Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 59

Văn bản gốc(Tây Tạng)

Trang 9 / 16 (50.000 ký tự/trang)
དུ་རྡོ་རྗེ་སེམས་དཔའ་རང་གི་ལུས་ཕྱུང་ལ། དབུགས་མི་འབྱུང་བའི་སྦྱོར་བས་གཞན་མི་གཡོ་བར་བྱས་པར་འགྱུར་རོ། །སེམས་ཅན་ཐམས་ཅད་རྨུགས་
པར་བྱ་བ་ལ་ནི་རྡོ་རྗེ་འཚིར་བས་སོ་ཞེས་བྱ་བས་ནི་རྡོ་རྗེ་བསྡམས་པས། རྡོ་རྗེ་བླངས་ལ་བསྒྲུབ་པར་བྱ་བའི་ལྕེ་འཚིར་བའི་བསམ་པས་བཙིར་བར་བྱ་སྟེ། དེས་ནི་ལྐུགས་པར་འགྱུར་ཏེ། ཚིག་འཕྲོག་པར་འགྱུར་ཞེས་བྱ་བའི་དོན་ཏོ། །སེམས་ཅན་ཐམས་ཅད་རྨོངས་པར་བྱ་བ་ལ་ནི་མིག་
བཙུམས་ནས་བཟླས་པས་སོ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་དང་། ལྷན་ཅིག་ཏུ་བྱས་ལ་ཡིད་ཀྱིས་མིག་བཙུམས་ནས་བཟླས་ན་དེས་མི་རྨོངས་པར་བྱས་པར་འགྱུར་རོ། །ཐམས་ཅད་བསད་པ་ལ་ནི་རྡོ་རྗེ་དྲིལ་བས་སོ་ཞེས་བྱ་བས་ནི་ལག་པ་གཡས་པས་དང་། གཡོན་དུ་ཧཱུྃ་ཞེས་བྱ་བས་

རྡོ་རྗེ་གཉིས་བསམས་ལ། ལག་པ་གཡོན་པའི་རྡོ་རྗེ་ལ་བསྒྲུབ་པར་བྱ་བའི་མིང་བློས་བསམས་ལ། ལག་པ་གཡས་པའི་རྡོ་རྗེ་བསྒྲུབ་པར་བྱ་བ་གསད་པའི་བསམ་པས་བསྣུན་ན། དེས་ནི་ཐམས་ཅད་གསོད་པར་འགྱུར་རོ། །སེམས་ཅན་ཐམས་ཅད་རྒྱས་བཏབ་པ་
ལ་ནི་རྡོ་རྗེ་མཁའ་འགྲོ་མའི་ཕྱག་རྒྱས་སོ་ཞེས་བྱ་བ་ནི་ཁྲོ་བོའི་ཁུ་ཚུར་གཉིས་ཀྱིས་གར་བྱས་ལ། བསྟོད་པ་དང་བཅས་པས་མདའ་འཕེན་པ་ནི་རྡོ་རྗེ་མཁའ་འགྲོ་མའི་ཕྱག་རྒྱ་ཡིན་ལ། འདིས་བསྒྲུབ་པར་བྱ་བའི་སྙིང་ཀར་བསྣུན་པར་བྱ་སྟེ། འདིས་ནི་རྒྱས་བཏབ་པར་བྱའོ། །རྒྱས་བཏབ་
པར་གྱུར་པ་ལ་ནི་མཚན་མ་འདི་དག་འབྱུང་བར་འགྱུར་ཏེ། མིག་འཛུམ་པར་འགྱུར་བ་དང་། སྟེང་དུ་ལྟ་བ་དང་། ལྐུགས་པ་བཞིན་དུ་འདུག་པ་དང་། རླུང་ལྟར་དབུགས་འབྱིན་པ་དང་། སྦྲུལ་ལྟར་འཁྲིལ་བ་དང་། རོ་ལྟར་ཅི་ཡང་མི་སྨྲ་བ་དང་། ལྷ་ལ་སོགས་པའི་ཕྱག་རྒྱ་སྟོན་པ་དང་། སོར་
མོ་རྣམས་བགྲང་བ་དང་། མིག་མི་འཛུམ་པར་ལྟ་བ་དང་། འཆི་མ་གློགས་པ་དང་། རིམས་དང་བཅས་པར་འགྱུར་བ་དང་། འདར་ཞིང་གཡོ་བ་དང་། རྣམ་པར་འགྱུར་བ་དང་། འཚིག་པར་འགྱུར་བ་དང་། སྲེག་པར་འགྱུར་བ་དང་། རྨོངས་པར་འགྱུར་བ་དང་། འཁྲུག་པར་འགྱུར་བ་དང་།
འཁྲིལ་པར་འགྱུར་བ་དང་། རྡུལ་བར་འགྱུར་བ་དང་། མངོན་པར་བལྟ་བར་འགྱུར་རོ། །སྙིང་ཐམས་ཅད་འདྲེན་ཅིང་འབྱིན་པ་ལ་ནི་ཡིད་ཀྱིས་བཟླས་པས་སོ་ཞེས་བྱ་བ་ནི་ལྷའི་སྦྱོར་བས་ཡིད་ཀྱིས་བསྒྲུབ་པར་བྱ་བའི་ལུས་ལ་ཞུགས་ལ། དེའི་སྙིང་གའི་པདྨ་བྱུང་སྟེ་བླངས་ལ། རང་གི་སྙིང་ལ་
གཞག་ལ་གཅིག་ཏུ་གྱུར་པར་བསམས་ཏེ། དེས་ནི་ཐམས་ཅད་ཀྱི་སྙིང་འདྲེན་ཅིང་འབྱིན་པར་འགྱུར་རོ། །སེམས་ཅན་ཐམས་ཅད་ཟ་བ་ལ་ནི་བལྡད་ཅིང་མྱུར་བར་ཟློས་པས་སོ་ཞེས་བྱ་བས་ནི་བདག་ཉིད་རྡོ་རྗེ་ཁྲོ་བོའི་ཁ་ནམ་མཁའ་དང་མཉམ་པ། མཆེ་བ་གཙིགས་པ་རྣམ་པར་བསམས་ལ། བསྒྲུབ་པར་བྱ་བ་
ཁས་བླངས་ལ་བལྡད་ཅིང་བཟླས་ན་མྱུར་བར་དེ་ཟོས་པར་འགྱུར་རོ། །ཐམས་ཅད་སྐྲག་པར་བྱ་བ་ལ་ནི་རྡོ་རྗེ་འཇིགས་བྱེད་ཀྱི་ཕྱག་རྒྱས་སོ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་འཇིགས་པར་བྱ་བ་ནི་སྐྲག་པར་བྱ་བས་སོ། །དེ་ཡང་གར་ལས་བྱུང་བའི་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ་ཁ་ཕྱེ་སྟེ། གདོང་

ཤིན་ཏུ་འཇིགས་པ་དང་། སྐྲ་གྱེན་དུ་བརྫེས་པ་དང་། འོག་ནས་མགོ་འདེགས་པས་སོ་ཞེས་བྱ་བ་སྨྲ་བར་བྱེད་པ་འདི་ནི། རྡོ་རྗེ་འཇིགས་བྱེད་ཀྱི་ཕྱག་རྒྱ་སྟེ། འདིས་སེམས་ཅན་ཐམས་ཅད་སྐྲག་པར་བྱའོ། །ནོར་ཐམས་ཅད་འགུགས་པ་ལ་ནི་གསེར་གྱི་བཟླས་པས་སོ་ཞེས་བྱ་བས་ནི་དོང་རྩེ་
འགུགས་པའི་ཚུལ་གྱིས་བཟླས་བརྗོད་བྱས་ན། དེས་ནི་ནོར་ཐམས་ཅད་འགུགས་པར་འགྱུར་རོ། །ནོར་དང་འབྲུ་ཐམས་ཅད་འགུགས་པ་ལ་ནི་རྡོ་རྗེ་རྣལ་འབྱོར་མའི་ཕྱག་རྒྱས་སོ་ཞེས་བྱ་བ་ནི་ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱ་ལས་ལག་པ་གཡས་པའི་ཡང་མཛུབ་མོ་བསྒྲེང་
ལ་གཡོན་པའི་ཡི་གེ་ཧཱུྃ་དང་སྡིགས་མཛུབ་བྱ་བའི་ཚུལ་གྱིས་འདྲེན་པ་ནི། རྡོ་རྗེ་རྣལ་འབྱོར་མའི་ཕྱག་རྒྱ་སྟེ། འདིས་ནི་ནོར་དང་འབྲུ་ཐམས་ཅད་འགུགས་པར་འགྱུར་རོ། །ཐམས་ཅད་རྗེས་སུ་ཆགས་པར་བྱ་བ་ལ་ནི་པི་ཝང་བརྡུང་བ་དང་བཅས་པའི་ཀ་ཀ་ལེའི་གླུ་ལེན་པས་བཟླས་བརྗོད་
བྱའོ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་ལ་སོགས་པ་དང་། སེམས་ཅན་ཐམས་ཅད་རྗེས་སུ་ཆགས་པར་བྱ་བ་ནི་ཐམས་ཅད་རྗེས་སུ་ཆགས་པར་བྱ་བ་སྟེ། རྡོ་རྗེ་སྒྲ་དང་ཕྱག་རྒྱ་ཆེན་པོས་བྱའོ། །ཐམས་ཅད་འབིགས་ཤིང་རྗེས་སུ་ཆགས་པར་བྱ་བ་ལ་ནི་རྡོ་རྗེ་མདའི་ཕྱག་རྒྱས་སོ་ཞེས་བྱ་བ་
ལ། རྣམ་པར་འཇོམས་པ་ཞེས་བྱ་བ་ནི་འབིགས་པའོ། །ཡིད་བདེ་བ་བསྐྱེད་པ་ནི་རྗེས་སུ་ཆགས་པར་བྱ་སྟེ། རྡོ་རྗེ་ཡིད་ལས་བྱུང་བའི་ལས་ཀྱི་ཕྱག་རྒྱ་ནི་རྡོ་རྗེ་མདའི་ཕྱག་རྒྱ་སྟེ། དེས་ཐམས་ཅད་འབིགས་པ་དང་། རྗེས་སུ་ཆགས་པར་འགྱུར་རོ། །ཐམས་ཅད་དགའ་བར་བྱ་བ་ལ་ནི་ཕྱོགས་
ཐམས་ཅད་ཀྱི་དེ་བཞིན་གཤེགས་པ་མཉེས་པའོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ལ་སོགས་པ་དང་། སེམས་ཅན་གྱི་ཁམས་ཐམས་ཅད་ནི་ཐམས་ཅད་དེ། དེ་དགའ་བར་བྱ་བ་ནི་བསྒྲུབ་པར་བྱ་ཞིང་རང་དབང་དུ་བྱ་བ་སྟེ། ཀཱི་ལི་ཀཱི་ལའི་རྡོ་རྗེ་ཕྱག་རྒྱ་བཅིངས་ལ་དེས་ཕྱོགས་བཅུར་དེ་
བཞིན་གཤེགས་པ་ཐམས་ཅད་བྲིས་ལ། ཡིད་ཀྱིས་བཟླས་བརྗོད་བྱ་སྟེ་དེས་ནི་ཐམས་ཅད་མཉེས་པར་འགྱུར་རོ། །སྡུག་པའི་བཅིང་བ་བརྟན་པར་བྱ་བ་ལ་ནི་སྙིང་བརྟན་པར་ངེས་པར་བཙིར་བས་སོ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པས་སེམས་ཅན་ཐམས་ཅད་འཁོར་བ་ཇི་སྲིད་

པར་ཡོངས་སུ་མི་གཏོང་བའི་ཆགས་པ་ནི་སྡུག་པ་བརྟན་པའོ། །དེས་འཆིང་བ་ནི་དམ་པོར་བཟུང་བ་སྟེ། སྡུག་པ་ནི་རྡོ་རྗེའི་ཕྱག་རྒྱ་བཅིངས་ལ་བརྟན་པའི་འཁྲུལ་འཁོར་བཙིར་བ་དེས་ནི་སྙིང་བཙིར་བས་དེ་རྫོགས་པར་འགྱུར་རོ། །མ་རུངས་པ་རབ་ཏུ་བསྒྲུབ་པ་ལ་ནི་རྡོ་རྗེ་
སྙེམས་མས་སོ་ཞེས་བྱ་བ་ནི་རྡོ་རྗེ་སྙེམས་མའི་ཕྱག་རྒྱ་ནི་རྡོ་རྗེ་སྙེམས་མ་སྟེ། དེས་མ་རུངས་པ་རྣམས་རབ་ཏུ་སྒྲུབ་པར་བྱེད་པར་འགྱུར་རོ། །འདི་སྐད་སྟོན་པར་འགྱུར་ཏེ། མ་རུངས་པ་རྣམས་ལ་བལྟས་ལ་རྡོ་རྗེ་སྙེམས་མའི་ལས་ཀྱི་ཕྱག་རྒྱ་བཅིངས་ནས། ཡིད་ཀྱིས་བསྒྲུབ་པར་བྱ་བའི་
ལུས་ལ་ཞུགས་ཏེ། བདག་ཉིད་དེ་དང་ལྷན་ཅིག་ཏུ་གྱུར་པར་བསམས་ལ། མགོ་གཡོན་དུ་བཏུད་དེ། བསྒྲུབ་པར་བྱ་བ་འདུད་པར་བྱེད་པའི་བསམ་པས་གདུད་དེ། དེས་ནི་དེ་ལྟུང་བར་བྱས་པར་འགྱུར་ཞིང་། དྲེགས་པ་འཕྲོག་པར་འགྱུར་རོ། །རྒྱན་ཐམས་ཅད་ཅེས་བྱ་བ་ནི་གོ་བར་ཟད་དོ། །
དེ་རྣམས་དབྲོག་པ་ནི་འབར་བའི་ལྟ་བས་དབྲོག་པས་སོ་ཞེས་བྱ་བ་ནི། རབ་ཏུ་མྱུར་བར་གཡོ་བའི་མིག །མིག་གི་རྫི་མ་འདྲེན་པ་ནི། །འབར་བའི་ལྟ་བ་ཞེས་གྲགས་ཏེ། །འགྲོ་བ་ཐམས་ཅད་འགུགས་པའོ། །ཞེས་བྱ་བ་ནི་འབར་བའི་ལྟ་བའི་མཚན་ཉིད་དེ། དེ་དབྲོག་པ་ནི་འགུགས་པ་སྟེ། འབར་
བའི་ལྟ་བས་དབྲོག་པའོ། །ཐམས་ཅད་ཡིད་ཚིམ་པ་ཞེས་བྱ་བ་ནི་བདེ་བ་བསྐྱེད་པའོ། །དེ་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་ཁུ་ཚུར་གཉིས་སྙིང་གར་བཞག་པས་སོ་ཞེས་བྱ་བ་གསུངས་ཏེ། དམ་ཚིག་རྡོ་རྗེའི་ཁུ་ཚུར་བཅིངས་ལ་སྙིང་གའི་ཕྱོགས་སུ་བཞག་སྟེ། དེས་ནི་ཐམས་ཅད་ཡིད་ཚིམ་པར་
འགྱུར་རོ། །མུན་པ་སྣང་བར་བྱ་བ་ལ་ནི། རྡོ་རྗེ་ཁ་ཤར་དུ་བལྟས་ཏེ་བསྐོར་བས་སོ་ཞེས་བྱ་བ་ནི། དང་པོའི་རྡོ་རྗེ་བླངས་ལ་འོད་ཟེར་འབར་བ་གཏོང་བའི་ཚུལ་གྱིས་ཤར་ཕྱོགས་སུ་བལྟས་ལ། བསྐོར་ན་མུན་པ་མུན་ནག་སྣང་བར་བྱེད་དོ། །ལུས་བདེ་བར་བྱ་བ་ལ་ནི་རང་གི་མཚན་གྱིས་བཟླས་པས་སོ། །
ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པས་རང་གི་མཚན་བཟུང་ལ། ལུས་ཀྱི་སྡུག་བསྔལ་གཞིག་པར་བྱ་བའི་ཕྱིར་བཟླས་བརྗོད་བྱ་སྟེ། དེས་ལུས་བདེ་བའི་རྒྱུར་འགྱུར་ཏེ། གཡོགས་ནས་བྱའོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །གཟུགས་ཐམས་ཅད་སྣང་བར་བྱ་བ་ལ་ནི། རྡོ་རྗེ་གཟུགས་ཀྱི་མཆོག་

