Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 59

Văn bản gốc(Tây Tạng)

Trang 13 / 16 (50.000 ký tự/trang)
ནས་སངས་རྒྱས་ལྔའི་དབུ་རྒྱན་གྱི་དབང་བསྐུར་བ་ཐམས་ཅད་དབང་བསྐུར་ལ་སྔ་མ་བཞིན་དུ་མཆོད་ཡོན་ཕུལ་ཏེ། བུམ་པ་རྣམས་དང་། བུམ་པ་གང་བ་དང་། ན་བཟའ་དང་། བླ་རེ་ལ་སོགས་པ་རྣམས་ཀྱང་
བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་ཕུལ་ལ། མཆོད་པ་རྣམ་པ་ལྔ་བྱས་ནས། ཕྱི་རོལ་དུ་གླུ་དང་གར་དང་རོལ་མོ་དང་། རྟ་དང་། གླང་པོ་ཆེ་དང་། བ་ལང་གི་ཁྱུ་རྣམས་ཀྱིས་ཀྱང་མཆོད་པ་བྱེད་དུ་གཞུག་གོ། །དེ་ནས་ཕྱག་རྒྱའི་མཆོད་པ་རྣམ་པ་བཅུ་གཉིས་ཀྱིས་ཡང་དག་པར་མཆོད་དེ། ཨོཾ་
ཞེས་བྱ་བ་ལས་རིན་པོ་ཆེ་སྣ་བདུན་དང་། དཔག་བསམ་གྱི་ཤིང་ཁ་ཟས་རོ་བརྒྱ་ལ་སོགས་པའི་བཀོད་པ་སྤྲུལ་ལ། དེ་འདིས་དབུལ་བར་བྱ་སྟེ། ཕྱག་འཚལ་བའི་ཐལ་མོ་སྤྱི་བོར་བཞག་ལ། ཨོཾ་སརྦ་བིཏྤཱུ་ར་པཱུ་ར། སུ་ར་སུ་ར། ཨཱ་བརྟ་ཡ་ཨཱ་བརྟ་ཡ་ཧོཿཞེས་བརྗོད་པར་བྱའོ། །དེ་ནས་ཕྱི་རོལ་
དུ་གཏོར་མ་བྱིན་ལ། སྦྱིན་སྲེག་བྱས་ནས་རས་ཤིན་ཏུ་དམར་བ་ལ་རྡོ་རྗེ་གནོད་སྦྱིན་ཡོངས་སུ་བཟླས་ལ། དེ་ལས་རས་གཅིག་གིས་སྨད་གཡོགས་བྱ། གཅིག་གིས་སྟོད་གཡོགས་བྱས་ནས་ཡང་གཅིག་ལ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་བཞི་ཡོངས་སུ་བཟླས་པས་རང་གི་གདོང་
གཡོགས་པར་བྱའོ། །དེ་ནས་ཕྱག་བཙལ་བ་ལ་སོགས་པ་སྔོན་དུ་འགྲོ་བས་དེ་བཞིན་དུ་སྡོམ་པ་ཡང་དག་པར་བླངས་ལ་བྱང་ཆུབ་ཏུ་སེམས་བསྐྱེད་དེ། དེ་བཞིན་དུ་སྙིང་གར་རྡོ་རྗེ་བསྐྱེད་ལ། ཤར་ཕྱོགས་ཀྱི་སྒོ་ལ་བལྟས་ནས། ཕྱི་རོལ་ན་གནས་པའི་བུམ་པའི་ཆུས་བདག་ཉིད་དབང་བསྐུར་ཏེ།

རྡོ་རྗེ་ཁུ་ཚུར་གྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ནས་དེ་བཞིན་དུ་མེ་ཏོག་གི་ཕྲེང་བ་བླངས་ལ། བཛྲ་བཛྲ་ཨ་ཞེས་ཟློས་ཤིང་དཀྱིལ་འཁོར་དུ་གཞུག་པར་བྱ་སྟེ། བཛྲ་ཨཾ་ཀུ་ཤ་ཛཿཞེས་ཀྱང་བརྗོད་པར་བྱའོ། །དེ་ནས་ལྷོ་ཕྱོགས་ཀྱི་སྒོ་ནས་དེ་བཞིན་དུ་ཞུགས་ཏེ། བཛྲ་པཱ་ཤ་ཧཱུཾ་ཞེས་བརྗོད་པར་བྱའོ། །དེ་
ནས་ནུབ་ཕྱོགས་ཀྱི་སྒོ་ནས་ཞུགས་ཏེ། བཛྲ་སྥོ་ཊ་བཾ་ཞེས་བརྗོད་པར་བྱའོ། །དེ་ནས་བྱང་ཕྱོགས་ཀྱི་སྒོ་ནས་སྔ་མ་བཞིན་དུ་ཞུགས་ལ། བཛྲ་ཨཱ་བེ་ཤ་ཨཱཿཞེས་བྱ་བས་བདག་ཉིད་དབང་དུ་བྱའོ། །དེ་ནས་ཡང་ཤར་ཕྱོགས་ཀྱི་སྒོ་ནས་ཞུགས་ལ། མ་ཧཱ་ར་ཏ། སུ་དྲི་ཌྷ། སུ་ཏོ་ཥོ། སུ་སུ་ཁོ་བཛྲ་སཏྭ།
