ཁས་བུབ་ཏུ་ལྷུང་བར་གྱུར་པ་ནི་ངེས་པར་གནོན་པའོ། །དེ་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་ཁྲོས་པས་ཕྱོགས་དེར་བརྡེག་པར་བྱའོ་ཞེས་བྱ་བ་སྟེ། རང་གི་ལག་ཏུ་ཧཱུྃ་
ལས་རྡོ་རྗེ་འབར་བ་བསམས་ལ་ཕྱོགས་གང་ན་བསྒྲུབ་པར་བྱ་བ་གནས་པ་དེ་ལ་རང་གི་ལག་ཏུ་བསམས་པའི་རྡོ་རྗེ་བསྒྲུབ་པར་བྱ་བ་ངེས་པར་གནོན་པའི་བསམ་པས་བསྣུན་པར་བྱ་སྟེ། དེ་ལྟ་བུས་ནི་རྡོ་རྗེས་བཅོམ་པར་འགྱུར་རོ། །ཡུངས་ཀར་ལ་སོགས་པ་ཡང་ཧཱུྃ་ཞེས་བྱ་བས་རྡོ་རྗེ་འབར་བར་
བསམས་ཏེ་དེ་ས་ཕྱོགས་དེར་བསྣུན་པར་བྱའོ། །གནད་ཐམས་ཅད་ནི་གོ་བར་ཟད་དོ། །དེ་རྣམས་དབུག་པ་ནི་རྣམ་པར་གཞོམ་པའོ། །དེ་ཇི་ལྟར་བྱ་ཞེ་ན། རྡོ་རྗེ་ཕྲ་མོ་འབིགས་བྱེད་ཀྱིས་སོ་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་ཧཱུྃ་མཛད་ཀྱི་ཕྱག་རྒྱའི་གཡས་པའི་མཛུབ་མོ་ལྕགས་ཀྱུས་གཡོན་ལོགས་ནས་
གཡོན་པའི་མཛུབ་མོ་བཟུང་ལ། བསྒྲུབ་པར་བྱ་བའི་གནད་ནས་དྲངས་ལ། རྡོ་རྗེ་མདས་ངེས་པར་འབིགས་པར་གྱུར་པར་བསམ་པར་བྱ་སྟེ། འདི་ནི་རྡོ་རྗེ་ཕྲ་མོ་འབིགས་བྱེད་དོ། །འདིས་ནད་ཐམས་ཅད་འབིགས་པར་འགྱུར་རོ། །ཐམས་ཅད་ཀྱི་སྙིང་ནི་སེམས་ཅན་ཐམས་ཅད་ཀྱི་སྙིང་གི་པདྨའོ། །
དེ་རྣམས་འབྱིན་པ་ནི་རྡོ་རྗེ་ཧཱུྃ་མཛད་ཀྱི་སྦྱོར་བས་བསྒྲུབ་པར་བྱ་བའི་ལུས་ལ་ཞུགས་ལ། དེའི་སྙིང་གི་པདྨ་ཁྲོས་པར་གྱུར་པ་དང་དབྱུང་བར་བྱ་སྟེ། དེ་ལྟ་བུས་ནི་ཐམས་ཅད་ཀྱི་སྙིང་འབྱིན་པར་འགྱུར་རོ། །གདུག་པ་ཐམས་ཅད་ཚར་གཅད་པ་ནི་སྲིན་པོ་ལ་སོགས་པ་ཚར་གཅོད་པའོ། །དེ་གང་གིས་འགྱུར་
ཞེ་ན། ཁྲོས་པས་རྡོ་རྗེ་བསྐོར་བར་བྱའོ་ཞེས་བྱ་བ་གསུངས་ཏེ། དེ་བཞིན་དུ་བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ནས། རྡོ་རྗེ་འབར་བ་དེ་ཁོ་ན་ཉིད་ཀྱིས་བླངས་ལ་ཧཱུྃ་ཞེས་བྱ་བ་ཟློས་ཤིང་ཁྲོས་པས་བསྐོར་ལ། རྡོ་རྗེ་འབར་བ་དེ་ལས་རྡོ་རྗེ་འཛིན་པ་ལ་སོགས་པའི་ཁྲོ་བོ་རྣམས་ཕྱུང་སྟེ། དེ་རྣམས་

ཀྱིས་གདུག་པ་ཐམས་ཅད་གཟིར་བར་འགྱུར་བ་དང་། བསྲེག་པ་དང་། རྡོ་རྗེ་ལུ་གུ་རྒྱུད་ལ་སོགས་པས་བཅིངས་པར་གྱུར་པར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་གདུག་པ་ཐམས་ཅད་ཚར་གཅོད་པར་འགྱུར་རོ། །གདུག་ཅིང་ཁྲོས་པ་ནི་སྲོག་འཕྲོག་པའི་མ་རུངས་པ་སྟེ། དེ་རྣམས་
དགས་པ་ནི་གཞོམ་པའོ། །དེ་ཇི་ལྟར་འགྱུར་ཞེ་ན། ཁྲོས་པས་ལྕགས་ཕྱེའི་སྦྱིན་སྲེག་བྱས་པས་སོ་ཞེས་བྱ་བ་གསུངས་ཏེ། མངོན་སྤྱོད་ཀྱི་ཐབ་ཁུང་དུ་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ཇི་ལྟ་བ་བཞིན་དུ་རྣམ་པར་བསམས་ལ། ཧཱུྃ་ཆེ་གེ་མོ་གྷཱ་ཏ་ཡ་ཧཱུྃ། ཞེས་བསྐུལ་ཏེ་རལ་གྲི་ལ་སོགས་པ་མཚོན་ཆའི་
ཕྱེ་མའི་སྦྱིན་སྲེག་གི་ཐབ་ཁུང་དེ་ལས་རྡོ་རྗེ་འཛིན་པ་ལ་སོགས་པའི་ཁྲོ་བོ་རྣམས་བྱུང་བ་རྣམས་ཀྱིས་གདུག་པ་རྣམས་ཐལ་བར་བྱེད་པར་འགྱུར་ཞིང་ཟ་བར་གྱུར་པར་བསྒོམ་པར་བྱའོ། །བདུད་ཐམས་ཅད་རླག་པར་བྱེད་པ་ལ་ནི་ཞེས་བྱ་བ་ལ་བདུད་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་
བདུད་ཐམས་ཅད་དོ། །དེ་རྣམས་བརླག་པ་ནི་ཟིལ་གྱིས་མནན་ཅིང་ཚར་བཅད་པས་ཞེས་བྱ་བའི་དོན་ཏོ། །དེ་ཇི་ལྟར་འགྱུར་ཞེ་ན། རང་གི་ས་བོན་གྱི་སྦྱིན་སྲེག་གིས་སོ་ཞེས་བྱ་བ་གསུངས་ཏེ། སྔགས་པ་འདོད་ཆགས་ལ་སོགས་པའི་ཉོན་མོངས་པས་ཟིལ་གྱིས་གནོན་པ་དང་། ཕུང་པོ་དང་།
འཆི་བདག་དང་། ལྷའི་བུའི་བདུད་རྣམས་ཀྱིས་མནན་པར་གྱུར་ན། དེའི་ཚེ་བཅོམ་ལྡན་འདས་རྡོ་རྗེ་ཧཱུྃ་མཛད་ཀྱི་སྦྱོར་བས་རྣལ་འབྱོར་ཆེན་པོ་བྱས་ལ་ཏིང་ངེ་འཛིན་གསུམ་བསྒོམ་པར་བྱའོ། །དེ་ནས་ཁམས་གསུམ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ནི་བདག་པོ་ཞེས་རྡོ་རྗེ་དཀྱིལ་འཁོར་གྱི་ངོ་བོ་ཉིད་དུ་
བདག་ཉིད་ཇི་ལྟ་བ་བཞིན་དུ་རྣམ་པར་བསམས་ལ། མདུན་དུ་ཧཱུཾ་ལས་རྡོ་རྗེ་འབར་བའི་ཕྱག་རྒྱས་བསམས་ཏེ། དེ་ཡང་རྡོ་རྗེ་ཧཱུྃ་མཛད་ཀྱི་ལྷ་མོར་བསམ་པར་བྱའོ། །དེ་ནས་དེ་དང་ལྷན་ཅིག་ཡང་དག་པར་སྦྱོར་བ་བྱས་པར་བསྒོམས་ལ། ཡིད་ཀྱིས་ཡང་དག་པར་སྦྱོར་བ་བསྒོམས་པ་ལས། རང་
གི་ས་བོན་རྡོ་རྗེ་རིགས་ཀྱི་གཟུགས་ཅན་གྱིས་ནམ་མཁའ་ཀུན་དུ་བཀང་ལ། རང་གི་ལུས་ལ་བྱེ་མའི་བུམ་པ་ལ་ཆུའི་བུམ་པ་བླུགས་པ་བཞིན་དུ་ཞུགས་ནས་བདག་ཉིད་རྡོ་རྗེའི་རིགས་ཀྱི་རྡུལ་ཕྲ་རབ་ལས་གྲུབ་པ། སྒྱུ་མ་ལྟ་བུ། གཟུགས་བརྙན་དང་མཚུངས་པ་འོད་ཟེར་འབར་བ་ཀུན་དུ་འཁྲིགས་པའི་

འོད་དང་ལྡན་པ། ཉོན་མོངས་པའི་བུད་ཤིང་ཐམས་ཅད་སྲེག་པར་བྱེད་པའི་བདག་ཉིད་ཅན་གྱི་རྡོ་རྗེ་ཧཱུྃ་མཛད་བསྒོམ་པར་བྱའོ། །འདི་ནི་ཡིད་ཀྱི་རང་བཞིན་གྱི་ས་བོན་གྱི་སྦྱིན་སྲེག་ཡིན་ཏེ། འདིས་བདུད་ཐམས་ཅད་བརླག་པར་འགྱུར་རོ། །དེ་སྐད་དུ་ཡིད་ཀྱི་སྦྱིན་སྲེག་གི་དབང་དུ་མཛད་
ནས། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་གཞིག་པའི་ཕྱིར། ཁྲོ་བོའི་སྤྲིན་ནི་རྣམ་པར་བསྒོམ་པར་བྱ་ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་རོ། །ཕྱིའི་རང་གི་ས་བོན་དང་སྦྱིན་སྲེག་བྱ་བར་བཤད་ན་ནི། འདོད་ཆགས་ལ་སོགས་པའི་བདུད་རྣམས་ཟིལ་གྱིས་མནན་པ་ལ། དེ་
རྣམས་ལ་ངེས་པར་དམིགས་པ་དང་བཅས་པ་བསྐྱེད་པར་འགྱུར་རོ། །གནོད་སྦྱིན་ཐམས་ཅད་བསྐྲད་པ་ལ་ནི་ཞེས་བྱ་བ་ནི་གནོད་སྦྱིན་མ་རུངས་པ་རྣམས་གནས་ནས་བསྐྱོད་ཅིང་མི་གཞག་པ་ནི་བསྐྲད་པའོ། །དེ་ཇི་ལྟར་འགྱུར་ཞེ་ན། ཧ་ཧ་ཞེས་དགོད་ཅིང་བཟླས་པས་སོ་ཞེས་བྱ་བ་གསུངས་
ཏེ། རྡོ་རྗེ་ཧཱུྃ་མཛད་ཀྱི་སྦྱོར་བ་ཇི་ལྟ་བ་བཞིན་དུ་བྱས་ལ། དེའི་ཕྱག་རྒྱ་ཆེན་པོ་བཅིངས་ནས། ལུས་ཀྱི་སྟོབས་དང་། ཁྱིམ་ལ་སོགས་པ་ལ་གནོད་པ་བྱེད་པའི་གནོད་སྦྱིན་མ་རུངས་པ་རྣམས་ཧ་ཧ་ཧ་ཧ་ཧཱུྃ་དུཥྚ་ཡཀྵ་ཨུཙྪ་ཊ་ཡ་ཧཱུྃ་ཞེས་བྱ་བ་ཧ་ཧ་ཞེས་དགོད་པས་ཁྲོ་བོ་ཆེན་པོས་ཁྱབ་པ་དང་བཟླས་
བརྗོད་བྱས་ལ་ཁ་ལས་རྡོ་རྗེ་འཛིན་པ་ལ་སོགས་པའི་ཁྲོ་བོའི་ཚོགས་སྤྲུལ་ནས་ཕྱུང་བ་འཇིགས་བྱེད་ཆེན་པོའི་གཟུགས་ཅན་དེ་རྣམས་ཀྱིས་གནོད་སྦྱིན་གདུག་པ་དེ་རྡོ་རྗེ་འབར་བ་ལ་སོགས་པས་བསྲེགས་པར་གྱུར་པ་དང་། དབྱིག་པ་ལ་སོགས་པ་རྣམས་ཀྱིས་བརྡེགས་པར་གྱུར་པ་དང་། སྐྲོད་
པར་གྱུར་པར་རྣམ་པར་བསམས་ལ། རིའི་རྒྱལ་པོ་རི་རབ་ལ་སོགས་པའི་རི་བོ་ཆེན་པོ་རྣམས་སུ་ལྕགས་སྒྲོག་གིས་བཅིང་བར་གྱུར་པར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་གནོད་སྦྱིན་ཐམས་ཅད་སྐྲོད་པར་འགྱུར་རོ། །ཀླུ་ཐམས་ཅད་གདོན་པ་ལ་ནི་རྡོ་རྗེས་ལ་བརྡབས་ནས་བཟླས་པས་སོ་ཞེས་བྱ་བ་ནི།
ཀླུའི་མཚོའི་འགྲམ་དུ་ཀླུ་གདུག་པ་གདོན་པར་བྱ་བའི་ཕྱིར་མངོན་སྤྱོད་ལས་བཤད་པའི་རྫས་རྣམས་ཀྱིས་ཀླུའི་གཟུགས་བརྙན་བྱས་ཏེ། དེའི་སྙིང་གར་དེའི་མིང་བཅུག་ནས་ཧཱུྃ་ཞེས་བྱ་བ་དང་། གསང་བའི་ལྕགས་ཀྱུས་བཀུག་ལ་གཟུགས་བརྙན་དེར་བཅུག་སྟེ། རྡོ་རྗེ་ལྕགས་སྒྲོག་གིས་བཅིངས་ལ།