གིས་ཕྱག་རྒྱས་སོ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་ལ་སོགས་པ་གཟུགས་ཐམས་ཅད་ཡང་དག་པར་སྟོན་པའི་བསམ་པ་གར་ལས་བྱུང་བའི་རྡོ་རྗེ་བསྡམས་པ་བཅིངས་ལ། གཡོན་པའི་མཛུབ་མོ་ལྕགས་ཀྱུས་གཡས་པའི་གུང་མོའི་རྩེ་མོ་འཁྱུད། གཡས་པའི་མཛུབ་མོའི་
ལྕགས་ཀྱུས་གཡོན་པའི་གུང་མོའི་རྩེ་མོ་འཁྱུད། མཐེ་བོང་གཉིས་རང་རང་གི་མཛུབ་མོ་དང་རྩེ་སྦྱར་ལ་མཐེའུ་ཆུང་གཉིས་སྦྱར་ཏེ་བརྐྱང་བ་འདི་ནི་རྡོ་རྗེ་གཟུགས་ཀྱི་མཆོག་སྟེ། འདིས་གཟུགས་ཐམས་ཅད་ཡང་དག་པར་སྟོན་པར་འགྱུར་རོ། །སྒྲ་ཐམས་ཅད་ནི་དེ་བཞིན་གཤེགས་པ་ལ་
སོགས་པའི་སྒྲའོ། །དེ་ཐོས་པར་བྱ་བ་ལ་ནི་ཞེས་བྱ་བ་ནི་གཞན་རྣམས་ཀྱིས་ཐོས་པར་བྱ་བའོ། །དེ་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་པི་ཝང་གིས་སོ་ཞེས་བྱ་བ་སྟེ། གར་ལས་བྱུང་བའི་རྡོ་རྗེ་བསྡམས་པ་ལས་གཡོན་པའི་མཛུབ་མོ་བཀུག་པ་ནི་ཡུ་བ་སྟེ། གཡས་པའི་མཛུབ་མོས་བརྡུངས་ལ།
འདི་དང་སྒྲ་རྣམས་བྲག་ཅ་ལྟ་བུར་བསྒོམས་པས་སྒྲ་ཐམས་ཅད་འབྱུང་བར་འགྱུར་ཏེ། འདི་ནི་རྡོ་རྗེ་པི་ཝང་ངོ་། །དྲི་ཞིམ་པོ་སྣ་ཚོགས་པའི་ཕྱིར་ན། སྣའི་དབུགས་འབྱིན་པའི་གླུ་ཡིས་སོ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་ལ་སོགས་པའི་དྲི་ཞིམ་པོ་རྣམས་སྣ་ཚོགས་པ་བསྐྱེད་པའི་དབུགས་
འབྱིན་པ་དང་། ཧཱུྃ་ཞེས་པའི་གླུའི་བཟླས་པས། དེ་བསྐྱེད་པའི་བསམ་པའི་དབང་གིས་འབྱུང་བར་འགྱུར་རོ། །ཟས་དང་སྐོམ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། རྫས་ཐམས་ཅད་རྡོ་རྗེ་བསྡམས་པས་བཅིང་ཞིང་ཡིད་ཀྱིས་བླངས་ལ། མངོན་པར་འདོད་པའི་གནས་སུ་གཞག་པར་བྱ་སྟེ།
དེ་ལྟར་ན་རྡོ་རྗེ་སྤྲོ་བ་བྱས་པར་འགྱུར་རོ། །དབབ་པ་ཐམས་ཅད་ནི་ཞེས་པ་ལ་སོགས་པ་ལ། ལག་པ་གཉིས་ཀྱིས་སེ་གོལ་རྡེབས་ཤིང་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་འོད་ཟེར་འབར་བས་ཀུན་ནས་འཁྲིགས་པས་བསྒྲུབ་པར་བྱ་བ་ཀུན་དུ་གང་བར་བསམ་ཞིང་། ཧཱུྃ་ཞེས་བྱ་བའི་གླུ་བླང་བར་
བྱ་སྟེ། དེས་ནི་པྲ་སེ་ན་ལ་སོགས་པ་དབབ་པ་ཐམས་ཅད་བྱེད་པར་འགྱུར་རོ། །ཐམས་ཅད་གར་བྱེད་དུ་གཞུག་པ་ལ་ནི་ཞེས་བྱ་བ་ལ་སོགས་པ་ལ་བསྒྲུབ་པར་བྱ་བའི་ལུས་ལ་ཡིད་ཀྱིས་ཞུགས་པའི་བསྒྲུབ་པར་བྱ་བ་གར་བྱེད་པའི་བསམ་པས་བདག་ཉིད་གར་བྱེད་ཅིང་། ཧཱུྃ་ཞེས་བྱ་བ་བཟླས་

ན། དེས་ན་ཐམས་ཅད་གར་བྱེད་དུ་འཛུད་པར་འགྱུར་རོ། །ཐམས་ཅད་གླུ་ལེན་དུ་གཞུག་པ་ལ་ནི་ཞེས་བྱ་བ་ལ་སོགས་པ་ལ། རྒྱུ་བ་དང་མི་རྒྱུ་བའི་དངོས་པོ་ཐམས་ཅད་ལ་ཧཱུྃ་ཞེས་བྱ་བའི་གླུ་ལ་སོགས་པའི་གྲེ་འགྱུར་ཐམས་ཅད་འབྱུང་བར་བསམས་ལ། དེ་རྫོགས་པར་བྱ་བའི་
བསམ་པས་ལྕེ་བསྐྱོད་ཅིང་བཟླས་བརྗོད་བྱ་སྟེ། དེས་ནི་ཐམས་ཅད་གླུ་ལེན་དུ་འཛུད་པར་འགྱུར་རོ། །ཐམས་ཅད་སྨྲར་འཇུག་པ་ནི་རྡོ་རྗེ་ཆུ་ཡིས་སོ་ཞེས་བྱ་བ་ནི། ཐམས་ཅད་བབས་པས་ཡི་གེ་ཧཱུྃ་ཞེས་བྱ་བ་དང་། སྤོས་ཆུའི་རྡུལ་ཕྲ་རབ་རྡོ་རྗེ་སྨྲ་བ་ལྟ་བུར་རྣམ་པར་བསམས་ལ། མངོན་པར་
བཟླས་ཏེ། ཁར་བླུད་ན་དེས་ནི་ཐམས་ཅད་སྨྲར་འཛུད་པར་འགྱུར་རོ། །ཐམས་ཅད་བབས་ནས་ཞེས་བྱ་བ་ལ་སོགས་པ་ལ། གདོན་ལ་སོགས་པ་ཐམས་ཅད་ཞུགས་ནས་དེ་རྣམས་ཀྱིས་མངོན་པར་འདོད་པའི་དངོས་པོ་རྣམས་སྟོན་ཅིང་དྲིས་པའི་ལན་སྟོན་པའོ། །དེ་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་
འབེབས་པས་སོ་ཞེས་བྱ་བ་གསུངས་ཏེ། དམ་ཚིག་རྡོ་རྗེ་འབེབས་པས་སོ་ཞེས་བྱ་བའི་དོན་ཏོ། །འདི་སྐད་སྟོན་པར་འགྱུར་ཏེ། བབས་པར་གྱུར་པ་དང་། ལྕེ་ལ་ཧཱུྃ་ཞེས་བྱ་བ་ལས་རྡོ་རྗེ་བསམས་ཏེ། དེའི་སྟེང་དུ་ཧཱུྃ་ཨ་ཞེས་བྱ་བ་འོད་ཟེར་འབར་བ་འཁྲིགས་པ་བཀོད་ལ། རྡོ་རྗེ་འབེབས་པའི་དམ་ཚིག་གི་
ཕྱག་རྒྱ་སྟོན་པར་རྣམ་པར་བསམས་ནས། ཧཱུྃ་ཨ་ཞེས་བྱ་བ་བཟླས་བརྗོད་བྱའོ། །གདོན་ཐམས་ཅད་ལས་ཐར་བར་བྱ་བ་ལ་ནི་རྡོ་རྗེ་མའི་ཕྱག་རྒྱས་སོ་ཞེས་བྱ་བ་ལ། སྲིན་པོ་ལ་སོགས་པའི་གདོན་ཐམས་ཅད་ལས་ཐར་བར་བྱ་བ་ལ་ནི། གར་ལས་བྱུང་བའི་བ་དན་གསུམ་པའི་ཕྱག་རྒྱ་གཉིས་བྱས་
ལ། མཐེའུ་ཆུང་གཉིས་གཤིབས་ལ་མཛུབ་མོ་གཉིས་གཤིབས་པ་མཛུབ་མོ་རྡོ་རྗེར་བྱ། གུང་མོ་གཉིས་མདུད་དེ་བཟློག་ནས་དབང་བསྐུར་བའི་གནས་སུ་མཛུབ་མོ་རྩེ་སྦྱར་བར་བཞག་ནས། ཧཱུྃ་མུ་ཞེས་བརྗོད་ལ། ཁྲོས་ཤིང་གདོང་མཆེ་བ་གཙིགས་པ་འོད་ཟེར་འབར་བས་ཀུན་དུ་འཁྲིགས་
པའི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་བསྒྲུབ་པར་བྱ་བའི་སྟེང་དུ་བསམས་ལ། དེས་ཀྱང་དེའི་མགོ་བོ་ནས་བརྩམས་ཏེ། རྐང་པའི་མཐར་ཐུག་གི་བར་དུ་བསྒྲུབ་པར་བྱ་བའི་ལུས་ལ་ཁྱབ་པར་བསམ་པར་བྱ་སྟེ། དེས་ནི་གདོན་ཐམས་ཅད་ལས་ཐར་བར་འགྱུར་ཏེ། འདི་ནི་རྡོ་རྗེ་མུའི་ཕྱག་རྒྱའོ། །

གདོན་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། སྲིན་པོ་ལ་སོགས་པའི་གདོན་ཐམས་ཅད་ཀྱིས་སེམས་ཅན་འགའ་ཞིག་འཛིན་པར་བྱ་བར་འདོད་ན། དེའི་ཚེ་ཚོགས་ཀྱི་བདག་པོའི་གཟུགས་བརྙན་མདུན་དུ་བཞག་ལ། དེར་ཚོགས་ཀྱི་བདག་པོ་བཀུག་ཅིང་བཅུག་ལ་དབང་དུ་བྱ་སྟེ། སྔ་མ་བཞིན་དུ་
རབ་ཏུ་བསྒྲུབས་ལ་དབང་བསྐུར་ཏེ་ལེགས་པར་མཆོད་ལ། ཁྲོས་པས་རྡོ་རྗེ་གསོར་ཞིང་བཟླས་ནས། ཆེ་གེ་མོ་གདོན་གྱིས་ཟིན་དུ་ཆུག་ཤིག །ཧཱུྃ་ཞེས་བསྐུལ་ན། དེའི་ཚེ་དེ་གདོན་གྱིས་ཟིན་པར་འགྱུར་རོ། །རིམས་ཐམས་ཅད་འཛིན་དུ་འཇུག་པ་ལ་ནི་རྡོ་རྗེ་རིམས་ཀྱི་གདོན་གྱིས་སོ་ཞེས་བྱ་བ་
ལ། ཉིན་གཅིག་པ་ལ་སོགས་པའི་རིམས་བརྒྱད་ནི་རིམས་ཐམས་ཅད་དེ། གང་གི་ཚེ་དེས་སེམས་ཅན་འགའ་ཞིག་ཟིན་པར་འདོད་ན། དེའི་ཚེ་ཧཱུྃ་ཞེས་བྱ་བ་ཟློས་ཤིང་རྡོ་རྗེ་བཅིངས་ནས། ནམ་མཁའ་ལས་རིམས་བླངས་ལ། བསྒྲུབ་པར་བྱ་བའི་སྙིང་གར་སྦྱོར་བ་འདིས་རིམས་གཞུག་པར་བྱ་
སྟེ། རྡོ་རྗེ་བསྡམས་པ་བརྐྱང་ལ་སྙིང་འདར་བར་བྱ་སྟེ། དེ་ནས་རིམས་ཀྱིས་འཛིན་པར་འགྱུར་རོ། །རིམས་ཐམས་ཅད་བསལ་བ་ལ་ནི་རྡོ་རྗེའི་ལྟ་བས་བསལ་བའོ་ཞེས་བྱ་བ་ལ། རྡོ་རྗེའི་ལྟ་བ་ནི་ཆགས་ཤིང་རབ་ཏུ་གདངས་པའི་མིག་ཅེས་བྱ་བ་ནི་རྡོ་རྗེ་ལྟ་བའི་མཚན་ཉིད་དོ། །དེས་བྱབས་
པས་རིམས་ཐམས་ཅད་སེལ་ནུས་པར་འགྱུར་རོ། །འདི་སྐད་སྟོན་པར་འགྱུར་ཏེ། ཇི་སྐད་དུ་གསུངས་པའི་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ་མིག་གཡས་པར་མ་ལས་ཉི་མའི་དཀྱིལ་འཁོར། གཡོན་པར་ཨ་མེད་པའི་ཡི་གེ་ཊ་ལས་ཟླ་བའི་དཀྱིལ་འཁོར། ཡང་ཡི་གེ་ཧཱུྃ་ལས་མིག་གཉིས་སུ་རྡོ་རྗེ་
གཉིས་བསམས་ལ། དེ་དང་ཧཱུྃ་ཞེས་བྱ་བ་ཟློས་ཤིང་བསྒྲུབ་པར་བྱ་བའི་སྤྱི་བོ་ནས་བརྩམས་ཏེ། བྱབས་ལ་མིག་གཉིས་ལས་བྱུང་བའི་རྡོ་རྗེའི་འོད་ཟེར་རྣམས་ཀྱིས་རིམས་ལ་བསྣུན་པར་བྱས་ན། དེས་ནི་རིམས་ཐམས་ཅད་བསལ་ནུས་པར་འགྱུར་རོ། །དུག་ཐམས་ཅད་སྦར་བ་ལ་ནི་ཞེས་བྱ་བ་ལ། རྒྱུ་
བ་དང་མི་རྒྱུ་བའི་དུག་ཐམས་ཅད་བེམས་པོར་གྱུར་པ་རྣམས་ལ། བེམས་པོ་མ་ཡིན་པར་བྱ་ཞིང་། རང་གི་ནུས་པ་བསྐྱེད་པར་བྱ་བ་ནི་སྦར་བའོ། །དེ་ཇི་ལྟར་བྱ་ཞེ་ན། རྡོ་རྗེ་ལྟ་བུའི་དུག་གི་ཕྱག་རྒྱས་སོ་ཞེས་བྱ་བ་ནི་ཁྲོས་ཤིང་མིག་མི་འཛུམས་པའི་ལྟ་བས་ལྟ་བ་འདི་ནི་རྡོ་རྗེའི་ལྟ་བ་སྟེ། འདིས་དུག་

ཐམས་ཅད་འབར་བར་བྱེད་པར་འགྱུར་རོ། འདིས་ནི་དོན་འདི་སྐད་དུ་སྟོན་པར་འགྱུར་ཏེ། ཁྲོས་པའི་དཔལ་རྡོ་རྗེ་སེམས་དཔའ་རང་ཉིད་ཇི་ལྟ་བ་བཞིན་དུ་བསམས་ལ། ཧཱུྃ་ཞེས་བྱ་བ་ལས་མིག་གཉིས་སུ་ལྟ་བའི་དུག་ཅན་གྱི་ཁྲོ་བོ་གཉིས་འབར་བའི་འོད་རྣམ་པར་འཁྲུགས་པ་
བསྐྱེད་ལ། ལྟ་བ་དེས་འབར་བ་ནི་དུག་མེ་དང་རླུང་གི་དཀྱིལ་འཁོར་ལ་བསམས་ནས། ཧཱུྃ་ཞེས་བྱ་བ་ཟློས་ཤིང་སྦར་བར་བྱའོ། །དུག་ཐམས་ཅད་གཞིག་པ་ལ་ནི་རྨ་བྱའི་སྒྲོའི་ཆུན་པོས་སོ་ཞེས་བྱ་བ་ནི་རང་གི་ལྷའི་རྣལ་འབྱོར་ཇི་ལྟ་བ་བཞིན་བྱས་ལ། རྨ་བྱའི་ཆུན་པོ་ལ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་
དཔལ་རྡོ་རྗེ་སེམས་དཔའ་ཟླ་བའི་མདོག་ཅན་ཉིད་ཀྱི་དབུ་ལས་བྱུང་བའི་བདུད་རྩིའི་ཆུ་རྒྱུན་དགུས་ཕྱོགས་བཅུ་ཐམས་ཅད་ཀུན་དུ་གང་བར་བསམས་ལ། ཆུན་པོ་དེས་བསྒྲུབ་པར་བྱ་བའི་ལུས་ལ་བྱབ་པར་བྱ་ཞིང་། དེས་ཀྱང་བཅོམ་ལྡན་འདས་དུག་ཐམས་ཅད་རྣམ་པར་གཡེང་བར་བྱེད་པས་བསྒྲུབ་
པར་བྱ་བའི་ལུས་བཀྲུས་པར་གྱུར་པར་བསམས་ལ། དེས་ནི་དུག་ཐམས་ཅད་འཇིག་པར་འགྱུར་རོ། །དུག་ཐམས་ཅད་བཟའ་བར་བྱ་བ་ལ་ནི་རྡོ་རྗེ་བདུད་རྩིའི་ཕྱག་རྒྱས་སོ་ཞེས་བྱ་བ་ནི། དང་པོའི་རྡོ་རྗེ་ལས་མཛུབ་མོ་གཉིས་སྦྱར་ཏེ། རྐང་པའི་སོར་མོ་བསྒྱུར་ཞིང་། ཧཱུྃ་ཞེས་བྱ་བ་ཟློས་ཤིང་
དུག་གི་སྟེང་དུ་བཞག་ནས། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ན་བཞུགས་ཤིང་། སྔར་བཤད་པའི་མཚན་ཉིད་ཀྱིས་དུག་ལ་ཁྱབ་པས་བདུད་རྩིར་གྱུར་པར་བསམ་པར་བྱ་སྟེ། འདི་ནི་རྡོ་རྗེ་བདུད་རྩིའོ། །བདུད་ལ་སོགས་པ་མ་རུངས་པ་ཐམས་ཅད་བརླག་
པ་ལ་ནི་འཁྲུགས་པས་དཔག་ཏུ་མེད་པར་བཟླས་པས་སོ་ཞེས་བྱ་བ་ནི་སྔ་མ་བཞིན་དུ་བདག་ཉིད་རྡོ་རྗེ་སེམས་དཔའ་ཞལ་མཆེ་བ་རྣམ་པར་གཙིགས་པ། མདོག་ནག་པོ་རྡོ་རྗེ་འབར་བའི་འོད་ཀུན་དུ་འཁྲུགས་པ། རྡོ་རྗེ་གསོར་བ་ལ་སོགས་པ་ལ་བརྩོན་པར་རྣམ་པར་བསམས་ལ། ཧཱུྃ་ཞེས་བྱ་བ་ཟློས་
ཤིང་། རྡོ་རྗེ་ལས་རྡོ་རྗེ་ཁྲོ་བོ་སྤྲུལ་ལ། དེས་བགེགས་ཐམས་ཅད་སྐྲག་པར་བྱ་ཞིང་བསྐྲད་པར་བྱའོ། །དཔག་ཏུ་མེད་པ་བཟླས་པས་སོ་ཞེས་བྱ་བ་ནི་ཧཱུྃ་ཞེས་བྱ་བ་ཉིད་བཟླས་པས་སོ། །མཁའ་འགྲོ་མའི་གདོན་ཐམས་ཅད་ལས་གྲོལ་བ་ལ་ནི་རྡོ་རྗེ་ཆེན་པོ་གསོར་བའི་ཕྱག་རྒྱས་སོ་ཞེས་བྱ་བ་ནི་བཅོམ་

