Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 59

Văn bản gốc(Tây Tạng)

Trang 12 / 16 (50.000 ký tự/trang)
ང་། ལུང་བསྟན་པ་བཅོམ་ལྡན་འདས་ལས་མནོས་ཏེ། ཡང་བདག་ལ་བྱིན་གྱིས་བརླབས་པ་ལ་སོགས་པ་བྱས་ནས། ཇི་ལྟར་འདོད་པའི་བཟླས་བརྗོད་བྱས་ལ། བཅོམ་ལྡན་འདས་ལ་ཕྱག་བྱས་ཏེ། འདི་སྐད་ཅེས་བརྗོད་དོ། །བདག་མིང་འདི་
ཞེས་བྱ་བ་ཡི། །པདྨའི་སློབ་དཔོན་དཀའ་ཐུབ་ཆེ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །སློབ་མ་རྣམས་ནི་གཞུག་པར་བགྱི། །དེ་ནས་སློབ་མ་གཞུག་པར་བྱ་སྟེ། སློབ་དཔོན་གྱི་ལས་ཀྱི་ཆོ་ག་རྒྱས་པའོ། །དེ་ནས་སྡོམ་པ་དཔོག་པར་འོས་པའི་སློབ་མ་སྔར་བཤད་པའི་ཚུལ་གྱིས་སྡོམ་པ་
འཛིན་དུ་བཅུག་ལ། བྱང་ཆུབ་ཏུ་སེམས་བསྐྱེད་དུ་བཅུག་སྟེ། དེའི་སྙིང་གར་དེ་བཞིན་དུ་པདྨ་བསྐྱེད་ལ། ད་འགྲོ་བ་འདུལ་བར་བྱིན་གྱིས་བརླབས་ནས། སྤོས་དང་མེ་ཏོག་ལ་སོགས་པས་མཆོད་དེ། ཡོན་གྱི་མཆོག་བླངས་ལ་སྒོའི་ཕྱོགས་སུ་བལྟས་ནས་གནས་པའི་བུམ་པས་དབང་བསྐུར་ནས།

བདག་ཉིད་འཇུག་པའི་ཆོ་གས་བཅུག་ལ། ཆོ་ག་ཐམས་ཅད་རྗེས་སུ་སྤྱད་པར་བྱའོ། །སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་རྫོགས་སོ།། །།འགྲོ་བ་འདུལ་བའི་དཀྱིལ་འཁོར་འདི་ཉིད་དུ་དམ་ཚིག་དང་དབང་བསྐུར་བ་ཐོབ་པ་རྣམས་ལ། སློབ་དཔོན་གྱིས་འདི་ལས་གསུངས་པའི་
དངོས་གྲུབ་ཀྱི་ཡེ་ཤེས་བསླབ་པར་བྱའོ་ཞེས་བྱ་བ་འདིའི་དོན་བསྟན་པར་བྱ་བའི་ཕྱིར། སྒྲུབ་པ་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒྲུབ་པ་ལ་ནི་དེ་བཞིན་དུ་རས་ཀྱི་རི་མོ་གཉིས་ཀྱིས་དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར་རོ་ཞེས་བྱ་བ་ནི་དཀྱིལ་འཁོར་དུ་ཞུགས་ལ་སྙིང་པོ་བླངས་ནས་ཟླ་བ་ཉ་
ནས་བརྩམས་ཏེ། བཅོམ་ལྡན་འདས་འགྲོ་བ་འདུལ་བ་རས་ལ་སོགས་པ་ལ་བྲིས་པའི་སྐུ་མདུན་དུ་བཞག་སྟེ། དེའི་སྦྱོར་བས་མདུན་དུ་སྤྱན་དྲངས་ནས། ཆོ་ག་ཐམས་ཅད་རྗེས་སུ་སྤྱད་དེ། དེའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ནས། བཅོམ་ལྡན་འདས་ཀྱི་ཐུགས་ཀ་ན་ཡོད་པའི་རྡོ་རྗེ་པདྨ་ལ་ཧྲཱིཿ
ཞེས་བྱ་བ་རྣམ་པར་བཀོད་ལ་དེ་ཉིད་དཔག་ཏུ་མེད་པར་ཉིན་རེ་ཞིང་བདག་ལ་བྱིན་གྱིས་བརླབས་པ་ལ་སོགས་པ་བྱས་ནས། ཇི་སྲིད་ཟླ་བ་གཅིག་གི་བར་དུ་བཟླས་བརྗོད་བྱས་ན་སྔོན་དུ་བསྙེན་པ་བྱས་པར་འགྱུར་རོ། །དེ་ནས་དང་པོ་རྡོ་རྗེ་བྲི་བའི་ཕྱག་རྒྱ་དང་བྲི་བའམ། འདྲིར་གཞུག་པར་བྱའོ། །
དཀྱིལ་འཁོར་དུ་ཡང་དེས་དང་པོར་བརྩམ་པར་བྱ་སྟེ། ཕྱིས་ནི་ཅི་བདེར་བྱའོ། །དེ་ཡང་དབུས་སུ་ནི་བཅོམ་ལྡན་འདས་འགྲོ་བ་འདུལ་བ་བྲི་བར་བྱའོ། །གཞན་དག་ནི་དཀྱིལ་འཁོར་གྱི་ཚུལ་གྱིས་བྲི་བར་བྱའོ། །འདི་ནི་དཀྱིལ་འཁོར་གྱི་རས་ཀྱི་རི་མོའོ། །དེ་ནས་ཟླ་བ་ཉ་ནས་བརྩམས་ཏེ། ཕྱག་
རྒྱ་ཆེན་པོ་བཅིངས་ལ། སྔོན་དུ་བསྙེན་པའི་སྦྱོར་བ་ཇི་སྲིད་དུ་ཟླ་བ་གཉིས་པའི་ཉ་ལ་ཐུག་གི་བར་དུ་བཟླས་བརྗོད་དེ་བཞིན་དུ་བྱའོ། །དེ་ནས་དེའི་མཚན་ཐོག་ཐག་ཕྱག་རྒྱ་མ་བཀྲོལ་བར་ཅི་ནས་ཀྱང་སྐྱོ་བར་མི་འགྱུར་བ་དེ་ལྟར་བཟླས་བརྗོད་བྱའོ། །དེ་ནས་ཐོ་རངས་ཀ་བཅོམ་ལྡན་འདས་ཀྱིས་ཞལ་
བསྟན་ནས། ཇི་ལྟར་མངོན་པར་འདོད་པའི་དངོས་གྲུབ་སྩོལ་བར་འགྱུར་ཏེ། རས་ཀྱི་རི་མོ་དང་པོའི་ཆོ་གའོ། །དེ་ནས་རས་ཀྱི་རི་མོ་གཉིས་པའི་ཆོ་ག་ནི་སྔོན་དུ་བསྙེན་པ་དེ་བཞིན་དུ་བྱས་ལ། རས་ལ་བཅོམ་ལྡན་འདས་འགྲོ་བ་འདུལ་བ་དཔའ་བོ་གཅིག་པུ་བྲི་བར་བྱའོ། །དེ་ནས་དེའི་སྤྱན་སྔར་ཕྱག་

རྒྱ་ཆེན་པོ་ལ་གནས་པས་བཟླས་བརྗོད་འབུམ་བྱའོ། །དེ་ནས་ཟླ་བ་ཉ་ལ་མཚན་ཐོག་ཐག་བཟླས་བརྗོད་བྱས་ནས་ཐོ་རངས་བཅོམ་ལྡན་འདས་ཀྱིས་ཞལ་བསྟན་ནས། དེ་བཞིན་དུ་དངོས་གྲུབ་རྣམས་སྩོལ་བར་འགྱུར་ཏེ། རས་ཀྱི་རི་མོ་གཉིས་པའི་བསྒྲུབ་པ་བྱའོ། །དེ་ནས་
མ་བསྒྲུབས་ཀྱང་ཞེས་བྱ་བ་ནི་བཤད་ཟིན་ཏོ། །ཐམས་ཅད་རྗེས་སུ་ཆགས་པར་བྱ་བ་ལ་ནི་ཞེས་བྱ་བ་ནི་འདོད་པའི་ལྷ་ལ་སོགས་པ་དང་། སེམས་ཅན་གྱི་ཁམས་ཐམས་ཅད་རང་དབང་དུ་བྱའོ། །དེ་ཇི་ལྟར་འགྱུར་ཞེ་ན། པདྨ་ལ་ལན་སྟོང་བཟླས་ཏེ་སྦྱིན་པར་བྱའོ་ཞེས་བྱ་བ་གསུངས་ཏེ། ཕྱིའི་
པདྨ་བླངས་ལ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྦྱོར་བས་ཧྲཱིཿཞེས་བྱ་བ་ལན་སྟོང་ཡོངས་སུ་བཟླས་ཏེ། མཉེས་པར་བྱས་པའི་ལྷའམ། མི་ལ་སོགས་པ་གཞན་དག་ལ་དབུལ་ཞིང་སྦྱིན་པར་བྱའོ། །པདྨ་དེ་ཁ་དོག་དམར་ཞིང་འོད་ཟེར་དམར་པོའི་ཚོགས་ཀྱིས་བསྒྲུབ་པར་བྱ་
བ་དམར་པོ་བསམ་པར་བྱ་བ་སྟེ། དེ་ལྟ་བུས་ནི་རྗེས་སུ་ཆགས་པར་འགྱུར་རོ། །ཐམས་ཅད་གསད་པ་ལ་ནི་ཞེས་བྱ་བ་ནི། སེམས་ཅན་མང་པོ་ལ་འཁུ་ཞིང་གསོད་པ་ལ་སོགས་པ་རྣམས་ལ་འདུལ་བའི་དབང་གིས་ཉེ་བར་བཟུང་སྟེ་གསད་པའོ། །དེ་ཇི་ལྟར་འགྱུར་ཞེ་ན། པདྨ་ཆེན་པོའི་ཁྲོ་བོའི་
ཕྱག་རྒྱས་སོ་ཞེས་བྱ་བ་གསུངས་ཏེ། པདྨ་ཆེན་པོ་གཏུམ་པའི་དབང་ཕྱུག་ནི་པདྨ་ཆེན་པོའི་ཁྲོ་བོའོ། །དེའི་དམ་ཚིག་གི་ཕྱག་རྒྱ་གང་ཡིན་པ་དེ་ནི་པདྨ་ཆེན་པོའི་ཁྲོ་བོའི་ཕྱག་རྒྱའོ། །དེ་ནི་འདི་ཡིན་ཏེ། རྡོ་རྗེ་བསྡམས་པ་བཅིངས་ལ། མཛུབ་མོ་གཉིས་བརྐྱང་ནས་མིག་གདངས་ཤིང་ཁྲོ་གཉེར་བསྡུས་
ཏེ་འདིས་པདྨ་ཆེན་པོ་གཏུམ་པའི་དབང་ཕྱུག་ཏུ་བདག་ཉིད་བསྒོམས་ལ། ཁྲོ་བས་ཁྲོ་བ་སྤང་བར་བྱ་བའི་ཕྱིར་གདུལ་བའི་ཕྱིར་སྐྱེ་བོ་རྣམས་ལ་ཡིད་ཀྱིས་དེ་གསད་པར་བྱའོ། །དེ་ནས་གདུལ་བྱ་དེ་རྣམས་པདྨ་ཆེན་པོ་གཏུམ་པའི་དབང་ཕྱུག་ཉིད་འཐོབ་པར་འགྱུར་བའམ། འཆི་བར་འགྱུར་ལ། ཤི་
འཕོས་ནས་ཀྱང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་རྣམས་སུ་སྐྱེ་བར་འགྱུར་རོ། །ཐམས་ཅད་རྨོངས་པར་འགྱུར་བ་ལ་ནི་ཞེས་བྱ་བ་ནི་རང་གི་སེམས་དང་སེམས་ལས་བྱུང་བའི་རྒྱུན་ཐམས་ཅད་དེ་དེ་རྣམས་རྨོངས་པར་བྱ་བ་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱིས་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་

བསལ་ནས། རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་རབ་ཏུ་གཞག་པའམ། དཀོན་མཆོག་གསུམ་ལ་སོགས་པ་ལ་འཁུ་བ་ལ་སོགས་པའི་སེམས་ཅན་ཐམས་ཅད་ཀྱི་དྲན་པ་ཉམས་པར་བྱ་ཞིང་། རང་ངམ་གཞན་དུ་ཤེས་པར་མི་འགྱུར་བའོ། །དེ་ཇི་ལྟར་འགྱུར་ཞེ་ན། པདྨ་ཆེན་པོ་ཕག་གིས་
སོ་ཞེས་བྱ་བ་གསུངས་ཏེ། པདྨ་ཆེན་པོ་ས་འཛིན་གྱི་ཕྱག་རྒྱ་ཆེན་པོ་ནི་པདྨ་ཆེན་པོ་ཕག་སྟེ། དེས་དེ་ལྟར་འགྱུར་བའོ། །འདི་སྐད་སྟོན་པར་འགྱུར་ཏེ། བཅོམ་ལྡན་འདས་པདྨ་ཆེན་པོ་ས་འཛིན་གྱི་ཕྱག་རྒྱ་ཆེན་པོ་བཅིངས་ལ་དེའི་ངོ་བོ་ཉིད་དུ་བདག་ཉིད་བསམས་ནས། བསྒྲུབ་པར་བྱ་བའི་སེམས་ཅན་
ཐམས་ཅད་དེའི་ངོ་བོ་ཉིད་དུ་བྱའོ། །དེ་ལྟར་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་འདིས་རྨོངས་པར་འགྱུར་ཏེ། དེ་རྟོག་པར་འགྱུར་བའི་སྟོབས་ཀྱིས་རྨོངས་པར་འགྱུར་རོ། །སེམས་ཅན་གྱི་ཁམས་གདུག་པ་རྣམས་ཀྱང་དྲན་པ་གཞིག་པའི་བསམ་པས་བསྒོམས་ན་དེ་ཀུན་དུ་རྨོངས་པར་འགྱུར་རོ། །
ཉོན་མོངས་པ་ཐམས་ཅད་ནི་ཇི་སྐད་བཤད་པའི་འདོད་ཆགས་ལ་སོགས་པའོ། །དེ་རྣམས་ཀྱི་རྣམ་པར་རྟོག་པ་ནི་དེ་བཞིན་ཉིད་རྟོགས་པའོ། །ཇི་ལྟར་འགྱུར་ཞེ་ན། པདྨ་ཆེན་པོ་རྣམ་པར་གཟིགས་པའི་ཏིང་ངེ་འཛིན་གྱི་ཕྱག་རྒྱས་སོ་ཞེས་བྱ་བ་གསུངས་ཏེ། བཅོམ་ལྡན་འདས་འགྲོ་བ་འདུལ་བའི་ཕྱག་རྒྱ་
ཆེན་པོ་ཞེས་བྱ་བའི་དོན་ཏོ། །ས་ཐམས་ཅད་ཀྱི་བདག་པོ་ཉིད་དུ་བྱ་བ་ནི་རྒྱལ་པོ་ཐམས་ཅད་ཐོབ་པའོ། །ས་ལ་སྐྱིལ་མོ་ཀྲུང་བཅས་ནས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །འདི་སྐད་སྟོན་པར་འགྱུར་ཏེ། གང་རྒྱལ་པོ་འདོད་པ་དེས་ནི་བཅོམ་ལྡན་འདས་པདྨ་ཆེན་པོའི་ནག་པོའི་སྦྱོར་བ་བྱས་ལ། བསྙེན་
པ་བྱས་ནས་རྣམ་པར་དབེན་པའི་ཕྱོགས་སུ་ས་ལ་སྐྱིལ་མོ་ཀྲུང་བཅས་ལ། བཟླས་པས་སྟོང་ཕྲག་བརྒྱ་བྱས་ཏེ། ཟླ་བ་ཉ་ལ་མཚན་ཡལ་ནངས་སུ་བཟླས་བརྗོད་བྱས་ན། དེ་ནས་ནང་པར་རྒྱལ་སྲིད་ཐོབ་པར་འགྱུར་རོ། །ཆུ་ཐམས་ཅད་དགུག་པ་ལ་ནི་ཞེས་བྱ་བ་ལ་སོགས་པ་ལ་སྔ་མ་བཞིན་དུ་བཅོམ་ལྡན་
འདས་པདྨ་ཆེན་པོའི་རྒྱ་མཚོའི་སྦྱོར་བས་ཟླ་བ་གཅིག་གི་བར་དུ་སྔོན་དུ་བསྙེན་པ་བྱས་ལ། ཆུ་དྲང་བའི་བསམ་པས་ཀླུའི་རྒྱལ་པོ་རྒྱ་མཚོའི་གཟུགས་བྲིས་ཏེ། གསང་བའི་ལྕགས་ཀྱུས་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱ་བ་བྱས་ལ། དེའི་སྟེང་དུ་སྐྱིལ་མོ་ཀྲུང་བཅས་ནས་འདུག་སྟེ།