དེ་བཟླས་པའི་སྲད་བུ་དམར་པོས་ཀྱང་བཅིང་བར་བྱའོ། །དེ་ནས་ཧཱུྃ་ཞེས་བྱ་བ་ལས་རྡོ་རྗེ་རྩེ་བཞི་པ་འབར་བ་བསྐྱེད་ལ་ཀླུའི་སྙིང་གར་རྡོ་རྗེ་ཕུར་བུ་ཇི་ལྟ་བ་བཞིན་དུ་བརྡུངས་ཤིང་། ཧཱུྃ་ནཱ་ག་ཆེ་གེ་མོ་ཧཱུཾ་ཞེས་ཤིན་ཏུ་ཁྲོས་པས་བཟླས་བརྗོད་བྱས་ལ། རྡོ་རྗེ་ཧཱུྃ་མཛད་ཀྱི་ཕྱག་རྒྱས་རྡོ་རྗེ་བཟུང་ཞིང་།
དེས་ཀྱང་རྡོ་རྗེ་ལྕགས་ཀྱུ་ལྟ་བུ་འབར་བའི་ཚོགས་ཀྱིས་ཁྱེར་ཏེ་འོངས་བར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་ཀླུ་ཐམས་ཅད་འབྱིན་པར་འགྱུར་རོ། །ལྷ་རྣམས་ལྟུང་བར་བྱ་བ་ནི། །ཞེས་བྱ་བ་ལ་སོགས་པ་ལ། ལྷ་རྣམས་ཞེས་བྱ་བ་ནི་མ་ཧཱ་དེ་བ་ལ་སོགས་པ་སྟེ། དེ་དག་ཐམས་ཅད་བར་སྣང་ལས་ས་ལ་བབ་
པ་ནི་ལྟུང་བར་འགྱུར་བའོ། །དེ་ཅི་ལྟར་འགྱུར་ཞེ་ན། ལྷ་མོ་རྡོ་རྗེ་ལྟུང་བྱེད་ཀྱིས་སོ་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་ཧཱུྃ་མཛད་ཀྱི་ཕྱག་རྒྱ་ལས་མཛུབ་མོ་གཉིས་ལུ་གུ་རྒྱུད་དུ་བཅིངས་ལ། ལྷ་ཐམས་ཅད་བཟུང་བའི་བསམ་པས་ཕྱག་རྒྱ་བཅིངས་ལ་གྱེན་དུ་བཏེག་ལ། ལྷ་རྣམས་ལྟུང་བར་བྱ་བའི་བསམ་པས་
ཐུར་དུ་དབབ་པར་བྱ་སྟེ། འདི་ནི་ལྷ་མོ་རྡོ་རྗེ་ལྟུང་བྱེད་ཀྱི་ཕྱག་རྒྱ་སྟེ། འདིས་ལྷ་རྣམས་ལྟུང་བར་བྱེད་པར་འགྱུར་རོ། །ལྷའི་བདག་པོ་ཐམས་ཅད་ནི་དབང་ཕྱུག་ཆེན་པོ་ལ་སོགས་པའོ། །དེ་རྣམས་དབང་དུ་བྱ་བ་ནི་རང་ཡི་དམ་དུ་བྱ་བའོ། །དེ་རྣམས་ཉིད་དྲེགས་པ་དང་ཕྲལ་ནས་དུལ་བ་ལ་འཇོག་པ་ནི་དུལ་
བའོ། །ཤིང་རྡོ་རྗེ་ཅན་གྱི་ལྕུག་མ་ལ་སོགས་པས་བརྡེགས་པ་ནི་བསྣུན་པའོ། །དེ་རྣམས་ཉིད་རྣམ་པར་སྦྱར་བར་བྱ་བའི་ཕྱིར་དང་སྲོག་དང་བྲལ་བར་བྱ་བ་ནི་དབང་ཕྱུག་ཆེན་པོ་ལ་སོགས་པ་ཉིད་ཀྱིས་གསད་པའོ། །དེ་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་སྲིད་པ་གསུམ་པོ་འདུལ་བར་བྱེད་པས་སོ་ཞེས་བྱ་བ་གསུངས་
ཏེ། རྡོ་རྗེ་ཧཱུྃ་མཛད་ཉིད་ཀྱིས་ཧཱུྃ་ཧི་ཞེས་བྱ་བས་འཇིག་རྟེན་གསུམ་དབང་དུ་བྱ་བའི་བསམ་པས་སྦྱོར་བ་ནི་སྲིད་པ་གསུམ་པོ་འདུལ་བར་བྱེད་པ་སྟེ། རང་གི་ཁྲོ་གཉེར་གྱི་ཕྱོགས་ལས་བྱུང་བའི་རྡོ་རྗེ་ཧཱུྃ་མཛད་ཀྱི་གཟུགས་ཀྱིས་ལྷའི་བདག་པོ་ཐམས་ཅད་འདུལ་བར་བྱེད་པར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་དེ་
རྣམས་དབང་དུ་བྱ་བ་ལ་སོགས་པ་བྱས་པར་འགྱུར་རོ། །རྣམ་ཐོས་སྲས་རྗེས་སུ་འབྲང་བར་བྱ་བ་ནི་ཞེས་བྱ་བ་ལ་ནི་རྣམ་ཐོས་སྲས་ཀྱི་གཟུགས་བརྙན་ལ་སྔ་མ་བཞིན་དུ་གསང་བའི་ལྕགས་ཀྱུས་རྣམ་ཐོས་སྲས་བཀུག་ལ་བཅུག་ནས་བཅིངས་ཏེ། རྡོ་རྗེ་ཧཱུྃ་མཛད་ཀྱི་ཕྱག་རྒྱ་ཇི་ལྟ་བ་བཞིན་དུ་བཅིངས་

ནས། གཡོན་བརྐྱང་བའི་གནས་པས་འདུག་ལ། རྐང་པ་གཡོན་པས་རྣམ་ཐོས་སྲས་ཀྱི་གཟུགས་མནན་ནས། ཧཱུྃ་བཻ་ཤྲ་བ་ཎ་ཨ་ནུ་རཱ་ཛ་ཀུ་རུ་ཧཱུྃ། ཞེས་བཟླས་ན་རྗེས་སུ་འབྲང་བར་འགྱུར་རོ། །ལུས་ངན་པོ་མནན་ནས་དཔལ་དབྲོག་པ་ལ་ནི་རྡོ་རྗེ་སྐྱས་བུས་སོ་ཞེས་བྱ་བ་ནི། རྡོ་རྗེ་ཧཱུྃ་མཛད་ཀྱི་
ཕྱག་རྒྱ་ལས་གཡོན་པའི་ཁུ་ཚུར་གཡས་པའི་ཁུ་ཚུར་གྱིས་མནན་ལ། ཡང་གཡོན་པའི་མཛུབ་མོས་སོ་བཟུང་སྟེ། དཔལ་དབྲོག་པའི་བསམ་པ་དྲངས་པ་འདི་ནི་རྡོ་རྗེ་སྐྱེས་བུ་སྟེ། འདིས་སྔ་མ་བཞིན་དུ་ལུས་ངན་པོ་དང་རྣམ་ཐོས་སྲས་སྒྲུབ་པའི་སྦྱོར་བས་མནན་ལ་དཔལ་དབྲོག་པར་བྱའོ། །འདོད་
པའི་ལྷ་དབང་དུ་བྱ་བ་ལ་ནི་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ཧཱུྃ་མཛད་ཀྱི་སྦྱོར་བས་འདོད་པའི་ལྷའི་གཟུགས་བརྙན་མདུན་དུ་བཞག་ལ། དེ་ལ་སྔ་མ་བཞིན་དུ་འདོད་པའི་ལྷ་བཅུག་སྟེ། རྡོ་རྗེ་ཧཱུྃ་མཛད་བཅིངས་ལ། ཧཱུཾ་ཀཱ་མ་དེ་བ་བ་ཤ་མ་ན་ཡ་ཧཱུྃ་ཞེས་བཟླས་བརྗོད་བྱས་ལ་རང་གི་ལུས་ལས་བྱུང་བའི་
རྡོ་རྗེ་ཧཱུཾ་མཛད་ཀྱི་རིམ་གྱིས་བཀུག་ནས། རང་གི་རྐང་པ་གཉིས་ལ་ལྟུང་བར་བྱས་པར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་འདོད་པའི་ལྷ་དབང་དུ་བྱས་པར་འགྱུར་རོ། །ཚངས་པ་ལྟུང་བར་བྱ་བ་ལ་ནི་རྡོ་རྗེ་རབ་ཏུ་དགའ་བའི་ཕྱག་རྒྱས་སོ་ཞེས་བྱ་བ་ནི། ལྔ་པོ་བསྡུས་པ་ནི་རྡོ་རྗེ་རབ་ཏུ་དགའ་བའི་ཕྱག་རྒྱ་
སྟེ། དེ་བཅིངས་ལ་ཚངས་པའི་འདོད་ཆགས་དང་བྲལ་བ་ལས་ལྟུང་བར་བྱ་བའི་བསམ་པས་འཇིག་རྟེན་ཐམས་ཅད་ལས་ཕུལ་དུ་བྱུང་བའི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་རྣམས་སྤྲུལ་ལ་ཉེ་བར་དབབ་པར་བྱའོ། །དེ་ནས་དེས་དེ་རྣམས་མཐོང་བས་བསམ་གཏན་ལས་ཉམས་
པར་གྱུར་ཏེ། དེས་ན་དེ་ཕྱག་རྒྱ་འདིས་ལྟུང་བར་འགྱུར་རོ། །ཁྱབ་འཇུག་གཞིག་པ་ལ་ནི་རྡོ་རྗེ་འཁོར་ལོས་དྲལ་བས་སོ་ཞེས་བྱ་བ་ནི། རྡོ་རྗེ་ཧཱུྃ་མཛད་ཀྱི་ཕྱག་རྒྱ་ལས་མཛུབ་མོ་གཡོན་པ་འཁོར་ལོའི་ཚུལ་དུ་འཕྲེད་དུ་བཞག་ལ། དེ་ནས་དེ་ལ་མཛུབ་མོ་གཡས་པས་ཡང་དང་ཡང་དུ་དྲལ་བར་བྱ་བ་འདི་ནི་རྡོ་རྗེ་
འཁོར་ལོ་དྲལ་བ་སྟེ། འདིས་ནི་ཁྱབ་འཇུག་འཇིག་པར་འགྱུར་རོ། །དབང་ཕྱུག་ཆེན་པོ་འདུལ་བ་ལ་ནི་རྡོ་རྗེ་ཏྲི་ཤཱུ་ལའི་ཕྱག་རྒྱས་སོ་ཞེས་བྱ་བ་ནི། རྡོ་རྗེ་ཧཱུྃ་མཛད་ཀྱི་ཕྱག་རྒྱ་ལས། གཡོན་པའི་མཛུབ་མོ་དང་། གུང་མོ་དང་སྲིན་ལག་རྩེ་གསུམ་དུ་བྱས་ལ། དེ་གཡས་པའི་མཛུབ་མོས་དྲལ་བར་བྱའོ། །

འདི་ནི་རྡོ་རྗེ་ཏྲི་ཤཱུལ་དྲལ་བ་སྟེ། འདིས་དབང་ཕྱུག་ཆེན་པོ་འདུལ་བར་བྱའོ། །མ་མོ་ཐམས་ཅད་བསད་པ་ལ་ནི་རྡོ་རྗེ་ཁྲོ་བོའི་ཚོགས་ཀྱི་སྲིན་མོས་སོ་ཞེས་བྱ་བ་ནི། ཨུ་མ་ལ་སོགས་པ་མ་མོའི་ཚོགས་རྣམས་དང་། དེའི་དངོས་གྲུབ་སྒྲུབ་པ་ཐམས་ཅད་ནི་མ་མོ་ཐམས་ཅད་དེ། རྡོ་
རྗེ་ཧཱུྃ་མཛད་ཀྱི་ཕྱག་རྒྱ་ལས་མཛུབ་མོ་གཉིས་ལྕགས་ཀྱུ་གཉིས་སུ་བྱས་ཏེ། ཧཱུྃ་མཱ་ཏྲི་ག་ཎ་མཱ་ར་ཡ་ཧཱུཾ། ཞེས་བཟླས་ལ་གསད་པར་བྱ་སྟེ། འདི་ནི་རྡོ་རྗེ་ཁྲོ་བོའི་ཚོགས་ཀྱི་སྲིན་མོའི་ཕྱག་རྒྱའོ། །ཕྱིའི་དཀྱིལ་འཁོར་ཐམས་ཅད་ནི་འབྱུང་པོའི་གདོན་དང་། སྲིན་པོའི་གདོན་ལ་སོགས་པའི་དཀྱིལ་འཁོར་
རོ། །དེ་རྣམས་ཀྱི་ཕྱག་རྒྱ་ནི་ལག་པའི་ཐབས་ཀྱི་ཚུལ་ལོ། །དམ་ཚིག་ནི་མི་འདའ་བའི་དོན་ཏོ། །དེ་རྣམས་ཀྱི་ཆོས་ནི་གཞན་གསོད་པ་ལ་སོགས་པའི་ཚུལ་ལོ། །གསང་བའི་དངོས་གྲུབ་ནི་དེ་རྣམས་ཀྱི་སྔགས་ཀྱི་དངོས་གྲུབ་པོ། །དེ་ལྟ་བུའི་ཕྱིའི་དཀྱིལ་འཁོར་ཐམས་ཅད་ཀྱི་ཕྱག་རྒྱ་དང་། དམ་ཚིག་
དང་ཆོས་དང་། ལས་དང་། གསང་བའི་དངོས་གྲུབ་རྣམ་པར་གཏོར་བ་ཞེས་བྱ་བ་ནི་ཕན་ཚུན་དུ་རྣམ་པར་གཏོར་བ་སྟེ། དེ་ཉིད་ནི་རྣམ་པར་འཇིག་པའོ། །དེ་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་ཁྲོ་བོའི་གདུག་པའི་དམ་ཚིག་འཇིག་པར་བྱེད་པས་སོ་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་ཧཱུྃ་མཛད་ཉིད་དེའི་ཚུལ་གྱིས་སྦྱར་བ་ནི་རྡོ་རྗེ་
ཁྲོ་བོ་གདུག་པའི་དམ་ཚིག་འཇིག་པར་བྱེད་པར་འགྱུར་རོ། །རི་དང་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་ཧཱུྃ་མཛད་ཀྱི་ཕྱག་རྒྱ་བཅིངས་ལ། ཁྲོ་བོའི་ལྟ་བས་ནི་མི་བསྐྱོད་པས་རྡོ་རྗེ་འབར་བ་སྤྲུལ་ལ་བསྒྲུབ་པར་བྱ་བའི་རི་ལ་སོགས་པའི་སྟེང་དུ་ལྟུང་བར་བྱས་ན་རི་ལ་སོགས་པ་ལྟུང་བར་འགྱུར་རོ། །ལྟུང་བ་ཐམས་
ཅད་བསླང་བ་ལ་ནི་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ཧཱུྃ་མཛད་ཀྱི་ཕྱག་རྒྱས་བསླང་བའི་ཚུལ་དུ་སྦྱར་བ་འདི་ནི་རྡོ་རྗེ་ཁྲོ་བོའི་བསླང་བའོ། །ཐམས་ཅད་སྤྲོ་བ་ལ་ནི་ཞེས་བྱ་བ་ལ་སོགས་པ་ལ། གཏེར་ལ་སོགས་པའི་དངོས་པོ་ཐམས་ཅད་གར་ལས་བྱུང་བའི་ཁྲོ་བོའི་ཁུ་ཚུར་གཉིས་ཀྱིས་བླངས་ནས། ཡིད་ཀྱིས་
དྲངས་ནས་གཞན་དུ་བཞག་པ་འདི་ནི་རྡོ་རྗེ་ཁྲོ་བོའི་རྣལ་འབྱོར་མ་སྟེ། འདིས་ཐམས་ཅད་སྤོ་བར་བྱའོ། །ཐམས་ཅད་དབྲོག་པ་ལ་ནི་ཞེས་བྱ་བ་ལ་སོགས་པ་ལ། གསེར་ལ་སོགས་པའི་དངོས་པོ་རྣམས་ཁྲོ་བོའི་ཁུ་ཚུར་གཉིས་ཀྱིས་བླངས་ལ་དབྲོག་པར་བྱ་སྟེ། འདི་ནི་རྡོ་རྗེ་ཁྲོ་བོའི་འཕྲོག་པའི་ཁུ་ཚུར་ཏེ།