ལྡན་འདས་རྡོ་རྗེ་མེ་ལྟར་རབ་ཏུ་འབར་བའི་ཕྱག་རྒྱ་ཆེན་པོ་ནི་རྡོ་རྗེ་ཆེན་པོ་གསོར་བ་སྟེ། དེས་མཁའ་འགྲོ་མའི་གདོན་ཐམས་ཅད་ལས་གྲོལ་བར་བྱའོ། །དེ་ཡང་རྡོ་རྗེ་མེ་ལྟར་རབ་ཏུ་འབར་བར་བདག་ཉིད་རྣམ་པར་བསམས་ལ། ཧཱུྃ་ཞེས་བྱ་བ་ཟློས་ཤིང་རྡོ་རྗེ་ཆེན་པོ་གསོར་བར་བྱའོ། །དེ་ནས་
རྡོ་རྗེ་ལས་བྱུང་བའི་བཅོམ་ལྡན་འདས་རྡོ་རྗེ་ཧཱུྃ་མཛད་ཀྱིས་མཁའ་འགྲོ་མའི་གདོན་རྣམས་གསོད་ཅིང་འཇོམས་པར་བྱེད་པར་བསམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཕྱག་རྒྱ་ཐམས་ཅད་གཞིག་པ་ལ་ནི་རྡོ་རྗེ་འཕེན་པས་སོ་ཞེས་བྱ་བ་ནི་སྲིན་པོ་ལ་སོགས་པའི་ཕྱག་རྒྱ་བཅིངས་ལ། གང་གི་ཚེ་
འགའ་ཞིག་འོངས་པར་གྱུར་ན། དེའི་ཚེ་རྡོ་རྗེ་སེམས་དཔའ་ཁྲོས་པར་བདག་ཉིད་རྣམ་པར་བསམས་ལ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས། དེའི་ཐད་ཀར་འཕངས་ལ། རྡོ་རྗེ་འབར་བའི་སྟེང་དུ་ངེས་པར་བབ་པར་བསམ་པར་བྱ་སྟེ། དེ་ལྟར་ན་ཕྱག་རྒྱ་དེས་འཇིག་པར་འགྱུར་རོ། །མཁའ་འགྲོ་མ་
ཐམས་ཅད་དགུག་པ་དང་གཞུག་པ་དང་གདུལ་བ་ལ་ནི་ཞེས་བྱ་བ་ལ་སོགས་པ་ལ། དུར་ཁྲོད་དམ་ལམ་གྱི་བཞི་མདོར་དཀྱིལ་འཁོར་བྲིས་ལ། དཀྱིལ་འཁོར་དེར་མཁའ་འགྲོ་མའི་ཚོགས་ཐམས་ཅད་བཀུག་ནས་དེའི་འོག་ཏུ་བཅུག་ལ། དེ་ནས་རང་གི་བཀའ་བསྒོ་བ་ལ་སྦྱར་བར་བྱ་སྟེ། དེ་ཡང་
རྡོ་རྗེ་ཁ་ཊྭཱཾ་གའི་ཕྱག་རྒྱ་བཅིངས་ལ། ཁྲོས་པས་རྡོ་རྗེ་ཧཱུྃ་མཛད་ཀྱི་ཕྱག་རྒྱ་དང་། ཧཱུྃ་ཞེས་བྱ་བ་བཟླས་བརྗོད་བྱའོ། །གཡོན་པའི་མཛུབ་མོ་ཐད་ཀར་བཞག་སྟེ། གཡས་པའི་མཐེའུ་ཆུང་བརྐྱང་ལ། ཕྱག་རྒྱ་སྟེང་དུ་བཏེག་ནས་བཞག་པ་འདི་ནི་རྡོ་རྗེ་ཁ་ཊྭཱཾ་གའི་ཕྱག་རྒྱ་སྟེ། རྡོ་རྗེ་ཧཱུྃ་མཛད་ཀྱི་གཟུགས་ཀྱིས་
སྦྱར་བར་བྱའོ། །མ་མོ་ཐམས་ཅད་ཀྱི་དཀྱིལ་འཁོར་དང་ཞེས་བྱ་བ་ལ་སོགས་པ་ལ་མ་མོ་ཐམས་ཅད་ཀྱི་དཀྱིལ་འཁོར་ནི་གཟུགས་དང་བཅས་པ་དང་། གཟུགས་མེད་པ་སྟེ། དེ་ཉིད་ནི་དམ་ཚིག་ཅེས་བཤད་དོ། །དེ་རྣམས་ཀྱི་སྙིང་པོ་ནི་ཕྱག་རྒྱ་ཆེན་པོའི་དཀྱིལ་འཁོར་རོ། །ཕྱག་རྒྱ་ནི་གཟུགས་ཀྱི་དཀྱིལ་
འཁོར་རོ། །སྔགས་ནི་ཆོས་ཀྱི་དཀྱིལ་འཁོར་རོ། །རིག་པ་ནི་ལས་ཀྱི་དཀྱིལ་འཁོར་ཏེ། དེ་རྣམས་ནི་གསང་བ་ཞེས་བྱའོ། །དེ་དག་འཇིག་པར་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་ཁྲོ་བོའི་ཡི་གེ་ཕཊ་ཀྱིས་སོ་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་ཧཱུྃ་མཛད་དུ་གྱུར་པས་ཁྲོ་བོའི་ཁུ་ཚུར་གཉིས་ཀྱིས་ཧཱུྃ་ཕཊ་ཅེས་བྱ་བའི་ཁྲོ་བོ་

སྟོང་གིས་ཇི་སྐད་དུ་བཤད་པའི་དངོས་པོ་གཞིག་པར་བྱ་བའི་ཕྱིར་སྦྱར་བར་བྱ་སྟེ། ཁྲོ་བོ་སྟོང་པོ་མཚོན་ཆ་སྣ་ཚོགས་པ་ཐོགས་པ། ཕྱག་ན་རྡོ་རྗེའི་སྐུ་ལས་བྱུང་བ་རྣམས་ཀྱིས་མ་མོ་ཐམས་ཅད་ཀྱི་དཀྱིལ་འཁོར་དང་། དམ་ཚིག་དང་། སྙིང་པོ་དང་། ཕྱག་རྒྱ་དང་། སྔགས་དང་།
རིག་སྔགས་དང་། གསང་བ་རྣམས་འཇིག་པར་བྱས་པར་བསམ་པར་བྱའོ། །མ་མོ་དང་མཁའ་འགྲོ་མ་ཐམས་ཅད་མངག་གཞུག་མར་བྱ་བ་ལ་ནི། མ་མོའི་གནས་སུ་ཁྲོས་པས་བཟླས་བརྗོད་འབུམ་བྱའོ་ཞེས་བྱ་བ་ནི་དྲག་མོ་ལ་སོགས་པ་ནི་མ་མོ་ཐམས་ཅད་དང་མཁའ་འགྲོ་མ་གང་ཡིན་པ་སྟེ།
དེ་རྣམས་ཀྱི་རིག་པ་གང་ཡིན་པས་གྲུབ་པ་རྣམས། དེ་རྣམས་རང་གི་དབང་དུ་བྱེད་པར་འདོད་པས། ཁྲོས་པ་དང་། རྡོ་རྗེ་གསོར་ཞིང་མ་མོའི་གནས་རྣམས་སུ་ཧཱུྃ་ཞེས་བྱ་བའི་བཟླས་བརྗོད་ཇི་སྲིད་སྟོང་ཕྲག་བརྒྱ་རྫོགས་པར་གྱུར་པ་དེ་སྲིད་ཀྱི་བར་དུ་བཟླས་བརྗོད་བྱས་ནས། དེ་ནས་དེ་རྣམས་མངག་
གཞུག་མར་འགྱུར་རོ། །བདུད་ཐམས་ཅད་ཀྱི་སྟོབས་གཞོམ་པ་ལ་ནི་རྡོ་རྗེ་དྲག་པོའི་ཧ་ཧ་ཞེས་བྱ་བའི་གད་རྒྱངས་སོ་ཞེས་བྱ་བ་ནི་ལྷའི་བུ་དང་། ཉོན་མོངས་པ་དང་། ཕུང་པོ་དང་། འཆི་བདག་གི་རང་བཞིན་ནི་བདུད་ཐམས་ཅད་དོ། །དེ་རྣམས་ཀྱི་སྟོབས་ནི་ནུས་པ་སྟེ། དེ་བཟློག་པ་ནི་གཞོམ་པའོ། །དེ་
ནི་རྡོ་རྗེ་དྲག་པོའི་ཧ་ཧ་ཞེས་བྱ་བའི་གད་རྒྱངས་ཀྱིས་འགྱུར་ཏེ། བདག་ཉིད་རྡོ་རྗེ་སེམས་དཔའ་ཁྲོས་པར་རྣམ་པར་བསམས་ལ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། བཟློག་ནས་ཁའི་གྲྭ་གཉིས་སུ་བཞག་ལ། ཧ་ཧ་ཧ་ཧ་ཧཱུྃ་ཞེས་བཟླས་པ་འདི་ནི་རྡོ་རྗེ་དྲག་པོའི་ཧ་ཧ་ཞེས་བྱ་བའི་གད་རྒྱངས་ཏེ། འདི་ཉིད་བཅིངས་ལ་
བཟླས་པའི་དུས་སུ་འཇིག་རྟེན་གྱི་ཁམས་ཐམས་ཅད་རྡུལ་ཕྲ་རབ་དང་མཉམ་པའི་རྡོ་རྗེ་གནོད་སྦྱིན་གྱི་གཟུགས་བདུད་ཐམས་ཅད་ཟ་བར་བྱེད་པར་བསམ་པར་བྱ་སྟེ། དེ་ལྟ་བུ་ནི་བདུད་ཐམས་ཅད་ཡང་དག་པར་འཇོམས་པར་འགྱུར་རོ། །གཞན་གྱི་དཔུང་ཐམས་ཅད་གཞོམ་པ་ལ་ནི། རྡོ་རྗེ་ལ་ཡོངས་སུ་
བཟླས་ལ་འཕང་ངོ་ཞེས་བྱ་བ་ལ་ནི། ལག་པ་གཡས་སམ། གཡོན་དུ་ཧཱུྃ་ཞེས་བྱ་བ་ལས་ཁྲོ་བོ་རྡོ་རྗེ་རྣམ་པར་བསམས་ལ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། མངོན་པར་བཟླས་ལ་བསྐལ་པ་སྲེག་པ་ལྟ་བུའི་ཁུ་ཚུར་དེ་ཉིད་ཀྱིས་ཡང་དང་ཡང་དུ་གཞན་གྱི་དཔུང་གི་སྟེང་དུ་འཕང་བར་བྱ་སྟེ། དེ་ལྟ་བུས་ནི་

གཞན་གྱི་དཔུང་ཐམས་ཅད་འཇོམས་པར་འགྱུར་རོ། །འཐབ་པ་ཐམས་ཅད་ལས་ཐར་བར་བྱ་བ་ལ་ནི། རྡོ་རྗེ་རྒྱལ་མཚན་གྱི་ཕྱག་རྒྱས་སོ་ཞེས་བྱ་བ་ནི། ལྔ་པོ་བསྡུས་པ་ལས་མཛུབ་མོ་གཉིས་ལྕགས་ཀྱུར་བཅིངས་ཏེ། སྲིན་ལག་དང་མཐེའུ་ཆུང་སྙོམས་ལ་ཕྱེ་སྟེ། བརྐྱང་ནས་བ་དན་གྱི་རྩེ་མོ་ལྟ་
བུར་བྱ་བ་སྟེ། གྱེན་དུ་འདེགས་པ་འདི་ནི་རྡོ་རྗེ་རྒྱལ་མཚན་གྱི་ཕྱག་རྒྱ་སྟེ། འདི་བཅིངས་ལ་ཧཱུྃ་ཞེས་བྱ་བ་ཟློས་ཤིང་། རྡོ་རྗེ་དྲན་པར་བདག་ཉིད་རྣམ་པར་བསམས་ལ། ཆུ་སྲིན་གྱི་རྒྱལ་མཚན་ལས་དཔུང་གི་ཚོགས་ཡན་ལག་བཞི་པ་ཕྱུང་སྟེ། དེས་གཞན་གྱི་དཔུང་བཅོམ་ཞིང་གཞིག་པར་བྱ་སྟེ། དེ་
ལྟ་བུས་ནི་གཡུལ་ཐམས་ཅད་ལས་ཐར་བར་འགྱུར་རོ། །ཐམས་ཅད་བཅིང་བ་ལ་ནི་གོས་ལ་མདུད་པ་བྱའོ་ཞེས་བྱ་བ་ནི། ཧཱུྃ་ཞེས་བྱ་བས་གོས་ཀྱི་མཐའི་རྡོ་རྗེའི་ཐག་པར་བསམས་ལ། དེས་རྐུན་པོ་ལ་སོགས་པ་ཡིད་ཀྱིས་བཀུག་ནས་ཧཱུྃ་ཞེས་བྱ་བ་ཟློས་ཤིང་མདུད་པའི་ཚུལ་གྱིས་བཅིང་བར་
བྱའོ། །ཐམས་ཅད་དགྲོལ་བ་ལ་ནི། ཡི་གེ་མུ་ཡིས་སོ་ཞེས་བྱ་བ་ནི་བཅིངས་པ་དང་། རྒྱབ་བཏབ་པ་དང་། སྲེག་པ་དང་། བཙོས་པ་དང་། བསྐྲད་པ་ལ་སོགས་པ་སྔགས་ཀྱི་སྦྱོར་བ་བྱས་ལ་དེ་ཐམས་ཅད་ནི་ཧཱུྃ་མུ་ཞེས་བྱ་བ་བཟླས་ན་བཅིང་བ་ཐམས་ཅད་ལས་གྲོལ་ཞིང་ཐར་བར་འགྱུར་རོ། །རོ་
ལངས་དང་འཁྲུལ་འཁོར་ཐམས་ཅད་གཞིག་པ་ལ་ནི་རྡོ་རྗེ་འཇིགས་བྱེད་ཀྱིས་སོ་ཞེས་བྱ་བ་ནི། རོ་ལངས་ཐམས་ཅད་དང་འཁྲུལ་འཁོར་རྣམས་ནི། རོ་ལངས་དང་། འཁྲུལ་འཁོར་ཐམས་ཅད་དེ། དེ་ལ་མི་ཤི་བའི་རོ་ལ་སྲིན་པོ་ལ་སོགས་པ་ཞུགས་པ་ནི་རོ་ལངས་སོ། །འཁྲུལ་འཁོར་ནི་ལྷ་མ་ཡིན་
གྱིས་བྱས་པའམ། གཞན་དག་གིས་བྱས་པ་སྟེ། དཔེར་ན་ས་འོག་ཏུ་འགྲོ་བའི་ལམ་དུ་བཤད་པའོ། །དེ་རྣམས་ནི་རྡོ་རྗེ་འཇིགས་བྱེད་ཀྱི་ཕྱག་རྒྱས་འཇིག་པར་འགྱུར་ཏེ། རྡོ་རྗེ་བསྡམས་པ་བཅིངས་ནས། སྟང་སྟབས་ཀྱིས་འཕངས་ལ་ཕྱག་རྒྱ་བཅིངས་པ་ལས་རྡོ་རྗེ་འབར་བ་བྱུང་བས་རོ་ལངས་དང་།
འཁྲུལ་འཁོར་རྣམས་ལ་འབབ་པར་བསམ་པར་བྱ་སྟེ། དེ་ནི་རྡོ་རྗེ་འཇིགས་བྱེད་དོ། །ལྕགས་སྒྲོག་ཐམས་ཅད་དགྲོལ་བ་ལ་ནི། རྡོ་རྗེ་ཁབ་ལོང་གིས་སོ་ཞེས་བྱ་བ་ནི་རྡོ་རྗེ་ཧཱུྃ་མཛད་ཀྱི་ཕྱག་རྒྱ་གར་ལས་བྱུང་བ་བཅིངས་ལ། ལྕགས་སྒྲོག་རྣམས་ལ་འཕངས་པས་ཕྱག་རྒྱ་དང་། སྟང་སྟབས་ལས་