ཨཱདྱ་སིདྡྷྱ་མཱཾ་ཞེས་བརྗོད་པར་བྱའོ། །དེ་ནས་རྣམ་པར་སྒེག་པའི་རྡོ་རྗེས་ཕྱག་བྱས་ལ། དཀྱིལ་འཁོར་ལ་ལན་གསུམ་བསྐོར་བ་བྱས་ལ། བཅོམ་ལྡན་འདས་རྡོ་རྗེ་ཁུ་ཚུར་གྱི་སྤྱན་སྔར་འདུག་ལ། འདི་སྐད་ཅེས་བརྗོད་པར་བྱའོ། །མ་ཧཱ་རཱ་ག །མ་ཧཱ་སཽ་ཁྱ། མ་ཧཱ་བཛྲ། མ་ཧཱ་དྷཱ་ན། མ་ཧཱ་ཛྙཱ་ན། མ་ཧཱ་
ཀརྨ། བཛྲ་སཏྭ་ཨཱདྱ་སིདྡྷྱ་མཱཾ། ཡང་འདི་སྐད་བརྗོད་པར་བྱ་སྟེ། ཛཿཧཱུཾ་བཾ་ཧོཿཔྲ་སིདྡྷྱ་མཱཾ། དེ་ནས་རྡོ་རྗེའི་ཆུ་འཐུངས་ལ་ཨ་ཞེས་བྱ་བ་ལན་བརྒྱ་བརྗོད་དོ། །དེ་བདག་ཉིད་ལ་དབབ་པར་བྱའོ། །ཡང་གཡོན་པའི་ཁྲོ་བོའི་ཁུ་ཚུར་གྱིས་སེམས་མ་རྡོ་རྗེ་ཕྱེ་ལ། བདག་ཉིད་ལ་དབབ་པར་བྱ་སྟེ། ཨ་ཞེས་
བྱ་བ་ལན་བརྒྱ་བརྗོད་པར་བྱའོ། །དེ་ནས་ཨ་ཞེས་བྱ་བས་མེ་ཏོག་དོར་བར་བྱའོ། །དེ་ནས་དེ་བླངས་ལ་ཨ་ཞེས་བྱ་བ་ཉིད་ཀྱིས་རང་གི་མགོ་ལ་བཅིང་བར་བྱའོ། །དེ་ནས་དེ་ཉིད་ཀྱིས་གདོང་གཡོགས་དགྲོལ་བར་བྱའོ། །དེ་ནས་དེ་ཟློས་ཤིང་ཤར་ཕྱོགས་ཀྱི་ཆ་ནས་བརྩམས་ཏེ། དཀྱིལ་འཁོར་བསྐོར་
བར་བྱའོ། །དེ་ནས་རྡོ་རྗེ་ཁུ་ཚུར་གྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། ཏིཥྛ་བཛྲ་ཞེས་བྱ་བས་རང་གི་སྙིང་གར་དགྲོལ་བར་བྱའོ། །དེ་ནས་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱ་ཆེན་པོ་བཅིངས་ལ། དེ་ལ་རྡོ་རྗེའི་ལྟ་བས་བལྟ་ཞིང་། ཇི་སྲིད་བཅོམ་ལྡན་འདས་ཀྱི་ཞལ་བསྟན་ནས་དངོས་གྲུབ་ཐམས་ཅད་སྩོལ་བར་འགྱུར་
བ་དེ་སྲིད་ཀྱི་བར་དུ་བཟླས་བརྗོད་བྱའོ། །དེ་ནས་རྡོ་རྗེ་ཐལ་མོ་བསྐོར་བས་ཤིས་པ་བརྗོད་པ་འདོན་པའི་ཚུལ་དུ་རང་གི་སྙིང་གར་བཞག་ལ་མཚན་བརྒྱ་རྩ་བརྒྱད་ཀྱིས་བསྟོད་དེ། རྡོ་རྗེ་མཚོན་ཆ་ལ་སོགས་པའི་གསང་བའི་མཆོད་པ་བཞིས་བཅོམ་ལྡན་འདས་འཁོར་དང་བཅས་པ་ཡང་དག་པར་མཆོད་ལ། གླུ་

དང་རོལ་མོའི་མཆོད་པ་རྣམས་ཀྱིས་ཀྱང་ལེགས་པར་མཆོད་པར་བྱའོ། །དེ་ནས་ཡང་བཅོམ་ལྡན་འདས་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱ་ཆེན་པོ་བཅིངས་ལ། བཅོམ་ལྡན་འདས་ལ་རྡོ་རྗེའི་ལྟ་བས་བལྟ་ཞིང་རྡོ་རྗེ་ཐལ་མོ་བསྐོར་བས་ཕྱག་བྱས་ལ། མེ་ཏོག་ལ་སོགས་པ་དང་དབང་བསྐུར་