བཟླས་བརྗོད་སྟོང་ཕྲག་བརྒྱ་བྱའོ། །ཐམས་ཅད་སྣང་བར་བྱ་བ་ལ་ནི་ཞེས་བྱ་བ་ལ་སོགས་པ་ལ། ཉི་མའི་སྣང་བ་ལ་སོགས་པ་བྱ་བར་འདོད་པས་བཅོམ་ལྡན་འདས་པདྨ་ཆེན་པོ་ནག་པོའི་སྦྱོར་བས་སྔ་མ་བཞིན་དུ་སྔོན་དུ་བསྙེན་པ་བྱས་ལ། དེའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ་བཟུང་ནས་མུན་པའི་
ཕྱོགས་སུ་ཉི་མ་འབར་བ་རབ་ཏུ་གཏོང་བ་རང་གི་ལུས་ལས་གཏོང་བར་བྱས་ཏེ། དེ་ལྟ་བུས་ནི་སྣང་བར་བྱས་པར་འགྱུར་རོ། །རླུང་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་རླུང་གི་དཀྱིལ་འཁོར་བྷེ་རཾ་པ་ལྡང་བར་འདོད་པས། བཅོམ་ལྡན་འདས་པདྨ་ཆེན་པོ་རླུང་གི་སྦྱོར་བས་དེ་བཞིན་དུ་སྔོན་དུ་བསྙེན་པ་བྱས་ནས། དེའི་
རྗེས་ཐོགས་ཉིད་ལ་རླུང་ཐམས་ཅད་བཟུང་སྟེ། ཇི་སྐད་དུ་བཤད་པའི་རླུང་ཐམས་ཅད་དགུག་ས་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱ་བ་རྣམས་བྱའོ། །ཉོན་མོངས་པ་ཐམས་ཅད་ནི་འདོད་ཆགས་ལ་སོགས་པའོ། །དེ་རྣམས་ཀྱི་རྣམ་པར་དག་པ་ནི་ཇི་སྐད་དུ་བཤད་པ་རྣམས་སོ། །དེའི་དམ་ཚིག་
ནི་པདྨའི་རིགས་ཏེ། མིང་འདི་སྐད་ཅེས་བྱ་བའི་རྟོག་པའི་རྒྱལ་པོ་ཆེན་པོ་རྫོགས་པ་སྟེ། པདྨའི་རིགས་ཀྱི་དབུགས་དབྱུང་བའི་བཤད་པ་རྫོགས་སོ།། །།དེ་ལྟར་གཏི་མུག་གི་གཉེན་པོའི་ཕྱོགས་སུ་གྱུར་པ་པདྨའི་རིགས་བསྟན་ནས། ད་ནི་སེར་སྣའི་གཉེན་པོའི་ཕྱོགས་སུ་གྱུར་པའི་རིན་པོ་ཆེའི་རིགས་
བཤད་པའི་ཕྱིར། དེ་ནས་ཞེས་བྱ་བ་གསུངས་ཏེ། དེ་ནས་ཞེས་བྱ་བའི་སྒྲས་ནི་དེ་མ་ཐག་པ་སྟོན་པར་བྱེད་པའི་ཚིག་སྟེ། བཅོམ་ལྡན་འདས་འདོད་པའི་ཁམས་ཐམས་ཅད་ཀྱི་ལྷའི་རྒྱལ་པོའི་གནས་ན་བཞུགས་པའི་རྗེས་ཐོགས་ཉིད་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་གསུངས་པའོ། །དེ་
བཞིན་གཤེགས་པ་ཁམས་གསུམ་ཐམས་ཅད་ཀྱི་དབང་པོ་ཞེས་བྱ་བ་ནི་ཕྱོགས་བཅུ་ནམ་མཁའི་ཁམས་ཐམས་ཅད་ན་གནས་པའི་འདོད་པའི་ཁམས་ལ་སོགས་པའི་ཁམས་གསུམ་མཐའ་ཡས་ཤིང་དཔག་ཏུ་མེད་པ་ཐམས་ཅད་དེ། དེར་ཉོན་མོངས་པ་དང་ཉོན་མོངས་པ་ཅན་མ་ཡིན་པའི་རྨོངས་པ་དང་
བྲལ་བས་རང་དབང་བརྙེས་པའི་ཕྱིར་དང་། ཆོས་ཀྱིས་སེམས་ཅན་ཐམས་ཅད་ལ་རྗེས་སུ་སྟོན་པར་མཛད་པས་ན་དེ་བཞིན་གཤེགས་པ་ཁམས་གསུམ་ཐམས་ཅད་ཀྱི་དབང་པོ་སྟེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་དོ། །ཡང་ཞེས་བྱ་བ་ནི་འདོད་ཆགས་ཐམས་ཅད་རྣམ་པར་དག་པར་སྟོན་པར་

མཛད་པ་ལ་ལྟོས་ནས། དབང་བསྐུར་བ་སྦྱིན་པ་ལ་སོགས་པ་ཡང་སྟོན་པར་མཛད་པ་ནི་ཡང་ཞེས་བྱ་བའི་སྒྲས་སྟོན་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་ཞེས་བྱ་བ་ནི། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་རྣམ་པར་སྣང་མཛད་ལ་
སོགས་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་དེ་དེ་རྣམས་ཀྱིས་དབང་བསྐུར་བ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་བདུད་རྩིའི་ཆུ་རྒྱུན་གྱིས་སེམས་དང་སེམས་ལས་བྱུང་བའི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་ཤིན་ཏུ་འཁྲུད་པར་བྱེད་པ་དང་། ཡེ་ཤེས་དེ་ལས་བྱུང་བའི་རིན་པོ་ཆེའི་རིགས་ནི་དེ་
བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བའོ། །དེའི་ཡེ་ཤེས་གང་གིས་འབྱུང་བ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བ་ལས་བྱུང་བའི་ཡེ་ཤེས་སོ། །དེ་ཉིད་སྙིང་པོ་སྟེ་བསྐྱེད་པའི་གནས་སུ་གྱུར་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་ལ། མིང་དེ་སྐད་ཅེས་བཏགས་པའི་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་གསུངས་པའོ། །དབང་བསྐུར་བ་སྦྱིན་པ་ནི་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཆེན་པོ་རྟོགས་པ་བསྐྱེད་པ་དང་། སྤྱན་དྲངས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ། རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱས་དབང་བསྐུར་བ་དང་། དཀྱིལ་
འཁོར་དུ་སློབ་མ་རྣམས་ལ་རྡོ་རྗེ་རིན་པོ་ཆེའི་ཅོད་པན་གང་ལ་བྱིན་པ་དང་དབང་བསྐུར་བ་དང་། ལྷ་དང་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བྱིན་པ་གང་ཡིན་པ་དེ་ནི་དབང་བསྐུར་བ་བྱིན་པའོ། །ཁམས་གསུམ་ཐམས་ཅད་ཀྱི་རྒྱལ་སྲིད་འཐོབ་པར་འགྱུར་རོ་ཞེས་བྱ་བ་ནི་བཤད་མ་ཐག་པའི་དབང་བསྐུར་བ་དེ་བྱིན་པས་
མ་ལུས་པའི་འདོད་པ་དང་། གཟུགས་དང་གཟུགས་མེད་པའི་ངོ་བོ་ཉིད་ཀྱི་ཁམས་གསུམ་པོ་ཐམས་ཅད་དུ་སྦྱིན་པ་པོ་སློབ་མ་རྣམས་ཀྱི་བག་ཆགས་དང་བཅས་པའི་ཉོན་མོངས་པ་རྣམས་དང་བྲལ་བས་ཆོས་ཀྱི་རྒྱལ་པོ་འཐོབ་པར་འགྱུར་བ་ནི། ཁམས་གསུམ་ཐམས་ཅད་ཀྱི་རྒྱལ་སྲིད་འཐོབ་པ་སྟེ།
དེའི་དོན་དུ་གནས་པར་གྱུར་པའོ། །ནོར་སྦྱིན་པ་ནི་ཞེས་བྱ་བ་ནི་དབྱིག་དང་གསེར་དང་རྒྱལ་པོ་ལ་སོགས་པ་ཕྱིའི་དངོས་པོ་རྣམས་དང་ཆོས་ཀྱི་མཚན་ཉིད་ལ་མངོན་པར་ཞེན་པ་ཡོངས་སུ་སྤོང་བ་དང་། གཏེར་དང་ལྷའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བྱིན་པ་ནི་ནོར་བྱིན་པའོ། །རེ་བ་ཐམས་ཅད་ཡོངས་སུ་

རྫོགས་པར་འགྱུར་རོ་ཞེས་བྱ་བ་ནི་ནོར་སྦྱིན་པ་དེ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ནོར་ཐོབ་པའི་རྒྱུར་གྱུར་པ་ཉིད་དུ་གནས་པར་འགྱུར་བའོ། །ཆོས་སྦྱིན་པ་ནི་བཅོམ་ལྡན་འདས་གླེགས་བམ་བསྣམས་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཆོས་ཀྱི་དོན་གྱི་རིན་པོ་ཆེའི་
ཕྱག་རྒྱ་ཆེན་པོ་ལ་སོགས་པ་བྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བྱིན་པ་ནི་ཆོས་སྦྱིན་པའོ། །ཆོས་ཀྱི་སྦྱིན་པ་དེས་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་འཐོབ་པར་འགྱུར་ཏེ། རྨི་ལམ་ལྟ་བུའི་ཆོས་རིན་པོ་ཆེ་ཁོང་དུ་ཆུད་པར་འགྱུར་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། རྟོགས་པར་འགྱུར་བ་ནི་
ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་འཐོབ་པའོ། །ཟང་ཟིང་གི་སྦྱིན་པ་ནི་ཞེས་བྱ་བ་ནི་རིན་པོ་ཆེ་ཆེན་པོ་མྱང་བ་དང་། བྱང་ཆུབ་སེམས་དཔའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཕྱིའི་ཡང་ཟས་དང་སྐོམ་དང་གོས་ནི་ཟང་ཟིང་ངོ་། །དེ་ཡོངས་སུ་གཏོང་བ་ནི་ཟང་ཟིང་སྦྱིན་པ་སྟེ། དེས་སེམས་ཅན་
ཐམས་ཅད་ཚིམ་པར་བྱ་ཞེས་བྱ་བའི་དོན་ཏོ། །ལུས་དང་ངག་དང་སེམས་ཀྱི་བདེ་བ་ཐམས་ཅད་འཐོབ་པར་འགྱུར་རོ་ཞེས་བྱ་བ་ནི། ཟང་ཟིང་གི་སྦྱིན་པ་དེའི་ངོ་བོ་ཉིད་དང་། རྣམ་པར་སྨིན་པ་དང་། ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུ་དང་། རྡོ་རྗེ་དང་། རབ་ཏུ་དགའ་བ་དང་། ཁྲོ་བོ་དང་། ཆོས་
དང་། བཀའ་བསྒོ་བའི་ཚིག་རྣམས་ཏེ། ངག་ཐམས་ཅད་དང་། དབང་པོ་དང་། དེ་བཞིན་གཤེགས་པ་དང་། ཁྲོ་བོ་དང་། པདྨ་དང་། རིན་པོ་ཆེ་དང་། སྣ་ཚོགས་རྡོ་རྗེ་ནི་སེམས་ཅན་ཐམས་ཅད་དེ། དེ་རྣམས་ལས་བྱུང་བའི་བདེ་བ་གང་ཡིན་པ་དེ་ནི་ལུས་དང་ངག་དང་ཡིད་ཀྱི་བདེ་བའོ། །དེ་རྣམས་
ཐོབ་པ་ནི་རྙེད་པ་སྟེ། དེའི་དོན་དུ་གནས་པར་འགྱུར་བའོ། །དེ་ལྟར་དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས་བརྩམས་ཏེ། བདེ་བ་ཐམས་ཅད་འཐོབ་པར་འགྱུར་རོ་ཞེས་བྱ་བའི་བར་གྱི་བཤད་པས་ནི་དང་པོའི་སྦྱོར་བའི་ཏིང་ངེ་འཛིན་གསུངས་པ་ཡིན་ནོ། །ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་ཏིང་ངེ་
འཛིན་གཉིས་པ་གསུངས་པ་ཡིན་ཏེ། དེ་ནས་ཞེས་བྱ་བའི་སྒྲ་ནི་སྔ་མ་བཞིན་<ན’ནོ>། །བྱང་ཆུབ་ཀྱི་ངོ་བོ་ཉིད་ལ་སེམས་དཔའ་ནི། བྱང་ཆུབ་སེམས་དཔའོ། །ནམ་མཁའི་སྙིང་པོ་ནི་བཤད་ཟིན་ཏོ། །བཞིན་རབ་ཏུ་འཛུམ་པ་དང་བཅས་ཏེ་ཞེས་བྱ་བ་ནི་གོ་སླའོ། །དེ་ལྟར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་

ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་ཅིང་། རིན་པོ་ཆེའི་རིགས་ཀྱི་དཀྱིལ་འཁོར་སྤྲུལ་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་ནམ་མཁའི་སྙིང་པོ་ལ་བསྐུལ་བ་དང་། དེ་ནས་དེ་བཞིན་དུ་རབ་ཏུ་འཛུམ་པ་དང་བཅས་པས་རྡོ་རྗེ་རྩེ་ལྔ་པའི་གཙུག་གི་ནོར་བུའི་རིན་པོ་ཆེ་ལས་བྱས་པའི་ཕྲེང་བའི་
དབང་བསྐུར་བའི་གནས་སུ་བཞག་སྟེ། དཀྱིལ་འཁོར་བསྐྱེད་པར་བྱ་བའི་ཕྱིར། ཏྲཱྃ་ཞེས་བྱ་བ་གསུངས་པའོ། །དེ་ནས་འདི་གསུངས་པ་ཙམ་གྱིས་ཞེས་བྱ་བ་ནི་ཏྲཱྃ་ཞེས་བྱ་བ་གསུངས་པའི་རྗེས་ཐོགས་ཉིད་ལའོ། །བཅོམ་ལྡན་འདས་ཀྱི་རིན་པོ་ཆེ་དེ་ལས་ཞེས་བྱ་བ་ནི། འཕགས་པ་ནམ་མཁའི་སྙིང་
པོའི་ཐུགས་ཀར་གནས་པའི་རིན་པོ་ཆེ་ལས་སོ། །དབང་བསྐུར་བ་ལ་སོགས་པ་ཞེས་བྱ་བ་ནི་དབང་བསྐུར་བ་ཐམས་ཅད་དེ། བྱང་ཆུབ་སེམས་དཔའ་ཆེན་པོ་དབང་བསྐུར་བའོ། །དེ་ལ་སོགས་པ་གང་ཡིན་པ་དེ་ནི་རིན་པོ་ཆེ་ཆེན་པོ་འཛིན་པ་དང་། ནོར་སྦྱིན་པ་ལ་སོགས་པ་སྟེ། དེ་དག་ནི་དབང་
བསྐུར་བ་ཐམས་ཅད་ལ་སོགས་པའོ། །ཡོ་བྱད་ཐམས་ཅད་ཕྱུང་སྟེ་ཞེས་བྱ་བ་ནི་ཕྱུང་བར་གྱུར་ནས། བཅོམ་ལྡན་འདས་ནམ་མཁའི་སྙིང་པོའི་དང་པོའི་དཀྱིལ་འཁོར་གྱི་ཚུལ་གྱིས་ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དཀྱིལ་འཁོར་གྱི་དབྱིབས་ཀྱི་དབང་བསྐུར་བ་ལ་སོགས་པའི་བྱང་ཆུབ་
སེམས་དཔའི་གཟུགས་ཉིད་ཀྱིས་བཞུགས་པ་སྟེ། གཞུང་འདི་དག་གི་ནི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །དེ་ནས་འདུས་པ་མཛད་ནས་བརྩམས་ཏེ། ཏིང་ངེ་འཛིན་གསུམ་པ་ཡིན་པར་ཤེས་པར་བྱའོ། །ད་ནི་དམ་ཚིག་དང་དབང་བསྐུར་བ་ཐོབ་པ་རྣམས་ཀྱིས་བཟླས་བརྗོད་དང་བསྒོམ་
པ་བྱའོ་ཞེས་བྱ་བ་འདིའི་དོན་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པས་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་། སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པར་གསུངས་པ་ཡིན་ཏེ། དེ་ནས་ཞེས་བྱ་བའི་སྒྲ་ནི་སྔ་མ་བཞིན་ནོ། །དབང་བསྐུར་བ་ཐམས་ཅད་ཀྱི་རིན་པོ་ཆེ་ཞེས་བྱ་བ་ནི་དབང་
བསྐུར་བ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན། དབང་བསྐུར་བ་ཐམས་ཅད་དེ་རིན་པོ་ཆེའི་རིགས་སོ། །དེ་ལ་དམིགས་པ་ནི་རྡོ་རྗེ་ལྟར་མི་ཕྱེད་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་མིང་དེ་སྐད་ཅེས་བྱ་སྟེ། དེ་ལ་སྙོམས་པར་ཞུགས་པ་ནི་མངོན་སུམ་དུ་མཛད་པའོ། །སྲེད་པའི་རྣམ་པ་ཐམས་ཅད་