བྱུང་བའི་རྡོ་རྗེ་འབར་བ་རྣམས་ལྕགས་སྒྲོག་ལ་བབས་པས་ལྕགས་སྒྲོག་ཐལ་བར་བྱས་པར་བསམ་པར་བྱ་སྟེ། འདི་ནི་རྡོ་རྗེ་ལྕགས་སྒྲོག་གོ། །མེ་ཡང་དག་པར་སྐྱེད་པ་ལ་ནི་རྡོ་རྗེ་མེ་ཤེལ་གྱིས་སོ་ཞེས་བྱ་བ་ནི། དང་པོའི་རྡོ་རྗེ་བཅིངས་ལ་མཐེ་བོང་དང་། མཐེའུ་ཆུང་རྡོ་རྗེ་
རྩེ་མོ་བཞི་པ་འབར་བ་རྣམ་པར་འཕྲོ་བ་རབ་ཏུ་སྟོན་པའི་ཚུལ་དུ་བྱས་པ་འདི་ནི། རྡོ་རྗེ་མེ་ཤེལ་ཏེ། འདི་བཅིངས་ལ་རླུང་དང་མེའི་དཀྱིལ་འཁོར་ལ་ཧཱུྃ་ཞེས་བྱ་བ་བསམས་ཏེ། ཧཱུྃ་ཞེས་བྱ་བ་ཉིད་ཟློས་ཤིང་མེ་བསྐྱེད་པར་བྱའོ། །ཆུ་མེད་པར་ཆུ་ཡང་དག་པར་བསྐྱེད་པ་ལ་ནི་རྡོ་རྗེ་ཆུ་ཤེལ་གྱིས་སོ་ཞེས་བྱ་
བ་ནི་དེ་བཞིན་གཤེགས་པའི་སྐུའི་མཆོག་བཅིངས་ལ་རང་གི་སྙིང་གའི་ཕྱོགས་སུ་བཞག་སྟེ། ཁྲོ་བོའི་ལྟ་བས་ཇི་ལྟར་མངོན་པར་དགའ་བའི་གླུ་ལ་ལྟ་བཞིན་དུ་འདིར་ཆུ་བསྐྱེད་ཅིང་ཞེས་བྱ་བ་དང་། ཧཱུྃ་ཞེས་བྱ་བས་བཟླས་ན། ཆུ་བསྐྱེད་པར་འགྱུར་ཏེ། འདི་ནི་རྡོ་རྗེ་ཆུ་ཤེལ་ལོ། །ནམ་མཁའ་
ལས་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའ་ལ་ཧཱུྃ་ཞེས་བྱ་བ་ལས་ནམ་མཁའི་མཛོད་ཟས་དང་སྐོམ་ཐམས་ཅད་འབེབས་པ་ལ་བརྩོན་པར་བསམས་ལ། དེ་ཉིད་ལ་ལྟ་ཞིང་ཧཱུྃ་ཞེས་བྱ་བས་བཟླས་བརྗོད་སྟོང་ཕྲག་བརྒྱ་བྱའོ། །འབུམ་རྫོགས་པ་དང་། ཐམས་ཅད་ནམ་མཁའ་ལས་འབྱུང་བར་འགྱུར་
རོ། །ནམ་མཁའ་ལས་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའ་ལ་ཧཱུྃ་ཞེས་བྱ་བ་ལས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་སོགས་པའི་སྐུ་རྣམ་པར་བསམས་ལ། དེ་ཉིད་ཡིད་ལ་བྱ་ཞིང་ཧཱུྃ་ཞེས་བྱ་བས་བཟླས་བརྗོད་འབུམ་བྱའོ། །འབུམ་རྫོགས་པར་གྱུར་པ་དང་། ནམ་མཁའ་ལས་
སངས་རྒྱས་ཀྱི་སྐུ་ལ་སོགས་པའི་གཟུགས་སྟོན་པར་འགྱུར་རོ། །ནམ་མཁའ་ལ་ཡི་གེ་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའ་ལ་ཡི་གེ་ཨ་བསམས་ལ། དེ་ཉིད་ལ་སེམས་ཞིང་ཇི་སྲིད་འབུམ་ཕྲག་གཅིག་མ་རྫོགས་པར་གྱུར་པ་དེ་སྲིད་ཀྱི་བར་དུ་ཧཱུྃ་ཞེས་བྱ་བ་བཟླས་ནས་དེ་ནས་ཡི་གེ་ཨ་དེ་ལས།
འདས་པ་དང་། ད་ལྟར་བྱུང་བ་དང་། མ་འོངས་པ་རྣམས་ལུང་སྟོན་པ་བདེན་པར་སྟོན་པར་འགྱུར་རོ། །པྲ་སེ་ན་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། མེ་ལོང་དང་། མཐེ་བོ་དང་། རྩིག་པ་དང་། ཆུ་དང་། མར་མེའི་རྩེ་མོ་དང་། རལ་གྲིའི་པྲ་སེ་ན་ཐམས་ཅད་དེ། དེ་རྣམས་ལ་ཡི་གེ་གཟུགས་སུ་འདས་

པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་བྱ་བ་གང་ཤེས་པར་འགྱུར་བ་དེ་ནི། པྲ་སེ་ན་ཐམས་ཅད་ལས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ལུང་བདེན་པར་སྟོན་པའོ། །དེ་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་པྲ་སེ་ན་ཐམས་ཅད་དབབ་པས་སོ་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་བསྡམས་པ་
བཅིངས་པ་ལས། གཡས་པའི་མཐེ་བོ་བསྒྲེང་ལ། གཡོན་པའི་མཛུབ་མོ་ལྕགས་ཀྱུར་བྱ་བ་ནི་པྲ་སེ་ན་ཐམས་ཅད་དབབ་པ་སྟེ་འདི་བཅིངས་ལ་ཧཱུྃ་ཞེས་བྱ་བ་ཟློས་ཤིང་། དངོས་པོ་ཐམས་ཅད་ལ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་ངོ་བོ་ཉིད་ཐམས་ཅད་གཟུགས་བརྙན་གྱི་ཚུལ་གྱིས་གསལ་
བར་སྣང་ཞིང་སེམས་ཅན་ཐམས་ཅད་དང་། བདག་ཉིད་ལ་སྒྲ་བརྙན་གྱི་ཚུལ་དུ་གསལ་ཞིང་བདེན་པ་སྒྲོགས་པར་འགྱུར་ཏེ། པྲ་སེ་ན་དབབ་པའི་བཟླས་བརྗོད་འབུམ་བྱས་ལ་བྱའོ། །དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པས་ཇི་ལྟར་བཟླས་བརྗོད་འབུམ་བྱས་པས། པྲ་སེ་ན་ཐམས་ཅད་སྒྲུབ་པར་བྱེད་
པ་དེ་བཞིན་དུ་རང་གི་མིག་གཉིས་ལ་ཧཱུྃ་ཞེས་བྱ་བ་ལས་རྡོ་རྗེ་གཉིས་བསམས་ལ། ཧཱུྃ་ཞེས་བྱ་བ་བཟླས་བརྗོད་འབུམ་བྱས་ན་གཟུགས་བརྙན་གྱི་ཚུལ་གྱིས་རྡོ་རྗེ་སེམས་དཔའ་ལ་སོགས་པ་དངོས་པོ་ཐམས་ཅད་མཐོང་བར་འགྱུར་རོ། །དེ་བཞིན་དུ་རང་གི་རྣ་བ་གཉིས་ལ་ཧཱུྃ་ཞེས་བྱ་བ་ལས་རྡོ་རྗེ་
བསམས་ལ། རྣ་བར་བཟླས་བརྗོད་འབུམ་བྱས་ན་བྲག་ཅའི་ཚུལ་གྱིས་རྡོ་རྗེ་སེམས་དཔའ་ལས་སྒྲ་རྣམས་ཐོས་པར་འགྱུར་རོ། །སྣའི་རྩེ་མོ་ཧཱུྃ་ཞེས་བྱ་བ་ལས་རྡོ་རྗེ་བསམས་ལ། དེ་ལ་དམིགས་པའི་སེམས་ཀྱིས་བཟླས་བརྗོད་འབུམ་བྱས་ན། རྡོ་རྗེ་སེམས་དཔའ་ལ་སོགས་པའི་དྲི་ཐམས་ཅད་
བསྣམས་པར་འགྱུར་རོ། །ལྕེ་ལ་ཧཱུྃ་ཞེས་བྱ་བ་ལས་རྡོ་རྗེ་བསམས་ལ། དེའི་སྟེང་དུ་ཧཱུྃ་ཞེས་བྱ་བ་བསམས་ནས། བཟླས་བརྗོད་འབུམ་བྱས་ན་དེ་ཐམས་ཅད་སྨྲ་བར་འགྱུར་རོ། །ལུས་ལ་ཧཱུྃ་ཞེས་བྱ་བ་རྣམ་པར་བཀོད་ལ། ལུས་ལ་བཟླས་བརྗོད་འབུམ་བྱས་ན། དེས་ཐམས་ཅད་ཚོར་བར་འགྱུར་རོ། །
རང་གི་སྙིང་གར་ཧཱུྃ་ཞེས་བྱ་བ་ལས་རྡོ་རྗེ་རྩེ་ལྔ་པ་བསམས་ལ་བཟླས་བརྗོད་འབུམ་བྱས་ན་ཡིད་ཀྱིས་ཐམས་ཅད་ཤེས་པར་འགྱུར་རོ། །རྨད་དུ་བྱུང་བ་ཐམས་ཅད་བསྟན་པ་ལ་ནི། སངས་རྒྱས་ཀྱི་སྐུ་བསྒྲུབས་པས་སོ་ཞེས་བྱ་བ་ནི། རྣམ་པར་སྣང་མཛད་ལ་སོགས་པའི་སྐུ་གཟུགས་མདུན་དུ་བཞག་ལ།

དེར་གསང་བའི་ལྕགས་ཀྱུ་ལ་སོགས་པས་བཀུག་ནས་བཅུག་ལ། བཅིངས་ནས་དབང་དུ་བྱས་ཏེ། མཆོད་པ་ཐམས་ཅད་ཀྱིས་ཇི་ལྟ་བ་བཞིན་དུ་ཡང་དག་པར་མཆོད་ནས། དེའི་ཐུགས་ཀར་ཧཱུྃ་ཞེས་བྱ་བ་བསམས་ལ། དེ་བཞིན་གཤེགས་པ་བསྒོམ་ཞིང་བཟླས་བརྗོད་འབུམ་བྱས་
ན། རྨད་དུ་བྱུང་བ་ཐམས་ཅད་སྟོན་པར་འགྱུར་རོ། །སྒྱུ་མ་ཐམས་ཅད་བསྟན་པ་ལ་ནི་རྨ་བྱའི་སྒྲོའི་ཆུན་པོ་ལ་ནི་བཟླས་བརྗོད་འབུམ་བྱས་པས་སོ་ཞེས་བྱ་བ་ནི། རྨ་བྱའི་ཆུན་པོ་ལ་རྡོ་རྗེ་བཅུག་སྟེ་བཅིང་ངོ་། །དེ་ནས་རྨ་བྱའི་ཆུན་པོ་དེ་ཧཱུྃ་ཞེས་བྱ་བ་ལས་དངོས་པོ་ཐམས་ཅད་ཀྱི་བདག་ཉིད་ཅན་གྱི་རྡོ་རྗེ་སེམས་དཔའི་
རྣམ་པར་བསམ་མོ། །དེ་ནས་དེ་ཉིད་བསྒོམ་ཞིང་བཟླས་བརྗོད་འབུམ་བྱས་ན་ཆུན་པོ་འགྲུབ་པར་འགྱུར་ཏེ། དེ་ནས་ཆུན་པོ་དེ་ལ་བཟླས་བརྗོད་བྱ་ཞིང་གཟུགས་བརྙན་གྱི་ཚུལ་གྱིས་བསྐོར་ནས། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ཐམས་ཅད་གཟུགས་བརྙན་གྱི་ཚུལ་དུ་སྣང་ཞིང་། བྲག་ཅའི་
ཚུལ་གྱིས་ཐམས་ཅད་སྟོན་པར་འགྱུར་རོ། །ཐམས་ཅད་གཡོགས་པར་བྱ་བ་ལ་ནི། ཞི་བའི་གནས་སུ་བཟླས་བརྗོད་འབུམ་བྱས་པས་སོ་ཞེས་བྱ་བ་ནི། ཐམས་ཅད་གཡོགས་པ་ནི་ཚོང་དུས་གཡོགས་པ་སྟེ། གྲགས་པར་ཟད་དོ། །དེ་ཞེས་བྱ་བ་ནི་བསྐྱེད་པ་སྟེ། ལྷ་ཆེན་པོའི་གནས་སུ་ལྷ་ཆེན་པོ་
བཀུག་ལ། ཧཱུྃ་ཞེས་བྱ་བ་བཟླས་བརྗོད་འབུམ་བྱའོ། །དེའི་འོག་ཏུ་དེ་ཤེས་པ་ལས་དེའི་སྦྱོར་བ་ཤེས་པར་བྱས་ལ། ཧཱུྃ་ཞེས་བྱ་བ་བཟླས་པས་དེ་དང་དེ་གཡོགས་པར་བྱའོ། །ཐམས་ཅད་ལ་ལན་ལྡོན་པར་སྟོན་པ་ལ་ནི། རྡོ་རྗེ་ཧཱུྃ་མཛད་ཀྱི་ཕྱག་རྒྱས་སོ་ཞེས་བྱ་བ་ནི། འདས་པ་དང་། མ་འོངས་པ་དང་། ད་
ལྟར་བྱུང་བའི་དངོས་པོའི་གཏམ་གྱི་སྒྲ་ཐོས་པ་ནི་ཐམས་ཅད་ལ་ལན་ལྡོན་པ་སྟོན་པ་སྟེ། དེ་ནི་རྡོ་རྗེ་ཧཱུྃ་མཛད་ཀྱིས་ཞེས་བྱ་བ་ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱ་ནི་རྡོ་རྗེ་ཧཱུྃ་མཛད་དོ། །འདི་སྐད་སྟོན་པར་འགྱུར་ཏེ། རྡོ་རྗེ་སེམས་དཔའི་རྣལ་འབྱོར་ཇི་ལྟ་བ་བཞིན་དུ་བྱས་ལ། ཁམས་གསུམ་རྣམ་
པར་རྒྱལ་བའི་ཕྱག་རྒྱ་བཅིངས་ལ། རྡོ་རྗེ་ཧཱུྃ་མཛད་དུ་བདག་ཉིད་རྣམ་པར་བསམས་ལ་བདེན་པ་གང་གི་སྒྲ་རྣམས་ནི་བྲག་ཅ་དང་མཚུངས་པ་ཡིན་པས་བདེན་པ་དེས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་བྱ་བ་རྣམས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་བཤད་དུ་གསོལ་ཞེས་བདེན་པའི་

བྱིན་གྱི་རླབས་བྱས་ལ། རྡོ་རྗེ་ཧཱུྃ་མཛད་སྙིང་གར་ཞུགས་པར་བསམས་ལ། དེ་ཉིད་ཟློས་ཤིང་རྡོ་རྗེ་ཧཱུྃ་མཛད་དུ་བདག་ཉིད་བསམས་ལ། ཇི་སྲིད་བཅོམ་ལྡན་འདས་ཐམས་ཅད་སྟོན་པར་མཛད་པ་དེ་སྲིད་དུ་བསྒོམ་པར་བྱའོ། །རྫུ་འཕྲུལ་ཐམས་ཅད་བསྟན་པ་ལ་ནི། རྡོ་རྗེ་རྫུ་འཕྲུལ་གྱི་ཕྱག་རྒྱས་སོ་ཞེས་
བྱ་བ་ལ། རྫུ་འཕྲུལ་ཐམས་ཅད་ནི་སེམས་ཀྱིས་ཡང་དག་པར་འཕྲུལ་པ་སྟེ། ནམ་མཁར་འགྲོ་བ་ལ་སོགས་པའི་ཚུལ་ལོ། །དེ་ཡང་ཡིད་ལྟར་མགྱོགས་པ་ལ་སོགས་པ་ལ་རྣམ་པ་ལྔ་སྟེ། རྣམ་པ་ལྔ་པོ་དེ་དག་རྫོགས་པར་བྱ་ཞིང་མངོན་སུམ་དུ་བྱ་བ་གང་ཡིན་པ་དེ་ནི་རྫུ་འཕྲུལ་ཐམས་ཅད་
བསྟན་པའོ། །དེ་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་རྫུ་འཕྲུལ་གྱི་ཕྱག་རྒྱས་སོ་ཞེས་བྱ་བ་སྟེ། དང་པོའི་རྡོ་རྗེའི་བཅིངས་པ་ལས་ནམ་མཁའ་ལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཆེན་པོ་བསྐྱེད་པའི་ཚུལ་དུ་བྱ་བ་ནི། རྡོ་རྗེ་རྫུ་འཕྲུལ་གྱི་ཕྱག་རྒྱ་སྟེ། དེས་དེ་རྣམས་འབྱུང་བར་འགྱུར་
རོ། །ཆོ་འཕྲུལ་ཐམས་ཅད་ཅེས་བྱ་བ་ནི་རྫུ་འཕྲུལ་དང་། རྗེས་སུ་བསྟན་པ་དང་། ཀུན་བརྗོད་པའི་ཆོ་འཕྲུལ་ཏེ། གདུལ་བྱའི་སྐྱེ་བོ་རྣམས་ཀྱིས་སོ་སོར་དགའ་བར་བྱེད་པས་ན་ཆོ་འཕྲུལ་ཏེ། དེ་རྣམས་སྟོན་པ་ནི་སྔ་མ་བཞིན་ནོ། །རྡོ་རྗེ་ཏིང་ངེ་འཛིན་ནི་མཆོག་གིས་སོ་ཞེས་བྱ་བ་ནི། བཅོམ་ལྡན་འདས་
འོད་དཔག་ཏུ་མེད་པའི་ཏིང་ངེ་འཛིན་གྱི་ཕྱག་རྒྱས་སོ། །འདི་སྐད་སྟོན་པར་འགྱུར་ཏེ། དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ། ཧཱུྃ་ཞེས་བྱ་བ་ཟློས་ཤིང་། བཅོམ་ལྡན་འདས་འོད་དཔག་ཏུ་མེད་པའི་ཏིང་ངེ་འཛིན་གྱི་ཕྱག་རྒྱ་བཅིངས་ལ། དེའི་ངོ་བོ་ཉིད་དུ་བདག་ཉིད་བསམས་ཏེ། རང་གི་ལུས་ལ་དངོས་པོ་
ཐམས་ཅད་ཕྱུང་བ་ལ་ཡང་དག་པར་བསྟན་པར་བྱའོ། །རང་གི་ལུས་ལ་སོགས་པ་དངོས་པོ་ཐམས་ཅད་ལས་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ལ། རང་གི་ལུས་ལས་སམ། རྩིག་པ་ལ་སོགས་པ་རྣམས་ལས་དེ་བཞིན་གཤེགས་པ་ཐམས་ཅད་ལ་སོགས་པའི་དངོས་
པོ་ཐམས་ཅད་ཕྱུང་ལ། རྡོ་རྗེ་རྫུ་འཕྲུལ་རྣམ་པར་འཕྲུལ་པའི་ཕྱག་རྒྱ་བཅིངས་ལ། ཧཱུྃ་ཞེས་བྱ་བས་བརྟན་པར་བྱའོ། །རྡོ་རྗེ་ཁུ་ཚུར་གཉིས་གློག་འགྱུ་བའི་ཚུལ་གྱིས་ནམ་མཁའི་ཕྱོགས་སུ་དངོས་པོ་ཐམས་ཅད་སྤྲུལ་པའི་བསམ་པས་བསྐོར་བར་བྱ་སྟེ། འདི་ནི་རྡོ་རྗེ་རྫུ་འཕྲུལ་རྣམ་པར་འཕྲུལ་པའོ། །ལྷ་