འདིས་ཐམས་ཅད་འཕྲོག་པར་འགྱུར་རོ། །འཇིགས་པ་ཐམས་ཅད་བསྐྱེད་པ་ལ་ནི་ཞེས་བྱ་བ་ལ་སོགས་པ་ལ། འཇིགས་པ་ཐམས་ཅད་ནི་སེང་གེ་ལ་སོགས་པའོ། །དེ་དབྱུང་བ་ནི་བསྐྱེད་པའོ། །དེ་ཡང་རྡོ་རྗེ་ཧཱུྃ་མཛད་ཀྱི་ཕྱག་རྒྱ་བཅིངས་ལ། ཁྲོ་བོའི་ལྟ་བས་བལྟ་བཞིན་དུ་སེང་གེ་ལ་སོགས་པ་སྤྲུལ་
པའམ། མནར་མེད་པ་ལ་སོགས་པ་སྤྲུལ་ལ། གཞན་རྣམས་ལ་འཇིགས་པ་བསྐྱེད་པར་བྱ་སྟེ། འདི་ནི་རྡོ་རྗེ་ཁྲོ་བོའི་ལྟ་བའོ། །དཔུང་ཐམས་ཅད་གསད་པ་ལ་ནི་ཞེས་བྱ་བ་ལ་སོགས་པ་ལ། ལྷའི་བུ་ལ་སོགས་པའི་དཔུང་ཐམས་ཅད་ནི་དཔུང་ཐམས་ཅད་དེ། དེ་བསད་པ་ལ་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་
ལ་ཁ་ཕྱེ་སྟེ། འཇིགས་བྱེད་ཀྱི་གདོང་སྐྲ་གྱེན་དུ་བརྫེས་པ། མགོ་ཐུར་དུ་བཏུད་དེ་འགྲོ་ཞིང་བྷྱོ་ཞེས་བྱ་བ་སྨྲ་བ་འདི་ནི་རྡོ་རྗེ་ཁྲོ་བོའི་གནོད་སྦྱིན་མོ་སྟེ། འདིས་དཔུང་ཐམས་ཅད་གསོད་པར་འགྱུར་རོ། །གཞན་གྱི་དཔུང་ཐམས་ཅད་གཞོམ་པ་དང་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ།
མཐེའུ་ཆུང་གཉིས་ཀའི་གྲྭ་གཉིས་སུ་བཞག་སྟེ། མཛུབ་མོ་གཉིས་ཀྱི་ལྕགས་ཀྱུ་གཉིས་ཀྱིས་བསྒྲུབ་པར་བྱ་བ་འདི་ནི། རྡོ་རྗེ་ཁྲོ་བོའི་མ་རུངས་པའི་སྲིན་མོ་སྟེ། འདིས་གཞན་གྱི་དཔུང་ཐམས་ཅད་གཞོམ་པ་ལ་སོགས་པ་བྱེད་པར་འགྱུར་རོ། །རྒྱལ་པོ་ལ་སོགས་པ་མི་ཆེན་པོ་ཞེས་བྱ་བ་ལ་སོགས་པ་
གསུམ་ནི་གོ་སླའོ། །རང་གི་ཁྲག་གི་རྒྱུན་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ཧཱུྃ་མཛད་ཀྱི་ཕྱག་རྒྱ་བཅིངས་ལ་བཟློག་སྟེ། ས་མ་ལུས་པ་ནུབ་པའི་བསམ་པས་རབ་ཏུ་སྦྱར་བ་འདི་ནི་རྡོ་རྗེ་ཁྲོ་བོའི་ས་འོག་གི་ཕྱག་རྒྱ་སྟེ། འདིས་ས་ཐམས་ཅད་ནུབ་པར་འགྱུར་རོ། །ཁམས་གསུམ་ཐམས་ཅད་བསལ་བ་ལ་ནི་ཞེས་
བྱ་བ་ལ་སོགས་པ་ལ། ས་འོག་དང་། ས་སྟེང་དང་། མཐོ་རིས་ནི་འཇིག་རྟེན་གསུམ་ཐམས་ཅད་དེ། དེ་བསལ་བ་ལ་ནི་རྣམ་པར་གཞིག་པའོ། །དེ་ཡང་རྡོ་རྗེ་མེ་ལྟར་རབ་ཏུ་འབར་བའི་ཕྱག་རྒྱ་ཆེན་པོ་སྟེ། དེ་ནི་སེམས་དཔའི་སྐྱིལ་མོ་ཀྲུང་བཅས་ལ། ཤིན་ཏུ་ཁྲོས་པའི་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་དྲིལ་བུ་
བླངས་ཏེ། ཐམས་ཅད་བྱས་ལ་གཡས་པས་རྡོ་རྗེ་འབར་བ་གསོར་ཞིང་ཧཱུྃ་ཞེས་བྱ་བ་དང་། ཧཱུྃ་མཛད་ཀྱིས་རྡོ་རྗེ་འབར་བ་ལས། རྡོ་རྗེ་འཁྲིགས་པ་དུས་མཐའི་རླུང་གིས་བསྐྱོད་པའི་བསྐལ་པའི་མེའི་ཕུང་པོ་ལྟ་བུར་སྤྲུལ་ལ། དེས་འཇིག་རྟེན་གསུམ་པོ་ཐམས་ཅད་ཐལ་བར་བྱེད་པར་འགྱུར་བར་བསམ་པར་བྱ་སྟེ།

དེ་ལྟ་བུས་ནི་ཁམས་གསུམ་ཐམས་ཅད་གསལ་བར་འགྱུར་རོ། །འཇིག་རྟེན་གསུམ་པོ་ཐམས་ཅད་ལས་རྣམ་པར་རྒྱལ་བ་ལ་ནི། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་མཆོག་གི་རྡོ་རྗེ་ཁྲོ་བོས་སོ་ཞེས་བྱ་བ་ནི་འདིའི་གོང་དུ་བཤད་མ་ཐག་པའི་རྡོ་རྗེ་མེ་ལྟར་འབར་བའི་ཕྱག་
རྒྱ་དང་ཧི་ཞེས་བྱ་བ་ནི་འཇིག་རྟེན་གསུམ་པོ་ཐམས་ཅད་ལས་རྣམ་པར་རྒྱལ་བ་སྟེ། ཧཱུྃ་ཧྲི་ཞེས་བྱ་བའོ། །ཁམས་གསུམ་ཐམས་ཅད་དབབ་པ་དང་། །ཞེས་བྱ་བ་ལ་སོགས་པ་ལ་ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱ་ལས་མཛུབ་མོ་གཉིས་སྦྱར་ཏེ། རྡོ་རྗེ་རྩེ་མོར་སྦྱར་བ་ནི་རྡོ་རྗེ་སེམས་
དཔའི་ཁྲོ་བོའི་ཕྱག་རྒྱ་སྟེ། འདིས་ཁམས་གསུམ་ཐམས་ཅད་དབབ་པ་དང་། དགུག་པ་དང་། གཞུག་པ་དང་། དབང་དུ་བྱ་བ་དང་། ངེས་པར་གནོན་པར་འགྱུར་རོ། །ཁམས་གསུམ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་འཇུག་པའི་དམ་ཚིག་གི་ཕྱག་རྒྱ་ནི། བདེ་བ་ཆེན་པོའི་རྡོ་རྗེ་དམ་ཚིག་
གི་ཁྲ་བོ་སྟེ། འདིས་ཁམས་གསུམ་ཐམས་ཅད་རྗེས་སུ་ཆགས་པར་བྱ་བ་དང་། དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབབ་པ་དང་། རྒྱས་གདབ་པ་དང་། དབང་དུ་བྱ་བ་དང་། གནོན་པར་གྱུར་པ་རྣམས་སྒྲུབ་པར་འགྱུར་རོ། །དེ་ལ་རྗེས་སུ་ཆགས་པར་བྱ་བ་ནི་རང་དབང་དུ་བྱ་བའི་
ཕྱིར་མངོན་སུམ་དུ་ཕྱོགས་ཤིང་དགའ་བར་བྱའོ། །དགུག་པ་ནི་མངོན་པར་འདོད་པའི་གནས་སུ་ཉེ་བར་ཕྱིན་པར་བྱའོ། །གཞུག་པ་ནི་བཀུག་ནས་མངོན་པར་འདོད་པའི་ཕྱོགས་སུ་གཞག་པའོ། །དབབ་པ་ནི་བབ་པར་བྱས་པའོ། །བཅིང་བ་ནི་མི་འགུལ་པར་བྱས་པ་དང་། རྡོ་རྗེ་ལྕགས་སྒྲོག་
གིས་བསྡམས་པའོ། །རྒྱས་གདབ་པ་ནི་བསྒྲུབ་པར་བྱ་བའི་སྙིང་གར་རྡོ་རྗེ་འབར་བ་བསྐྱེད་པའོ། །དབང་དུ་བྱ་བ་ནི་བདག་དང་ནོར་དབང་དུ་བྱ་བའོ། །ངེས་པར་གནོན་པ་ནི་ཧཱུྃ་གིས་བརྒྱལ་བར་བྱས་ནས་ཁས་སྦུབ་ཏུ་འགྱེལ་བར་བྱས་པའོ། །བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་གི་རྟོག་པའི་
རྒྱལ་པོ་ཞེས་བྱ་བ་ནི་བཤད་ཟིན་ཏོ། །འདོད་པ་དང་། གཟུགས་དང་། གཟུགས་མེད་པའི་མཚན་ཉིད་ཅན་གྱི་སྲིད་པ་གསུམ་ནི་ཁམས་གསུམ་སྟེ། དབང་ཕྱུག་ཆེན་པོ་ལ་སོགས་པའོ། །དེ་རྣམས་ལས་རྣམ་པར་རྒྱལ་བའི་ཕྱིར། རྡོ་རྗེ་ལྟར་མི་ཕྱེད་པའི་དམ་ཚིག་འདའ་བར་མི་བྱེད་པ་གང་ཡིན་པ་དེ་ལ་

མིང་དེ་སྐད་ཅེས་བྱ་བའི་རྟོག་པའི་རྒྱལ་པོ་རྫོགས་སོ།། །།དེ་ལྟར་བྱང་ཆུབ་ཀྱི་སེམས་ཆེན་པོ་དང་། ཕྱག་རྒྱ་ཆེན་པོའི་ཡུལ་ལ་རྡོ་རྗེ་ཧཱུྃ་མཛད་ཀྱིས་དབུགས་དབྱུང་བས་ཁྲོ་བས་ཁྲོ་བ་སྤང་བ་གསུངས་ནས། ད་ནི་བྱང་ཆུབ་ཀྱི་སེམས་ཆེན་པོ་དང་། ཕྱག་རྒྱ་ཆེན་པོ་དེ་ཉིད་ཀྱིས་དབང་ཕྱུག་ལ་
སོགས་པའི་རྟོག་པ་གཏི་མུག་སྤང་བར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པས་བཅོམ་ལྡན་འདས་འགྲོ་བ་འདུལ་བའི་དབུགས་དབྱུང་བ་གསུངས་པ་ཡིན་ཏེ། དེ་ནས་ཞེས་བྱ་བའི་སྒྲ་ནི་འདས་མ་ཐག་པའི་དོན་སྟོན་པར་བྱེད་པ་སྟེ། སྔ་མ་བཞིན་དུ་ཐམས་ཅད་བྱས་ནས། བཅོམ་ལྡན་འདས་
རྣམ་པར་སྣང་མཛད་འདོད་པའི་ཁམས་ཐམས་ཅད་ཀྱི་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་རྒྱལ་པོའི་གནས་ན་ལག་ན་རྡོ་རྗེ་ལ་སོགས་པས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ནས་བཞུགས་པ་དང་། དེའི་རྗེས་ཐོགས་ཉིད་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་གསུངས་པའོ། །བཅོམ་
ལྡན་འདས་ཞེས་བྱ་བ་བཤད་ཟིན་ཏོ། །ངོ་བོ་ཉིད་དག་པའི་ཆོས་ཉིད་ཐོབ་པས་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པ་དང་བྲལ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ངོ་བོ་ཉིད་ཀྱིས་དག་པའི་ཆོས་ཉིད་དེ། དེ་ཐོབ་པ་ནི་ཐུགས་སུ་ཆུད་པའོ། །དེ་ཉིད་ཕྱིན་ཅི་མ་ལོག་པར་ཐུགས་སུ་ཆུད་ཅིང་བརྙེས་པས་ན་དེ་
བཞིན་གཤེགས་པའོ། །འདོད་ཆགས་སྤྲོས་པ་མེད་པར་བསྟན་པ་ལ་ལྟོས་ནས་ཡང་ཞེས་བྱ་བ་སྨོས་སོ། །ཆོས་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་ཆོས་ཐམས་ཅད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ཀྱི་སེམས་དང་། སེམས་ལས་བྱུང་བ་རྣམས་དང་། པདྨའི་རིགས་སོ། །
དེ་རྣམས་ཀྱི་མཉམ་པ་ཉིད་ནི་དེ་བཞིན་ཉིད་དོ། །དེ་ལ་གཟིགས་པས་ན་སྤྱན་རས་གཟིགས་ཏེ། དེ་ཤིན་ཏུ་མཉམ་པར་གཞག་པའི་སྦྱོར་བས་མངོན་སུམ་དུ་མཛད་པའོ། །དེས་ན་གཙོ་བོར་གྱུར་པས་ན་དབང་ཕྱུག་སྟེ། གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པའི་འཆིང་བས་མ་བཅིངས་པའོ། །དེའི་
ཡེ་ཤེས་ནི་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་དག་པའོ་ཞེས་ངེས་པར་བྱས་པའོ། །དེ་ཉིད་ཕྱག་རྒྱ་སྟེ་གང་ལ་མིང་དེ་སྐད་ཅེས་བྱ་བ་དེ་ལ་ནི་དེ་སྐད་ཅེས་བྱའོ། །འདི་ཞེས་བྱ་བ་ནི་འདས་མ་ཐག་པའི་འོག་ཏུ་སྟོན་པར་འགྱུར་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བློ་ལ་བཞག་ནས་འདི་སྐད་དུ་སྨྲས་པའོ། །གསུངས་