བ་རྣམས་བླང་བར་བྱའོ། །དེ་ལ་དང་པོ་ཁོ་ནར་རྡོ་རྗེ་ཁུ་ཚུར་གྱི་དམ་ཚིག་གི་ཕྱག་རྒྱས་ཡོངས་སུ་བཟུང་བའི་རྡོ་རྗེའི་མེ་ཏོག་གི་ཡལ་ག་ལས་རྣམ་པར་རྒྱལ་བའི་བུམ་པ་ལ་སྔར་བཤད་པའི་མཚན་ཉིད་ཅན་གྱི་གསང་སྔགས་དེ་བཞིན་དུ་ཡང་བཟླས་ལ། བདག་ཉིད་བྱང་ཆུབ་སེམས་དཔའ་རྡོ་རྗེ་ཁུ་
ཚུར་དུ་བྱིན་གྱིས་བརླབས་ཏེ། རྡོ་རྗེ་ཁུ་ཚུར་གྱི་དམ་ཚིག་གི་ཕྱག་རྒྱས་རྣལ་འབྱོར་ཆེན་པོ་ལས་བཤད་པའི་གནས་རྣམས་སུ་ལྷ་ཐམས་ཅད་དགོད་པར་བྱས་ལ། ཕྱིའི་དཀྱིལ་འཁོར་གྱི་ནང་དུ་སྣ་ཚོགས་པདྨ་བྲིས་ལ། དེའི་སྟེང་དུ་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱ་ཆེན་པོས་འདུག་ལ་མེ་ཏོག་ལ་སོགས་
པས་བདག་ཉིད་ཀྱང་ཡང་དག་པར་མཆོད་དེ་མཆོད་ཡོན་བླངས་ལ། མཚན་བརྒྱ་རྩ་བརྒྱད་ཀྱིས་ཡང་དག་པར་བསྟོད་ནས། རྡོ་རྗེ་ཁུ་ཚུར་གྱིས་རྣམ་པར་རྒྱལ་བའི་བུམ་པ་ལས་ཆུ་བླངས་ལ། ཨོཾ་བཛྲ་ཨ་བྷིཥིཉྩ་ཨཱཿཞེས་བྱ་བས་བདག་ཉིད་དབང་བསྐུར་བར་བྱ་ཞིང་། ཆུ་དེ་བཏུང་བར་ཡང་བྱའོ། །དེ་ནས་སངས་
རྒྱས་ལྔའི་དབང་བསྐུར་བའི་ཕྱག་རྒྱས་དབང་བསྐུར་ལ། ལུགས་མའམ། བརྡུངས་པའམ། བྱས་པའམ། བྲིས་པའི་སངས་རྒྱས་ལྔའི་དབུ་རྒྱན་གྱིས་སྔ་མ་བཞིན་དུ་བདག་ཉིད་ལ་དབང་བསྐུར་བར་བྱའོ། །དེ་ནས་དང་པོའི་རྡོ་རྗེ་དྲིལ་བུ་དང་བཅས་པ་བླངས་ལ། བདག་པོ་དང་མིང་གི་དབང་བསྐུར་
བ་དག་གིས་བདག་ཉིད་དབང་བསྐུར་བར་བྱའོ། །དེ་ནས། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི། །གཟུགས་བརྙན་ལྟ་བུའི་སྦྱོར་བ་ཡིས། །ཕྱག་རྒྱ་ཀུན་ཞེས་སྦྱོར་བས་བསྒྲགས། །དམ་ཚིག་དངོས་གྲུབ་ཀུན་སྟེར་བའོ། །ཞེས་བྱ་བ་བརྗོད་པར་བྱའོ། །དེ་ནས་དངོས་གྲུབ་ཀྱི་རྡོ་རྗེའི་བརྟུལ་ཞུགས་བླངས་
ལ་མེ་ཏོག་ལ་སོགས་པ་ཕྱིའི་མཆོད་པ་རྣམས་ཀྱིས་བདག་ཉིད་ཡང་དག་པར་མཆོད་ལ། རྡོ་རྗེ་མཚོན་ཆ་ལ་སོགས་པའི་ཕྱག་རྒྱའི་མཆོད་པ་རྣམ་པ་བཅུ་གཉིས་ཀྱིས་ཡང་དག་པར་མཆོད་པར་བྱ་ཞིང་། དེ་ཉིད་ཀྱིས་ནི་རྡོ་རྗེ་བཟུང་། །ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱ། །དམ་ཚིག་གིས་ནི་ཕྱག་རྒྱ་

ཆེར། །བྱིན་གྱིས་བརླབས་ནས་སྙིང་པོ་བཟླ། །དེ་ནས་བཅོམ་ལྡན་འདས་ལ་ཕྱག་བྱས་ལ། སྙིང་པོ་བཟླས་ནས་ཚིགས་སུ་བཅད་པ་ལྔ་པ་རྗེས་སུ་གནང་བ་དང་། གཟེངས་བསྟོད་པ་དང་། ལུང་བསྟན་པ་མནོས་ལ་ཡང་བདག་ཉིད་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ཏེ། ཅི་འདོད་པར་