ཐམས་ཅད་ནི་ལྷ་ཆེན་པོ་ལ་སོགས་པ་སྟེ། དེ་རྣམས་དབབ་པ་ལ་ནི་ལྷ་དབབ་པའི་སྦྱོར་བས་བསྒོམས་པས། རྡོ་རྗེ་བསྐོར་བའི་ཕྱག་རྒྱ་བཅིངས་ལ། རྡོ་རྗེ་ཁུ་ཚུར་གྱི་མཛུབ་མོ་གཉིས་ཀྱིས་ལྕགས་ཀྱུ་སྦྲེལ་བ་ལྟར་བྱས་ལ། གཡས་ལོགས་ནས་གཡོན་ལོགས་སུ་དྲངས་ཏེ་ཡང་
གཡས་སུ་དྲངས་ནས། བཞག་པ་འདི་ནི་རྡོ་རྗེ་བསྐོར་བའི་ཕྱག་རྒྱའོ། །ཀླུ་ཐམས་ཅད་ནི་མཐའ་ཡས་ལ་སོགས་པ་སྟེ། དེ་རྣམས་རྗེས་སུ་འབྲང་བར་བྱེད་པར་འདོད་པས་དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་བཅིངས་ལ། ཀླུའི་མཚོར་བཟླས་བརྗོད་བྱས་ན། རྗེས་སུ་སྤྱོད་པར་འགྱུར་རོ། །གནོད་
སྦྱིན་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་གང་འདོད་པའི་གནོད་སྦྱིན་གྱི་གཟུགས་ལ། གནོད་སྦྱིན་དགུག་པ་ལ་སོགས་པ་བྱས་ཏེ། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་བཀའ་བསྒོས་པའི་ཚུལ་དུ་བྱས་ལ། ཧཱུྃ་ཞེས་བྱ་བ་བཟླས་བརྗོད་བྱས་ལ། གནོད་སྦྱིན་ཐམས་ཅད་ཅི་བགྱི་ཞེས་བྱ་བ་བྱེད་པར་འགྱུར་རོ། །
འབྱུང་པོ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། སྟན་མཐོན་པོ་ལ་འདུག་སྟེ། གར་ལས་བྱུང་བའི་རྡོ་རྗེ་གསོར་བའི་ཕྱག་རྒྱས་ཁྲོ་བ་དང་བཅས་པས་དགོད་པའི་བཞིན་དང་། དབང་ཕྱུག་ཆེན་པོའི་གཟུགས་ལ་དབང་ཕྱུག་ཆེན་པོ་བཀུག་སྟེ། ཧཱུྃ་ཞེས་བྱ་བ་ཟློས་ཤིང་། རྐང་པ་གཡོན་པས་མནན་ལ། ཧཱུྃ་ཧཱུྃ་
ཞེས་བཟླས་བརྗོད་བྱས་ན། འབྱུང་པོ་ཐམས་ཅད་དབང་དུ་འགྱུར་རོ། །སེར་བ་ཐམས་ཅད་བཟློག་པ་ལ་ནི་རྡོ་རྗེ་སྲིད་སྲུང་གི་ཕྱག་རྒྱས་སོ་ཞེས་བྱ་བ་ནི་དང་པོའི་རྡོ་རྗེ་ལས་གཡས་པའི་མཛུབ་མོ་སྡིགས་མཛུབ་བསྒྲེང་ལ། ཐོག་གམ་སྤྲིན་གྱི་ཕྱག་རྒྱ་དེ་ལས་རྡོ་རྗེ་འབར་བའི་འོད་ཟེར་ཀུན་དུ་འཁྲིགས་
པའི་འོད་དང་ལྡན་པ། ནམ་མཁའ་དང་མཉམ་པ་ཕྱུང་ལ། དེས་སེར་བ་རྣམས་ཐལ་བར་གྱུར་པར་བསམ་པར་བྱ་སྟེ། འདི་ནི་རྡོ་རྗེ་སྲིད་སྲུང་གི་ཕྱག་རྒྱའོ། །གློག་འབབ་པ་ཐམས་ཅད་བཟློག་པ་ལ་ནི། རྡོ་རྗེ་ཁྲོ་གཉེར་ཅན་གྱི་ཕྱག་རྒྱས་སོ་ཞེས་བྱ་བ་ནི། རྡོ་རྗེ་ཐལ་མོ་ལས་མཛུབ་མོ་གཉིས་སྦྱར་བའི་
ཕྱག་རྒྱ་དཔྲལ་བའི་ཕྱོགས་སུ་བཞག་ལ། དེ་ནས་སོར་མོ་ལྷག་མ་རྣམས་འབར་བ་གཏོང་བའི་ཚུལ་དུ་བྱ་བ་འདི་ནི། རྡོ་རྗེ་ཁྲོ་གཉེར་ཅན་གྱི་ཕྱག་རྒྱ་སྟེ། འདི་བཅིངས་ལ་རྡོ་རྗེ་མེ་ལྟར་འབར་བར་བདག་ཉིད་རྣམ་པར་བསམས་ལ། ཧཱུྃ་ཞེས་བྱ་བ་ལས་རྡོ་རྗེ་མེ་འབར་བས་གློག་ལ་འབར་བར་བྱ་སྟེ། དེས་ནི་གློག་

བཟློག་པར་འགྱུར་རོ། །ཆར་པ་དབབ་པ་ལ་ནི་ཀླུའི་མཚོར་བཟླས་བརྗོད་བྱའོ་ཞེས་བྱ་བ་ནི། ཆར་དཀོན་པའི་དུས་སུ་ཀླུའི་མཚོར་ཀླུ་བཀུག་ལ། ཧཱུྃ་ནཱ་ག་ཧཱུཾ་ཞེས་བྱ་བའི་སྙིང་པོ་སྤེལ་ལ། རྡོ་རྗེ་ཁྲོ་གཉེར་ཅན་གྱི་ཕྱག་རྒྱ་བཅིངས་ནས་བཟླས་ལ། རྡོ་རྗེ་འབར་བས་ཀླུ་ཚིག་པར་གྱུར་པར་རྣམ་པར་བསམ་
ཞིང་། སྙིང་བཙིར་བས། ཁྲག་སྐྱུགས་པར་འགྱུར་བར་རྣམ་པར་བསམས་ལ། དེས་ཆར་གྱི་རྒྱུན་འབེབས་པར་འགྱུར་རོ། །ཆར་པ་བཅད་པ་ལ་ནི། དྲི་མ་མེད་པའི་ཆུའི་སྦྱིན་སྲེག་བྱའོ་ཞེས་བྱ་བ་ནི། དཔལ་རྡོ་རྗེ་སེམས་དཔའ་ཧཱུྃ་ཞེས་བྱ་བས་མཆོད་ནས། ཆུ་དྲི་མ་མེད་པ་བླངས་ལ། དེར་དཔལ་རྡོ་རྗེ་
སེམས་དཔའ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཟླ་བའི་མདོག་ཅན་སྔ་མ་བཞིན་དུ་རྣམ་པར་བསམས་ལ། ཀླུའི་ཚོགས་ཀྱི་སྟེང་དུ་དྲི་མ་མེད་པའི་ཆུའི་མཚེའུ་དབུལ་ཞིང་། དེས་དེ་ཚིམ་པར་འགྱུར་ཞིང་མཚེའུ་ཐམས་ཅད་དང་བྲལ་བར་བསམས་ལ། དེ་ནས་དེ་ཆར་ཉེ་བར་སྡུད་པར་འགྱུར་རོ། །སྤྲིན་བསྐྱེད་
པ་ལ་ནི་ཀླུ་བྲིས་ནས། བདུག་པས་བདུག་པར་བྱའོ་ཞེས་བྱ་བ་ནི། ཇི་ལྟར་གྲགས་པའི་ཀླུ་བྲིས་ལ་བདུག་པར་བྱའོ། །དེ་ནས་ཧཱུྃ་ཞེས་བྱ་བས། གུ་གུལ་ལ་བཟླས་ལ། ཀླུའི་གཟུགས་བརྙན་ལ་བདུག་པར་བྱས་ན། སྤྲིན་བསྐྱེད་པར་འགྱུར་རོ། །སྤྲིན་གཞིག་པ་ལ་ནི་རྡོ་རྗེ་ནམ་མཁའི་སྤྱན་གྱིས་སོ་
ཞེས་བྱ་བ་ནི་དང་པོའི་རྡོ་རྗེ་བཅིངས་ལ། རྡོ་རྗེའི་ལྟ་བས་ལྟ་ཞིང་ནམ་མཁའ་ལ་སྤྲིན་གཏོར་བར་བྱ་སྟེ། འདི་ནི་རྡོ་རྗེ་ནམ་མཁའི་སྤྱན་ནོ། །ཆུ་མེད་པའི་ཕྱོགས་སུ་ཞེས་བྱ་བ་ལ་སོགས་པ་ལ། རི་ལ་སོགས་པ་ཆུ་མེད་པའི་སའི་ཕྱོགས་སུ་ཧཱུྃ་ཞེས་བྱ་བ་ཟློས་ཤིང་། དང་པོའི་རྡོ་རྗེ་བཅིངས་པ་ལས། ཀླུ་གཉིས་
བྱས་ལ་ཡིད་ཀྱིས་ཀླུ་གནས་ན་གནས་པའི་ཀླུ་དང་། གཅིག་ཏུ་གྱུར་ནས། རི་ལ་སོགས་པ་ཕྱེ་སྟེ། ལངས་ནས་ཆུའི་ཕུང་པོ་བསྐྱེད་པར་བསམས་ཏེ། དེ་ལྟར་ན་ཤིན་ཏུ་བསིལ་བའི་ཆུའི་ཕུང་པོ་མི་ཟད་པར་སྐྱེད་པར་འགྱུར་ཏེ། འདི་ནི་རྡོ་རྗེ་ཀླུའི་ཕྱག་རྒྱའོ། །གཏེར་ཐམས་ཅད་ཤེས་པར་བྱ་བ་ལ་ནི་
སྣོད་དུ་ཆུ་བླུགས་པར་བྱའོ་ཞེས་བྱ་བ་ནི་གང་དུ་གཏེར་ཡོད་པར་རེ་བའི་སའི་ཕྱོགས་དེར་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སྤྱན་དྲངས་ལ། ཡང་དག་པར་མཆོད་དེ་སྤོས་ཆུས་གང་བའི་ཟངས་མའི་བུམ་པ་རྡོ་རྗེ་ཁུ་ཚུར་གྱིས་བཟུང་ལ་ཇི་སྲིད་དུ་ཆུ་སྟོན་པ་དེ་སྲིད་དུ་བཟླས་བརྗོད་བྱ་སྟེ། དེ་ནས་གཏེར་

འདི་ན་ཡོད་དོ་ཞེས་བྱ་བ་ཤེས་པར་བྱའོ། །སྣོད་གང་གི་ཆུས་བླུགས་པ་དེའི་དོན་ལ་སྣོད་ཆུ་བླུགས་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་ལྟར་གཏེར་ཤེས་པར་བྱ་བས་གཏེར་གང་ན་ཡོད་པ་ངེས་པར་བྱས་ལ། གཏེར་དང་སྲུང་མ་དག་བཅིངས་ནས། རྡོ་རྗེ་དྲ་བའི་ཕྱག་རྒྱ་དང་རྡོ་རྗེ་
བསྲུང་བའི་ཕྱག་རྒྱ་རྣམས་ཀྱིས་གྲོགས་པོ་དང་། གནས་བསྲུང་བ་བྱས་ནས། རྡོ་རྗེ་བརྐོ་བའི་ཕྱག་རྒྱས་འཇོར་ལ་སོགས་པ་ལ་ཡི་གེ་ཧཱུྃ་བཟླས་ཏེ། དབུགས་འབྱིན་ཅིང་བརྐོ་བར་བྱའོ། །དང་པོའི་རྡོ་རྗེ་དེ་ཉིད་བཅིངས་ལ། དཔྲལ་བའི་ཕྱོགས་སུ་བཞག་ནས། གཏེར་འབྱིན་པའི་ཚུལ་དུ་བྱ་བ་
འདི་ནི་རྡོ་རྗེ་བརྐོ་བའི་ཕྱག་རྒྱའོ། །དེ་ནས་གཏེར་མཐོང་ནས་རྡོ་རྗེ་ནོར་གྱི་ཕྱག་རྒྱ་བཅིངས་ལ་བླང་བར་བྱ་སྟེ། དང་པོའི་རྡོ་རྗེ་ཉིད་དཔྲལ་བར་བཞག་ལ། ནོར་ལེན་པའི་ཚུལ་དུ་བྱ་བ་འདི་ནི་རྡོ་རྗེ་ནོར་གྱི་ཕྱག་རྒྱའོ། །རྒྱལ་སྲིད་ཐམས་ཅད་ཐོབ་པར་བྱ་བ་ལ་ནི་དབང་བསྐུར་བའི་ཕྱག་རྒྱས་སོ་ཞེས་བྱ་བ་ལ།
དང་པོའི་རྡོ་རྗེ་བཅིངས་ལ། དབང་བསྐུར་བའི་གནས་སུ་བཞག་སྟེ། གང་མངོན་པར་འདོད་པའི་རྒྱལ་སྲིད་ཐོབ་པའི་བསམ་པས། ཡི་གེ་ཧཱུྃ་བཟླས་བརྗོད་བྱ་སྟེ། འདི་ནི་རྡོ་རྗེ་དབང་བསྐུར་བའི་ཕྱག་རྒྱའོ། །སའི་བདག་པོར་བྱ་བ་ལ་ནི། རྡོ་རྗེ་སེམས་དཔའི་དབང་བསྐུར་བའི་ཕྱག་རྒྱས་སོ་ཞེས་བྱ་བ་ནི།
དང་པོའི་རྡོ་རྗེ་བཅིངས་ལས་ཐམས་ཅད་ཐོབ་པའི་ཚུལ་གྱིས། དཔྲལ་བའི་ཕྱོགས་སུ་གཞག་པར་བྱ་སྟེ། འདི་ནི་རྡོ་རྗེ་སེམས་དཔའི་དབང་བསྐུར་བའི་ཕྱག་རྒྱའོ། །དཀྱིལ་འཁོར་ཐམས་ཅད་ཅེས་བྱ་བ་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་རྣམས་སོ། །དེ་རྣམས་སྒྲུབ་པ་ནི་རྫོགས་པར་བྱ་བའོ། །
དེ་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་འཁོར་ལོའི་ཕྱག་རྒྱས་སོ་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། །མཐེའུ་ཆུང་མཛུབ་མོ་རྡོ་རྗེར་བསྡམས། །རྡོ་རྗེ་འཁོར་ལོ་ཞེས་བྱར་གྲགས། །དཀྱིལ་འཁོར་ཐམས་ཅད་སྒྲུབ་བྱེད་པའོ། །ཞེས་བཤད་པའོ། །ཕྱག་རྒྱ་ཐམས་ཅད་བསྒྲུབ་པ་ལ་ནི། བདེ་བ་ཆེན་
པོའི་དམ་ཚིག་གི་ཕྱག་རྒྱས་སོ་ཞེས་བྱ་བ་ལ། ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཕྱག་རྒྱ་རྣམས་ནི། ཕྱག་རྒྱ་ཐམས་ཅད་དོ། །དེ་བསྒྲུབ་པ་ནི་རྫོགས་པར་བྱ་བ་སྟེ། རང་དབང་དུ་བྱས་པའོ། །དང་པོའི་རྡོ་རྗེ་ནི་བདེ་བ་ཆེན་པོའི་དམ་ཚིག་གི་ཕྱག་རྒྱའོ། །འདི་སྐད་སྟོན་པར་འགྱུར་ཏེ། ཐལ་མོ་ཁོང་སྟོང་དུ་སྦྱར་ལ།