ཏེ་ཞེས་པ་ནི་བཀའ་སྩོལ་བར་མཛད་པའོ། །འདོད་ཆགས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་ཀྱི་སེམས་ཆེན་པོས་འདོད་པའི་ཁམས་ལ་སྣ་ཚོགས་པའི་ཚུལ་དུ་རྣམ་པར་རྟོག་པའི་ཁམས་གསུམ་པོ་ཐམས་ཅད་ཀྱི་ཆགས་པ་ནི་འདོད་པའི་འདོད་ཆགས་སོ། །དེའི་
རྣམ་པར་དག་པ་ནི་དེ་བཞིན་ཉིད་དེ་དེས་ན་ཞེ་སྡང་ཐམས་ཅད་དག་པར་འགྱུར་རོ། །འཇིག་རྟེན་ནི་འཇིག་པས་ན་འཇིག་རྟེན་ནོ། །དེ་ནི་ཁམས་གསུམ་པོ་སྟེ་འཇིག་པའོ་ཞེས་བྱ་བའི་དོན་ཏོ། །དེ་ལ་འདོད་ཆགས་ཀྱི་རྣམ་པ་ནི་བྱང་ཆུབ་ཆེན་པོའི་སེམས་ལ་རྣམ་པར་རྟོག་པའོ། །གནོད་སེམས་ཀྱི་
རྣམ་པ་ཐམས་ཅད་ནི་ཞེ་སྡང་ཐམས་ཅད་དེ། དེའི་རྣམ་པར་དག་པ་ཡང་དེ་བཞིན་ནོ། །ཞེ་སྡང་ཐམས་ཅད་ཀྱི་རྣམ་པར་དག་པར་གྱུར་པ་ནི་ཞེ་སྡང་ཐམས་ཅད་རྣམ་པར་དག་པ་སྟེ། དེའི་དོན་དུ་འཇུག་པར་འགྱུར་ཞིང་རྒྱུར་གྱུར་པས་རབ་ཏུ་སྒྲུབ་པའོ། །འདི་སྐད་སྟོན་པར་འགྱུར་ཏེ། འདོད་ཆགས་
ཐམས་ཅད་ནི་རྨི་ལམ་ལྟ་བུར་རྟོགས་པར་ཐོབ་པས། ཞེ་སྡང་ཐམས་ཅད་རྨི་ལམ་ལྟ་བུར་རྟོགས་པར་འགྱུར་ཏེ། རྗེས་སུ་ཆགས་པ་མེད་པས་ཞེ་སྡང་མེད་པར་འགྱུར་བའི་ཕྱིར་རོ། །དྲི་མ་ཐམས་ཅད་ནི་བྱང་ཆུབ་ཀྱི་སེམས་ཆེན་པོ་ལ་རྣམ་པ་སྣ་ཚོགས་པའི་ཚུལ་དུ་ཤེས་པའི་རྣམ་པར་རྟོག་པའི་གཏི་མུག་
ཐམས་ཅད་དེ། དེའི་རྣམ་པར་དག་པ་ཡང་དེ་བཞིན་ནོ། །དྲི་མ་ཐམས་ཅད་རྣམ་པར་དག་པར་གྱུར་པ་ནི། དྲི་མ་ཐམས་ཅད་རྣམ་པར་དག་པ་ཉིད་དེ། དེས་ནི་སྡིག་པ་ཐམས་ཅད་རྣམ་པར་དག་པས་འཇུག་པར་འགྱུར་རོ། །དེ་ཡང་ལུས་དང་ངག་དང་ཡིད་ཀྱི་ཉེས་པར་སྤྱོད་པ་རྣམས་ནི་སྡིག་པ་ཐམས་
ཅད་དོ། །དེའི་རྣམ་པར་ཤེས་པ་ཐམས་ཅད་ཀྱི་རྣམ་པར་རྟོག་པ་དང་། གཏི་མུག་དང་བྲལ་བས་ལུས་དང་ངག་དང་ཡིད་ཀྱི་ཉེས་པར་སྤྱོད་པར་འབྱུང་བར་མི་འགྱུར་ཏེ། གཏི་མུག་མེད་པས་ན་ཉེ་བར་སྤྱོད་པ་ལ་ཀུན་དུ་སྤྱོད་པར་མི་འགྱུར་བའི་ཕྱིར་རོ། །ཆོས་ཐམས་ཅད་ནི་བྱང་ཆུབ་ཀྱི་སེམས་ཆེན་པོ་དེ་
ཉིད་ལ་རྣམ་པ་སྣ་ཚོགས་པའི་ཚུལ་དུ་ཕྱིའི་རྣམ་པར་རྟོག་པ་གཟུགས་དང་། སྒྲ་དང་དྲི་དང་རོ་དང་རེག་བྱ་ལ་རྣམ་པར་རྟོག་པ་སྟེ། དེའི་རྣམ་པར་དག་པ་ཡང་དེ་བཞིན་ནོ། །དེའི་རྣམ་པར་དག་པར་གྱུར་པ་ནི་ཆོས་ཐམས་ཅད་རྣམ་པར་དག་པ་ཉིད་ཀྱི་སྟེ། དེས་སེམས་ཅན་ཐམས་ཅད་རྣམ་པར་དག་པ་ལ་

འཇུག་པར་འགྱུར་ཏེ། ཚངས་པའི་གཟུགས་ཀྱིས་འདུལ་བར་འགྱུར་བ་དང་། འདོད་པའི་ཡོན་ཏན་ལྔ་ལ་མངོན་པར་ཞེན་པ་ནི་སེམས་ཅན་ཐམས་ཅད་དོ། །དེ་རྣམས་རྣམ་པར་དག་པ་ནི་ཚངས་པ་ལ་སོགས་པ་རྨི་ལམ་ལྟ་བུར་རྟོགས་པའོ། །འདི་སྐད་སྟོན་པར་འགྱུར་ཏེ། ཆོས་ཐམས་ཅད་རྣམ་པར་དག་
པར་འགྱུར་བས་སེམས་ཅན་ཐམས་ཅད་རྣམ་པར་དག་པར་འགྱུར་ཏེ། དེ་ལ་དམིགས་པའི་དངོས་པོ་ལ་མངོན་པར་ཞེན་པ་མེད་པའི་ཕྱིར་རོ། །ཤེས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ཐམས་ཅད་ནི་ཤེས་པ་ཐམས་ཅད་དེ་ཇི་སྐད་དུ་བཤད་པའི་ཤེས་པ་ཐམས་
ཅད་དོ། །དེ་རྣམས་ཀྱི་རྣམ་པར་དག་པ་ཡང་དེ་བཞིན་ནོ། །ཤེས་པ་ཐམས་ཅད་རྣམ་པར་དག་པར་འགྱུར་བ་ནི་ཤེས་པ་ཐམས་ཅད་རྣམ་པར་དག་པ་ཉིད་ཀྱིས་སོ། །དེ་ནི་འཇིག་རྟེན་དུ་ཇི་སྐད་བཤད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའི་རྒྱུར་
གྱུར་པར་སྒྲུབ་པར་བྱེད་དོ། །འདི་སྐད་སྟོན་པར་འགྱུར་ཏེ། རྣལ་འབྱོར་པས་འདོད་ཆགས་དང་ཞེ་སྡང་དང་། གཏི་མུག་ཐམས་ཅད་དང་ཆོས་ཐམས་ཅད་སྒྱུ་མ་དང་མཚུངས་པར་རྟོགས་པས་མེ་ལོང་ལྟ་བུ་དང་། མཉམ་པ་ཉིད་དང་། སོ་སོར་རྟོག་པ་དང་། བྱ་བ་གྲུབ་པའི་ཡེ་ཤེས་རྣམ་པར་དག་པར་
འགྱུར་རོ། །དེ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རྟོགས་པར་འགྱུར་ཏེ། ཤེས་པ་ཐམས་ཅད་རྣམ་པར་དག་པའི་རྒྱུ་ཅན་ཡིན་པའི་ཕྱིར་རོ། །ལག་ན་རྡོ་རྗེ་གང་ལ་ལ་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །འདོད་ཆགས་དང་དྲི་མ་ཐམས་
ཅད་ཀྱི་ནང་ན་འདུག་ཀྱང་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ཐོབ་པ་ལ་སོགས་པ་དང་ལྡན་པ་དེ་ནི་ཇི་སྐད་དུ་བཤད་པའི་འདོད་ཆགས་ཐམས་ཅད་དེ་འདོད་པའི་ཁམས་ཐམས་ཅད་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་རྒྱལ་པོའི་གནས་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་རྒྱལ་པོའི་
གཟུགས་ཀྱིས་གནས་ནས་མཆོག་ཏུ་གྱུར་པའི་འདོད་པ་རྣམས་ལ་ཡོངས་སུ་ལོངས་སྤྱོད་པར་བྱེད་དུ་ཟིན་ཀྱང་སྔ་མ་བཞིན་དུ་འདོད་ཆགས་ཀྱི་ཉེས་པས་གོས་པར་མི་འགྱུར་ཏེ། མ་རིག་པའི་ངོ་བོ་ཉིད་ཀྱི་གློ་བུར་བའི་དྲི་མ་རྣམས་ཀྱིས་གོས་པར་མི་འགྱུར་རོ། །མྱུར་དུ་ཞེས་བྱ་བ་ལ་སོགས་པ་ནི་གོ་

སླའོ། །དེ་ལྟར་དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས་བརྩམས་ཏེ་འཚང་རྒྱ་བར་ཡང་འགྱུར་རོ་ཞེས་བྱ་བའི་བར་གྱི་བཤད་པས་ནི་དང་པོའི་སྦྱོར་བའི་ཏིང་ངེ་འཛིན་གསུངས་པ་ཡིན་ནོ། །ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ཏེ། དེ་
ནས་ཞེས་བྱ་བའི་སྒྲ་ནི་འདས་མ་ཐག་པ་སྟོན་པར་བྱེད་པའི་ཐ་ཚིག་གོ། །བྱང་ཆུབ་ཆེན་པོའི་ངོ་བོ་ཉིད་ཀྱི་སེམས་དཔའ་ནི་བྱང་ཆུབ་སེམས་དཔའ་ཆེན་པོའོ། །དོན་གྱི་གནས་འདི་ཉིད་ཅེས་བྱ་བ་འདོད་ཆགས་རྣམ་པར་དག་པ་ལ་སོགས་པའི་གནས་ལྔ་པོ་བཤད་མ་ཐག་པའོ། །ཡང་རྒྱ་ཆེར་
སྟོན་ཅིང་ཞེས་བྱ་བ་ནི་སྔར་གསུངས་པའི་ཚིག་དང་ཡི་གེ་དང་དོན་ལས་གཞན་དུ་གྱུར་པ་དག་གིས་ཧྲཱིཿཞེས་བྱ་བའི་ཡི་གེ་སྤྲུལ་ནས་ཡང་སྟོན་པར་མཛད་པས་ན་ཡང་རྒྱ་ཆེར་སྟོན་ཅིང་ཞེས་བྱའོ། །དེ་བཞིན་རབ་ཏུ་འཛུམ་དམུལ་ཏེ་ཞེས་བྱ་བ་ནི་ཞལ་འཛུམ་པ་དང་བཅས་པའོ། །པདྨའི་འདབ་མ་ཁ་
འབྱེད་པས་ཞེས་བྱ་བ་ལ་སོགས་པ་ནི་གཡོན་པའི་པདྨའི་ཁུ་ཚུར་གྱིས་པདྨ་དམར་པོ་བླངས་ནས་བསྙེམས་པའི་ཚུལ་གྱིས་འཛིན་ཅིང་ཕྱག་གཡས་པས་དེ་འབྱེད་ལ། ཇི་སྐད་གསུངས་པའི་འདོད་ཆགས་ལ་སོགས་པའི་དྲི་མས་མི་གོས་པ་ལ་བལྟ་ཞིང་རྣམ་པར་རྟོག་པའོ། །འགྲོ་བ་ཐམས་ཅད་ནི་པདྨའི་
རིགས་ཏེ་དེ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་པདྨའི་གཟུགས་སྣ་ཚོགས་པ་ཞེས་མིང་དུ་བཏགས་པའི་ཧྲཱིཿཞེས་བྱ་བའི་ཡི་གེ་ནི་སྙིང་པོའོ། །འདི་ཞེས་བྱ་བ་ནི་འདས་མ་ཐག་པའི་འཆད་པར་འགྱུར་བ་བློ་ལ་བཞག་ནས་སྨྲས་པའོ། །གསུངས་སོ་ཞེས་བྱ་བ་ནི་བཀའ་སྩལ་པ་སྟེ། པདྨའི་རིགས་བསྐྱེད་
པར་བྱ་བའི་ཕྱིར་ངེས་པར་བསྐྱེད་པར་མཛད་ནས་ཧྲཱིཿཞེས་བྱ་བ་གསུངས་སོ་ཞེས་བྱ་བའི་དོན་ཏོ། །དེ་ནས་འདི་གསུངས་པ་ཙམ་གྱིས་ཞེས་བྱ་བ་ནི་ཧྲཱིཿཞེས་བྱ་བ་གསུངས་པ་ཙམ་གྱི་རྗེས་ཐོགས་ཉིད་ལའོ། །པདྨ་ཆེན་པོ་དེ་ལས་ཞེས་བྱ་བ་ནི་སྤྱན་རས་གཟིགས་དབང་ཕྱུག་པདྨའི་འདབ་མ་ཁ་
འབྱེད་པའི་ཚུལ་གྱིས་འཛིན་པར་མཛད་པ་དེ་ལས་སོ། །དེ་བཞིན་གཤེགས་པ་ལ་སོགས་པའི་གཟུགས་ཐམས་ཅད་ཅེས་བྱ་བ་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་རྣམས་ཏེ། དེ་དག་ཉིད་ལ་སོགས་པ་གང་ཡིན་

