Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 59
Văn bản gốc(Tây Tạng)
Trang 5 / 16 (50.000 ký tự/trang)
འཁོར་བྲི་བའི་ཆོ་ག་དང་། གསང་བ་ཆེན་པོ་ལྔའི་དེ་ཁོ་ན་ཉིད་བཤད་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་ཆེན་པོ་ལྔའི་དེ་ཁོ་ན་ཉིད་ལྔ་དང་། རིགས་ཀྱི་དེ་ཁོ་ན་ཉིད་དང་རྡོ་རྗེ་རིགས་ཐམས་ཅད་ཀྱི་བདག་པོའི་དེ་ཁོ་ན་ཉིད་དང་། རྡོ་རྗེ་རིགས་ཀྱི་དེ་ཁོ་ན་ཉིད་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་དེ་ཁོ་ན་ཉིད་དང་། དེའི་རིགས་ཀྱི་དེ་ཁོ་ན་ཉིད་དང་། ནམ་མཁའི་སྙིང་པོའི་དེ་ཁོ་ན་ཉིད་དང་། དེའི་རིགས་ཀྱི་དེ་ཁོ་ན་ཉིད་དང་། རིགས་ཐམས་ཅད་ཀྱི་དབང་བསྐུར་བའི་དེ་ཁོ་ན་ཉིད་དང་། དཔལ་མཆོག་དང་པོའི་མཚན་མའི་དེ་ཁོ་ན་ཉིད་དང་། རིགས་ ཐམས་ཅད་ཀྱི་མཚན་མའི་དེ་ཁོ་ན་ཉིད་དང་། ཐམས་ཅད་འགུགས་པའི་དེ་ཁོ་ན་ཉིད་དང་། མཆོད་པ་ཆེན་པོ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་དང་། དངོས་གྲུབ་ཐམས་ཅད་ཀྱི་བྱིན་གྱིས་བརླབ་པའི་ཆོ་ག་རྒྱས་པའི་རྒྱུད་དང་། རང་གི་ལྷག་པའི་ལྷ་ཐམས་ཅད་ཀྱི་སྒྲུབ་པ་ཆེན་པོའི་རྒྱུད་དང་། ཐམས་ཅད་ སྒྲུབ་པ་པོ་ལ་སྤྲོ་བའི་རྒྱུད་ཡེ་ཤེས་རྣམས་གསུངས་པ་ཡིན་ནོ། །དེ་ནས་གཞུང་ལྷག་མ་རྣམས་ཀྱིས་དཀྱིལ་འཁོར་ཐམས་ཅད་ཇི་ལྟ་བ་བཞིན་གཤེགས་སུ་གསོལ་ཏེ། སྤྲུལ་པ་རང་གི་ལུས་ལ་ཉེ་བར་བསྡུ་བར་བྱས་ནས། བདག་ཉིད་ཀྱང་ཇི་ལྟ་བ་བཞིན་དུ་བསྲུངས་ལ། དེ་བཞིན་གཤེགས་ པ་ཐམས་ཅད་ཀྱིས་བདག་ཉིད་ལ་མཉེས་པས་ལེགས་སོ་ཞེས་བྱ་བ་བྱིན་ནས། སློབ་དཔོན་ལྡང་བར་བྱའོ་ཞེས་སྟོན་པ་ཡིན་ཏེ། དུམ་བུ་གཉིས་པའི་བསྡུས་པའི་དོན་རྫོགས་སོ།། །།ད་ནི་སོ་སོར་རྟོག་པའི་ཡེ་ཤེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཀྱི་ཕྱག་རྒྱའི་ངོ་བོ་ཉིད་རྟོག་པ་དང་ བཅས་པ་དང་། རྟོག་པ་མེད་པ་ཡིད་ཀྱི་རྣམ་པར་ཤེས་པའི་གཉེན་པོར་གྱུར་པ་དུམ་བུ་གསུམ་པའི་བསྡུས་པའི་དོན་བཤད་པར་བྱ་སྟེ། དེ་ནས་དང་པོའི་ཡིད་འོང་གནས་ཞེས་བྱ་བ་ནས་བརྩམས་ཏེ། གང་དུམ་བུ་གཉིས་པའི་བསྡུས་པའི་དོན་བཤད་པ་ལས། རྡོ་རྗེ་མེ་ལྟར་འབར་བའི་ཕྲ་མོའི་ གསང་བའི་ཆོ་ག་མ་གཏོགས་པ་དེ་དག་ནི་གསུམ་པའི་ཡང་ཡིན་པར་ཤེས་པར་བྱའོ། །གང་དག་ཁྱད་པར་གཞན་དག་ཡོད་པ་དེ་དག་ནི་ཕྱིས་བཤད་པར་བྱའོ། །དུམ་བུ་གསུམ་པའི་བསྡུས་པའི་དོན་རྫོགས་སོ།། །།ད་ནི་བྱ་བ་གྲུབ་པའི་ཡེ་ཤེས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱི་ ཕྱག་རྒྱའི་ངོ་བོ་ཉིད་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་ཀྱི་རྣམ་པར་ཤེས་པའི་གཉེན་པོར་གྱུར་པ་དུམ་བུ་བཞི་པའི་བསྡུས་པའི་དོན་བཤད་པར་བྱ་སྟེ། དེ་ནས་གནས་ཡིད་དུ་འོང་བར་ཞེས་བྱ་བ་ནས་བརྩམས་ཏེ། གང་དུམ་བུ་གཉིས་པའི་བསྡུས་པའི་དོན་བཤད་པ་ལས་རྡོ་རྗེ་མེ་ལྟར་ འབར་བའི་ཕྲ་མོའི་གསང་བའི་ཆོ་ག་མ་གཏོགས་པ་གཞན་པ་དེ་དག་ཐམས་ཅད་ནི་འདིའི་ཡང་ཡིན་པར་ཤེས་པར་བྱས་ལ། གང་འདི་ལ་ཁྱད་པར་དུ་གྱུར་པ་དེ་དག་ནི་ཕྱིས་བཤད་པར་བྱའོ། །དུམ་བུ་བཞི་པའི་བསྡུས་པའི་དོན་རྫོགས་སོ།། །།ཇི་སྐད་དུ་བཤད་པའི་བསྡུས་པའི་དོན་བཤད་པས། བཅོམ་ལྡན་འདས་དཔལ་མཆོག་དང་པོའི་རྡོ་རྗེ་འཛིན་པ་ཆེན་པོའི་བརྗོད་པར་བྱ་བ་བཤད་པ་ཡིན་ལ། དེ་སྟོན་པའི་སྒྲའི་ཚོགས་ནི་རྒྱུད་དེ་རྒྱུད་ནི་བརྗོད་པའོ། །དེ་ལྟར་ན་བརྗོད་པར་བྱ་བ་དང་། བརྗོད་པའི་མཚན་ཉིད་ནི་འབྲེལ་བའོ། །གདུལ་བྱ་རྣམས་དཔལ་མཆོག་དང་པོའི་རྡོ་རྗེ་འཛིན་པ་ཆེན་པོ་ ལ་འདོད་པ་བསྐྱེད་པ་ནི་དགོས་པའོ། །འདོད་པ་བསྐྱེད་པ་དེ་དག་ཀྱང་དཀྱིལ་འཁོར་དུ་འཇུག་པ་ལ་སོགས་པས་དེའི་ངོ་བོ་ཉིད་མངོན་སུམ་དུ་བྱས་པ་ནི་དགོས་པའི་ཡང་དགོས་པ་ཡིན་ནོ། །དེ་ལ་དཀྱིལ་འཁོར་གྱི་གྲངས་བཤད་པར་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དུམ་བུ་ལ་ནི་དཀྱིལ་ འཁོར་བཅོ་ལྔ་པའོ། །དུམ་བུ་གཉིས་པའི་རྩ་བའི་རྒྱུད་ལ་ནི་བཅུ་གཅིག་གོ། །དེ་ཉིད་རྟོག་པ་ཐམས་ཅད་ཀྱི་ཕྱི་མའི་རྒྱུད་དང་། རྩ་བའི་རྒྱུད་ལ་ནི་བཅུའོ། །ཡང་འདིའི་རིགས་ཀྱི་དཀྱིལ་འཁོར་ནི་དྲུག་གོ། །དུམ་བུ་གསུམ་པ་ལ་ནི་ཉི་ཤུ་རྩ་གཅིག་གོ། །དུམ་བུ་བཞི་པ་ལ་ ཡང་དཀྱིལ་འཁོར་ཉི་ཤུ་རྩ་གཅིག་ཡོད་དོ། །དེ་ལ་རྡོ་རྗེ་འཛིན་པ་ཆེན་པོའི་ནམ་མཁའི་ཁམས་ཐམས་ཅད་དང་མཉམ་པར་བཞུགས་ཤིང་རིགས་ཐམས་ཅད་ཀྱི་ངོ་བོ་ཉིད་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་གཟུགས་ཅན་སེམས་ཅན་རྣམས་ཀྱི་དོན་མཛད་པར་རོ་གཅིག་པ་ནི་དཔལ་ལོ། །དེ་ཉིད་ ནི་མཆོག་དང་པོ་སྟེ། མཆོག་ནི་ཕུལ་དུ་བྱུང་བའོ། །བསྐལ་པ་བཟང་པོ་ལ་སོགས་པ་ད་ལྟར་བྱུང་བ་ནས་ཐོག་མ་དང་ཐ་མ་མེད་པའི་ངོ་བོ་ཉིད་ཀྱིས་རྟག་པ་ཉིད་དུ་བཞུགས་པས་ན་དེའི་ཕྱིར་དང་པོ་ཞེས་བྱའོ། །དེ་སྟོན་པའི་དེ་ཁོ་ན་ཉིད་བཅུའི་མིང་གི་ཚོགས་ནི་རྒྱུད་ཅེས་བྱ་སྟེ། རྒྱུད་ནི་རྒྱུན་ཞེས་བྱ་བར་ བཤད། ཅེས་གསུངས་པའི་ཕྱིར་རོ། །དེ་ལ་དེ་ཁོ་ན་ཉིད་བཅུའི་དཀྱིལ་འཁོར་དང་། སྔགས་དང་ཕྱག་རྒྱ་དང་། བསྲུང་བ་དང་། སྤྱན་དྲང་བ་དང་། སློབ་དཔོན་གྱི་ལས་ཀྱི་དབྱེ་བ་དང་། སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་དང་། བཟླས་བརྗོད་དང་། བསྒོམ་པ་དང་། སྦྱིན་སྲེག་དང་། ཉེ་བར་བསྡུ་བ་དང་། མཆོད་ནས་སླར་གཤེགས་སུ་གསོལ་བའོ། །དཔལ་མཆོག་དང་པོའི་རྒྱུད་ཀྱི་བསྡུས་པའི་དོན་རྫོགས་སོ།། །།དེ་ལྟ་བུའི་དཔལ་མཆོག་དང་པོའི་རྒྱུད་སྡུད་པར་བྱེད་པས་བཅུའི་དབང་ཕྱུག་ལྕང་ལོ་ཅན་གྱི་ཕོ་བྲང་ན་གནས་པའི་རྡོ་རྗེ་འཆང་བས་བློ་ལ་གཞག་ནས་འདི་ སྐད་ཅེས་བྱ་བ་ལ་སོགས་པ་སྨྲས་སོ། །དེ་ལ་འདི་སྐད་ཅེས་བྱ་བ་ནི་ཡང་དག་པར་བསྡུས་པའི་བཤད་མ་ཐག་པའི་གཞུང་དང་དོན་གྱི་ངོ་བོ་ཉིད་ཅེས་བྱ་བའི་དོན་ཏོ། །བདག་གིས་ཞེས་བྱ་བ་ནི་བདག་ཉིད་ཡིན་པར་སྟོན་པ་སྟེ། བདག་ཉིད་ཀྱིས་ཐོས་ཀྱི་གཞན་ལས་བརྒྱུད་དེ་འོངས་པ་ནི་མ་ཡིན་ནོ་ཞེས་ བྱ་བའི་དོན་ཏོ། །ཐོས་པ་ཞེས་བྱ་བ་ནི་ཐོས་པའི་རང་བཞིན་གྱིས་ཤེས་རབ་འཁྲུལ་པ་མེད་པའི་རྣམ་པར་ཤེས་པས་ཐོས་ཀྱི་རྟོགས་པ་ནི་མ་ཡིན་ནོ་ཞེས་བྱ་བར་སྟོན་ཏེ། འདིས་ནི་བདག་ཉིད་ཀྱིས་མངོན་སུམ་དུ་ཐོས་པ་དང་། མཉམ་པར་གཞག་པ་ཡང་ཡིན་པར་སྟོན་ཏོ། །གང་གི་ཚེ་ཁྱོད་ཀྱིས་ཐོས་ ཤེ་ན། དུས་གཅིག་ན་ཞེས་བྱ་བ་སྨྲས་ཏེ། དུས་གཅིག་ནི་དུས་ཚོད་གཅིག་ན་ཐོས་ཀྱི། གཞན་དག་ཏུ་ནི་གཞན་དག་ཐོས་སོ་ཞེས་བྱ་བ་སྟེ། འདིས་ནི་བདག་ཉིད་ཐོས་པ་མང་བར་སྟོན་ཏོ། །ཡང་ན་དུས་གཅིག་ན་ཞེས་བྱ་བ་ནི་སྐད་ཅིག་མ་གཅིག་ལ་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་ཐོས་ པས། སྐད་ཅིག་མ་གཅིག་ལ་ཡང་དུས་གསུམ་གྱི་བསྐལ་པ་རྣམས་སོ་སོར་སྣང་བའམ། ཐམས་ཅད་ཤེས་པ་སྟེ། འདིས་ནི་བདག་ཉིད་ཚད་མའི་སྐྱེས་བུ་ཡིན་པར་སྟོན་ཏོ། །ཁྱོད་ཀྱིས་གང་ལས་གང་དུ་ཐོས་ཞེས་རྟོག་པ་དེ་དག་གི་ཕྱིར། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་འབྲེལ་པ་ནི་འདི་ཡིན་ཏེ། བཅོམ་ལྡན་འདས་གནས་གང་དུ་ཞུགས་ཤེ་ན། བཅོམ་ལྡན་འདས་ལྷའི་རྒྱལ་པོ་གཞན་འཕྲུལ་དབང་བྱེད་ཀྱི་གནས་ན་བཞུགས་ཏེ། དེ་ལས་བདག་གིས་རྒྱུད་ཐོས་སོ་ཞེས་པའོ། །ཉོན་མོངས་པ་དང་ལྷའི་བུ་དང་ཕུང་པོ་དང་འཆི་བདག་གི་མཚན་ཉིད་ཅན་དུ་ གནས་པའི་བདུད་རྣམས་བཅོམ་པས་ན། བཅོམ་ལྡན་འདས་སོ། །གང་གི་ཕྱིར་བཅོམ་ལྡན་འདས་དེ་ཡང་ཁྱད་པར་ཇི་ལྟ་བུ་ཞིག་ལས་ཁྱོད་ཀྱིས་ཐོས་ཤེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ལ་དེ་བཞིན་གཤེགས་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་ པས་དེ་བཞིན་གཤེགས་པ་ཐམས་ཅད་དེ། འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་སངས་རྒྱས་རྣམས་ཀྱི་སེམས་དང་སེམས་ལས་བྱུང་བ་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཉིད་དོ། །དེ་ཉིད་ནི་གཟུང་བ་དང་འཛིན་པའི་རྣམ་པ་ཅན་གྱི་རྣམ་པར་རྟོག་པ་འཇོམས་པས་ ན་རྡོ་རྗེའོ། །དེ་རྣམས་ཀྱི་བྱིན་གྱི་རླབས་ནི་སྔོན་གྱི་འཕེན་པའི་ཤུགས་སོ། །དེའི་དམ་ཚིག་ནི་དེ་བཞིན་གཤེགས་པའི་རིགས་ཏེ། དེ་ལས་སྐྱེས་པའོ། །གང་ལས་སྐྱེས་ཤེ་ན། རྟག་ཏུ་དྲི་མེད་ཐུགས་རྗེའི་ཤུགས་ལས་བྱུང་། །སྨོན་ལམ་གྲུབ་པ་མི་འགག་ཆོས་ཉིད་ཅན། །འགྲོ་བའི་དོན་བསྒྲུབ་ བརྩོན་འགྲུས་མཐའ་ཡས་པ། །ཐུགས་རྗེའི་བདག་ཉིད་རྟག་ཏུ་རྣམ་པར་སྣང་། །ཞེས་གསུངས་པའི་ཕྱིར་རོ། །འདི་དག་ལ་དམ་ཚིག་དང་མཁྱེན་པ་ནི། རྡོ་རྗེ་སེམས་དཔའ་དང་། རྡོ་རྗེ་ཡིད་ལས་བྱུང་བ་ལ་སོགས་པ་དེ་སྣ་ཚོགས་ཤིང་། རྣམ་པ་ཐ་དད་པའི་བྱེ་བྲག་གིས་ཕྱག་རྒྱ་ཆེན་པོ་ལ་སོགས་པར་ རྣམ་པར་ངེས་པའི་ངོ་བོ་སྟེ། དེ་དག་ཐམས་ཅད་དང་ལྡན་པ་ནི་བཅས་པའོ། །འདིས་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་རིགས་ཐུགས་སུ་ཆུད་པ་དང་། དམ་ཚིག་མཁྱེན་པ་ཉིད་དུ་སྟོན་ཏོ། །གསང་སྔགས་ཀྱི་སྒོར་སྤྱད་པ་སྤྱོད་པ་རྣམས་ཀྱིས་ཀྱང་། དམ་ ཚིག་ཤེས་པ་ཉིད་དུ་བྱའོ་ཞེས་སྟོན་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་དུ་མི་གཉིས་པའི་སེམས་དང་སེམས་ལས་བྱུང་བ་དེ་དག་ལས་བྱུང་བའི་རིན་པོ་ཆེའི་ཅོད་པན་དེས། འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་ མཚན་ཉིད་ཅན་གྱི་ཁམས་གསུམ་དུ་ཆོས་ཀྱི་རྒྱལ་པོའི་མཚན་མར་གྱུར་བའི་དབང་བསྐུར་བ་བརྙེས་ནས་ཁམས་གསུམ་ལ་སྤྱོད་པའི་སེམས་ཅན་རྣམས་ཆོས་ཉིད་ཀྱི་འཇིག་རྟེན་ལས་འདས་པའི་ལས་ལ་ངེས་པ་སྦྱོར་བས་ན་ཆོས་ཀྱི་རྒྱལ་པོའོ། །འདིས་ཀྱང་བཅོམ་ལྡན་འདས་ཀྱིས་རིན་པོ་ཆེའི་ རིགས་ཐུགས་སུ་ཆུད་ཅིང་དབང་བསྐུར་བ་བརྙེས་པར་སྟོན་ཏོ། །གསང་སྔགས་ཀྱི་སྒོ་ལ་སྤྱད་པ་སྤྱོད་པ་རྣམས་ཀྱིས་ཀྱང་དབང་བསྐུར་བ་དང་ལྡན་པས་ཤེས་པར་བྱའོ་ཞེས་སྟོན་པར་འགྱུར་བ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་དུ་གཉིས་སུ་ མེད་པའི་སེམས་དང་སེམས་ལས་བྱུང་བ་དེ་ཉིད་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཏེ། རྣལ་འབྱོར་ཆེན་པོ་དེ་གང་ལ་ཡོད་པ་དེ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན་པའི་རྣལ་འབྱོར་ཆེན་པོའོ། །དེ་ཡང་དབང་ཕྱུག་ཅེས་བྱ་བ་སྟེ། དབང་ཕྱུག་དང་ལྡན་པས་ན་དེ་བཞིན་གཤེགས་པ་ཐམས་ ཅད་ཀྱི་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན་པའི་རྣལ་འབྱོར་ཆེན་པོའི་དབང་ཕྱུག་གོ། །འདིས་ཀྱང་བཅོམ་ལྡན་འདས་པདྨའི་རིགས་ཐུགས་སུ་ཆུད་ཅིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གནས་པ་མཁྱེན་པས་ན་རྣལ་འབྱོར་གྱི་དབང་ཕྱུག་ཅེས་བཤད་པ་ཡིན་ལ། གསང་སྔགས་ཀྱི་སྒོ་ལ་ སྤྱད་པ་སྤྱོད་པ་རྣམས་ཀྱིས་ཀྱང་རྣལ་འབྱོར་ལ་དབང་ཕྱུག་ཏུ་གྱུར་པར་བྱའོ་ཞེས་སྟོན་པ་ཡིན་ནོ། །བཅོམ་ལྡན་འདས་དེ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྣལ་འབྱོར་ཆེན་པོ་ཇི་ལྟ་བ་བཞིན་དུ་ཐུགས་སུ་ཆུད་པས་རང་གི་དོན་ཕུན་སུམ་ཚོགས་པ་བརྙེས་ནས་དེ་བཞིན་དུ་གཞན་གྱི་དོན་མཛད་པའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་དོ། །དེ་ཉིད་ནི་ཕྱག་རྒྱ་ཐམས་ཅད་དེ་སེམས་ཅན་གྱི་ཁམས་རྣམས་བྱང་ཆུབ་ལ་བརྩོན་འགྲུས་ཀྱི་གཟུགས་བརྙན་བསྐྱེད་པའི་ཕྱིར་རྒྱས་འདེབས་ པའི་ཕྱིར་ཏེ། དེ་ཉིད་ནི་མཉམ་པ་ཉིད་དོ། །དེ་ཐུགས་སུ་ཆུད་པ་ནི་བརྙེས་པའོ། །སྣ་ཚོགས་ཞེས་བྱ་བ་ནི་སེམས་ཅན་གྱི་ཁམས་ཐམས་ཅད་ཀྱིའོ། །བྱ་བ་མཛད་དོ་ཞེས་བྱ་བ་ནི་མངོན་པར་འདོད་པའི་དོན་རྫོགས་པར་མཛད་པ་སྟེ། བྱ་བ་མཛད་པ་ཉིད་ཀྱིས་བྱ་བ་མཛད་པ་སྟེ། དེས་སེམས་ཅན་གྱི་ ཁམས་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་ཀྱི་རེ་བ་ཐམས་ཅད་ཅེས་བྱ་བ་རྣམ་པ་ཐམས་ཅད་དུ་ཕྱག་རྒྱ་ཆེན་པོ་ལ་སོགས་པ་འཐོབ་པར་སྲེད་པའོ། །དེ་ཡོངས་སུ་སྐོང་བ་ནི་མངོན་པར་འདོད་པ་ཐོབ་པའོ། །དེ་ཉིད་ནི་ཕྲིན་ལས་ཏེ་དེ་མཛད་པས་ན་རེ་བ་ཐམས་ཅད་ཡོངས་སུ་སྐོང་བའི་ཕྲིན་ལས་ མཛད་པའོ། །མ་ལུས་པའི་སྒྲ་བཤད་པ་ནི་མཐའ་དག་གི་མིང་མ་ཡིན་པ་ཡང་སྲིད་པ་ཉིད་ཡིན་ནོ། །དེ་བས་ན་ལུས་པ་མེད་པའི་སྒྲ་ནི་མཐའ་དག་གི་དོན་གྱི་མིང་ཡིན་ནོ། །ཡང་ན་མ་ལུས་པ་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུའོ། །ལུས་པ་མེད་པ་ནི་སེམས་ཅན་གྱི་ཁམས་ཐམས་ཅད་དོ་ ཞེས་བྱ་བར་བཤད་པར་བྱའོ། །གང་དུ་སེམས་ཅན་གྱི་ཁམས་ཐམས་ཅད་ཅེས་སྨོས་པའི་ཚིག་ཡོད་པ་དེར་ནི་འཇིག་རྟེན་གྱི་ཁམས་མ་ལུས་ཤིང་ལུས་པ་མེད་པ་ནས་སེམས་ཅན་གྱི་ཁམས་ཐམས་ཅད་ཅེས་བཤད་པར་བྱའོ། །འདིས་ཀྱང་བཅོམ་ལྡན་འདས་ཀྱིས་ལས་ཀྱི་རིགས་ཀྱང་ཐུགས་ སུ་ཆུད་དོ་ཞེས་ཀྱང་སྟོན་པ་ཡིན་ལ། གསང་སྔགས་ཀྱི་སྒོ་ལ་སྤྱད་པ་སྤྱོད་པས་ཀྱང་སེམས་ཅན་རྣམས་རྗེས་སུ་འཛིན་པར་བྱེད་པའི་རིག་སྔགས་གྲུབ་པས་དཀྱིལ་འཁོར་འདྲི་བ་ལ་སོགས་པའི་ལས་རྣམས་ལ་འཇུག་པར་བྱའོ་ཞེས་སྟོན་ཏོ། །དེ་ལྟར་གྱུར་པ་སུ་ཞིག་ཡིན་ཞེ་ན། ཐུགས་རྗེ་ཆེ་བ་རྣམ་པར་ སྣང་མཛད་ཆེན་པོ་ཞེས་བྱ་བ་སྨོས་ཏེ། མི་དམིགས་ཤིང་རང་གི་ངང་གིས་འབྱུང་བའི་ཐུགས་རྗེ་མངའ་བས་ན་ཐུགས་རྗེ་ཆེན་པོའོ། །དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་ཀྱི་ཚུལ་གྱིས་རྣམ་པར་མཛེས་ཤིང་སྣང་བར་མཛད་པས་ན་རྣམ་པར་སྣང་མཛད་དམ་རྣམ་པར་སྣང་མཛད་པ་ཉིད་ཡིན་པས་ན། རྣམ་པར་སྣང་མཛད་དོ། །དེ་ཉིད་ནི་ཆོས་ཀྱི་སྐུ་དང་། རྣམ་པར་སྨིན་པའི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུས་རྟག་པའོ། །འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དུས་གསུམ་ནི་དུས་གསུམ་མོ། །དུས་དེ་དག་ཏུ་མཉམ་པ་ཉིད་ཅེས་བྱ་བའི་སྤྲུལ་པའི་སྐུ་བཞུགས་ པའོ། །ཡང་ན་དུས་གསུམ་པོ་དག་གི་དུས་སུ་ཀུན་རྫོབ་ཀྱི་གཟུགས་ལ་བཞུགས་ཀྱི། དོན་དམ་པར་ནི་ཡོད་པ་མ་ཡིན་པས་དུས་གསུམ་གྱི་མཉམ་པ་ཉིད་ལ་བཞུགས་པའོ། །སྐུ་ཐམས་ཅད་ནི་རྣམ་པ་བཞི་སྟེ། ངོ་བོ་ཉིད་ཀྱི་སྐུ་དང་། རྣམ་པར་སྨིན་པའི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་ པའི་སྐུའོ། །དེ་སྐད་དུ། གང་འདི་རྒྱ་ཆེན་དུ་མ་ཡི། །ཁ་དོག་དབྱིབས་དང་གདན་རྣམས་དང་། །ཕྱག་མཚན་སྣ་ཚོགས་དབྱེ་བར་ནི། །སྐུ་ཡི་གསང་བ་འདི་ཞེས་བྱ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལ་དེ་བཞིན་གཤེགས་པའི་རིགས་ཐམས་ཅད་དང་རྡོ་རྗེའི་རིགས་ནི་ངོ་བོ་ཉིད་ཀྱི་སྐུའི་ཚུལ་ལོ། ། རིན་པོ་ཆེའི་རིགས་ཐམས་ཅད་ནི་རྣམ་པར་སྨིན་པའི་སྐུའི་ངོ་བོ་ཉིད་དོ། །པདྨའི་རིགས་ཐམས་ཅད་ནི་ལོངས་སྤྱོད་རྫོགས་པའི་སྐུའི་ངོ་བོ་ཉིད་དོ། །ལས་ཀྱི་རིགས་ཐམས་ཅད་ནི་སྤྲུལ་པའི་སྐུའི་ངོ་བོ་ཉིད་དོ། །ཡང་ཕྱག་རྒྱ་ཆེན་པོ་གཙོ་བོར་གྱུར་པ་བྱང་ཆུབ་ཀྱི་སེམས་དང་། མེ་ལོང་ལྟ་བུའི་ཡེ་ཤེས་ ཀྱི་བདག་ཉིད་ཅན་ནི་དེ་བཞིན་གཤེགས་པའི་རིགས་སོ། །དམ་ཚིག་ཕྱག་རྒྱ་གཙོ་བོར་གྱུར་པ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་བདག་ཉིད་ཅན་ནི་རིན་པོ་ཆེའི་རིགས་སོ། །རང་བཞིན་གྱིས་རྣམ་པར་དག་པའི་རིགས་ཅན་ཆོས་ཀྱི་ཕྱག་རྒྱ་གཙོ་བོར་གྱུར་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་དང་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་ནི་པདྨའི་རིགས་སོ། །སངས་རྒྱས་ཀྱི་སྤྲུལ་པས་འགྲོ་བའི་དོན་བྱས་པ་ལས་ཀྱི་ཕྱག་རྒྱ་གཙོ་བོར་གྱུར་པ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་ནི་ལས་ཀྱི་རིགས་ཡིན་པར་ཤེས་པར་བྱའོ། །རྡོ་རྗེའི་རིགས་ ཀྱང་བྱང་ཆུབ་ཀྱི་སེམས་ཀྱི་བདག་ཉིད་ཅན་ཡིན་པས་མི་བསྐྱོད་པའི་ངོ་བོ་ཉིད་ཡིན་པས་ན། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་ཅན་ཡིན་པར་ཤེས་པར་བྱའོ། །ཕྱི་རོལ་གྱི་རྡོ་རྗེའི་རིགས་རྣམས་ཀྱང་སྤྲུལ་པའི་སྐུའི་ངོ་བོ་ཉིད་ཡིན་པས་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་རང་བཞིན་ནོ། །དེ་སྐད་དུ། རྡོ་རྗེ་སེམས་ དཔའི་དབང་བསྐུར་བས། ངོ་བོ་ཉིད་སྐུར་ཤེས་པར་བྱ། །རྡོ་རྗེ་རིན་ཆེན་དབང་བསྐུར་བས། །དེ་བཞིན་མཚན་དང་དཔེ་བྱད་ཡིན། །རྡོ་རྗེ་ཆོས་ཀྱི་དབང་བསྐུར་བས། །ལོངས་སྤྱོད་རྫོགས་པའི་སྐུ་རུ་འདོད། །རྡོ་རྗེ་ལས་ཀྱི་དབང་བསྐུར་བས། །སྤྲུལ་པ་ཡི་ནི་སྐུ་རུ་འདོད། །ཅེས་གསུངས་པའི་ ཕྱིར་རོ། །གསུང་ཐམས་ཅད་ནི་རབ་ཏུ་དགའ་བ་དང་། རྡོ་རྗེ་དང་། ཁྲོ་བོ་དང་། ཏིང་ངེ་འཛིན་དང་། བཀའི་ཚིག་གི་བྱེ་བྲག་གིས་རྣམ་པ་ལྔའོ། །ཐུགས་ཐམས་ཅད་ནི་ཐུགས་ཀའི་ཟླ་བའི་དཀྱིལ་འཁོར་ལ་རང་གི་རིགས་ཀྱི་མཚན་མའི་ཕྱག་རྒྱ་རྣམས་ཏེ། དེ་དག་ཀྱང་མི་ཕྱེད་པར་མངའ་བས་ན་སྐུ་ དང་གསུང་དང་ཐུགས་ཐམས་ཅད་རྡོ་རྗེའོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་དངོས་པོ་ཐམས་ཅད་ཇི་ལྟར་གནས་པ་བཞིན་དུ་ཐུགས་སུ་ཆུད་ཅིང་སངས་རྒྱས་པས་ན་དེ་བཞིན་གཤེགས་པའོ། །ཡང་ན་དེ་བཞིན་དུ་གཞན་རྣམས་ལ་སྟོན་པར་མཛད་པས་ན་དེ་བཞིན་གཤེགས་པ་སྟེ། འདིས་ ཀྱང་གང་ལས་ཐོས་པའི་སྟོན་པ་པོ་དེ་ནི། སངས་རྒྱས་ཐམས་ཅད་བསྡུས་པར་གྱུར་པ་ནི་རྣམ་པར་སྣང་མཛད་ཡིན་ནོ་ཞེས་སྟོན་ཏོ། །དེ་ལྟར་བཅོམ་ལྡན་འདས་ཀྱི་ཡོན་ཏན་སྔོན་དུ་འགྲོ་བའི་བཤད་པ་བྱས་ནས། དེ་ལྟ་བུའི་ཡོན་ཏན་དང་ལྡན་པའི་བཅོམ་ལྡན་འདས་དེ་གང་ན་བཞུགས་ཞེས་རྣམ་པར་རྟོག་ པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པས་གནས་སྨྲས་པ་ཡིན་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཞུགས་ཤིང་བསྟན་པ་ཡིན་ཏེ་དེ་བས་ན་བསྔགས་པའོ། །བསྔགས་པར་གྱུར་པ་ཉིད་ཀྱིས་ན་བསྟོད་པ་སྟེ། དེར་ནོར་བུ་དང་རིན་པོ་ཆེ་ཆེན་པོ་སྟེ། ཡིད་བཞིན་གྱི་ནོར་བུ་ རིན་པོ་ཆེ་དང་། རིན་པོ་ཆེ་ཞེས་བྱ་བ་རྡོ་རྗེ་ལ་སོགས་པ་རྣམས་ཏེ། དེ་རྣམས་ཀྱིས་སྤྲས་པ་ནི་གང་དུ་མཛེས་པར་བྱ་བའི་ཕྱིར་སྤྲས་ཤིང་སྤེལ་བ་དེར་ཁ་དོག་སྣ་ཚོགས་པའི་དྲིལ་བུ་བཏགས་པ་དང་། དར་དང་། འཕན་དང་། མེ་ཏོག་གི་ཕྲེང་བ་དང་། རྔ་མ་དང་། དྲ་བ་དང་། དྲ་བ་ཕྱེད་པ་དང་། ཟླ་བ་རླུང་གི་ བསྐྱོད་པ་རྣམས་ཀྱིས་ཉེ་བར་མཛེས་པར་གྱུར་པས་བརྒྱན་པ་ཕྱོགས་བཅུ་ཐམས་ཅད་ན་གནས་པའི་འདོད་པའི་ཁམས་ཐམས་ཅད་ན་ལྷའི་རྒྱལ་པོ་གཞན་འཕྲུལ་དབང་བྱེད་ཀྱི་གནས་ན་བཞུགས་པའོ། །དེ་ལ་གཞན་རྣམས་ཀྱིས་སྤྲུལ་པའི་འདོད་པའི་ཡོན་ཏན་ལྔ་རྣམས་ཏེ། དེ་རྣམས་ལ་དབང་བསྐུར་ བའི་ངང་ཚུལ་ཅན་གང་ཡིན་པ་དེ་ནི་གཞན་འཕྲུལ་དབང་བྱེད་ཀྱ་ལྷ་རྣམས་སོ། །དེ་རྣམས་ཀྱི་བདག་པོའི་དང་པོའི་གནས་སུ་བཞུགས་པ་སྟེ། རྡོ་རྗེ་ལྷ་མོའི་ཚོགས་ཀྱི་དབུས་སུ་བཞུགས་པ། རབ་ཏུ་དགའ་བ་ཆེན་པོའི་སྐུ་འཛིན་པར་མཛད་པའི་རྡོ་རྗེ་འཆང་ཆེན་པོ་ནི་གཞན་ འཕྲུལ་དབང་བྱེད་ཀྱི་ལྷའི་རྒྱལ་པོའོ། །དེར་གྱུར་ནས་བཅོམ་ལྡན་འདས་བཞུགས་ཤིང་ནམ་མཁའ་ཐམས་ཅད་ལ་རབ་ཏུ་བཞུགས་པའི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་བཞུགས་གནས་སུ་བཅོམ་ལྡན་འདས་བཞུགས་སོ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ ཇི་ལྟར་ན་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་རྒྱལ་པོར་གྱུར་པ་དེ་ནི་འདིའི་འོག་ནས་བཤད་པར་བྱའོ། །འདིས་ཀྱང་གང་དུ་ཐོས་པ་དེ་སྟོན་པར་གྱུར་པ་ཡིན་ནོ། །དེ་ལྟར་ན་བཅོམ་ལྡན་འདས་ཀྱི་གནས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པ་བསྟན་ནས། ད་ནི་འཁོར་ཕུན་སུམ་ཚོགས་པ་བསྟན་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་བརྒྱ་དང་ཐབས་ཅིག་ཏུ་བཞུགས་པ་ལ་ཞེས་བྱ་བ་སྨོས་ཏེ། བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་དེ་དག་གི་ནང་ནས་སྒྲུབ་པའི་ཡན་ལག་ཏུ་གྱུར་པ་ནི་ཕྱག་ན་རྡོ་རྗེ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་སྟེ། རྭ་ནས་བཟུང་བའི་ཚུལ་གྱིས་སྟོན་པར་འདོད་ནས་འདི་ལྟ་ སྟེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་འདིའི་ཕྱག་ན་རྡོ་རྗེ་མངའ་བས་ན་ཕྱག་ན་རྡོ་རྗེའོ། །སྤྱན་གྱིས་རྣམ་པར་བལྟ་བ་ནི་སྤྱན་རས་གཟིགས་ཏེ། ཆོས་ཐམས་ཅད་ཀྱི་རང་བཞིན་རྣམ་པར་དག་པའོ་ཞེས་སོ་སོར་རྟོག་ཅིང་ཐམས་ཅད་ལ་སྐྱོབ་པའི་ཕྱིར་གཟིགས་པས་ན་སྤྱན་རས་གཟིགས་སོ། ། དབང་ཕྱུག་ནི་དེ་ལ་མངའ་བརྙེས་པའོ། །ནམ་མཁའ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །སྙིང་པོ་ནི་སྐྱེ་བའི་གནས་ཏེ། དེ་གང་ལ་ཡོད་པ་དེ་ནི་ནམ་མཁའི་སྙིང་པོའོ། །ཆོས་རྣམས་ནི་རང་བཞིན་གྱིས་འོད་གསལ་བའོ་ཞེས་བྱ་བ་བསྒོམ་པ་འདིས་ཆོས་ཐམས་ཅད་གཅིག་ཏུ་བྱེད་པའི་ཁུ་ཚུར་གང་ལ་ཡོད་ པ་དེ་ནི་རྡོ་རྗེ་ཁུ་ཚུར་ཏེ། དེ་བཞིན་ཉིད་བདེན་མི་སླུ་གང་། །རྡོ་རྗེ་ཁུ་ཚུར་དུ་བཤད་དོ། །ཞེས་གསུངས་པའི་ཕྱིར་རོ། །འཇམ་ཞིང་མཉེན་པའི་དཔལ་གང་ལ་ཡོད་པ་དེ་ནི་འཇམ་དཔལ་ཏེ། གཉིས་སུ་མེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའི་རྒྱུ་ལས་ངེས་པར་འབྱུང་བ་ཉིད་ཀྱིས་ན་ཉོན་ མོངས་པའི་རྩུབ་པ་དང་བྲལ་ཞིང་ན་ཚོད་ལོ་བརྒྱད་པའི་གཞོན་ནུའི་གཟུགས་མངའ་བའི་ཕྱིར་རོ། །སེམས་བསྐྱེད་མ་ཐག་པའི་རྗེས་ཐོགས་ཉིད་ལ་ཆོས་ཀྱི་འཁོར་ལོའི་དཀྱིལ་འཁོར་རབ་ཏུ་བསྐོར་ཞིང་སྤྲུལ་པའི་ངང་ཚུལ་གང་ལ་ཡོད་པ་དེ་ནི་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་ བའོ། །ནམ་མཁའ་ནི་གོ་འབྱེད་པ་སྟེ་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་ཉིད་ཀྱི་མཛོད་འདི་ལ་མངའ་བས་ན་ནམ་མཁའི་མཛོད་དོ། །ཕུང་པོའི་བདུད་དང་། ཉོན་མོངས་པའི་བདུད་དང་། འཆི་བ་དག་གི་བདུད་དང་། ལྷའི་བུའི་བདུད་ནི་བདུད་ཐམས་ཅད་དོ། །དེ་རྣམས་འཇོམས་ཤིང་མི་ སྣང་བར་མཛད་པའི་ངང་ཚུལ་གང་ལ་ཡོད་པ་དེ་ནི་བདུད་ཀྱི་སྟོབས་ཐམས་ཅད་རྣམ་པར་འཇོམས་པའོ། །དེ་ལ་བྱང་ཆུབ་ཏུ་སེམས་བསྐྱེད་པས་ནི་གསང་སྔགས་འགྲུབ་པར་འགྱུར་རོ་ཞེས་བསྟན་པར་བྱ་བའི་ཕྱིར་ཕྱག་ན་རྡོ་རྗེ་བསྟན་པ་ཡིན་ནོ། །ཆོས་ཐམས་ཅད་ནི་རང་བཞིན་གྱིས་རྣམ་པར་དག་ པའོ་ཞེས་ཆོས་ལ་བདག་མེད་པ་བསྒོམ་པ་དང་ལྡན་པས་འགྲུབ་པར་འགྱུར་རོ་ཞེས་བསྟན་པར་བྱ་བའི་ཕྱིར་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བསྟན་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་གཅིག་ཏུ་བྱ་བ་རང་བཞིན་གྱིས་འོད་གསལ་བ་ཤེས་ པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་པས་འགྲུབ་པར་བསྟན་པར་བྱ་བའི་ཕྱིར་རྡོ་རྗེ་ཁུ་ཚུར་བསྟན་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་པས་འགྲུབ་པའི་ཕྱིར། འཕགས་པ་འཇམ་དཔལ་བསྟན་པ་ཡིན་ནོ། །དཀྱིལ་འཁོར་དུ་འཇུག་པས་འགྲུབ་པར་འགྱུར་བའི་ཕྱིར་ སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་བསྟན་པ་ཡིན་ནོ། །མཆོད་པ་ཐམས་ཅད་ལ་འཇུག་པས་འགྲུབ་པར་བསྟན་པའི་ཕྱིར་ནམ་མཁའི་མཛོད་བསྟན་པ་ཡིན་ནོ། །བགེགས་ཐམས་ཅད་བཟློག་པར་ནུས་ན་འགྲུབ་པར་གསུངས་པའི་ཕྱིར་རྡོ་རྗེ་གནོད་སྦྱིན་བསྟན་པ་ཡིན་པར་བསྒྲུབ་ པའི་ཡན་ལག་སྟོན་པ་ཡིན་ནོ། །དེ་དག་ལ་སོགས་པ་ཞེས་བྱ་བ་ནི་གང་ལ་དེ་དག་གཙོ་བོར་གྱུར་པ་དེ་ནི་དེ་དག་ལ་སོགས་པ་སྟེ། དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་བརྒྱད་ཀྱིས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཡོངས་སུ་བསྐོར་ཞིང་ཀུན་ནས་འཁོར་བར་གནས་པའོ། ། མདུན་གྱིས་བལྟས་ནས་ཞེས་བྱ་བ་ནི་གུས་པས་ཁྱད་པར་དུ་ཕུལ་དུ་བྱུང་བའི་སེམས་ཀྱིས་ཡང་དག་པར་གནས་པའོ། །དེར་ཅི་ཞིག་མཛད་ཅེ་ན་ཆོས་སྟོན་ཏེ་ཞེས་བྱ་བ་སྨོས་ཏེ་དམ་པའི་ཆོས་སྟོན་པར་མཛད་ཅིང་རབ་ཏུ་འཆད་པར་མཛད་ཅེས་བྱ་བའི་དོན་ཏོ། །མཚན་ནི་ཇི་སྐད་ དུ་བཏགས་ཁྱད་པར་ནི་ཇི་ལྟ་བུ་དང་ལྡན་པའི་ཆོས་སྟོན་པར་མཛད་ཅེ་ན། ཐོག་མར་དགེ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དང་པོ་ཐོས་བཞིན་པའི་གནས་སྐབས་ན་ཡང་དད་པའི་རྒྱུར་འགྱུར་བས་ན་ཐོག་མར་དགེ་བའོ། །བར་དུ་བསམ་པའི་གནས་སྐབས་ན་ཡང་དགེ་བའི་རྒྱུར་གྱུར་པས་ན་བར་ དུ་དགེ་བའོ། །ཐ་མར་སྒོམ་པའི་ཤེས་རབ་ཀྱི་གནས་སྐབས་ན་ཡང་གྲོལ་བའི་རྒྱུར་གྱུར་པས་ན་ཐ་མར་དགེ་བའོ། །ཡང་ན་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་རྫོགས་པར་བྱེད་པས་ན་ཐོག་མར་དགེ་བའོ། །ལྷག་པའི་སེམས་ཀྱི་བསླབ་པ་རྫོགས་པར་བྱེད་པས་ན་བར་དུ་དགེ་བའོ། །ལྷག་ པའི་ཤེས་རབ་ཀྱི་བསླབ་པ་རྫོགས་པར་བྱེད་པས་ན་ཐ་མར་དགེ་བའོ་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་ཀྱི་སེམས་ལ་སོགས་པའི་ཚིག་གི་ངོ་བོར་གྱུར་པས་ན་དོན་བཟང་པོའོ། །ཚིག་ཙམ་མ་ཡིན་པའི་སྒྲ་ལ་སོགས་པའི་ཉེས་པ་དང་བྲལ་བས་ན་ཚིག་འབྲུ་བཟང་པོའོ། །ཆོས་དང་གང་ཟག་ཏུ་ འཛིན་པ་དང་བྲལ་བས་ན་མ་འདྲེས་པའོ། །ཐེག་པ་མ་ལུས་པ་ལྷག་པར་མོས་པའི་སེམས་ཅན་རྣམས་ཀྱི་མངོན་པར་འདོད་པའི་དོན་ཐོབ་པར་བྱེད་པས་ན་ཡོངས་སུ་རྫོགས་པའོ། །ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དུ་སྟོན་པའི་རང་བཞིན་ཡིན་པས་ན་ཡོངས་སུ་དག་པ་སྟེ། རབ་ཏུ་ དགའ་བའི་སའི་ངོ་བོ་ཉིད་ཅེས་བྱ་བའི་དོན་ཏོ། །འདི་ཉིད་བསྒོམ་པའི་ལམ་ལ་ཡང་དང་ཡང་དུ་མངོན་དུ་བྱེད་པ་ཡིན་པས་ན་ཡོངས་སུ་བྱང་བ་སྟེ། དེ་ལྟ་བུའི་རང་བཞིན་ཅན་གྱི་ཆོས་སྟོན་པར་མཛད་དོ་ཞེས་ཁྱད་པར་དུ་མཛད་ནས། ད་ནི་མིང་ཉིད་བསྟན་པར་བྱ་བའི་ཕྱིར་ཆོས་ཐམས་ཅད་ངོ་བོ་ཉིད་ ཀྱིས་རྣམ་པར་དག་པའི་སྒོ་ཞེས་བྱ་བ་སྨོས་ཏེ་ཆོས་ཐམས་ཅད་ནི་རབ་ཏུ་དགའ་བ་ལ་སོགས་པའོ། །དེ་རྣམས་ཀྱི་ངོ་བོ་ཉིད་རྣམ་པར་དག་པ་ནི་དེ་རྣམས་ཀྱི་དོན་དམ་པས་དངོས་པོ་མེད་པའི་ངོ་བོ་ཉིད་དོ། །དེའི་སྒོ་ནི་འཇུག་པའི་གནས་སོ། །དེ་ཡང་གང་གིས་མངོན་སུམ་དུ་བྱེད་པ་སྟེ། འདི་ ལྟར་རབ་ཏུ་དགའ་བ་རྣམ་པར་དག་པའི་གནས་འདི་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ་ཞེས་བྱ་བ་ལ་སོགས་པ་སྟེ་གང་གི་ཕྱིར་དེ་ཐོས་པ་ལ་སོགས་པའི་ཤེས་རབ་ཀྱིས་ཐོས་པ་དེ་ལ་ནི་དེ་སྐད་ཅེས་བྱ་ལ། མིང་འདི་སྐད་ཅེས་བྱ་བའི་གསང་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ ཚུལ་གང་ཡིན་པ་དེ་སྟོན་པར་མཛད་པའོ། །དེ་ལ་རབ་ཏུ་དགའ་བ་ལ་སོགས་པའི་དེ་ཁོ་ན་ཉིད་ཀྱི་རྣམ་པ་ནི་ཤེས་རབ་བོ། །དེའི་ཕ་རོལ་ཏུ་ཕྱིན་ཅིང་འགྲོ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། བྱང་ཆུབ་ཀྱི་སེམས་ལ་སོགས་པ་མངོན་སུམ་དུ་བྱེད་པའི་ངོ་བོ་ཉིད་རྣམ་པར་གྲོལ་བའི་ལམ་གྱི་ ཁྱད་པར་ཞེས་བྱ་བའི་དོན་ཏོ། །དེའི་ཚུལ་ནི་སྔར་བཤད་པ་ཉིད་དེ། དེས་དེ་ཐོབ་པ་གང་ཡིན་པ་དེ་ཡང་དག་པར་སྟོན་པ་ནི་རབ་ཏུ་འཆད་པར་མཛད་པའོ། །གང་འདི་སྟོན་པར་མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཡང་གང་ཞིག་ཡིན་ཞེ་ན། འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟར་ཞེས་བྱ་བ་ནི་དཔེ་ཉེ་བར་སྟོན་པའི་དོན་ཏོ། །ཤིན་ཏུ་དག་པས་ན་རབ་ཏུ་དགའ་བ་སྟེ། གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་དང་བྲལ་བའི་མི་དམིགས་པའི་ཐུགས་རྗེ་ཆེན་པོས་ཆགས་པའི་ངོ་བོ་ཉིད་དེ། དེ་བཞིན་ཉིད་ལས་གཟུགས་མ་ལུས་པར་སྟོན་པས་ཕྱི་མའི་མཐར་ཐུག་པའི་ བར་དུ་འགྲོ་བའི་དོན་ལ་སྤྱོད་པའོ། །དེ་སྐད་དུ་བཅོམ་ལྡན་འདས་རབ་ཏུ་དགའ་བ་ཇི་ལྟ་བུ་ལགས་ཞེས་པ་ལ། ཉེས་པ་མེད་པར་རྟག་ཏུ་འབྱུང་། །ཆགས་པ་ཀུན་ལ་རྗེས་སུ་དགྱེས། །དེ་ཉིད་ཀྱིས་གསང་བཅོམ་ལྡན་འདས། །འདོད་ཆགས་ཆེན་པོ་དགའ་བ་ཆེ། །ཞེས་བཀའ་སྩལ་བའི་ཕྱིར་ རོ། །དེའི་དེ་བཞིན་ཉིད་དུ་ཚུལ་གཅིག་པ་ནི་རྣམ་པར་དག་པའོ། །དེའི་གནས་ནི་བཞི་སྟེ། དེ་ཁོ་ན་ཉིད་བཅུའི་བདག་ཉིད་ཅན་ནོ། །འདིས་ནི་ཞེས་བྱ་བ་ནི་སྔ་མ་དང་སྦྱར་རོ། །འདི་ལྟ་སྟེ་ཞེས་བྱ་བ་ནི་ཚིག་གི་ཕྲད་དེ། བསྡུས་པའི་ཚིག་གིས་ཁ་སྐོང་བ་ལ་འཇུག་གོ། །དེ་ཡང་ཕ་རོལ་ཏུ་ཕྱིན་པ་དང་། ཡང་ དག་པར་སྦྱར་རོ། །བྱང་ཆུབ་པའི་ངོ་བོ་ཉིད་ལ་སེམས་དཔའ་ནི་བྱང་ཆུབ་སེམས་དཔའོ་ཞེས་ཉེ་བར་དགོངས་ཏེ། དེའི་འབྲས་བུའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེའི་གནས་ནི་སེམས་ཅན་གདུལ་བའི་རྟེན་ནོ། །དེའི་དོན་ནི་འདི་སྐད་སྟོན་པར་འགྱུར་ཏེ། གང་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་བྱང་ཆུབ་ཀྱི་ ངོ་བོ་ཉིད་ཀྱི་གནས་འདི་ནི་སེམས་ཅན་རྣམས་འདུལ་བའི་རྟེན་ཡིན་ཏེ། རབ་ཏུ་དགའ་བ་རྣམ་པར་དག་པའི་གནས་ཀྱིས་འདུལ་བར་བྱ་བ་རྣམས་འདུལ་བའོ། །འདིས་ནི་རབ་ཏུ་དགའ་བ་རྣམ་པར་དག་པའི་གནས་ཀྱིས་རྡོ་རྗེ་སེམས་དཔའི་ངོ་བོ་ཉིད་བཤད་པ་ཡིན་ནོ། །འདོད་ཆགས་ནི་ རྡོ་རྗེ་སེམས་དཔའ་ལ་སོགས་པ་བསྒོམ་པ་ལ་ཤིན་ཏུ་ཞེན་པའི་ཆགས་པ་སྟེ། འདོད་ཆགས་དམ་ཚིག་ཡིན་པར་བཤད། །ཆོས་ཀྱི་འདོད་པ་ཡིད་འོང་བ། །ཞེས་གསུངས་པའི་ཕྱིར་རོ། །འདོད་ཆགས་ཉིད་མདའ་ཡིན་པས་ན། འདོད་ཆགས་ཀྱི་མདའ་སྟེ་ཕྲ་མོར་འབིགས་པས་མདའ་ཞེས་བྱ་ ཞེས་བཤད་པ་དང་། ཡང་རྒྱུད་འདི་ཉིད་ལས། མཆོག་ཀུན་འབིགས་པས་གཅིག་པུ་ཉིད། །ཅེས་གསུངས་པའི་ཕྱིར་རོ། །དེའི་རྣམ་པར་དག་པ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །ཚིག་འདིས་ཀྱང་རྡོ་རྗེ་ཡིད་ལས་བྱུང་བའི་དོན་བསྟན་པ་ཡིན་ནོ། །རེག་པ་རྣམ་པར་དག་པ་ཞེས་བྱ་བ་ ལ་སོགས་པ་ལ་དེ་ལྟར་བསྒོམ་པ་དང་ལྡན་པ་ལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་མངོན་སུམ་དུ་བྱེད་པ་ནི་རེག་པ་སྟེ། དེ་སྐད་དུ། བདེ་བ་ཐམས་ཅད་དངོས་གྲུབ་མཆོག །ཅེས་གསུངས་པའི་ཕྱིར་རོ། །ལྷག་མ་རྣམས་ནི་སྔ་མ་བཞིན་ནོ། །འདིས་ཀྱང་རྡོ་རྗེ་རྩེ་མོ་ཅན་གྱི་ངོ་བོ་ཉིད་བཤད་པ་ཡིན་ནོ། ། སྡུག་པའི་འཆིང་བ་རྣམ་པར་དག་པ་ལ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་ངོ་བོ་ཉིད་མངོན་སུམ་དུ་བྱས་ནས་འཁོར་བ་ཇི་སྲིད་པར་ཡོངས་སུ་མི་གཏོང་བ་ནི་སྡུག་པའོ། །དེ་ཉིད་ནི་འཆིང་བ་སྟེ། རབ་ཆགས་འཆིང་བ་ཆུ་སྲིན་འདྲ། །དེས་འདི་ཆུ་སྲིན་རྒྱལ་མཚན་ནོ། །ཞེས་གསུངས་ པའི་ཕྱིར་རོ། །ལྷག་མ་རྣམས་ནི་སྔ་མ་བཞིན་ནོ། །འདིས་ཀྱང་རྡོ་རྗེ་དྲན་པའི་དོན་བསྟན་པ་ཡིན་ནོ། །ཐམས་ཅད་ལ་དབང་ཕྱུག་དང་ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟར་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ངོ་བོ་ཉིད་ཡོངས་སུ་མི་གཏོང་བའི་སྡུག་པའི་འཆིང་བས་བཅིངས་པའི་རྣལ་འབྱོར་པས་བྱ་བ་ སྒྲུབ་པའི་ཡེ་ཤེས་ཀྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་འཁོར་བ་ཇི་སྲིད་དུ་འཛིན་པར་བྱེད་པས་ན། ཐམས་ཅད་ལ་དབང་ཕྱུག་དང་དབང་བྱེད་པ་ཞེས་བྱ་བ་གསུངས་པ་ཡིན་ཏེ། ལྷག་མ་ནི་སྔ་མ་བཞིན་ནོ། །འདིས་ཀྱང་རྡོ་རྗེ་སྙེམས་མའི་དོན་བསྟན་པ་ཡིན་ཏེ། དེ་སྐད་དུ། གཡོན་དུ་སྙེམས་པས་དབང་དུ་བྱེད། །ཅེས་གསུངས་པའི་ཕྱིར་རོ། །དེས་དེ་སྙེམས་པས་མཐོ་བའི་ཐུན་མོང་དུ་བཤད་པ་ཡིན་ནོ། །འདིར་ཡང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་དུ་ཤེས་པར་བྱ་སྟེ། དེའི་ངོ་བོ་ཉིད་ནི་བྱ་བ་སྒྲུབ་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། ། ལྟ་བ་རྣམ་པར་དག་པའི་གནས་ཞེས་བྱ་བ་ལ་སོགས་པ་ལ་ཇི་སྐད་དུ་གསུངས་པའི་འདོད་ཆགས་ཀྱི་མདས་ཆོས་ཀྱི་དབྱིངས་སོ་སོར་རྟོག་པར་བྱས་ནས། ཆོས་ཐམས་ཅད་བདག་མེད་པར་རབ་ཏུ་མཐོང་བའི་ལྟ་བ་ལ་བྱའོ། །གཞན་དག་ནི་གོ་སླའོ། །འདིས་ཀྱང་སྒེག་མོའི་དོན་གསུངས་པ་ ཡིན་ནོ། །དགའ་བ་རྣམ་པར་དག་པའི་གནས་ཞེས་བྱ་བ་ལ་སོགས་པ་ལ། སྔར་བཤད་པའི་ཚུལ་གྱིས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ངོ་བོ་ཉིད་མངོན་སུམ་དུ་བྱས་པའི་རེག་པ་རྣམ་པར་དག་པ་ལས་ཟག་པ་མེད་པའི་དགའ་བ་ཉེ་བར་འབྱུང་བར་འགྱུར་རོ། །གཞན་དག་ནི་གོ་སླའོ། །འདིས་ ཀྱང་བཞད་པའི་དོན་བཤད་པ་ཡིན་ནོ། །སྲེད་པ་རྣམ་པར་དག་པའི་གནས་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་དྲན་པའི་ངོ་བོ་ཉིད་ཀྱི་སྡུག་པའི་འཆིང་བའི་མ་འོངས་པའི་འདོད་པ་ཡོངས་སུ་མི་སྤོང་བའོ། །ལྷག་མ་རྣམས་ནི་གོ་སླའོ། །འདིས་ཀྱང་རྡོ་རྗེ་གླུ་མཁན་མའི་དོན་བཤད་པ་ཡིན་ནོ། །སྙེམས་ པ་ཞེས་བྱ་བ་ལ་སོགས་པ་ལ་དབང་ཕྱུག་གི་བདག་པོའི་སྙེམས་པས་ཁམས་གསུམ་མ་ལུས་པ་ན་སྤྱོད་པའི་སེམས་ཅན་གྱི་ཁམས་རྣམས་ཟིལ་གྱིས་མནན་ནས་རྣམ་པར་སྣང་བ་ནི་འདིར་བསྙེམས་པའོ། །ལྷག་མ་ནི་གོ་སླའོ། །འདིས་ཀྱང་རྡོ་རྗེ་གར་མཁན་མའི་དོན་བཤད་པ་ཡིན་ནོ། །རྒྱན་རྣམ་ པར་དག་པའི་གནས་ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་ཀྱི་ཡན་ལག་དང་བསམ་གཏན་གྱི་མེ་ཏོག་གི་རྒྱན་གྱིས་ལྟ་བ་རྣམ་པར་དག་པར་འགྱུར་ཏེ། དེ་བས་ན་ལྟ་བ་རྣམ་པར་དག་པའི་གནས་ཞེས་གསུངས་སོ། །གཞན་དག་ནི་གོ་སླའོ། །འདིས་ཀྱང་རྡོ་རྗེ་མེ་ཏོག་མའི་དོན་བཤད་པ་ཡིན་ནོ། །ཡིད་ ཚིམ་པར་བྱེད་པ་རྣམ་པར་དག་པའི་གནས་ཞེས་བྱ་བ་ལ་སོགས་པ་ལ། ཤེས་རབ་ཀྱིས་ཆོས་ཐམས་ཅད་བདག་མེད་པར་མཐོང་བས་དགའ་བ་ཉེ་བར་སྐྱེ་བར་འགྱུར་ཏེ། དེ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གདུག་པ་མ་ཡིན་པར་གསུངས་སོ། །ལྷག་མ་རྣམས་གོ་སླའོ། །སྣང་བ་རྣམ་པར་ དག་པའི་གནས་ཞེས་བྱ་བ་ལ་སོགས་པ་ལ་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ནི་སྣང་བས་ཆོས་ཐམས་ཅད་སྒྱུ་མ་ལ་སོགས་པའི་ངོ་བོར་རབ་ཏུ་མཐོང་བས་ན་ཆོས་ལ་སྲེད་པ་ཉེ་བར་འབྱུང་བར་འགྱུར་ཏེ། དེས་ན་སྣང་བ་རྣམ་པར་དག་པའི་གནས་ཞེས་གསུངས་སོ། །ལྷག་མ་ནི་ གོ་སླའོ། །འདིས་ཀྱང་རྡོ་རྗེ་མར་མེ་མའི་དོན་བསྟན་པ་ཡིན་ནོ། །ལུས་བདེ་བ་རྣམ་པར་དག་པའི་གནས་ཞེས་བྱ་བ་ལ་སོགས་པ་ལ་འཇིག་རྟེན་ལས་འདས་པའི་ཕུང་པོ་ལྔའི་ངོ་བོ་ཉིད་ནི་ལུས་སོ། །དེ་ཉིད་ནི་བདེ་བ་སྟེ། དེས་དགེ་བའི་སྙེམས་པ་ཉེ་བར་འབྱུང་བར་འགྱུར་ཏེ་དེ་བས་ན་དེ་ནི་འདིའི་ བཤད་པ་ཡིན་ཏེ། འདིས་ཀྱང་རྡོ་རྗེ་སྙེམས་མའི་དོན་བཤད་པ་ཡིན་ནོ། །ལྷག་མ་རྣམས་ནི་གོ་སླའོ། །གཟུགས་རྣམ་པར་དག་པའི་གནས་ཞེས་བྱ་བ་ལ་སོགས་པ་ལ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་བསྐྱེད་པར་བྱ་བའི་ཕྱིར། གདུལ་བྱ་རྣམས་ལ་གང་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐུ་ ཡང་དག་པར་སྟོན་པ། རྡོ་རྗེ་འཆང་ཆེན་པོས་མཛད་པ་དེ་ནི་གཟུགས་སོ། །ལྷག་མ་རྣམས་ནི་གོ་སླའོ། །སྒྲ་རྣམ་པར་དག་པའི་གནས་ཞེས་བྱ་བ་ལ་སོགས་པ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། ཆོས་སོ་སོ་ཡང་དག་པར་རིག་པའི་ངོ་བོ་ཉིད་ཀྱི་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་བཅུ་སྟོན་པར་མཛད་པའི་ངོ་བོ་ཉིད་གང་ཡིན་པ་དེ་ནི་སྒྲའོ། །གཞན་དག་ནི་གོ་བར་ཟད་དོ། །དྲི་ཞེས་བྱ་བ་ལ་སོགས་པ་ལ་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཆོས་བདག་མེད་པ་བསྒོམས་པས། ཤེས་བྱ་མ་ལུས་པ་དངོས་པོ་མེད་པའི་ངོ་བོ་ཉིད་ དུ་ཤེས་པའི་གྲགས་པའི་དྲི་གང་ཡིན་པ་དེ་ནི་དྲིའོ། །ལྷག་མ་རྣམས་ནི་གོ་སླའོ། །རོ་ཞེས་བྱ་བ་ལ་སོགས་པ་ལ། ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་དང་རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ངོ་བོ་ཉིད་ཀྱིས་ལུས་ཀྱི་བདེ་བ་རྣམ་པར་དག་པའི་གནས་ཐོབ་པར་བྱ་ བའི་ཕྱིར། གང་སྒེག་པ་ལ་སོགས་པའི་ཉམས་རྡོ་རྗེ་འཛིན་པ་ཆེན་པོ་རང་ཉིད་ཀྱིས་སྟོན་པར་མཛད་པ་དེ་ནི་རོ་ཞེས་བྱའོ། །ལྷག་མ་རྣམས་ནི་ཤེས་པར་ཟད་དོ། །ཚིག་བཞི་པོ་དེ་དག་གིས་རིམ་པ་ཇི་ལྟ་བ་བཞིན་དུ་རྡོ་རྗེ་གཟུགས་དང་། རྡོ་རྗེ་སྒྲ་དང་། རྡོ་རྗེ་དྲི་དང་། རྡོ་རྗེ་རོའི་དོན་བསྟན་པ་ཡིན་ནོ། །དེ་ ཡང་འདོད་པའི་ཁམས་ཀྱི་དབང་ཕྱུག་གདུལ་བར་བྱ་བའི་ཕྱིར། བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོས་གང་འདི་བཙུན་མོའི་འཁོར་གྱི་ནང་དུ་བཞུགས་པའི་རབ་ཏུ་དགའ་བ་ཆེན་པོའི་སྐུར་སྤྲུལ་པ་མཛད་པ་དེ་མཐོང་བ་དང་། འདོད་པའི་ཁམས་ཀྱི་དབང་ཕྱུག་དེའི་རང་ཉིད་ཀྱི་ཆུང་མའི་འཁོར་ཉིད་ལ་སྡུག་ བསྔལ་བསྐྱེད་པའི་བློ་སྐྱེས་ནས། བཅོམ་ལྡན་འདས་ལ་མངོན་པར་འདོད་པས་ཕྱག་བྱས་སོ། །དེ་བས་ན་བཅོམ་ལྡན་འདས་ཀྱི་སྐུ་འདི་ནི་གཟུགས་རྣམ་པར་དག་པའི་གནས་སོ་སྙམ་ནས། བཅོམ་ལྡན་འདས་ལ་ཇི་ལྟར་ན་ཁྱེད་ཀྱི་གཟུགས་ཕུན་སུམ་ཚོགས་པ་འདི་དག་ཐོབ་པར་འགྱུར་ཞེས་ཞུས་པ་ དང་། དེའི་ཕྱིར་དེ་གསུམ་ལ་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་བཀོད་ནས། དེ་ཉིད་ཀྱི་ཆེད་དུ་བཅོམ་ལྡན་འདས་གང་འདི་རབ་ཏུ་དགའ་བ་རྣམ་པར་དག་པ་ལ་སོགས་པ་སྟོན་པར་མཛད་པ་དེ་ནི་སྒྲའོ། །ཐོས་ནས་ཀྱང་དེའི་དོན་དེ་ལ་ལྷག་པར་མོས་པའི་ཡེ་ཤེས་ཀྱི་སྒྲ་རྟོགས་པ་ནི་ དྲིའོ། །དེ་ཉིད་ཤིན་ཏུ་ཡང་དེའི་རང་བཞིན་དུ་གྱུར་པ་ནི་རོའོ། །དེ་ནས་ཀྱང་བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་མེ་ཏོག་གི་བསམ་གཏན་མངོན་སུམ་དུ་བྱས་པ་ནི་རྒྱན་ནོ། །དེ་ནས་ངེས་པར་འབྱེད་པའི་མཚན་ཉིད་ཅན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁོང་དུ་ཆུད་པ་ནི་ཡིད་ཚིམ་པའོ། །དེ་ནས་སྣང་བ་ཐོབ་པ་ དང་། སྣང་བ་མཆེད་པ་དང་། དེ་ཁོ་ན་ཉིད་ཀྱི་དོན་ལ་ཕྱོགས་གཅིག་པ་ལས་བྱུང་བའི་བར་ཆད་མེད་པའི་ཏིང་ངེ་འཛིན་གྱི་ངོ་བོ་ཉིད་ཁོང་དུ་ཆུད་པ་ནི་སྣང་བའོ། །དེ་ཉིད་ཀྱིས་ནི་ཆོས་དང་གང་ཟག་ཏུ་རྟོག་པའི་དྲི་མ་དང་བྲལ་བས་ན་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཐོབ་པ་ནི་ལུས་བདེ་བའོ། །དེ་ནས་ཆོས་ཐམས་ཅད་ལ་བདག་མེད་པ་མཐོང་བ་ནི་ལྟ་བའོ། །དེའི་རྒྱུར་གྱུར་པ་རབ་ཏུ་མགུ་བ་ནི་དགའ་བའོ། །དེ་ནས་ཇི་ལྟར་མཐོང་བའི་ཆོས་བདག་མེད་པའི་ཡེ་ཤེས་ཡང་དང་ཡང་དུ་བསྒོམ་པ་ནི་སྲེད་པའོ། །བསྒོམ་པ་དང་རབ་ ཏུ་ལྡན་པའི་སྤྲོས་པའི་མཚན་ཉིད་ཅན་གྱི་དྲེགས་པ་ནི་སྙེམས་པའོ། །སྤྲོ་བར་གྱུར་པ་དེ་ལ་ཡང་ནས་ཡང་དུ་རབ་ཏུ་དགའ་བ་རྣམ་པར་དག་པ་ལ་སོགས་པ་ནི་འདོད་ཆགས་ཀྱི་མདའོ། །དེས་རབ་ཀྱི་མཐར་ཐུག་པའི་རབ་ཏུ་དགའ་བ་རྣམ་པར་དག་པ་ནི་རེག་པ་རྣམ་པར་དག་པ་སྟེ། བྱང་ཆུབ་ཀྱི་སེམས་ བདེ་བ་ཆེན་པོ་ལ་སོགས་པ་མངོན་སུམ་དུ་བྱས་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་ཀྱི་སེམས་ལ་སོགས་པ་མངོན་སུམ་དུ་བྱས་ནས་ཡོངས་སུ་མི་གཏོང་བར་ནུས་པ་ནི་སྡུག་པའི་འཆིང་བའོ། །དེས་ཀྱང་གཟུང་བ་དང་འཛིན་པ་ཀུན་དུ་སྦྱོར་བ་ལས་རང་བཞིན་གྱིས་འོད་གསལ་ བའི་རྣམ་པར་གྲོལ་བ་ཐོབ་ཅིང་ལྷུན་གྱིས་གྲུབ་པར་འཇུག་པའི་ལམ་ལ་གནས་པ་ཐོབ་པས་ཐམས་ཅད་ལ་དབང་ཕྱུག་དང་དབང་བ་ཉིད་ཐོབ་པ་སྟེ། རབ་ཏུ་དགའ་བའི་བདེ་བ་ཆེན་པོའི་གཙོ་བོས་བརྒྱན་པའི་དབང་ཕྱུག་ཏུ་གྱུར་པ་ནི། རབ་ཏུ་དགའ་བའི་བར་དུ་རྒྱུད་ལ་གསུངས་པ་ཡིན་ནོ། །འདི་ ལྟར་སྟོན་པར་མཛད་པ་ནི་ཡུལ་སྤངས་པས་ཐར་པ་ཐོབ་པར་འདོད་པས་སྐྲག་པ་རྣམས་ཀྱི་དབང་དུ་མཛད་ནས་གསུངས་པ་ཡིན་ཏེ། དེ་རྣམས་ཀྱི་འཁོར་བའི་མི་རྟག་པའི་གཟུགས་སྤངས་ནས་འདི་ན་ལྟ་བས་མི་ངོམས་པའི་གཟུགས་ཐོབ་སྟེ། བདེ་བ་ཆེན་པོ་རྗེས་སུ་མྱོང་བར་འགྱུར་རོ་ཞེས་བྱ་ བར་ངེས་པར་དགོད་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་བཤད་པའི་གཟུགས་ཡང་དག་པར་སྟོན་པར་མཛད་པ་ཡིན་ནོ། །གཟུགས་འདི་ནི་པི་ཝང་ལ་སོགས་པའི་སྒྲ་མེད་པར་བདེ་བ་ཆེན་པོ་འབྱུང་བར་མི་འགྱུར་རོ། །དེ་བས་ན་པི་ཝང་བརྡུངས་པ་ལ་སོགས་པས་སྒྲ་སྟོན་པར་ མཛད་པ་ཡིན་ནོ། །དྲི་མེད་པར་ཡང་མ་ཡིན་ནོ་ཞེས་བྱ་བར་བསྟན་པའི་ཕྱིར། ཕྱག་ན་དྲིའི་སྣོད་བསྣམས་པའོ། །དེ་ཡང་རོའི་སྣོད་མེད་པར་མ་ཡིན་པས་དེའི་ཕྱིར་ཕྱག་ན་རོའི་སྣོད་བསྣམས་པའོ། །མེ་ཏོག་གི་རྒྱན་མེད་པར་ཡང་དེ་བཞིན་ཏེ་དེ་བས་ན་ཕྱག་ཐལ་མོ་སྦྱར་བས་མེ་ཏོག་བསྣམས་ པའོ། །དེ་ཡང་བདུག་སྤོས་མེད་པར་ཡིད་ཚིམ་པར་མི་འགྱུར་བས་སྤོས་ཁང་འཛིན་པའི་ཕྱག་གིས་སྤོས་ཁང་བསྣམས་པའོ། །དེ་བཞིན་དུ་མུན་ནག་ཏུ་ནི་ཕན་ཚུན་མཐོང་བ་མེད་པས་དེའི་ཕྱིར་མར་མེ་བསྣམས་པར་མཛད་པ་ནི་མར་མེའོ། །དེ་ཡང་དྲིའི་བྱུག་པ་མེད་པར་ལུས་བདེ་བར་མི་འགྱུར་ བས་དུང་ཆོས་ཀྱི་ཕྱག་གིས་དྲི་བསྣམས་པའོ། །རྣམ་པར་སྒེག་མ་དང་བྲལ་བས་རབ་ཏུ་དགའ་བས་བདེ་བ་ཆེན་པོ་འབྱུང་བར་མི་འགྱུར་བས། དེའི་ཕྱིར་སྒེག་མ་དང་བཞད་པ་དང་། གླུ་ཆེན་པོ་དང་། གར་རྣམས་བྱེད་པས་རྣམ་པར་སྒེག་པར་གོ་རིམས་ཇི་ལྟ་བ་བཞིན་དུ་མིག་དགའ་བའི་སྡུག་པ་དང་། ལྟ་ བ་དང་མིག་གི་ཆགས་པ་དང་། དགའ་བ་དང་། མིག་གི་ཆགས་པའི་སྲེད་པ་དང་། མིག་གི་ཆགས་པ་འབྱུང་བའི་སྤྲོ་བའི་སྙེམས་པའི་ངོ་བོ་ཉིད་དུ་སྟོན་ཏེ་འདི་དག་ཀྱང་གཞན་མ་ཡིན་པར་གྱུར་པ་ཉིད་ནི་འཁྱུད་པར་བྱེད་པ་ཡིན་ཞིང་ནམ་ཡང་ཡོངས་སུ་མི་སྤོང་སྟེ། དེ་བས་ན་རྣམ་པ་ཐམས་ཅད་པ་འདི་ རྣམས་ལ་དབང་བརྙེས་པ་ཉིད་བསྟེན་པ་ཉིད་ཀྱིས་རབ་ཏུ་དགའ་བའི་བདེ་བ་ཆེན་པོ་འབྱུང་བར་འགྱུར་བས། འདོད་ཆགས་ཀྱི་མདའ་དང་རེག་པ་དང་། སྡུག་པའི་འཆད་བ་དང་བདག་པོར་གྱུར་པའི་གནས་ཀྱི་བསྟན་པ་ཡིན་ནོ། །དེ་སྐད་དུ་ཡུལ་སྤངས་པས་ཐར་པ་ཐོབ་པར་འདོད་པས་སྐྲག་པ་ཞེས་བྱ་ བའོ། །མདོ་ལས། བྲིན་དཱའི་གནས་ནི་ཉམས་དགའ་བས། །ཝ་ཉིད་གྱུར་ཀྱང་མཆོག་ཡིན་གྱིས། །གཽ་ཏ་མ་ཡུམ་རྣམས་སྤངས་པ་ཡི། །ཐར་པ་ནམ་ཡང་མི་འཚལ་ལོ། །ཞེས་གསུངས་ཏེ། གཏན་ཚིགས་དེའི་ཕྱིར་རབ་ཏུ་དགའ་བ་རྣམ་པར་དག་པའི་གནས་འདི་ནི་བྱང་ཆུབ་སེམས་དཔའི་ གནས་སོ་ཞེས་བྱ་བ་ནས། རོ་རྣམ་པར་དག་པའི་གནས་འདི་ནི་བྱང་ཆུབ་སེམས་དཔའི་གནས་སོ་ཞེས་རྒྱུ་གསུངས་པ་ཡིན་ནོ། །དེ་བཞིན་དུ་ཆོས་ཐམས་ཅད་ནི་རང་བཞིན་གྱིས་རྣམ་པར་དག་པའོ་ཞེས་བྱ་བ་ནི་གང་གི་ཕྱིར་རབ་ཏུ་དགའ་བ་ནས། རོའི་མཐར་ཐུག་པའི་ཆོས་ཐམས་ཅད་ནི་དོན་དམ་ པར་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་དང་བྲལ་བའོ། །དེ་བས་ན་རབ་ཏུ་དགའ་བ་རྣམ་པར་དག་པའི་གནས་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ་ཞེས་བྱ་བ་ནས། དེ་བཞིན་སུ་ཇི་སྲིད་དུ་རོ་རྣམ་པར་དག་པའི་གནས་འདི་ནི་བྱང་ཆུབ་སེམས་དཔའི་གནས་སོ་ཞེས་བྱ་བའི་བར་གྱིས་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པས་ཀྱང་རབ་ཏུ་དགའ་བ་ལ་སོགས་པ་རྣམ་པར་དག་པས་རྣལ་འབྱོར་པ་རྣམས་ཀྱིས་ཁོང་དུ་ཆུད་པར་བྱའི་གཞན་དུ་ནི་མ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར་དེ་དག་གསུངས་པ་ཡིན་ནོ། །ཆོས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། ཆོས་ཀྱང་ཡིན་ ལ་ཐམས་ཅད་ཀྱང་ཡིན་པས་ཆོས་ཐམས་ཅད་དེ། ཇི་སྐད་བཤད་པའི་རབ་ཏུ་དགའ་བའི་རྣམ་པར་དག་པ་ལ་སོགས་པའོ། །དེ་རྣམས་ཀྱི་ངོ་བོ་ཉིད་ཀྱི་རྣམ་པར་དག་པ་ནི་ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་ཏེ་དེ་བཞིན་ཉིད་ཅེས་བྱ་བའི་དོན་ཏོ། །དེ་ལྟ་བུའི་ངོ་བོ་ཉིད་ཀྱི་ཆོས་ཐམས་ཅད་རྣམ་པར་ དག་པའི་རྒྱུར་གྱུར་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ་ཞེས་བྱ་བ་སྟེ། འདིར་ཤེས་རབ་ནི་རབ་ཏུ་དགའ་བ་ལ་སོགས་པ་རྣམ་པར་དག་པའི་ཆོས་ཐམས་ཅད་རབ་ཏུ་རྣམ་པར་འབྱེད་པའི་མཚན་ཉིད་ཅན་ནོ། །དེའི་ཕ་རོལ་ཏུ་ཕྱིན་པ་ནི་སོན་པ་སྟེ། རབ་ཏུ་ དགའ་བ་ལ་སོགས་པའི་རྣམ་པར་དག་པ་ཁོང་དུ་ཆུད་པ་མངོན་སུམ་དུ་བྱས་པའི་ངོ་བོ་ཉིད་དོ། །དེ་ཡང་ཆོས་ཐམས་ཅད་དྲི་མ་དང་བྲལ་བ་ཉིད་ཀྱི་ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་དང་དབྱེར་མི་ཕྱེད་པའོ་ཞེས་བྱ་བའི་དོན་ཏོ། །ཡོངས་སུ་དག་པའོ་ཞེས་ བྱ་བ་ནི་ཁམས་གསུམ་པ་ལྟ་བུའི་བག་ཆགས་དང་བཅས་པའི་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའོ་ཞེས་བྱ་བའི་དོན་ཏོ། །འདིས་ནི་དོན་འདི་སྟོན་པར་འགྱུར་བ་ཡིན་ཏེ། གང་རབ་ཏུ་དགའ་བ་ལ་སོགས་པ་རྣམ་པར་དག་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་ཡིན་ ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་གང་ཡིན་པ་དེ་ནི་རབ་ཏུ་དགའ་བ་ལ་སོགས་པ་རྣམ་པར་དག་པ་ཡིན་ཏེ། དེ་ལྟར་ཡིན་པའི་གཏན་ཚིགས་དེས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་སུམ་དུ་བྱས་པས་རབ་ཏུ་དགའ་བ་ལ་སོགས་པའི་རྣམ་པར་དག་པ་ཐོབ་པར་འགྱུར་ཏེ། ཐ་མི་ དད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཤད་ནས་དེ་ལ་ཉན་པ་དང་སེམས་པ་ལ་སོགས་པ་དང་ལྡན་པ་རྣམས་སྤྲོ་བ་བསྐྱེད་པར་བྱ་བའི་ཕྱིར་ལག་ན་རྡོ་རྗེ་སུ་ལ་ལས་ཞེས་བྱ་བ་ལ་སོགས་པས་དེའི་ཕན་ཡོན་གསུངས་པ་ཡིན་ཏེ། ལག་ན་རྡོ་རྗེ་ཞེས་བྱ་བ་ནི་བོད་པའོ། །སུ་ ལ་ལས་ཞེས་བྱ་བ་ནི་ཐ་མལ་པའི་སྐྱེས་པ་དང་བུད་མེད་ལ་སོགས་པའི་ཚུལ་གསུངས་པ་ཡིན་ནོ། །ཆོས་ཐམས་ཅད་ཇི་སྐད་དུ་བཤད་པའི་རབ་ཏུ་དགའ་བ་ལ་སོགས་པའོ། །དེ་རྣམས་ཀྱི་ངོ་བོ་ཉིད་རྣམ་པར་དག་པའི་སྒོ་ནི་དེའི་གནས་ཀྱི་དཀྱིལ་འཁོར་ལ་སོགས་པའོ། །དེའི་བསྒྲུབ་པ་ནི་གང་གིས་ མངོན་སུམ་དུ་བྱེད་པར་འགྱུར་བ་སྟེ། དེ་ལ་ནི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་རྣམ་པར་དག་པའི་སྒོ་བསྒྲུབ་པ་ཞེས་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ནི་རབ་ཏུ་དགའ་བ་རྣམ་པར་དག་པ་ལ་སོགས་པའི་ངོ་བོ་ཉིད་ཇི་སྐད་དུ་བཤད་པའོ། །འདི་ཞེས་བྱ་བ་ནི་བཤད་མ་ཐག་པའི་རབ་ཏུ་དགའ་བ་ལ་ སོགས་པའི་རྣམ་པར་དག་པའི་ངོ་བོ་ཉིད་གཙོ་བོར་སྨོས་པ་གཟུང་བའི་ཚུལ་གྱིས་བློ་ལ་གཞག་ནས་སྨྲས་པའོ། །ལན་ཅིག་ཐོས་ན་ཡང་ཞེས་བྱ་བ་ནི་དེ་ལྟ་བུའི་ཚུལ་ལན་ཅིག་ཁོ་ནའོ། །ཐོས་པ་ནི་ཐོས་པའི་རང་བཞིན་གྱི་ཤེས་པས་བཟུང་བའོ། །ཡང་ཞེས་བྱ་བའི་སྒྲས་ནི་གང་གིས་ཡང་དང་ཡང་ དུ་ཐོས་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་སྟོན་ཏོ། །དེ་བྱང་ཆུབ་ཀྱི་སྙིང་པོའི་བར་དུ་ཞེས་བྱ་བ་ནི་ཉན་པ་པོ་དེ་ཐོས་པ་ནས་བརྩམས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་པར་མ་གྱུར་ཀྱང་། ཇི་སྐད་དུ་བཤད་པའི་སྒྲིབ་པ་ཐམས་ཅད་ལ་སོགས་པ་ཉེ་བར་ བསགས་པས། སེམས་ཅན་དམྱལ་བ་ལ་སོགས་པར་ནམ་ཡང་སྐྱེ་བར་མི་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །སྒྲིབ་པ་ཐམས་ཅད་དེ་ཞེས་བྱ་བ་ནི་བསྟན་པའོ། །ལྷག་མ་རྣམས་ནི་བཤད་པའོ། །དེ་ལ་འདོད་པ་ལ་འདུན་པ་དང་། གནོད་སེམས་དང་། གཉིད་དང་། རྨུགས་པ་དང་། རྒོད་པ་དང་། འགྱོད་པ་དང་། ཐེ་ཚོམ་སྟེ། སྒྲིབ་པ་དེ་རྣམས་ཆེན་པོ་འདོད་ཆགས་ལ་སོགས་པས་ཕྱེ་བའི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ནི་ཉོན་མོངས་པའི་སྒྲིབ་པའོ། །འཕགས་པའི་ལམ་སྐྱེ་བའི་གེགས་སུ་གྱུར་པ། དམ་པའི་ཆོས་སྤོང་བ་ལ་སོགས་པའི་ལས་ནི་ཆོས་ཀྱི་སྒྲིབ་པའོ། ། མཚམས་མེད་པ་ལྔ་ལ་སོགས་པ་ནི་ལས་ཀྱི་སྒྲིབ་པ་སྟེ། ཇི་སྐད་དུ་བཤད་པའི་སྒྲིབ་པ་དེ་དག་ཉིད་ཀྱི་ཆེ་བ་ནི་ཆེན་པོའོ། །བསགས་པ་ཞེས་བྱ་བ་ནི་སྦྱོར་བ་དང་། དངོས་གཞི་དང་། ཇི་སྐད་དུ་བཤད་པའི་སྒྲིབ་པའི་མཚན་ཉིད་ཅན་གྱི་ལས་རྣམས་བྱས་ནས་མངོན་པར་དགའ་བའོ། །ཀྱང་ཞེས་ བྱ་བའི་སྒྲ་ནི་ཤིན་ཏུ་ཆེ་བ་དང་ཆུང་བ་དང་། འབྲིང་ཙམ་དུ་བསགས་པའི་སྒྲིབ་པས་ཤིན་ཏུ་ཡང་ངན་འགྲོར་འགྲོ་བར་མི་འགྱུར་རོ་ཞེས་སྟོན་ཏོ། །སེམས་ཅན་དམྱལ་བ་ལ་སོགས་པ་ཞེས་བྱ་བས་ནི་མནར་མེད་པ་ལ་སོགས་པ་དམྱལ་བ་ཆེན་པོ་བརྒྱད་དང་། ཉེ་འཁོར་བ་རྣམས་ནི་དམྱལ་བའོ། ། དེ་ལ་སོགས་པ་གང་དག་ཡིན་པ་དེ་དག་ནི་དམྱལ་བ་ལ་སོགས་པའི་ངན་སོང་རྣམས་ཏེ། ཡི་དྭགས་རྣམས་དང་དུད་འགྲོ་རྣམས་སོ། །དེ་ལྟར་ན་དམྱལ་བ་ལ་སོགས་པ་ངན་སོང་དེ་རྣམས་སུ་སྐྱེ་བར་མི་འགྱུར་རོ། །ནམ་ཡང་ཞེས་བྱ་བ་ནི་རྣམ་གྲངས་གང་གིས་ཀྱང་མ་ཡིན་པའོ། །སྡིག་པ་ཡང་ བྱས་མ་ཐག་ཏུ་སྡུག་བསྔལ་མེད་པར་བྱང་བར་འགྱུར་རོ་ཞེས་བྱ་བ་ནི་གང་སྒྲིབ་པ་ཐམས་ཅད་སྦྱོང་བ་དང་། དངོས་གཞིའི་ལས་ཀྱི་ངོ་བོ་བྱས་མ་ཐག་ཏུ་ཞེས་པ་དེ་རྣམས་བྱས་པ་ཙམ་གྱིས་སྡུག་བསྔལ་མེད་པར་ཞེས་པ་སྡུག་བསྔལ་མེད་ཅིང་རིམས་ལ་སོགས་པའི་གནོད་པ་མ་བྱས་པར་ དེ་རྣམས་ཟད་པར་འགྱུར་ལ། བསགས་པ་རྣམས་ཀྱང་རིམས་ལ་སོགས་པའི་གནོད་པ་མི་བྱེད་དོ་ཞེས་སྟོན་པ་ཡིན་ནོ། །འདི་སྐད་སྟོན་པར་འགྱུར་བ་ཡིན་ཏེ་ཇི་སྐད་དུ་བཤད་པའི་སྒྲིབ་པ་རྣམས་ད་ལྟར་གྱི་ཚེ་འདི་ལ་ཆེན་པོ་ལ་སོགས་པ་བྱས་ཤིང་། མངོན་པར་དགའ་བ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ཐོས་ནས། དེའི་རིམས་ལ་སོགས་པ་གནོད་པ་བསྐྱེད་པ་དེ་རྣམས་ཟད་པར་འགྱུར་ཞིང་། བྱས་མ་ཐག་ཏུ་ཡང་སྡུག་བསྔལ་མེད་པར་འགྱུར་རོ། །སུ་ཞིག་འཛིན་པ་དང་ཞེས་བྱ་བ་ནི་གཞུང་དང་དོན་གྱི་ཚུལ་མི་བརྗེད་པའི་སྦྱོར་བས་སེམས་ལ་ཡང་དག་པར་འཇོག་པའོ། །ཉིན་རེ་ཞིང་ཀློག་པ་དང་ ཞེས་བྱ་བ་ནི་ཡི་དམ་ཡང་དག་པར་བླངས་ནས་ཉིན་རེ་ཞིང་གླེགས་བམ་དུ་བྱས་ནས་ཀློག་པར་བྱེད་པའོ། །ཁ་ཏོན་དུ་བྱེད་པ་དང་ཞེས་བྱ་བ་ལ་སོགས་པ་ནི་ཚིག་ཏུ་བཟུང་ནས་ཡང་དང་ཡང་དུ་སྦྱོར་ཞིང་འདོན་པ་ནི་ཁ་ཏོན་དུ་བྱེད་པའོ། །ཚུལ་བཞིན་ཡིད་ལ་བྱེད་པ་ཞེས་བྱ་བ་ནི་ཐོས་ནས་སེམས་པ་དང་སྒོམ་ པར་བྱེད་པའོ། །འམ་ཞེས་བྱ་བའི་སྒྲ་ནི་ཚུལ་བཞིན་ནམ་ཡིད་ལ་བྱེད་པ་ཞེས་རྣམ་པར་བརྟག་པའོ། །དེ་ཚེ་འདི་ཉིད་ལ་ཞེས་བྱ་བ་ནི་མཐོང་བའི་ཆོས་ལའོ། །ཆོས་ཐམས་ཅད་ཅེས་བྱ་བ་ནི་རབ་ཏུ་དགའ་བ་ལ་སོགས་པའོ། །དེ་རྣམས་ཀྱི་མཉམ་པ་ཉིད་ནི་ཇི་སྐད་དུ་བཤད་པ་ཉིད་དོ། །དེ་ལ་དམིགས་པའི་ སེམས་རྩེ་གཅིག་པ་ནི་རྡོ་རྗེའི་ཏིང་ངེ་འཛིན་ཏོ། །དེ་འཐོབ་པ་ནི་རྙེད་པར་གྱུར་པ་སྟེ། དེ་ཐོབ་པས་ཆོས་ཐམས་ཅད་ལ་དབང་དུ་གྱུར་པ་སྟེ། དེ་ཉིད་ནི་རབ་ཏུ་དགའ་བ་ལ་སོགས་པའི་རྣམ་པར་དག་པ་མངོན་སུམ་དུ་བྱེད་པ་ལ་མངའ་བདག་ཏུ་འགྱུར་བའོ། །དེ་ཡང་དངོས་སུ་ན་གཟུང་བ་དང་འཛིན་པར་རྣམ་པར་ རྟོག་པའི་གཞན་གྱི་དབང་དང་བྲལ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཆོས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལས་ཐོབ་པར་གྱུར་པའི་སྐད་ཅིག་མ་དང་པོ་ལ་སྐྱེས་པ་ནི་དགའ་བའོ། །སྐད་ཅིག་མ་གཉིས་པ་ལ་སྐྱེས་པ་ནི་མགུ་བའོ། །སྐད་ཅིག་མ་གསུམ་པ་ལ་སོགས་པར་སྐྱེས་པ་ནི་མཆོག་ཏུ་ དགའ་བ་སྟེ་ཐམས་ཅད་ལ་དགའ་བ་དང་མགུ་བ་དང་མཆོག་ཏུ་དགའ་བ་དག་ནི་དགའ་བ་དང་མགུ་བ་དང་མཆོག་ཏུ་དགའ་བ་དག་སྟེ། དེ་རྣམས་མྱོང་བར་འགྱུར་ཞིང་མངོན་སུམ་དུ་བྱེད་པར་འགྱུར་རོ། །རྡོ་རྗེ་གཟུགས་ནས་བརྩམས་ཏེ། རྡོ་རྗེ་སྙེམས་པའི་བར་གྱི་བྱང་ཆུབ་སེམས་དཔའ་བཅུ་དྲུག་ ནི་བྱང་ཆུབ་ཆེན་པོའི་སེམས་དཔའི་ངོ་བོ་ཉིད་ཡིན་པས་བྱང་ཆུབ་སེམས་དཔའ་ཆེན་པོའོ། །དེ་རྣམས་ཀྱི་ཚེ་ནི་རྣལ་འབྱོར་པས་དེའི་རང་བཞིན་མངོན་པར་རྟོགས་ནས། བྱང་ཆུབ་སེམས་དཔའ་ཆེན་པོ་དེ་དག་གི་ཚེ་བཅུ་དྲུག་གིས་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་རྡོ་རྗེའི་ཏིང་ངེ་འཛིན་ཐོབ་པ་དང་ བཅས་པའི་རྒྱུར་གྱུར་པས་དེ་བཞིན་གཤེགས་པ་ཉིད་ཐོབ་པར་འགྱུར་ཏེ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་དུས་གསུམ་དུ་གཤེགས་པའི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དང་། མི་བསྐྱོད་པ་དང་། རིན་ཆེན་འབྱུང་ལྡན་དང་། འོད་དཔག་ཏུ་མེད་པ་དང་། དོན་ཡོད་གྲུབ་པ་ལ་སོགས་པ་ནི་དེ་བཞིན་གཤེགས་པ་ཡིན་ལ། དེ་རྣམས་སུ་འགྱུར་བ་ནི་དེ་བཞིན་གཤེགས་པ་ཉིད་དེ། དེ་ནི་ཇི་སྐད་དུ་བཤད་པའི་ཏིང་ངེ་འཛིན་ཐོབ་པའི་རྐྱེན་གྱིས་ཐོབ་པར་འགྱུར་རོ། །རྡོ་རྗེ་འཛིན་པ་ཉིད་ཅེས་བྱ་བ་ལ་རྡོ་རྗེ་ནི་དེ་བཞིན་ཉིད་དོ། །དེ་འཛིན་པར་མཛད་པས་ན་རྡོ་རྗེ་འཛིན་པ་ སྟེ། གཉིས་སུ་མེད་པའི་ངོ་བོ་ཉིད་རྡོ་རྗེ་སེམས་དཔའོ། །དེའི་རྒྱུ་མཐུན་པ་ལས་བྱུང་བ་ཕྱག་རྒྱ་ཆེན་པོའི་གཟུགས་ཀྱང་རྡོ་རྗེ་འཛིན་པ་ཞེས་བྱའོ། །དེར་གྱུར་པ་ནི་རྡོ་རྗེ་འཛིན་པ་ཉིད་དེ། དེ་ཐོབ་པར་འགྱུར་བའོ། །དེ་ལ་འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་ཞེས་བྱ་བ་ནས་རྡོ་རྗེ་འཛིན་པ་ཆེན་པོ་ ཉིད་ཅེས་བྱ་བའི་བར་གྱི་བཤད་པས་ནི་ཐབས་ཀྱི་ཕྱོགས་གཅིག་དང་། དང་པོའི་སྦྱོར་བའི་ཏིང་ངེ་འཛིན་ཡང་བཤད་པ་ཡིན་པར་ཤེས་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རང་གི་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་སྨྲས་སོ་ཞེས་བྱ་བར་སྦྱར་ཏེ། དེ་ནས་ཞེས་བྱ་བའི་སྒྲ་ནི་འདས་མ་ཐག་པའི་སྒྲའི་དོན་ སྟོན་པ་སྟེ། དང་པོ་སྦྱོར་བའི་རྗེས་ཐོགས་ཉིད་ལ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་བཤད་ཟིན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐེག་པ་ཆེན་པོ་ནི་བྱང་ཆུབ་སེམས་དཔའི་ལམ་འབྲས་བུ་དང་བཅས་པའོ། །དེ་མངོན་པར་རྟོགས་པ་ནི་ཁོང་དུ་ཆུད་པའི་རྟོགས་པ་གང་ལ་ ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ་རྡོ་རྗེ་སེམས་དཔའོ། །དེ་ཉིད་ནི་དཀྱིལ་འཁོར་ཐམས་ཅད་པ་སྟེ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་ཐམས་ཅད་གང་ཡིན་པ་དེ་ནི་དཀྱིལ་འཁོར་རོ། །འདིས་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དམ་ཚིག་ ཆེན་པོའི་དེ་ཁོ་ན་ཉིད་རྡོ་རྗེ་དང་པོའི་བྱིན་གྱིས་རློབ་པ་ཞེས་བྱ་བའི་བར་དུ་དགའ་བའི་རྡོ་རྗེའི་དཀྱིལ་འཁོར་གྱི་ངོ་བོ་ཉིད་དུ་བཤད་པ་ཡིན་ནོ། །རྡོ་རྗེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའོ། །དབྱིངས་ནི་རྒྱུ་སྟེ་སྐྱེད་པར་བྱེད་པའི་རྒྱུ་གང་ཡིན་པའོ། །མཐའ་དག་ནི་ མ་ལུས་པ་སྟེ། དེ་གང་ཡིན་པ་དེ་ནི་རྡོ་རྗེ་དབྱིངས་མཐའ་དག་ཅེས་བྱ་སྟེ། རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་རོ། །དེ་དག་གི་སེམས་དཔའི་མཆོག་ནི་གཙོ་བོའི་དམ་པ་སྟེ་རྣམ་པར་སྣང་མཛད་དོ། །འདིས་ཀྱང་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་གྱི་ ངོ་བོ་ཉིད་ཡིན་པར་བཤད་དོ། །ཁམས་གསུམ་མཐའ་དག་ན་ཞེས་བྱ་བ་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གསུམ་དུ་གང་གནས་པ་སྟེ། དེར་འཇིག་རྟེན་གསུམ་པོ་མ་ལུས་པ་ནི་ས་བླའི་འཇིག་རྟེན་དང་། བར་སྣང་གི་འཇིག་རྟེན་དང་། མཐོ་རིས་པའི་འཇིག་རྟེན་ནོ། །དེར་རྣམ་པར་རྒྱལ་བ་གང་ ཡོད་པ་དེ་ནི་ཁམས་གསུམ་པོ་མཐའ་དག་ན་འཇིག་རྟེན་གསུམ་པོ་མ་ལུས་པ་ལས་རྣམ་པར་རྒྱལ་བ་ཞེས་བྱ་བ་སྟེ་བཅོམ་ལྡན་འདས་རྡོ་རྗེ་ཧཱུྃ་མཛད་དོ། །འདིས་ཀྱང་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་རྡོ་རྗེ་རིགས་ཀྱི་ངོ་བོ་ཉིད་དུ་བཤད་དོ། །སེམས་ཅན་གྱི་ཁམས་མ་ལུས་ཤིང་ལུས་པ་མེད་པ་ ཞེས་བྱ་བ་ནི་བཤད་ཟིན་ཏོ། །དེ་གང་གིས་འདུལ་ཞིང་ལུང་དང་རྟོགས་པ་རབ་ཏུ་བཞག་པ་གང་ཡིན་པ་དེ་ལ་ནི་འདི་སྐད་ཅེས་བྱ་སྟེ། འདིས་ཀྱང་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་འགྲོ་བ་འདུལ་བའི་དཀྱིལ་འཁོར་གྱི་ངོ་བོ་ཉིད་དུ་བཤད་པ་ཡིན་ནོ། །དོན་ཐམས་ཅད་ནི་འཇིག་རྟེན་དང་འཇིག་རྟེན་ ལས་འདས་པའི་དོན་སྟོན་ཏོ། །དེ་གྲུབ་པ་གང་ཡིན་པ་དེ་ནི་དོན་ཐམས་ཅད་གྲུབ་པ་སྟེ། འཕགས་པ་ནམ་མཁའི་སྙིང་པོའོ། །འདིས་ཀྱང་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་རིན་པོ་ཆེའི་རིགས་ཀྱི་ངོ་བོ་ཉིད་ཡིན་པར་བཤད་དོ། །ལག་ན་རྡོ་རྗེ་ཐམས་ཅད་པ། །ཞེས་བྱ་བ་ལ། ལག་ན་རྡོ་རྗེ་ ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ལག་ན་རྡོ་རྗེ་ཐམས་ཅད་དེ་རིགས་ལྷག་མ་རྣམས་ཀྱི་དཀྱིལ་འཁོར་དུ་བཞུགས་པའོ། །འདིས་ཀྱང་བསྡུས་པའི་དཀྱིལ་འཁོར་ལ་སོགས་པའི་ལྷག་མ་རྣམས་ཀྱི་ངོ་བོ་ཉིད་ཡིན་པར་བཤད་པ་ཡིན་ནོ། །དུ་མ་ནི་གཅིག་མ་ཡིན་པ་སྟེ། རྡོ་རྗེ་གཙུག་ཏོར་དང་། རྡོ་རྗེ་ མཛོད་སྤུ་དང་། རིག་པ་མཆོག་ལ་སོགས་པའོ། །དེ་ཉིད་ནི་རྡོ་རྗེ་རིགས་ཀྱི་ངོ་བོ་ཉིད་ཀྱི་རྡོ་རྗེ་གསང་བའི་སེམས་ཅན་ཆེན་པོས་གཡོག་བྱས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། རྡོ་རྗེ་འཆང་ཆེན་པོའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱི་དོན་འདི་ནི་ཞེས་བྱ་བ་ནི་རབ་ཏུ་དགའ་བ་རྣམ་པར་ དག་པ་ལ་སོགས་པའི་གནས་བཅུ་བདུན་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལོ། །དེའི་དོན་ནི་རྟེན་དང་བརྟེན་པའི་ངོ་བོ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་རོ། །སྟོན་ཏེ་ཞེས་བྱ་བ་ནི་སྤྲུལ་ནས་རབ་ཏུ་བསྟན་པའོ། །བཞིན་རབ་ཏུ་འཛུམ་ཞིང་ཞེས་བྱ་བ་ནི་གོ་བར་ཟད་དོ། །ལག་པ་གཡོན་པ་རྡོ་རྗེ་ བསྒྱིངས་ཏེ་ཞེས་བྱ་བ་ལ་དྲིལ་བུ་དང་བཅས་པའི་གཡོན་པའི་རྡོ་རྗེ་ཁུ་ཚུར་ནི་ལག་པ་གཡོན་པའི་རྡོ་རྗེའོ། །དེ་ཁ་ནང་དུ་བསྟན་ནས་གཡོན་པའི་རྐེད་པའི་ཕྱོགས་སུ་བཀན་ཏེ་འཇོག་པ་ནི་ལག་པ་གཡོན་པ་རྡོ་རྗེ་བསྒྱིངས་པའོ། །དེ་ཐོག་མའི་རྡོ་རྗེ་ཆེན་པོ་ཞེས་བྱ་བ་ནི་གང་དུམ་བུ་གཉིས་པའི་རྩ་བའི་རྒྱུད་ལས་བྱུང་ བའོ། །གསོར་བས་ནི་ཕྱག་གཡས་པས་ཇི་སྐད་དུ་བཤད་པའི་རྡོ་རྗེ་ཉེ་བར་འཕེན་པ་སྟེ། གསོར་བར་གྱུར་ཅིང་གཡོན་པའི་རྡོ་རྗེ་བསྒྱིངས་པས་གནས་པའོ། །རང་གི་སྙིང་གར་བསྟོད་པའི་ཚུལ་གྱིས་འཛིན་ཅིང་ཞེས་བྱ་བ་ནི་རང་གི་སྙིང་གའི་ཕྱོགས་སུ་བ་དན་གྱི་གུང་མོའི་སོར་མོ་ལ་རྡོ་རྗེ་རྩེ་མོ་གྱེན་དུ་བསྟོད་པར་ བཞག་པའི་ཚུལ་གྱིས་འཛིན་པའོ། །བདེ་བ་ཆེན་པོ་ཡང་ཡིན་ལ་རྡོ་རྗེ་ཡང་ཡིན་པས་ན་བདེ་བ་ཆེན་པོ་རྡོ་རྗེའོ། །དེ་ཉིད་དོན་ཡོད་པ་སྟེ། དངོས་གྲུབ་ཐམས་ཅད་མི་ཟད་པར་སྩོལ་བར་བྱེད་པ། སླུ་བ་མེད་པ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཞེས་བྱ་བའི་དོན་ཏོ། །དེའི་དམ་ཚིག་ནི་རྫོགས་པར་བྱེད་པའི་ རྒྱུ་སྟེ། དེ་སྐད་ཅེས་བྱ་བ་དེ་ཉིད་ཀྱི་མིང་གང་ལ་ཡོད་པ་དེ་ནི་བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་ཅེས་བྱ་སྟེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་སྐྱེད་པར་བྱེད་པའི་རྒྱུའི་རང་གི་སྙིང་པོའོ། །འདི་ཞེས་བྱ་བ་ནི་བློ་ལ་བཞག་པའོ། །སྨྲས་སོ་ཞེས་བྱ་བ་ནི་གསུངས་པའོ། །དེ་ཡང་ཧཱུྃ་ཞེས་ བྱ་བ་སྟེ། རང་གི་ཡང་ཡིན་ལ། དེ་ཁོ་ན་ཉིད་ཀྱང་ཡིན་པས་ན་རང་གི་དེ་ཁོ་ན་ཉིད་དེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ཇི་སྐད་བཤད་པའི་དེ་ཁོ་ན་ཉིད་བཅུའོ། །དེ་རྣམས་ཀྱི་སྙིང་པོ་དེར་ནི་ངེས་པའི་ཡེ་ཤེས་སོ། །དེ་སྟོན་པར་བྱེད་པའི་སྒྲ་ལ་ཡང་ཉེ་བར་གདགས་པས་ད་སྐད་ཅེས་ བྱའོ། །དེ་ནས་འདི་གསུངས་པ་ཙམ་གྱིས་ཞེས་བྱ་བ་ནི་གོ་བར་ཟད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་དང་། རྡོ་རྗེ་འཛིན་པ་དང་བཅས་པ་ཞེས་བྱ་བ་ནི་གོ་བར་ཟད་དོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་ནི་སྟོང་གསུམ་གྱི་སྟོང་ཆེན་པོ་ན་སངས་རྒྱས་དང་བཅས་པའི་སངས་རྒྱས་ཀྱི་ཞིང་ངོ་། །ཁམས་ གསུམ་ཐམས་ཅད་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པའི་མཚན་ཉིད་ཅན་གྱི་ཁམས་གསུམ་ཐམས་ཅད་དོ། །དེ་ལྟར་ན་འཇིག་རྟེན་གྱི་ཁམས་དེ་དག་ཐམས་ཅད་ནས་དེ་བཞིན་གཤེགས་པ་ཐམས་ཅད་བཀུག་ནས། ཇི་སྲིད་དུ་འགྲུབ་ཀྱི་བར་དུ་ཞེས་བྱ་བར་སྦྱར་རོ། །རྗེས་སུ་མཉེས་པ་བརྟན་ པོས་མཉེས་པར་བྱས་ནས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་འགུགས་པར་རྣམ་པར་སེམས་རྩེ་གཅིག་ཏུ་བྱས་པ་ན་རྗེས་སུ་མཉེས་པར་བྱ་བ་བརྟན་པོ་སྟེ། དེ་སྐད་དུ། འདོད་ཆགས་དམ་ཚིག་ཡིན་པར་བཤད། །ཆོས་ཀྱི་འདོད་པ་ཡིད་དུ་འོང་། །དེ་ཡི་རྗེས་ཆགས་སྒྲུབ་སྦྱོར་བས། །རྗེས་ སུ་ཆགས་པ་ཞེས་བཤད་དོ། །ཞེས་གསུངས་པའི་ཕྱིར་རོ། །དེས་མཉེས་པར་བྱས་པ་ནི་དགྱེས་པར་བྱས་པའོ། །བཀུག་པ་ནི་དྲངས་པའོ། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོའི་དཀྱིལ་འཁོར་ཆེན་པོར་བཅུག་སྟེ་ཞེས་བྱ་བ་ནི་གང་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་རྣམ་པར་སྣང་མཛད་ བསྐུལ་བའི་ཕྱིར་རོ། །དཀྱིལ་འཁོར་སྤྲུལ་པར་མཛད་པ་དེ་ནི་འདིར་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་ཏེ་དཀྱིལ་འཁོར་ཆེན་པོ་དེར་རྡོ་རྗེ་སེམས་དཔའ་ལ་སོགས་པའི་གཟུགས་ཀྱིས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་གནས་སུ་བཞུགས་པའོ། །དམ་ཚིག་གིས་བཅིངས་ནས་ཞེས་བྱ་བ་ནི་རྡོ་རྗེ་ སེམས་དཔའ་ལ་སོགས་པའི་ཕྱག་རྒྱ་ཆེན་པོའི་གཟུགས་ཀྱི་རབ་ཏུ་དགའ་བ་རྣམ་པར་དག་པ་ལ་སོགས་པ་གྲུབ་པར་བྱ་བའི་ཕྱིར་རབ་ཏུ་བཞག་པའོ། །དེ་སྐད་དུ་ཕྱག་རྒྱ་ལ་སོགས་པ་དམ་ཚིག་བཤད་ཅེས་གསུངས་པའི་ཕྱིར་རོ། །དབང་དུ་བྱས་ཏེ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་རྣམ་པར་ སྦྱང་བར་བྱ་བའི་ཕྱིར་བྱ་བ་གྲུབ་པའི་ཡེ་ཤེས་ཀྱིས་རང་དབང་དུ་བྱས་པའོ། །དངོས་གྲུབ་ཐམས་ཅད་གྲུབ་པོ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་ནས་རྡོ་རྗེ་རོའི་བར་གྱི་དངོས་གྲུབ་ཐམས་ཅད་ཀྱི་རྒྱུད་རྫོགས་པ་ནི་དངོས་གྲུབ་ཐམས་ཅད་ལ་གྲུབ་པའོ། །དེ་ནས་ཞེས་བྱ་བའི་སྒྲ་ནི་སྔ་མ་ བཞིན་ནོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་གོ་སླའོ། །བག་ཆགས་དང་བཅས་པའི་ཉོན་མོངས་པ་དང་བྲལ་བའི་གཉིས་སུ་མེད་པའི་སེམས་དང་སེམས་ལས་བྱུང་བ་བདེ་བ་ཆེན་པོ་སྟེ། མི་འགྱུར་བདེ་བའི་དངོས་གྲུབ་ཀུན། །བདེ་བ་ཆེན་པོ་ཞེས་བཤད་དོ། །ཞེས་གསུངས་པའི་ཐར་པ་ལ་ ནི། བདེ་བ་ཆེན་པོའི་སྒྲར་རྒྱུད་ཕྱི་མ་ལས་གསུངས་ཏེ། དེའི་ཕྱིར་རྡོ་རྗེ་སྙེམས་པའི་ཕྱག་རྒྱ་སྟེ། དེ་ནི་དེ་ལས་བྱུང་བས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་སྟེ། དེ་བཅིངས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ པས་རྣམ་པར་སྣང་མཛད་བཞུགས་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་ནི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་རོ། །དེ་ལ་དམིགས་པ་ནི་རྡོ་རྗེ་ལྟར་མི་ཕྱེད་པའི་ཐུགས་རྩེ་གཅིག་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏེ། དེ་ལ་སྙོམས་ པར་ཞུགས་པ་ནི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གྱི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་ནས་བཞུགས་སོ་ཞེས་སྟོན་པར་འགྱུར་བ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས་བརྩམས་ཏེ། ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་བཞུགས་སོ་ཞེས་བྱ་བའི་བར་གྱི་བཤད་པས་དཀྱིལ་ འཁོར་གྱི་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གཉིས་པ་གསུངས་པ་དང་། དེ་བཞིན་དུ་ཕྱག་རྒྱའི་ཡེ་ཤེས་ཀྱི་ཕྱོགས་གཅིག་ཀྱང་གསུངས་པ་ཡིན་ནོ། །དེ་ནས་འདུས་པ་མཛད་པ་ལ་སོགས་པ་ནི་ལས་ཀྱི་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གསུམ་པ་ཡིན་པར་ཤེས་པར་བྱའོ། །དེ་ལྟར་ཐབས་ཀྱི་ངོ་བོ་ཉིད་ ཏིང་ངེ་འཛིན་གསུམ་པ་བཤད་ནས། ད་ནི་དམ་ཚིག་དང་དབང་བསྐུར་བ་ཐོབ་པ་རྣམས་ཀྱིས་ཐབས་དེ་ལ་འཇུག་པར་བྱའོ་ཞེས་བྱ་བ་འདིའི་དོན་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་རྣམས་ཀྱིས་སློབ་དཔོན་གྱི་ལས་རྣམས་དང་། སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པར་གསུངས་པ་ ཡིན་ནོ། །དེ་ནས་ཞེས་བྱ་བའི་སྒྲ་ནི་འདས་མ་ཐག་པའི་ཚིག་སྟེ། དམ་ཚིག་གསུམ་གྱི་རྗེས་ཐོགས་ཉིད་ལ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་གསང་བ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་རྡོ་རྗེ་གསང་བ་ཆེན་པོ་སྟེ། རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་རོ། །དེ་ཡང་གང་བཅོམ་ལྡན་འདས་རྡོ་རྗེ་ སེམས་དཔས་རྣམ་པར་སྣང་མཛད་བསྐུལ་བའི་རྗེས་ཐོགས་ཉིད་ལ་སྤྲུལ་པར་མཛད་པ་སྟེ། དེ་ཉིད་དམ་ཚིག་གོ། །དེའི་འབྱུང་བ་ནི་དཀྱིལ་འཁོར་བྱིན་གྱིས་རློབ་པའི་ཡེ་ཤེས་གང་དང་དཀྱིལ་འཁོར་སྟེན་པར་བྱེད་པའི་ཡེ་ཤེས་གང་གིས་འབྱུང་བར་འགྱུར་བ་དེ་ལ་དེ་སྐད་ཅེས་བྱའོ། །ཡེ་ཤེས་དེ་ཉིད་ཀྱི་ ཕྱག་རྒྱ་གང་ཡིན་པའམ། ཏིང་ངེ་འཛིན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེ་ལ་སྙོམས་པར་ཞུགས་པ་ནི་མངོན་སུམ་དུ་མཛད་པ་སྟེ། རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་བསྐྱེད་པའི་རྣམ་པ་ལ་ཐུགས་རྩེ་གཅིག་ཏུ་མཛད་ཅེས་བྱ་བའི་དོན་ཏོ། །དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་ཅེས་བྱ་བ་ལ་སོགས་པ་ལ་ དམ་ཚིག་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་དམ་ཚིག་ཆེན་པོ་སྟེ། མི་བསྐྱོད་པའི་སེམས་དང་སེམས་ལས་བྱུང་བའི་ངོ་བོ་ཉིད་ཐོག་མ་དང་ཐ་མ་མེད་པ་ཆོས་ཀྱི་དབྱིངས་ཏེ་ཐམས་ཅད་དུ་འགྲོ་བ་ཡིན་པའི་ཕྱིར་རོ། །དེ་སྐད་དུ། དམ་ཚིག་ཆེན་པོ་ཉིད་གཅིག་པུ། །འདི་ནི་དམ་ཚིག་ཆེན་པོར་བཤད། །ཅེས་ གསུངས་པ་དང་། ཐོག་མཐའ་མེད་པའི་སེམས་དཔའ་ནི། །ཞེས་བྱ་བ་ལ་སོགས་པར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའོ། །དེའི་དེ་ཁོ་ན་ཉིད་ནི་རབ་ཏུ་དགའ་བའི་དེ་ཁོ་ན་ཉིད་དང་ཀུན་དུ་བཟང་པོ་ཉིད་དོ། །དེ་སྐད་དུ་དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་ཅི་ཞིག་ཡིན་ཞེ་ན། འདི་ལྟ་སྟེ། རབ་ཏུ་དགའ་བ་དང་། ཀུན་ དུ་བཟང་པོའོ་ཞེས་གསུངས་པའི་ཕྱིར་རོ། །དེ་ཉིད་ནི་རྡོ་རྗེའོ། །དེ་ལྟར་ན་དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་རྡོ་རྗེ་ཞེས་བྱ་བའི་སྒྲ་འདིས་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་བཤད་པར་གྱུར་པ་ཡིན་ནོ། །དེའི་བྱིན་གྱིས་རློབ་པ་ནི་གཞལ་ཡས་ཁང་སྟེ། དཀྱིལ་འཁོར་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་དེ་སྐད་ཅེས་ བྱ་བའི་དཀྱིལ་འཁོར་ཆེན་པོ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །འདི་སྐད་ཅེས་བྱ་བ་ནི་བློ་ལ་བཞག་པ་འདས་མ་ཐག་ཉིད་དུ་བཤད་པར་བྱ་བ་བསྟན་པ་ཉིད་དོ། །དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་པ་སྟེ། སྔར་བསྙེན་པ་བྱས་པའི་རྗེས་ཐོགས་ཉིད་ལ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་ཞེས་བྱ་བ་ནི་རྒྱུ་སྟེ་གང་གི་ ཕྱིར་དཀྱིལ་འཁོར་དུ་འཇུག་པ་མེད་པར་སྐལ་བ་མེད་པ་རྣམས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་བསྟན་པར་མི་བྱའོ། །དེར་ཞུགས་ན་གྲུབ་པར་འགྱུར་ཏེ། དེ་བས་ན་དེ་རྣམས་ཀྱི་བག་ཆགས་བསྐྲུན་པར་བྱ་བའི་ཕྱིར། ཡང་དག་པར་རབ་ཏུ་རྣམ་པར་ཕྱེ་སྟེ་བཤད་པར་བྱའོ། །ཅི་ཞིག་ཅེ་ན། དཀྱིལ་འཁོར་དམ་པ་སྟེ་ཞེས་གསུངས་སོ། །མིང་ཇི་སྐད་དུ་བཏགས་ཤེ་ན། དེ་ཉིད་དང་པོ་དམ་ཚིག་ཆེ་ཞེས་བྱ་བ་ལ་སོགས་པ་གསུངས་པ་སྟེ། དམ་ཚིག་ཆེན་པོ་དེ་ཁོ་ན་ཉིད་ནི་བཤད་ཟིན་ཏོ། །དང་པོའི་རྡོ་རྗེ་ནི་རྡོ་རྗེ་སེམས་དཔའོ། །དེའི་བྱིན་གྱི་རླབས་ནི་དཀྱིལ་འཁོར་ཏེ། གང་བཅོམ་ལྡན་འདས་ རྡོ་རྗེ་སེམས་དཔའ་སྤྲུལ་པར་མཛད་པ་དེ་ལ་མིང་དེ་སྐད་ཅེས་མཚུངས་པར་བརྗོད་ཅིང་མིང་འདོགས་པ་གང་ཡིན་པ་དེ་ནི། དམ་ཚིག་ཆེན་པོ་དེ་ཁོ་ན་ཉིད་བྱིན་གྱིས་རློབ་པ་ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོའི་ཁ་དོག་དང་། དབྱིབས་ཀྱི་བདག་ཉིད་ཅན་དག་ཀྱང་གང་སྤྲུལ་པ་དང་འདྲ་བར་བྲིས་པ་ཡིན་པས་ དེ་ལ་ཡང་མིང་འདི་སྐད་ཅེས་བྱའོ། །གྲུ་བཞིར་བགྱི་ཞིང་ཞེས་བྱ་བ་ལ་སོགས་པ་ནི་ཁ་དོག་དབྱིབས་ཀྱི་བདག་ཉིད་ཅན་གྱི་གཟུགས་ཅན་དཀྱིལ་འཁོར་དུ་གསུངས་པ་ཡིན་ཏེ། ཕྱོགས་བཞིའི་རི་མོ་དང་ལྡན་པ་ནི་གྲུ་བཞིའོ། །དེ་ཡང་གང་གི་ཕྱིར་ངོས་ཀྱི་རི་མོ་ལ་བྱའོ། །དབུས་ཀྱི་རི་མོའི་ཕྱོགས་བཞིར་ཆ་ བརྒྱད་པའི་སྒོ་བཞི་དང་ལྡན་པ་ནི་སྒོ་བཞི་དང་ཞེས་བྱའོ། །སྒོ་དེའི་ཕྱེད་ཀྱི་ཚད་ཀྱི་ཁྱམས་ཀྱིས་སྐོར་ཕྱོགས་སུ་ཕྱི་རོལ་ཀུན་ནས་བསྐོར་ལ་རྟ་བབས་དང་བཅས་པར་བྱ་བ་ནི། ཁྱམས་རྣམས་ཀྱིས་ཡོངས་སུ་བསྐོར་བ་ཞེས་བྱའོ། །སྒོ་རྣམས་སུ་ནི་སྒོའི་སུམ་འགྱུར་གྱི་ཚད་ཀྱི་རྟ་བབས་བཞི་དང་ལྡན་པར་ བྱ་བ་ནི། རྟ་བབས་བཞི་དང་ཡང་དག་ལྡན། །ཞེས་བྱའོ། །འོད་ཟེར་དེ་ཉིད་འབར་བ་ཡིན་པས་ན་འོད་ཟེར་འབར་བ་སྟེ། དེ་ཉིད་ཀྱིས་འཁྲིགས་པའི་འོད་གང་ཡིན་པ་དེ་ནི་འོད་ཟེར་འབར་བས་འཁྲིགས་པའི་འོད་ཅེས་བྱའོ། །མཚམས་སུ་རི་མོ་གཉིས་འདུས་པ་ནི། དཀྱིལ་འཁོར་ཐམས་ཅད་ཀྱི་གྲྭ་ཞེས་བྱ་ སྟེ། དེ་རྣམས་དང་སྒོ་ཁྱུད་ཀྱི་མཚམས་རྣམས་སུ་ཞེས་བྱ་བ་ལ་སྒོ་རྣམས་ཀྱི་སྒོ་ཁྱུད་ནི་སྒོ་ཁྱུད་དེ་མཛེས་པ་དང་རྗེས་སུ་མཛེས་པ་ཞེས་བྱ་བ་ཐད་ཀར་བྱུང་བ་སྒོའི་ཕྱེད་ཀྱི་ཚད་དུ་རྩིག་པ་སྟོན་པའི་རི་མོའོ། །དེ་རྣམས་ཀྱི་མཚམས་སུ་ནི་རི་མོ་གཉིས་འདུས་པའོ། །དེ་དག་ཏུ་ཟླ་བ་ཕྱེད་པ་ལ་རབ་ཏུ་གནས་པ་ ནི། ཟླ་བ་ཕྱེད་པ་ལ་རབ་ཏུ་གནས་ཤིང་འདུག་པ་སྟེ་དེ་ཡང་རྡོ་རྗེ་རྩེ་ལྔ་དང་། རྡོ་རྗེ་རིན་པོ་ཆེ་དང་། རྡོ་རྗེ་པདྨ་དང་། སྣ་ཚོགས་རྡོ་རྗེས་ཉེ་བར་མཛེས་པར་བྱས་ཤིང་བརྒྱན་པ་ནི་རིན་ཆེན་ཀུན་གྱིས་ཉེ་བར་མཛེས་པ་སྟེ། ཐ་མ་ཁ་དོག་ལྔ་པས་མཛེས་པར་བྱ་ཞེས་བྱ་བའི་དོན་ཏོ། །རྩེ་མོ་སྣ་ ཚོགས་པ་ཡང་དེ་ཉིད་ཡིན་ལ། བ་དན་ཡང་དེ་ཉིད་ཡིན་པས་རྩེ་མོ་སྣ་ཚོགས་བ་དན་ནོ། །དྲིལ་བུའི་མཆོག་ནི་དམ་པའོ། །དེ་བརྟགས་པ་ནི་རྟོགས་པ་སྟེ་རྩེ་མོ་སྣ་ཚོགས་ལ་བྱའོ། །དེ་ལ་ཤར་ཕྱོགས་ཀྱི་སྒོ་ཁྱུད་ཀྱི་མཚམས་དང་། ཤར་ལྷོའི་མཚམས་སུ་ནི་རྡོ་རྗེ་རྩེ་ལྔ་པས་ཉེ་བར་མཛེས་པར་བྱ་ བའོ། །གཞན་དག་ཏུ་ཡང་གོ་རིམས་ཇི་ལྟ་བ་བཞིན་དུ་རྡོ་རྗེ་རིན་པོ་ཆེ་ལ་སོགས་པས་ཉེ་བར་མཛེས་པར་བྱའོ། །རྩེ་མོར་སྣ་ཚོགས་བ་དན་ནི། །ཞེས་བྱ་བ་ལ་སོགས་པ་ལ་རྩེ་མོའི་ཆ་ཁ་དོག་ལྔ་པ་ནི། རྩེ་མོ་སྣ་ཚོགས་པའི་བ་དན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཡང་དཀྱིལ་འཁོར་དུ་རླུང་གིས་ བསྐྱོད་ཅིང་གཡེངས་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། ཁྱད་པར་དུ་བྱ་བའི་རྣམ་པར་དབྱེ་བས་གཞན་པའི་ཚིག་གི་ཕྲད་དོ། །མེ་ཏོག་གི་ཆུན་འཕྱང་ནི་མེ་ཏོག་གི་ཕྲེང་བའོ། །མེ་ལོང་ནི་གོ་བར་ཟད་དེ། དེ་དག་གིས་སྤྲས་པ་ནི་བརྒྱན་པའོ། །ཕྱི་ཡི་དཀྱིལ་འཁོར་བྲི་བར་བྱ། །ཞེས་བྱ་བ་ནི་ཐམས་ཅད་ལ་ ཤེས་པར་བྱའོ། །དེའི་ནང་དུ་ཞེས་བྱ་བ་ལ་སོགས་པ་ལ་བཤད་པའི་དཀྱིལ་འཁོར་དེའི་དབུས་སུ་འཁོར་ལོ་ཞེས་བྱ་བ་ནི་དཀྱིལ་འཁོར་ཏེ། འཁོར་ལོ་དཀྱིལ་འཁོར་རབ་ཏུ་བཤད། །ཅེས་གསུངས་པས་སྒྲ་འདི་ནི་ཟླུམ་པོ་འབའ་ཞིག་སྟོན་པའི་ཚིག་ནི་མ་ཡིན་ནོ། །དཀྱིལ་འཁོར་བརྒྱད་དང་མཉམ་ པ་རུ། །ཞེས་བྱ་བ་ནི། རྣམ་པར་ཐར་པ་བརྒྱད་ནི་དཀྱིལ་འཁོར་བརྒྱད་དེ། དེའི་རྒྱུ་མཐུན་པ་ལས་བྱུང་བ་ཁ་དོག་དང་དབྱིབས་ཀྱི་བདག་ཉིད་ཅན་རྣམ་པར་ཐར་པ་བརྒྱད་སྟོན་པར་བྱེད་པའི་དཀྱིལ་འཁོར་གང་བཅོམ་ལྡན་འདས་ཀྱིས་སྤྲུལ་པར་མཛད་པ་དེ་ཡང་དཀྱིལ་འཁོར་བརྒྱད་ཅེས་བྱ་སྟེ། དེ་དང་ མཉམ་པར་གང་བྲིས་པ་དེ་ནི་དཀྱིལ་འཁོར་བརྒྱད་དང་མཉམ་པ་རུ་ཞེས་བྱའོ། །དེ་ལ་རྣམ་པར་ཐར་པ་བརྒྱད་ནི་གཟུགས་ཅན་གྱི་གཟུགས་རྣམས་ལ་ལྟ་བ་ན་དེ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་རྣམ་པར་ཟིལ་གྱིས་གནོན་པ་འདི་ནི་རྣམ་པར་ཐར་པ་དང་པོའོ། །ནང་གཟུགས་ སུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་རྣམས་ལ་ལྟ་བ་འདི་ནི་རྣམ་པར་ཐར་པ་གཉིས་པའོ། །བསམ་གཏན་གསུམ་པ་སྔ་མ་བཞིན་དུ་མཐོང་བ་འདི་ནི་རྣམ་པར་ཐར་པ་གསུམ་པའོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ནི་བཞི་པའོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ནི་ལྔ་པའོ། །ཅི་ཡང་མེད་ པའི་སྐྱེ་མཆེད་ནི་དྲུག་པའོ། །ཡོད་མིན་མེད་མིན་སྐྱེ་མཆེད་ནི་བདུན་པའོ། །འགོག་པའི་སྙོམས་པར་འཇུག་པ་ནི་བརྒྱད་པ་སྟེ། སྔ་མ་བཞིན་དུ་མཐོང་བ་ཞེས་བྱ་བ་ནི་ཐམས་ཅད་ལ་ཤེས་པར་བྱའོ། །རྡོ་རྗེ་ཐིག་གིས་ཐིག་བཏབ་པ། །ཞེས་བྱ་བ་ནི་གང་དཀྱིལ་འཁོར་བརྒྱད་དང་མཉམ་པའི་དཀྱིལ་ འཁོར་གང་ཞིག་བཤད་པའི་དེ་ཉིད་ནི་རྡོ་རྗེ་རྩེ་གསུམ་པའི་ཕྲེང་བས་ཕྱི་རོལ་ནས་ཀུན་དུ་བསྐོར་བའོ། །རྡོ་རྗེ་འཁོར་ལོ་ཞེས་བྱར་བཤད། །ཅེས་བྱ་བ་ནི་མིང་དེ་སྐད་ཅེས་བཤད་དེ་ཞེས་བྱ་བའི་དོན་ཏོ། །དེའི་ཞེས་བྱ་བ་ནི་དབུ་མའི་དཀྱིལ་འཁོར་གྱིའོ། །དབུས་སུ་ཞེས་བྱ་བ་ནི་དབུ་མའི་ཕྱོགས་ཏེ་ལྟེ་བ་ཞེས་ བྱ་བའི་དོན་ཏོ། །ཅི་རིགས་པར་ཞེས་བྱ་བ་ནི་སྔོན་དུ་བསྙེན་པ་ལ་སོགས་པ་སྔར་བྱས་ཏེ་ཇི་ལྟ་བ་བཞིན་དུ་དགོས་པར་བྱའོ་ཞེས་བྱ་བར་སྟོན་པ་ཡིན་ཏེ། དེ་དག་ནི་ཕྱིས་བཤད་པར་བྱའོ། །སངས་རྒྱས་སྐུ་ནི་ཞེས་བྱ་བ་ལ། རྡོ་རྗེ་སེམས་དཔའི་སྐུའི་གཟུགས་བརྙན་ཏེ། སངས་རྒྱས་རྡོ་རྗེ་འཛིན་དུ་ བཤད། །ཅེས་འདི་ཉིད་ཀྱི་འོག་ནས་གསུངས་པ་དང་། རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་ནི་དཀྱིལ་འཁོར་གཉིས་པ་ཡིན་པས་དེའི་ཕྱིར་ཡང་སོམ་ཉི་མི་བྱའོ། །འཛུམ་བཅས་ཞེས་བྱ་བ་ལ་ཅུང་ཟད་བཤད་པ་ནི་འཛུམ་པའོ། །དེ་དང་བཅས་པར་བཞུགས་པ་ལ་འཛུམ་བཅས་ཞེས་བྱའོ། །ཟླ་ བའི་མདོག་ཅན་ལ་ཞེས་བྱ་བ་ནི་གོ་བར་ཟད་དོ། །རྡོ་རྗེ་སྙེམས་པ་འཛིན་པའི་མཆོག །ཅེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་ནི་རྡོ་རྗེ་སྙེམས་པ་སྟེ། དེ་ཡང་བཤད་ཟིན་ཏོ། །རྡོ་རྗེ་འཛིན་པར་མཛད་པས་ན་རྡོ་རྗེ་སྙེམས་པ་འཛིན་པའོ། །མཆོག་ནི་དམ་པའོ། །རྡོ་རྗེ་ཕྲེང་བ་སོགས་ཀྱིས་སྤྲས་ཤིང་ ཞེས་བྱ་བ་ནི་བརྒྱན་པ་སྟེ། དེ་ལ་དང་པོ་དབུ་རྒྱན་དེ་ནས་སྣ་ཚོགས་རྡོ་རྗེའི་ཕྲེང་བ་དེ་ནས་པདྨའི་ཕྲེང་བ་དེ་ནས་རྡོ་རྗེ་རིན་པོ་ཆེའི་ཕྲེང་བ། དེ་ནས་སྤྱི་བོའི་གནས་ནས་བརྩམས་ཏེ། དེ་བཞིན་གཤེགས་པ་ལྔས་བརྒྱན་པར་བྱ་སྟེ། དེ་ལྟར་ན་སྐུ་གཟུགས་དེ་ནི་རྡོ་རྗེ་ཕྲེང་བ་ལ་སོགས་པས་སྤྲས་པར་འགྱུར་རོ། །སྣ་ ཚོགས་འབར་བ་འཁྲིགས་པའི་འོད། །ཅེས་བྱ་བ་ནི། དམར་པོ་དང་ལྗང་གུ་དང་། སྔོན་པོ་དང་། སེར་པོ་དང་། དཀར་པོའི་མདོག་ཅན་གྱི་རི་མོ་སྣ་ཚོགས་པས་འབར་བ་ནི་སྣ་ཚོགས་འབར་བའོ། །དེ་ཉིད་ནི་འཁྲིགས་པའི་འོད་དེ། དེ་ལྟ་བུའི་འོད་ཀྱི་དཀྱིལ་འཁོར་གང་ལ་ཡོད་པ་དེ་ལ་དེ་ སྐད་ཅེས་བྱའོ། །པདྨའི་གདན་ལ་བཞུགས་པར་ནི། །ཞེས་བྱ་བ་ནི། སྣ་ཚོགས་པདྨའི་སྡོང་བུ་དང་བཅས་པའི་སྟེང་དུ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པའོ། །ལུགས་མ་ཞེས་བྱ་བ་ནི་གསེར་ལ་སོགས་པའི་རྫས་ལ