བཛྲ་ཨཉྫ་ལི་ཞེས་བྱ་བས། རྡོ་རྗེ་ཐལ་མོ་བཅིངས་ཏེ། དེ་ནས་བཛྲ་བནྡྷ་ཞེས་བྱ་བས། དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། བཛྲ་བནྡྷ་ཏྲ་ཐ། ཞེས་བྱ་བས་རྡོ་རྗེ་བསྡམས་པ་སྙིང་གར་དབྱེ་བར་བྱའོ། །དེ་ནས་བཛྲ་ཨཱ་བེ་ཤ་ཨ་ཞེས་བྱ་བས། རྡོ་རྗེ་དབབ་པའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། ཨ་ཞེས་བྱ་བས་
བདག་ཉིད་ལ་དབབ་པར་བྱའོ། །དེ་ནས་དབབ་པ་བསྡུ་བ་བྱས་ལ། བཛྲ་མུཥྚི་ཞེས་བྱ་བས། རྡོ་རྗེ་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། བཛྲ་མུཥྚི་བཾ་ཞེས་བརྗོད་དོ། །དེ་ནས་ཧཱུཾ་ཞེས་བྱ་བ་ཟློས་ཤིང་། དང་པོའི་རྡོ་རྗེ་བཅིང་བར་བྱ་སྟེ། དེ་ལྟ་བུས་ནི་ཕྱག་རྒྱ་ཐམས་ཅད་འགྲུབ་པར་འགྱུར་རོ། །དམ་ཚིག་ཐམས་
ཅད་སྒྲུབ་པ་ལ་ནི། རབ་ཏུ་དགའ་བའི་རྡོ་རྗེའི་ཕྱག་རྒྱས་སོ་ཞེས་བྱ་བ་ལ། ལྔ་པོ་བསྡུས་པའི་ཕྱག་རྒྱ་ནི་རབ་ཏུ་དགའ་བའི་རྡོ་རྗེའི་ཕྱག་རྒྱ་སྟེ། དེས་དཀྱིལ་འཁོར་ཐམས་ཅད་གྲུབ་པར་འགྱུར་རོ། །གང་གི་ཕྱིར་སློབ་མ་གཞུག་པར་བྱ་བའི་ཕྱིར། དེ་བཅིངས་ལ་ཡང་སློབ་དཔོན་གྱིས་དཀྱིལ་འཁོར་དུ་གཞུག་
པར་བྱ་སྟེ། དེ་བས་ན་དེ་ནི་དཀྱིལ་འཁོར་ཐམས་ཅད་སྒྲུབ་པར་འགྱུར་རོ། །འདི་སྐད་སྟོན་པར་འགྱུར་ཏེ། ཇི་ལྟར་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུ། དེས་དཀྱིལ་འཁོར་བསྒྲུབ་པར་བྱ་བ་དེ་བཞིན་དུ་དེ་བཞིན་གཤེགས་པ་ལ་སོགས་པའི་དཀྱིལ་འཁོར་དུ་ཞུགས་ལ། དེས་དཀྱིལ་འཁོར་བསྒྲུབ་པར་བྱ་
བ་ཡིན་ནོ། །དངོས་གྲུབ་ཐམས་ཅད་སྒྲུབ་པ་ལ་ནི་རྡོ་རྗེ་སྙེམས་མའི་ལྕགས་ཀྱུའི་ཕྱག་རྒྱས་སོ་ཞེས་བྱ་བ་ནི། རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱག་རྒྱ་གྲུབ་པ་ནི་དངོས་གྲུབ་ཐམས་ཅད་དེ། དེ་མངོན་སུམ་དུ་བྱ་བ་ནི་སྒྲུབ་པའོ། །བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལས་ཀྱི་ཕྱག་རྒྱ་ནི་རྡོ་རྗེ་སྙེམས་
པ་སྟེ། དེའི་གཡས་པའི་ལྕགས་ཀྱུ་ནི་རྡོ་རྗེ་སྙེམས་པའི་ལྕགས་ཀྱུ་སྟེ། འདི་བཅིངས་ལ་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་ལྷའི་གཟུགས་མདུན་དུ་བཞག་ནས། ཧཱུྃ་ཞེས་བྱ་བ་བཟླས་བརྗོད་བྱ་སྟེ། དེ་ནས་ཐམས་ཅད་དངོས་གྲུབ་སྟེར་བར་འགྱུར་རོ། །མ་གྲུབ་པ་ཐམས་ཅད་གྲུབ་པར་སྒྲུབ་པ་ལ་
ནི་རྡོ་རྗེ་གྲུབ་པའི་ཕྱག་རྒྱས་སོ་ཞེས་བྱ་བ་ལ། རྡོ་རྗེ་སེམས་དཔའ་ལ་སོགས་པ་ཇི་སྐད་དུ་བཤད་པའི་ཕྱག་རྒྱ་ཐམས་ཅད་མ་གྲུབ་པ་ལ་ནི། མ་གྲུབ་པ་ཐམས་ཅད་ཅེས་བྱའོ། །དེ་ཐམས་ཅད་གྲུབ་པར་བྱ་བ་ལ་ནི། ཡང་སྦྱོར་བའི་རྗེས་སུ་འབྲངས་ནས། རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱག་རྒྱ་ཐམས་ཅད་

བསྒྲུབ་ཅིང་རྫོགས་པར་བྱ་བ་ལ་ནི། མ་གྲུབ་པ་ཐམས་ཅད་གྲུབ་པར་སྒྲུབ་པའོ། །དང་པོའི་རྡོ་རྗེ་ནི་རྡོ་རྗེ་གྲུབ་པའི་ཕྱག་རྒྱ་སྟེ། དེ་བཅིངས་ནས་མ་གྲུབ་པ་ཐམས་ཅད་གྲུབ་པར་འགྱུར་རོ། །འདི་སྐད་སྟོན་པར་འགྱུར་ཏེ། གང་གི་ཚེ་རྡོ་རྗེ་སྙེམས་པའི་ལྕགས་ཀྱུའི་ཕྱག་རྒྱ་དངོས་གྲུབ་ཐམས་
ཅད་བསྒྲུབས་ན། དངོས་གྲུབ་ཐམས་ཅད་གྲུབ་པར་མ་གྱུར་ན། དེའི་ཚེ་དང་པོའི་རྡོ་རྗེ་བཅིངས་ལ། ཧཱུྃ་ཞེས་བྱ་བའི་གླུའི་བཟླས་པས། དངོས་གྲུབ་ཐམས་ཅད་བསྒྲུབ་པར་བྱའོ། །རིག་པ་འཛིན་པ་ཐམས་ཅད་སྒྲུབ་པ་ནི། རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། ལས་ཀྱི་རིག་པ་འཛིན་པ་གྲུབ་པ་སྟེ། དེ་སྒྲུབ་པ་
ནི་རིག་པ་འཛིན་པ་ཐམས་ཅད་སྒྲུབ་པའོ། །དེ་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་རིག་པ་འཛིན་པའི་ཕྱག་རྒྱས་སོ་ཞེས་བྱ་བ་གསུངས་ཏེ། ཧཱུྃ་ཟློས་ཤིང་། ཟླ་བའི་གཟུགས་ལ་གནས་ནས་ནི། །ནམ་མཁའི་སྟེང་དུ་འདུག་ནས་སུ། །ལག་ན་རྡོ་རྗེ་བསྒོམས་ནས་ནི། །རྡོ་རྗེ་རིག་པ་འཛིན་པར་འགྱུར། །ཟླ་བའི་
གཟུགས་ལ་གནས་ནས་ནི། །ནམ་མཁའི་སྟེང་དུ་འདུག་ནས་སུ། །ལག་ཏུ་རིན་ཆེན་བསྒོམས་ནས་ནི། །རིན་ཆེན་རིག་པ་འཛིན་པར་འགྱུར། །ཟླ་བའི་གཟུགས་ལ་གནས་ནས་ནི། །ནམ་མཁའི་སྟེང་དུ་འདུག་ནས་སུ། །ལག་ཏུ་པདྨ་བསྒོམས་ནས་ནི། །པདྨའི་རིག་པ་འཛིན་པར་འགྱུར། །ཟླ་བའི་གཟུགས་
ལ་གནས་ནས་ནི། །ནམ་མཁའི་སྟེང་དུ་འདུག་ནས་སུ། །ལག་ཏུ་སྣ་ཚོགས་བསྒོམས་ནས་ནི། །རིག་པ་འཛིན་པ་ཀུན་དུ་འགྱུར། །ཞེས་བྱ་བ་འདི་དག་ནི་རྡོ་རྗེ་རིག་པ་འཛིན་པའི་ཕྱག་རྒྱའོ། །རྡོ་རྗེ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ཐམས་ཅད་ནི། དང་པོའི་རྡོ་རྗེ་དང་། དེ་བཞིན་གཤེགས་པའི་རྡོ་རྗེ་
དང་། ཁྲོ་བོའི་རྡོ་རྗེ་དང་། རིན་པོ་ཆེའི་རྡོ་རྗེ་དང་། པདྨའི་རྡོ་རྗེ་དང་། སྣ་ཚོགས་རྡོ་རྗེ་སྟེ། དེ་དག་སྒྲུབ་པ་ནི་རྡོ་རྗེ་ཐམས་ཅད་སྒྲུབ་པའོ། །དེ་བསྒྲུབ་པར་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་ཐམས་ཅད་ཀྱི་མཆོག་གི་ཕྱག་རྒྱས་སོ་ཞེས་གསུངས་ཏེ། རྡོ་རྗེ་བསྡམས་པ་ལས་བྱུང་བ་དང་པོའི་རྡོ་རྗེ་ནི། རྡོ་རྗེ་ཐམས་ཅད་ཀྱི་མཆོག་གི་ཕྱག་
རྒྱའོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ནི་ཆོས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་རྣམ་པར་སྣང་མཛད་ལ་སོགས་པ་ནས། བསྐལ་པ་བཟང་པོའི་མཐར་ཐུག་པ་རྣམས་སོ། །དེ་ནས་བསྒྲུབ་པར་ཇི་ལྟར་འགྱུར་ཞེ་ན། ཐུགས་ཀྱི་རྡོ་རྗེས་སོ་ཞེས་བྱ་བ་གསུངས་ཏེ། ལྷའི་རྣལ་འབྱོར་ཇི་ལྟ་བ་བཞིན་དུ་བྱས་

ལ་ཧཱུྃ་ཞེས་བྱ་བ་ཟློས་ཤིང་། ཕྲ་མོའི་རྣལ་འབྱོར་སྦྱོར་བ་ཡིས། །ཤིན་ཏུ་མཉམ་པར་གཞག་ནས་བསྒོམ། །བྱང་ཆུབ་སེམས་དཔའ་ཐུགས་རྡོ་རྗེ། །རྡོ་རྗེ་སེམས་དཔའི་བསྒོམ་པའོ། །ཞེས་བྱ་བ་སྟེ། དེ་ལྟ་བུའི་རང་གི་མཚན་མའི་སྙིང་གའི་ཕྱོགས་སུ་གཞག་ལ། གང་དང་གང་བསྒོམས་པ་དེ་དང་དེ་
འགྲུབ་པར་འགྱུར་ཏེ། འདི་ནི་ཐུགས་རྡོ་རྗེའི་ཕྱག་རྒྱའོ། །རྡོ་རྗེ་འཛིན་པ་ཉིད་སྒྲུབ་པ་ལ་ནི་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོས་སོ་ཞེས་བྱ་བ་ནི་ཤེས་པར་ཟད་དོ། །དེ་བཞིན་དུ་སངས་རྒྱས་ཉིད་སྒྲུབ་པ་ལ་ཡང་ཧཱུྃ་ཞེས་བྱ་བ་གླུ་དང་ཟློས་ཤིང་། བྱང་ཆུབ་མཆོག་གི་ཕྱག་རྒྱ་བཅིངས་ནས་བསྒྲུབ་པར་བྱའོ། །བདེ་
བ་ཆེན་པོ་ཞེས་བྱ་བ་ལ་ནི། བདེ་བ་ཡང་ཡིན་ལ་ཆེན་པོ་ཡང་དེ་ཉིད་ཡིན་པས། བདེ་བ་ཆེན་པོ་སྟེ། གཉིས་སུ་མེད་པའི་དེ་བཞིན་གཤེགས་པའི་ཡེ་ཤེས་སོ། །དེ་ཡང་། མི་ཟད་པ་ཡི་དངོས་གྲུབ་ཀུན། །བདེ་བ་ཆེན་པོ་ཞེས་བཤད་དོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ཉིད་ནི་རྡོ་རྗེ་དོན་ཡོད་པ་སྟེ། ལོངས་
སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུ་རྫོགས་པར་བྱེད་པས་འབྲས་བུ་དང་བཅས་པའོ། །དེའི་དམ་ཚིག་ཐམས་ཅད་ནི་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་ལྷའི་ཚུལ་རྣམས་ཏེ། རྡོ་རྗེ་སེམས་དཔའ་ནས་བརྩམས་ནས། ཆུ་ལྷའི་མཐར་ཐུག་པའི་བར་དུ་འདི་སྐད་དུ་བཤད་པ་སྟེ། གང་གི་ཕྱིར་དེ་རྣམས་ནི་འདིར་
བྱང་ཆུབ་ཀྱི་སེམས་ཆེན་པོ་ལས་བྱུང་བར་འདོད་པའི་ཕྱིར། དམ་ཚིག་ཐམས་ཅད་ཅེས་བྱའོ། །རྟོག་པ་ནི་རྣམ་པར་རྟོག་པ་སྟེ། དེ་ཉིད་ཀྱིས་རྟོག་པ་གཞན་ཐམས་ཅད་ཟིལ་གྱིས་མནན་ནས། འབར་ཞིང་མཛེས་པས་ན་རྒྱལ་པོ་སྟེ། དེ་སྟོན་པའི་སྒྲའི་ཚོགས་ལ་ཡང་ཉེ་བར་གདགས་པས་དེ་སྐད་ཅེས་བྱའོ། །དེ་བས་
ན་བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་ཐམས་ཅད་ཀྱི་རྟོག་པའི་རྒྱལ་པོ་ཆེན་པོ་ལས་ཞེས་བྱའོ། །དམ་ཚིག་གི་དེ་ཁོ་ན་ཉིད་ཆེན་པོ་ནི་བཤད་ཟིན་ཏོ། །དེ་ཉིད་ནི་མི་ཕྱེད་པས་ན་རྡོ་རྗེ་ཞེས་བྱ་སྟེ། མིང་དེ་སྐད་ཅེས་བྱ་བ་ནི་རྟོག་པའི་རྒྱལ་པོ་ཆེན་པོ་རྫོགས་སོ་ཞེས་བྱ་བ་ནི། བྱང་ཆུབ་ཀྱི་སེམས་ཆེན་པོ་དང་། ཕྱག་རྒྱ་ཆེན་
པོ་དང་། མེ་ལོང་ལྟ་བུའི་ཡེ་ཤེས་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། ངོ་བོ་ཉིད་ཀྱི་སྐུ་ལ་སོགས་པ་སྟོན་པའི་རང་བཞིན་གྱི་མཐར་ཐུག་པའོ་ཞེས་པའོ། །རྡོ་རྗེ་སེམས་དཔའི་དབུགས་དབྱུང་བའི་བཤད་པ་རྫོགས་སོ།། །།དེ་ལྟར་འདོད་ཆགས་ཀྱིས་འདོད་ཆགས་སྤང་བར་བྱ་བའི་ཕྱིར། །དཔལ་

རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དང་། དེ་བསྒྲུབས་པའི་འབྲས་བུ་ཡང་གསུངས་ནས། ད་ནི་རང་བཞིན་བཟང་ཞིང་ཆ་མཉམ་པ་ལ་སྤྱོད་པའི་སེམས་ཅན་རྣམས་རྗེས་སུ་བཟུང་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་གསུངས་
ཏེ། དེ་ནས་ཞེས་བྱ་བ་ནི་དེ་མ་ཐག་པ་སྟེ། འོག་མིན་གྱི་གནས་སུ་མངོན་པར་རྫོགས་པར་སངས་རྒྱས་ནས། འདོད་པའི་ཁམས་ཐམས་ཅད་ཀྱི་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་རྒྱལ་པོའི་གནས་ན། ཕྱག་ན་རྡོ་རྗེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་བརྒྱ་དང་ཐབས་ཅིག་ཏུ་བཞུགས་ནས།
དེའི་རྗེས་ཐོགས་ཉིད་ལའོ། །བདུད་བཞི་བཅོམ་པས་ན་བཅོམ་ལྡན་འདས་སོ། །ཕྱོགས་བཅུ་པོ་དག་ཏུ་རྣམ་པར་སྣང་ཞིང་གཟུགས་ཐམས་ཅད་ཡང་དག་པར་སྟོན་པར་མཛད་པས་ན་རྣམ་པར་སྣང་མཛད་དོ། །ཡང་ཞེས་བྱ་བའི་སྒྲ་ནི་སླར་ཡང་ཞེས་བྱ་བའི་དོན་ཏོ། །རབ་ཏུ་དགའ་བ་ལ་སོགས་པ་སྟོན་
པར་མཛད་ནས་འདི་ཡང་དག་པར་སྟོན་པར་མཛད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་རྣམ་པར་སྣང་མཛད་ལ་སོགས་པའོ། །དེ་རྣམས་ཀྱི་ཞི་བའི་ཆོས་ཉིད་ནི་ཞི་བའི་ཉམས་སྟོན་པའི་སེམས་དང་སེམས་ལས་བྱུང་བའི་གཟུང་
བ་དང་། འཛིན་པའི་རྣམ་པར་རྟོག་པ་དང་བྲལ་བ་ཉིད་དོ། །དེའི་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་ཐུགས་སུ་ཆུད་པའོ། །དེའི་སྒྲུབ་པ་ནི་གང་གིས་མངོན་སུམ་དུ་བྱེད་པར་འགྱུར་བའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ཞེས་བྱ་བ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བྱང་ཆུབ་ཀྱི་སེམས་ཆེན་
པོ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རབ་ཏུ་འབྱེད་པའི་རྣམ་པ་སྟེ། དེ་ནི་བདག་གི་ཕུན་སུམ་ཚོགས་པའི་ཕ་རོལ་ཏུ་ཕྱིན་ཅིང་འགྲོ་བ་ཡིན་པས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེའི་ཚུལ་ནི་རྡོ་རྗེ་སྲ་བ་ཉིད་ཀྱི་ཕྱིར་ཞེས་བྱ་
བ་ལ་སོགས་པ་སྟེ། དེ་ཐོས་པ་ལ་སོགས་པས་རྟོག་པ་དང་བཅས་པ་གང་ཡིན་པའི་ཚུལ་ཏེ། གསུངས་ཏེ་ཞེས་བྱ་བར་སྦྱར་རོ། །འདི་ཞེས་བྱ་བ་ནི་བློ་ལ་བཞག་ནས་གསུངས་པའོ། །གསུངས་ཏེ་ཞེས་བྱ་བ་ནི་གང་ལ་མིང་ཇི་སྐད་ཅེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་སྟོན་པར་མཛད་ཅིང་འཆད་