པའི་དེ་བཞིན་གཤེགས་པ་ལ་སོགས་པའི་གཟུགས་ཐམས་ཅད་དེ། དེ་རྣམས་བྱུང་ནས་དཀྱིལ་འཁོར་གྱི་ཚུལ་དུ་བཞུགས་པར་གྱུར་ཏོ་ཞེས་བྱ་བར་སྦྱར་རོ། །དེ་རྣམས་ཀྱང་ཁྱད་པར་ཇི་ལྟ་བུ་དང་ལྡན་ཞེ་ན། བཅོམ་ལྡན་འདས་དང་འདྲ་བ་ཞེས་བྱ་བ་གསུངས་ཏེ། བཅོམ་ལྡན་འདས་འཕགས་པ་
སྤྱན་རས་གཟིགས་དབང་ཕྱུག་གི་པདྨ་ཆེན་པོ་ལས་མངོན་པར་བྱུང་བས་ན། བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་འདྲ་ཞིང་པདྨའི་མཚན་མ་དང་པདྨས་མཚན་པའི་མཚན་མའོ། །མཚན་མ་གང་ཞེ་ན། པདྨས་མཚན་པར་ངེས་པར་བྱུང་ནས་ཞེས་གསུངས་ཏེ། ངེས་པར་
བྱུང་ནས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་ནས་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ནས་བརྩམས་ཏེ་བཞུགས་པར་གྱུར་ཏོ་ཞེས་བྱ་བའི་བར་གྱི་བཤད་པས་ནི་དེ་བཞིན་དུ་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །དེ་ནས་འདུས་པ་མཛད་པ་སྔོན་དུ་འགྲོ་བ་ནི་ཏིང་ངེ་འཛིན་གསུམ་པ་ཡིན་པར་
ཤེས་པར་བྱའོ། །དམ་ཚིག་དང་དབང་བསྐུར་བ་ཐོབ་པ་རྣམས་ཀྱིས་བཟླས་བརྗོད་དང་བསྒོམ་པར་བྱའོ་ཞེས་བྱ་བ་འདིའི་ཆོ་ག་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པས་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པར་གསུངས་པ་ཡིན་ཏེ། དེ་
ནས་ཞེས་བྱ་བའི་སྒྲ་ནི་སྔ་མ་བཞིན་ཏེ། སྔོན་དུ་བསྙེན་པའི་ལས་བྱས་པའི་རྗེས་ཐོགས་ཉིད་ལའོ། །བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །ཆོས་ཐམས་ཅད་ཅེས་བྱ་བ་ལ་ཆོས་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་ཆོས་ཐམས་ཅད་དེ། འདོད་ཆགས་ལ་སོགས་པ་ཇི་
སྐད་དུ་བཤད་པ་རྣམས་དང་པདྨའི་རིགས་སོ། །དེ་དག་ཉིད་ལ་གཟིགས་པ་ནི་ཡེ་ཤེས་གང་གིས་སོ་སོར་རྟོག་པར་མཛད་པ་དེ་ཉིད་ནི་ཆོས་ཐམས་ཅད་ལ་གཟིགས་པའི་ཡེ་ཤེས་ཏེ་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་དག་པའོ་ཞེས་ངེས་པའི་ཡེ་ཤེས་ཞེས་བྱ་བའི་དོན་ཏོ། །དེས་དབང་ཕྱུག་ཏུ་གྱུར་པ་ནི་སྔ་མ་
བཞིན་ནོ། །དེའི་ཡེ་ཤེས་ནི་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ཐམས་ཅད་ངེས་པར་བྱས་པའོ། །ཡེ་ཤེས་དེ་ཉིད་ཕྱག་རྒྱ་སྟེ། གང་ལ་མིང་དེ་སྐད་ཅེས་བྱ་བ་དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་ཆོས་ཐམས་ཅད་ལ་གཟིགས་པའི་ཡེ་ཤེས་ཀྱི་དབང་ཕྱུག་སྟེ། ཡེ་ཤེས་ཀྱི་ཕྱག་རྒྱ་ཞེས་བྱའོ། །དེ་ལ་

སྙོམས་པར་ཞུགས་པ་ནི་མངོན་སུམ་དུ་མཛད་པའོ། །འགྲོ་བ་ཐམས་ཅད་ནི་སེམས་ཅན་གྱི་ཁམས་ཏེ་དེ་གང་གིས་འདུལ་བར་གྱུར་པ་དེ་ནི། འགྲོ་བ་ཐམས་ཅད་འདུལ་བ་ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོའོ། །འདི་ཞེས་བྱ་བ་དེ་ནི་སྔ་མ་བཞིན་ནོ། །གསུངས་སོ་ཞེས་བྱ་བ་ནི་བཀའ་
སྩལ་པ་སྟེ། འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོའི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་ནས་འགྲོ་བ་ཐམས་ཅད་འདུལ་བར་ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོ་གསུངས་སོ་ཞེས་བྱ་བའི་དོན་ཏོ། །འདིས་ནི་དཀྱིལ་འཁོར་བསྒོམས་ནས་མཚན་མ་ཐོབ་པས་དཀྱིལ་འཁོར་བྲི་བར་བྱའོ་ཞེས་སྟོན་པར་
འགྱུར་བ་ཡིན་ནོ། །ཕྱིའི་དཀྱིལ་འཁོར་ཇི་ལྟ་བ་ཞེས་བྱ་བ་ནི་ཕྱིའི་དཀྱིལ་འཁོར་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོ་བཞིན་དུ་བྲི་བར་བྱའོ་ཞེས་བྱ་བའི་དོན་ཏོ། །ནང་དུ་གཉིས་པ་ནི་ཟུར་བཞི་པ་ལ་ཞེས་བྱ་བ་ནི་ཕྱིའི་དཀྱིལ་འཁོར་གྱི་ཕྱེད་ཀྱི་ཚད་ཀྱི་དབུས་སུ་དཀྱིལ་འཁོར་གཉིས་པ་བྲི་བར་བྱའོ། །
དེ་བཞིན་དུ་སྒོ་དང་མཚམས་རྣམས་སུ་བཅས་པ་བྲི་བར་བྱའོ་ཞེས་བྱ་བ་ནི་ཇི་ལྟར་དེ་ཁོ་ན་ཉིད་བསྡུས་པར་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོར་དཀྱིལ་འཁོར་དབུས་མ་སྒོ་བཞི་ལ་བལྟས་པ་དང་མཚམས་བཞི་ཇི་ལྟར་ཡོད་པ་དེ་བཞིན་དུ་སྤྲུལ་པའི་དཀྱིལ་འཁོར་འདི་ཉིད་ཀྱང་སྒོ་དང་བཅས་པར་དེ་བཞིན་དུ་
བྲི་བར་བྱའོ། །དེ་ནས་དཀྱིལ་འཁོར་བརྒྱད་པའི་ཚུལ་དུ་ཐིག་བཞིས་ཐིག་བཏབ་པ་ལ་ནི་ཞེས་བྱ་བ་ནི་དེ་ལྟར་ནང་གི་དཀྱིལ་འཁོར་ཟུར་བཞི་པ་བྲིས་ལ། ཤར་དང་ནུབ་དང་བྱང་དང་། ལྷོར་ཐིག་བཞི་བཏབ་པ་སྟེ། དཀྱིལ་འཁོར་བརྒྱད་ཅེས་བྱ་བའི་ཆོ་ག་འདིས་ཐིག་བཞི་དང་ཐིག་གདབ་པ་བྱས་ལ། ཚོན་
དམར་པོས་ཀ་བ་བརྒྱད་ཀྱི་ཚུལ་དུ་པདྨ་འདབ་མ་བརྒྱད་པ་བྲི་བར་བྱའོ། །དེའི་དབུས་སུ་བཅོམ་ལྡན་འདས་དགོད་པར་བྱའོ་ཞེས་བྱ་བ་ཀ་བ་བརྒྱད་ཀྱི་ཚུལ་གྱིས་བྲིས་པའི་ནང་གི་དཀྱིལ་འཁོར་གྱི་དབུས་སུ་སྟེ། པདྨའི་ལྟེ་བ་ལ་པདྨའི་གདན་ལ་འཇིག་རྟེན་དབང་ཕྱུག་བྲི་བར་བྱའོ། །དེའི་མདུན་དུ་ཞེས་བྱ་བ་
ལ་སོགས་པ་ནི་གོ་སླའོ། །ཕྱིའི་དཀྱིལ་འཁོར་གྱི་མཚམས་རྣམས་སུ་ཞེས་བྱ་བ་ལ་སོགས་པ་ལ་ཕྱིའི་དཀྱིལ་འཁོར་གྱི་ལྷའི་སྣམ་བུ་ལ་ཤར་ལྷོ་མཚམས་སུ་པདྨ་ཆེན་པོ་ལ་ས་འཛིན་ལྷ་མོ་མིང་ཤྲཱི་ཞེས་བྱ་བ་ཕྱག་གཡོན་པ་པདྨ་བསྣམས་པ། གཡས་ན་གཏེར་གྱི་བུམ་པ་བསྣམས་པའོ། །ལྷོ་

ནུབ་མཚམས་སུ་པདྨ་ཆེན་པོ་རྒྱ་མཚོ་མིང་ཧྲཱིཿཞེས་བྱ་བ་ཕྱག་གཡོན་པ་ན་པདྨ་བསྣམས་པ། གཡས་ན་སྦྲུལ་གྱི་ཞགས་པ་བསྣམས་པ། ནུབ་བྱང་མཚམས་སུ་པདྨ་ཆེན་པོ་ཉི་མའི་མིང་གི་ཞེས་བྱ་བ་ཕྱག་གཡོན་པ་ན་པདྨ་བསྣམས་པ། གཡས་ན་པདྨའི་སྟེང་ན་ཉི་མའི་དཀྱིལ་འཁོར་བསྣམས་
པའོ། །བྱང་ཤར་མཚམས་སུ་པདྨ་ཆེན་པོ་རླུང་གི་ལྷ་མོ་མིང་དྷཱིཿཞེས་བྱ་བ་ཕྱག་གཡོན་ན་པདྨ་བསྣམས་པ། གཡས་ན་བ་དན་བསྣམས་པ་ལེགས་པར་བྲི་བར་བྱའོ། །ཤར་ཕྱོགས་ཀྱི་སྒོར་པདྨ་ཆེན་པོ་ཆགས་པའི་མཚོན་ཆའི་མཚན་མ་བུད་མེད་ཀྱི་གཟུགས་དང་། ལྷོར་པདྨ་ཆེན་པོ་གཏུམ་པའི་
དབང་ཕྱུག་གི་མཚན་མ་སྦྲུལ་གྱི་གཟུགས་དང་། ནུབ་ཏུ་པདྨ་ཆེན་པོ་ནག་པོའི་མཚན་མ་ཕག་གི་གཟུགས་དང་། བྱང་དུ་མི་མཇེད་ཀྱི་བདག་པོ་ཚངས་པའི་མཚན་མ་པདྨའི་གཟུགས་བྲི་བར་བྱའོ། །འདི་སྐད་སྟོན་པར་འགྱུར་ཏེ། བཅོམ་ལྡན་འདས་འགྲོ་བ་འདུལ་བའི་སྦྱོར་བས་འཕགས་པ་དེ་ཁོ་ན་
ཉིད་བསྡུས་པ་ལས་གསུངས་པའི་རྣལ་འབྱོར་ཆེན་པོ་བྱས་ལ། ཏིང་ངེ་འཛིན་གསུམ་བསྒོམ་པ་ནས་བརྩམས་ཏེ། ཇི་སྲིད་དཀྱིལ་འཁོར་མངོན་སུམ་དུ་མཐོང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་དཀྱིལ་འཁོར་བསྒོམ་པར་བྱའོ། །དེ་ནས་ཇི་སྐད་དུ་བཤད་པའི་དཀྱིལ་འཁོར་གྱི་སའི་དབུས་སུ་ཏིང་ངེ་འཛིན་
གསུམ་པོ་བསྒོམས་ལ། བར་སྣང་གི་ཕྱོགས་སུ་སྔ་མ་བཞིན་དུ་ཡང་དག་པར་བཞག་སྟེ། ཉི་མ་འཆར་བའི་དུས་སུ་ཐིག་ལེགས་པར་གདབ་པར་བྱ་སྟེ། འདིའི་ཕྱིའི་དཀྱིལ་འཁོར་ནི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དང་འདྲའོ། །དེའི་ནང་དུ་དེའི་ཕྱེད་ཀྱི་ཚད་ཀྱི་རི་མོ་གཉིས་ཕྱིའི་དཀྱིལ་འཁོར་གྱི་
སྒོ་བཞི་ལ་མངོན་སུམ་དུ་བལྟས་པ། མཚམས་བཞི་པོ་རི་མོ་གཉིས་ཀྱི་དབུས་ན་གནས་པ། པདྨའི་ཕྲེང་བས་ཀུན་དུ་མཉེས་པར་མཛེས་པར་བྱས་ལ། ནང་གི་དཀྱིལ་འཁོར་སྒོ་མེད་པར་བྲིས་ཏེ། འདིར་ཀ་བ་བརྒྱད་ཀྱི་ཚུལ་དུ་པདྨ་འདབ་མ་བརྒྱད་བྲི་བར་བྱའོ། །དེ་ནས་ཕྱི་དང་ནང་དུ་བཅས་པའི་
དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་གནས་སུ་སྣ་ཚོགས་པདྨ་རྣམས་ལ་དབུས་སུ་བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་ཕྱུག་གཡོན་སྙེམས་པས་རྡོ་རྗེ་པདྨ་འཛིན་ཅིང་ཐུགས་ཀའི་ཕྱོགས་སུ་འབྱེད་པར་མཛད་པ་སྐུ་མདོག་དམར་སྐྱ་ཞལ་འཛུམ་དམུལ་བ་སེམས་དཔའི་སྐྱིལ་མོ་ཀྲུང་དུ་བཞུགས་