བཟླས་བརྗོད་བྱས་ལ། བཅོམ་ལྡན་འདས་ལ་ཕྱག་བྱས་ནས། འདི་སྐད་ཅེས་བརྗོད་པར་བྱ་སྟེ། བདག་མིང་འདི་ཞེས་བྱ་བ་ཡི། །རྡོ་རྗེ་སློབ་དཔོན་དཀའ་ཐུབ་ཆེས། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །སློབ་མ་རྣམས་ནི་གཞུག་པར་བགྱི། །དེ་ནས་སློབ་མ་གཞུག་པར་བྱའོ། །སློབ་
དཔོན་གྱི་ལས་ཀྱི་ཆོ་ག་རྫོགས་སོ།། །།དེ་ནས་སྡོམ་པ་དབོག་པར་འོས་པའི་སློབ་མ་སྔར་བཤད་པའི་ཆོ་གས་སྡོམ་པ་འཛིན་དུ་གཞུག་པར་བྱ་ཞིང་། བྱང་ཆུབ་ཏུ་སེམས་བསྐྱེད་དུ་གཞུག་པར་བྱའོ། །དེ་ནས་དེའི་སྙིང་གར་དེ་བཞིན་དུ་རྡོ་རྗེ་བསྐྱེད་ལ། དེ་བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་
ཁུ་ཚུར་དུ་བྱིན་གྱིས་བརླབས་ཏེ། སྤོས་དང་མེ་ཏོག་ལ་སོགས་པས་མཆོད་ནས། ཡོན་གྱི་མཆོག་བླངས་ལ། སྒོར་བལྟས་ནས་གནས་པའི་བུམ་པའི་ཆུས་དབང་བསྐུར་ནས་རང་གི་འཇུག་པའི་ཆོ་གས་བཅུག་ཅིང་དབབ་པར་བྱས་ལ། ཡང་རྡོ་རྗེ་དབབ་པའི་ཕྱག་རྒྱ་དྲིལ་བུ་དང་བཅས་པས་རྐང་
པ་གཡོན་པས་དེའི་རྐང་པ་གཡས་པ་མནན་ཏེ། ཨ་ཨ་ཨ་ཨ་ཨ་ཞེས་བྱ་བ་ཨ་ལྔ་ལན་བརྒྱའི་བར་དུ་བརྗོད་པས་དབབ་པར་བྱའོ། །དེ་ནས་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་པར་བྱའོ། །སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་རྫོགས་སོ།། །།ད་ནི་དམ་ཚིག་དང་དབང་བསྐུར་
བ་ཐོབ་པ་རྣམས་ལ། སློབ་དཔོན་གྱི་དངོས་གྲུབ་ཀྱི་ཡེ་ཤེས་བསླབ་པར་བྱའོ་ཞེས་བྱ་བའི་དོན་བསྟན་པར་བྱ་བའི་ཕྱིར། སྒྲུབ་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒྲུབ་པ་དང་དངོས་གྲུབ་ཐམས་ཅད་ཀྱང་དེ་བཞིན་ནོ་ཞེས་བྱ་བ་ནི་ཟླ་བ་ཉ་ནས་བརྩམས་ཏེ། བཅོམ་ལྡན་འདས་རྡོ་རྗེ་ཁུ་
ཚུར་གྱི་སྤྱན་སྔར་དམ་ཚིག་གི་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱ་བཅིངས་ལ། ཇི་ལྟར་སྐྱོ་བར་མ་གྱུར་པས། དང་པོ་བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ཏེ། ཇི་སྲིད་ཟླ་བ་གཅིག་གིས་སྔོན་དུ་བསྙེན་པ་བྱས་པར་གྱུར་པ་དེ་སྲིད་ཀྱི་བར་དུ་རྡོ་རྗེ་ཚིག་གིས་བཟླས་བརྗོད་བྱའོ། །དེ་ནས་དང་པོ་རྡོ་རྗེ་བྲི་

