Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 59
Văn bản gốc(Tây Tạng)
Trang 2 / 16 (50.000 ký tự/trang)
་པས་ན་ཡོངས་སུ་རྫོགས་པའོ། །ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དུ་སྟོན་པའི་རང་བཞིན་ཡིན་པས་ན་ཡོངས་སུ་དག་པའོ། །དེ་ཉིད་ཡང་དང་ ཡང་དུ་མངོན་སུམ་དུ་བྱེད་པར་འགྱུར་བའི་བསྒོམ་པའི་ལམ་ནི་ཡོངས་སུ་བྱང་བའོ། །ཆོས་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་ཆོས་ཐམས་ཅད་དེ། རབ་ཏུ་དགའ་བ་ལ་སོགས་པའོ། །དེ་རྣམས་ཀྱི་རྣམ་པར་དག་པ་ཡིན་པས་ན། ཆོས་ཐམས་ཅད་རྣམ་པར་ དག་པ་སྟེ། རབ་ཏུ་དགའ་བ་ལ་སོགས་པའི་སྐྱེ་བ་མེད་པ་མངོན་སུམ་དུ་བྱས་པའོ། །ཆོས་ཐམས་ཅད་རྣམ་པར་དག་པའི་སྒོ་ནི་ཐབས་ཏེ། གང་གི་རབ་ཏུ་དགའ་བ་ལ་སོགས་པ། ཐོས་པ་དང་། བསམ་པ་དང་། བསྒོམ་པའི་ཚུལ་གྱིས་རྣམ་པར་དག་པ་ཐོབ་པའོ། །མིང་དེ་སྐད་ཅེས་བྱ་ བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེ་ལ་ཤེས་རབ་ནི་ཆོས་ཐམས་ཅད་བདག་མེད་པར་རྣམ་པར་འབྱེད་པའི་རྣམ་པའི་བློ་གྲོས་སོ། །དེ་ཉིད་ནི་བདག་ཉིད་ཀྱི་ཕུན་སུམ་ཚོགས་པའི་ཕ་རོལ་ཏུ་སོན་ཅིང་ཕྱིན་པ་ཡིན་པས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་སྟེ། ཉོན་མོངས་པ་ཅན་དང་། ཉོན་མོངས་པ་ཅན་མ་ཡིན་པའི་རྨོངས་པ་དང་བྲལ་བས་ཆོས་ཐམས་ཅད་བདག་མེད་པའི་རྣམ་པར་ལྷུན་གྱིས་གྲུབ་པ་ཐོབ་པའི་བློ་གྲོས་ཞེས་བྱ་བའི་དོན་ཏོ། །དེའི་ཚུལ་ནི་རབ་ཏུ་དགའ་བ་རྣམ་པར་དག་པའི་གནས་ལ་སོགས་པ་ཐོས་པ་དང་། བསམ་པ་དང་ བསྒོམ་པའི་མཚན་ཉིད་ནི་ཚུལ་ཏེ་ཐོབ་པར་བྱེད་པའོ། །དེས་དེ་རྟོགས་པར་མཛད་ནས་དེ་ལྟ་བུའི་ཚུལ་ཏེ། ཡང་དག་པར་སྟོན་ཏེ་ཞེས་བྱ་བ་ནི་གསུང་གིས་སྟོན་ཅིང་འཆད་པར་མཛད་པའོ། །ཆོས་ཐམས་ཅད་རྣམ་པར་དག་པའི་སྒོ་ཞེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་ཡང་དག་ པར་སྟོན་ཏེ་ཞེས་བྱ་བ་འདི་གང་ཞིག་ཡིན་ཞེ་ན། འདི་ལྟར་རབ་ཏུ་དགའ་བ་རྣམ་པར་དག་པའི་གནས་ནས། རོ་རྣམ་པར་དག་པའི་གནས་ཀྱི་བར་དུ་གསུངས་པའོ། །འདི་ལྟར་ཞེས་བྱ་བ་ནི་གང་ཞེ་ན་ཞེས་བྱ་བའི་དོན་ཏོ། །རབ་ཏུ་དགའ་བ་རྣམ་པར་དག་པ་ལ་སོགས་པའི་རང་བཞིན་ཅན་འདི་ ཡིན་ནོ་ཞེས་བྱ་བའི་དོན་ཏེ། དེ་ལ་སྐྱེས་པ་དང་བུད་མེད་ཀྱི་དབང་པོ་གཉིས་སྙོམས་པར་འཇུག་པ་ལས་བྱུང་བའི་ཚིམ་པའི་ཁྱད་པར་ནི་རབ་ཏུ་དགའ་བའོ། །དེའི་རྣམ་པར་དག་པ་ནི་རབ་ཏུ་དགའ་བ་རྣམ་པར་དག་པ་སྟེ། དོན་དམ་པ་ཉིད་དོ། །དེ་ཡང་རབ་ཏུ་དགའ་བའི་ངོ་བོ་ཉིད་མེད་པ་ནི་རབ་ ཏུ་དགའ་བ་རྣམ་པར་དག་པའོ། །རབ་ཏུ་དགའ་བ་རྣམ་པར་དག་པའི་གནས་ནི་རབ་ཏུ་དགའ་བ་རྣམ་པར་དག་པའི་གཞིའོ། །འདི་ནི་ཞེས་བྱ་བ་ནི་གནས་ནི་འདི་ཡིན་ནོ་ཞེས་སྟོན་པ་སྟེ། དེས་ན་གནས་ཀྱི་སྒྲ་གཉིས་པ་དང་འདི་སྦྱར་བར་བྱའོ། །འདི་ལྟ་སྟེ་ཞེས་བྱ་བ་ནི་སྔ་མ་དང་སྦྱར་བར་ བྱའོ། །བྱང་ཆུབ་སེམས་དཔའི་གནས་སོ་ཞེས་བྱ་བ་ནི་ངོ་བོ་ཉིད་ཀྱིས་བྱང་ཆུབ་སེམས་དཔའི་གནས་ཡིན་ཏེ། དེའི་དོན་ནི་འདི་ཡིན་ནོ། །གང་གི་ཚེ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་འདི་བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ལ་སོགས་པའི་ཚུལ་གནས་ཀྱི་རྣམ་པ་བཅུ་བདུན་པོ་ ལ་སེམས་ཅན་རྣམས་གདུལ་བར་བྱ་བའི་ཕྱིར་བསྟེན་པར་མཛད་པའམ། ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསྒོམ་པའི་ཚུལ་དེ་ནི་རབ་ཏུ་དགའ་བ་རྣམ་པར་དག་པའི་གནས་སམ། རབ་ཏུ་དགའ་བ་རྣམ་པར་དག་པའི་དོན་དུའམ། རབ་ཏུ་དགའ་བ་རྣམ་པར་དག་པའི་རྒྱུའོ། །གསང་ སྔགས་ཀྱི་སྤྱད་པ་སྤྱོད་པ་རྣམས་ཀྱིས་ནི། དེས་དཀྱིལ་འཁོར་ལ་སོགས་པ་ལ་དགོངས་པར་གྱུར་ན་གསང་སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པ་རྣམས་ཀྱིས་རབ་ཏུ་དགའ་བ་རྣམ་པར་དག་པ་ཐོབ་པར་འགྱུར་རོ། །དེ་བས་ན་རབ་ཏུ་དགའ་བ་རྣམ་པར་དག་པ་དེ་ནི་གནས་སུ་འགྱུར་རོ། །ཡང་ན་ ཐམས་ཅད་ལ་མཆོག་ཏུ་འགྱུར་བའི་དངོས་གྲུབ་ཟག་པ་མེད་པའི་བདེ་བ་དང་ཡིད་བདེ་བའི་ངོ་བོ་ཉིད་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ནི་རབ་ཏུ་དགའ་བ་སྟེ། དེ་ཉིད་ནི་རབ་ཏུ་དགའ་བ་རྣམ་པར་དག་པའོ། །དེ་ཉིད་ནི་གནས་ཡིན་པས་ན་རབ་ཏུ་དགའ་བ་རྣམ་པར་དག་པའི་གནས་སོ། ། འདི་གང་གི་གནས་ཡིན་ཞེ་ན། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་བྱང་ཆུབ་སེམས་དཔའིའོ། །འདིས་ནི་འདི་སྐད་སྟོན་པར་འགྱུར་ཏེ། གང་འདི་རབ་ཏུ་དགའ་བ་རྣམ་པར་དག་པའི་གནས་གང་ཡིན་པ་དེ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་བྱང་ཆུབ་སེམས་དཔའི་གནས་ཏེ། སེམས་ཅན་ གདུལ་བར་བྱ་བའི་ཕྱིར་རྟེན་དུ་གྱུར་པའོ། །དེ་ཡང་གང་གི་ཕྱིར་རབ་ཏུ་དགའ་བ་རྣམ་པར་དག་པའི་གནས་འདི་དེས་འདུལ་བའི་སེམས་ཅན་གྱི་ཁམས་རྣམས་ལ་འདོད་ཆགས་ཀྱིས་འདོད་ཆགས་རབ་ཏུ་སྤོང་བར་མཛད་པའམ། གསང་སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ རྣམས་ཀྱི་གནས་དེ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་གནས་ཏེ། སེམས་ཅན་རྣམས་གདུལ་བའི་ཕྱིར་རྟེན་དུ་འགྱུར་བའོ། །གང་གི་ཕྱིར་རབ་ཏུ་དགའ་བ་རྣམ་པར་དག་པའི་གནས་དེས་རབ་ཏུ་དགའ་བ་རྣམ་པར་དག་པ་ལ་བརྟེན་ཏེ་བསྒོམ་པའི་སྟོབས་ཀྱིས་གནས་ དེ་ཉིད་ཐོབ་པར་འགྱུར་རོ། །དེ་བས་ན་རབ་ཏུ་དགའ་བ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཡིན་པས་སོམ་ཉི་མི་བྱའོ། །དེ་ཡང་དེ་ཉིད་ལས། ཀུན་གྱི་དམ་པ་དངོས་གྲུབ་མཆོག །དབང་ཕྱུག་ཆེན་པོ་ཐོག་མའི་ལྷ། །རྡོ་རྗེ་འཛིན་པ་རྒྱལ་པོ་ཆེ། །རབ་ཏུ་དགའ་བ་མི་འགྱུར་མཆོག ། ཅེས་གསུངས་པའི་ཕྱིར་རོ། །ཤིན་ཏུ་དགའ་བས་ན་རབ་ཏུ་དགའ་བའོ་ཞེས་བཤད་དེ། གསང་བ་ལྔས་སེམས་ཅན་རྣམས་སྨིན་པ་ལ་སྤྱོད་པར་མཛད་དོ་ཞེས་བྱ་བའི་དོན་ཏེ། །དེ་ལྟར་ན་རབ་ཏུ་དགའ་བ་རྣམ་པར་དག་པའི་གནས་འདིས་ནི་རྡོ་རྗེ་སེམས་དཔའི་ངོ་བོ་ཉིད་འདི་བཤད་པ་ཡིན་ ནོ། །བུད་མེད་དང་སྐྱེས་པའི་དབང་པོ་གཉིས་སྙོམས་པར་འཇུག་པའི་བདེ་བ་དང་ཡིད་བདེ་བའི་དུས་ཀྱི་རྗེས་ཐོགས་ལ་ཕན་ཚུན་ཀུན་དུ་ཆགས་པ་ཉེ་བར་སྐྱེ་བར་འགྱུར་རོ་ཞེས་བསྟན་པར་བྱ་བའི་ཕྱིར། འདོད་ཆགས་ཀྱི་མདའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདོད་ཆགས་ནི་ ཞེན་པའི་མཚན་ཉིད་ཅན་ནོ། །འདོད་ཆགས་ཉིད་མདའ་ཡིན་པས་ན་འདོད་ཆགས་ཀྱི་མདའ་སྟེ། སེམས་དང་སེམས་ལས་བྱུང་བ་ཕྲ་མོ་འབིགས་པའི་ཕྱིར་རོ། །འདོད་ཆགས་ཀྱི་མདའི་རྣམ་པར་དག་པ་ཞེས་སྦྱར་ཏེ། ཕན་ཚུན་ཀུན་དུ་ཆགས་པ་ལས་འཁྱུད་པ་དང་། རེག་པར་བྱེད་ལ་ རེག་པར་གྱུར་པ་ལས་ནི་ཕན་ཚུན་གཅིག་ལ་གཅིག་ཡོངས་སུ་མི་འདོར་བའི་ཆགས་པ་འབྱུང་ངོ་། །ཆགས་པར་གྱུར་པ་ལས་ནི་ཕན་ཚུན་ཉེ་བར་སྦྱོར་བའི་ཕྱིར། རྒྱལ་པོ་ལ་སོགས་པའི་ལོངས་སྤྱོད་ཐམས་ཅད་ཀྱི་དབང་ཕྱུག་གི་བདག་པོ་ནི་འདོད་ཆགས་ཀྱི་མདས་རྣམ་པར་བཅོམ་པ་ནི་ བདག་ཏུ་འཛིན་པའི་རྣམ་པའི་ཤེས་རབ་ནི་ལྟ་བའོ། །ཕན་ཚུན་རེག་པ་ལས་ཀུན་དུ་བྱུང་བའི་མགུ་བ་ནི་དགའ་བའོ། །ཆགས་པས་ཟིལ་གྱིས་ནོན་པ་རྣམས་ནི་མ་འོངས་པ་ན་འང་འབྲལ་བར་མི་འགྱུར་བར་འདོད་པ་ནི་སྲེད་པའོ། །དབང་ཕྱུག་གི་གནས་ཀྱིས་མྱོས་པ་རྣམས་ཀྱི་ང་རྒྱལ་གྱི་ངོ་བོ་ ཉིད་ནི་སྙེམས་པའོ། །བདག་ཏུ་ལྟ་བ་ལ་ཞུགས་པ་རྣམས་ཀྱི་མེ་ཏོག་ལ་སོགས་པས་བདག་ཉིད་བརྒྱན་པ་ནི་རྒྱན་ནོ། །མགུ་བ་དང་དགའ་བའི་བདེ་བས་ཡིད་ཚིམ་པའོ། །མངོན་པར་སྦྱོར་བར་འདོད་པའི་མར་མེ་ལ་སོགས་པ་ནི་སྣང་བའོ། །ང་རྒྱལ་གྱིས་ཟིལ་གྱིས་ནོན་པ་རྣམས་མཐོ་བ་ ལས་ཉམས་པ་ནི་འཇིགས་པས་ཁྲུས་ལ་སོགས་པས་ལུས་ཀྱི་དྲི་མ་བསལ་བ་ནི་ལུས་ཀྱི་བདེ་བའོ། །བདག་ཉིད་ཀྱི་རྒྱན་གྱི་རྒྱུར་གྱུར་བ་རབ་ཏུ་དང་བ་ལ་སོགས་པ་ནི་གཟུགས་སོ། །ཡིད་ཚིམ་པ་ཐོབ་པ་རྣམས་ཀྱིས་གཅིག་ལ་གཅིག་སྨྲ་བ་ནི་སྒྲའོ། །སྣང་བ་ཡོད་པས་ན་གཅིག་ གིས་གཅིག་མཐོང་བས་དྲིས་ཉུག་པ་ནི་དྲིའོ། །ལུས་ཀྱི་དྲི་མ་དང་བྲལ་ནས་ཕན་ཚུན་ཟས་སྙོད་པ་ནི་རོའོ། །དེ་ནས་དེའི་རྗེས་སུ་མྱོང་བ་སྟེ། འདི་ནི་འཁོར་བར་འཇུག་པའི་རིམ་པ་ཡིན་ནོ། །གང་གི་ཚེ་རྡོ་རྗེ་ཡིད་ལས་བྱུང་བ་ལ་སོགས་པ་ཉིད་འདོད་ཆགས་ཀྱི་མདའ་ཞེས་བཤད་པ་དེའི་ཚེ། རྡོ་རྗེ་ སེམས་དཔའི་བདེ་བ་མྱོང་བ་རྣམས་སམ་བདེ་བ་མ་མྱོང་བ་རྣམས་དེ་ཐོབ་པར་འདོད་པས་ཡང་དང་ཡང་དུ་རྡོ་རྗེ་སེམས་དཔའི་ངོ་བོ་ཉིད་ལ་ཀུན་དུ་ཞེན་པར་སྒོམ་པ་ནི་འདོད་ཆགས་ཏེ། དེ་སྐད་དུ། འདོད་ཆགས་དམ་ཚིག་ཡིན་པར་བཤད། །ཆོས་ཀྱི་འདོད་པ་ཡིད་དུ་འོང་། །ཞེས་གསུངས་ པའི་ཕྱིར་རོ། །འདི་བསྒོམས་པས་ཀྱང་རྡོ་རྗེ་སེམས་དཔའི་ངོ་བོ་ཉིད་མངོན་སུམ་དུ་བྱེད་པ་ནི་རེག་པའོ། །རེག་པ་ལས་ནི་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ཡང་དག་པར་སྐྱེས་པ་ལས་ཀྱེ་མའོ་སེམས་ཅན་འདི་དག་ནི་ངོ་བོ་ཉིད་ཀྱིས་སྡུག་བསྔལ་བ་སྟེ། བདག་དང་བདག་གིར་ འཛིན་པ་ལ་མངོན་པར་ཞེན་པའི་ཁམས་གསུམ་པ་རྣམས་ནི། ཟོ་ཆུན་གྱི་རྒྱུད་མོ་ལྟར་འཁོར་བ་ནི་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དུ་མ་མཐོང་བ་ཡིན་གྱི་གང་བདག་གིས་འདི་རྣམས་ལ་ལམ་ཡང་དག་པར་བསྟན་པར་བྱའོ་ཞེས་བྱ་བའི་སྙིང་རྗེ་ཆེན་པོའི་མཚན་ཉིད་ཅན་གྱིས་ སེམས་ཅན་རྣམས་ལ་ཆགས་པ་ཉེ་བར་སྐྱེ་བར་འགྱུར་ཏེ། ཇི་ལྟར་རྟོགས་པའི་ཡེ་ཤེས་ཉིད་དང་མི་བྲལ་བར་འདོད་པ་ནི་ཆགས་པ་སྟེ་སྡུག་པའོ། །སྙིང་རྗེ་ཆེན་པོ་གཞན་གྱི་དབང་དུ་གྱུར་པས་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བའི་ཕྱིར། རྡོ་རྗེ་ཧཱུྃ་མཛད་ལ་སོགས་པའི་སྤྲུལ་པས་ཐམས་ ཅད་ལ་དབང་ཕྱུག་དང་། དབང་རྣམ་པར་དག་པ་ནི་དབང་ཕྱུག་སྟེ། དབང་ཕྱུག་ནི་ལོངས་སྤྱོད་མ་ལུས་པ་ཕུན་སུམ་ཚོགས་པའོ། །དབང་ནི་དེ་ལ་དབང་དུ་གྱུར་པ་ཉིད་དོ། །བསྒོམ་པ་ལ་ཀུན་དུ་ཞེན་པ་རྣམས་ཀྱི་ཡང་དག་པའི་དོན་རབ་ཏུ་འབྱེད་པའི་ཤེས་རབ་ནི་ལྟ་བའོ། ། རྡོ་རྗེ་སེམས་དཔའི་ངོ་བོ་ཉིད་མངོན་སུམ་དུ་བྱེད་པའི་མགུ་བ་ནི་དགའ་བའོ། །སྡུག་པར་སེམས་པ་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདས་པར་འདོད་པ་ནི་སྲེད་པའོ། །ཐམས་ཅད་ལ་དབང་ཕྱུག་དང་རྣམ་པར་དག་པ་ལ་གནས་པ་རྣམས་སེམས་ཅན་རྣམས་ཀྱི་དོན་བྱ་བའི་ཕྱིར་ བདག་ཉིད་ལས་གཉིས་སུ་མེད་པ་ཉིད་དུ་ཡང་དག་པར་སྟོན་པའི་དྲེགས་པ་ནི་སྙེམས་པ་སྟེ། སྤྲོ་བའི་མཚན་ཉིད་ཅན་ནོ། །བདག་ཏུ་ལྟ་བ་དང་བྲལ་བ་རྣམས་ཀྱི་བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་མཚན་ཉིད་ཅན་གྱི་རྒྱན་ནི་རྒྱན་ནོ། །དེ་ནས་ཀྱང་བར་ཆད་མེད་པའི་ལམ་གྱི་མཚན་ཉིད་ཅན་གྱི་ཤེས་ རབ་ནི་ཡིད་ཚིམ་པར་བྱེད་པའོ། །དེ་ནས་ཀྱང་སྤྱན་ལྔའི་རང་བཞིན་ཅན་ནི་སྣང་བའོ། །སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱི་མཚན་ཉིད་ནི་ལུས་བདེ་བའོ། །དཔེ་བྱད་བཟང་པོ་བརྒྱད་ཅུ་ནི་གཟུགས་ཏེ། སྐུ་དེས་མངོན་པར་དད་པར་བྱས་པའི་སེམས་ཅན་རྣམས་ལ་ཕ་རོལ་ཏུ་ཕྱིན་པ་ བཅུ་ལ་སོགས་པའི་སྒྲ་ཐོས་པར་མཛད་པ་ནི་སྒྲའོ། །དེའི་དོན་ལ་ལྷག་པར་མོས་པ་ནི་དྲིའོ། །ལྷ་དང་རོ་གཅིག་ཏུ་གྱུར་པའི་སེམས་ནི་རོའོ། །དེ་ནས་ཀྱང་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ངོ་བོ་ཉིད་ཀྱིས་རབ་ཏུ་དགའ་བ་མངོན་སུམ་དུ་བྱེད་དོ། །འདོད་ཆགས་ཀྱི་མདའ་ལ་སོགས་པའི་ གནས་རྣམས་ཀྱིས་ཀྱང་རིམ་པ་ཅི་ལྟ་བ་བཞིན་དུ་རྡོ་རྗེ་ཡིད་ལས་བྱུང་བ་དང་ཀི་ལི་ཀི་ལ་དང་། རྡོ་རྗེ་སྡུག་པ་དང་། རྡོ་རྗེ་སྙེམས་པ་དང་། སྒེག་མོ་དང་། བཞད་པ་མོ་དང་། གླུ་མཁན་མོ་དང་། རྡོ་རྗེ་དཔྱིད་དང་། རྡོ་རྗེ་སྤྲིན་དང་། རྡོ་རྗེ་སྟོན་དང་། རྡོ་རྗེ་དགུན་དང་། གཟུགས་དང་སྒྲ་དང་དྲི་དང་རོའི་ ལྷ་མོའི་ངོ་བོ་ཉིད་དུ་ཡང་དག་པར་སྟོན་པ་ཡིན་ཏེ། རབ་ཏུ་དགའ་བ་རྣམ་པར་དག་པའི་གནས་བཞིན་དུ་ཐམས་ཅད་ལ་ཡང་བཤད་པར་བྱའོ། །བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་འདོད་པའི་ཁམས་ཀྱི་དབང་ཕྱུག་གདུལ་བར་བྱ་བའི་ཕྱིར། བཙུན་མོའི་འཁོར་གྱི་ནང་ན་བཞུགས་པའི་རབ་ཏུ་ དགའ་བའི་སྐུར་སྤྲུལ་པར་མཛད་པ་དང་། དེ་མཐོང་ནས་འདོད་པའི་ཁམས་ཀྱི་དབང་ཕྱུག་རང་གི་ཆུང་མའི་འཁོར་རྣམས་ལ་སྡུག་བསྔལ་བསྐྱེད་པའི་བློ་སྐྱེས་པ་དང་བཅོམ་ལྡན་འདས་ལ་ཡང་མངོན་པར་དད་པས་བཅོམ་ལྡན་འདས་ལ་ཕྱག་བྱས་སོ། །དེ་ལྟ་བས་ན་བཅོམ་ལྡན་འདས་ཀྱིས་ གཟུགས་རྣམ་པར་དག་པའི་གནས་སོ་སྙམ་ནས་བཅོམ་ལྡན་འདས་ཇི་ལྟར་ན་ཁྱེད་ཀྱི་ཕུན་སུམ་ཚོགས་པ་འདི་དག་ཐོབ་པར་འགྱུར་ཞེས་ཞུས་པ་དང་། དེའི་ཕྱིར་དེ་གསུམ་ལ་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་རབ་ཏུ་བཀོད་ནས་དེ་ཉིད་ལ་དམིགས་ཏེ། བཅོམ་ལྡན་ འདས་ཀྱིས་རབ་ཏུ་དགའ་བ་རྣམ་པར་དག་པའི་གནས་ལ་སོགས་པ་སྟོན་པར་མཛད་པ་གང་ཡིན་པ་དེ་ནི་སྒྲའོ། །སྒྲ་དེ་ཐོས་པ་དང་དེའི་དོན་དེ་ལ་ལྷག་པར་མོས་པའི་ངོ་བོ་ཉིད་ཀྱི་ཚུལ་ཁྲིམས་ནི་དྲིའོ། །དེ་སྐད་དུ། གལ་ཏེ་བྱང་ཆུབ་སེམས་དཔའ་འདོད་ཡོན་ལྔ་སྤྱོད་ཀྱང་། །ཞེས་གསུངས་པ་ དང་། གཞན་ཡང་། ཚུལ་ཁྲིམས་དྲི་ནི་བླ་ན་མེད། །ཅེས་གསུངས་པའི་ཕྱིར་རོ། །དེ་ཉིད་ལ་ལྷག་པར་མོས་པའི་ཤིན་ཏུ་མཐར་ཐུག་པ་ནི་རོའོ། །དེ་ནས་ཀྱང་བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་མེ་ཏོག་གི་མཚན་ཉིད་ཅན་གྱི་བསམ་གཏན་ནི་རྒྱན་ནོ། །དེ་ནས་ཀྱང་ངེས་པར་འབྱེད་པའི་ཆ་དང་ ལྡན་པའི་ཆོས་རབ་ཏུ་རྣམ་པར་འབྱེད་པ་ཅན་གྱི་མཚན་ཉིད་ཅན་གྱི་ཤེས་རབ་ནི་ཡིད་ཚིམ་པར་བྱེད་པའོ། །དེ་ནས་ཀྱང་སྣང་བ་ཐོབ་པ་དང་སྣང་བ་མཆེད་པ་དང་། དེ་ཁོ་ན་ཉིད་ཀྱི་དོན་ལ་ཕྱོགས་གཅིག་པ་ལས་བྱུང་བའི་བར་ཆད་མེད་པའི་ཏིང་ངེ་འཛིན་གྱི་མཚན་ཉིད་ནི་སྣང་བའོ། །དེ་ཉིད་ལ་ ཡང་སེམས་ཅན་དང་བདག་ཏུ་ལྟ་བའི་རྣམ་པར་རྟོག་པ་ལ་སོགས་པ་དེའི་དྲི་མ་དང་བྲལ་བའི་ལུས་ཀྱི་བདེ་བའི་རྒྱུར་གྱུར་པའི་ཕྱིར་ལུས་སོ། །དེ་ནས་བདག་མེད་པར་མཐོང་བ་ནི་ལྟ་བའོ། །དེའི་རྒྱུ་ལ་རབ་ཏུ་མགུ་བ་ནི་དགའ་བའོ། །དེ་ནས་ཇི་ལྟར་མཐོང་བའི་དོན་ཡང་དང་ཡང་དུ་མངོན་ སུམ་དུ་བྱེད་པར་མངོན་པར་འདོད་པ་ནི་སྲེད་པའོ། །མངོན་པར་འདོད་པར་གྱུར་པ་དེ་ལ་སྤྲོ་བའི་གྲགས་པ་ནི་སྙེམས་པའོ། །སྤྲོ་བར་གྱུར་པ་དང་ཡང་དང་ཡང་དུ་རབ་ཏུ་དགའ་བ་རྣམ་པར་དག་པའི་གནས་ལ་ཀུན་དུ་ཞེན་པར་བསྒོམ་པ་ནི་འདོད་ཆགས་ཀྱི་མདའོ། །དེས་ཀྱང་རབ་ཀྱི་མཐར་ ཐུག་པར་གྱུར་པ་དང་། དེ་ལ་སྤྱན་ལྔ་སྟེ། ཤའི་སྤྱན་དང་། ལྷའི་སྤྱན་དང་། ཤེས་རབ་ཀྱི་སྤྱན་དང་། ཆོས་ཀྱི་སྤྱན་དང་། སངས་རྒྱས་ཀྱི་སྤྱན་ཏེ། དེ་ནས་ཕུང་པོ་ལྔའི་མཚན་ཉིད་ཅན་ཚུལ་ཁྲིམས་འཆལ་པ་ལ་སོགས་པའི་དྲི་མ་དང་བྲལ་བ་ཆོས་ཀྱི་སྐུ་ལ་སོགས་པའི་རང་ རང་གི་ངོ་བོ་ཉིད་དེ་མངོན་སུམ་དུ་བྱེད་པ་ནི་རེག་པའོ། །རབ་ཏུ་དགའ་བ་རྣམ་པར་དག་པའི་གནས་མངོན་སུམ་དུ་བྱས་པ་དང་། དེ་ཡོངས་སུ་མི་སྤོང་བའི་ཆགས་པ་ནི་སྡུག་པའོ། །དེས་ན་ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པའི་རྨོངས་པས་སྐབས་མི་ཕྱེད་པར་རང་བཞིན་གྱིས་ འོད་གསལ་བའི་རྣམ་པར་ཐར་པ་ཐོབ་པས་ལྷུན་གྱིས་གྲུབ་པར་འཇུག་པ་ནི་ཐམས་ཅད་ལ་དབང་ཕྱུག་དང་། དབང་རྣམ་པར་དག་པ་ཐོབ་པ་སྟེ། བདེ་བ་ཆེན་པོ་རབ་ཏུ་དགའ་བའི་བདེ་བས་བརྒྱད་པའི་དབང་ཕྱུག་ཏུ་གྱུར་པ་སྟེ། འདི་ནི་དེའི་སྒོའི་རིམ་པ་ཡིན་ནོ། །ཡུལ་སྤངས་པའི་ཐར་པས་སྐྲག་པ་ རྣམས་ལ་ནི་ཚུལ་འདི་ཡིན་ཏེ། དེ་རྣམས་ཀྱིས་འཁོར་བའི་གཟུགས་མི་བརྟན་པ་སྤངས་ནས། ལྟ་བས་མི་ངོམས་པའི་གཟུགས་ཐོབ་སྟེ། བདེ་བ་ཆེན་པོ་མྱོང་བར་འགྱུར་རོ་ཞེས་ངེས་པར་དགོད་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་བཤད་པའི་གཟུགས་ཡང་དག་པར་སྟོན་པར་ མཛད་པ་ནི་གཟུགས་སོ། །པི་ཝང་ལ་སོགས་པའི་སྒྲ་ནི་པི་ཝང་གི་གཟུགས་ཙམ་གྱིས་དགའ་བ་སྐྱེད་པར་མི་འགྱུར་ཏེ། དེ་བས་ན་པི་ཝང་བརྡུངས་པ་ལ་བརྩོན་པ་ནི་སྒྲའོ། །དེ་མེད་པར་ཡང་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་ཕྱག་ན་དྲི་བསྣམས་པ་ནི་དྲིའོ། །བཟའ་བ་མེད་པར་ཤིན་ཏུ་དགའ་ བར་མི་འགྱུར་ཏེ། དེ་བས་ན་རོའི་སྣོད་ཕྱག་ན་བསྣམས་པ་ནི་རོའོ། །མེ་ཏོག་གི་རྒྱན་མེད་ན་དེ་དང་འདྲ་སྟེ། དེ་བས་ན་མེ་ཏོག་གི་གཟུགས་ནི་རྒྱན་ནོ། །བདུག་སྤོས་མེད་པར་ཡིད་ཚིམ་པར་མི་འགྱུར་ཏེ་དེ་བས་ན་སྤོས་སོ། །མུན་པར་ནི་གཅིག་གིས་གཅིག་མཐོང་བ་མེད་པས་དེའི་ཕྱིར་དེ་བས་ ན་ནོར་བུ་རིན་པོ་ཆེ་ལ་སོགས་པའི་སྣང་བ་ཕྱག་ན་བསྣམས་པའོ། །དྲི་བྱུག་པ་མེད་པར་ལུས་ཀྱིས་བདེ་བའི་རྒྱུར་མི་འགྱུར་ཏེ། དེ་བས་ན་དྲི་བྱུག་པའོ། །ལས་བྱེད་པའི་བྲན་མོ་དང་སླས་ཀྱི་ཚོགས་མེད་པར་རབ་ཏུ་དགའ་བར་མི་འགྱུར་ཏེ། དེ་བས་ན་སྒེག་མོ་ལ་སོགས་པ་སྟེ། མིག་གི་ཆགས་ པ་དང་ལྟ་བ་དང་དགའ་བ་དང་སྲེད་པ་དང་། རབ་ཏུ་དགའ་བའི་སྤྲོས་པས་མཐོ་བའི་སྙེམས་པའི་ངོ་བོ་ཉིད་དོ། །གཞན་མ་ཡིན་པར་གྱུར་པ་ནི་འཁྱུད་པར་བྱེད་པ་སྟེ། ནམ་ཡང་ཡོངས་སུ་སྤོང་བར་མི་བྱེད་ཅིང་འདི་རྣམས་ལ་རྣམ་པ་ཐམས་ཅད་དུ་དབང་དུ་གྱུར་པ་ཉིད་ཀྱིས་རབ་ཏུ་བདེ་བ་ཆེན་པོ་མྱོང་བར་ འགྱུར་བས་འདོད་ཆགས་ཀྱི་མདའ་དང་། རེག་པ་དང་། སྡུག་པའི་འཆིང་བ་དང་ཐམས་ཅད་ལ་དབང་ཕྱུག་དང་དབང་རྣམ་པར་དག་པའི་རབ་ཏུ་དགའ་བའི་གནས་ཀྱིས་ཡང་དག་པར་སྟོན་པར་མཛད་པ་འདི་ནི་འདོད་ཆགས་དང་ལྡན་པ་རྣམས་འདོད་ཆགས་ཀྱིས་འདོད་ཆགས་ཡང་དག་པར་སྤོང་ བའི་རིམ་པ་ཡིན་ནོ། །དེ་སྐད་དུ་དམ་ཚིག་ཆེན་པོ་ལས་དམ་ཚིག་ཆེན་པོའི་དཀྱིལ་འཁོར་ལ་འཇུག་པར་བྱ་བའི་ཕྱིར། རྟག་ཏུ་འདོད་ལ་གནས་པ་ཡི། །ལྷ་ཡི་བུ་ནི་འདི་རྣམས་དང་། །འདོད་ཆགས་ཅན་ནི་གཞན་གྱི་ཕྱིར། །རབ་དགའི་དཀྱིལ་འཁོར་བཤད་པ་ཡིན། །ཞེས་གསུངས་པ་དང་། གཞན་དག་ལས་ཀྱང་། བིན་དའི་ནགས་ནི་ཉམས་དགའ་པའི། །ཝ་ཉིད་གྱུར་ཀྱང་མཆོག་ཡིན་གྱི། །གཽ་ཏམ་ཡུལ་རྣམས་སྤངས་པ་ཡི། །ཐར་པ་ནམ་ཡང་མི་འཚལ་ལོ། །ཞེས་འབྱུང་སྟེ་དེ་བས་ན་ཡོན་ཏན་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་གཏན་ཚིགས་གང་གི་ཕྱིར། རབ་ཏུ་ དགའ་བ་རྣམ་པར་དག་པའི་གནས་འདི་ནི། འདི་ལྟ་སྟེ་བྱང་ཆུབ་སེམས་དཔའི་གནས་སོ་ཞེས་བྱ་བའི་གཏམ་རྒྱུད་བསྟན་པའི་ཕྱིར་གསུངས་པ་ཡིན་ཏེ། དེ་ཡང་འདི་ལྟར་ཆོས་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་རྣམ་པར་དག་པ་སྟེ་ཞེས་གསུངས་ཏེ་དེ་ཡང་གང་གི་ཕྱིར་རབ་ཏུ་དགའ་བ་ལ་སོགས་པ་ནས། རོའི་མཐར་ཐུག་པ་རྣམས་ནི་དོན་དམ་པར་དངོས་པོ་མེད་པའི་ངོ་བོ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་ཡིན་དུ་ཟིན་ཀྱང་། ཤེས་རབ་ཡོངས་སུ་དག་པ་མེད་པར་འདི་དག་ཇི་ལྟར་ཐོབ་པར་འགྱུར་ཞེ་ན། དེའི་ཕྱིར་ཆོས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ཐམས་ཅད་ངོ་བོ་ཉིད་ ཀྱིས་དངོས་པོ་མེད་པའི་ངོ་བོ་ཉིད་དུ་གྱུར་པ་གང་ཡིན་པ་དེ་ཉིད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ཡིན་ཏེ། ཆོས་རྣམས་ནི་ཆོས་ཉིད་ལས་མི་འགྱུར་བ་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་སྟོང་པ་ཉིད་ཀྱི་སྒྲས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཡིན་པར་བཤད་དེ། དེ་བས་ན་རབ་ཏུ་ དགའ་བ་རྣམ་པར་དག་པའི་གནས་འདི་ནི་འདི་ལྟ་སྟེ་བྱང་ཆུབ་སེམས་དཔའི་གནས་སོ་ཞེས་བྱ་བ་ནས། རོ་རྣམ་པར་དག་པའི་གནས་འདི་ནི་འདི་ལྟ་སྟེ་བྱང་ཆུབ་སེམས་དཔའི་གནས་སོ་ཞེས་བྱ་བའི་བར་དུ་གྲུབ་པར་གྱུར་པ་ཡིན་ཏེ། གང་གི་ཕྱིར་དེ་མངོན་སུམ་ དུ་བྱས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ད་ནི་ཕན་ཡོན་བསྟན་པར་བྱ་བའི་ཕྱིར། གང་ལ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ཆོས་ཐམས་ཅད་ནི་རབ་ཏུ་དགའ་བ་ལ་སོགས་པའོ། །དེ་རྣམས་ཀྱི་ངོ་བོ་ཉིད་རྣམ་པར་དག་པ་ནི་སྔ་མ་དང་འདྲའོ། །དེ་ཉིད་ནི་གནས་སོ། ། དེ་མངོན་པར་བསྒྲུབ་པ་ནི་མངོན་སུམ་དུ་བྱེད་ཅེས་བྱ་བའི་དོན་ཏོ། །སྒྲིབ་པ་ཐམས་ཅད་ཅེས་བྱ་བ་ནི་བསྟན་པའོ། །མཆོད་པ་དང་ཞེས་བྱ་བ་ལ་སོགས་པ་ནི་བཤད་པ་ཡིན་ཏེ། སྒྲིབ་པ་ནི་རྣམ་པ་ལྔ་སྟེ། འདོད་པ་ལ་འདུན་པ་དང་། གནོད་སེམས་དང་། གཉིད་དང་། རྨུགས་པ་དང་། རྒོད་པ་དང་། འགྱོད་པ་དང་། ཐེ་ཚོམ་གྱི་ངོ་བོ་ཉིད་དང་། ཉོན་མོངས་པའི་སྒྲིབ་པ་ནི་འདོད་ཆགས་ཆེན་པོ་ལ་སོགས་པ་ཉོན་མོངས་པ་རྣམས་སོ། །ཆོས་ཀྱི་སྒྲིབ་པ་ནི་འཕགས་པའི་ལམ་སྐྱེས་པའི་གེགས་སུ་གྱུར་པ་སྟེ། དམ་པའི་ཆོས་སྤོང་བ་ལ་སོགས་པའོ། །ལས་ཀྱི་སྒྲིབ་པ་ནི་ མཚམས་མེད་པ་ལྔ་ལ་སོགས་པའོ། །འཛིན་པ་ནི་ཚིག་དང་དོན་གྱི་ཚུལ་མ་བརྗེད་པར་དེ་སེམས་ལ་ངེས་པར་འཇོག་པའོ། །ཀློག་པ་ནི་གླེགས་བམ་དུ་བྱས་ནས་ཀློག་པའོ། །ཁ་ཏོན་དུ་བྱེད་པ་ནི་དམ་ཚིག་ཏུ་བཟུང་བ་དེ་ཡང་དང་ཡང་དུ་གོམས་པར་བྱེད་པའོ། །ཚུལ་བཞིན་དུ་ཡིད་ལ་ བྱེད་པ་ནི་སེམས་པ་དང་སྒོམ་པའོ། །ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་རྡོ་རྗེ་འཛིན་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཏེ་དེ་ཐོབ་པའོ། །ཆོས་ཐམས་ཅད་ལ་དབང་ཕྱུག་ཏུ་འགྱུར་རོ། །དགའ་བ་ནི་ཏིང་ངེ་འཛིན་གྱི་རྒྱུར་གྱུར་པའི་ཡིད་བདེ་བའོ། །དེ་ཉིད་འབྲིང་དང་ཆེན་པོ་ལ་སོགས་པའི་དབྱེ་བས་ མགུ་བ་དང་། མཆོག་ཏུ་དགའ་བའི་སྒྲར་བཤད་དོ། །བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་ནི་གཟུགས་ལ་སོགས་པ་ནས་རྡོ་རྗེ་བསྙེམས་པའི་བར་གྱི་ཏིང་ངེ་འཛིན་ཐོབ་པས་ཞེས་བྱ་བའི་དོན་ཏོ། །དེ་ལྟར་རེ་ཞིག་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་རབ་ཏུ་དགའ་བ་རྣམ་པར་ དག་པ་ལ་སོགས་པ་སྟོན་པས་དཀྱིལ་འཁོར་སྤྲུལ་པར་བྱ་བའི་ཕྱིར་བསྐུལ་བ་དང་། དེའི་ཕྱིར་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་རང་གི་དེ་ཁོ་ན་ཉིད་ཀྱི་སྙིང་པོ་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་སྟོན་པ་ཡིན་ཏེ། དེ་ནས་ཞེས་བྱ་བ་ནི་བར་མ་ཆད་པ་སྟེ། བསྐུལ་བའི་རྗེས་ ཐོགས་ཉིད་ལ་ཞེས་བྱ་བའི་དོན་ཏོ། །སྐལ་བ་ཕུན་སུམ་ཚོགས་པ་དང་ལྡན་པའི་ཕྱིར་བཅོམ་ལྡན་འདས་ཏེ། བྱང་ཆུབ་སེམས་དཔའི་ལམ་འབྲས་བུ་དང་བཅས་པ་ཐུགས་སུ་ཆུད་པའི་ངོ་བོ་ཉིད་དུ་གྱུར་པས་ན་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའོ། །དཀྱིལ་འཁོར་བའི་སངས་རྒྱས་དང་ བྱང་ཆུབ་སེམས་དཔའ་མ་ལུས་པའི་ངོ་བོ་ཉིད་དུ་གྱུར་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་པ་ཡང་ཡིན་ལ་ཐེག་པ་ཆེན་པོའི་མངོན་པར་རྟོགས་པ་ཡང་ཡིན་པས། དེ་བཞིན་གཤེགས་པ་ཐམས་ཅད་པ་ཐེག་པ་ཆེན་པོ་མངོན་པར་རྟོགས་པའོ། ། དེ་ཉིད་ནི་དཀྱིལ་འཁོར་ཐམས་ཅད་པ་སྟེ་གང་གི་ཕྱིར་དཀྱིལ་འཁོར་ཐམས་ཅད་ནི་རྡོ་རྗེ་སེམས་དཔའ་ཡོངས་སུ་གྱུར་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །འདིས་ཀྱང་དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་རྡོ་རྗེ་དང་པོའོ། །བྱིན་གྱིས་བརླབས་པ་ཞེས་བྱ་བའི་རབ་ཏུ་དགའ་བའི་རྡོ་རྗེའི་དཀྱིལ་འཁོར་གྱི་ངོ་བོ་ ཉིད་ནི། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ངོ་བོ་ཉིད་ཡིན་པར་བཤད་པ་ཡིན་ནོ། །རྡོ་རྗེ་དབྱིངས་ཀྱང་ཡིན་ལ་མཐའ་དག་ཀྱང་ཡིན་པས་ན་རྡོ་རྗེ་དབྱིངས་མཐའ་དག་ཡིན་ཏེ། དེ་བཞིན་གཤེགས་པའི་དཀྱིལ་འཁོར་གྱི་ངོ་བོ་ཉིད་དོ། །དེ་དག་གི་སེམས་དཔའི་མཆོག་ནི་རྣམ་པར་སྣང་མཛད་ ཅེས་བྱ་བའི་དོན་ཏོ། །ཁམས་གསུམ་མཐའ་དག་ནི་ཁམས་གསུམ་རྣམ་པར་རྒྱལ་བ་སྟེ། འདིས་ནི་རྡོ་རྗེ་ཧཱུྃ་མཛད་ཀྱི་ངོ་བོ་ཉིད་ཡིན་ནོ་ཞེས་པའོ། །འཇིག་རྟེན་གསུམ་པོ་མ་ལུས་པ་ཞེས་བྱ་བ་ལ་སོགས་པ་ནི་འགྲོ་བ་འདུལ་བའི་ངོ་བོ་ཉིད་དོ། །དོན་ཐམས་ཅད་གྲུབ་པ་ཞེས་བྱ་བ་ནི་ནམ་མཁའི་ སྙིང་པོའི་ངོ་བོ་ཉིད་དོ། །ལག་ན་རྡོ་རྗེ་ཐམས་ཅད་དམ་ཚིག་ཆེན་པོ་ཞེས་བྱ་བ་ནི་དཀྱིལ་འཁོར་མ་ལུས་པའི་ངོ་བོ་ཉིད་དོ། །དེ་ལྟར་གྱུར་པ་འདི་གཅིག་པུ་ཞིག་ཡིན་ནམ་འོན་ཏེ་མ་ཡིན་ཞེ་ན། རྡོ་རྗེ་གསང་བའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ཞེས་བྱ་བ་ནི་གཙུག་ཏོར་ལ་སོགས་པ་སྟེ། དེ་ཉིད་ནི་སེམས་ཅན་ཆེན་པོ་དུ་མས་གཡོག་བྱས་པ་གང་ཡིན་པ་དེ་ནི་རྡོ་རྗེ་གསང་བའི་སེམས་ཅན་ཆེན་པོ་དུ་མས་གཡོག་བྱས་པའོ། །དོན་ཅི་ཞིག་སྟོན་པར་མཛད་ཅེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རབ་ཏུ་དགའ་བ་རྣམ་ པར་དག་པའི་གནས་ལ་སོགས་པའི་མཚན་ཉིད་ཅན་ཞེས་བྱ་བའི་དོན་ཏོ། །དེ་ལས་གཞན་ཡང་གང་རྡོ་རྗེ་དབྱིངས་སུ་བདེ་བ་ཆེན་པོ་དོན་ཡོད་པའི་སྒྲར་བཤད་པ་དེ་ནི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཡིན་པར་བཤད་ལ་དེའི་དམ་ཚིག་ནི་རྒྱུ་སྟེ། དེ་སྐད་ཅེས་བྱ་བའི་རང་གི་དེ་ཁོ་ན་ཉིད་ཀྱི་ སྙིང་པོ་གང་ཡིན་པ་དེ་སྨྲས་པའོ། །དེ་ལ་རང་གི་བདག་ཉིད་ཀྱི་དེ་ཁོ་ན་ཉིད་ནི་རང་གི་དེ་ཁོ་ན་ཉིད་དེ་རབ་ཏུ་དགའ་བ་རྣམ་པར་དག་པའི་ཚུལ་ལོ། །དེ་ཉིད་ནི་སྙིང་པོ་སྟེ་དེ་སྨྲས་སོ་ཞེས་བྱ་བ་ནི་དེ་སྟོན་པར་བྱེད་པའི་སྒྲ་གསུངས་སོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་དེ་བཞིན་གཤེགས་པའི་ཞི་བའི་ ཚུལ་རྣམ་པར་སྤངས་ནས་རྡོ་རྗེ་སེམས་དཔའི་སྐུ་ལ་སོགས་པ་སྒེག་པའི་གཟུགས་སུ་འཇོག་པར་མཛད་ཅིང་བཅིངས་ལ། དེས་འདུལ་བ་རྣམས་ལ་གཟུགས་ལ་སོགས་པའི་དངོས་པོ་གྲུབ་ཏུ་གྱུར་པ་ནི་དངོས་གྲུབ་ཐམས་ཅད་གྲུབ་པ་སྟེ། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ བདེ་བ་ཆེན་པོ་རྡོ་རྗེ་འབེབས་པས་ཞུགས་ནས། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་བཅིངས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་རྡོ་རྗེ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ་གསང་བའི་རྡོ་རྗེ་ཡང་ཡིན་པས་དེ་སྐད་ཅེས་བྱ་སྟེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་མིང་དེ་སྐད་ཅེས་བྱ་བ་གང་ཡིན་པའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པས་བཞུགས་པ་ནི། ཞི་བའི་ཚུལ་སྤངས་ནས་རྡོ་རྗེ་སེམས་ དཔའི་སྐུ་དང་གཅིག་ཏུ་གྱུར་ནས་བཞུགས་སོ་ཞེས་བྱ་བའི་དོན་ཏོ། །འོག་མིན་དུ་མངོན་པར་རྫོགས་པར་སངས་རྒྱས་ནས་ལྷའི་རྒྱལ་པོའི་གནས་ན་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡོངས་སུ་བསྐོར་ནས་བཞུགས་སོ་ཞེས་བྱ་བའི་དོན་ཏོ། །འདིས་ནི་སྔགས་པ་རྣམས་ཀྱི་དམ་ ཚིག་པའི་སྦྱོར་བ་དང་དཀྱིལ་འཁོར་གྱི་མཆོག་གི་ཏིང་ངེ་འཛིན་སྟོན་པ་ཡིན་ནོ། །རབ་ཏུ་དགའ་བ་རྣམ་པར་དག་པ་ལ་སོགས་པ་ནས་བརྩམས་ཏེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་གསང་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ་ཞེས་བྱ་བའི་བར་འདིས་དཀྱིལ་ འཁོར་གྱི་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་སྟོན་ཏོ། །ཏིང་ངེ་འཛིན་གཉིས་པོ་དེ་དག་མངོན་སུམ་དུ་བྱས་ནས་བདེ་བ་ཆེན་པོའི་གནས་ལ་གནས་པའི་སྔགས་པས་བསྡུ་བར་བྱས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ལས་རྡོ་རྗེ་འཛིན་པ་ཆེན་པོའི་དབང་བསྐུར་བ་བླངས་ལ་རྡོ་རྗེ་གཟུགས་ ལ་སོགས་པས་དཀྱིལ་འཁོར་དུ་དེ་བཞིན་གཤེགས་པ་ཐམས་ཅད་བཀུག་ནས་བཅུག་སྟེ། བཅིངས་ནས་དབང་དུ་བྱས་ནས། ལས་ཀྱི་ཕྱག་རྒྱ་རྣམས་ཀྱི་རང་གི་ལས་རྣམས་ལ། བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ངེས་པར་སྦྱར་བ་ནི་ལས་ཀྱི་མཆོག་ཅེས་བྱ་བའི་ཏིང་ངེ་ འཛིན་ཏོ། །དེ་ལྟར་ན་ཏིང་ངེ་འཛིན་གསུམ་པོ་དེ་དག་ནི་དཀྱིལ་འཁོར་གྱི་བརྟུལ་ཞུགས་ལ་གནས་པའི་སློབ་དཔོན་གྱིས་ངེས་པ་ཁོ་ནར་སྙོམས་པར་འཇུག་པར་བྱས་ཏེ། རྣལ་འབྱོར་གྱི་གསང་བ་ལས་དང་པོའི་སྦྱོར་བ་དང་དཀྱིལ་འཁོར་གྱི་མཆོག་དང་ལས་ཀྱི་མཆོག་གི་ཏིང་ངེ་འཛིན་ རྣམས་ལ་སྙོམས་པར་འཇུག་པར་བྱའོ་ཞེས་གསུངས་པའི་ཕྱིར་རོ། །དེ་ནས་རྒྱུད་ཕྱི་མ་ལས་གསུངས་པའི་ཚུལ་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་བཏབ་པས་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་སྟེ། དཀྱིལ་འཁོར་གསུངས་པ་ཡིན་ནོ། །དེ་ཡང་དེ་ནས་ཞེས་བྱ་བའི་ སྒྲ་ནི་བར་མ་ཆད་པ་སྟེ། གསོལ་བ་བཏབ་པའི་རྗེས་ཐོགས་ལ་ཞེས་བྱ་བའི་དོན་ཏོ། །གསང་བ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་གསང་བ་ཆེན་པོ་སྟེ། དེ་ཉིད་རྡོ་རྗེ་ཡིན་པས་ན་གསང་བ་ཆེན་པོའི་རྡོ་རྗེའོ། །གསང་བ་ཆེན་པོའི་རྡོ་རྗེ་ཉིད་དམ་ཚིག་ཡིན་པས་ན་གསང་བ་ཆེན་པོའི་རྡོ་རྗེའི་ དམ་ཚིག་སྟེ། དམ་ཚིག་ནི་དཀྱིལ་འཁོར་རོ། །དེ་ལས་བྱུང་བའི་དཀྱིལ་འཁོར་བྱིན་གྱིས་རློབ་པའི་ཡེ་ཤེས་གང་ལས་བྱུང་བའི་ཡེ་ཤེས་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་ནི་ཕྱག་རྒྱ་སྟེ། མིང་དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་སྙོམས་པར་ཞུགས་པ་སྟེ། དཀྱིལ་ འཁོར་གྱི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་ཅེས་བྱ་བའི་དོན་ཏོ། །དམ་ཚིག་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་དམ་ཚིག་ཆེན་པོ་སྟེ། བཅོམ་ལྡན་འདས་བྱང་ཆུབ་པའི་མཚན་ཉིད་ཅན་རྡོ་རྗེ་སེམས་དཔའོ། །དེའི་དེ་ཁོ་ན་ཉིད་ནི་རབ་ཏུ་དགའ་བའི་ངོ་བོ་ཉིད་ལ་ སོགས་པར་སྟོན་པའོ། །དེ་ཉིད་ནི་རྡོ་རྗེ་སྟེ་རྡོ་རྗེ་བྱིན་གྱིས་བརླབས་པའི་དཀྱིལ་འཁོར་རོ། །མིང་དེ་ཉིད་ཅེས་བྱ་བའི་དཀྱིལ་འཁོར་དེ་ཉིད་གང་ཡིན་པ་དེ་གསུངས་པ་ནི་བཀའ་སྩལ་ཏོ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཞེས་བྱ་བ་ནི་གཏན་ཚིགས་འདིའི་ཕྱིར་ཞེས་བྱ་བའི་དོན་ཏོ། །གང་གི་ ཕྱིར་དཀྱིལ་འཁོར་དུ་འཇུག་པ་ནི་མེད་པར་སེམས་ཅན་རྣམས་སངས་རྒྱས་ཀྱི་བྱང་ཆུབ་མཐོང་བའི་སྐལ་བ་ཅན་དུ་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་ཡང་དག་པར་བཤད་པར་བྱ་སྟེ། ཡང་དག་པ་དང་བཅས་པར་རབ་ཏུ་ཕྱེ་བ་བཤད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཅི་ཞིག་ཅེ་ ན་དཀྱིལ་འཁོར་ཆེན་པོ་སྟེ། དཀྱིལ་འཁོར་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་དཀྱིལ་འཁོར་ཆེན་པོ་སྟེ། ཕྱག་རྒྱ་ཆེན་པོའི་གཙོ་བོ་ཡིན་གྱི། གཟུངས་ལ་སོགས་པའི་ཕྱག་རྒྱ་གཙོ་བོར་གྱུར་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དབྱིབས་ཇི་ལྟ་བུ་ཞེ་ན་དམ་པ་ཞེས་བྱ་བ་སྟེ། མཆོག་ཅེས་བྱ་བའི་དོན་ཏོ། །མིང་དེ་སྐད་ཅེས་བྱ་བ་ཞིག་ཅེ་ན། དེ་ཉིད་དང་པོ་དམ་ཚིག་སྟེ། །རྡོ་རྗེ་བྱིན་རླབས་ཞེས་བྱ་བའོ་ཞེས་བྱ་བ་སྟེ། མིང་དེ་སྐད་ཅེས་བྱ་བ་ཞེས་བྱ་བའི་དོན་ཏོ། །དབྱིབས་ཇི་ལྟ་བུ་ཞེ་ན། གྲུ་བཞིར་བགྱི་ཞིང་ཞེས་བྱ་བ་སྟེ། གྲྭ་བཞི་དང་ལྡན་པ་ཞེས་བྱ་བའི་དོན་ཏོ། ། ཁྱམས་རྣམས་ཀྱིས་ཡོངས་སུ་བསྐོར་བ་ཞེས་བྱ་བ་ནི་གཞལ་ཡས་ཁང་གི་ཕྱི་རོལ་ཀུན་ནས་བསྐོར་ཕྱོགས་སུ་ཁྱམས་ཀྱིས་བསྐོར་བ་ལ་ནི་ཁྱམས་རྣམས་ཞེས་བྱའོ། །རྡོ་རྗེ་དང་། རྡོ་རྗེ་རིན་པོ་ཆེ་དང་། རྡོ་རྗེ་པདྨ་དང་། སྣ་ཚོགས་རྡོ་རྗེ་ནི་རྡོ་རྗེ་ཀུན་ནོ། །སྣ་ཚོགས་པའི་བ་དན་གྱི་ རྩེ་མོར་དྲིལ་བུའི་མཆོག་བཏགས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལྟར་ཕྱིའི་དཀྱིལ་འཁོར་བྲིས་ནས་དེའི་ནང་དུ་དཀྱིལ་འཁོར་གཉིས་པ་དེའི་ཕྱེད་ཀྱི་ཚད་ལ། ཕྱིའི་དཀྱིལ་འཁོར་དང་འདྲ་བར་སྒོ་བཞི་དང་ལྡན་པ། ཀ་བ་བརྒྱད་ལ་སོགས་པའི་གཟུགས་ཅན་དུ་ཡང་དག་ པར་བྲིས་ལ། དེ་ཉིད་ཕྱི་རོལ་དུ་རྡོ་རྗེ་ཕྲེང་བ་ཟླུམ་པོས་བསྐོར་བར་བྱའོ། །དེ་ནས་ལྷ་ཐམས་ཅད་ཀྱི་གནས་སུ་པདྨའི་གདན་བྲི་བར་བྱའོ། །སངས་རྒྱས་སྐུ་ནི་ཞེས་བྱ་བ་ལ་སོགས་པ་ནི། རྡོ་རྗེ་སེམས་དཔའི་སྐུ་གཟུགས་ཏེ། །སངས་རྒྱས་རྡོ་རྗེ་འཛིན་ཕྱིར་བཤད། །ཅེས་གསུངས་པའི་ ཕྱིར་རོ། །རྡོ་རྗེ་ཕྲེང་བ་ལ་སོགས་ཀྱིས་སྤྲས་ཤིང་ཞེས་བྱ་བ་ནི་རྡོ་རྗེའི་ཕྲེང་བས་མཛེས་པར་བྱས་པའོ། །སོགས་པའི་སྒྲས་ནི་པདྨ་དང་རིན་པོ་ཆེ་དང་སངས་རྒྱས་ཀྱི་ཕྲེང་བ་གཟུང་བར་བྱ་སྟེ། རྡོ་རྗེ་སེམས་དཔའི་གཟུགས་ཅན་ཡིན་པའི་ཕྱིར། དབང་བསྐུར་བའི་ངོ་བོ་ཉིད་ནི་ཕྲེང་བ་ཡིན་ཏེ། དཀྱིལ་འཁོར་གཉིས་པར་དེ་བཞིན་གཤེགས་པའི་སྐུ་བསྟན་པས་འདིར་ཡང་སོམ་ཉི་མི་བྱའོ། །མདུན་དུ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་རྡོ་རྗེ་ཡིད་ལས་བྱུང་བ་སྟེ། ཕྱག་གཡོན་ན་གཞུ་བསྣམས་པ་ཕྱག་གཡས་ཀྱི་མཐེ་བོ་དང་མཛུབ་མོ་གཉིས་ཀྱིས་རྡོ་རྗེ་མདའ་འདྲེན་པ་ལ་བརྩོན་པར་ མཛད་པའོ། །གཡས་སུ་ནི་རྡོ་རྗེ་ཀི་ལི་ཀི་ལ་དཀར་སེར་རྡོ་རྗེ་དམར་པོ་བསྣམས་པའོ། །ཡན་ལག་ཀུན་གྱིས་ཡོངས་འཁྱུད་ཅེས་བྱ་བ་སྐུ་ཀུན་གྱིས་ཡོངས་སུ་འཁྱུད་པའོ། །དེ་ཅིའི་ཕྱིར་ཞེ་ན། རྡོ་རྗེ་གཟུགས་ཏེ་ཞེས་བྱ་བ་སྟེ། རྡོ་རྗེ་རྩེ་ལྔ་པའི་གཟུགས་ཅན་ནོ། །སྐུ་མདོག་ཇི་ལྟ་བུ་ཞེ་ན། ཉི་ མའི་འོད་ཅེས་བྱ་བ་སྟེ། ཉི་མའི་འོད་ཀྱིས་མདངས་དམར་པོར་སྣང་བའོ། །རྒྱབ་ཏུ་ནི་རྡོ་རྗེ་འདོད་པ་ཆུ་སྲིན་གྱི་རྒྱལ་མཚན་ཐོགས་པ། སྐུ་མདོག་ལྗང་སེར་དང་ལྡན་པར་ཅི་རིགས་པར་བློ་དང་ལྡན་པས་གཞག་པར་བྱའོ། །གཡོན་དུ་རྡོ་རྗེ་སྙེམས་པ་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་རྡོ་རྗེ་སྙེམས་པའི་ ཚུལ་གཉིས་འཛིན་པ་བཙོ་མའི་གསེར་གྱི་འོད་འདྲ་བ་དགོད་པར་བྱའོ། །མཚམས་རྣམས་སུ་ནི་སྤྱི་གཙུག་ཏུ་ཐལ་མོ་ཁ་ཕྱེ་བས་མེ་ཏོག་དང་བདུག་སྤོས་དང་མར་མེ་དང་དྲི་འཛིན་པ་རྡོ་རྗེ་ཡིད་ལས་བྱུང་བ་ལ་སོགས་པའི་སྐུ་མདོག་དང་མཐུན་པ་རྡོ་རྗེ་སྦྲང་རྩི་ལ་སོགས་པ་གཞག་པར་བྱའོ། །ཕྱིའི་ དཀྱིལ་འཁོར་གྱི་མཚམས་རྣམས་སུ་ནི་རྡོ་རྗེ་དང་རིན་པོ་ཆེའི་ཕྲེང་བ་དང་པི་ཝང་དང་། རྡོ་རྗེ་ཐོགས་པའི་ལག་པས་གར་བྱེད་པའི་སྒེག་མོ་ལ་སོགས་པ་བྲི་བར་བྱའོ། །ཤར་ཕྱོགས་ཀྱི་སྒོར་ནི་རྡོ་རྗེ་གཟུགས་ཕྱག་ན་མེ་ལོང་བསྣམས་པ་སྟེ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་སེམས་ དཔའ་ཐམས་ཅད་ཀྱི་གཟུགས་བརྙན་སྐྱེད་པའི་རྒྱུར་གྱུར་པའོ། །ལྷོར་ནི་སྒྲ་པི་བང་བརྡུང་བ་ལ་བརྩོན་པའོ། །ནུབ་ཏུ་ནི་དྲི་སྟེ། དྲིའི་སྣོད་ཕྱག་ན་བསྣམས་པའོ། །བྱང་དུ་ནི་རོའི་སྣོད་ཕྱག་ན་བསྣམས་པའོ། །ནང་གི་སྒོ་རྣམས་ལ་ཡང་དེ་བཞིན་དུ་བལྟ་བར་བྱའོ། ། དེ་ལྟར་མེ་ལོང་དང་པི་བང་དང་དྲིའི་སྣོད་དང་། རོའི་སྣོད་ཀྱི་མཚན་མ་རྣམས་ནི་དམ་ཚིག་ཆེན་པོ་དང་ཁམས་གསུམ་རྣམ་པར་རྒྱལ་བ་ལ་སོགས་པའི་རྒྱུད་རྣམས་ལ་སྟོན་པས་འདིར་སོམ་ཉི་མི་བྱའོ། །མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་ལ། རྡོ་རྗེ་སེམས་ དཔའ་ལ་སོགས་པའི་འཁོར་གྱིས་བསྐོར་བ་སྔར་བཤད་པའི་ཚུལ་དུ་བྲི་བར་བྱའོ། །ཕྱིའི་དཀྱིལ་འཁོར་གྱི་ནང་གི་སྣམ་བུ་ལ་འདོད་པའི་ཁམས་ཀྱི་དབང་ཕྱུག་དང་ཚངས་པ་དང་ཁྱབ་འཇུག་དང་ཀརྟི་ཀ་དང་དབང་པོ་དང་བདེ་བྱེད་ཆུང་མ་དང་བཅས་པར་ཀུན་དུ་བྲི་བར་བྱ་སྟེ། གང་གི་ ཕྱིར་མཆོག་གི་སྒྲས་ནི་ཁྱབ་འཇུག་དང་། ཀརྟི་ཀ་དང་དབང་པོ་ཡིན་པར་མངོན་པར་འདོད་དོ། །ལྷོ་ཕྱོགས་སུ་ནི་ཟླ་བ་དང་ཉི་མ་དང་སྤེན་པ་དང་མིག་དམར་ཆུང་མ་དང་བཅས་པ་རྣམས་སོ། །ནུབ་ཕྱོགས་སུ་ནི་གཏུན་དང་རླུང་ལྷ་དང་མེ་ལྷ་དང་ལུས་ངན་པོ་ཆུང་མ་དང་བཅས་པའོ། །བྱང་ གི་ཕྱོགས་སུ་ནི་ཕག་དང་གཤིན་རྗེ་དང་ཚོགས་ཀྱི་བདག་པོ་ཆུང་མ་དང་བཅས་པའོ། །སྒོ་རྣམས་སུ་ནི་སྟོབས་བཟངས་དང་སྦྲང་རྩིས་མྱོས་པ་དང་རྒྱལ་བ་དང་རྒྱལ་བ་ཐོབ་པ་ཆུང་མ་དང་བཅས་པ་བྲི་བར་བྱའོ། །རྡོ་རྗེ་སེམས་དཔའ་ལ་སོགས་པ་འདི་དག་ཐམས་ཅད་ཀྱང་རྡོ་རྗེ་ཧཱུྃ་ཟློས་ ཤིང་བྲི་བར་བྱའོ། །སྒོ་ནི་ཐམས་ཅད་ཀྱང་ཆ་བརྒྱད་པར་བྱའོ། །དེ་ལྟར་དཀྱིལ་འཁོར་ལེགས་པར་བྲིས་ནས་ཐ་མ་རྣམས་སྤོས་ཆུས་བྱུགས་ལ་མེ་ཏོག་གི་སིལ་མ་བཀྲམ་སྟེ། བུམ་པ་དང་བུམ་པ་གང་བ་བཞག་ལ་མཆོད་ཡོན་མངོན་པར་བཟླས་པ་བྱས་ནས། རྡོ་རྗེ་ཁུ་ཚུར་གཉིས་ ཀྱི་མཛུབ་མོ་ལྕགས་ཀྱུ་གཉིས་སུ་བྱས་ལ། མཁྲིག་མ་གཉིས་རྡོ་རྗེ་བཅིངས་པ་གཉིས་བསྣོལ་ལ། རྡོ་རྗེ་སེ་གོལ་བརྡབ་པ་བྱས་པས་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་དང་། སངས་རྒྱས་ཐམས་ཅད་བསྡུ་བར་བྱའོ། །དེ་ནས་མྱུར་དུ་ཕྱག་རྒྱ་ཆེ། །རྡོ་རྗེ་སེམས་དཔའི་རྟེན་བྱེད་ཅིང་། ། མཚན་བརྒྱ་རྩ་བརྒྱད་དམ་པ་ཡིན། །ལན་ཅིག་བར་དུ་བརྗོད་པར་བྱ། །དཔལ་མཆོག་དང་པོའི་སེམས་དཔའ་སྟེ། །ཞེས་བྱ་བ་ལ་སོགས་པའོ། །རྡོ་རྗེ་ཅན་ནི་མདུན་གནས་ཏེ། །སེམས་དཔའི་སྐྱིལ་ཀྲུང་གིས་ལེགས་གནས། །བདེ་ཆེན་རྡོ་རྗེ་བཟང་པོ་མཆོག །བདག་པོ་ལན་ གཅིག་ཡང་དག་འགུག །ཡི་གེ་ཧཱུྃ་ཉིད་དང་དང་པོའི་རྡོ་རྗེ་མཉམ་པར་གཞག་པ་དང་བཅས་པ་ཉིད་ཀྱིས། དབུས་མའི་རྡོ་རྗེ་ལྕགས་ཀྱུ་གཉིས་དང་དགུག་པའི་སྦྱོར་བས་སྙིང་པོ་དང་རང་གི་ལྕགས་ཀྱུས་དགུག་པར་བྱའོ། །དེ་ནས་རྡོ་རྗེའི་མཆོད་ཡོན་དབུལ་བར་བྱ་སྟེ། ཡི་གེ་ཧཱུྃ་ཉིད་དང་ རྡོ་རྗེའི་མེ་ཏོག་གི་ཐལ་མོ་ཁ་ཕྱེ་བའི་མཆོད་ཡོན་གྱི་ཕྱག་རྒྱ་བཅོམ་ལྡན་འདས་འཁོར་དང་བཅས་པའི་ཐུགས་ཀའི་ཟླ་བའི་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་བཅིངས་ལ། ཛཿཧཱུྃ་བཾཾ་ཧོཿཞེས་བརྗོད་ལ། ཧཱུྃ་གི་མཐར་བཅོམ་ལྡན་འདས་འཁོར་དང་བཅས་པ་ལེགས་པར་བཞག་ལ་དེ་ཉིད་བརྗོད་ ཅིང་རྡོ་རྗེའི་ལྟ་བས་བལྟས་ལ། ཡི་གེ་ཧཱུྃ་གིས་ལྗགས་ལ་རྡོ་རྗེ་བཟང་པོ་བསྐྱེད་དེ། བཅོམ་ལྡན་འདས་འཁོར་དང་བཅས་པའི་ཐུགས་ཀའི་ཟླ་བའི་དཀྱིལ་འཁོར་ལ་ཡི་གེ་ཧཱུྃ་བཀོད་ལ། ཡི་གེ་ཨ་ལས་རང་གི་སྙིང་གར་སྣ་ཚོགས་རྡོ་རྗེ་བསྐྱེད་ལ་གར་ལས་བྱུང་བ་ནི་ལས་ཀྱི་ཕྱག་རྒྱ་སྟེ། ཐམས་ཅད་ལ་བསྟན་པར་བྱའོ། །བདེ་བའི་ཐུགས་མཆོག་ཀུན་ལ་རྗེས་སུ་ཆགས། །རྡོ་རྗེ་སེམས་ཁྱོད་རབ་ཏུ་བདེ་བའི་མཆོག །བདེ་བ་ཆེན་པོ་བསྟན་ཞིང་མཐོ་བར་མཛོད། །གྲུབ་པར་བྱེད་ཅིང་མྱུར་དུ་འདུད་པར་བགྱི། །ཞེས་བྱ་བའི་རྡོ་རྗེའི་གླུ་ལེན་པ་དང་། བ་དན་གསུམ་པ་རྩེ་ གསུམ་ཅན། །བསྒྱིངས་བཅས་མཐའ་ནས་དགྲོལ་བ་དང་། །མདུན་དུ་བསྐོར་ཞིང་གློག་ལྟར་གདེག །དེ་ནི་རྡོ་རྗེའི་གར་ཞེས་བཤད། །དེ་ནས་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ་གཡོན་པ་དཀུར་བསྟེན་ནས། གཡས་པས་འདེགས་པའི་ཚུལ་གྱིས་སྙིང་གར་འཇོག་པ་ནི་ལས་ཀྱི་ཕྱག་རྒྱའོ། ། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་མདའ་འཕེན་པའི་ཚུལ་དུ་བྱེད་པ་ནི་རྡོ་རྗེ་ཡིད་ལས་བྱུང་བའོ། །རྡོ་རྗེ་ཁུ་ཚུར་གཉིས་པོ་དེ་ཉིད་ཀྱིས་རང་ལ་འཁྱུད་པ་ནི་ཀི་ལི་ཀི་ལའོ། །རྡོ་རྗེ་ཁུ་ཚུར་གཉིས་པོ་དེ་ཉིད་ཀྱིས་རྒྱལ་མཚན་བསྒྲེང་བའི་ཚུལ་དུ་བྱེད་པ་ནི། རྡོ་རྗེ་འདོད་པའི་འོ། །རྡོ་རྗེ་ཁུ་ཚུར་དེ་ཉིད་བཀན་ཏེ་བཞག་ པ་གཉིས་ནི་བཅོམ་ལྡན་འདས་ཀྱི་ལས་ཀྱི་ཕྱག་རྒྱ་གཉིས་ལྟ་བུ་ནི་རྡོ་རྗེ་སྙེམས་པའི་འོ། །རྡོ་རྗེ་ཐལ་མོ་གཉིས་བསྐོར་ལ། སྙིང་གའི་ཕྱོགས་སུ་བྱུག་པ་ལྟར་བྱ་བ་ནི་རྡོ་རྗེ་དགུན་གྱིའོ། །མདུད་པ་བྱས་ནས་སྤྱི་བོར་བཞག་ནས་ཕབ་སྟེ། འཐོར་བ་ལྟར་བྱས་པ་ནི་རྡོ་རྗེ་ སྦྲང་རྩིའོ། །དེ་ཉིད་ཐུར་དུ་ལྡུགས་པ་ལྟར་བྱེད་པ་ནི་རྡོ་རྗེ་སྤྲིན་ནོ། །དེ་ཉིད་ལས་མཐེ་བོ་བསྙམས་ནས་བསྐོར་བ་ནི་རྡོ་རྗེ་སྟོན་གྱིའོ། །དེ་ཉིད་ཤིན་ཏུ་བརྐྱང་ནས་བྱུག་པ་ནི་རྡོ་རྗེ་དགུན་གྱིའོ། །མི་བསྐྱོད་པ་ལ་སོགས་པའི་ས་གནོན་པའི་ཕྱག་རྒྱ་ནི་རྒྱུད་ཕྱི་མ་ལ་བལྟ་བར་བྱའོ། ། རྡོ་རྗེ་མདའ་ནི་རྡོ་རྗེ་སེམས་དཔའི་ལས་ཀྱི་ཕྱག་རྒྱ་ཉིད་དོ། །འཕགས་པ་འཇམ་དཔལ་ལ་སོགས་པ་བྱང་ཆུབ་སེམས་དཔའ་བདུན་གྱི་ཕྱག་རྒྱ་ནི་དེ་རྣམས་ཉིད་ཀྱི་དཀྱིལ་འཁོར་ལས་ཤེས་པར་བྱའོ། །ཕྱི་རོལ་གྱི་མཚམས་རྣམས་སུ་རྡོ་རྗེ་ཐལ་མོ་སྙིང་གར་བསྐོར་བ་ནི་སྒེག་མོའི་ ཕྱག་རྒྱའོ། །དེ་ཉིད་གཡོན་ནས་བསྐོར་ཏེ། སྤྱི་བོར་བཞག་པ་ནི་བཞད་པ་མོའི་ཕྱག་རྒྱའོ། །དེ་ཉིད་ལས་གཡོན་པའི་མཛུབ་མོ་བཀུག་པ་ཡུ་བར་བྱས་ལ་གཡས་པའི་མཛུབ་མོ་བཀུག་པས་པི་ཝང་བརྡུང་བའི་ཚུལ་དུ་བྱེད་པ་ནི་རྡོ་རྗེ་གླུ་མཁན་མའི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་ གཉིས་ཀྱིས་གར་བྱས་ནས་སྤྱི་བོར་རྡོ་རྗེ་ཐལ་མོ་བཅིང་བ་ནི་རྡོ་རྗེ་གར་མཁན་མའི་ཕྱག་རྒྱའོ། །རྡོ་རྗེ་བསྡམས་པ་བསྙེམས་པའི་མཐིལ་ལ་ལྟ་བ་ནི་རྡོ་རྗེ་གཟུགས་ཀྱིའོ། །རྡོ་རྗེ་བསྡམས་པའི་མཛུབ་མོ་གཡོན་པ་ཡུ་བར་བྱས་པ་ལ་མཛུབ་མོ་གཡས་པ་བཀུག་ནས་བརྡུང་བ་ནི་སྒྲའིའོ། ། རྡོ་རྗེ་བསྡམས་པ་བརྐྱང་བས་སྙིང་གར་བྱུག་པ་ནི་དྲིའོ། །རྡོ་རྗེ་བསྡམས་པ་ཉིད་བསྡམས་ནས་བཀན་ལ་རོའི་སྣོད་ལྟར་བྱ་བ་ནི་རོ་རྡོ་རྗེའི་ཕྱག་རྒྱའོ། །དེ་ནས་བཅོམ་ལྡན་འདས་འཁོར་དང་བཅས་པ་རྣམས་སངས་རྒྱས་ཀྱི་རིན་པོ་ཆེའི་དབང་བསྐུར་བས་དབང་བསྐུར་བར་བྱའོ། །མི་བསྐྱོད་པ་ ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་ནི་རྡོ་རྗེ་རིན་པོ་ཆེའི་དབང་བསྐུར་བས་དབང་བསྐུར་བར་བྱའོ། །དེ་ནས་བུམ་པ་གང་བ་དང་མེ་ཏོག་ལ་སོགས་པ་ཅི་སྙེད་པ་རྣམས་ཀྱིས་ཡང་དག་པར་མཆོད་པར་བྱ་བ་སྟེ། དེ་ལ་སོགས་པར་བྱ་བར་བལྟ་བར་བྱའོ། །དེ་ལྟར་དཀྱིལ་འཁོར་ རྫོགས་པར་བྱས་ནས། དེ་ནས་དཀྱིལ་འཁོར་འདིར་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། དེ་ནས་ཞེས་བྱ་བ་ནི་དེའི་རྗེས་ཐོགས་ལའོ། །འདིར་ཞེས་བྱ་བ་ནི་དཀྱིལ་འཁོར་འདིར་རོ། །འཇུག་པ་ལ་སོགས་པའི་ཆོ་ག་ནི་དབབ་པ་དང་དབང་བསྐུར་བ་དང་། སྙིང་པོ་འཛིན་དུ་གཞུག་ པ་རྣམས་ནི་སྩོགས་པ་ཞེས་བྱ་བའི་སྒྲས་སྟོན་ཏོ། །འཇུག་པས་ཅིར་འགྱུར་ཞེ་ན། རྡོ་རྗེ་སེམས་དཔའ་ཉིད་ཀྱི་བར་དུ་ཐོབ་པར་འགྱུར་ཏེ། དེ་ནི་དེ་ལ་དང་པོ་ཉིད་དུ་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །དེ་ལ་དང་པོ་ཉིད་དུ་ཇི་སྐད་དུ་བཤད་པའི་ཆོ་གས་ཞུགས་པའི་སློབ་དཔོན་ནི། རྡོ་རྗེ་སེམས་དཔའི་གཟུགས་སུ་བྱིན་གྱིས་བརླབས་ལ། ཕྱག་བཞི་བྱ་བ་སྔོན་དུ་འགྲོ་བས་སྡོམ་པ་བཟུང་ལ། སྒོར་བཞག་པའི་བུམ་པའི་ཆུ་ཡི་གེ་ཧཱུྃ་སྔོན་པོར་བཟླས་པས་དབང་བསྐུར་ཏེ། གོས་དམར་པོ་ལ་སོགས་པ་བགོའོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་ཆེན་པོའི་སློབ་དཔོན་ཞེས་ བྱ་བ་ནི་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གྱི་སློབ་དཔོན་དུ་བྱིན་གྱིས་བརླབས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དཀྱིལ་འཁོར་ཐམས་ཅད་ཀྱི་སློབ་དཔོན་དང་ཞེས་བྱ་བ་ནི། དེ་བཞིན་གཤེགས་པའི་དཀྱིལ་འཁོར་གྱི་སློབ་དཔོན་ཞེས་བྱ་བའི་དོན་ཏོ། །དམ་ ཚིག་ཐམས་ཅད་ཤེས་པ་དང་ཞེས་བྱ་བ་ནི་རྡོ་རྗེ་རིགས་ཀྱི་སློབ་དཔོན་དུའོ། །ཆོས་ཐམས་ཅད་རིག་པ་དང་ཞེས་བྱ་བ་ནི་པདྨའི་རིགས་ཀྱི་སློབ་དཔོན་དུའོ། །ལས་ཐམས་ཅད་བསྒྲུབ་པ་དང་ཞེས་བྱ་བ་ནི། རིན་པོ་ཆེའི་རིགས་ཀྱི་སློབ་དཔོན་ནོ། །དངོས་གྲུབ་ཐམས་ཅད་གྲུབ་པ་དང་ཞེས་བྱ་ བ་ནི་རྡོ་རྗེ་ཁུ་ཚུར་ལ་སོགས་པའི་དཀྱིལ་འཁོར་གྱི་སློབ་དཔོན་ཉིད་དུ་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་བྱིན་གྱིས་བརླབས་པ་དང་ཞེས་བྱ་བ་ནི་ངེས་པ་ཐམས་ཅད་དང་ལྡན་པར་མཛད་དོ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་དེ་ལྟར་འགྱུར་བ་ དེས་ན་དེ་བཞིན་གཤེགས་པ་དང་། རིན་པོ་ཆེ་དང་། པདྨ་དང་། ལས་ཀྱི་རིགས་ཀྱི་དབང་བསྐུར་བ་ཐམས་ཅད་ཐོབ་པར་འགྱུར་བ་དང་། འདི་ལ་རིགས་ཐམས་ཅད་ཤེས་པ་དང་ལྡན་པ་མངོན་དུ་ཕྱོགས་པར་འགྱུར་རོ། །མཆོད་པ་ཐམས་ཅད་དང་ཞེས་བྱ་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་ དཔའ་རྣམས་དང་ལྷ་དང་བཅས་པའི་འཇིག་རྟེན་གྱིས་མཆོད་པར་འོས་པ་ཞེས་བྱ་བའི་དོན་ཏོ། །བྱིན་གྱིས་བརླབས་པ་ལ་སོགས་པའི་གནས་ཀྱིས་ནི་དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། ལས་ཀྱི་རིགས་རྟོགས་པར་འགྱུར་བར་སྟོན་པ་ ཡིན་ལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་ཐམས་ཅད་ཅེས་བྱ་བ་ལ་སོགས་པས་ནི། རྡོ་རྗེ་ཁུ་ཚུར་གྱི་དཀྱིལ་འཁོར་གྲུབ་པའི་ཡེ་ཤེས་སྟོན་ཏེ། འདིའི་སྙིང་ལ་ཞུགས་ཤིང་དོན་ཡོད་པའི་ཕྱིར་ཞེས་བྱ་བ་ནི་ཐོགས་པ་མེད་པའི་ནུས་པ་དང་ལྡན་པར་འགྱུར་རོ་ ཞེས་བྱ་བའི་དོན་ཏོ། །རྡོ་རྗེའི་ཕྱག་རྒྱ་བཅིངས་ལ་ཞེས་བྱ་བ་ནི་དང་པོའི་རྡོ་རྗེ་ནི་རྡོ་རྗེའི་ཕྱག་རྒྱ་སྟེ། དེའི་མཚན་ཉིད་ནི་འདི་ཡིན་ནོ། །ལྔ་པོ་བསྡུས་པ་བཅིངས་ནས་ནི། །གུང་བསྒྲེང་སྲིན་ལག་ནང་དུ་གཞུག །མཐེ་བོང་མཐེ་ཆུང་བསྙམས་རྡོ་རྗེ། །དེ་ནི་དང་པོའི་རྡོ་རྗེ་མཆོག །ཅེས་བྱ་བའོ། ། རྡོ་རྗེའི་ལྟ་བ་ནི་ཀུན་དུ་ཆགས་ཤིང་རབ་ཏུ་དགའ་བས་མིག་གདངས་པའོ། །སྙིང་པོ་ལན་ཅིག་བརྗོད་ནས་ཞེས་བྱ་བ་ནི་ཡི་གེ་ཧཱུྃ་ངོ་། །བསྒྲུབ་པར་བྱའོ་ཞེས་བྱ་བ་ནི་སྔར་བཤད་པའི་ཚུལ་ཉིད་ཀྱིས་དམ་ཚིག་གི་ཕྱག་རྒྱས་གཞག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་རྣམ་པར་སྒེག་པའི་ ཞེས་བྱ་བ་ལ་སོགས་པ་ནི་རྣམ་པར་སྒེག་པའི་དགའ་བའི་རྡོ་རྗེ་ཞེས་བྱ་བའི་དོན་ཏོ། འདི་ཡང་རྡོ་རྗེ་གར་དང་བཅས་པའི་མཆོད་པས་རྣམ་པར་འགྱུར་ཞིང་འཛུམ་པ་དང་བཅས་པའི་མིག་གིས་འདུད་པའི་ཕྱག་བྱས་པས། རྡོ་རྗེ་སེམས་དཔའ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་རྗེས་ སུ་མཉེས་པར་ཕྱག་བྱའོ། །རྡོ་རྗེ་ཐལ་མོས་རྡོ་རྗེའི་གར་བྱེད་ཅིང་བསྐོར་བས་སྙིང་གར་མེ་ཏོག་ཐོགས་ཏེ་བདག་ཉིད་འཇུག་པར་བྱའོ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་སྦྱོར་བས། བཛྲ་བཛྲ་ཞེས་སྨྲས་ཤིང་། ཡི་གེ་ཧཱུཾ་ཡང་ཟློས་བཞིན་དུ་འཇུག་པར་བྱའོ། །དེ་བཞིན་དུ་འདུག་ནས་བཅོམ་ ལྡན་འདས་བསྒྲུབ་པར་བྱའོ་ཞེས་བྱ་བ་ནི། སེམས་དཔའི་སྐྱིལ་མོ་ཀྲུང་གིས་འདུག་ལ། དེ་བཞིན་དུ་ཕྱག་རྒྱ་ཆེན་པོ་བཅིངས་ལ་ཡི་གེ་ཧཱུཾ་ཟློས་ཤིང་ཇི་སྲིད་བཅོམ་ལྡན་འདས་ཇི་སྐད་དུ་བཤད་པའི་མཚན་མ་སྟོན་པར་མཛད་པ་དེ་སྲིད་ཀྱི་བར་དུ་བྱའོ་ཞེས་བྱ་བའི་དོན་ཏོ། །བྱ་བ་ཐམས་ཅད་ ནི་འདིར་ཡི་གེ་ཧཱུཾ་ཉིད་ཀྱིས་བྱ་བ་ཡིན་ནོ། །རབ་ཏུ་དགའ་བའི་དམ་ཚིག་གི་ཕྱག་རྒྱ་ནི་ལྔ་པོའི་བསྡུས་པའི་ཕྱག་རྒྱའོ། །གང་ཡང་དེ་བཞིན་གཤེགས་པ་ལ་སོགས་པ་ལ། མོས་པ་དེ་རྣམས་ཀྱིས་ཀྱང་རང་གི་དམ་ཚིག་གི་ཕྱག་རྒྱ་རྣམས་དང་། རང་གི་དཀྱིལ་འཁོར་དུ་འཇུག་པའི་ཆོ་ གས་འཇུག་པར་བྱ་ཞིང་དབང་བསྐུར་བ་ལ་སོགས་པའི་ཆོ་ག་རྣམས་ཀྱང་བླང་ཞིང་། ཕྱག་རྒྱ་རྣམས་ཀྱིས་རྒྱས་གདབ་པར་བྱ་སྟེ། ཕྱག་རྒྱ་རྣམས་ནི་རྒྱས་འདེབས་པར་བྱེད་པ་ཡིན་ནོ། །དེ་ཡང་ཅི་སྟེ་ཞེ་ན་གཟུགས་བརྙན་གྱི་ཚུལ་དུ་དེ་བཞིན་གཤེགས་པ་ལ་སོགས་པའི་ཕྱག་རྒྱ་ རྣམས་གདུལ་བྱ་རྣམས་ལ་སྐྱེད་པར་བྱེད་པ་ཡིན་ནོ། །བདེ་བ་ཆེན་པོ་རྡོ་རྗེའི་དམ་ཚིག་ཅེས་བྱ་བ་ནི་བདེ་བ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་བདེ་བ་ཆེན་པོ་སྟེ། ཟག་པ་མེད་པའི་རྒྱུན་དང་ལྡན་པའི་བདེ་བ་དང་། ཡིད་བདེ་བ་ཡིན་ལ། དེའི་རྒྱུ་མཐུན་པ་ལས་འབྱུང་བའི་རྡོ་རྗེ་སེམས་དཔའི་ སྐུ་ལ་རྡོ་རྗེའི་སྒྲར་བཤད་དེ། དཔེར་ན་བདེན་པར་སྨྲ་བ་ལ་བདེན་པར་སྨྲ་བ་པོ་ཞེས་ཟེར་བ་ལྟ་བུའོ། །དེའི་དམ་ཚིག་ནི་དཀྱིལ་འཁོར་རོ། །རྡོ་རྗེ་ཆོས་ཀྱི་ཞེས་བྱ་བ་ལ་སོགས་པ་ལ་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་དང་བྲལ་བའི་སེམས་ཀྱི་གསང་བ་ནི་རྡོ་རྗེ་ཆོས་ཡིན་ལ། དེ་ རྣམས་ཀྱི་མཉམ་པ་ཉིད་ནི་དེ་ཁོ་ན་ཉིད་དེ། དེ་རྒྱུར་གྱུར་པས་སེམས་ཅན་གྱི་ཁམས་མ་ལུས་ཤིང་ལུས་པ་མེད་པར་ཕྱག་རྒྱས་རྒྱས་གདབ་པར་བྱེད་པ་འདི་ནི་དམ་ཚིག་གོ། །རབ་ཏུ་དགའ་བའི་རྡོ་རྗེའི་ཕྱག་རྒྱ་ལྔ་པོ་བསྡུས་པ་བཅིངས་ལ་བྱིན་གྱིས་བརླབ་པར་བྱ་སྟེ་བཟླས་བརྗོད་ བྱའོ་ཞེས་བྱ་བར་སྦྱར་རོ། །རྡོ་རྗེ་བྲི་བའི་ཕྱག་རྒྱ་ནི་འཕགས་པ་རྡོ་རྗེ་དམ་ཚིག་གི་ཕྱག་རྒྱའོ། །ཕྱག་རྒྱ་དགྲོལ་ལ་ཞེས་བྱ་བ་ནི་ངལ་བར་གྱུར་ན། ཕྱག་རྒྱ་དམ་པ་བཅིང་བར་མ་བྱས་པར་ཡང་བཟླས་བརྗོད་བྱའོ་ཞེས་བྱ་བའི་དོན་ཏོ། །དཀྱིལ་འཁོར་དུ་ཞུགས་པ་ཙམ་གྱིས་ཞེས་བྱ་བ་ ནི་སྔོན་དུ་བསྙེན་པ་མེད་པར་ཏེ། རིམ་པ་འདི་ནི་ཡེ་ཤེས་བབས་པར་གྱུར་པ་ཡིན་ནོ། །གཞན་དག་གི་ནི་མཚན་མ་ཐོབ་པར་གྱུར་པས་ན། ལས་རྣམས་འགྲུབ་པར་འགྱུར་བ་ཡིན་ནོ། །འདོད་ཆགས་ལ་སོགས་པའི་བདེ་བ་ཐམས་ཅད་ཕུལ་བས་སོ་ཞེས་བྱ་བ་ལ་འདོད་ཆགས་ཐོག་མར་ བྱས་པའི་བདེ་བ་ཐམས་ཅད་གང་ཡིན་པ་དེ་ནི་འདོད་ཆགས་ལ་སོགས་པའི་བདེ་བ་སྟེ། འདིར་འདོད་ཆགས་ལ་སོགས་པའི་སྒྲས་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་སྟོན་ཏོ། འདོད་ཆགས་དམ་ཚིག་ཡིན་པར་བཤད། །ཆོས་ཀྱི་འདོད་པ་ཡིད་དུ་འོང་། ། ཞེས་རྒྱུད་ཕྱི་མའི་ལས་སྟོན་པའི་ཕྱིར་རོ། །དེ་ཡང་རྡོ་རྗེ་སེམས་དཔའ་ལ་སོགས་པ་བསྒོམས་པས་དུབ་པར་གྱུར་ན། ཕྱག་བཞི་ཡང་དང་ཡང་དུ་བྱས་པས་ངལ་བ་བསལ་བ་ནི་བདེ་བ་ཐམས་ཅད་ཕུལ་བ་སྟེ། ཕྱག་བཞིའི་མཆོད་པ་ཕུལ་བས་གྲུབ་པར་འགྱུར་རོ་ཞེས་གསུངས་ པའི་ཕྱིར་རོ། །དེ་ཡང་འདི་ནི་རང་གི་སེམས་བརྟན་པར་བྱ་བ་ཡིན་ཏེ། དེ་ལྟ་བུས་ནི་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱས་པར་འགྱུར་རོ། །དེ་སྐད་དུ། དེའི་རྗེས་སུ། སྒྲུབ་པའི་སྦྱོར་བས་རྗེས་མཉེས་པ། །རྡོ་རྗེ་སེམས་དཔའ་ཉིད་ནི་ཡིན་པར་བཤད། །ཅེས་བཤད་ པའམ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་བསྒོམ་པས་བདེ་བར་གྱུར་ན། བདེ་བ་འདིས་སེམས་ཅན་ཐམས་ཅད་བདེ་བར་གྱུར་ཅིག་ཅེས་བྱ་བ་ནི་ཕུལ་བ་ཡིན་ནོ། །རྡོ་རྗེ་སེམས་དཔའ་དང་འཁྱུད་ཅིང་འོ་བྱེད་པས་སོ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་མདུན་དུ་བཞུགས་སུ་གསོལ་ཏེ་བཅིངས་ ལ། འཁྱུད་ཅིང་འོ་བྱའོ། །འཁྱུད་པ་དང་འོ་བྱེད་པ་ལ་སོགས་པའི་ཕྱག་རྒྱ་ནི། འདི་ཉིད་ཀྱི་འོག་ནས་འཆད་དོ། །ཡང་ན་ཁམས་གསུམ་རྣམ་པར་རྒྱལ་བའི་མཆོག་ལས་བཏུས་པའི་བཟླས་པའི་རྣམ་པ་ཡིན་པར་བསྟན་ཏེ། གཟུགས་དེ་ལ་ནི་བཞུགས་བཞིན་ནམ་ཞེས་བཤད་པའི་ ཕྱིར་རོ། །བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པས། དེ་བསམ་པས་ཡི་གེ་ཧཱུྃ་ཉིད་དཔག་ཏུ་མེད་པར་བཟླས་པས་བྱང་ཆུབ་སེམས་དཔའ་ཐམས་ཅད་རྗེས་སུ་མཉེས་པར་བྱས་པར་འགྱུར་རོ། །རྡོ་རྗེ་ཐམས་ཅད་ནི་རྡོ་རྗེ་ཡིད་ལས་བྱུང་བ་ལ་སོགས་པ་སྟེ། དེ་རྣམས་ ཀྱིས་ནི་ཨོཾ་ན་མོ་བྷ་བ་བཛྲ་ཞེས་བྱ་བ་ལ་སོགས་པ་རང་གི་སྙིང་པོ་བཟླས་པས་ནང་གི་དབང་དུ་གྱུར་པ་ཉིད་དུ་བྱས་པ་ནི་རྗེས་སུ་མཉེས་པར་བྱས་པར་འགྱུར་རོ། །ལྷ་ཞེས་བྱ་བ་ལ་སོགས་པ་ལ། བརྒྱ་བྱིན་ལ་སོགས་པའི་གཟུགས་བརྙན་གྱི་མདུན་དུ་དེ་རྗེས་སུ་ཆགས་པར་བྱ་བའི་ བསམ་པས་ཡི་གེ་ཧཱུྃ་བཟླས་བརྗོད་འབུམ་བྱས་ན། དེ་ནས་དེ་རྗེས་སུ་ཆགས་པས་བདག་ཉིད་ཀྱི་ཐམས་ཅད་ཉེ་བར་སྟོབས་པར་འགྱུར་རོ། །གནོད་སྦྱིན་མོ་ལ་སོགས་པ་ཡང་ཆུང་མ་ལ་སོགས་པའི་གཟུགས་ཀྱིས་བདག་ཉིད་སྟོབས་པར་བྱེད་དོ། །བདག་བསྲུང་བ་ལ་ནི་ ཡུངས་ཀར་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པའི་གཟུགས་སུ་བསྐྱེད་ལ་རང་གི་སྤྱི་བོར་བཞག་ལ། རྡོ་རྗེ་འབར་བའི་ནང་དུ་བདག་ཉིད་ཚུད་པར་བསམས་ན་བདག་ཉིད་བསྲུང་བར་བྱས་པར་འགྱུར་རོ། །གཞན་བསྲུང་བ་ནི་གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་རྡོ་རྗེ་རྩེ་ལྔ་པ་བླངས་ལ། ཕ་རོལ་གྱི་ཡན་ ལག་དང་ཉིང་ལག་ཐམས་ཅད་དུ་རྡོ་རྗེར་བྱ་བའི་བསམ་པས་ཧཱུྃ་ཟློས་ཤིང་རྡོ་རྗེ་བསྐོར་བས་བྱ་སྟེ། དེ་ལྟ་བུས་ནི་གཞན་བསྲུང་བར་འགྱུར་རོ། །འོན་ཏེ་སྐྱེ་བོའི་ཚོགས་ཆེན་པོ་སྲུང་བར་བྱེད་པར་འདོད་པ་དེས། ཡིད་ཀྱི་རྡོ་རྗེ་བསམས་ལ། དེ་རྣམས་ཀྱི་ཡན་ལག་དང་ཉིང་ལག་ རྣམས་སུ་དེ་བཞིན་དུ་བསྐོར་ཞིང་ཕུར་བུ་དང་མཚམས་དང་། དཀྱིལ་འཁོར་གྱི་ར་བ་ལ་སོགས་པའི་ཚུལ་དུ་བྱས་པས་བསྲུང་བར་བྱའོ། །དེ་བཞིན་དུ་མིག་གཉིས་སུ་ཡི་གེ་ཧཱུྃ་ལས་རྡོ་རྗེ་བསྐྱེད་ལ། སྔ་མ་བཞིན་དུ་མཚམས་ལ་སོགས་པ་བཅིང་བར་བྱའོ། །དེ་བཞིན་དུ་རེངས་ པར་བྱ་བ་ལ་ནི་སེང་གེ་ལ་སོགས་པའི་མདུན་དུ་རྡོ་རྗེ་སེམས་དཔའ་བསམ་པར་བྱའོ། །རྨུགས་པར་བྱ་བ་ལ་ནི་བསྒྲུབ་པར་བྱ་བའི་ལྕེ་གཟུང་བའི་ཚུལ་གྱིས། རྡོ་རྗེ་བསྡམས་པས་རྡོ་རྗེ་བཟུང་ལ་དེ་བཅིང་བའི་ཚུལ་དུ་བྱས་ན་དེ་ལྐུགས་པར་འགྱུར་ཏེ། ཚིག་འཕྲོག་པར་འགྱུར་རོ་ ཞེས་བྱ་བའི་དོན་ཏོ། །རྨོངས་པར་བྱ་བ་ལ་ནི་བསྒྲུབ་པར་བྱ་བ་དང་གཅིག་ཏུ་བྱས་ལ་མིག་བཙུམས་ཏེ་བཟླས་པ་བྱའོ། །ཐམས་ཅད་བསད་པ་ལ་ནི་ལག་པ་གཡས་དང་གཡོན་པ་ལ་ཡང་ཧཱུྃ་ལས་རྡོ་རྗེ་བསྐྱེད་ལ། ལག་པ་གཡོན་པའི་རྡོ་རྗེ་ལ་བསྒྲུབ་པར་བྱ་བའི་མིང་བློས་བསམས་ ཏེ། ལག་པ་གཡས་པའི་རྡོ་རྗེས་བསྣུན་ན་ཐམས་ཅད་གསོད་པར་འགྱུར་རོ། །སེམས་ཅན་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་དེ་རྣམས་རྒྱས་གདབ་པ་ལ་ནི། ཕྱག་ན་རྡོ་རྗེས་བཅོམ་ལ། དབང་པོ་ཉི་མ་གཞན་གྱི་དབང་དུ་འགྱུར་ཏེ། ཇི་ལྟར་དེས་མཐོང་དུ་ཟིན་ཀྱང་ཅི་ཡང་མི་དྲན་ པ་དང་། དེ་བཞིན་དུ་རྣ་བ་ལ་སོགས་པས་ཀྱང་མི་ཐོས་པ་དང་། དྲི་མི་ཚོར་བ་དང་། རོ་མི་ཚོར་བ་དང་། རེག་པ་མྱོང་བར་མི་འགྱུར་བ་དང་། སེམས་ཀྱིས་ཀྱང་ཅི་ཡང་ཤེས་པར་མི་འགྱུར་རོ། །དེ་གང་གིས་འགྱུར་ཞེ་ན། རྡོ་རྗེ་མཁའ་འགྲོ་མའི་ཕྱག་རྒྱས་སོ་ཞེས་ བྱ་བ་གསུངས་ཏེ། མདའ་འཛིན་མའི་ལས་ཀྱི་ཕྱག་རྒྱས་སོ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་དེ་ནི་རྡོ་རྗེ་མེ་ལྟར་རབ་ཏུ་འབར་བའི་དཀྱིལ་འཁོར་རྒྱས་འདེབས་པའི་ལས་ཅན་ཡིན་པར་བསྟན་པའི་ཕྱིར་རོ། །འདི་ཡང་ཁྲོ་བོ་ཆེན་པོའི་ཁུ་ཚུར་གཉིས་ཀྱིས་གར་བྱས་ལ། བསྟོད་པ་དང་ བཅས་པ་ཉིད་ཀྱིས་མདའ་འཕེན་པའི་ཚུལ་ཡིན་ནོ། །སྙིང་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་ལྷའི་སྦྱོར་བས་བསྒྲུབ་པར་བྱ་བའི་ལུས་ལ། ཡིད་ཀྱིས་ཞུགས་ལ། སྙིང་གི་པདྨ་དང་། མིག་ལ་སོགས་པའི་དབང་པོ་དྲངས་ལ། དེ་རང་གི་ལག་གིས་བཏོན་ཏེ། དེ་རང་གི་སྙིང་ གར་བཞག་ནས་གཅིག་ཏུ་འདྲེས་པར་གྱུར་པར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་སྙིང་ཐམས་ཅད་འདྲེན་ཅིང་འབྱིན་པར་འགྱུར་རོ། །སེམས་ཅན་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། བདག་ཉིད་རྡོ་རྗེ་གནོད་སྦྱིན་གྱི་གཟུགས་ནམ་མཁའི་ཁམས་ཐམས་ཅད་ཁྱབ་པར་བསམས་ལ། སྤྲིན་ལ་སོགས་པའི་བགེགས་ཐམས་ཅད་ཁར་བཅུག་ནས། བསྙེམས་པ་དང་བཅས་པས་ཧཱུྃ་བཟླས་པར་བྱའོ། །ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་མྱུར་ཞིང་མྱུར་བ་ཉིད་དུ་གར་ལས་བྱུང་བའི་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་བཅིངས་ལ་ཁ་ཕྱེ་སྟེ། དེ་ཉིད་ཞལ་ཤིན་ཏུ་འཇིགས་པ་དང་ དབུ་སྐྲ་གྱེན་དུ་བརྫེས་པ། དབུ་འོག་ནས་བསྟོད་པའི་ཚུལ་གྱིས་བྷྱོ་ཞེས་བྱ་བ་བརྗོད་པར་བྱ་སྟེ། དེ་ལྟ་བུ་ནི་རྡོ་རྗེ་འཇིགས་བྱེད་ཀྱི་ཕྱག་རྒྱ་ཡིན་ནོ། །ནོར་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། དོང་རྩེ་དགུག་པ་ལ་སོགས་པའི་ཚུལ་གྱིས་བཟླས་བརྗོད་བྱ་བ་ནི། ནོར་ཐམས་ཅད་འགུགས་ པ་ཡིན་ནོ། །ནོར་དང་འབྲུ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ཧཱུྃ་ལས་བྱུང་བའི་ལག་པ་གཡས་པའི་མཛུབ་མོའི་རྩེ་མོ་དེ་དང་། གཡོན་པའི་ཧཱུྃ་གི་གཞུ་རྒྱུད་འདྲེན་པའི་ཚུལ་ནི་རྡོ་རྗེ་རྣལ་འབྱོར་མའི་ཕྱག་རྒྱ་སྟེ། རྡོ་རྗེ་མེ་ལྟར་རབ་ཏུ་འབར་བའི་ཕྱིའི་དཀྱིལ་འཁོར་དུ་འདིས་ནོར་དང་འབྲུ་ ཐམས་ཅད་འགུགས་པ་ཡིན་ནོ། །ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་སྒྲའི་ཕྱག་རྒྱ་བཅིངས་ལ། རང་གི་མདུན་དུ་ཧཱུྃ་གི་གླུ་བྱས་པ་དེ་དབང་དུ་འགྱུར་རོ། །རྡོ་རྗེ་ཡིད་ལས་བྱུང་བའི་ལས་ཀྱི་ཕྱག་རྒྱ་ནི་རྡོ་རྗེ་མདའི་ཕྱག་རྒྱ་སྟེ། འདིས་ནི་ཐམས་ཅད་འབིགས་པ་དང་། རྗེས་ སུ་ཆགས་པར་འགྱུར་རོ། །ཀི་ལི་ཀི་ལའི་ལས་ཀྱི་ཕྱག་རྒྱས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་འཁྱུད་པས་ནི་ཐམས་ཅད་མཉེས་པར་འགྱུར་རོ། །གནོད་སྦྱིན་མའི་གཟུགས་བརྙན་ལ་སོགས་པ་ལ་ཡང་འཁྱུད་ནས་བསྒྲུབ་པར་བྱའོ། །སྡུག་པའི་བཅིང་བ་ བསྟན་པ་ལ་ནི་རྡོ་རྗེ་སྡུག་པའི་ཕྱག་རྒྱས་སྙིང་བཙིར་བར་བྱའོ། །རྡོ་རྗེ་སྙེམས་པ་ལ་ནི་རྡོ་རྗེ་སྙེམས་པའི་ལས་ཀྱི་ཕྱག་རྒྱས་མ་རུངས་པ་རྣམས་རབ་ཏུ་བསྒྲུབ་པར་བྱའོ། །འབར་བའི་ལྟ་བ་གཉིས་ཀྱིས་དབྲོག་པ་ལ་ནི་ལྟ་བས་དབྲོག་པའོ། །རྡོ་རྗེ་ཁུ་ཚུར་སྙིང་གར་བཞག་པ་ནི་གོས་ ལའོ། །སྣང་བར་བྱ་བ་ལ་ནི་རྡོ་རྗེ་ཐོགས་ལ་རྩེ་མོ་འབར་བ་འཕྲོ་བའི་ཚུལ་གྱིས་བསྐོར་བ་བྱ་བ་ཡིན་ནོ། །ལུས་བདེ་བར་བྱ་བ་ལ་ནི་རྡོ་རྗེ་བསྡམས་པས་རང་གི་མཚན་མ་བཟུང་ནས་བཟླས་བརྗོད་བྱ་སྟེ། འདི་ནི་བཅོམ་ལྡན་འདས་ཀྱིས་གཡོགས་ཏེ་བྱ་བ་ཡིན་ནོ་ཞེས་གསུངས་པ་ཡིན་ ནོ། །རྡོ་རྗེ་མཆོག་གི་གཟུགས་ཀྱི་ཕྱག་རྒྱ་ནི་གར་ལས་བྱུང་བའི་རྡོ་རྗེ་བསྡམས་པ་བཅིངས་ལ་གུང་མོ་གཉིས་མཛུབ་མོས་འཁྱུད་དེ། མཐེ་བོང་གཉིས་ཀྱི་མཛུབ་མོའི་རྩེ་མོ་སྦྱོར། མཐེའུ་ཆུང་གཉིས་ཀྱང་སྦྱར་བར་བྱ་བ་འདི་ནི་རྡོ་རྗེའི་གཟུགས་ཀྱི་མཆོག་སྟེ། འདི་བཅིངས་ལ་རྡོ་རྗེ་ ཡིད་ལས་བྱུང་བར་ལྷག་པར་མོས་པས་ཐམས་ཅད་དུ་གཟུགས་སུ་སྣང་བར་བྱའོ། །སྒྲ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གར་ལས་བྱུང་བའི་རྡོ་རྗེ་བསྡམས་པ་ལས་གཡོན་པའི་མཛུབ་མོའི་རྩེ་མོ་བཀུག་པ་ནི་ཡུ་བ་ཡིན་ལ་གཡས་པའི་མཛུབ་མོས་དེ་ལ་བརྡུང་བ་སྟེ། འདིར་ སྒྲ་ཐམས་ཅད་ཐོས་པར་བྱའོ། །གར་ལས་བྱུང་བའི་རྡོ་རྗེའི་ལག་མཐིལ་མཉེད་ཅིང་དབུགས་འབྱིན་པ་དང་བཅས་པའི་ཧཱུྃ་གི་གླུས་དྲི་ཞིམ་པོ་ཚོར་བར་བྱའོ། །རྡོ་རྗེ་བསྡམས་པས་བཟུང་ལ་མངོན་པར་འདོད་པའི་གནས་སུ་བཞག་པ་ནི་རྡོ་རྗེ་སྤོ་བར་བྱའོ། །ལག་པ་གཉིས་ཀྱིས་སེ་ གོལ་བརྡེབས་ཤིང་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སྐུ་མདོག་དམར་པོས་བསྒྲུབ་པར་བྱ་བ་ཀུན་དུ་གང་བར་བསམས་ལ། ཡི་གེ་ཧཱུྃ་གིས་གླུ་ལེན་པར་བྱེད་པ་ནི་དབབ་པའོ། །གར་བྱེད་དུ་འཇུག་པ་ལ་ནི་ལྷའི་སྦྱོར་བས་བསྒྲུབ་པར་བྱ་བའི་ལུས་ལ་ཡིད་ཀྱིས་ ཞུགས་ཏེ་རང་ཉིད་གར་བྱེད་ཅིང་བཟླས་པ་བྱའོ། །ཐམས་ཅད་གླུ་ལེན་དུ་གཞུག་པ་ལ་ནི་དེ་བཞིན་དུ་བསྒྲུབ་པར་བྱ་བའི་ལུས་ལ་ཡི་གེ་ཧཱུྃ་ལས་རང་གི་ལྕེ་ལས་རྡོ་རྗེ་བསྐྱེད་དེ་གླུ་ལེན་དུ་གཞུག་པའི་བསམས་པས་ལྕེ་བསྐྱོད་ཅིང་ཧཱུྃ་གི་བཟླས་བརྗོད་བྱའོ། །སྨྲར་གཞུག་པ་ལ་ནི་དྲི་ཆབ་ ཀྱིས་རྡུལ་ཕྲ་རབ་ཡི་གེ་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པའི་འབར་བའི་ངོ་བོ་ཉིད་དུ་བསྐྱེད་ལ། ཧཱུྃ་དེ་ཉིད་ཡོངས་སུ་བཟླས་ལ། གདོན་ལ་སོགས་པས་ཟིན་པ་རྣམས་ཆུ་དེ་འཐུང་དུ་བཅུག་ན་ཐམས་ཅད་སྨྲ་བར་འགྱུར་རོ། །བབས་ནས་ལན་སྟོན་པ་ལ་ནི་རྡོ་རྗེ་དབབ་པ་ལས་རྡོ་རྗེ་བཅིངས་པའི་རང་གི་ སྲིན་ལག་དང་མཐེའུ་ཆུང་གི་བར་དུ་མཐེ་བོང་བཅུག་ལ་བསྐྱོད་པ་འདི་དང་། ཡི་གེ་ཧཱུྃ་གི་བཟླས་པས་ཐམས་ཅད་བབས་ནས་ལན་སྟོན་པ་ལ་ནི་སྦྱོར་རོ། །གདོན་ཐམས་ཅད་ལས་ཐར་བར་བྱ་བ་ལ་ནི། གཾ་ལས་བྱུང་བའི་བ་དན་གསུམ་པ་གཉིས་བྱས་ལ། མཐེའུ་ཆུང་གཉིས་གཤིབས་ ཏེ། མཛུབ་མོ་གཉིས་རྡོ་རྗེར་བྱ། གུང་མོ་གཉིས་མདུད་དེ་བཟློག་ནས་དབང་བསྐུར་བའི་གནས་སུ་མཛུབ་མོའི་རྩེ་མོ་གཉིས་སྦྱར་ལ་བཞག་ནས་འདི་དང་ཡི་གེ་མུས་གདོན་ཐམས་ཅད་ལས་ཐར་བར་བྱའོ། །གདོན་ཐམས་ཅད་འཛིན་དུ་གཞུག་པ་ལ་ནི་ཚོགས་ཀྱི་བདག་པོ་བཀུག་སྟེ། དེའི་མདུན་དུ་རང་གིས་རྡོ་རྗེ་གསོར་ཞིང་ཧཱུྃ་ཞེས་བྱ་བ་བཟླས་ལ། ཆེ་གེ་མོ་གདོན་གྱིས་འཛིན་དུ་ཆུག་ཤིག་ཅེས་བསྐུལ་བར་བྱའོ། །རིམས་ཐམས་ཅད་འཛིན་དུ་གཞུག་པ་ལ་ནི་རྡོ་རྗེ་བསྡམས་པ་བརྐྱང་ལ་སྙིང་གར་འདར་བར་བྱ་ཞིང་རྡོ་རྗེ་རིམས་ཀྱི་གདོན་གྱིས་འཛིན་དུ་གཞུག་པ་ནི་རིམས་ ཐམས་ཅད་འཛིན་དུ་གཞུག་པ་སྟེ། རྡོ་རྗེ་བཅིང་བས་ནམ་མཁའ་ལས་རིམས་བླངས་ཏེ་བསྒྲུབ་པར་བྱ་བའི་སྙིང་པོ་ལ་བཅུག་པ་ནི་འཛིན་དུ་གཞུག་པའོ། །རིམས་ཐམས་ཅད་བསལ་བ་ལ་ནི་རྡོ་རྗེ་ལྟ་བས་བྱ་བ་ཅིང་རིམས་ཐམས་ཅད་བསལ་བར་བྱ་བའོ། །སྦྱར་བ་ལ་ནི་ཁྲོས་པས་མིག་མི་འཛུམས་ པར་ལྟ་བས་བལྟ་བར་བྱ་བ་ནི་རྡོ་རྗེ་ལྟ་བའི་དུག་གི་ཕྱག་རྒྱའོ། །བྱ་བ་པ་ནི་གོ་སླའོ། །དུག་ཐམས་ཅད་བཟའ་བ་ལ་ནི་དང་པོའི་རྡོ་རྗེའི་མཛུབ་མོ་གཉིས་སྦྱར་ལ་རྐང་པའི་སོར་མོ་སྒྱུར་བར་བྱེད་ཅིང་། དུག་གི་སྟེང་དུ་བཞག་ལ། ཡི་གེ་ཧཱུྃ་གིས་བདུད་རྩིས་དུག་བདུད་རྩིར་གྱུར་པར་བསམ་པ་ནི། རྡོ་རྗེའི་བདུད་རྩི་སྟེ། འདིས་དུག་ཐམས་ཅད་བཟའ་བར་བྱའོ། །བདུད་ལ་སོགས་པ་ཞེས་བྱ་བ་ལ་བགེགས་ཐམས་ཅད་བསྐྲད་ཅིང་གཞིག་པ་ལ་ནི་འཁྲུགས་པས་དཔག་ཏུ་མེད་པར་བཟླས་པ་བྱས་ཏེ། མ་རུངས་པ་ཐམས་ཅད་བསད་པ་ལ་སོགས་པ་ནི་བརླག་པའོ། །མཁའ་འགྲོ་ མ་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་བསྙེམས་པས་རྡོ་རྗེ་གསོར་ཞིང་རྡོ་རྗེ་འབར་བས་མཁའ་འགྲོ་མའི་གདོན་རྣམས་བསྲེག་པར་གྱུར་པར་བསམ་ཞིང་ཧཱུྃ་ཞེས་བྱ་བ་བརྗོད་ན་མཁའ་འགྲོ་མའི་གདོན་ཐམས་ཅད་ལས་གྲོལ་བར་འགྱུར་རོ། །ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་ཁུ་ ཚུར་གཉིས་རྡོ་རྗེ་འཕེན་པའི་ཚུལ་དུ་འཕངས་ན་གདོན་ཐམས་ཅད་ལ་སོགས་པའི་ཕྱག་རྒྱ་རྣམས་འཇིག་པར་འགྱུར་རོ། །མཁའ་འགྲོ་མ་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་ཧཱུྃ་མཛད་ཀྱི་ཕྱག་རྒྱས་གཡོན་པའི་མཛུབ་མོ་ཐད་ཀར་ཕྲེད་དུ་བཞག་སྟེ། གཡས་པའི་མཐེའུ་ཆུང་བརྐྱང་ལ། ཕྱག་རྒྱ་སྟེང་དུ་བཏེག་ནས་བཞག་པ་འདི་ནི་རྡོ་རྗེ་ཁ་ཊྭཱཾ་གའི་ཕྱག་རྒྱའོ། །མ་མོ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་ལ་ཁྲོས་པས་རྡོ་རྗེ་ཁྲོ་བོའི་ཁུ་ཚུར་གྱིས་ལྟུང་བར་བྱེད་པའི་ཚུལ་དུ་སྡིགས་མཛུབ་བྱེད་ཅིང་ཧཱུྃ་ཕཊ་ཟློས་པ་འདི་ནི། རྡོ་རྗེ་ཁྲོ་བོའི་ཕཊ་ཀྱི་ཁྲོ་བོ་སྟོང་གི་ཕྱག་རྒྱ་སྟེ། འཇིག་ རྟེན་དང་འཇིག་རྟེན་ལས་འདས་པའི་རྡོ་རྗེར་བཤད་དོ། །མ་མོའི་གནས་སུ་ཁྲོས་པར་རྡོ་རྗེ་གསོར་ཞིང་བཟླས་བརྗོད་འབུམ་བྱས་ན་མཁའ་འགྲོ་མ་ཐམས་ཅད་དབང་དུ་གྱུར་ནས་ཅི་བགྱི་ཞེས་བྱ་བའི་མངག་གཞུག་མར་འགྱུར་རོ། །ཁྲོས་པས་ཧ་ཧ་ཧ་ཧ་ཧཱུྃ་ཞེས་ཟློས་ཤིང་རྡོ་རྗེ་ཁུ་ཚུར་གཉིས་ བཟློག་སྟེ། ཁའི་གྲྭར་བཞག་པ་འདི་ནི་རྡོ་རྗེ་དྲག་པོའི་ཧ་ཧ་ཞེས་བྱ་བའི་གད་རྒྱངས་སོ། །གཞན་གྱི་དཔུང་ཐམས་ཅད་གཞོམ་པ་ལ་ནི་ལག་པ་གཡས་པར་ཡི་གེ་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ་འབར་བའི་ཕྲེང་བ་ཀུན་དུ་རྣམ་པར་བསམས་ལ་ལག་པ་དེ་ཉིད་ཀྱིས་རྡོ་རྗེ་ཁུ་ཚུར་བཅིངས་ལ་མངོན་པར་བཟླས་ ཏེ། བསྐལ་པའི་མེ་ལྟར་འབར་བའི་ཁུ་ཚུར་དེ་ཉིད་ཀྱིས་ཡང་དང་ཡང་དུ་འཕང་བར་བྱའོ། །རབ་ཏུ་དགའ་བའི་རྡོ་རྗེའི་ཕྱག་རྒྱ་བཅིངས་ལ་སྲིན་ལག་དང་མཐེའུ་ཆུང་བསྙམས་ལ་ཕྱེ་སྟེ་བརྐྱང་ནས། བ་དན་གྱི་རྩེ་མོ་ལྟ་བུར་བྱས་ལ་གྱེན་དུ་བསྒྲེང་བ་དེ་ནི་རྡོ་རྗེ་རྒྱལ་མཚན་ གྱི་ཕྱག་རྒྱ་སྟེ། འཐབ་པ་ཐམས་ཅད་ལས་ཐར་བར་བྱེད་པའོ། །རྡོ་རྗེ་བསྡམས་པ་བཅིངས་ལ་འཕེན་པ་འཕང་བ་འདི་ནི་རྡོ་རྗེ་འཇིགས་བྱེད་དོ། །ལྕགས་སྒྲོག་དང་འཁྲུལ་འཁོར་ཐམས་ཅད་དགྲོལ་བ་ལ་ནི་རྡོ་རྗེ་ཧཱུྃ་མཛད་ཀྱི་ཕྱག་རྒྱ་རྡོ་རྗེ་གར་ལས་བྱུང་བ་འཕང་བས་ཏེ། འདི་ནི་ཁབ་ ལོང་ངོ་། །དང་པོའི་རྡོ་རྗེའི་ཕྱག་རྒྱ་བཅིངས་ལ་མཐེ་བོང་དང་མཐེའུ་ཆུང་གི་རྩེ་མོ་བཞི་ལས་མེ་སྟག་རྣམ་པར་འཕྲོ་བའི་ཚུལ་དུ་བྱ་བ་འདི་ནི་རྡོ་རྗེ་མེ་ཤེལ་ལོ། །དེ་བཞིན་གཤེགས་པའི་སྐུའི་མཆོག་གི་ཕྱག་རྒྱ་བཅིངས་ལ་སྙིང་གར་བཞག་པ་ལ་ཁྲོ་བའི་ལྟ་བས་བལྟ་བ་ནི་ཆུ་མེད་པར་ཆུ་ཡང་ དག་པར་བསྐྱེད་པ་སྟེ། འདི་ནི་རྡོ་རྗེ་ཆུ་ཤེལ་ལོ། །རྡོ་རྗེ་བསྡམས་པ་ལས་མཐེ་བོང་གཡས་པ་བསྒྲེང་ལ་གཡོན་པའི་མཛུབ་མོ་ལྕགས་ཀྱུར་བྱ་བ་ནི་པྲ་སེ་ན་ཐམས་ཅད་དབབ་པའོ། །ལག་ངར་རྡོ་རྗེར་མཉམ་བཞག་སྟེ། །མཐེའུ་ཆུང་གཉིས་ནི་ལྕགས་ཀྱུར་བཅིངས། །མཛུབ་མོ་གཉིས་ནི་ སྡིགས་མཛུབ་བསྒྲེང་། །ཁམས་གསུམ་རྣམ་རྒྱལ་ཞེས་བྱའོ། །ཞེས་བྱ་བ་འདི་ནི་རྡོ་རྗེ་ཁུ་ཚུར་ལས་བྱུང་བ་ཡིན་ཏེ། རྡོ་རྗེ་ཧཱུཾ་མཛད་འདིས་ལན་གློན་པ་ཐམས་ཅད་སྟོན་པ་ཡིན་ནོ། །དང་པོ་རྡོ་རྗེའི་ཕྱག་རྒྱ་བཅིངས་ལ་ནམ་མཁའི་རྡོ་རྗེ་སེམས་དཔའ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ ཆེན་པོ་བསྐྱེད་པའི་ཚུལ་དུ་བྱ་བ་ནི་རྫུ་འཕྲུལ་ཐམས་ཅད་བསྟན་པའོ། །ཏིང་ངེ་འཛིན་གྱི་མཆོག་ནི་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པའི་ཏིང་ངེ་འཛིན་གྱི་ཕྱག་རྒྱ་སྟེ། དེས་ཆོ་འཕྲུལ་ཐམས་ཅད་བསྟན་པར་བྱའོ། །རྫུ་འཕྲུལ་དང་ཆོ་འཕྲུལ་དག་གི་ཁྱད་པར་ནི་ནམ་མཁའ་ལ་འགྲོ་བ་ནི་རྫུ་ འཕྲུལ་ལོ། །འོད་ཟེར་རབ་ཏུ་འགྱེད་པ་ལ་སོགས་པ་ནི་ཆོ་འཕྲུལ་ཡིན་ནོ། །རྡོ་རྗེ་ཁུ་ཚུར་གཉིས་གློག་འགྱུ་བ་འདེབས་པའི་ཚུལ་དུ་ནམ་མཁའ་ལ་བསྐོར་བར་བྱ་བ་འདི་ནི་རྡོ་རྗེ་རྫུ་འཕྲུལ་རྣམ་པར་འཕྲུལ་པའོ། །རྡོ་རྗེ་ཁུ་ཚུར་གྱི་མཛུབ་མོ་གཉིས་ལྕགས་ཀྱུར་བྱས་ལ་གཅིག་ལ་གཅིག་ མདུད་པ་བྱས་ལ་གཅུ་ཞིང་གཅུ་བར་བྱ་བ་འདི་ནི་ལྷ་ཐམས་ཅད་དབབ་པར་བྱེད་པའི་རྡོ་རྗེ་སྐོར་བར་བྱེད་པའི་ཕྱག་རྒྱའོ། །ཀླུའི་གཟུགས་བརྙན་བྱས་ལ་ཀླུ་ཡོད་པའི་མཚོར་ཞུགས་ཏེ། ཀླུ་དེ་ཉིད་གཡོན་བརྐྱང་བས་མནན་ལ་བཟླས་བརྗོད་བྱས་ན་རྗེས་སུ་འབྲང་བར་འགྱུར་རོ། །རྡོ་རྗེ་ བཀའ་བསྒོ་བ་ནི་རྡོ་རྗེ་ཁུ་ཚུར་གཉིས་ཀྱི་ལུང་བསྒོ་བར་བྱེད་པའོ། །ལྷ་ཆེན་པོ་གཡོན་བརྐྱང་བའི་གནས་པས་མནན་ལ་ཁྲོས་པས་བཟླས་བརྗོད་བྱས་ན་འབྱུང་པོ་ཐམས་ཅད་འདུལ་བ་ཡིན་ནོ། །དང་པོའི་རྡོ་རྗེའི་ཕྱག་རྒྱ་བཅིངས་ལ། མཛུབ་མོ་བསྒྲེང་བས་བཟློག་པ་ནི་རྡོ་རྗེ་སྲིད་སྲུང་གི་ཕྱག་ རྒྱ་སྟེ། སེར་བ་ཐམས་ཅད་ཟློག་པར་བྱེད་པའོ། །རྡོ་རྗེ་ཐལ་མོ་ལས་མཛུབ་མོ་གཉིས་གཤིབས་ལ་དཔྲལ་བར་བཞག་ནས། སོར་མོ་ལྷག་མ་རྣམས་འོད་ཟེར་འགྱེད་པའི་ཚུལ་དུ་བྱས་པ་འདི་ནི་རྡོ་རྗེ་ཁྲོ་གཉེར་ཅན་གྱི་ཕྱག་རྒྱ་སྟེ་གློག་འབབ་པ་ཐམས་ཅད་ཟློག་པར་བྱེད་པའོ། །ཆར་དབབ་པ་ དང་ཆར་གཅད་པ་དང་། སྤྲིན་བསྐྱེད་པ་ནི་གོ་སླའོ། །དང་པོའི་རྡོ་རྗེ་ནི་ཕྱག་རྒྱ་བཅིངས་ལ། རྡོ་རྗེ་ལྟ་བས་བལྟ་བ་ནི་སྤྲིན་གཞིག་པ་སྟེ། རྡོ་རྗེ་ནམ་མཁའི་སྤྲིན་ནོ། །དང་པོའི་རྡོ་རྗེ་ཕྱག་རྒྱ་བཅིངས་ལ་མཐེ་བོང་གཉིས་གདེངས་ཀ་བསྒྱིངས་པའི་ཚུལ་དུ་བསྟན་པ་བྱས་པ་འདི་ནི་རྡོ་རྗེ་གླུའི་ཕྱག་ རྒྱའོ། །ཟངས་མའི་བུམ་པ་སྤོས་ཆུས་ཡོངས་སུ་གང་བ་རྡོ་རྗེ་ཁུ་ཚུར་གྱིས་བཟུང་ལ། ཇི་སྲིད་ཆུ་ལུད་པར་གྱུར་པ་དེ་སྲིད་ཀྱི་བར་དུ་བཟླས་བརྗོད་བྱ་སྟེ། འདི་ནི་གཏེར་ཤེས་པར་བྱ་བའི་ཕྱག་རྒྱའོ། །དང་པོའི་རྡོ་རྗེའི་ཕྱག་རྒྱ་དབང་བསྐུར་བའི་གནས་སུ་བཞག་ལ་གཏེར་བརྐོ་བའི་ཚུལ་དུ་ བྱ་བ་ནི་རྡོ་རྗེ་འཇོར་གྱི་ཕྱག་རྒྱའོ། །འདི་ཉིད་ནོར་ལེན་པའི་ཚུལ་གྱིས་དཔྲལ་བར་བཞག་པ་ནི་གཏེར་ཐམས་ཅད་རྙེད་པའོ། །མདུན་དུ་རྒྱལ་སྲིད་ཐོབ་པ་ཉིད་ཀྱི་ཚུལ་དུ་དཔྲལ་བར་བཞག་པ་འདི་ནི་རྡོ་རྗེ་དབང་བསྐུར་བ་སྟེ། འདིས་རྒྱལ་སྲིད་ཐམས་ཅད་ཐོབ་པར་འགྱུར་རོ། །མདུན་ ཉིད་དུས་རྣམས་ཐོབ་པའི་ཚུལ་དུ་དཔྲལ་བར་བཞག་པ་འདི་ནི་རྡོ་རྗེ་དབང་བསྐུར་བ་སྟེ། འདིས་ས་ཐམས་ཅད་ཀྱི་བདག་ཉིད་དུ་འགྱུར་རོ། །རྡོ་རྗེ་འཁོར་ལོ་ནི་འོག་ནས་བཤད་པའི་རྡོ་རྗེ་འཁོར་ལོའི་དཀྱིལ་འཁོར་དེས་དཀྱིལ་འཁོར་ཐམས་ཅད་བསྒྲུབ་པར་བྱའོ། །དང་པོའི་རྡོ་རྗེའི་ཕྱག་རྒྱ་ ནི་བདེ་བ་ཆེན་པོའི་དམ་ཚིག་གི་ཕྱག་རྒྱའོ། །རབ་ཏུ་དགའ་བའི་རྡོ་རྗེ་ཞེས་བཤད་པ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ལས་ཀྱི་ཕྱག་རྒྱའོ། །གང་ལག་པ་གཡས་པའི་མཛུབ་མོ་ལྕགས་ཀྱུར་བྱ་བ་ནི་རྡོ་རྗེ་བསྙེམས་པའི་ལྕགས་ཀྱུའི་ཕྱག་རྒྱའོ། །དང་པོའི་ རྡོ་རྗེའི་ཕྱག་རྒྱ་ཉིད་ནི་རྡོ་རྗེ་གྲུབ་པའི་ཕྱག་རྒྱའོ། །བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོར་བསམས་ལ། ཟླ་བའི་གཟུགས་ལ་གནས་ནས་ནི། །ནམ་མཁའི་སྟེང་དུ་འདུག་ནས་སུ། །ལག་ཏུ་རྡོ་རྗེ་བསྒོམས་ན་ནི། །རྡོ་རྗེ་རིག་པ་འཛིན་པར་འགྱུར། །ཞེས་བྱ་ བ་འདི་ནི་རྡོ་རྗེ་རིག་པ་འཛིན་པའི་ཕྱག་རྒྱའོ། །རིག་པ་ཐམས་ཅད་ཀྱི་མཆོག་གི་ཕྱག་རྒྱ་ནི་དང་པོའི་རྡོ་རྗེ་ཉིད་རྡོ་རྗེ་ཕྲ་མོའི་སྦྱོར་བ་ཤིན་ཏུ་མཉམ་པར་གཞག་ལ་བསྒོམ་པར་བྱའོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་བསྒོམ་པ་ལ་ནི་ཐུགས་ཀྱི་ཕྱག་རྒྱས་སོ་ཞེས་བྱ་བ་ནི་གང་ཐུགས་ ཀྱི་རྡོ་རྗེ་འདི་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་ཐམས་ཅད་བསྒྲུབ་པར་བྱའོ། །རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་ནི་གོ་སླའོ། །བྱང་ཆུབ་མཆོག་གི་ཡེ་ཤེས་ཀྱི་ཕྱག་རྒྱ་སྟེ་དེས་སངས་རྒྱས་ཉིད་བསྒྲུབ་པར་བྱའོ། །དཔལ་མཆོག་དང་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དུམ་བུ་ལས་ རབ་ཏུ་དགའ་བའི་རྡོ་རྗེའི་དཀྱིལ་འཁོར་གྱི་འགྲེལ་པ་མདོར་བཤད་པ་རྫོགས་སོ།། །།རང་བཞིན་མཉམ་ཞིང་ཆ་མཉམ་པ་ལ་སྤྱོད་པའི་སེམས་ཅན་རྣམས་རྗེས་སུ་གཟུང་བར་བྱ་བའི་ཕྱིར། དེ་བཞིན་གཤེགས་པའི་དཀྱིལ་འཁོར་སྟོན་པར་མཛད་པར་བཞེད་པས་དེ་རྣམས་ཞེས་ བྱ་བ་ལ་སོགས་པར་ཉེ་བར་དགོད་པར་མཛད་པ་ཡིན་ཏེ། དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་པ་སྟེ། རབ་ཏུ་དགའ་བའི་དཀྱིལ་འཁོར་གྱི་རྗེས་སུ་ཐོགས་ལ་ཞེས་བྱ་བའི་དོན་ཏོ། །ཡང་ཞེས་བྱ་བའི་སྒྲ་ནི་སླར་ཡང་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ ཞི་བའི་ཆོས་ཉིད་ནི་དེ་བཞིན་ཉིད་དུ་རོ་གཅིག་པའི་ཡེ་ཤེས་ཏེ། ཟད་པ་དང་མི་སྐྱེ་བ་ཤེས་པའི་མཚན་ཉིད་ཅན་ནོ། །དེ་ཉིད་ནི་མངོན་པར་རྫོགས་པར་བྱང་ཆུབ་པ་སྟེ། དེ་མངོན་པར་བསྒྲུབ་ཅིང་མངོན་སུམ་དུ་མཛད་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གང་གིས་འགྱུར་བ་འདི་ཉིད་ སྟོན་པར་མཛད་ཅིང་གསུངས་པའོ། །རྡོ་རྗེ་རྣམས་ཀྱི་མཉམ་པ་ཉིད་ཡིན་པས་ན་རྡོ་རྗེ་མཉམ་པ་ཉིད་དེ། གཟུང་བ་དང་འཛིན་པ་དང་བྲལ་བ་ཉིད་དོ། །དེ་བས་ན་རྡོ་རྗེའི་སྒྲས་ནི་སེམས་དང་སེམས་ལས་བྱུང་བ་གཉིས་སུ་མེད་པ་ཉིད་ཡིན་པར་མངོན་པར་འདོད་ལ། དེའི་མངོན་ པར་རྫོགས་པར་བྱང་ཆུབ་པ་ནི་མངོན་སུམ་དུ་བྱེད་པའོ། །དེ་ཉིད་ནི་བྱང་ཆུབ་པོ། །གཏན་ཚིགས་གང་གི་ཕྱིར་ཞེ་ན། རྡོ་རྗེ་སྲ་བ་ཉིད་ཀྱི་ཕྱིར་ཞེས་བྱ་བ་གསུངས་ཏེ། གང་གི་ཕྱིར་དེ་བཞིན་ཉིད་དང་སྟོང་པ་ཉིད་དང་། འདུས་མ་བྱས་པའི་ངོ་བོ་ཉིད་ཡིན་པས་རྡོ་རྗེ་དེ་ནི་རོ་གཅིག་པའི་ཡེ་ ཤེས་ཏེ། དེ་ཐོབ་པས་སྲོག་ཆགས་དང་སྲོག་ཆགས་མ་ཡིན་པ་རྣམས་དང་། འདོད་ཆགས་དང་ཞེ་སྡང་ལ་སོགས་པ་གཉིས་སུ་རྟོག་པ་རྣམས་ཀྱིས་མི་ཕྱེད་པས་ན། རྡོ་རྗེ་ལྟར་སྲ་བ་ཡིན་ཏེ། དེ་བས་ན་རྡོ་རྗེ་སྲ་བ་ཉིད་ཀྱི་ཕྱིར་ཞེས་བྱ་བ་གསུངས་པ་ཡིན་ནོ། །དོན་ཞེས་བྱ་བའི་སྒྲས་ནི་ གཟུགས་ལ་སོགས་པའི་དོན་ནོ། །ཡུལ་རྣམས་ལ་བྱ་བར་བཤད་ལ། དོན་རྣམས་ཀྱི་མཉམ་པ་ཉིད་ནི་དོན་གྱི་མཉམ་པ་ཉིད་དེ། དོན་དམ་པར་དངོས་པོ་མེད་པའི་ངོ་བོ་ཉིད་དོ། །ཡང་ན་བདག་གི་རྣམ་པའི་ཉོན་མོངས་པ་ཅན་གྱི་ཡིད་ནི་དོན་ཡིན་ལ། དེ་དེའི་མཉམ་པ་ཉིད་ཡིན་པས་ན་ དོན་གྱི་མཉམ་པ་ཉིད་དེ་སྔ་མ་བཞིན་ནོ། །དེ་མངོན་པར་རྫོགས་པར་བྱང་ཆུབ་པ་ཡང་སྔ་མ་དང་འདྲའོ། །དེ་ཉིད་ནི་བྱང་ཆུབ་ཆེན་པོ་ཡང་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དོན་གཅིག་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་སྟེ། དོན་གཅིག་པ་ནི་དེ་བཞིན་ཉིད་ཡིན་ལ། དོན་གཅིག་པའི་དངོས་པོར་གྱུར་པས་ ན་དོན་གཅིག་པ་ཉིད་ཅེས་བྱ་བ་སྟེ། དེ་རྒྱུར་གྱུར་པས་དོན་གྱི་མཉམ་པ་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་བྱང་ཆུབ་ཆེན་པོའོ། །ཆོས་ཞེས་བྱ་བ་ནི་ལུང་གི་ཆོས་ཏེ། ཐེག་པ་གསུམ་ལ་སོགས་པ་བཤད་པའི་ཚུལ་ལམ་ཡང་ན་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ལ་སོགས་པ་ནི་ཆོས་སོ། །དེ་རྣམས་ཀྱི་མཉམ་པ་ཉིད་ནི་སྔ་མ་བཞིན་དུ་བལྟ་བར་བྱའོ། །འདིའི་མངོན་པར་རྫོགས་པར་བྱང་ཆུབ་པ་ཡང་སྔ་མ་བཞིན་དུ་བཤད་པར་བྱ་སྟེ་དེ་ཉིད་ནི་བྱང་ཆུབ་ཆེན་པོའོ། །གཏན་ཚིགས་གང་གི་ཕྱིར་ཞེ་ན། ངོ་བོ་ཉིད་ ཀྱིས་རྣམ་པར་དག་པའི་ཕྱིར་ཞེས་བྱ་བ་གསུངས་ཏེ། གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་དང་བྲལ་བ་ཉིད་ཀྱི་ཕྱིར་ཞེས་བྱ་བའི་དོན་ཏོ། །ཐམས་ཅད་ནི་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ཀྱི་ཚོགས་རྣམས་ཏེ། དེ་རྣམས་ཀྱི་མཉམ་པ་ཉིད་ནི་ཐམས་ཅད་ཀྱི་མཉམ་ པ་ཉིད་དེ་དངོས་པོ་མེད་པའི་ངོ་བོ་ཉིད་དེ། དེའི་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་རྟོགས་པར་གྱུར་པའོ། །དེ་ཉིད་ནི་བྱང་ཆུབ་ཆེན་པོ་སྟེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་ཆེན་པོ་ལ་ལྟོས་ན་བྱང་ཆུབ་ཀྱང་ཡིན་ལ། ཆེན་པོ་ཡང་ཡིན་པས་ན་བྱང་ཆུབ་ཆེན་པོ་སྟེ། བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་བོ། །གཏན་ཚིགས་གང་གི་ཕྱིར་ཞེ་ན། ཐམས་ཅད་ལ་རྣམ་པར་མི་རྟོག་པའི་ཕྱིར་ཞེས་བྱ་བ་གསུངས་ཏེ། མིག་ལ་སོགས་པའི་རྣམ་པར་ཤེས་པའི་རྣམ་པར་རྟོག་པ་མེད་པ་ཉིད་ཀྱི་ཕྱིར་ཞེས་བྱ་བའི་དོན་ཏོ། །ཡང་ན་དེ་བཞིན་གཤེགས་པ་དང་། རིན་པོ་ཆེ་དང་། པདྨ་དང་ལས་ ཀྱི་རིགས་རྣམས་ལ་རྡོ་རྗེ་དང་དོན་དང་ཆོས་དང་ཐམས་ཅད་ཀྱི་སྒྲས་བཤད་ལ། དེ་རྣམས་ཀྱི་མཉམ་པ་ཉིད་དེ། དེ་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པ་ཡིན་ལ། བྱང་ཆུབ་ཆེན་པོ་ཡང་དེ་ཉིད་ཡིན་ཞེས་སྔ་མ་བཞིན་དུ་ཐམས་ཅད་བརྗོད་པར་བྱའོ། །ཡེ་ཤེས་ཀྱི་ཁུ་ཚུར་ཡོངས་སུ་འཛིན་པ་ ཞེས་བྱ་བ་ནི། བྱང་ཆུབ་མཆོག་གི་ཕྱག་རྒྱ་བཅིངས་པ་ཞེས་བྱ་བའི་དོན་ཏོ། །དོན་གྱི་གནས་འདི་ཉིད་ཅེས་བྱ་བ་ནི། རྡོ་རྗེ་མཉམ་པ་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་བྱ་བ་ལ་སོགས་པ་ཚིག་བཞི་པོའི་དོན་སླར་ཡང་རྒྱ་ཆེར་སྟོན་ཅིང་ཡང་རྣམ་གྲངས་གཞན་གྱིས་འཆད་པར་མཛད་པའོ། ། འཛུམ་པ་ཞེས་བྱ