པར་མཛད་པའོ། །རྡོ་རྗེ་སྲ་བ་ཉིད་ཀྱི་ཕྱིར་རྡོ་རྗེ་མཉམ་པ་ཉིད་ཅེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་ཏེ། བྱང་ཆུབ་ཀྱི་སེམས་ཆེན་པོ་དེ་ཉིད་ནི་དེ་བཞིན་གཤེགས་པའི་རིགས་ལས་རྡོ་རྗེའོ། །དེའི་མཉམ་པ་ཉིད་ནི་གཟུང་བ་དང་། འཛིན་པའི་རྣམ་པར་རྟོག་པ་དང་བྲལ་བ་ཉིད་དོ། །
དེའི་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་དེ་བཞིན་ཉིད་མངོན་སུམ་དུ་མཛད་པའོ། །དེ་ཉིད་ནི་བྱང་ཆུབ་ཆེན་པོ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །རྒྱུ་ཅིའི་ཕྱིར་ཞེ་ན། རྡོ་རྗེ་སྲ་བ་ཉིད་ཀྱི་ཕྱིར་ཞེས་བྱ་བ་གསུངས་ཏེ། གང་གི་ཕྱིར་དེ་བཞིན་ཉིད་དང་། སྟོང་པ་ཉིད་དང་། འདུས་མ་
བྱས་དང་། རང་བཞིན་མེད་པའི་ངོ་བོ་ཉིད་ཡིན་པས་ན་རྡོ་རྗེ་སྟེ། དེ་བཞིན་ཉིད་དུ་རོ་གཅིག་པའི་བྱང་ཆུབ་ཆེན་པོའི་མཚན་ཉིད་ཅན་གྱི་སེམས་ལ་ནི། རྒྱུ་བ་དང་མི་རྒྱུ་བ་རྣམས་ཀྱིས་མི་ཤིགས་པ་ཡིན་པའི་ཕྱིར་ན་རྡོ་རྗེ་ལྟར་བརྟན་ཞིང་སྲ་བའོ། །རྡོ་རྗེ་བརྟན་པར་གྱུར་པ་ཉིད་ཀྱིས་ན། རྡོ་རྗེ་བརྟན་པ་ཉིད་དེ།
དེས་རྡོ་རྗེ་མཉམ་པ་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་བྱང་ཆུབ་ཆེན་པོའོ། །དེ་ལྟར་བྱང་ཆུབ་ཀྱི་སེམས་ཆེན་པོའི་ངོ་བོ་ཉིད་མི་བསྐྱོད་པའི་རང་བཞིན་དང་། དེའི་རིགས་ཀྱི་ངོ་བོར་བཤད་ནས། ད་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། རིན་ཆེན་འབྱུང་ལྡན་གྱི་ངོ་བོ་ཉིད་དང་དེའི་རིགས་ཀྱི་ངོ་བོ་ཉིད་དུ་
བསྟན་པའི་ཕྱིར། དོན་གཅིག་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའམ། རིན་ཆེན་འབྱུང་ལྡན་གྱི་ངོ་བོ་ཉིད་དང་། རིན་པོ་ཆེའི་རིགས་ནི་དོན་ཏོ། །དེའི་མཉམ་པ་ཉིད་ནི་གཉིས་དང་བྲལ་བ་ཉིད་དོ། །དེ་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་མངོན་སུམ་དུ་མཛད་པ་
ཉིད་དོ། །དེ་ཉིད་ནི་བྱང་ཆུབ་ཆེན་པོ་སྟེ་སྔ་མ་བཞིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དོན་གཅིག་པའི་ཕྱིར་ཞེས་བྱ་བ་གསུངས་ཏེ། དོན་གཅིག་པ་ཉིད་དུ་འགྱུར་བས་དོན་གཅིག་པ་ཉིད་ཀྱི་ཕྱིར་དོན་གྱི་མཉམ་པ་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་བྱང་ཆུབ་ཆེན་པོའོ། །དེའི་རིགས་ཀྱི་ངོ་བོ་ཉིད་དུ་བསྟན་
པར་བྱ་བའི་ཕྱིར། དོན་གཅིག་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། རིན་ཆེན་འབྱུང་ལྡན་གྱིས་འདི་སྐད་སྟོན་པར་འགྱུར་ཏེ། གང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་དང་། རིན་པོ་ཆེའི་རིགས་དེ་དག་གི་མཉམ་པ་ཉིད་རྟོག་པ་གང་ཡིན་པ་དེ་ནི་ཆོས་ཉིད་དང་གཞན་

དུ་མི་འགྱུར་བའོ། །དེ་བས་ན་དེས་དོན་གྱི་མཉམ་པ་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་བྱང་ཆུབ་ཆེན་པོའོ། །དེ་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་གྱི་ངོ་བོ་ཉིད་དང་། དེའི་རིགས་ཀྱི་ངོ་བོ་ཉིད་དུ་ཡང་བསྟན་ནས། ད་ནི་ཤེས་རབ་ཀྱི་
ཕ་རོལ་ཏུ་ཕྱིན་པ་དང་། འོད་དཔག་ཏུ་མེད་པའི་ངོ་བོ་ཉིད་དང་། དེའི་རིགས་ཀྱི་ངོ་བོ་ཉིད་ཀྱང་བསྟན་པར་བྱ་བའི་ཕྱིར། ངོ་བོ་ཉིད་རྣམ་པར་དག་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། འོད་དཔག་ཏུ་མེད་པའི་ངོ་བོ་ཉིད་དང་། དེའི་རིགས་ཀྱི་ངོ་བོ་ཉིད་ནི་ཆོས་སོ། །
དེའི་མཉམ་པ་ཉིད་ནི་རང་བཞིན་གྱིས་རྣམ་པར་དག་པའོ། །དེའི་མངོན་པར་བྱང་ཆུབ་པ་ནི་ཞེས་པ་ནི་སྔ་མ་བཞིན་ནོ། །དེ་ནི་འདིར་བྱང་ཆུབ་ཆེན་པོའོ། །དེ་ཅིའི་ཕྱིར་ཞེ་ན། ངོ་བོ་ཉིད་རྣམ་པར་དག་པའི་ཕྱིར་ཞེས་བྱ་བ་གསུངས་ཏེ། སོ་སོར་རྟོག་པའི་ཡེ་ཤེས་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ནི།
གཟུང་བ་དང་། འཛིན་པའི་རྣམ་པར་རྟོག་པའི་དྲི་མ་མེད་པའི་ངོ་བོ་ཉིད་ཀྱིས་རྣམ་པར་དག་པའོ། །ངོ་བོ་ཉིད་དག་པར་གྱུར་པ་ཉིད་ཀྱིས་ན་ངོ་བོ་ཉིད་ཀྱིས་རྣམ་པར་དག་པའི་ཕྱིར་ཏེ། དེས་ཆོས་ཐམས་ཅད་མཉམ་པ་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་བྱང་ཆུབ་པའོ། །དེ་ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་
ཆོས་རྣམས་ལས་ཆོས་ཅན་གཞན་དུ་མི་འགྱུར་བའི་ཕྱིར་ཏེ། དེ་བས་ན་གང་ཆོས་ཀྱི་མཉམ་པ་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པ་དང་། གང་ཡང་ཆོས་རྣམས་ཀྱི་རྣམ་པར་དག་པ་དེ་ནི་གཅིག་པ་ཉིད་དོ། །དེ་བས་ན་དེས་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་བྱང་ཆུབ་
ཆེན་པོའོ། །དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། འོད་དཔག་ཏུ་མེད་པའི་ངོ་བོ་ཉིད་དང་། དེའི་རིགས་ཀྱི་ངོ་བོ་ཉིད་དུ་ཡང་བསྟན་ནས། ད་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། དོན་ཡོད་པར་གྲུབ་པའི་ངོ་བོ་ཉིད་དང་། དེའི་རིགས་ཀྱི་ངོ་བོ་ཉིད་བསྟན་པར་བྱ་བའི་ཕྱིར། ཐམས་ཅད་ལ་ཞེས་བྱ་བ་
ལ་སོགས་པ་གསུངས་ཏེ། ཐམས་ཅད་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། དོན་ཡོད་པར་གྲུབ་པའི་ངོ་བོ་ཉིད་དང་། དེའི་རིགས་ཀྱི་ངོ་བོ་ཉིད་དོ། །དེའི་མཉམ་པ་ཉིད་ནི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་དང་། རང་བཞིན་གྱིས་འོད་གསལ་བའོ། །དེའི་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་ཞེས་པ་ནི་སྔ་མ་

བཞིན་ཏེ། དེ་ཉིད་བྱང་ཆུབ་ཆེན་པོའོ། །ཅིའི་ཕྱིར་ཞེ་ན། ཐམས་ཅད་ལ་རྣམ་པར་མི་རྟོག་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་གསུངས་ཏེ། ཐམས་ཅད་ནི་ཇི་སྐད་དུ་བཤད་པ་རྣམས་སོ། །དེའི་མི་རྟོག་པ་ནི་གཟུང་བ་དང་འཛིན་པར་བྱེད་པའི་རྣམ་པར་རྟོག་པ་མེད་པའོ། །དེའི་ངོ་བོ་ཉིད་ཡིན་པས་ན། ཐམས་ཅད་ལ་
རྣམ་པར་མི་རྟོག་པའི་ཕྱིར་ཏེ། དེས་ཐམས་ཅད་མཉམ་པ་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་བྱང་ཆུབ་ཆེན་པོའོ། །འདི་སྐད་སྟོན་པར་འགྱུར་ཏེ། དེ་ཐམས་ཅད་མཉམ་པ་ཉིད་རྟོག་པ་དང་། གང་ཡང་ཐམས་ཅད་ལ་མི་རྟོག་པ་ཉིད་དེ། །ཆོས་འདི་ཉིད་ནི་ཐ་མི་དད་པ་སྟེ། དེའི་ཕྱིར་འདིས་ཐམས་
ཅད་མཉམ་པ་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་བྱང་ཆུབ་ཆེན་པོའོ། །ད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ཉན་པ་དང་། སེམས་པ་དང་། སྒོམ་པར་བྱེད་པ་རྣམས་ལ་སྤྲོ་བ་བསྐྱེད་པར་བྱ་བའི་ཕྱིར་ལག་ན་རྡོ་རྗེ་གང་ལ་ལ་ཞེས་བྱ་བ་ལ་སོགས་པས་འབྲས་བུ་གསུངས་པ་ཡིན་ཏེ། གང་ལ་ལ་
ཞེས་བྱ་བ་ནི་སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་བུ་མོ་ལ་སོགས་པའི་གཟུགས་ཅན་གྱི་ཐ་མལ་པའི་གང་ཟག་གསུངས་པ་ཡིན་ནོ། །ཆོས་མངོན་པར་བསྒྲུབ་པ་བཞི་པོ་ཞེས་བྱ་བ་ནི། བྱང་ཆུབ་ཀྱི་སེམས་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་
ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ནི་བཞིར་གསུངས་པ་སྟེ། དེ་ཉིད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཀྱི་མངོན་པར་བསྒྲུབ་པ་སྟེ། ཐོས་པ་དང་། བསམ་པ་དང་། བསྒོམ་པའི་ཤེས་རབ་ཀྱིས་མངོན་དུ་བྱ་བར་འོས་པ་ཡིན་ནོ། །འདི་དག་ཅེས་བྱ་བ་ནི་བཤད་མ་ཐག་པའི་གྲངས་བཞིར་ཡོངས་སུ་ཆུད་པའི་
བྱང་ཆུབ་ཀྱི་སེམས་ལ་སོགས་པའི་ངོ་བོ་ཉིད་ཀྱི་ཆོས་རྣམས་སོ། །དེ་ཉན་པ་ནི་རྣ་བའི་རྣམ་པར་ཤེས་པས་ངེས་པར་གཟུང་བའོ། །འཛིན་པ་ནི་ཚིག་དང་དོན་གྱི་ཚུལ་གྱིས་མི་བརྗེད་པར་སེམས་ལ་ཡང་དག་པར་འཇོག་པའོ། །ཀློག་པ་ནི་གླེགས་བམ་དུ་བཀླག་པ་ཡང་དག་པར་བླངས་ནས། ཉིན་རེ་བཞིན་
ཀློག་པར་བྱེད་པའོ། །བསྒོམ་པ་ནི་ཐོས་པ་དང་བསམ་པའི་ཤེས་རབ་དག་གིས་བཟུང་བ་ཡང་དང་ཡང་དུ་མངོན་པར་འདུ་བྱེད་པའོ། །དེ་ཞེས་བྱ་བ་ནི་གང་ཟག་དེའོ། །སྡིག་པ་ཐམས་ཅད་སྤྱོད་ཀྱང་ཞེས་བྱ་བ་ལ་སོགས་པ་ལ། མཚམས་མེད་པ་ལ་སོགས་པའི་ལས་བྱེད་པ་ཡིན་ཡང་། མནར་མེད་

པ་ལ་སོགས་པ་ངན་སོང་ཐམས་ཅད་ལས་ཡང་དག་པར་འདས་པར་འགྱུར་ཞིང་། མནར་མེད་པ་ལ་སོགས་པའི་འགྲོ་བའི་ལས་དང་བྲལ་ནས། ལྷ་དང་མིར་བཅས་པའི་འགྲོ་བ་ལ་ཡང་དག་པར་བསྟེན་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཡང་དག་པར་མཉེས་
པར་བྱས་ནས། བྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་གི་བར་དུ་ངན་སོང་ཐམས་ཅད་ལས་ཡང་དག་པར་ཐར་པར་འགྱུར་རོ། །ངན་སོང་ཐམས་ཅད་དུ་འགྲོ་བའི་ལས་རྣམས་མི་བྱེད་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཡང་དག་པར་མཉེས་པར་བྱས་པས་བསོད་ནམས་དང་། ཡེ་
ཤེས་ཀྱི་ཚོགས་ཡང་དག་པར་རྫོགས་ཏེ། མྱུར་བ་ཉིད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །དེ་ལྟར་ན་བཤད་མ་ཐག་པའི་ཕན་ཡོན་གྱི་མཐར་ཐུག་པའི་བར་གྱི་གཞུང་གིས་ནི། འདིར་དང་པོ་སྦྱོར་བའི་ཏིང་ངེ་འཛིན་གསུངས་པ་ཡིན་
ནོ། །ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་དཀྱིལ་འཁོར་གྱི་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ཏེ། དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་པར་སྟོན་པའི་ཚིག་སྟེ། དང་པོ་སྦྱོར་བའི་རྗེས་ཐོགས་ལའོ། །དེ་སྐད་ཅེས་བཀའ་སྩལ་ནས་ཞེས་བྱ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པའི་ཚིག་བཞི་ཕན་ཡོན་དང་བཅས་པར་གསུངས་པའོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་དོ། །ཡེ་ཤེས་ཀྱི་ཁུ་ཚུར་ཡོངས་སུ་འཛིན་པ་ཞེས་བྱ་བ་ནི། ཕྱག་གཉིས་ཀྱིས་བྱང་ཆུབ་མཆོག་གི་ཕྱག་རྒྱ་བཅིང་བར་མཛད་པའོ། །དོན་གྱི་གནས་འདི་ཉིད་ཅེས་བྱ་བ་ནི། ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པའི་དོན་བཞི་པའོ། །རྒྱ་ཆེར་སྟོན་ཅིང་ཞེས་བྱ་བ་ནི། སྔར་བཤད་པའི་ཚིག་དང་ཡི་གེ་ལས་ཐ་དད་པ་ཨ་ཞེས་བྱ་བའི་ཡི་གེ་སྤྲུལ་པར་མཛད་པས་སྟོན་པར་མཛད་པ་ནི། རྒྱ་ཆེར་སྟོན་ཅིང་ཞེས་བྱའོ། །བཞིན་འཛུམ་པ་དང་བཅས་ཏེ་ཞེས་བྱ་བ་ནི་ཅུང་ཟད་ཙམ་བཞད་པའི་ཞལ་འདི་ལ་མདའ་
བས་ན་བཞིན་འཛུམ་པ་དང་བཅས་པའོ། །ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱི་སྙིང་པོ་འདི་གསུངས་སོ་ཞེས་བྱ་བ་ལ། ཆོས་ཐམས་ཅད་ནི་བྱང་ཆུབ་ཀྱི་སེམས་ལ་སོགས་པ་ཇི་སྐད་བཤད་པ་རྣམས་སོ། །དེ་རྣམས་ཀྱི་མཉམ་པ་ཉིད་ནི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་དང་བྲལ་བའོ། །དེ་