བའི་ཕྱག་རྒྱས་རས་ལ་བྲི་བ་འམ་འདྲིར་གཞུག་པར་བྱ་སྟེ། ཕྱིས་ནི་ཅི་བདེར་བྱའོ། །དེ་ཡང་དབུས་སུ་བཅོམ་ལྡན་འདས་རྡོ་རྗེ་ཁུ་ཚུར་ཇི་ལྟ་བ་བཞིན་དུ་བྲིས་ལ། བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྐུ་མཆོག་ནས་བརྩམས་ཏེ། ལྷ་མོ་རྡོ་རྗེ་རྡོ་རྗེའི་བར་དུ་ཐམས་ཅད་དཀྱིལ་འཁོར་གྱི་
ཚུལ་དུ་ཡང་དག་པར་བྲི་བར་བྱའོ། །དེ་ནས་ཟླ་བ་ཉ་ནས་བརྩམས་ཏེ། བཅོམ་ལྡན་འདས་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱ་ཆེན་པོ་བཅིངས་ལ། དེ་བཞིན་དུ་སྔོན་དུ་བསྙེན་པའི་སྦྱོར་བས་ཟླ་བ་གཅིག་ཙམ་གྱི་བར་དུ་བཟླས་བརྗོད་བྱའོ། །དེ་ནས་ནང་པར་བཅོམ་ལྡན་འདས་རྡོ་རྗེ་ཁུ་ཚུར་གྱིས་ཞལ་བསྟན་
ནས། སངས་རྒྱས་ཉིད་ལ་སོགས་པའི་དངོས་གྲུབ་རྣམས་སྩོལ་བར་འགྱུར་རོ། །རས་ཀྱི་རི་མོ་དང་པོའི་སྒྲུབ་པའོ། །དེ་ནས་རས་ཀྱིས་རི་མོ་གཉིས་པ་བསྒྲུབ་པར་བྱའོ། །སྔོན་དུ་བསྙེན་པ་དེ་བཞིན་དུ་བྱས་ནས། བཅོམ་ལྡན་འདས་རྡོ་རྗེ་ཁུ་ཚུར་དཔའ་བོ་གཅིག་པུ་བྲིས་ལ། དེའི་སྤྱན་སྔར་
བཅོམ་ལྡན་འདས་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱ་ཆེན་པོ་བཅིངས་ལ་བཟླས་བརྗོད་འབུམ་བྱའོ། །དེ་ནས་ཟླ་བ་ཉ་ནས་མཚན་ཐོག་ཐག་བཟླས་བརྗོད་བྱས་ནས། ནང་པར་རྡོ་རྗེ་ཁུ་ཚུར་ཉིད་ཐོབ་པར་འགྱུར་རོ། །དེ་ནས་མ་བསྒྲུབས་པའི་ལས་རྣམས་ཀྱང་དེ་བཞིན་ཏེ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །ཕྱག་
རྒྱ་ཐམས་ཅད་བཅིང་བ་བསྒྲུབ་པ་ལ་ཞེས་བྱ་བ་ནི། ཕྱག་རྒྱ་ཆེན་པོ་དང་། ཆོས་དང་དམ་ཚིག་དང་ལས་ཀྱི་ཕྱག་རྒྱ་རྣམས་ནི་ཕྱག་རྒྱ་ཐམས་ཅད་དེ། དེ་རྣམས་བཅིང་བ་ནི་ཇི་སྐད་དུ་བཤད་པའོ། །དེའི་སྒྲུབ་པ་ནི་རྫོགས་པར་བྱ་བའོ། །དེ་ཇི་ལྟར་འགྱུར་ཞེ་ན། སྙིང་གར་རྡོ་རྗེ་ཁུ་ཚུར་གྱིས་སོ་
ཞེས་བྱ་བ་གསུངས་ཏེ། ཕྱག་རྒྱ་དེ་ཐམས་ཅད་བཅིང་བ་བསྒྲུབ་པ་ནི་སྙིང་གར་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱས་གྲུབ་པར་གྱུར་ཏེ། རྡོ་རྗེ་ཁུ་ཚུར་གཉིས་གཅིག་ལ་གཅིག་ལྟ་བར་སྙིང་གའི་ཕྱོགས་སུ་བཞག་ལ་བཙིར་བ་འདི་ནི་སྙིང་གར་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱ་བྱ་སྟེ། འདི་བཅིངས་ལ་ཨ་ཞེས་བྱ་བ་