ནི་བསམ་པ་ཐམས་ཅད་དེ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་པོ། །དེ་ཡང་དེ་ཡོངས་སུ་རྫོགས་པར་བྱེད་པ་ནི་དངོས་གྲུབ་ཐམས་ཅད་ཐོབ་པའོ། །དེའི་དོན་གྱི་ནོར་བུ་རིན་པོ་ཆེ་ནི་ནམ་མཁའ་དང་མཉམ་པའི་ཡེ་ཤེས་སོ། །དེའི་དམ་ཚིག་ནི་དེ་ལས་བྱུང་བ་
སྟེ། མིང་དེ་སྐད་ཅེས་བྱ་བའི་རིན་པོ་ཆེའི་རིགས་ཀྱི་དཀྱིལ་འཁོར་རོ། །འདི་ཞེས་བྱ་བ་ནི་བློ་ལ་བཞག་པའོ། །གསུངས་སོ་ཞེས་བྱ་བ་ནི་རིན་པོ་ཆེའི་རིགས་ཀྱི་དཀྱིལ་འཁོར་གྱི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་ནས་དཀྱིལ་འཁོར་གསུངས་སོ་ཞེས་བྱ་བའི་དོན་ཏོ། །འདིས་ནི་མཚན་མ་ཐོབ་ནས་
དཀྱིལ་འཁོར་བྲི་བར་བྱའོ་ཞེས་སྟོན་པ་ཡིན་ནོ། །ཕྱིའི་དཀྱིལ་འཁོར་ནི་དང་པོའི་དཀྱིལ་འཁོར་གྱི་ཚུལ་དུ་བྱས་པའོ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོའི་དབྱིབས་བཞིན་དུ་འདིའི་ཕྱིའི་དཀྱིལ་འཁོར་ལ་ཡང་བྲི་བར་བྱའོ། །ནང་དུ་ཞེས་བྱ་བ་ལ་སོགས་པ་ལ་ཕྱིའི་དཀྱིལ་འཁོར་དེའི་ནང་
དུ་དབུས་སུ་རིན་པོ་ཆེ་ཟུར་བརྒྱད་པ་ལྟ་བུའི་ཆ་བརྒྱད་པ་ལ་རྡོ་རྗེ་རིན་པོ་ཆེ་བརྒྱད་ཀྱིས་མཚན་པའི་ཀ་བ་གང་དུ་གནས་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཡང་ཇི་ལྟ་ཞེ་ན། དཀྱིལ་འཁོར་བརྒྱད་པའི་ཚུལ་ལས་རིན་པོ་ཆེའི་ལྕུག་མས་ཡོངས་སུ་བསྐོར་བ་ཞེས་བྱ་བ་སྟེ། རིན་པོ་ཆེའི་ལྕུག་མས་ཀུན་ནས་འཁོར་
བར་བྱས་པའོ། །རྡོ་རྗེ་རིན་པོ་ཆེའི་ར་བ་སྨོས་པ་ནི་རིན་པོ་ཆེའི་ལྕུག་མ་འདིའི་ཕྱི་རོལ་ཀུན་ནས་རི་མོ་གཅིག་གི་ར་བ་ལ། རྡོ་རྗེ་རྩེ་ལྔ་པའི་རྩེ་མོ་ཡིད་བཞིན་གྱི་ནོར་བུ་རྩེ་མོའི་གནས་སུ་བཏགས་པ་དང་ལྡན་པའི་རྡོ་རྗེ་རིན་པོ་ཆེའི་ར་བའི་ལྕོག་ཡོད་པས་ན། རྡོ་རྗེ་རིན་པོ་ཆེའི་ལྕོག་གོ། །དཀྱིལ་འཁོར་དེ་
འདི་ལྟ་བུ་འབའ་ཞིག་དང་ལྡན་པར་མ་ཟད་ཀྱི། མེ་ཏོག་གི་ཕྲེང་བ་དང་། བ་དན་དང་། གདུགས་དང་། རྔ་ཡབ་ཀྱིས་ཉེ་བར་མཛེས་པར་བྲི་བར་བྱའོ་ཞེས་བྱ་བ་ནི། མེ་ཏོག་གི་ཕྲེང་བ་དང་། དར་འཕན་དང་། གདུགས་དང་། རྔ་ཡབ་རྣམས་ཀྱིས་ཉེ་བར་མཛེས་ཤིང་བརྒྱན་པ་དེར་ཡང་དག་པར་བྲི་བར་
བྱའོ། །དེའི་དབུས་སུ་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ། དཀྱིལ་འཁོར་དེའི་དབུས་སུ་བཅོམ་ལྡན་འདས་འཕགས་པ་ནམ་མཁའི་སྙིང་པོ་རྟ་བདུན་གྱིས་དྲངས་པའི་ཤིང་རྟ་ལ་བཅིབས་པ། ཇི་སྐད་དུ་བཤད་པའི་རྡོ་རྗེ་རིན་པོ་ཆེ་དབང་བསྐུར་བའི་ཕྲེང་བ་རང་གི་དབུ་ལ་རང་ཉིད་འཆིང་བར་

མཛད་ཅིང་ནམ་མཁའ་དང་མཉམ་པའི་ཡེ་ཤེས་ཐུགས་སུ་ཆུད་པའི་ཐུགས་ཀྱི་བདེ་བའི་རབ་ཏུ་དགྱེས་པས། ཞལ་རྣམ་པར་བཞད་པ། ནམ་མཁའ་དང་མཉམ་པའི་ཡེ་ཤེས་ཀྱི་རིན་པོ་ཆེ་སྟོན་པར་བྱེད་པ། མརྒད་ཀྱི་རིན་པོ་ཆེའི་མདོག་ཅན་དུ་གཞག་པར་བྱའོ། །དེའི་མདུན་དུ་ཞེས་བྱ་བ་ལ་སོགས་
པ་ལ། འཕགས་པ་ནམ་མཁའི་སྙིང་པོ་ཞལ་ཤར་དུ་གཟིགས་པ་དེའི་མདུན་དུ་ཞེས་བྱ་བ་རྡོ་རྗེ་ཡིད་ལས་བྱུང་བའི་གནས་སུ་དེ་ལ་མངོན་དུ་ཕྱོགས་པས་དབང་བསྐུར་བའི་རིན་པོ་ཆེའི་ཅོད་པན་འཛིན་པ་གཞག་པར་བྱའོ། །བཅོམ་ལྡན་འདས་ཀྱི་གཡས་ལོགས་སུ་ཀཱི་ལི་ཀཱི་ལའི་གནས་སུ་རིན་
པོ་ཆེ་ཆེན་པོའི་ནོར་སྩོལ་བའི་དབྱིག་གི་གཏེར་འཛིན་པའོ། །བཅོམ་ལྡན་འདས་ཀྱི་རྒྱབ་ཏུ་རྡོ་རྗེ་དྲན་པའི་གནས་སུ་ཆོས་ཆེན་པོ་རིན་པོ་ཆེའི་གླེགས་བམ་འཛིན་པའོ། །བཅོམ་ལྡན་འདས་ཀྱི་གཡོན་ལོགས་སུ་རིན་པོ་ཆེ་ཆེན་པོ་རོ་མྱང་བ་ཟས་དང་སྐོམ་ཐམས་ཅད་ཀྱིས་ཡོངས་སུ་གང་བའི་རོའི་སྣོད་
འཛིན་པ་གཞག་པར་བྱ་སྟེ། དེ་དག་ཐམས་ཅད་ཀྱང་སྣ་ཚོགས་པདྨ་ལ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཕྱག་གཡས་ན་རང་གི་མཚན་མ་བསྣམས་པ། གཡོན་གྱིས་གདན་ལ་བརྟེན་པས་བཞུགས་པའོ། །མཚམས་རྣམས་སུ་ཞེས་བྱ་བ་ལ་སོགས་པ་ལ། ནང་གི་དཀྱིལ་
འཁོར་དེ་ཉིད་ཀྱི་ཤར་ལྷོའི་མཚམས་སུ་ལྷ་མོ་རིན་ཆེན་གདུགས་མ་རིན་པོ་ཆེའི་གདུགས་འཛིན་པའོ། །ལྷོ་ནུབ་ཏུ་ལྷ་མོ་རིན་ཆེན་རྒྱལ་མཚན་མ་རིན་པོ་ཆེའི་རྒྱལ་མཚན་འཛིན་པའོ། །ནུབ་བྱང་མཚམས་སུ་ལྷ་མོ་རྔ་ཅན་མ་རྫ་རྔ་རྡུང་བར་བྱེད་པའོ། །བྱང་ཤར་མཚམས་སུ་ལྷ་མོ་རིན་ཆེན་སྲོག་
ཤིང་མ་རིན་པོ་ཆེའི་སྲོག་ཤིང་བསྒྲེང་བ་གཞག་པར་བྱའོ། །ཕྱིའི་དཀྱིལ་འཁོར་གྱི་མཚམས་བཞིར་བུམ་པ་གང་བ་བཞི་བཞག་གོ། །ཤར་ཕྱོགས་ཀྱི་སྒོར་ནི་རིན་པོ་ཆེའི་ཅོད་པན་ནོ། །ལྷོ་ཕྱོགས་ཀྱི་སྒོར་ནི་རིན་པོ་ཆེའི་བུམ་པའོ། །ནུབ་ཕྱོགས་ཀྱི་སྒོར་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་
གླེགས་བམ་མོ། །བྱང་ཕྱོགས་ཀྱི་སྒོར་ནི་ཟས་དང་སྐོམ་ཐམས་ཅད་ཀྱིས་ཡོངས་སུ་གང་བའི་རིན་པོ་ཆེའི་སྣོད་གཞག་པར་བྱའོ། །དེ་བས་ན་དེ་བཞིན་དུ་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟར་དཀྱིལ་འཁོར་བྲིས་ནས། རྡོ་རྗེ་བསྡུ་བ་ལ་སོགས་པའི་ཆོ་ག་རྗེས་སུ་སྤྱད་དེ། དེའི་

རྗེས་ཐོགས་ཉིད་ལ་རང་གི་ཆོ་གས་འཇུག་པ་གསུངས་པ་དེ་བཞིན་དུ་འདིར་ཡང་རྡོ་རྗེ་རིན་ཆེན་གྱི་དམ་ཚིག་གི་ཕྱག་རྒྱས་འཇུག་པར་བྱ་སྟེ། རྡོ་རྗེ་ཐལ་མོ་བརྐྱང་ལ་མཐེ་བོང་གཉིས་བསྙམས་ལ། མཛུབ་མོ་གཉིས་དང་རྩེ་སྦྱར་ནས་དཔྲལ་བ་དང་། སྨིན་མཚམས་སུ་བཞག་
པ་འདི་ནི་རིན་ཆེན་གྱི་ཕྱག་རྒྱ་སྟེ། འདིས་འདིར་གཞུག་པར་བྱའོ། །དེ་ནས་བརྩམས་ཏེ་ནོར་ཐམས་ཅད་འགྲུབ་པ་ལ་སོགས་པའི་དངོས་གྲུབ་ཐམས་ཅད་འཐོབ་པར་འགྱུར་རོ་ཞེས་བྱ་བ་ནི། དཀྱིལ་འཁོར་དུ་འཇུག་པ་ནས་ཉེ་བར་བཟུང་སྟེ། རིན་པོ་ཆེའི་རིགས་ཀྱི་ངོ་བོ་ཉིད་ཀྱི་ནོར་ཐམས་ཅད་འགྲུབ་
པ་ལ་སོགས་པ་དངོས་གྲུབ་ཐམས་ཅད་འཐོབ་པར་འགྱུར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཇི་སྐད་དུ་གསུངས་པའི་འཇུག་པས་ཞུགས་ནས་རྡོ་རྗེ་རིན་ཆེན་གྱི་དབང་བསྐུར་བའི་ཕྲེང་བ་ཇི་ལྟ་བ་བཞིན་དུ་རང་གི་མགོ་ལ་བཅིངས་ཏེ་ཇི་སྐད་དུ་བཤད་པའི་རྡོ་རྗེ་རིན་ཆེན་བླངས་པ། བདག་
ཉིད་རིན་པོ་ཆེའི་མིང་གི་དབང་བསྐུར་བས་དབང་བསྐུར་ཏེ། རིན་པོ་ཆེའི་ཅོད་པན་དང་། གཏེར་གྱི་བུམ་པ་དང་། གླེགས་བམ་དང་། རོའི་སྣོད་དང་ངོ་བོ་ཉིད་ཀྱི་དབང་བསྐུར་བ་རྣམས་ཀྱིས་དཀྱིལ་འཁོར་པའི་ལྷ་རྣམས་ལ་ཕུལ་ལ་སློབ་དཔོན་སླར་འཇུག་པར་བྱའོ། །སློབ་མ་ཞུགས་པའི་ཆོ་ག་རྒྱས་པ་ཡང་
དེ་བཞིན་ནོ་ཞེས་བྱ་བ་ནི། ཇི་ལྟར་སློབ་དཔོན་གྱི་འཇུག་པའི་ཆོ་ག་རྒྱས་པར་གསུངས་པ་དེ་བཞིན་དུ་སློབ་མ་རྣམས་ལ་ཡང་ཤེས་པར་བྱའོ། །རྡོ་རྗེ་རིན་པོ་ཆེའི་དཀྱིལ་འཁོར་ཞེས་བྱ་བ་ནི་མི་ཕྱེད་པའི་དབང་བསྐུར་བ་སྦྱིན་པ་ལ་སོགས་པའི་ཡེ་ཤེས་ནི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའི་རྒྱུར་
གྱུར་པས་རིན་པོ་ཆེ་དང་འདྲ་བས་ན་རིན་པོ་ཆེ་སྟེ། དེ་ལས་བྱུང་བའི་རིན་པོ་ཆེའི་རིགས་ཀྱི་དཀྱིལ་འཁོར་ནི་རྡོ་རྗེ་རིན་པོ་ཆེའི་དཀྱིལ་འཁོར་རོ། །འདི་སྐད་སྟོན་པར་འགྱུར་ཏེ། །བཅོམ་ལྡན་འདས་རྡོ་རྗེ་རིན་ཆེན་གྱི་སྦྱོར་བས་དེ་ཁོ་ན་ཉིད་བསྡུས་པ་ལས་གསུངས་པའི་རྣལ་འབྱོར་ཆེན་པོ་བྱས་ལ་ཏིང་ངེ་
འཛིན་གསུམ་བསྒོམ་པ་ནས་བརྩམས་ཏེ། དེ་ཇི་སྲིད་ཉིན་རེ་ཞིང་དེ་མངོན་སུམ་དུ་མཐོང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་ཇི་སྐད་དུ་བཤད་པའི་དཀྱིལ་འཁོར་གྱི་སའི་དབུས་སུ་ཏིང་ངེ་འཛིན་གསུམ་རྣམ་པར་བསྒོམས་ལ། སྔ་མ་བཞིན་དུ་བར་སྣང་གི་ཕྱོགས་སུ་བཞག་

སྟེ། ཉི་མ་འཆར་བའི་དུས་སུ་ལེགས་པར་ཐིག་གདབ་པར་བྱའོ། །འདིའི་ཕྱིའི་དཀྱིལ་འཁོར་ནི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གྱི་ཚུལ་དུ་བྱས་ལ། དེའི་ནང་དུ་དེའི་ཕྱེད་ཀྱི་ཚད་ལ་རིན་པོ་ཆེ་ཟུར་བརྒྱད་པའི་དབྱིབས་ཅན། ནོར་བུའི་ཀ་བ་བརྒྱད་དང་ཡང་དག་པར་ལྡན་པ། ཕྱི་རོལ་ཀུན་
དུ་རི་མོ་གཉིས་ཀྱི་ནང་ན་གནས་པའི་རིན་པོ་ཆེའི་ཡལ་གའི་པ་ཏྲའི་ཕྲེང་བས་ཡོངས་སུ་བསྐོར་བ། ཡང་ཕྱི་རོལ་ཀུན་ནས་རིན་པོ་ཆེའི་མྱུ་གུའི་འདབ་མའི་ཕྲེང་བས་རི་མོ་གཅིག་པའི་ར་བ་ཟླུམ་པོར་བྱས་པས་རྡོ་རྗེ་རིན་པོ་ཆེའི་ཕྲེང་བའི་ཚུལ་འཛིན་པས་ཡོངས་སུ་བསྐོར་བ། མེ་ཏོག་གི་ཆུན་འཕྱང་དང་།
བ་དན་དང་། གདུགས་དང་རྔ་ཡབ་ཀྱིས་ཉེ་བར་མཛེས་པར་བྱས་པས་ཐིག་གདབ་པར་བྱའོ། །དེ་ནས་ལེགས་པར་བྲིས་ཏེ། ལྷ་ཐམས་ཅད་ཀྱི་གནས་སུ་སྣ་ཚོགས་པདྨའི་གདན་བྲི་བར་བྱའོ། །དེ་ནས་ནང་གི་དཀྱིལ་འཁོར་གྱི་ལྟེ་བ་ལ་ཇི་སྐད་དུ་བཤད་པའི་རྟས་དྲངས་པའི་ཤིང་རྟའི་སྟེང་དུ་སྣ་
ཚོགས་པདྨ་ལ། བཅོམ་ལྡན་འདས་འཕགས་པ་ནམ་མཁའི་སྙིང་པོ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་བྲི་བར་བྱའོ། །ལྷག་མ་རྣམས་ནི་སྔར་བཤད་པ་བཞིན་དུ་ཤེས་པར་བྱའོ། །དབང་བསྐུར་བ་ལ་སོགས་པ་རྣམས་ཀྱང་དག་ཅིང་རྙོག་པ་མེད་པའི་ནོར་བུ་གསེར་གྱི་མདོག་ཅན་དུ་ཤེས་
པར་བྱའོ། །འདིར་ལྷ་ཐམས་ཅད་ཀྱི་གནས་སུ་ཏྲཱཾ་ཞེས་བྱ་བས་དགོད་པར་བྱའོ། །དེ་ལྟར་དཀྱིལ་འཁོར་བྲིས་ནས། དེ་བཞིན་དུ་ཡང་རྣལ་འབྱོར་ཆེན་པོ་བྱས་ནས་འཇུག་པའི་དམ་ཚིག་གི་ཕྱག་རྒྱ་ཡོངས་སུ་བཟུང་བའི་རིན་པོ་ཆེའི་མེ་ཏོག་གི་ལྕུག་མ་ལས་རྣམ་པར་རྒྱལ་བའི་བུམ་པ་དང་། ལྷ་ཐམས་ཅད་
ཀྱི་བུམ་པ་དང་། བུམ་པ་གང་བ་རྣམས་ལ་རེ་རེ་ཞིང་ཡང་ཏྲཱཾ་ཞེས་བྱ་བ་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱའོ། །དེ་ནས་དཀྱིལ་འཁོར་གྱི་སྒོ་བཞི་ཕྱེ་སྟེ་བསྡུ་བ་བྱས་ལ། བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོ་བསྒོམ་ཞིང་། བཅོམ་ལྡན་འདས་ལ་མཚན་བརྒྱ་རྩ་བརྒྱད་ཀྱིས་བསྟོད་དེ། གསང་བའི་ལྕགས་ཀྱུ་
དང་། ཏྲཱཾ་ཞེས་བྱ་བས་བཅོམ་ལྡན་འདས་འཁོར་དང་བཅས་པ་དཀྱིལ་འཁོར་དུ་བཅུག་ལ། །རྡོ་རྗེ་གནོད་སྦྱིན་གྱིས་བགེགས་བསལ་བ། མཚམས་དང་དཀྱིལ་འཁོར་བཅིང་བ་དང་། ར་བ་དང་དྲྭ་བ་དག་ཀྱང་བྱས་ཏེ། རྡོ་རྗེ་ཁུ་ཚུར་གྱིས་དཀྱིལ་འཁོར་གྱི་སྒོ་བཞི་བཅིངས་ནས་རྡོ་རྗེ་སྲུང་བས་བསྲུང་བ་