པ། འོད་དཔག་ཏུ་མེད་པའི་ཅོད་པན་གྱིས་དབང་བསྐུར་བ། ཟླ་བའི་འོད་ཅན་བྲི་བར་བྱའོ། །དེའི་ཤར་གྱི་པདྨའི་འདབ་མ་ལ་པདྨ་ཆེན་པོ་སྐུ་མདོག་དམར་བ། འདོད་པའི་ལྷའི་གཟུགས་འཛིན་པ། མེ་ཏོག་པདྨ་དང་མདའ་གཞུ་བསྣམས་པ་བྲི་བར་བྱའོ། །དེའི་ལྷོ་ཕྱོགས་སུ་པདྨ་ཆེན་
པོ་གཏུམ་པོའི་དབང་ཕྱུག་སྐུ་མདོག་ནག་པོ་དབང་ཕྱུག་ཆེན་པོའི་གཟུགས་འཛིན་པ། ཁྲོས་པ་སྤྱན་གསུམ་པ་ཕྱག་བཞི་པ་སྟེ། དེ་ལ་ཕྱག་གཡས་གཉིས་ན་ཏྲི་ཤཱུ་ལ་དང་པདྨ་བསྣམས་པ། གཡོན་གཉིས་ན་ཁ་ཊྭཱཾ་ག་དང་ཐོད་པ་བསྣམས་པའོ། །དེའི་རྒྱབ་ཏུ་པདྨ་ཆེན་པོ་ཁྱབ་འཇུག་གི་གཟུགས་
འཛིན་པ། སྐུ་མདོག་ནག་པོ་ཕྱག་བཞི་པ་སྟེ། དེ་ལ་ཕྱག་གཡས་གཉིས་ན་པདྨ་དང་འཁོར་ལོ་བསྣམས་པ། གཡོན་གཉིས་ན་དབྱིག་པ་དང་དུང་བསྣམས་པའོ། །དེའི་བྱང་དུ་གནས་པའི་པདྨ་ལ་པདྨ་ཆེན་པོ་མི་མཇེད་ཀྱི་བདག་པོ་ཚངས་པའི་གཟུགས་འཛིན་པ། སྐུ་མདོག་དཀར་པོ་ཞལ་བཞི་པ།
ཕྱག་བཞི་པ། གཡས་ན་དབྱིག་པ་དང་བགྲང་ཕྲེང་འཛིན་པ། གཡོན་གཉིས་ན་པདྨ་དང་རིལ་པ་སྤྱི་བླུགས་བསྣམས་པའོ། །ཤར་ལྷོའི་མཚམས་ཀྱི་པདྨའི་འདབ་མར་སྣ་ཚོགས་པདྨ་ལ། པདྨ་ཆེན་པོས་འཛིན་ས་ཆེན་པོ་འཛིན་པ་གཡོན་བརྐྱང་བས་གནས་པ་སྟེ། དེ་ལ་ཕྱག་གཉིས་ཀྱིས་གཅིག་
ལ་གཅིག་བཟུང་བའི་ཚུལ་གྱིས་བཞུགས་ཤིང་། ཕྱག་གཡོན་པ་འདེགས་པས་ས་འཛིན་པར་མཛད་པ། ཡང་ཕྱག་གཡོན་པ་གཉིས་ན་དུང་དང་པདྨ་བསྣམས་པ། གཡས་གཉིས་ན་འཁོར་ལོ་དང་དབྱིག་པ་བསྣམས་པའོ། །ལྷོ་ནུབ་མཚམས་སུ་པདྨ་ཆེན་པོ་རྒྱ་མཚོ་ཆུ་ལྷའི་གཟུགས་འཛིན་པ་སྐུ་
མདོག་དཀར་པོ་གདེངས་ཀ་བརྒྱད་པ། གཡས་ན་པདྨ་བསྣམས་པ། གཡོན་ན་སྦྲུལ་གྱི་ཞགས་པ་བསྣམས་པའོ། །ནུབ་བྱང་གི་མཚམས་སུ་པདྨ་ཆེན་པོ་ཉི་མ་སྐུ་མདོག་དམར་པོ་ཕྱག་གཡས་ན་པདྨ་བསྣམས་པ། གཡོན་ན་པདྨའི་སྟེང་ན་ཉི་མའི་དཀྱིལ་འཁོར་བསྣམས་པ་གཞག་པར་བྱའོ། །བྱང་
ཤར་མཚམས་སུ་པདྨ་ཆེན་པོ་རླུང་གི་གཟུགས་འཛིན་པར་མཛད་པ། སྐུ་མདོག་ནག་པོ་ཕྱག་གཡས་ན་བ་དན་བསྣམས་པ། གཡོན་ན་པདྨ་བསྣམས་པ་བྲི་བར་བྱའོ། །ལྷག་མ་རྣམས་ནི་སྔར་སྨྲས་པ་བཞིན་ནོ། །འདིར་ལྷ་ཐམས་ཅད་ཀྱི་སྙིང་པོ་ནི་ཧྲཱིཿཞེས་བྱ་བ་ཡིན་ནོ། །དེ་ལ་པདྨ་ཆེན་པོ་ཆགས་པའི་

འདོད་ཆགས་ནི་བྱང་ཆུབ་ཆེན་པོའི་མཚན་ཉིད་ཅན་གྱི་སེམས་ཀྱི་ངོ་བོ་ཉིད་ཀྱི་དེ་བཞིན་ཉིད་དང་། དོན་ཐམས་ཅད་ལ་ཆགས་པ་ཉིད་དང་། དེ་སྟོན་པའི་མཚན་མ་ནི་འདོད་ཆགས་ཀྱི་མཚན་མ་བུད་མེད་ཀྱི་གཟུགས་ཞེས་བྱ་བ་བུད་མེད་ཀྱི་ལུས་ཏེ། དེས་ནི་དེའི་ངོ་བོ་ཉིད་དུ་སྟོན་ཏེ། བུད་མེད་
ཆགས་པས་འགྲོ་བ་བདེ་བྱེད་ཕྱིར། །ཞེས་བཤད་པའི་ཕྱིར་རོ། །པདྨ་ཆེན་པོ་གཏུམ་པའི་དབང་ཕྱུག་ནི་ཞེ་སྡང་སྟེ། བྱང་ཆུབ་ཀྱི་སེམས་ཆེན་པོ་དེས་གདུག་པ་རྣམས་ལ་སྡང་བ་ནི་བྱང་ཆུབ་ཀྱི་སེམས་ཆེན་པོ་ཞེས་བྱ་བའི་ཆོས་ཉིད་དེ་སྟོན་པའི་བྱང་ཆུབ་ཀྱིས་ཞེ་སྡང་བཟློག་པར་འགྱུར་ཏེ། དེའི་
མཚན་མ་ནི་སྦྲུལ་གྱི་གཟུགས་ཞེ་སྡང་ངོ་བོ་ཉིད་མེད་པར་སྟོན་པ་སྟེ། ཞེ་སྡང་ནི་དྲག་པོའོ་ཞེས་གསུངས་པའི་ཕྱིར་རོ། །པདྨ་ཆེན་པོ་ནག་པོ་ནི་གཏི་མུག་སྟེ། བྱང་ཆུབ་ཀྱི་སེམས་ཆེན་པོའི་མཚན་ཉིད་ཅན་དེ་ལ་ལྟ་བ་དྲུག་ཅུ་རྩ་གཉིས་རྣམ་པར་རྟོག་པས་དབང་ཕྱུག་ལ་སོགས་པ་ཡོངས་སུ་བརྟགས་པས་
གདུལ་བྱ་རྣམས་ཡོངས་སུ་འཁྲུལ་པར་གྱུར་པ་ལ་དེ་རྣམས་ཀྱི་དངོས་པོ་ལ་མངོན་པར་ཞེན་པ་སྤང་བར་བྱ་བའི་ཕྱིར་གཏི་མུག་མཉམ་པ་ཉིད་སྟོན་པར་མཛད་པས་དེའི་ཚུལ་གྱིས་ན་གཏི་མུག་ལ་ཁྱབ་འཇུག་ཅེས་བཤད་དོ། །དེའི་མཚན་མ་ནི་ཕག་གི་གཟུགས་ཏེ། ཆོས་ཉིད་དེ་སྟོན་པར་མཛད་པའོ། །མི་
མཇེད་ཀྱི་བདག་པོ་ཚངས་པ་ནི་ཐར་པ་སྟེ། ཀུན་དུ་དགའ་བ་ཚངས་པའི་བཞི། །ཞེས་ཟེར་བའི་ཕྱིར་རོ་ཞེས་བཤད་དོ། དེའི་ཕྱིར་དེའི་མཚན་མ་ནི་པདྨ་སྟེ། དེས་དྲི་མ་ཐམས་ཅད་དང་བྲལ་བ་སྟོན་པའི་ཕྱིར་རོ། །དེ་ལྟར་མཚན་མ་དེ་རྣམས་ཀྱིས་མཚོན་པའི་དོན་བཤད་པས་གདུལ་བྱ་རྣམས་ཀྱིས་འདོད་ཆགས་ལ་
སོགས་པའི་མཉམ་པ་ཉིད་རྣམ་པར་བསྒོམས་ནས་ཐར་པ་ཆེན་པོའི་གྲོང་ཁྱེར་གྱི་སྒོ་འཇིག་རྟེན་ལས་འདས་པའི་དབང་པོ་ལྔའི་ངོ་བོ་ཉིད་རྟོགས་ནས། ཐར་པ་ཆེན་པོའི་གྲོང་ཁྱེར་བྱང་ཆུབ་ཆེན་པོའི་སེམས་ལ་སོགས་པའི་ངོ་བོ་ཉིད་མངོན་སུམ་དུ་བྱེད་པར་འགྱུར་ཏེ། དེ་བས་ན་འདི་དག་ནི་སྒོ་རྣམས་སུ་བྲི་བར་
བྱའོ། །དེ་ནས་གོས་དཀར་པོ་ཞེས་བྱ་བ་ལ་སོགས་པས་དེ་ལྟར་དཀྱིལ་འཁོར་བྲིས་ནས་དེའི་རྗེས་ཐོགས་ཉིད་ལ་སློབ་དཔོན་རས་དཀར་པོ་ལ་པདྨའི་རྡོ་རྗེ་གནོད་སྦྱིན་ཡོངས་སུ་བཟླས་པ་དེས་སྨད་གཡོགས་དང་། སྟོད་གཡོགས་དང་། གདོང་གཡོགས་བྱས་ལ་ཇི་ལྟ་བ་བཞིན་དུ་ཞུགས་པའི་པདྨའི་རིགས་

ཀྱི་སློབ་དཔོན་ནི་འདི་ལྟར་རང་ཉིད་འཇུག་པར་འགྱུར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཇི་ལྟར་པདྨ་དམར་པོ་འདི། །ཞེས་བྱ་བ་ལ་སོགས་པ་ལ་ཇི་ལྟར་འདམ་གྱི་ནང་ན་གནས་ཀྱང་འདམ་གྱིས་མི་གོས། རང་བཞིན་གྱིས་ཁ་དོག་དམར་པོའི་པདྨ་དམར་པོ་ནི་རང་བཞིན་
གྱིས་ཁ་དོག་དམར་པོ་ལ་རང་གི་ཉེས་པ་ཆུ་ལས་བྱུང་བའི་འདམ་ལ་སོགས་པས་གོས་པར་མི་འགྱུར་རོ། །གང་ན་ཞེ་ན་འདམ་གྱི་ནང་ནའོ། །དེ་བཞིན་དུ་རྣམ་པར་དག་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་བག་ཆགས་དང་བཅས་པ་ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པ་རྣམས་མེད་པར་ཐུགས་
རྗེ་ཆེན་པོའི་འདོད་ཆགས་ཀྱི་ཆགས་པ་ནི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ལ་སོགས་པ་འཁོར་བའི་མཚོའི་དབུས་ན་འཁོར་བ་ནས་བྱུང་བ་ཉེས་པ་རྣམས་ཀྱིས་མི་གོས་པས་ན་དེ་ལྟར་ཞེས་བྱའོ། །དེ་བཞིན་ཞེས་བྱ་བའི་སྒྲ་གཉིས་པ་ནི་ངེས་པར་གཟུང་བ་སྟེ། ཇི་ལྟར་པདྨ་འདམ་གྱི་ནང་ན་
དམར་དུ་ཟིན་ཀྱང་ཆུའི་ཉེས་པས་མི་གོས་སོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བག་ཆགས་དང་བཅས་པའི་ཉོན་མོངས་པ་དང་བྲལ་བ་རྣམས་ནི་འཁོར་བའི་འདམ་གྱི་ནང་དུ་སྐྱེས་ཤིང་ཐུགས་རྗེ་ཆེན་པོའི་ཆགས་པས་ཆགས་སུ་ཟིན་ཀྱང་འཁོར་བའི་ཉེས་པས་གོས་པར་མི་འགྱུར་རོ། །དེ་ལྟར་ཆོས་
རྣམས་བསྒོམས་ན་ནི། །ཞེས་བྱ་བ་ནི་ཇི་ལྟར་ཡོངས་སུ་དག་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་ཐུགས་རྗེ་ཆེན་པོའི་ཆགས་པས་ཆགས་ཀྱང་འདོད་ཆགས་ལ་སོགས་པའི་འཁོར་བའི་ཆུའི་ཉེས་པ་ལས་ངེས་པར་གྲོལ་བ་ཡིན་ནོ། །དེ་བཞིན་དུ་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཆོས་
ཐམས་ཅད་ངོ་བོ་ཉིད་ཀྱིས་དག་པའོ་ཞེས་བསྒོམ་ཞིང་། ཡང་དང་ཡང་དུ་མངོན་སུམ་དུ་བྱེད་ལ། སྙིང་རྗེ་ཆེན་པོའི་ཆགས་པས་ཆགས་ན་བློ་ལྡན་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤེས་པ་དང་ལྡན་པའོ། །ཉོན་མོངས་པ་ཅན་དུ་གྱུར་ཀྱང་ཞེས་བྱ་བ་ནི་འཁོར་བའི་ཉོན་མོངས་ཅན་དང་། ཉེ་བའི་ཉོན་
མོངས་པ་ལ་སོགས་པ་དང་ལྡན་དུ་ཟིན་ཀྱང་ངོ་། །ཉོན་མོངས་ཀུན་ལས་རྣམ་གྲོལ་ནས། །མྱུར་དུ་བྱང་ཆུབ་མཆོག་ཐོབ་འགྱུར། །ཞེས་བྱ་བ་ནི་ཉོན་མོངས་པ་ཐམས་ཅད་ལས་རྣམ་པར་གྲོལ་བའི་སྒོམ་པའི་རང་བཞིན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྟོགས་པས་མྱུར་བ་ཉིད་དུ་མངོན་པར་རྫོགས་