ཟློས་ཤིང་། དེ་ལྟ་བུས་ནི་ཕྱག་རྒྱ་ཐམས་ཅད་བཅིང་བ་གྲུབ་པར་འགྱུར་ཏེ། ཕྱག་རྒྱ་ཆེན་པོ་ལ་སོགས་པ་རིགས་ཐམས་ཅད་ཀྱི་ཕྱག་རྒྱ་སྒྲུབ་པ་པོས་བཅིངས་ལ་རང་གི་ལས་ལ་ངེས་པར་སྦྱར་ནས། རང་གི་ལས་རྣམས་བྱེད་དོ་ཞེས་བྱ་བའི་དོན་ཏོ། །ཕྱག་རྒྱ་ཐམས་ཅད་བསྒྲུབ་པ་ལ་ནི་

ཞེས་བྱ་བ་ལ། ཕྱག་རྒྱ་ཐམས་ཅད་ནི་ཇི་སྐད་དུ་བཤད་པ་རྣམས་སོ། །དེ་རྣམས་བསྒྲུབ་པ་ནི་རང་དབང་དུ་བྱ་བའོ། །དེ་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་ཆེན་པོའི་ཁུ་ཚུར་གྱིས་སོ་ཞེས་བྱ་བ་གསུངས་ཏེ། ཇི་སྐད་དུ་བཤད་པའི་མཚན་ཉིད་ཅན་གྱི་བཅོམ་ལྡན་འདས་རྡོ་རྗེ་ཁུ་ཚུར་གྱི་དམ་ཚིག་གི་ཕྱག་རྒྱ་
ནི། རྡོ་རྗེ་ཆེན་པོའི་ཁུ་ཚུར་རོ། །འདི་སྐད་སྟོན་པར་འགྱུར་ཏེ། ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཕྱག་རྒྱ་ཐམས་ཅད་སྒྲུབ་པར་འདོད་པས། དང་པོ་ཉིད་རྡོ་རྗེའི་ཐལ་མོ་དང་། རྡོ་རྗེ་བསྡམས་པ་དང་། རྡོ་རྗེ་བསྡམས་པ་དགྲོལ་བའི་ཕྱག་རྒྱ་དང་། རྡོ་རྗེ་དབབ་པའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། བཛྲ་
མུཥྚི་ཞེས་བྱ་བ་དང་། རྡོ་རྗེ་ཁུ་ཚུར་གྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ། ཨ་ཞེས་བྱ་བ་གདོན་པར་བྱའོ། །དེ་ནས་སྒྲུབ་པ་པོ་དེའི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཕྱག་རྒྱ་ཐམས་ཅད་རང་དབང་དུ་བྱས་པར་འགྱུར་རོ། །དམ་ཚིག་ཐམས་ཅད་བསྒྲུབ་པ་ལ་ནི་ཞེས་བྱ་བ་ལ་དམ་ཚིག་ཀྱང་ཡིན་ལ་
ཐམས་ཅད་ཀྱང་ཡིན་པས་ན་དམ་ཚིག་ཐམས་ཅད་དེ། རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་སོ། །དེ་རྣམས་བསྒྲུབ་པ་ནི་སྤྱན་དྲངས་པ་རྣམས་རང་དབང་དུ་བྱ་བའོ། །དེ་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་འདོད་པའི་ཁུ་ཚུར་གྱིས་སོ་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་ལས་མཛུབ་
མོ་གཉིས་ལུ་གུ་རྒྱུད་དུ་མདུད་པ་བྱས་ལ། མཐེ་བོང་གཉིས་གཤིབས་ནས་སྙིང་གར་བཞག་པ་འདི་ནི་རྡོ་རྗེ་འདོད་པའི་རྒྱལ་པོའི་ཕྱག་རྒྱ་སྟེ། འདི་བཅིངས་ལ་རང་གི་ལྷའི་སྤྱན་སྔའམ། རང་གི་ལུས་ལ་བཞག་ལ། ཨ་ཞེས་བྱ་བ་བཟླས་བརྗོད་བྱས་ན་དེ་ལྟ་བུས་ནི་དམ་ཚིག་ཐམས་ཅད་