ལྟ་བུའི་ཡེ་ཤེས་ནི་སྙིང་པོ་སྟེ། དེ་སྟོན་པར་བྱེད་པའི་ཨ་ཞེས་བྱ་བའི་སྒྲ་ལ་ཡང་ཉེ་བར་གདགས་པས་སྙིང་པོ་ཞེས་བྱའོ། །གསུངས་སོ་ཞེས་བྱ་བ་ནི་འདི་སྐད་དུ་བཀའ་སྩལ་པའོ། །དེ་ནས་འདི་གསུངས་པ་ཙམ་གྱིས་ཞེས་བྱ་བ་ནི། ཨ་ཞེས་བྱ་བའི་ཡི་གེ་ཆོས་ཐམས་ཅད་སྟོན་པར་བྱེད་པ། བཅོམ་ལྡན་འདས་
རྣམ་པར་སྣང་མཛད་ཀྱིས་གསུངས་པ་ཙམ་གྱི་རྗེས་ཐོགས་ཉིད་ལའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པའོ། །ཡང་དག་པར་འདུས་ནས་ཞེས་བྱ་བ་ནི་ཚོགས་པར་མཛད་པའོ། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཕྱོགས་ཐམས་ཅད་དུ་ཞེས་བྱ་བ་ནི་ཕྱོགས་
བཞིར་རོ། །རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་བཞུགས་པ་དང་ཞེས་བྱ་བ་ནི། རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོའི་དབྱིངས་ཀྱིས་བཞུགས་པའོ། །དེ་ཡང་སེམས་དཔའ་ཆེན་པོ་བརྒྱད་ཅེས་བྱ་བ་ནི། ཕྱག་ན་རྡོ་རྗེ་ལ་སོགས་པ་ནས། རྡོ་རྗེ་གནོད་སྦྱིན་གྱི་བར་གྱི་བྱང་ཆུབ་
སེམས་དཔའ་ཆེན་པོ་རྣམས་སོ། །ཕྱིའི་དཀྱིལ་འཁོར་གྱི་ཕྱོགས་བརྒྱད་དུ་ཞེས་བྱ་བ་ནི། ཕྱོགས་དང་མཚམས་སུ་བཞུགས་པའོ། །བཞད་པ་ཆེན་པོ་བཞད་ཅིང་བཞུགས་སོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པས་འདུལ་བའི་སེམས་ཅན་གྱི་ཁམས་བཏུལ་ནས། དེ་བཞིན་གཤེགས་པར་གྱུར་པར་
གཟིགས་ཏེ། ཡིད་བདེ་བ་སྐྱེས་པར་གྱུར་པས་བཞད་པ་ཆེན་པོས་བཞད་པར་གྱུར་པ་སྟེ། ཐམས་ཅད་དུ་འགྲོ་བའི་འཛུམ་པ་མཛད་ཅེས་བྱ་བའི་དོན་ཏོ། །དེ་ལ་དེ་ནས་དེ་སྐད་ཅེས་བཀའ་སྩལ་ནས་ཞེས་བྱ་བ་ནས་བརྩམས་ཏེ། བཞད་པ་ཆེན་པོ་བཞད་ཅིང་བཞུགས་སོ་ཞེས་བྱ་བའི་བར་གྱི་བཤད་པས་ནི།
དཀྱིལ་འཁོར་གྱི་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །དེ་ནས་འདུས་པ་སྔོན་དུ་འགྲོ་བ་ལ་སོགས་པ་ནི། གསུམ་པ་ཡིན་པར་ཤེས་པར་བྱའོ། །དབང་བསྐུར་བ་དང་། དམ་ཚིག་ཐོབ་པ་རྣམས་ཀྱིས་ནི་བཟླས་བརྗོད་དང་བསྒོམ་པར་བྱའོ་ཞེས་བྱ་བ་འདིའི་དོན་བསྟན་པར་བྱ་
བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་སློབ་དཔོན་གྱི་ལས་དང་། སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པར་གསུངས་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་ནི་སྔ་མ་བཞིན་ཏེ། དམ་ཚིག་གསུམ་བསྒོམ་པ་ནས་བརྩམས་ཏེ། དཀྱིལ་འཁོར་གྱི་བརྟུལ་ཞུགས་སྔར་བཤད་པས། མཚན་མ་ཐོབ་

པའི་རྗེས་ཐོགས་ཉིད་ལ། སློབ་དཔོན་གྱིས་དཀྱིལ་འཁོར་འདི་བྲི་བར་བྱའོ་ཞེས་བྱ་བའི་དོན་གཞན་གྱི་དགོངས་པ་དང་སྦྱར་བ་སྟོན་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་དཀྱིལ་འཁོར་ཞེས་བྱ་བ་ནི། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་དམ་ཚིག་
ཆེན་པོའི་དཀྱིལ་འཁོར་རོ། །བྱིན་གྱིས་རློབ་པ་ནི་ཏིང་ངེ་འཛིན་གང་གིས་དེ་བྱིན་གྱིས་བརླབས་ཤིང་བརྟན་པར་བྱ་བའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་འདི་སྐད་ཅེས་བྱ་སྟེ། དེ་ལ་སྙོམས་པར་འཇུག་པ་ནི་མངོན་སུམ་དུ་མཛད་ནས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་དཀྱིལ་འཁོར་ཆེན་
པོ་འདི་གསུངས་སོ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་གཤེགས་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན། དེ་བཞིན་གཤེགས་པ་ཐམས་ཅད་དེ་སྔར་བཤད་པ་རྣམས་སོ། །དེ་རྣམས་ཀྱི་དེ་ཁོ་ན་ཉིད་ནི་དེ་ཁོ་ན་ཉིད་བཅུ་པོ་སྔར་ཇི་སྐད་དུ་བཤད་པ་རྣམས་སོ། །དེ་ཉིད་རྡོ་རྗེ་སྟེ། དེ་སྟོན་པར་བྱེད་པས་
གང་ལ་དེ་སྐད་ཅེས་བྱ་བ་ནི་དམ་ཚིག་ཆེན་པོའི་དཀྱིལ་འཁོར་ཞེས་བྱ་བ་དེ་གསུངས་ཏེ། དེ་ལ་དམ་ཚིག་ཆེན་པོ་ནི། །བྱང་ཆུབ་ཀྱི་སེམས་ཆེན་པོ་ཞེས་བྱ་བ་ནས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཐར་ཐུག་པ་རྣམས་དང་། དེ་ལས་བྱུང་བའི་རྣམ་པར་སྣང་མཛད་ལ་སོགས་པ་སྔར་བཤད་པ་རྣམས་
སོ། །འཇམ་ཞིང་ཤིན་ཏུ་བདེ་བའི་སྟན་དང་། སངས་རྒྱས་ཀྱི་སྐུ་གཟུགས་དགོད་པར་བྱ་བའི་བར་གྱི་མཐར་ཐུག་པ་སྟེ། ཉེ་བར་མཚོན་པ་འདིས་ན། དེ་རྣམས་ཀྱི་དཀྱིལ་འཁོར་ལ་ནི་དམ་ཚིག་ཆེན་པོའི་དཀྱིལ་འཁོར་ཞེས་བྱའོ། །འདི་སྐད་སྟོན་པར་འགྱུར་ཏེ། བཅོམ་ལྡན་འདས་རྣམ་པར་སྣང་
མཛད་ཀྱི་སྦྱོར་བས། སྔ་མ་བཞིན་དུ་རྣལ་འབྱོར་ཆེན་པོ་བསྒྲུབ་ལ། དེ་ནས་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ནས། དཀྱིལ་འཁོར་གྱི་རྣམ་པར་སེམས་རྩེ་གཅིག་ཏུ་བྱ་སྟེ། དམ་ཚིག་ཆེན་པོའི་དཀྱིལ་འཁོར་བྲི་བར་བྱ་སྟེ། འདི་ནི་མཚན་མ་ཐོབ་པས་དཀྱིལ་འཁོར་བྲི་བར་བྱའོ་ཞེས་སྟོན་པར་འགྱུར་བ་
ཡིན་ནོ། །རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོ་ནི་སྔར་བཤད་པའོ། །དེའི་ཚུལ་དུ་ཞེས་བྱ་བ་ནི་དབྱིབས་ཏེ་ཟུར་བཞི་པ་ལ་ཞེས་བྱ་བ་ལ་སོགས་པ་ཅི་སྐད་དུ་བཤད་པ་སྟེ། རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོའི་ཚུལ་དེས་དེ་བཞིན་གཤེགས་པའི་དཀྱིལ་འཁོར་ཆེན་པོའི་དབྱིབས་སུ་

བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ཕྱིའི་དཀྱིལ་འཁོར་འདི་བྲིས་ལ། དེའི་དབུས་སུ་ཐིག་གསུམ་གྱི་འཁོར་ལོ་བྲིས་ནས་ཞེས་བྱ་བ་ནི་དབང་ལྡན་གྱི་ཕྱོགས་ནས་བརྩམས་ཏེ། ཐིག་གསུམ་གྱིས་ཟླུམ་པོར་ཐིག་བཏབ་ལ་བྲི་བར་བྱའོ་ཞེས་བྱ་བའི་དོན་ཏོ། །འདི་ཡང་ཇི་ལྟ་བུ་ཞེ་ན། བཅོམ་
ལྡན་འདས་ཀྱི་ཐད་ཀར་སྣ་ཚོགས་པདྨ་རབ་ཏུ་གནས་པ་ཞེས་བྱ་བ་སྟེ། གང་དཀྱིལ་འཁོར་འདི་དག་པར་སྣང་ལ་གནས་པའི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་འོག་ཏུ་ཡང་བྲི་བར་བྱ་ཞིང་། ལྷ་ཐམས་ཅད་ཀྱི་གནས་སུ་སྣ་ཚོགས་པདྨས་ཉེ་བར་མཛེས་པ་ནི། སྣ་ཚོགས་པདྨ་རབ་ཏུ་
གནས་པའི་ཕྱིར་རོ། །དེའི་འཁོར་ལོའི་ལྟེ་བ་ལ་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་དཀྱིལ་འཁོར་གྱི་ལྟེ་བ་ནི་དཀྱིལ་འཁོར་གྱི་དབུས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྟག་པ་ཆེན་པོ་ཞེས་བྱ་བ་ནི་རྟག་པ་ཆེན་པོ་སྟེ། ལོངས་སྤྱོད་རྫོགས་པའི་སྐུའི་ངོ་བོ་ཉིད་ཀྱིས་འཁོར་བ་ཇི་
སྲིད་བར་དུ་བཞུགས་པའི་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་བར་སྣང་ལ་ཕབ་སྟེ། ཨ་ཞེས་བྱ་བའི་སྐུའི་གཟུགས་བརྙན་གཅིག་ཏུ་བྱའོ། །དེའི་ཞེས་བྱ་བ་ལ་སོགས་པ་ལ། དེའི་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིའོ། །ཕྱོགས་ཐམས་ཅད་དུ་ཞེས་བྱ་བ་ནི། ཕྱོགས་
དང་ཕྱོགས་མཚམས་རྣམས་སུའོ། །དེ་བཞིན་གཤེགས་པ་བརྒྱད་བཞག་གམ་བྲི་བར་བྱ་ཞེས་བྱ་བ་ནི། སྤྲུལ་པའི་སྐུ་གཟུགས་ཅན་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་དེ་བཞིན་གཤེགས་པ་བརྒྱད་ཡང་དག་པར་གཞག་པར་བྱའོ། །དེ་ནས་ཚོན་གྱི་ཐིག་ལེ་རྣམས་ཀྱིས་ཞེས་བྱ་བ་ནི། ཕྱག་
རྒྱའི་གཟུགས་ཀྱིས་སམ། གདན་གྱི་ཚུལ་གྱིས་སམ། ཡིག་འབྲུའི་ཚུལ་གྱིས་སམ། ཐིག་ལེའི་ཚུལ་གྱིས་བྲི་བའོ། །དཀྱིལ་འཁོར་གྱི་འཁོར་ལོ་ལ་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་རྡོ་རྗེ་འཛིན་པ་དང་བཅས་པར་བྲི་བར་བྱའོ་ཞེས་བྱ་བ་ནི། དེ་ལྟར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་
སྤྲུལ་པའི་སྐུ་ཅན་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་སངས་རྒྱས་ཀྱི་སྐུའི་གཟུགས་བརྙན་བརྒྱད་ཀྱིས་བསྐོར་བར་དབུས་སུ་བྲི་ལ། རྣལ་འབྱོར་པ་དེས་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་ལ་ཟླུམ་པོར་བསྐོར་ནས། དཀྱིལ་འཁོར་གསུམ་པ་བྲིས་པ་གང་ཡིན་པ་དེ་མི་བསྐྱོད་པ་ལ་སོགས་

པ་དེ་བཞིན་གཤེགས་པ་རྣམས་ཕྱག་ན་རྡོ་རྗེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་བརྒྱད་ཀྱིས་བསྐོར་བར། རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོའི་ཚུལ་ཉིད་བཞིན་དུ་བྲི་བར་བྱའོ། །ཕྱི་ཞེས་བྱ་བ་ལ་སོགས་པ་ལ་འདི་སྐད་དུ་བཤད་པའི་ཕྱིའི་དཀྱིལ་འཁོར་ལྷའི་སྣམ་བུ་ལ་
ཕྱག་ན་རྡོ་རྗེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་བརྒྱད་ཕྱོགས་དང་མཚམས་རྣམས་སུ་བྲི་བར་བྱའོ། །བུམ་པ་གང་བ་བཞི་སྒོ་རྣམས་སུ་དགོད་པར་བྱའོ་ཞེས་བྱ་བ་ལ་སོགས་པ་ལ། དཀྱིལ་འཁོར་གྱི་སྒོ་བཞིར་བུམ་པ་གང་བ་བཞི་ལེགས་པར་གཞག་པར་བྱའོ། །ཡང་ཤར་ཕྱོགས་ཀྱི་སྒོར།
ནས་དང་། གྲོ་དང་། འབྲས་སཱ་ལུ་ལས་སྐྱེས་པའི་ལྗང་བུ་དང་བཅས་པའི་སའི་དུམ་བུ་དགོད་པར་བྱ་སྟེ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ནི་ནེའུ་གསིང་སྟེ། ས་ཆེན་པོ་སྟོན་པ་ཅན་གྱི་མཚན་མའོ། །ལྷོ་ཕྱོགས་ཀྱི་སྒོར་རོ་དྲུག་གིས་གང་བའི་སྣོད་ལ། དབྱིག་དང་
གསེར་དང་རིན་པོ་ཆེ་དང་། གོས་ལ་སོགས་པས་བརྒྱན་པ་དགོད་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། རིན་པོ་ཆེའི་རིགས་ཀྱི་ངོ་བོ་ཉིད་དེ། སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའི་བྱང་ཆུབ་ཆེན་པོའི་མཚན་མའོ། །ནུབ་ཕྱོགས་ཀྱི་སྒོར་འཇམ་ཞིང་ཤིན་ཏུ་
བདེ་བའི་སྟན་ལ་བཞག་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་དེ། བག་ཆགས་དང་བཅས་པའི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དང་སྤྲོས་པ་དང་བྲལ་བའི་བྱང་ཆུབ་ཆེན་པོའི་ངོ་བོ་ཉིད་ཀྱི་གདན་སྟོན་པའི་མཚན་མའོ། །བྱང་ཕྱོགས་ཀྱི་སྒོར་སྤྲུལ་པའི་སྐུའི་གཟུགས་ཅན་ཏིང་ངེ་འཛིན་
ལ་སྙོམས་པར་ཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་བཞག་པ་ནི། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་དེ། བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་རང་བཞིན་གྱི་བྱང་ཆུབ་ཆེན་པོ་སྟོན་པར་བྱེད་པའི་མཚན་མར་གཞག་པར་བྱའོ། །འདིར་ལྷ་ཐམས་ཅད་ཀྱི་ས་བོན་ནི་ཨ་ཞེས་བྱ་བའོ། །འདི་སྐད་
སྟོན་པར་འགྱུར་ཏེ། རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་བཞིན་དུ་ཕྱིའི་དཀྱིལ་འཁོར་བྲིས་ལ། དེའི་ནང་དུ་ཆ་བཞིའི་ཚད་ཀྱི་ཟླུམ་པོར་རྡོ་རྗེ་ཕུར་བུ་ལ་བཏགས་པའི་ཚོན་སྣ་ལྔའི་སྲད་བུས་དཀྱིལ་འཁོར་ཐིག་བཏབ་སྟེ། གཉིས་པ་ནི་དེའི་ཉིས་འགྱུར་རོ། །གསུམ་པ་ནི་སུམ་འགྱུར་དུ་ཟླུམ་པོར་དེ་ཡོངས་

སུ་བསྐོར་བར་དཀྱིལ་འཁོར་ཀུན་དུ་ཐིག་བཏབ་ལ་ལེགས་པར་བྲིས་ཏེ། ལྷ་ཐམས་ཅད་ཀྱི་གནས་སུ་སྣ་ཚོགས་པདྨའི་གདན་བྲིས་ནས། དཀྱིལ་འཁོར་གྱི་ལྟེ་བ་ལ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་གསེར་གྱི་མདོག་ཅན། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ལོངས་སྤྱོད་རྫོགས་པའི་སྐུའི་
གཟུགས་ཅན་ཕྱག་གཉིས་བྱང་ཆུབ་མཆོག་གི་ཕྱག་རྒྱ་དང་ལྡན་པ་སྐྱིལ་མོ་ཀྲུང་གིས་བཞུགས་པ་ཞལ་གཅིག་པ་ཤར་དུ་གཟིགས་