ཐམས་ཅད་གོ་བསྐོན་ཏེ། ཏྲཱཾ་ཞེས་བྱ་བས་མཆོད་ཡོན་ཕུལ་ཏེ། རྡོ་རྗེ་རིན་ཆེན་གྱི་དམ་ཚིག་གི་ཕྱག་རྒྱ་ཇི་སྐད་དུ་བཤད་པའི་མཚན་ཉིད་དང་ལྡན་པ་དང་། ཏྲཱཾ་ཏྲི་ཤུ་ཞེས་བྱ་བས་བཅོམ་ལྡན་འདས་འཁོར་དང་བཅས་པ་བལྟ་བ་བྱས་ནས། ཛཿ་ཧཱུྃ་བཾྃ་ཧོཿ ས་མ་ཡ་སྟྭྃ། ས་མ་ཡ་སྟྭྃ། ཨ་
ཧྃ་ཏྲྃ་ཞེས་ལན་གསུམ་བརྗོད་དེ་བསྒྲུབ་པར་བྱའོ། །དེ་ནས་ལྕེ་ལ་རྡོ་རྗེ་ཇི་ལྟ་བ་བཞིན་དུ་བསམས་ལ། ལྷ་ཐམས་ཅད་ཀྱི་ལྗགས་ལ་ཏྲཱཾ་ཞེས་བྱ་བ་བསམ་པར་བྱ་སྟེ། འདི་ནི་ཆོས་ཀྱི་ཕྱག་རྒྱའོ། །དེ་ནས་ཨ་ཞེས་བྱ་བ་རང་གི་སྙིང་གར་སྣ་ཚོགས་རྡོ་རྗེ་བསམས་ལ། ནམ་མཁའི་སྙིང་པོ་ལ་སོགས་
པའི་ལས་ཀྱི་ཕྱག་རྒྱ་ཏྲཱཾ་ཞེས་བྱ་བ་ལ་སོགས་པ་ཟློས་ཤིང་བཅིང་བར་བྱ་སྟེ། རིན་པོ་ཆེའི་ཕྱག་རྒྱ་གཉིས་བཅིངས་ལ། གཅིག་སྙིང་གར་བཞག་ལ་གཡས་པའི་རིན་པོ་ཆེའི་ཁུ་ཚུར་གྱིས་ནོར་སྦྱིན་པ་ལྟ་བུ་འདི་ནི་བཅོམ་ལྡན་འདས་ནམ་མཁའི་སྙིང་པོའི་ལས་ཀྱི་ཕྱག་རྒྱའོ། །རིན་པོ་ཆེའི་ཁུ་ཚུར་གཉིས་
པོ་དེ་ཉིད་དབང་བསྐུར་བའི་གནས་སུ་འཇོག་པ་ནི་རིན་པོ་ཆེ་དབང་བསྐུར་བའོ། །རིན་པོ་ཆེའི་ཁུ་ཚུར་བཀན་ལ་སྙིང་གའི་ཕྱོགས་སུ་བཞག་པ་ནི་རིན་པོ་ཆེ་ཆེན་པོའི་ནོར་སྦྱིན་གྱིའོ། །རིན་པོ་ཆེའི་ཁུ་ཚུར་གཉིས་བཀན་ལ་པང་པར་བཞག་པ་ནི་ཆོས་རིན་པོ་ཆེའིའོ། །རིན་པོ་ཆེའི་ཁུ་ཚུར་གཉིས་མགོར་
བཞག་པ་ནི་རིན་པོ་ཆེ་ཆེན་པོ་རོ་མྱང་བའིའོ། །ལྷ་མོ་རྣམས་ཀྱི་ཕྱག་རྒྱ་ཆེན་པོ་ཉིད་ལས་ལས་ཀྱི་ཕྱག་རྒྱའི་ཚུལ་དུ་བཅིངས་ནས་ལས་ཀྱི་ཕྱག་རྒྱར་འགྱུར་རོ། །དེ་ནས་རས་ལ་བྲི་བའི་རྗེས་སུ་འབྲངས་ནས། ཕྱག་རྒྱ་ཆེན་པོ་བསམ་པར་བྱའོ། །དེ་ནས་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱས་བཅོམ་ལྡན་འདས་འཁོར་
དང་བཅས་པ་དབང་བསྐུར་བ་ལས་སྔ་མ་བཞིན་དུ་མཆོད་ཡོན་དང་། བུམ་པ་དང་། བུམ་པ་གང་བ་དང་། ན་བཟའ་དང་། བླ་རེ་ལ་སོགས་པས་བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་ཕུལ་ཏེ། མེ་ཏོག་གི་ཤིང་ལ་སོགས་པ་མཆོད་པ་རྣམ་པ་ལྔས་མཆོད་པ་བྱས་ལ། ཕྱི་རོལ་ཏུ་གླུ་དང་གར་
དང་རོལ་མོ་དང་རྟ་དང་གླང་པོ་ཆེ་དང་། བ་ལང་གི་ཁྱུ་རྣམས་ཀྱིས་ཀྱང་མཆོད་པ་བྱེད་དུ་གཞུག་གོ། །དེ་ནས་ཕྱག་རྒྱའི་མཆོད་པ་རྣམ་པ་བཅུ་གཉིས་ཀྱིས་ཡང་དག་པར་མཆོད་ལ། ཨོཾ་ལས་རིན་པོ་ཆེ་སྣ་བདུན་དང་། དཔག་བསམ་གྱི་ཤིང་དང་ཁ་ཟས་རོ་བརྒྱ་དང་ལྡན་པའི་བཀོད་པ་སྤྲུལ་

ནས། དེ་རྣམས་འདིས་དབུལ་བར་བྱ་སྟེ། ཕྱག་འཚལ་བའི་ཐལ་མོ་སྤྱི་བོར་བཞག་ལ། ཨོཾ་སརྦ་བི་དྤཱུ་ར་པཱུ་ར། སུ་ར་སུ་ར། ཨཱ་བརྟ་ཡ་ཨཱ་བརྟ་ཡ་ཧོ། །དེ་ནས་ཕྱི་རོལ་དུ་གཏོར་མ་བྱིན་ལ། སྦྱིན་སྲེག་བྱས་ནས། རྡོ་རྗེ་གནོད་སྦྱིན་གྱིས་ཡོངས་སུ་བཟླས་པའི་རས་སེར་པོ་གཅིག་གིས་
སྨད་གཡོགས་བྱ། གཉིས་པས་སྟོད་གཡོགས་བྱས་ལ། ཡང་རས་གཅིག་ལ་སྒོ་སྲུང་བཞིའི་སྙིང་པོ་བཟླས་པས་རང་གི་གདོང་གཡོགས་པར་བྱའོ། །དེ་ལ་སྒོ་སྲུང་བཞིའི་སྙིང་པོ་ནི་འདི་ཡིན་ཏེ། ཨོཾ་སརྦ་རཏྣ་ཨཱརྱ་ཨཱ་རུ་ཎ། མ་ཧཱ་སཏྭ་བྷ་ག་བཱན་ཏཾ། ཨཱརྱ་ཨཱ་ཀཱ་ཤ་གརྦྷ་ཙོ་ཏ་ཡ་ཨཱ་
ཀཪྵ་ཡ། ཨོཾ་སརྦ་རཏྣ་པྲ་བེ་ཤ་ས་མ་ཡཱན། མ་ཧཱ་མ་ཎི་རཱ་ཛ་ཀུ་ལ་རཏྣ་པཱ་ཤ་ཧཱུྃ། ཨོཾ་མ་ཎི་བནྡྷ་ཧཱུྃ་བཾྃ། ཨོཾ་མ་ཎི་རཏྣ་ཨཱ་བེ་ཤ་ཡ་ཨཱ་ཞེས་བྱ་བའོ། །དེ་ནས་ཕྱག་འཚལ་བ་ལ་སོགས་པ་སྔོན་དུ་འགྲོ་བས་དེ་བཞིན་དུ་སྡོམ་པ་བཟུང་ལ། བྱང་ཆུབ་ཏུ་སེམས་བསྐྱེད་དེ། དེ་བཞིན་དུ་རྡོ་རྗེ་རིན་
པོ་ཆེ་སྙིང་གར་བསྐྱེད་ལ། ཤར་ཕྱོགས་ཀྱི་སྒོ་ལ་བལྟས་ནས་ཕྱི་རོལ་ན་གནས་པའི་བུམ་པའི་ཆུས་བདག་ཉིད་དབང་བསྐུར་ཏེ། འཇུག་པའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ནས། དེ་ཉིད་ཀྱི་མེ་ཏོག་ཕྲེང་བ་བླངས་ལ། བཛྲ་བཛྲ་ཏྲཾ་ཞེས་བརྗོད་ཅིང་དཀྱིལ་འཁོར་དུ་འཇུག་པར་བྱའོ། །དེ་ནས་
འཕགས་པ་སྐྱ་རེངས་ལན་ཅིག་བརྗོད་པར་བྱའོ། །དེ་ནས་ལྷོ་ཕྱོགས་ཀྱི་སྒོ་ནས་དེ་བཞིན་དུ་ཞུགས་ལ་རིན་པོ་ཆེའི་ཞགས་པའི་སྙིང་པོ་ལན་ཅིག་བརྗོད་པར་བྱའོ། །དེ་ནས་ནུབ་ཕྱོགས་ཀྱི་སྒོ་ནས་དེ་བཞིན་དུ་ཞུགས་ལ། རིན་པོ་ཆེའི་ལྕགས་སྒྲོག་གི་སྙིང་པོ་ལན་ཅིག་བརྗོད་པར་བྱའོ། །དེ་ནས་
བྱང་ཕྱོགས་ཀྱི་སྒོ་ནས་དེ་བཞིན་དུ་ཞུགས་ལ། ནོར་བུ་རིན་པོ་ཆེ་འབེབས་པའི་སྙིང་པོས་བདག་ཉིད་དབང་དུ་བྱའོ། །དེ་ནས་ཡང་དེ་བཞིན་དུ་ཤར་ཕྱོགས་ཀྱི་སྒོ་ནས་ཞུགས་ལ། མ་ཧཱ་ར་ཏ། སུ་དྲྀ་ཌྷ་སུ་ཏོ་ཥོ་སུ་སུ་ཁོ། བཛྲ་སཏྭ། ཨཱ་དྱ་སིདྡྷྱ་མཱྃ། ཞེས་བརྗོད་པར་བྱའོ། །དེ་ནས་རྣམ་པར་སྒེག་
པའི་རྡོ་རྗེས་ཕྱག་བྱས་ལ་དཀྱིལ་འཁོར་བསྐོར་བ་ལན་གསུམ་བྱས་ཏེ། བཅོམ་ལྡན་འདས་ནམ་མཁའི་སྙིང་པོའི་སྤྱན་སྔར་འདུག་ལ། འདི་སྐད་ཅེས་བརྗོད་པར་བྱའོ། །མ་ཧཱ་རཱ་ག་མ་ཧཱ་སཽ་ཁྱ་མ་ཧཱ་བཛྲ་མ་ཧཱ་དྷཱ་ན། མ་ཧཱ་ཛྙཱ་ན་མ་ཧཱ་ཀརྨ། བཛྲ་ས་ཏྭ་ཨཱདྱ་སིདྡྷྱ་མཱྃ། ཡང་འདི་སྐད་ཅེས་བརྗོད་པར་བྱའོ། །

ཛཿཧཱུྃ་བཾཾ་ཧོཿཔྲ་སིདྡྷྱ་མཱ། དེ་ནས་རྡོ་རྗེའི་ཆུ་འཐུངས་ལ། བདག་ཉིད་ལ་དབབ་པར་བྱ་སྟེ། ཨ་ཞེས་བྱ་བ་ལན་བརྒྱ་བཟླའོ། །དེ་ནས་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་སྡིགས་མཛུབ་ལགས་གཡས་པ་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱས་དེ་དབྱེ་ཞིང་ཨ་ཞེས་བྱ་བ་ཉིད་ལན་བརྒྱ་རྩ་བརྒྱད་བཟླས་
པར་བྱའོ། །དེ་ནས་ཏྲཾ་ཞེས་བྱ་བས་མེ་ཏོག་དོར་བར་བྱའོ། །དེ་ནས་དེ་བླངས་ལ་ཏྲྃ་ཞེས་བྱ་བ་ཉིད་ཀྱིས་རང་གི་མགོ་ལ་བཅིང་བར་བྱའོ། །དེ་ནས་ཏྲྃ་ཞེས་བྱ་བ་ཟློས་ཤིང་གདོང་གཡོགས་དགྲོལ་བར་བྱའོ། །དེ་ནས་དེ་ཉིད་ཟློས་ཤིང་ཤར་ཕྱོགས་ཀྱི་ཆ་ནས་བརྩམས་ཏེ། དཀྱིལ་འཁོར་
བལྟའོ། །དེ་ནས་འཇུག་པའི་ཕྱག་རྒྱ་བཅིངས་ལ། ཏིཥྛ་བཛྲ་ཞེས་བྱ་བ་ལ་སོགས་པས་རང་གི་སྙིང་གར་དགྲོལ་བར་བྱའོ། །དེ་ནས་འཕགས་པ་ནམ་མཁའི་སྙིང་པོའི་ཕྱག་རྒྱ་ཆེན་པོ་བཅིངས་ལ། བཅོམ་ལྡན་འདས་ལ་རྡོ་རྗེ་ལྟ་བས་བལྟ་ཞིང་། ཇི་སྲིད་བཅོམ་ལྡན་འདས་ཀྱི་ཞལ་བསྟན་
ནས། དངོས་གྲུབ་ཐམས་ཅད་སྩོལ་བར་འགྱུར་བ་དེ་སྲིད་ཀྱི་བར་དུ་བཟླས་བརྗོད་བྱའོ། །དེ་ནས་རྡོ་རྗེ་ཐལ་མོ་བསྐོར་ལ་ཤིས་པ་བརྗོད་པ་འདོན་པའི་ཚུལ་དུ་སྙིང་གར་གཞག་ལ། མཚན་བརྒྱ་རྩ་བརྒྱད་པས་བསྟོད་དེ། རིན་པོ་ཆེའི་མཚོན་ཆ་ལ་སོགས་པ་གསང་བའི་མཆོད་པ་བཞིས། བཅོམ་
ལྡན་འདས་འཁོར་དང་བཅས་པ་ཡང་དག་པར་མཆོད་ལ། གླུ་དང་རོལ་མོ་ལ་སོགས་པའི་མཆོད་པ་རྣམས་ཀྱིས་ཀྱང་ལེགས་པར་མཆོད་པར་བྱའོ། །དེ་ནས་ཡང་བཅོམ་ལྡན་འདས་ནམ་མཁའི་སྙིང་པོའི་ཕྱག་རྒྱ་ཆེན་པོ་བཅིངས་ལ། བཅོམ་ལྡན་འདས་ལ་རྡོ་རྗེའི་ལྟ་བས་བལྟ་ཞིང་རྡོ་རྗེ་ཐལ་
མོ་བསྐོར་བས་ཕྱག་བྱས་ལ། །མེ་ཏོག་ལ་སོགས་པའི་དབང་བསྐུར་བ་རྣམས་བླང་བར་བྱ་སྟེ། དེ་ལ་དང་པོ་ཁོ་ནར་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱས་ཡོངས་སུ་བཟུང་བའི་རྡོ་རྗེའི་རིན་པོ་ཆེའི་མེ་ཏོག་གི་ཡལ་ག་ལས། ཡང་རྣམ་པར་རྒྱལ་བའི་བུམ་པ་སྔར་བཤད་པའི་བུམ་པའི་སྔགས་དེ་བཞིན་དུ་
བཟླས་ལ། བདག་ཉིད་འཕགས་པ་ནམ་མཁའི་སྙིང་པོར་བྱིན་གྱིས་བརླབས་ཏེ། རྡོ་རྗེ་རིན་ཆེན་གྱི་དམ་ཚིག་གི་ཕྱག་རྒྱས་རྣལ་འབྱོར་ཆེན་པོ་བཤད་པའི་གནས་རྣམས་སུ་རང་གི་ལུས་ལ་འཕགས་པ་ནམ་མཁའི་སྙིང་པོ་ལ་སོགས་པ་ཡང་དག་པར་བཞག་ནས། ཕྱིའི་དཀྱིལ་འཁོར་གྱི་