འགྲུབ་པར་འགྱུར་རོ། །སེམས་ཅན་ཐམས་ཅད་རྗེས་སུ་ཆགས་པར་བྱ་བ་ལ་ནི་ཞེས་བྱ་བ་ལ། རྡོ་རྗེ་སེམས་དཔའ་ལ་སོགས་པ་དང་། སེམས་ཅན་གྱི་ཁམས་རྣམས་ནི་སེམས་ཅན་ཐམས་ཅད་དེ། དེ་རྣམས་རྗེས་སུ་ཆགས་པར་བྱ་བ་ནི་སྔ་མ་བཞིན་ནོ། །རྡོ་རྗེ་ཆགས་པ་ཆེན་པོའི་ཁུ་ཚུར་
གྱིས་སོ་ཞེས་བྱ་བ་ནི། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། དེས་མདའ་འཛིན་པའི་ཚུལ་དུ་བྱ་བ་འདི་ནི་རྡོ་རྗེ་ཆགས་པ་ཆེན་པོའི་ཚུལ་དུ་བྱ་བའི་རྡོ་རྗེ་ཁུ་ཚུར་ཏེ་འདི་བཅིངས་ལ། རྡོ་རྗེ་ཆགས་པར་བདག་ཉིད་རྣམ་པར་བསམས་ནས། རྡོ་རྗེ་སེམས་དཔའ་ལ་སོགས་པ་བསྒྲུབ་པར་བྱ་བའི་སེམས་དཔའ་

རྣམས་ཡིད་ཀྱིས་མདུན་དུ་གནས་པ་ལ། མེ་ཏོག་གི་མདའ་ཁ་དོག་དམར་པོས་ཡང་དང་ཡང་དུ་སྙིང་གར་བསྣུན་པར་བྱ་ཞིང་། ཨ་ཆེ་གེ་མོ་ཨ་ནུ་རཱ་ག་ཡ་ཧོ་ཞེས་བཟླས་བརྗོད་བྱས་ནས་དེ་ལྟ་བུས་ནི་རྗེས་སུ་ཆགས་པར་བྱས་པར་འགྱུར་རོ། །སེམས་ཅན་ཐམས་ཅད་
དབང་དུ་བྱ་བ་ལ་ནི་ཞེས་བྱ་བ་ལ། རྡོ་རྗེ་སེམས་དཔའ་ལ་སོགས་པ་དབང་དུ་བྱ་བ་ནི་ཐམས་ཅད་དབང་དུ་བྱ་བ་སྟེ། བདག་དང་ནོར་རང་དབང་དུ་བྱས་ཞེས་བྱ་བའི་དོན་ཏོ། །དེ་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་བཞད་པའི་ཁུ་ཚུར་གྱིས་སོ་ཞེས་བྱ་བ་གསུངས་ཏེ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་
པོ་ལས་གསུངས་པའི་རྡོ་རྗེ་བཞད་པའི་དམ་ཚིག་གི་ཕྱག་རྒྱ་ནི་རྡོ་རྗེ་བཞད་པའི་དམ་ཚིག་གི་ཁུ་ཚུར་ཡིན་ལ། འདི་བཅིངས་ནས་ཨ་ཞེས་བྱ་བ་ཟློས་ཤིང་རྡོ་རྗེ་བཞད་པ་མདོག་དམར་པོར་བདག་ཉིད་རྣམ་པར་བསམས་ལ། བསྒྲུབ་པར་བྱ་བ་མདུན་དུ་བཞག་སྟེ། དེ་བཞིན་དུ་འོད་ཟེར་
དམར་པོ་རྣམས་ཀྱིས་བསྒྲུབ་པར་བྱ་བ་འཁྱུད་ཅིང་བཟླས་བརྗོད་བྱ་སྟེ། ཨ་ཆེ་གེ་མོ་མེ་བ་ཤཾ་ཨཱ་ན་ཡ་ཧོ། །དེ་ལྟ་བུས་ནི་འདི་དབང་དུ་འགྱུར་རོ། །ཐམས་ཅད་བཅིང་བ་ལ་ནི་ཞེས་བྱ་བ་ལ། རྡོ་རྗེ་འཛིན་པས་རྡོ་རྗེ་ལྕགས་སྒྲོག་ཕྱག་ན་བསྣམས་པས་བདུད་ལ་སོགས་པ་བཅིང་བ་ནི་
ཐམས་ཅད་བཅིང་བའོ། །དེ་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་བསྡམས་པའི་ཁུ་ཚུར་ཆེན་པོས་སོ་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་བསྡམས་པ་ནི་གོ་བར་ཟད་དོ། །དེ་ཉིད་ནི་ཁུ་ཚུར་ཆེན་པོ་སྟེ། དེས་ཐམས་ཅད་བཅིང་བའོ། །ཡང་རྣམ་པ་འདི་ཉིད་ཀྱིས་ཐམས་ཅད་བཅིང་བ་བསྟན་པའི་ཕྱིར། ཐམས་