པར་སངས་རྒྱས་ཤིང་། སངས་རྒྱས་ཉིད་མཐོང་བར་འགྱུར་བའོ། །ཏིང་ངེ་འཛིན་འདི་ལ་གཟིགས་པས་ཞེས་བྱ་བ་ནི་མངོན་སུམ་དུ་བྱེད་པས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པ་སྟེ། དེ་བསྒོམ་པ་དང་ལྡན་པའི་སེམས་དང་སེམས་ལས་བྱུང་བ་ནི་དབང་ཕྱུག་
ཉིད་དུ་འཐོབ་པར་འགྱུར་ཞིང་རྟོག་པར་འགྱུར་བ་སྟེ། གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་དང་བྲལ་བས་རང་དབང་དུ་སྤྱོད་པར་མཛད་པའི་ཕྱིར། དེ་ནས་བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་ཕྱུག་ཅེས་མཚན་བཏགས་སོ་ཞེས་བྱ་བ་ནི་རང་དབང་དུ་གྱུར་པ་ཐུགས་སུ་ཆུད་པ་དེས་དེའི་རྗེས་
སུ་འགྲོ་བའི་དོན་ལས། བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་ཕྱུག་ཅེས་མཚན་བཏགས་པའོ། །དེ་ནས་བརྩམས་ཏེ་ཞེས་བྱ་བ་ནི་བསྒོམས་པའི་དུས་ནས་ཉེ་བར་བཟུང་ནས་སོ། །བདག་ཉིད་ཀྱི་དངོས་པོ་ཐམས་ཅད་ཤིན་ཏུ་ཡོངས་སུ་དག་པ་ཞེས་བྱ་བ་ནི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམ་
པར་དག་པ་དེ་ཐུགས་སུ་ཆུད་པ་དང་། རྗེས་སུ་མཐུན་པའི་ལུས་དང་ངག་དང་ཡིད་ཡོངས་སུ་ཐོབ་པས་སོ། །དུས་ཇི་སྲིད་ཅིག་གིས་བདག་ཉིད་ཀྱི་དངོས་པོ་ཐམས་ཅད་ཡོངས་སུ་དག་པར་འགྱུར་ཞེ་ན། བྱང་ཆུབ་ཀྱི་སྙིང་པོའི་བར་དུ་ཞེས་བྱ་བ་གསུངས་ཏེ། ཇི་སྲིད་བླ་ན་མེད་པ་ཡང་དག་པར་རྫོགས་
པའི་བྱང་ཆུབ་མངོན་སུམ་དུ་མ་བྱས་པ་དེའི་བར་དུ། དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཐོབ་པ་ལ་གེགས་སུ་གྱུར་པའི་སྒྲིབ་པ་དང་ལྡན་པར་མི་འགྱུར་བའོ། །མྱུར་དུ་འཚང་རྒྱ་བ་ཉིད་འཐོབ་པར་འགྱུར་ཏེ་ཞེས་བྱ་བ་ནི་གོ་བར་ཟད་དོ། །སློབ་མ་གཞུག་པའི་ཆོ་ག་རྒྱས་པ་
ཡང་དེ་བཞིན་ནོ་ཞེས་བྱ་བ་ནི། ཇི་ལྟར་སློབ་དཔོན་གྱི་འཇུག་པ་ལ་སོགས་པའི་ཆོ་ག་རྒྱས་པར་བཟླས་མ་ཐག་ཏུ་བཤད་པ་དེ་བཞིན་དུ་པདྨའི་སློབ་མ་རྣམས་ཀྱི་ཡང་ཤེས་པར་བྱ་བའོ་ཞེས་བྱ་བའི་དོན་ཏོ། །ཡེ་ཤེས་ཀྱི་དཀྱིལ་འཁོར་ཞེས་བྱ་བ་ནི་གཏི་མུག་གི་གཉེན་པོའི་ཕྱོགས་སུ་གྱུར་པ་འདོད་ཆགས་
ཐམས་ཅད་རྣམ་པར་དག་པ་ལ་སོགས་པ་ཇི་སྐད་བཤད་པའི་ཡེ་ཤེས་རྣམ་པ་ལྔ་ནི་ཡེ་ཤེས་ཏེ། དེ་ལས་བྱུང་བའི་པདྨའི་རིགས་ཀྱི་དཀྱིལ་འཁོར་ཡང་ཡེ་ཤེས་ཀྱི་དཀྱིལ་འཁོར་རོ། །དེ་ནས་གོས་དཀར་པོ་ཞེས་བྱ་བ་ནས་བརྩམས་ཏེ། འདིའི་བར་གྱི་དོན་ཡང་འདི་ལྟར་ཡང་ཤེས་པར་བྱ་སྟེ། དེ་ལྟར་

དཀྱིལ་འཁོར་བྲིས་ནས་བཅོམ་ལྡན་འདས་འགྲོ་བ་འདུལ་བའི་སྦྱོར་བས་སྔ་མ་བཞིན་དུ་རྣལ་འབྱོར་ཆེན་པོ་བྱས་ལ། འཇུག་པའི་དམ་ཚིག་གི་ཕྱག་རྒྱས་ཡོངས་སུ་བཟུང་བའི་པདྨའི་མེ་ཏོག་གི་ཡལ་ག་ལས་རྣམ་པར་རྒྱལ་བའི་བུམ་པ་དང་། ལྷ་ཐམས་ཅད་ཀྱི་བུམ་པ་དང་། བུམ་
པ་གང་བ་རྣམས་ཧྲཱིཿཞེས་བྱ་བས་རེ་རེ་ཞིང་ལན་བརྒྱ་རྩ་བརྒྱད་བཟླས་པས་དཀྱིལ་འཁོར་གྱི་སྒོ་བཞི་ཕྱེ་སྟེ། རྡོ་རྗེ་བསྡུས་པ་བྱས་ལ། བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོ་བསྒོམ་ཞིང་། བཅོམ་ལྡན་འདས་ལ་མཚན་བརྒྱ་རྩ་བརྒྱད་པས་བསྟོད་ལ། གསང་བའི་ལྕགས་ཀྱུ་དང་། ཧྲཱིཿཞེས་བྱ་བས་
བཅོམ་ལྡན་འདས་འཁོར་དང་བཅས་པ་དཀྱིལ་འཁོར་དུ་བཅུག་པ་ལ་རྡོ་རྗེ་གནོད་སྦྱིན་གྱིས་བགེགས་བསྐྲད་དོ། །མཚམས་དང་དཀྱིལ་འཁོར་བཅིང་བ་དང་། ར་བ་དང་དྲ་བ་དག་བྱས་ཏེ། རྡོ་རྗེ་ཁུ་ཚུར་གྱིས་དཀྱིལ་འཁོར་གྱི་སྒོ་བཞི་བཅིངས་ལ། རྡོ་རྗེ་བསྲུང་བས་བསྲུངས་པ་ཐམས་ཅད་གོ་
ཆ་བསྐོན་ཏེ། ཧྲཱིཿཞེས་བྱ་བས་མཆོད་ཡོན་ཕུལ་ཏེ། དམ་ཚིག་གི་ཕྱག་རྒྱ་དང་། དྲི་དང་དྲྀ་ཤྱ་ཞེས་བྱ་བས་འཁོར་དང་བཅས་པ་བལྟ་བར་བྱས་ཏེ། ཛཿཧཱུྃ་བཾ་ཧོཿས་མ་ཡ་སྟྭཾ། ས་མ་ཡ་སྟྭཾ་ཨ་ཧཾ། ཧྲཱིཿཞེས་བྱ་བ་དང་བསྒྲུབ་པར་བྱའོ། །རྡོ་རྗེ་ཐལ་མོ་ཁོང་སྟོང་དུ་སྦྱར་བ་ལས་གུང་མོ་གཉིས་
པ་སྙམས་ལ། མཐེ་བོང་དང་མཐེའུ་ཆུང་ཕྱེ་སྟེ། པདྨའི་འདབ་མ་དང་འདྲ་བར་བྱ་བ་འདི་ནི་དམ་ཚིག་གི་ཕྱག་རྒྱ་སྟེ། པདྨ་ཆེན་པོའི་ཕྱག་རྒྱ་ཡང་འདི་ཉིད་ཡིན་ནོ། །འཇུག་པའི་དམ་ཚིག་གི་ཕྱག་རྒྱ་པདྨའི་མེ་ཏོག་དང་ལྡན་པ་བཟུང་ལ། དེ་ནས་ལྕེ་ལ་ཧྲཱིཿཞེས་བྱ་བ་ཇི་ལྟ་བ་བཞིན་བསམ་ཞིང་། ལྷ་ཐམས་
ཅད་ཀྱི་ལྗགས་ལ་ཡང་བསམ་པ་འདི་ནི་ཆོས་ཀྱི་ཕྱག་རྒྱའོ། །ཨ་ལས་སྙིང་གར་སྣ་ཚོགས་པདྨ་བསམས་ལ། འགྲོ་བ་འདུལ་བ་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་ཧྲཱིཿཞེས་བྱ་བ་ཟློས་ཤིང་། ལས་ཀྱི་ཕྱག་རྒྱ་བཅིང་བར་བྱ་སྟེ། པདྨའི་ཁུ་ཚུར་བཅིངས་ལ་གཡས་པས་གཡོན་པ་དབྱེ་བ་འདི་ནི་བཅོམ་ལྡན་
འདས་ཀྱི་ལས་ཀྱི་ཕྱག་རྒྱའོ། །གཞན་རྣམས་ཀྱི་ནི་ཕྱག་རྒྱ་ཆེན་པོ་ཉིད་དོ། །དེ་ནས་ཧྲཱིཿཞེས་བྱ་བས་རང་གི་སྙིང་གར་པདྨ་བསམས་ལ། ཕྱག་རྒྱ་ཆེན་པོ་བྲིས་པའི་རྗེས་སུ་མཐུན་པར་ཧྲཱིཿཞེས་བྱ་བ་ཉིད་ཟློས་ཤིང་བཅིང་བར་བྱའོ། །དེ་ནས་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པའི་དབང་བསྐུར་བ་དང་པདྨའི་

ཕྲེང་བའི་དབང་བསྐུར་བ་བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་ཕུལ་ལ། སྔ་མ་བཞིན་དུ་མཆོད་ཡོན་དང་། བུམ་པ་དང་། བུམ་པ་གང་བ་དང་། ན་བཟའ་བླ་རེ་ལ་སོགས་པ་ཡང་ཕུལ་ཏེ། མེ་ཏོག་གི་ཤིང་ལ་སོགས་པ་མཆོད་པ་རྣམ་པ་ལྔས་མཆོད་པ་བྱས་ལ། ཕྱི་རོལ་དུ་གླུ་དང་གར་དང་རོལ་
མོ་དང་རྟ་དང་གླང་པོ་ཆེ་དང་། བ་ལང་གི་ཁྱུ་རྣམས་ཀྱིས་ཀྱང་མཆོད་པ་བྱེད་དུ་གཞུག་གོ། །དེ་ནས་མཆོད་པ་རྣམ་པ་བཅུ་གཉིས་ཀྱིས་ཡང་དག་པར་མཆོད་ལ། ཨོཾ་ལས་རིན་པོ་ཆེ་སྣ་བདུན་དང་། དཔག་བསམ་གྱི་ཤིང་དང་ཁ་ཟས་རོ་བརྒྱ་པ་ལ་སོགས་པའི་བཀོད་པ་སྤྲུལ་ལ། དེ་འདིས་
དབུལ་བར་བྱ་སྟེ། ཕྱག་འཚལ་བའི་ཐལ་མོ་དཔྲལ་བའི་ཕྱོགས་སུ་སྦྱར་ལ། ཨོཾ་སརྦ་བིཏྤཱུ་ར་པཱུ་ར། སུ་ར་སུ་ར་ཨཱ་བརྟ་ཡ་ཨཱ་བརྟ་ཡ་ཧོཿ། དེ་ནས་ཕྱི་རོལ་དུ་གཏོར་མ་སྦྱིན་ལ། རས་དཀར་པོ་ལ་རྡོ་རྗེ་གནོད་སྦྱིན་གྱིས་ཡོངས་སུ་བཟླས་ཏེ་གཅིག་གིས་སྨད་གཡོགས་བྱ། གཉིས་པས་སྟོད་གཡོགས་
བྱས་ལ། ཡང་གཅིག་ལ་རྟ་མགྲིན་ལ་སོགས་པ་སྒོ་སྲུང་བཞིའི་སྙིང་པོ་བཟླས་པས་རང་གི་གདོང་གཡོགས་ནས། ཕྱག་འཚལ་བ་ལ་སོགས་པ་སྔོན་དུ་འགྲོ་བས་དེ་བཞིན་དུ་སྡོམ་པ་བླངས་ལ། བྱང་ཆུབ་ཏུ་སེམས་བསྐྱེད་དེ། རྡོ་རྗེ་པདྨ་རྡོ་རྗེ་ལྟེ་བ་ལྟ་བུའི་སྙིང་གར་པདྨའི་ཁུ་ཚུར་བཞག་ལ། སྔ་མ་
བཞིན་དུ་སྒོ་ལ་མངོན་པར་ཕྱོགས་ནས་གནས་པའི་དབུས་སུ་བུམ་པའི་ཆུས་བདག་ཉིད་དབང་བསྐུར་ཏེ། འཇུག་པའི་དམ་ཚིག་གི་ཕྱག་རྒྱས་ཇི་སྐད་དུ་བཤད་པའི་མཚན་ཉིད་ཅན་པདྨའི་མེ་ཏོག་དང་བཅས་པ་བཅིངས་ལ། དེ་ཉིད་ཀྱིས་མེ་ཏོག་གི་ཕྲེང་བ་བླངས་ནས། བཛྲ་བཛྲ་ཧྲཱིཿཞེས་ཟློས་ཤིང་དཀྱིལ་
འཁོར་དུ་འཇུག་པར་བྱའོ། །དེ་ནས་ཤར་ཕྱོགས་ཀྱི་སྒོར་ཞུགས་ལ། ཨོཾ་ཧྱ་གྲྀ་བ་མ་ཧཱ་པདྨ་ཨཾ་ཀུ་ཤ་ཨཱ་ཀཪྵ་ཡ་ཤཱི་གྷྲཾ་སརྦ་པདྨ་ས་མ་ཡ་པདྨ་ཨཾ་ཀུ་ཤ་དྷ་ར་ཧཱུྃ་ཛཿཞེས་བྱ་བ་དང་། རྟ་མགྲིན་གྱིས་བདག་ཉིད་དགུག་པར་བྱའོ། །དེ་ནས་ལྷོ་ཕྱོགས་ཀྱི་སྒོ་ནས་དེ་བཞིན་དུ་ཞུགས་ཏེ། ཨོཾ་ཨ་མོ་གྷ་པདྨ་པཱ་ཤ་ཀྲོ་དྷ་
ཨཱ་ཀཪྵ་ཡ་པྲ་བེ་ཤ་ཡ་མ་ཧཱ་པ་ཤུ་བ་ཏི་ཡ་མ་བ་རུ་ཎ་ཀུ་བེ་ར་བྲཧྨ་བེེ་ཤ་དྷ་ར་སརྦ་པདྨ་ཀུ་ལ་ས་མ་ཡཱཾ་ཧཱུྃ་ཧཱུྃ་ཞེས་བྱ་བ་དང་། ཡང་བཅོམ་ལྡན་འདས་དོན་ཡོད་པའི་ཞགས་པས་གཞུག་པར་བྱའོ། །ཡང་ནུབ་ཕྱོགས་ཀྱི་སྒོ་ནས་ཞུགས་ལ། ཨོཾ་པདྨ་སྥོ་ཊ་བནྡྷ་སརྦ་པདྨ་ཀུ་ལ་ས་མ་ཡཱ་ཤཱི་གྷྲཾ་ཧཱུྃ་བཾ་ཞེས་བྱ་བ་དང་།