ནང་དུ་རྟ་བདུན་དང་ལྡན་པའི་ཤིང་རྟའི་སྟེང་དུ་སྣ་ཚོགས་པདྨ་བྲིས་ལ། དེའི་སྟེང་དུ་བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ་འདུག་ནས། མེ་ཏོག་ལ་སོགས་པས་བདག་ཉིད་ཡང་དག་པར་མཆོད་དེ། མཆོད་ཡོན་བླངས་ལ། མཚན་བརྒྱ་རྩ་བརྒྱད་པས་བསྟོད་ལ། རྣམ་པར་རྒྱལ་བའི་
བུམ་པ་ལས་རྡོ་རྗེ་ཁུ་ཚུར་གྱིས་ཆུ་བླངས་ལ། ཨོཾ་བཛྲ་ཨ་བྷི་ཥིཉྩ་ཏྲཱྃ་ཞེས་བྱ་བ་དང་། དེས་བདག་ཉིད་དབང་བསྐུར་བར་བྱ་ཞིང་། ཆུ་དེ་བཏུང་བར་ཡང་བྱའོ། །དེ་ནས་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱས་དབང་བསྐུར་ལ། ལུགས་མའམ་བརྡུངས་པ་ལ་སོགས་པའི་རིན་པོ་ཆེའི་ཅོད་པན་དང་། དར་
དཔྱངས་དང་ལྡན་པ་ལ། ཏྲྃ་ཞེས་བྱ་བ་ལ་སོགས་པ་བཟླས་པས་ཡང་བདག་ཉིད་དབང་བསྐུར་ཏེ། རྡོ་རྗེ་རིན་པོ་ཆེ། རིན་པོ་ཆེའི་དྲིལ་བུ་དང་བཅས་པར་བླངས་ལ། བདག་པོ་དང་མིང་གིས་དབང་བསྐུར་བ་དག་གིས་དབང་བསྐུར་བར་བྱའོ། །དེ་ནས་དངོས་གྲུབ་ཀྱི་རིན་པོ་ཆེའི་རྡོ་རྗེའི་བརྟུལ་
ཞུགས་བླངས་ལ། མེ་ཏོག་ལ་སོགས་པ་ཕྱིའི་མཆོད་པ་རྣམས་ཀྱིས་བདག་ཉིད་ཡང་དག་པར་མཆོད་ཅིང་རིན་པོ་ཆེའི་མཚོན་ཆ་ལ་སོགས་པ་ཕྱག་རྒྱའི་མཆོད་པ་རྣམ་པ་བཅུ་གཉིས་ཀྱིས་མཆོད་ལ། རྡོ་རྗེ་རིན་པོ་ཆེ་དེ་ཁོ་ན་ཉིད་ཀྱིས་གཟུང་བར་བྱ་སྟེ། ཉི་མ་འདི་ནི་དམ་པ་སྟེ། །ཐམས་ཅད་མཐོང་
བ་དེ་བཞིན་གཤེགས། །ནམ་མཁའི་སྙིང་པོ་བཅོམ་ལྡན་འདས། །བསམ་པ་ཐམས་ཅད་རྫོགས་མཛད་པའོ། །ཞེས་བྱ་བ་ནི་དེ་ཁོ་ན་ཉིད་དོ། །རིན་པོ་ཆེའི་དྲིལ་བུ་ཆོས་ཀྱིས་དཀྲོལ་བར་བྱ་སྟེ། བསམ་པ་ཐམས་ཅད་འགྲུབ་པ་ནི། །དོན་བསམ་འགྲུབ་པ་དམ་པ་སྟེ། །འདོད་པ་དེ་ནི་
རབ་གྲུབ་ཕྱིར། །འདོད་ལས་ཐར་པའི་བདེ་བ་ཆེ། །ཞེས་བྱ་བ་ནི་ཆོས་སོ། །དམ་ཚིག་གི་ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབ་པར་བྱ་སྟེ། འདོད་དང་བདེ་བ་ཀུན་གྱི་ཕྱིར། །མི་མཐུན་པ་ཡང་སྦྱིན་བྱ་སྟེ། །བདག་ཉིད་དང་ནི་གཞན་རྣམས་ཀྱི། །བསམ་པ་ཐམས་ཅད་རྫོགས་པར་གྱིས། །ཞེས་
བྱ་བ་ནི་དམ་ཚིག་གོ། །དེ་ནས་བཅོམ་ལྡན་འདས་ལ་ཕྱག་བྱས་ཏེ་སྙིང་པོ་བཟུང་ལ། ཚིགས་སུ་བཅད་པ་ལྔ་པས་རྗེས་སུ་གནང་བ་དང་། གཟེངས་བསྟོད་པ་དང་། ལུང་བསྟན་པ་དག་མནོས་ནས། ཡང་བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་དག་བྱས་ཏེ། ཅི་འདོད་པར་བཟླས་བརྗོད་

ཀྱང་བྱས་ནས། བཅོམ་ལྡན་འདས་ལ་ཕྱག་བྱས་ལ། འདི་སྐད་ཅེས་བརྗོད་པར་བྱ་སྟེ། བདག་མིང་འདི་ཞེས་བྱ་བ་ཡི། །རིན་ཆེན་སློབ་དཔོན་དཀའ་ཐུབ་ཆེས། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །སློབ་མ་རྣམས་ནི་གཞུག་པར་བགྱི། །སློབ་དཔོན་གྱི་ལས་ཀྱི་ཆོ་ག་རྫོགས་
སོ།། །།དེ་ནས་སྡོམ་པ་དབོག་པར་འོས་པའི་སློབ་མ་ལ་སྔར་བཤད་པའི་ཚུལ་གྱིས་སྡོམ་པ་འཛིན་དུ་གཞུག་པ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་དག་བྱའོ། །དེ་ནས་དེའི་སྙིང་གར་དེ་བཞིན་དུ་རྡོ་རྗེ་རིན་ཆེན་བསྐྱེད་ལ། དེ་འཕགས་པ་ནམ་མཁའི་སྙིང་པོར་བྱིན་གྱིས་བརླབས་ཏེ། དྲི་དང་མེ་ཏོག་ལ་
སོགས་པས་མཆོད་ནས། ཡོན་གྱི་མཆོག་བླངས་ཏེ། སྒོར་མངོན་པར་ཕྱོགས་ནས་གནས་པའི་བུམ་པའི་ཆུས་དབང་བསྐུར་ལ། རང་ཉིད་འཇུག་པའི་ཆོ་གས་བཅུག་སྟེ། ཡང་གཡོན་པའི་ཁྲོ་བོའི་ཁུ་ཚུར་བཅིངས་ནས། རྡོ་རྗེ་རིན་ཆེན་གྱི་དམ་ཚིག་གི་ཕྱག་རྒྱས་ཕྱེ་ལ། སྙིང་པོ་འདིས་དབབ་པར་བྱའོ། །
ཏྲྃ་ཨ་ཨ་ཨ་ཨ་ཞེས་ལན་བརྒྱ་བཟླས་སོ། །དེ་ནས་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་པར་བྱའོ། །སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་རྫོགས་སོ།། །།དེ་ལྟར་དམ་ཚིག་དང་དབང་བསྐུར་བ་ཐོབ་པ་རྣམས་ལ། སློབ་དཔོན་གྱིས་དངོས་གྲུབ་ཀྱི་ཡེ་ཤེས་བསླབ་པར་བྱའོ་ཞེས་བསྟན་པར་
བྱ་བའི་ཕྱིར། སྒྲུབ་པ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒྲུབ་པ་དང་དངོས་གྲུབ་རྣམས་ཀྱང་དེ་བཞིན་ནོ་ཞེས་བྱ་བ་ནི་ཇི་ལྟར་རྡོ་རྗེ་སེམས་དཔའི་སྒྲུབ་པ་ལ་རས་ཀྱི་རི་མོ་གཉིས་གསུངས་པ་དང་། དེའི་དངོས་གྲུབ་རྣམས་ཇི་སྐད་དུ་གསུངས་པ་དེ་བཞིན་དུ་འཕགས་པ་ནམ་མཁའི་སྙིང་པོའི་སྒྲུབ་པ་
དང་། དེ་སྒྲུབ་པ་རྣམས་ཀྱང་དེ་ལྟར་ཤེས་པར་བྱའོ། །འདི་སྐད་སྟོན་པ་ཡིན་ཏེ། ཇི་སྐད་དུ་གསུངས་པའི་ཚུལ་དམ་ཚིག་དང་དབང་བསྐུར་བ་ཐོབ་པ་རྣམས་ཀྱིས་འཕགས་པ་ནམ་མཁའི་སྙིང་པོའི་སྐུ་རས་ལ་བྲིས་པ་ལ་སོགས་པ་མདུན་དུ་བཞག་སྟེ། བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་
ནས། བཅོམ་ལྡན་འདས་མདུན་དུ་ཇི་ལྟ་བ་བཞིན་དུ་སྤྱན་དྲངས་ཏེ། ཕྱིའི་མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་ལ་ཕྱག་བྱས་ནས། རྡོ་རྗེ་རིན་པོ་ཆེའི་ཕྱག་རྒྱ་བཅིངས་ཏེ། བཟླས་བརྗོད་དཔག་ཏུ་མེད་པས་ཟླ་བ་གཅིག་གི་བར་དུ་སྔོན་དུ་བསྙེན་པ་སྔ་མ་བཞིན་དུ་བྱས་ལ། དེ་བཞིན་དུ་དཀྱིལ་འཁོར་གྱི་

མལ་གྱི་སར་རས་རིས་བྲིས་ནས། དེ་བཞིན་དུ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་དེ། བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ལ་ཟླ་བ་གཅིག་གི་བར་དུ་དཔག་ཏུ་མེད་པའི་བཟླས་བརྗོད་དེ་བཞིན་དུ་བྱའོ། །དེ་ནས་ཟླ་བ་ཉ་ལ་བབ་པ་དང་མཚན་ཐོག་ཐག་བཟླས་བརྗོད་བྱས་ན། ནང་པར་བཅོམ་
ལྡན་འདས་འཕགས་པ་ནམ་མཁའི་སྙིང་པོས་ཞལ་བསྟན་ནས། མངོན་པར་འདོད་པའི་དངོས་གྲུབ་ཐམས་ཅད་སྩོལ་བར་འགྱུར་ཏེ། དེ་རས་ཀྱི་རི་མོ་དང་པོའི་ཆོ་གའོ། །དེ་ནས་རས་རིས་གཉིས་པ་ལ་སྒྲུབ་པ་བཤད་པར་བྱ་སྟེ། སྔོན་དུ་བསྙེན་པ་དེ་བཞིན་དུ་བྱས་ལ། བཅོམ་ལྡན་འདས་
ནམ་མཁའི་སྙིང་པོ་དཔའ་བོ་གཅིག་པུ་རས་ལ་བྲིས་ཏེ། དེའི་སྤྱན་སྔར་བཅོམ་ལྡན་འདས་ནམ་མཁའི་སྙིང་པོའི་ཕྱག་རྒྱ་ཆེན་པོ་བཅིངས་ལ། བཟླས་བརྗོད་འབུམ་བྱའོ། །དེ་ནས་ཟླ་བ་ཉ་ལ་བབ་པ་དང་། མཚན་ཐོག་ཐག་བཟླས་བརྗོད་བྱས་ཏེ། དེ་ནས་ནང་པར་བཅོམ་ལྡན་འདས་ནམ་མཁའི་སྙིང་
པོས་ཞལ་བསྟན་ནས། སྒྲུབ་པ་པོ་ལ་ནམ་མཁའི་སྙིང་པོ་ཉིད་སྩོལ་བར་འགྱུར་བའོ། །དེ་ནས་མ་བསྒྲུབས་པར་ཞེས་བྱ་བ་ནི་སྔ་མ་དང་འདྲའོ། །དབང་བསྐུར་བ་ཐམས་ཅད་ཐོབ་ཅིང་ཞེས་བྱ་བ་ནི་དབང་བསྐུར་བ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན། དབང་བསྐུར་བ་ཐམས་ཅད་དེ། རྡོ་རྗེ་དང་།
རིན་པོ་ཆེ་དང་། པདྨ་དང་། སྣ་ཚོགས་རྡོ་རྗེའི་དབང་བསྐུར་བ་རྣམས་ཏེ། བྱང་ཆུབ་ཀྱི་སེམས་ཆེན་པོ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པར་བྱེད་པའོ། །དེ་ཐོབ་པ་ནི་མངོན་སུམ་དུ་བྱས་པའོ། །ཇི་ལྟར་འགྱུར་ཞེ་ན།
རྡོ་རྗེ་རིན་པོ་ཆེའི་དབང་བསྐུར་བའི་ཕྲེང་བས་སོ་ཞེས་བྱ་བ་གསུངས་ཏེ། རིན་པོ་ཆེའི་ཁུ་ཚུར་གཉིས་ཀྱིས་ཕྲེང་བ་བཅིངས་པའི་ཚུལ་དུ་བྱ་བ་ནི། རྡོ་རྗེ་རིན་པོ་ཆེའི་དབང་བསྐུར་བའི་ཕྲེང་བ་སྟེ། དེས་དབང་བསྐུར་བ་ཐམས་ཅད་ཐོབ་པར་འགྱུར་རོ། །བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པ་ལ་ནི་ཞེས་
བྱ་བ་ནི། བསམ་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་བསམ་པ་ཐམས་ཅད་དེ། དེ་དབང་བསྐུར་བ་ལ་སོགས་པ་ཐོབ་པར་འདོད་པའོ། །དེ་ཡོངས་སུ་རྫོགས་པ་ནི་དབང་བསྐུར་བ་ལ་སོགས་པ་ཐོབ་པའོ། །དེ་ཇི་ལྟར་འགྱུར་ཞེ་ན། ཉིན་རེ་ཞིང་ཉི་མ་འཆར་ཀར་བཟླས་བརྗོད་དཔག་ཏུ་

མེད་པ་བྱས་པས་སོ་ཞེས་བྱ་བ་གསུངས་ཏེ། དེ་བཞིན་དུ་སྔོན་དུ་བསྙེན་པ་བྱས་ལ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་བཟླས་བརྗོད་དཔག་ཏུ་མེད་པ་བྱ་ཞིང་ཉིན་རེ་ཞིང་ཡང་བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ཏེ། འདི་ནི་རིན་པོ་ཆེ་ཆེན་པོ་འཛིན་པ་ནོར་སྦྱིན་གྱི་
དངོས་གྲུབ་སྟོན་པ་ཡིན་ནོ། །ཆོས་ཐམས་ཅད་ཀྱི་དོན་ཤེས་པ་ལ་ནི་ཞེས་བྱ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ཀྱི་སེམས་དང་སེམས་ལས་བྱུང་བ་དང་། པདྨའི་རིགས་ནི་ཆོས་ཐམས་ཅད་དོ། །དེ་རྣམས་ཀྱི་དོན་ནི་ངོ་བོ་ཉིད་རྣམ་པར་དག་པ་སྟེ། དེ་ཤེས་པ་ནི་ངེས་པར་བྱས་པའོ། །
དེ་ཇི་ལྟར་འགྱུར་ཞེ་ན། དྲི་མ་མེད་པའི་ནམ་མཁའ་ལ་ལྟ་ཞིང་བཟླས་བརྗོད་བྱའོ་ཞེས་བྱ་བ་གསུངས་ཏེ། རྡུལ་ཐམས་ཅད་དང་བྲལ་བའི་ནམ་མཁའ་དེ་ལ་མིག་གི་རྣམ་པར་ཤེས་པ་དང་བློས་བལྟ་བཞིན་དུ་བཟླས་བརྗོད་ཏྲཾ་ཞེས་བྱ་བ་བཟླས་པར་བྱའོ། །འདི་སྟོན་པར་འགྱུར་ཏེ། ཆོས་ཐམས་ཅད་ནི་
ངོ་བོ་ཉིད་ཀྱིས་དག་པའོ་ཞེས་བསྒོམ་ཞིང་བཟླས་བརྗོད་བྱ་སྟེ། འདིས་ནི་ཆོས་རིན་པོ་ཆེའི་དངོས་གྲུབ་གསུངས་པ་ཡིན་ནོ། །ཟས་དང་སྐོམ་ཐམས་ཅད་ལ་སོགས་པ་རོ་ཐམས་ཅད་ཐོབ་པར་བྱ་བ་ལ་ནི་ཞེས་བྱ་བ་ལ། བཟའ་བ་ལ་སོགས་པ་ནི་ཟས་ཐམས་ཅད་དེ། ཟན་དྲོན་དང་འབྲས་ཆན་ལ་
སོགས་པའོ། །ཁུ་བའི་རྫས་ཐམས་ཅད་ནི་སྐོམ་ཐམས་ཅད་དེ། དེ་ལ་སོགས་པ་གང་ཡིན་པ་དེ་ནི་ཟས་དང་སྐོམ་ཐམས་ཅད་ལ་སོགས་པའོ། །རོ་ཐམས་ཅད་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་སྟེ། ཞི་བ་ལ་སོགས་པ་ནི་འཇིག་རྟེན་ལས་འདས་པའོ། །མངར་བ་དང་སྐྱུར་བ་ལ་
སོགས་པའི་དབྱེ་བས་ཕྱེ་བའི་རོ་བརྒྱ་ནི་འཇིག་རྟེན་པའོ། །དེ་རྣམས་ཐོབ་པ་ནི་རྙེད་པར་གྱུར་པའོ། །དེ་ཇི་ལྟར་འགྱུར་ཞེ་ན། ནམ་མཁའ་ལས་ཡིད་ལ་འདོད་པས་ཉིན་རེ་ཞིང་བཅོམ་ལྡན་འདས་ཀྱི་བཟླས་པ་སྟོང་བྱས་པས་སོ་ཞེས་བྱ་བ་གསུངས་ཏེ། ཉིན་རེ་ནི་ཉི་མ་རེ་རེ་ཞིང་ངོ་། །བཅོམ་ལྡན་འདས་
ནི་རིན་པོ་ཆེ་ཆེན་པོ་རོ་མྱང་བའི་གཟུགས་ཅན་གྱི་ནམ་མཁའི་སྙིང་པོའོ། །བཟླས་པ་སྟོང་བྱས་པས་ནི་ཏྲྃ་ཞེས་བྱ་བ་ལན་སྟོང་གི་བར་དུ་བཟླས་པས་སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ་བ་སྟེ། རིན་པོ་ཆེ་ཆེན་པོའི་རོ་མྱང་བའི་རྣལ་འབྱོར་གྱི་སྦྱོར་བས་འདི་བསྒྲུབ་པར་བྱའོ། །གདུགས་ཆེན་པོ་ཐོབ་པར་བྱ་བ་