པདྨའི་ལྕགས་སྒྲོག་གིས་བཅིང་བར་བྱའོ། །དེ་ནས་བྱང་ཕྱོགས་ཀྱི་སྒོ་ནས་ཞུགས་ཏེ། ཨོཾ་ཥཎ་མུ་ཁ་ནཏྐུ་མཱ་ར་བེ་ཤ་དྷ་ར་པདྨ་ཥན་ཏ་ཡ། ཨཱ་བེ་ཤ་ཡ་སརྦ་པདྨ་ཀུ་ལ་ས་མ་ཡཱཾ་སརྦ་མུ་དྲ་བནྡྷ་ཡ། སརྦ་སིདྡྷ་ཡོ་མེ་པྲ་ཡཙྪ་པདྨ་ཨཱ་བེ་ཤ་ཡ་ཨ་ཨ་ཨ་ཨ་ཞེས་བྱ་བ་དང་། པདྨའི་
འབེབས་པས་བདག་ཉིད་དབང་དུ་བྱའོ། །ཡང་ཤར་ཕྱོགས་ཀྱི་སྒོ་ནས་ཞུགས་ལ། མ་ཧཱ་ར་ཏ་སུ་དྲྀ་ཌྷ། སུ་ཏོ་ཥྱོ་སུ་སུ་ཁོ་བཛྲ་སཏྭ་སིདྡྷྱ་མཱཾ་ཞེས་བརྗོད་དོ། །དེ་ནས་རྣམ་པར་སྒེག་པའི་རྡོ་རྗེས་ཕྱག་བྱས་ལ། དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་བྱས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་
འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །མ་ཧཱ་རཱ་ག་མ་ཧཱ་སཽ་ཁྱ། མ་ཧཱ་བཛྲ་མ་ཧཱ་དྷ་ན། མ་ཧཱ་ཛྙ་ན་མ་ཧཱ་ཀརྨ་བཛྲ་སཏྭཱ་ཨཱདྱ་སིདྡྷྱ་མཱཾ། ཡང་འདི་སྐད་བརྗོད་པར་བྱའོ། །ཛཿཧཱུྃ་བཾ་ཧོཿཔྲ་སིདྡྷྱ་མཱཾ། དེ་ནས་རྡོ་རྗེ་ཆུ་འཐུངས་ལ་བདག་ཉིད་འཇུག་པར་བྱ་སྟེ། དང་པོ་ཁོ་ནར་ས་མ་ཡ་སྟྭཾ་ཞེས་བརྗོད་ལ་
སེམས་མ་རྡོ་རྗེ་བཅིང་བར་བྱའོ། །དེ་ནས་ཨོཾ་པདྨ་སྥོ་ཊ་ཨ་དྷི་ཏིཥྛ་ཨ་ཞེས་བརྗོད་དེ། སེམས་མ་རྡོ་རྗེའི་ཕྱག་རྒྱ་སྦྱར་ལ་ཨ་ཞེས་བྱ་བ་ལན་བརྒྱ་བཟླས་པར་བྱའོ། །ཡང་ཧྲཱིཿཨ་ཞེས་ལན་བརྒྱ་བརྗོད་པར་བྱ་སྟེ། དེས་ནི་བབ་པར་འགྱུར་རོ། །དེ་ནས་ཧྲཱིཿཞེས་བྱ་བས་མེ་ཏོག་དོར་བར་བྱའོ། །དེ་ནས་དེས་བླང་
ལ་དེ་ཉིད་དང་རང་གི་མགོ་ལ་བཅིང་བར་བྱའོ། །དེ་ནས་དེ་ཉིད་ཀྱིས་གདོང་གཡོགས་དགྲོལ་བར་བྱའོ། །དེ་ནས་དེ་ཉིད་ཟློས་ཤིང་། ཤར་ཕྱོགས་ཀྱི་ཆ་ནས་བརྩམས་ཏེ་བལྟ་བར་བྱའོ། །དེ་ནས་འཇུག་པའི་ཕྱག་རྒྱ་བཅིངས་ནས། ཏིཥྛ་བཛྲ་ཞེས་བྱ་བ་ལ་སོགས་པས་རང་གི་སྙིང་གར་དགྲོལ་བར་བྱའོ། །
དེ་ནས་འགྲོ་བ་འདུལ་བའི་ཕྱག་རྒྱ་ཆེན་པོ་བཅིངས་ལ། བཅོམ་ལྡན་འདས་ལ་རྡོ་རྗེའི་ལྟ་བས་བལྟ་ཞིང་། ཇི་སྲིད་བཅོམ་ལྡན་འདས་ཀྱིས་ཞལ་བསྟན་ནས་རང་གི་དངོས་གྲུབ་སྩོལ་བར་མཛད་པ་དེ་སྲིད་ཀྱི་བར་དུ་བཟླས་བརྗོད་བྱའོ། །དེ་ནས་རྡོ་རྗེ་ཐལ་མོ་བསྐོར་བ་ཤིས་པ་བརྗོད་པ་འདོན་པའི་ཚུལ་དུ་
རང་གི་སྙིང་གར་བཞག་ལ། མཚན་བརྒྱ་རྩ་བརྒྱད་པས་བསྟོད་དོ། །རྡོ་རྗེ་པདྨ་ལ་སོགས་པས་གསང་བའི་མཆོད་པ་བཞིས་བཅོམ་ལྡན་འདས་ཡང་དག་པར་མཆོད་ལ། གླུ་དང་རོལ་མོའི་མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་པར་བྱའོ། །དེ་ནས་ཡང་ཕྱག་རྒྱ་ཆེན་པོ་བཅིངས་ལ། བཅོམ་ལྡན་

འདས་ལ་རྡོ་རྗེའི་ལྟ་བས་བལྟ་ཞིང་རྡོ་རྗེ་ཐལ་མོ་བསྐོར་བས་ཕྱག་བྱས་ལ། མེ་ཏོག་ལ་སོགས་པའི་དབང་བསྐུར་བ་རྣམས་ཀྱང་བླང་བར་བྱ་སྟེ། དེ་ལ་དང་པོ་ཁོ་ནར་དམ་ཚིག་གི་ཕྱག་རྒྱས་ཡོངས་སུ་བཟུང་བའི་མེ་ཏོག་གི་ཡལ་ག་ལས་རྣམ་པར་རྒྱལ་བའི་བུམ་པ་ལས་ཨོཾ་མ་ཧཱ་སུ་ཁ་ཞེས་བྱ་བ་ལ་
སོགས་པ་སྔར་བཤད་པའི་སྔགས་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱའོ། །དེ་ནས་བདག་ཉིད་འགྲོ་བ་འདུལ་བར་བྱིན་གྱིས་བརླབས་ལ། དམ་ཚིག་གི་ཕྱག་རྒྱས་རྣལ་འབྱོར་ཆེན་པོ་ལས་གསུངས་པའི་གནས་སུ་རང་གི་ལུས་ལ་འགྲོ་བ་འདུལ་བ་ལ་སོགས་པ་ལེགས་པར་བཀོད་ནས། ཕྱིའི་དཀྱིལ་
འཁོར་གྱི་ནང་དུ་སྣ་ཚོགས་པདྨའི་སྟེང་དུ་འགྲོ་བ་འདུལ་བའི་ཕྱག་རྒྱ་ཆེན་པོ་བཅིངས་ལ་འདུག་སྟེ། མེ་ཏོག་ལ་སོགས་པས་བདག་ཉིད་ཡང་དག་པར་མཆོད་ནས། མཆོད་ཡོན་བླངས་ལ། མཚན་བརྒྱ་རྩ་བརྒྱད་ཀྱིས་ཡང་དག་པར་བསྟོད་དེ། པདྨའི་ཁུ་ཚུར་གྱིས་རྣམ་པར་རྒྱལ་བའི་བུམ་པ་ལས་
ཆུ་བླངས་ལ། ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧྲཱིཿཞེས་བྱ་བ་འདིས་བདག་ཉིད་དབང་བསྐུར་བར་བྱ་ཞིང་། ཆུ་དེ་བཏུང་བར་ཡང་བྱའོ། །དེ་ནས་འོད་དཔག་ཏུ་མེད་པའི་དབང་བསྐུར་བའི་ཕྱག་རྒྱས་དབང་བསྐུར་ལ། ལུགས་མའམ། བརྡུངས་པའམ། བྱས་པའམ། བྲིས་པའི་དབུ་རྒྱན་འོད་དཔག་ཏུ་མེད་པའི་ཕྲེང་
བ་དང་ལྡན་པས། རྡོ་རྗེ་རིན་པོ་ཆེ་དང་། འོད་དཔག་ཏུ་མེད་པའི་པདྨའི་ཕྲེང་བའི་སྔགས་ཡོངས་སུ་བཟླས་པས་ཡང་བདག་ཉིད་དབང་བསྐུར་བར་བྱ་ཞིང་། དར་དཔྱངས་བཅིང་བ་ཡང་བྱས་ལ། རྡོ་རྗེ་པདྨ་དང་། པདྨའི་དྲིལ་བུ་བླངས་ལ། བདག་པོ་དང་། མིང་གི་དབང་བསྐུར་བས་བདག་ཉིད་
དབང་བསྐུར་ཏེ། དངོས་གྲུབ་ཀྱི་རྡོ་རྗེའི་བརྟུལ་ཞུགས་ཀྱི་ཆོ་ག་འདི་གཟུང་བར་བྱའོ། །གཡོན་པའི་པདྨའི་ཁུ་ཚུར་གྱིས་རྡོ་རྗེ་པདྨ་བླངས་ལ་བསྙེམས་པས་བཟུང་སྟེ། ལག་པ་གཡས་པས་རང་གི་སྙིང་གའི་ཕྱོགས་སུ་ཁ་འབྱེད་ཅིང་། བཅོམ་ལྡན་འདས་རྡོ་རྗེ་བརྟུལ་ཞུགས་སྩོལ་བར་མཛད་བཞིན་
པར་ཡང་བསམས་ལ། ཨོཾ་པདྨ་ཧ་སྟ་བཛྲ་དྷརྨ་ཏྭཾ་ཕ་ལ་ཡ་ཞེས་བརྗོད་པར་བྱའོ། །ཡང་འདི་སྐད་ཅེས་ཀྱང་བརྗོད་པར་བྱ་སྟེ། རྡོ་རྗེ་ཆོས་ཉིད་དེ་ཇི་ལྟ་བུ་ལགས། དེ་ནས་བཅོམ་ལྡན་འདས་ཆོས་ཉིད་སྟོན་པར་མཛད་པར་བསམ་པར་བྱ་སྟེ། ཇི་ལྟར་པདྨ་དམར་པོ་འདི། །མཚོན་གྱི་ཉེས་པས་མི་

གོས་ཏེ། །འདམ་གྱི་ནང་ན་དག་པ་སྟེ། །འདོད་ཆགས་ཞེ་སྡང་སོགས་དེ་བཞིན། །ཞེས་བྱ་བ་སྟེ། འདི་ནི་འདིར་ཆོས་ཉིད་དོ། །དེ་ལྟར་བརྟུལ་ཞུགས་བླངས་ནས། མེ་ཏོག་ལ་སོགས་པ་ཕྱིའི་མཆོད་པ་རྣམས་ཀྱིས་བདག་ཉིད་ཡང་དག་པར་མཆོད་ལ། པདྨའི་
མཚོན་ཆ་ལ་སོགས་པ་ཕྱག་རྒྱའི་མཆོད་པ་བཅུ་གཉིས་ཀྱིས་ཡང་དག་པར་མཆོད་ནས། དེ་ཉིད་ཀྱིས་ནི་པདྨ་བཟུང་། །ཞེས་བྱ་བ་ལ། དེ་ཁོ་ན་ཉིད་འདི་ཡིན་ཏེ། བཅོམ་ལྡན་སངས་རྒྱས་འཕགས་པ་ནི། །སྤྱན་རས་གཟིགས་ཀྱི་དབང་ཕྱུག་སྟེ། །དག་པའི་རོལ་མོས་གར་མཛད་ཅིང་། །གདུལ་
བ་ཡི་ནི་ཐབས་རྣམས་མཛད། །ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱ། །ཞེས་བྱ་བ་ནི་འདི་ཡིན་ཏེ། །དེ་ལྟར་པདྨ་དམར་པོ་ནི། །མཚོན་གྱིས་ཉེས་དང་གནས་པ་ཡི། །ཉེས་པ་དུ་མས་མི་གོས་ཏེ། །དེ་བཞིན་ཁམས་གསུམ་དག་པའོ། །དམ་ཚིག་གི་མི་ཕྱག་རྒྱ་ཆེར། །བྱིན་གྱིས་བརླབས་ནས་
སྙིང་པོ་བཟླ། །ཞེས་བྱ་བ་ནི་འདི་ཡིན་ཏེ། བྱ་བ་གང་དང་གང་གིས་ནི། །འགྲོ་བ་རྣམས་ནི་འདུལ་བར་འགྱུར། །པདྨ་དག་པར་སྦྱོར་བའི་བདག །དེ་དང་དེས་ནི་སྦྱར་བར་བྱ། །ཞེས་བྱ་བ་འདི་དམ་ཚིག་གོ། །དེ་ནས་བཅོམ་ལྡན་འདས་ལ་ཕྱག་བཞི་བྱས་ཏེ། སྙིང་པོ་བླངས་ལ་ཚིགས་སུ་བཅད་པ་ལྔ་
པས་རྗེས་སུ་གནང་བ་དང་། གཟེངས་བསྟོད་པ་ད