ལ་ནི་ཞེས་བྱ་བ་ནི། རིག་པ་འཛིན་པ་དང་འཁོར་ལོས་སྒྱུར་བ་ཉིད་ལ་སོགས་པ་འཇིག་རྟེན་པའི་རྒྱལ་སྲིད་ཐོབ་པའོ། །དེ་ཇི་ལྟར་འགྱུར་ཞེ་ན། གདུགས་བཟུང་ནས་བཟླས་བརྗོད་འབུམ་བྱའོ་ཞེས་བྱ་བ་གསུངས་ཏེ། ལྷ་མོ་རིན་ཆེན་གྱི་སྦྱོར་བས་རིན་པོ་ཆེའི་གདུགས་བཟུང་ལ་བཟླས་བརྗོད་
འབུམ་བྱའོ། །རྣམ་པར་རྒྱལ་བ་ཆེན་པོ་ཐོབ་པ་ལ་ནི་རིན་ཆེན་རྒྱལ་མཚན་མཆོག་གིས་སོ་ཞེས་བྱ་བ་ལ། ལྷའི་བུ་ལ་སོགས་པ་གཞན་དག་ལས་རྒྱལ་བ་ནི། རྣམ་པར་རྒྱལ་བ་ཆེན་པོ་སྟེ། དེ་ཐོབ་པ་ནི་སྔ་མ་བཞིན་ནོ། །དེ་ཡང་རྡོ་རྗེ་བསྡམས་པ་ལས་བྱུང་བའི་རྡོ་རྗེ་རིན་ཆེན་གྱི་དམ་ཚིག་གི་
ཕྱག་རྒྱ་ལས་གུང་མོ་དང་། སྲིན་ལག་དང་། མཐེའུ་ཆུང་གི་སོར་མོ་བརྐྱང་ལ། སྲིན་ལག་དང་མཐེའུ་ཆུང་ཕན་ཚུན་སྦྲེལ་བ་ནི་རྒྱལ་མཚན་མཆོག་སྟེ། འདི་བཅིངས་ལ། ལྷ་མོ་རིན་ཆེན་རྒྱལ་མཚན་མཆོག་གི་སྦྱོར་བས་ཏྲཾ་ཧཾ་ཞེས་བཟླས་བརྗོད་བྱས་ཏེ། ཕྱག་རྒྱ་བཅིངས་པ་དེ་ལས་རྡོ་རྗེ་
འཛིན་པ་ཆེན་པོ་ལ་སོགས་པའི་ཁྲོ་བོའི་གོ་ཆ་དང་། ཡ་ལད་བགོས་པར་གྱུར་པ་སྤྲུལ་པ་ལ། དེ་རྣམས་ཀྱིས་བདུད་ལ་སོགས་པའི་སྡེ་སྐྲག་པར་གྱུར་པར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་ཐམས་ཅད་ལས་རྣམ་པར་རྒྱལ་བ་ཐོབ་པར་འགྱུར་རོ། །གྲགས་པ་ཆེན་པོ་ནི་ཞེས་བྱ་བ་ལ་སོགས་
པ་ལ་འཇིག་རྟེན་གསུམ་དུ་ཁྱད་པར་ཅན་དུ་གྱུར་ཅིང་། དགའ་བར་བྱ་བ་ལ་སོགས་པས་གཞན་གྱི་ཡོན་ཏན་བསྒྲགས་པ་ནི་གྲགས་པ་ཆེན་པོའོ། །འཇིག་རྟེན་ཐམས་ཅད་ཡང་དག་པར་བསྲུང་ཞིང་། དམྱལ་བ་ལ་སོགས་པའི་སྡུག་བསྔལ་ལས་ཟློག་པར་བྱེད་ལ། འཇིག་རྟེན་དང་འཇིག་རྟེན་ལས་
འདས་པའི་དངོས་གྲུབ་སྟེར་བར་བྱེད་པའོ་ཞེས་སྙན་པའི་སྒྲ་ཐོབ་པའོ། །མིང་ནི་རིན་ཆེན་མཆོག་གི་རིན་པོ་ཆེའི་སློབ་དཔོན་ཞེས་བྱ་བ་ལ་སོགས་པའི་ཁམས་གསུམ་མཐའ་དག་ཏུ་རབ་ཏུ་གྲགས་པ་ནི་མིང་སྟེ། གྲགས་པ་དང་སྙན་པ་ཆེན་པོ་དང་། མིང་དེ་ལྟ་བུ་ཐོབ་པའོ། །དེ་ཇི་ལྟར་འགྱུར་ཞེ་ན།
ཉིན་རེ་ཞིང་སྒོ་ཐམས་ཅད་ནས་བཟླས་པར་བྱའོ་ཞེས་བྱ་བ་གསུངས་ཏེ། ལྷ་མོ་རིན་ཆེན་ལྔའི་སྦྱོར་བས། སྔ་དྲོ་ཤར་ཕྱོགས་སུ་ཁ་བལྟས་ལ་ཟླ་བ་དང་ཉི་མ་ཕྱེད་ལ་ལྷོར་བལྟ་བ་དང་། ཕྱི་དྲོ་ནུབ་ཏུ་བལྟ་བ་དང་། ནམ་ཕྱེད་ན་བྱང་དུ་བལྟས་ལ་བཟླས་བརྗོད་བྱའོ། །བདག་པོ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་

པས་ན། བདག་པོ་ཆེན་པོ་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྒྱལ་པོ་སྟེ། དེ་ཐོབ་པའོ། །དེ་ཇི་ལྟར་འགྱུར་ཞེ་ན། རིན་པོ་ཆེའི་སྲོག་ཤིང་གི་ཕྱག་རྒྱས་སོ་ཞེས་བྱ་བ་གསུངས་ཏེ། རིན་པོ་ཆེའི་ཁུ་ཚུར་གཉིས་ཀྱིས་རིན་པོ་ཆེའི་སྲོག་ཤིང་འཛིན་པའི་ཚུལ་དུ་བྱ་བ་ནི། རིན་པོ་
ཆེའི་སྲོག་ཤིང་གི་ཕྱག་རྒྱ་སྟེ། འདི་བཅིངས་ལ། ལྷ་མོ་རིན་ཆེན་སྲོག་ཤིང་གི་སྦྱོར་བས། ཏྲྃ་ཧྲི་ཞེས་བཟླས་བརྗོད་བྱས་ཏེ། དེ་ལྟ་བུས་ནི་བདག་པོ་ཆེན་པོར་འགྱུར་རོ། །ཐམས་ཅད་དབང་བསྐུར་བ་ནི་བྱང་ཆུབ་ཀྱི་སེམས་ཆེན་པོ་ལ་སོགས་པ་ཐོབ་པའོ། །དེ་ཉིད་རིན་པོ་ཆེ་དང་ཆོས་ཐམས་ཅད་མཐུན་
པས་ན་རིན་པོ་ཆེ་སྟེ། དེའི་དམ་ཚིག་ནི་རིན་པོ་ཆེའི་རིགས་ཏེ། མིང་དེ་སྐད་ཅེས་བྱ་བའི་རྟོག་པའི་རྒྱལ་པོ་ཆེན་པོ་རྫོགས་སོ། །དཔལ་མཆོག་དང་པོ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དུམ་བུའི་རིན་པོ་ཆེའི་རིགས་ཀྱི་དུམ་བུ་རྫོགས་སོ།། །།དེ་ལྟར་སེར་སྣའི་གཉེན་པོའི་ཕྱོགས་སུ་རིན་པོ་
ཆེའི་རིགས་བཤད་ནས། །ད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་གཅིག་ཏུ་བྱས་པ་རང་བཞིན་གྱིས་འོད་གསལ་བར་སྒྲུབ་པོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ཅན་ནི་རྡོ་རྗེ་ཁུ་ཚུར་བསྒོམས་པས་གྲུབ་པར་འགྱུར་རོ་ཞེས་བྱ་བ་ནི་དོན་བསྟན་པའི་ཕྱིར།
དེ་ནས་ཞེས་བྱ་བ་ལ་སོགས་པའི་གཞུང་གསུངས་པ་ཡིན་ཏེ། དེ་ནས་ཞེས་བྱ་བའི་སྒྲ་ནི་སྔ་མ་བཞིན་ཏེ། འདོད་པའི་ཁམས་ཐམས་ཅད་དུ་ཇི་སྐད་དུ་བཤད་པའི་རིམ་པས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་བཞུགས་ནས། དེའི་རྗེས་ཐོགས་ཉིད་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་གསུངས་
པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱ་ཐོབ་པས་ཞེས་བྱ་བ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ནི་རང་བཞིན་གྱིས་འོད་གསལ་བ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པར་ངེས་པ་དང་། རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱར་ངེས་པའོ། །དེ་ཉིད་ནི་སེམས་ཅན་གྱི་ཁམས་
ཐམས་ཅད་རྒྱས་འདེབས་པས་ན་ཕྱག་རྒྱའོ། །དེ་ཐོབ་པ་ནི་མངོན་སུམ་དུ་མཛད་པ་སྟེ། དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱ་ཐོབ་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་འཛིན་པ་ཞེས་བྱ་བ་ནི། དེ་བཞིན་ཉིད་ཀྱི་རྡོ་རྗེ་ཁུ་ཚུར་འཛིན་པའི་ཕྱིར་དང་། ཕྱག་གཉིས་

བྱང་ཆུབ་མཆོག་གི་ཕྱག་རྒྱ་འཆིང་བར་མཛད་པས་སོ། །རྟག་པ་ཞེས་བྱ་བ་ནི་འཁོར་བ་ཇི་སྲིད་པར་བཞུགས་པའི་ཕྱིར་དང་། རྒྱུན་གྱི་རྟག་པ་ཉིད་ཀྱིས་ན་རྟག་པའོ། །ཡང་ཞེས་བྱ་བ་ནི་དབང་བསྐུར་བ་སྦྱིན་པ་ལ་སོགས་པ་གསུངས་པ་ལ་ལྟོས་ནས། ཡང་ཞེས་བྱ་བའི་སྒྲ་སྨས་སོ། །དེ་
བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱ་ནི་འདི་སྐད་དུ་བཤད་པའོ། །དེའི་བྱིན་གྱི་རླབས་ནི་འཁོར་བ་ཇི་སྲིད་པར་བརྟན་པར་མཛད་པའི་ཐོས་པ་དང་། བསམ་པ་དང་། བསྒོམ་པའི་རང་བཞིན་གྱི་ཡེ་ཤེས་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་ལྟར་མི་ཕྱེད་པར་འགྱུར་བ་
སྟེ། མིང་དེ་སྐད་ཅེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་གསུངས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་ཕྱག་རྒྱ་ནི་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་སྟེ། དེ་ཡོངས་སུ་འཛིན་པ་ནི་ཕྱག་རྒྱ་ཆེན་པོ་བསྒོམ་པ་སྟེ། དེའི་ང་རྒྱལ་བསྒོམ་པའི་སྦྱོར་བས་སོ། །དེས་
དོན་ཅི་ཞིག་ཏུ་འགྱུར་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཉིད་དུ་འགྱུར་རོ་ཞེས་བྱ་བ་གསུངས་ཏེ། གང་གི་ཕྱིར་ཕྱག་རྒྱ་ཆེན་པོ་ཐམས་ཅད་ནི་གཟུགས་བརྙན་དང་མཚུངས་སོ་ཞེས་བསྒོམ་པའི་རྣལ་འབྱོར་པ་ནི་བྱང་ཆུབ་ཆེན་པོའི་ཚུལ་དུ་སྐྱེ་བར་འགྱུར་ཏེ། དེ་བས་ན་དེ་བཞིན་གཤེགས་པ་
ཉིད་དུ་འགྱུར་རོ། །གསུང་གི་ཕྱག་རྒྱ་ནི་བྱང་ཆུབ་སེམས་དཔའ་རྡོ་རྗེ་ལྗགས་སོ། །དེ་ཡོངས་སུ་འཛིན་པ་ནི་དེའི་ངོ་བོ་ཉིད་བསྒོམ་པས་དེའི་ཕྱག་རྒྱ་བཅིང་བའོ། །དེས་དོན་ཅི་ཞིག་ཏུ་འགྱུར་ཞེ་ན། ཆོས་ཐམས་ཅད་འཐོབ་པར་འགྱུར་རོ་ཞེས་བྱ་བ་གསུངས་ཏེ། ཆོས་ཀྱང་ཡིན་ལ་ཐམས་ཅད་ཀྱང་
ཡིན་པས་ན་ཆོས་ཐམས་ཅད་དེ། ཆོས་དང་དོན་དང་ངེས་པའི་ཚིག་དང་། སྤོབས་པ་སོ་སོ་ཡང་དག་པར་རིག་པའི་ངོ་བོ་ཉིད་དོ། །དེ་རྣམས་འཐོབ་པར་འགྱུར་བ་ནི་རྙེད་པ་སྟེ། དེའི་དོན་དུ་འཇུག་པར་འགྱུར་ཞིང་། རྒྱུ་ཉིད་དུ་སྒྲུབ་པར་བྱེད་དོ། །འདིས་ནི་དོན་འདི་སྐད་སྟོན་པར་འགྱུར་ཏེ། ལྕེ་ལ་
རྡོ་རྗེ་དཀར་པོ་རྣམ་པར་བསམས་ནས། སྔགས་ཐམས་ཅད་ཟློས་ཤིང་། རང་བཞིན་གྱིས་དག་པར་ལྷག་པར་མོས་པར་བྱའོ། །ཐུགས་ཀྱི་ཕྱག་རྒྱ་ནི་བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་རྡོ་རྗེའོ། །དེ་ཡོངས་སུ་འཛིན་པ་ནི་སྔ་མ་བཞིན་ནོ། །ཏིང་ངེ་འཛིན་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་

པས་ན། ཏིང་ངེ་འཛིན་ཐམས་ཅད་ནི། ལྷ་ཐམས་ཅད་ཀྱི་སྦྱོར་བས་རང་གི་སྙིང་གར་སེམས་དཔའ་རྡོ་རྗེ་ལྟ་བུར་སེམས་རྩེ་གཅིག་ཏུ་གྱུར་པ་སྟེ། དེ་རྣམས་ཐོབ་པ་ལ་འཇུག་པར་འགྱུར་བའོ། །འདིས་ཀྱང་དོན་འདི་སྐད་སྟོན་པར་འགྱུར་ཏེ། རང་གི་སྙིང་གའི་ཟླ་བའི་དཀྱིལ་
འཁོར་ལ། རྡོ་རྗེ་རྣམ་པར་བསམས་ནས་དེའི་དབུས་སུ་བཟླས་པ་བྱས་པའི་སྙིང་པོ་བཀོད་ལ། སྒྲུབ་པ་པོས་བཟླས་བརྗོད་དམ་བསྒོམ་པ་བྱའོ། །རྡོ་རྗེའི་ཕྱག་རྒྱ་ནི་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྟེ། དེ་ཡོངས་སུ་འཛིན་པ་ནི་སྔ་མ་བཞིན་ནོ། །ལུས་དང་ངག་དང་སེམས་ཐམས་ཅད་རྡོ་རྗེ་
ནི་ཇི་སྐད་དུ་བཤད་པ་རྣམས་སོ། །དེ་དག་ཐམས་ཅད་ཀྱི་དངོས་གྲུབ་དམ་པ་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཐོབ་པ་སྟེ། དེའི་དོན་དུ་འཇུག་པར་འགྱུར་བའོ། །འདི་སྐད་སྟོན་པར་འགྱུར་ཏེ། རང་གི་སྙིང་གར་སྣ་ཚོགས་རྡོ་རྗེ་བསམས་ལ། ལས་ཀྱི་ཕྱག་རྒྱ་བཅིངས་ནས་བཟླས་བརྗོད་དམ་བསྒོམ་
པ་བྱས་ན། དངོས་གྲུབ་ཐོབ་པར་འགྱུར་རོ། །སྐུའི་ཕྱག་རྒྱ་ཡོངས་སུ་འཛིན་པ་ལ་སོགས་པའི་ཚིག་རྣམས་ཀྱིས་རིམ་པ་ཇི་ལྟ་བ་བཞིན་དུ་ཕྱག་རྒྱ་ཆེན་པོ་དང་། ཆོས་ཀྱི་ཕྱག་རྒྱ་དང་། དམ་ཚིག་གི་ཕྱག་རྒྱ་དང་། ལས་ཀྱི་ཕྱག་རྒྱ་སྒྲུབ་པ་ཐུན་མོང་དུ་གསུངས་པ་ཡིན་ནོ། །འདི་སྐད་སྟོན་པར་འགྱུར་ཏེ།
རང་གི་སྙིང་གར་སེམས་དཔའ་རྡོ་རྗེ་རྣམ་པར་བསམས་ལ། བྱང་ཆུབ་ཀྱི་སེམས་ཆེན་པོ་བསྒོམ་པས་ཕྱག་རྒྱ་ཆེན་པོ་ཐམས་ཅད་བསྒྲུབ་པར་བྱའོ། །ལྕེ་ལ་རྡོ་རྗེ་དཀར་པོ་རྣམ་པར་བསམས་ལ། ཆོས་ཐམས་ཅད་རང་བཞིན་གྱིས་དག་པའོ་ཞེས་བསྒོམས་པས་སྔགས་ཐམས་ཅད་གདོན་པར་བྱའོ། །
ཡང་རང་གི་སྙིང་གར་རྡོ་རྗེ་རྩེ་ལྔ་པ་རྣམ་པར་བསམས་ལ། དེའི་དབུས་སུ་རིག་པའི་སྔགས་ཐམས་ཅད་དང་། དམ་ཚིག་གི་ཕྱག་རྒྱ་མིག་ཡོར་དང་མཚུངས་པར་བསྒོམ་པ་དང་། ཆོས་ཐམས་ཅད་ནི་ནམ་མཁའ་དང་མཉམ་པའོ་ཞེས་བསྒོམ་པར་བྱའོ། །རང་གི་སྙིང་གར་སྣ་ཚོགས་རྡོ་རྗེ་རྣམ་པར་
བསམས་ལ། དེའི་དབུས་སུ་བཟླས་པར་བྱ་བའི་རིག་སྔགས་བཀོད་ལ། ལས་ཀྱི་ཕྱག་རྒྱ་བཅིངས་ཏེ། ཆོས་ཐམས་ཅད་ནི་རང་བཞིན་གྱིས་འོད་གསལ་བའོ་ཞེས་བསྒོམ་པར་བྱའོ། །དེ་ལྟར་རིགས་ཐམས་ཅད་ཀྱི་ཐུན་མོང་གི་ཕྱག་རྒྱ་བསྒྲུབ་པ་བཤད་ནས་གང་ལ་ལ་ཞེས་བྱ་བ་ལ་སོགས་པས་སློབ་

དཔོན་ལས་རྣ་བའི་རྣམ་པར་ཤེས་པས་གཟུང་བར་འགྱུར་བ་ནི་ཐོབ་པའོ། །སྟོན་པ་ནི་གཞན་རྣམས་ལ་འཆད་པའོ། །དངོས་གྲུབ་ཐམས་ཅད་ནི་ཕྱག་རྒྱ་ཆེན་པོ་ཐམས་ཅད་གྲུབ་པའོ། །ཕུན་སུམ་ཚོགས་པ་ཐམས་ཅད་ནི་གསུང་གི་ཕྱག་རྒྱ་ཐམས་ཅད་གྲུབ་པའོ། ཤེས་པ་ཐམས་ཅད་
ནི་དམ་ཚིག་གི་ཕྱག་རྒྱ་ཐམས་ཅད་གྲུབ་པའོ། །དགོས་པ་ཐམས་ཅད་ནི་ལས་ཀྱི་ཕྱག་རྒྱ་ཐམས་ཅད་གྲུབ་པ་སྟེ། འདི་ཉིད་ཀྱིས་དོན་བཞི་པོ་ཉིད་སྟོན་པར་གྱུར་པ་ཡིན་ནོ། །ལུས་དང་ངག་དང་སེམས་ཐམས་ཅད་རྡོ་རྗེའི་དངོས་གྲུབ་དམ་པ་ཐོབ་ནས་ཞེས་བྱ་བ་ནི་ལུས་དང་ངག་དང་སེམས་
ཐམས་ཅད་རྡོ་རྗེ་ཉིད་ཐོབ་པས་བྱང་ཆུབ་ཀྱི་སེམས་ཆེན་པོ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོབ་པ་ནས། དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར་རོ། །མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་
མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཆེན་པོ་ལ་སོགས་པ་འདིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྟོགས་པར་འགྱུར་རོ། །དེ་ལྟར་ན་དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས་བརྩམས་ཏེ། མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་
ཞེས་བྱ་བའི་བར་གྱི་བཤད་པས་ནི་ཏིང་ངེ་འཛིན་དང་པོ་གསུངས་པའོ། །ད་ནི་དེ་ནས་དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པས་ནི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ཏེ། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པར་མཛད་པའི་ཕྱིར། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་
དཀྱིལ་འཁོར་སྤྲུལ་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་རྡོ་རྗེ་ཁུ་ཚུར་ལ་བསྐུལ་བ་དང་། དེའི་རྗེས་ཐོགས་ཉིད་ལ་དཀྱིལ་འཁོར་བསྐྱེད་པར་བྱ་བའི་ཕྱིར་སྙིང་པོ་འདི་གསུངས་པའོ། །དམ་ཚིག་ཆེན་པོ་ཕྱག་རྒྱ་ཡོངས་སུ་འཛིན་པས་ཞེས་བྱ་བ་ནི། ཕྱག་གཉིས་དམ་ཚིག་གི་ཁུ་ཚུར་གྱི་ཕྱག་རྒྱ་འཆིང་
བར་མཛད་པ་སྟེ། རྡོ་རྗེ་སྲ་བའི་ཕྱག་རྒྱ་ཐམས་ཅད་ནི་རྡོ་རྗེ་ཁུ་ཚུར་གྱི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་ཕྱག་རྒྱ་ཆེན་པོའོ། །དེ་རྣམས་ཀྱི་དངོས་གྲུབ་ནི་སྤྲུལ་པ་རྫོགས་པར་འགྱུར་བའོ། །དེའི་དམ་ཚིག་ནི་རྫོགས་པར་བྱེད་པའི་རྒྱུ་སྟེ། མིང་དེ་སྐད་ཅེས་བྱ་བའི་སྙིང་པོ་འདིས་གསུངས་པ་ནི། ཨ་ཞེས་

བྱ་བའོ། །དེ་ནས་འདི་གསུངས་པ་ཙམ་གྱིས། བཅོམ་ལྡན་འདས་ཀྱིས་སེམས་ཅན་ཐམས་ཅད་རྒྱས་བཏབ་པའོ་ཞེས་བྱ་བར་སྦྱར་ཏེ། །ཨ་ཞེས་བྱ་བ་གསུངས་པ་ཙམ་གྱིས་དེ་བཞིན་གཤེགས་པ་ལ་སོགས་པ་དང་སེམས་ཅན་ཐམས་ཅད་བཅོམ་ལྡན་འདས་རྡོ་རྗེ་སེམས་
དཔའ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་ཁུ་ཚུར་གྱི་ངོ་བོ་ཉིད་དུ་གྱུར་པས་ཕྱག་རྒྱ་ཆེན་པོ་དང་། ཆོས་དང་དམ་ཚིག་དང་ལས་ཀྱི་ཕྱག་རྒྱ་སྟེ། ཕྱག་རྒྱ་ཐམས་ཅད་ཀྱི་རྡོ་རྗེ་སེམས་དཔའ་ཉིད་དུ་ཕྱག་རྒྱ་ཆེན་པོ་དང་། ཆོས་དང་དམ་ཚིག་དང་། ལས་ཀྱི་ཕྱག་རྒྱ་བདག་ཉིད་སྐྱེད་པར་བྱེད་
པས་མི་ཕྱེད་པར་བྱས་པ་ནི་རྡོ་རྗེ་སེམས་དཔའ་སྟེ། དེར་གྱུར་པ་ནི་རྡོ་རྗེ་སེམས་དཔའ་ཉིད་དོ། །རྡོ་རྗེ་སེམས་དཔའ་དེའི་རྒྱུ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ལ་སོགས་པའི་དངོས་གྲུབ་མཆོག་གི་རྒྱུ་སྟེ། རྡོ་རྗེ་སེམས་དཔའ་སྐྱེད་པར་བྱེད་པ་དེས་སངས་རྒྱས་ཉིད་དམ། བྱང་ཆུབ་སེམས་དཔའ་
ཐོབ་པ་ཉིད་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་མཆོག་གི་རྒྱུས་རྒྱས་བཏབ་པས། དེ་བཞིན་གཤེགས་པ་ཐམས་ཅད་ལ་སོགས་པས་སེམས་ཅན་ཐམས་ཅད་རྒྱས་བཏབ་པའོ། །བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ། ཡང་ཞེས་བྱ་བའི་སྒྲ་ནི་ཉེ་བར་བསྡུ་བ་སྟེ། བཅོམ་
ལྡན་འདས་ཀྱིས་ཇི་སྐད་དུ་བཤད་པའི་དངོས་གྲུབ་ཀྱི་རྒྱུས་རྒྱས་བཏབ་པ་འབའ་ཞིག་ཏུ་མ་ཟད་ཀྱི། བཅོམ་ལྡན་འདས་ཀྱི་སྐུའི་གསང་བ་ལས། ཕྱག་རྒྱ་ཆེན་པོའི་ཚུལ་དུ་དམ་ཚིག་གི་སེམས་དཔའ་བྱུང་བ་དང་། གསུང་གི་གསང་བ་ལས་ལྗགས་ཀྱི་རིག་སྔགས་རྣམས་དང་། ཐུགས་ཀྱི་གསང་བ་
ལས་རྡོ་རྗེའི་གཟུགས་རྣམས་དང་། སྣ་ཚོགས་རྡོ་རྗེ་ལས་སྣ་ཚོགས་རྡོ་རྗེ་འཆང་བ་རྣམས་ཕྱུང་བའོ། །ཕྱུང་ནས་ཀྱང་དང་པོའི་དཀྱིལ་འཁོར་གྱི་ཚུལ་གྱིས་བཞུགས་པར་གྱུར་ཏོ་ཞེས་བྱ་བ་ནི་དེ་རྣམས་ཀྱིས་བཅོམ་ལྡན་འདས་རྡོ་རྗེ་ཁུ་ཚུར་ཡོངས་སུ་བསྐོར་ནས། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་
དཀྱིལ་འཁོར་གྱི་ཚུལ་དུ་བཞུགས་པའོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས་བརྩམས་ཏེ། བཞུགས་པར་གྱུར་ཏོ་ཞེས་བྱ་བའི་བར་གྱི་བཤད་པས་ནི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །དེ་ནས་འདུས་པ་ནས་བརྩམས་ཏེ། གསུམ་པ་ཡིན་པར་ཤེས་པར་བྱའོ། །དམ་ཚིག་དང་དབང་བསྐུར་

བ་ཐོབ་པ་རྣམས་ཀྱིས་བཟླས་བརྗོད་དང་བསྒོམ་པ་བྱའོ་ཞེས་བྱ་བ་འདིའི་ཆོ་ག་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པས་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་། སློབ་མ་ཞུགས་པ་ལ་སོགས་པའི་ལས་ཀྱི་ཆོ་ག་རྒྱས་པར་གསུངས་པ་ཡིན་ནོ། །དེ་ནས་ཞེས་བྱ་བའི་སྒྲ་ནི་སྔ་མ་བཞིན་
ནོ། །ཏིང་ངེ་འཛིན་གསུམ་གྱི་མཐར་སྙོམས་པར་ཞུགས་པར་མཛད་པའི་རྗེས་ཐོགས་ཉིད་ལ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ནི་སྔར་བཤད་པའོ། །དེ་ལས་བྱུང་བའི་རྡོ་རྗེ་ཁུ་ཚུར་གྱི་དཀྱིལ་
འཁོར་ནི་སེམས་ཅན་གྱི་ཁམས་རྣམས་རྒྱས་འདེབས་པས་ན་ཕྱག་རྒྱ་ཆེན་པོ་སྟེ། །དེ་ལ་དམིགས་པ་རྡོ་རྗེ་ལྟར་མི་ཕྱེད་པ་གང་ཡིན་པའི་ཏིང་ངེ་འཛིན་དེ་མངོན་སུམ་དུ་མཛད་པའོ། ཕྱག་རྒྱ་ཐམས་ཅད་ཀྱི་རྡོ་རྗེ་དམ་ཚིག་ཅེས་བྱ་བའི་དཀྱིལ་འཁོར་ཆེན་པོ་འདི་གསུངས་སོ་ཞེས་བྱ་བ་ནི་ཕྱག་
རྒྱ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་ཕྱག་རྒྱ་ཐམས་ཅད་དེ། ཕྱག་རྒྱ་ཆེན་པོ་དང་། ཆོས་དང་དམ་ཚིག་དང་། ལས་ཀྱི་ཕྱག་རྒྱ་རྣམས་སོ། །དེ་ཉིད་མི་ཕྱེད་པས་ན་རྡོ་རྗེའོ། །དེའི་དམ་ཚིག་ནི་རྡོ་རྗེ་ཁུ་ཚུར་གྱི་དཀྱིལ་འཁོར་ཏེ། མིང་དེ་སྐད་ཅེས་བྱ་བ་ནི་འདི་གསུངས་པའོ། །འདིས་ནི་
དོན་འདི་སྐད་སྟོན་པར་འགྱུར་ཏེ། །ཏིང་ངེ་འཛིན་གསུམ་པོ་ཇི་ལྟ་བ་བཞིན་དུ་བསྒོམས་པ་ནས་ཉེ་བར་བཟུང་སྟེ། ཇི་སྲིད་དཀྱིལ་འཁོར་མངོན་སུམ་དུ་མཐོང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་དེའི་རྗེས་ཐོགས་ཉིད་ལ་དཀྱིལ་འཁོར་འདི་བྲི་བར་བྱའོ། །ཕྱིའི་དཀྱིལ་འཁོར་ནི་
དང་པོའི་སྦྱོར་བས་བྲིས་ལ་ཞེས་བྱ་བ་ལ། འདི་དག་ནི་ཕྱིའི་དཀྱིལ་འཁོར་ཐམས་ཅད་ནི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་བཞིན་དུ་བྲི་བར་བྱའོ། །ནང་དུ་རྡོ་རྗེ་ཐིག་གི་འཁོར་ལོ་བྲིའོ་ཞེས་བྱ་བ་ནི་ཕྱིའི་དཀྱིལ་འཁོར་དེའི་དབུས་སུ་རྡོ་རྗེ་ཕྲེང་བ་ཟླུམ་པོར་བྲིའོ། །དེ་བཞིན་དུ་དེའི་དབུས་སུ་དཀྱིལ་
འཁོར་བརྒྱད་པར་ཐིག་བཏབ་པ་ལ་ཞེས་བྱ་བ་ནི་རྡོ་རྗེའི་ཐིག་གི་འཁོར་ལོའི་དབུས་སུ་ཤར་དང་། ནུབ་དང་། བྱང་དང་། ལྷོར་ཐིག་བཞི་བཏབ་པས་དཀྱིལ་འཁོར་བརྒྱད་པར་ཐིག་གདབ་པར་བྱའོ། །དེ་ནས་དེའི་དབུས་སུ་བཅོམ་ལྡན་འདས་རྡོ་རྗེ་ཁུ་ཚུར་གསེར་གྱི་མདོག་ཅན་རྡོ་རྗེ་རྩེ་ལྔ་པ་དང་

བཅས་པའི་དམ་ཚིག་གི་ཁུ་ཚུར་གྱི་ཕྱག་རྒྱ་གཉིས་ཀྱིས་འཆིང་བར་མཛད་པ། ཞལ་རྣམ་པར་བཞད་པ་སྟེ། ཅུང་ཟད་འཛུམ་པ་དང་བཅས་པས། ཨ་ཞེས་བྱ་བས་ཡང་དག་པར་གཞག་པར་བྱའོ། །དེ་བཞིན་དུ་རྡོ་རྗེའི་སྐུ་མཆོག་ཅེས་བྱ་བ་ནས་བརྩམས་ཏེ། ཇི་སྲིད་ལྷ་མོ་རྡོ་རྗེ་
ཞེས་བྱ་བའི་བར་དུ་ལྷ་ཐམས་ཅད་གནས་ཇི་ལྟ་བ་བཞིན་དུ་གཞག་པར་བྱའོ། །དེ་ནས་དམ་ཚིག་གི་ཁུ་ཚུར་ཡོངས་སུ་འཛིན་པས་ཞེས་བྱ་བ་ནི། དེ་ལྟར་དཀྱིལ་འཁོར་བྲིས་ནས་ཆོ་ག་ཐམས་ཅད་རྗེས་སུ་སྤྱོད་དེ། རྡོ་རྗེ་ཁུ་ཚུར་གྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། རང་ཉིད་འཇུག་པར་བྱའོ། །ཞུགས་
ནས་སློབ་དཔོན་མེད་པར་ཡང་ཕྱག་རྒྱ་ཐམས་ཅད་ཀྱི་སློབ་དཔོན་དུ་འགྱུར་རོ་ཞེས་བྱ་བ་ནི། གང་ཞིག་སློབ་དཔོན་ཡོད་པ་ལྟ་སྨོས་ཀྱང་ཅི་དགོས་པའོ། །དེ་ནས་བརྩམས་ཏེ་དངོས་གྲུབ་ཐམས་ཅད་དོན་ཡོད་པར་ཐོབ་པར་འགྱུར་རོ་ཞེས་བྱ་བ་ནི་དཀྱིལ་འཁོར་དུ་འཇུག་པ་ནས་ཉེ་བར་བཟུང་སྟེ། རྡོ་རྗེ་ཁུ་
ཚུར་གྱི་དཀྱིལ་འཁོར་ལས་གསུངས་པའི་དངོས་གྲུབ་རྣམས་དང་རིགས་གཞན་གྱི་དཀྱིལ་འཁོར་ལས་གསུངས་པ་རྣམས་ཀྱང་དོན་ཡོད་ཅིང་འབྲས་བུ་དང་བཅས་པས་ཐོབ་པར་འགྱུར་རོ། །ཕྱག་རྒྱ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་དབང་ཕྱུག་ཅེས་བྱ་བ་ལ། ཕྱག་རྒྱ་ཆེན་པོ་ལ་སོགས་པ་ནི་ཕྱག་རྒྱ་ཐམས་
ཅད་དེ། དེ་རྣམས་ཀྱི་ཡེ་ཤེས་ནི་ཆོས་ཐམས་ཅད་རང་བཞིན་གྱི་འོད་གསལ་བའོ་ཞེས་ངེས་པར་གྱུར་པའོ། །དེས་དབང་ཕྱུག་ཏུ་གྱུར་པ་ནི་རང་དབང་དུ་གྱུར་པའི་གཙོ་བོའོ། །མྱུར་བ་ནི་ཤིན་ཏུ་སྐྱེན་པ་ཉིད་དུའོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་
བར་འགྱུར་རོ་ཞེས་བྱ་བའོ། །དེ་ནས་ཐམས་ཅད་བྱས་ལ། བདག་ཉིད་ལ་གོ་བར་བྱ་བའི་ཕྱིར་སྐུ་གསུང་ཐུགས་ཀྱི་ཞེས་བྱ་བ་ལ་སོགས་པ་དམ་ཚིག་བརྗོད་པར་བྱའོ། །དེ་ཡང་སྐུ་དང་གསུང་དང་ཐུགས་རྣམས་ཀྱིས་གཟུགས་བརྙན་གྱི་སྦྱོར་བས་དེའི་ངོ་བོ་ཉིད་ཡིན་པས་ན་ཕྱག་རྒྱ་ཐམས་ཅད་ཅེས་
བྱ་བ་སྟེ། སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་བསྒོམ་པའི་ངོ་བོ་ཉིད་ཀྱི་སྦྱོར་བ་དེས་སྒྲུབ་པ་པོའི་རྒྱུད་ལ་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཕྱག་རྒྱ་ཐམས་ཅད་ཅེས་བྱ་བར་གྲགས་ཤིང་ངེས་པའོ། །གང་ཞིག་ཅེ་ན་དམ་ཚིག་སྟེ། ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ངོ་བོ་ཉིད་དོ། །འདིའི་ལས་ནི་ཅི་

ཞིག་ཡིན་ཞེ་ན་དངོས་གྲུབ་ཀུན་སྟེར་བའོ་ཞེས་བྱ་བ་སྟེ། བྱང་ཆུབ་ཀྱི་སེམས་ཆེན་པོ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ཅན་གྱིས་དངོས་གྲུབ་ཐམས་ཅད་སྟེར་བར་བྱེད་པས་ན། དངོས་གྲུབ་ཀུན་སྟེར་བའོ། །འདི་སྐད་
སྟོན་པར་འགྱུར་ཏེ། ཕྱག་རྒྱ་ཆེན་པོ་དང་། ཆོས་དང་དམ་ཚིག་དང་། ལས་དང་ཕྱག་རྒྱ་རྣམས་གཟུགས་བརྙན་གྱི་ཚུལ་གྱིས་བཅིང་བར་བྱའོ། །དེ་ནས་དེའི་ངོ་བོ་ཉིད་དུ་བསྒོམ་པའི་སྟོབས་ཀྱིས་རྣལ་འབྱོར་པ་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཕྱག་རྒྱ་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་འགྱུར་ཞིང་། བྱང་ཆུབ་ཀྱི་
སེམས་ལ་སོགས་པ་རྫོགས་པའི་རྒྱུར་འགྱུར་རོ། །སློབ་མ་གཞུག་པ་ཡང་དེ་བཞིན་ནོ་ཞེས་བྱ་བ་ནི་ཇི་ལྟར་སློབ་དཔོན་གྱི་འཇུག་པའི་ཆོ་ག་རྒྱས་པར་གསུངས་པ་དེ་བཞིན་དུ་སློབ་མ་རྣམས་ཀྱི་ཡང་དེ་བཞིན་དུ་ཤེས་པར་བྱའོ། །ཕྱག་རྒྱ་ཐམས་ཅད་ཀྱི་དཀྱིལ་འཁོར་ཞེས་བྱ་བ་ལ་ཕྱག་རྒྱ་ཐམས་ཅད་
ནི་རང་བཞིན་གྱི་འོད་གསལ་བ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་ལས་བྱུང་བའི་རྡོ་རྗེ་ཁུ་ཚུར་གྱི་དཀྱིལ་འཁོར་ནི་ཕྱག་རྒྱ་ཐམས་ཅད་ཀྱི་དཀྱིལ་འཁོར་ཞེས་བྱའོ། །ཐམས་ཅད་རྣམ་པར་གསལ་བར་བྱ་བའི་ཕྱིར་སླར་ཡང་བཤད་པར་བྱ་སྟེ། བཅོམ་ལྡན་འདས་རྡོ་རྗེ་ཁུ་ཚུར་གྱི་སྦྱོར་
བས་རྡོ་རྗེ་དབྱིངས་ལས་གསུངས་པའི་རྣལ་འབྱོར་ཆེན་པོ་བྱས་ལ། ཏིང་ངེ་འཛིན་གསུམ་བསྒོམ་པ་ནས་བརྩམས་ཏེ། ཇི་སྲིད་དཀྱིལ་འཁོར་མངོན་སུམ་དུ་མཐོང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་ཇི་སྐད་དུ་གསུངས་པའི་དཀྱིལ་འཁོར་གྱི་སའི་དབུས་སུ་ཏིང་ངེ་འཛིན་བསྒོམས་
ལ། བར་སྣང་གི་ཕྱོགས་སུ་སྔ་མ་བཞིན་དུ་བཞག་ནས་ཉི་མ་འཆར་བའི་དུས་སུ་ཐིག་གདབ་པར་བྱའོ། །འདིའི་ཕྱིའི་དཀྱིལ་འཁོར་ནི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དང་འདྲ་སྟེ། དེའི་ནང་དུ་དེའི་ཕྱེད་ཀྱི་ཚད་ཀྱི་ཟླུམ་པོའི་རྡོ་རྗེའི་ཐིག་ཀ་པ་བརྒྱད་དང་ལྡན་པར་ཐིག་ལེགས་པར་གདབ་པར་བྱའོ། །
དེ་ནས་ལེགས་པར་བྲི་བར་བྱ་སྟེ། ལྷ་ཐམས་ཅད་ཀྱི་གནས་སུ་སྣ་ཚོགས་པདྨ་བྲི་བར་བྱའོ། །དེ་ནས་དཀྱིལ་འཁོར་དབུས་མའི་ལྟེ་བའི་ཕྱོགས་སུ་གནས་པའི་པདྨ་ལ་བཅོམ་ལྡན་འདས་རྡོ་རྗེ་ཁུ་ཚུར་སྐུ་མདོག་སེར་པོ་ཞལ་འཛུམ་པ་དང་བཅས་པ། དམ་ཚིག་གི་ཁུ་ཚུར་གྱི་རྡོ་རྗེ་རྩེ་ལྔ་པ་འཛིན་ཅིང་

ཐུགས་ཀའི་ཕྱོགས་སུ་འཚིར་བ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དེ་བཞིན་གཤེགས་པ་ལ་སོགས་པའི་ཅོད་པན་གྱིས་དབང་བསྐུར་བ། ཞལ་ཤར་དུ་གཟིགས་པ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་གཞག་པར་བྱའོ། །དེའི་མདུན་དུ་རྡོ་རྗེ་ཡིད་ལས་བྱུང་བའི་
གནས་སུ་རྡོ་རྗེ་སྐུ་མཆོག་རྡོ་རྗེ་སེམས་དཔའི་སྐུའི་ཆ་ལུགས་འཛིན་པའོ། །གཡས་ཕྱོགས་སུ་ཀཱི་ལི་ཀཱི་ལའི་གནས་སུ་རྡོ་རྗེ་ལྗགས་རྡོ་རྗེ་སྨྲ་བའི་ཆ་ལུགས་འཛིན་པ་ཕྱག་ན་ལྕེ་བསྣམས་པའོ། །རྒྱབ་ཏུ་རྡོ་རྗེ་དྲན་པའི་གནས་སུ་བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་རྡོ་རྗེ་ཞེས་བྱ་བ་དམ་ཚིག་གི་ཕྱག་
རྒྱས་རྡོ་རྗེ་རྩེ་ལྔ་པ་བསྣམས་པ། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པའོ། །གཡོན་ལོགས་སུ་རྡོ་རྗེ་སྙེམས་པའི་གནས་སུ་བྱང་ཆུབ་སེམས་དཔའ་རྡོ་རྗེ་རྡོ་རྗེ་ཞེས་བྱ་བ་རྡོ་རྗེ་སྙེམས་པའི་སྐུའི་ཆ་ལུགས་འཆང་བ། དེའི་ཕྱག་རྒྱའི་ཚུལ་ཅན་ནོ། །ནང་གི་དཀྱིལ་འཁོར་དེ་ཉིད་ཀྱི་ཤར་ལྷོའི་མཚམས་སུ་ལྷ་མོ་
ཕྱག་རྒྱའི་ཁུ་ཚུར་ཞེས་བྱ་བ་རྡོ་རྗེ་ཁུ་ཚུར་གྱི་ཆ་ལུགས་འཆང་བ། དམ་ཚིག་གི་ཁུ་ཚུར་གྱིས་རྡོ་རྗེ་རྩེ་ལྔ་པ་ཐོགས་པ་བྲི་བར་བྱའོ། །ལྷོ་ནུབ་ཀྱི་མཚམས་སུ་ལྷ་མོ་རིན་ཆེན་གྱི་ཁུ་ཚུར་ཞེས་བྱ་བ་འཕགས་པ་ནམ་མཁའི་སྙིང་པོའི་ཆ་ལུགས་འཆང་བ་དང་། དམ་ཚིག་གི་རིན་པོ་ཆེའི་ཁུ་ཚུར་གྱིས་རྡོ་རྗེ་རིན་ཆེན་
འཛིན་ཅིང་བཞུགས་པའོ། །ནུབ་བྱང་མཚམས་སུ་བཅོམ་ལྡན་འདས་མ་ཡེ་ཤེས་ཀྱི་ཁུ་ཚུར་ཞེས་བྱ་བ་འཇིག་རྟེན་དབང་ཕྱུག་གི་ཆ་ལུགས་འཆང་བ། དམ་ཚིག་པདྨའི་ཁུ་ཚུར་གྱིས་པདྨ་བསྣམས་པའོ། །བྱང་ཤར་མཚམས་སུ་བཅོམ་ལྡན་འདས་མ་ལས་ཀྱི་ཁུ་ཚུར་ཞེས་བྱ་བ་དངོས་པོ་ཐམས་ཅད་རྡོ་རྗེ་
ལས་དང་འདྲ་བ་རྡོ་རྗེ་ཁུ་ཚུར་གྱིས་ལས་ཀྱི་ཕྱག་རྒྱ་སྣ་ཚོགས་རྡོ་རྗེ་བསྣམས་པ་བྲི་བར་བྱའོ། །ཤར་ཕྱོགས་ཀྱི་སྒོར་བཅོམ་ལྡན་འདས་མ་རྡོ་རྗེ་སྙེམས་མ་བདག་ཉིད་ཀྱི་དངོས་པོ་ཐམས་ཅད་རྡོ་རྗེ་སེམས་དཔའ་དང་འདྲ་བ་རྡོ་རྗེ་དང་དྲིལ་བུ་བསྣམས་པའོ། །ལྷོ་ཕྱོགས་ཀྱི་སྒོར་རྡོ་རྗེ་ལྗགས་མ་རྡོ་རྗེ་སྨྲ་
བ་དང་འདྲ་བ། རྡོ་རྗེ་ལྕེ་བསྣམས་པའོ། །ནུབ་ཕྱོགས་ཀྱི་སྒོར་ཏིང་ངེ་འཛིན་རྡོ་རྗེ་མ་ཏིང་ངེ་འཛིན་རྡོ་རྗེའི་ཆ་ལུགས་འཆང་བའོ། །བྱང་ཕྱོགས་ཀྱི་སྒོར་རྡོ་རྗེ་རྡོ་རྗེ་མ་རྡོ་རྗེ་ལས་དང་འདྲ་བའོ། །ཕྱིའི་དཀྱིལ་འཁོར་གྱི་མཚམས་བཞིར་ནི་སྒེག་མོ་ལ་སོགས་པ་བྲི་བར་བྱའོ། །འདིར་ལྷ་ཐམས་ཅད་ཀྱི་སྙིང་

པོ་ནི་ཨ་ཞེས་བྱ་བའོ། །དེ་ལྟར་དཀྱིལ་འཁོར་བྲིས་ལ། དེ་བཞིན་དུ་རྣལ་འབྱོར་ཆེན་པོ་བྱས་ལ། འཇུག་པའི་དམ་ཚིག་གི་ཕྱག་རྒྱས་ཡོངས་སུ་བཟུང་བའི་རྡོ་རྗེ་མེ་ཏོག་གི་ཡལ་ག་ལས་རྣམ་པར་རྒྱལ་བའི་བུམ་པ་དང་། ལྷ་ཐམས་ཅད་ཀྱི་བུམ་པ་དང་། གང་བའི་བུམ་པ་རྣམས་ལ་ཨ་ཞེས་བྱ་
བ་རེ་རེ་ཞིང་ལན་བརྒྱ་རྩ་བརྒྱད་ཡོངས་སུ་བཟླའོ། །དེ་ནས་དཀྱིལ་འཁོར་གྱི་སྒོ་བཞི་ཡོངས་སུ་ཕྱེ་སྟེ། རྡོ་རྗེ་བསྡུ་བ་བྱས་ལ་བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོ་བསྒོམ་ཞིང་བཅོམ་ལྡན་འདས་ལ་མཚན་བརྒྱ་རྩ་བརྒྱད་པས་ཀྱང་བསྟོད་ལ། གསང་བའི་ལྕགས་ཀྱུ་དང་། ཨ་ཞེས་བྱ་བས་བཅོམ་
ལྡན་འདས་འཁོར་དང་བཅས་པའི་དཀྱིལ་འཁོར་དུ་བཅུག་ནས། རྡོ་རྗེ་གནོད་སྦྱིན་གྱིས་བགེགས་བསལ་བ་བྱས་ཏེ་མཚམས་བཅིང་བ་དང་། དྲ་བ་དང་ར་བ་དག་བྱས་ལ། རྡོ་རྗེ་ཁུ་ཚུར་གྱིས་སྒོ་བཅིངས་ཏེ། རྡོ་རྗེ་སྲུང་བས་སྲུང་བ་ཐམས་ཅད་གོ་བསྐོན་ནས། ཨ་ཞེས་བྱ་བས་མཆོད་ཡོན་
ཕུལ་ཏེ། རྡོ་རྗེ་ཁུ་ཚུར་གྱི་དམ་ཚིག་གི་ཕྱག་རྒྱ་དང་། ཨཱཿ་དྲྀ་ཤྱ་ཞེས་བྱ་བས་འཁོར་དང་བཅས་པ་ལ་བལྟ་བར་བྱས་ལ། ཛཿཧཱུཾ་བཾ་ཧོཿས་མ་ཡ་སྟྭཾ་ས་མ་ཡ་སྟྭཾ་ཨ་ཧཾ་ཨ་ཞེས་ལན་གསུམ་བརྗོད་དེ་བསྒྲུབ་པར་བྱའོ། །རྡོ་རྗེ་བསྡམས་པ་ལས་མཐེའུ་ཆུང་གཉིས་ཀྱི་བར་དུ་མཐེ་བོང་བཅིངས་ལ་མཛུབ་
མོ་བཀུག་པ་འདི་ནི་དམ་ཚིག་རྡོ་རྗེ་ཁུ་ཚུར་གྱི་མཚན་ཉིད་དོ། །དེ་ནས་ལྕེ་ལ་རྡོ་རྗེ་ཇི་ལྟ་བ་བཞིན་དུ་བསམས་ལ། ཨ་ཞེས་བྱ་བ་ལྷ་ཐམས་ཅད་ཀྱི་ལྗགས་ལ་བསམ་པར་བྱ་སྟེ། འདི་ནི་འདི་ལྟར་ལྷ་ཐམས་ཅད་ཀྱི་ཆོས་ཀྱི་ཕྱག་རྒྱའོ། །རང་གི་སྙིང་གར་ཨ་ལས་སྣ་ཚོགས་རྡོ་རྗེ་བསམས་ལ། ལྷ་
ཐམས་ཅད་ཀྱི་ལས་ཀྱི་ཕྱག་རྒྱ་བཅིང་བར་བྱ་སྟེ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། གཅིག་ལ་གཅིག་བཙིར་བ་འདི་ནི་བཅོམ་ལྡན་འདས་རྡོ་རྗེ་ཁུ་ཚུར་གྱི་ལས་ཀྱི་ཕྱག་རྒྱའོ། །གཉི་ག་སྙེམས་པ་དང་བཅས་པས་བསྟོད་དེ་འཇོག་པ་འདི་ནི་རྡོ་རྗེའི་སྐུའི་མཆོག་གིའོ། །རྡོ་རྗེ་གཉིས་ཀར་བསྒྲེང་བ་
འདི་ནི་རྡོ་རྗེ་ལྗགས་ཀྱིའོ། །ཏིང་ངེ་འཛིན་མཆོག་ནི་ཏིང་ངེ་འཛིན་རྡོ་རྗེའོ། །རྡོ་རྗེ་གར་བསྐོར་ཏེ་བཀྲོལ་ལ་མཁུར་བ་དང་སྤྱི་བོར་འཇོག་པ་ནི་རྡོ་རྗེ་རྡོ་རྗེའོ། །རྡོ་རྗེ་ཁུ་ཚུར་གཉིས་ངེས་པར་བཙིར་བ་ནི་ལྷ་མོ་ཕྱག་རྒྱའི་ཁུ་ཚུར་གྱིའོ། །ནམ་མཁའི་སྙིང་པོའི་ལས་ཀྱི་ཕྱག་རྒྱ་ནི་ལྷ་མོ་བཅོམ་ལྡན་འདས་མ་ནོར་

བུའི་ཁུ་ཚུར་གྱིའོ། །གཡས་ཀྱིས་གཡོན་དབྱེ་བ་ནི་ལྷ་མོ་ཡེ་ཤེས་ཀྱི་ཁུ་ཚུར་གྱིའོ། །རྡོ་རྗེ་རྡོ་རྗེའི་ཕྱག་རྒྱ་ཉིད་ནི་ལྷ་མོ་ལས་ཀྱི་ཁུ་ཚུར་གྱིའོ། །སྒེག་མོ་ལ་སོགས་པའི་ནི་སྔར་བཤད་པའི་ལས་ཀྱི་ཕྱག་རྒྱ་ཉིད་དོ། །རྡོ་རྗེ་སྙེམས་མ་ལ་སོགས་པའི་ཡང་རྡོ་རྗེ་སྐུ་མཆོག་ལ་
སོགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་ལས་ཀྱི་ཕྱག་རྒྱ་རྣམས་གཟུང་བར་བྱའོ། །རང་གི་སྙིང་གར་རྡོ་རྗེ་རྩེ་ལྔ་པ་རྣམ་པར་བསམས་ལ། ཇི་ལྟར་བྲིས་པའི་རྗེས་སུ་འབྲངས་ནས། ཐམས་ཅད་ཀྱི་ཕྱག་རྒྱ་ཆེན་པོ་བཅིང་བར་བྱའོ། །ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཕྱག་རྒྱ་ཐམས་ཅད་
བཅོམ་ལྡན་འདས་ཀྱི་ཐུན་མོང་གི་སྙིང་པོ་ནི་འདིར་ཨ་ཞེས་བྱ་བ་ཡིན་ནོ། །དེ་