ཅད་བསྡམས་པ་ལ་ནི་རྡོ་རྗེ་ལུ་གུ་རྒྱུད་ཀྱི་ཁུ་ཚུར་གྱིས་སོ་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ལ། མཐེ་བོ་དང་མཛུབ་མོ་རྩེ་སྤྲད་དེ། བཅིང་བ་ནི་རྡོ་རྗེ་ལུ་གུ་རྒྱུད་ཀྱི་ཁུ་ཚུར་ཏེ་འདི་བཅིངས་ལ་ཨ་ཞེས་བྱ་བ་ཟློས་ཤིང་། རྡོ་རྗེ་ལྕགས་སྒྲོག་གི་ལག་པ་དང་རྡོ་རྗེ་ལྕགས་སྒྲོག་ཏུ་
བདག་ཉིད་རྣམ་པར་བསམས་ལ། ཨ་ཆེ་གེ་མོ་བནྡྷ་ཡ་བཾ་ཞེས་བྱ་བ་ཟློས་ཤིང་། བསྒྲུབ་པར་བྱ་བའི་རྡོ་རྗེ་ལྕགས་སྒྲོག་དང་བཅིང་བར་བྱའོ། །ཐམས་ཅད་ལྐུགས་པར་བྱ་བ་ལ་ནི་ཞེས་བྱ་བ་ལ། ངག་གི་འཇུག་པ་དང་བྲལ་བ་ནི་ལྐུགས་པའོ། །དེ་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་ཞལ་གྱི་ཁུ་

ཚུར་གྱིས་སོ་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་དགུན་གྱི་ཕྱག་རྒྱ་ནི། རྡོ་རྗེ་ཞལ་གྱི་ཁུ་ཚུར་ཏེ། འདི་བཅིངས་ལ་ཨཱ་ཞེས་བྱ་བས། བདག་ཉིད་རྡོ་རྗེ་དགུན་གྱི་གཟུགས་སུ་རྣམ་པར་བསམས་ཏེ། བསྒྲུབ་པར་བྱ་བ་རྡོ་རྗེ་ཁ་བ་བབས་པས་འཁྱག་པར་འགྱུར་ཞིང་ཚིག་སྨྲ་མི་ནུས་པས་རྨུགས་
པར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་ལྐུགས་པར་འགྱུར་རོ། །ཐམས་ཅད་བཙིར་བ་ལ་ནི་ཞེས་བྱ་བ་ལ། སྔར་བཤད་པའི་སྦྱོར་བས་གདོན་པ་ལ་སོགས་པ་བཅིངས་ཏེ། ཕྱིས་རྡོ་རྗེ་བསྡམས་པ་བཅིངས་ལ། དེ་དང་ཡིད་ཀྱིས་བླངས་ཏེ། རྡོ་རྗེ་བསྡམས་པའི་ནང་དུ་ཆུད་པ་དང་བསྒྲུབ་
པར་བྱ་བ་བཙིར་བར་བྱ་བ་འདི་ནི་རྡོ་རྗེ་བསྡམས་པའི་ཁུ་ཚུར་ཏེ། འདིས་ཐམས་ཅད་བཙིར་བར་འགྱུར་རོ། །ཐམས་ཅད་གསད་པ་ལ་ནི་རྡོ་རྗེ་ཁྲོ་བོའི་ཁུ་ཚུར་གྱིས་སོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྡོ་རྗེ་ཁུ་ཚུར་གྱི་སྦྱོར་བ་ཇི་ལྟ་བ་བཞིན་དུ་བྱས་ལ། ཨཱཿཧཱུཾ་ཞེས་བྱ་བས་རྡོ་རྗེ་ཁྲོ་བོར་བདག་ཉིད་
རྣམ་པར་བསམས་ལ། གཡས་ཀྱི་ཁྲོ་བོའི་ཁུ་ཚུར་རམ། གཡོན་གྱི་ཁུ་ཚུར་གྱིས་གཞན་ལ་སྡིགས་མཛུབ་བྱ་ཞིང་། ཨ་ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཞེས་བཟླས་ལ། མཛུབ་མོའི་རྡོ་རྗེ་ལས་རྡོ་རྗེ་འབར་བ་སྤྲུལ་ལ། བསྒྲུབ་པར་བྱ་བའི་སྟེང་དུ་ལྟུང་བར་བྱ་སྟེ། དེ་ལྟ་བུས་ནི་རྡོ་རྗེ་ཁྲོ་བོའི་ཁུ་ཚུར་གྱིས་
ཐམས་ཅད་གསོད་པར་འགྱུར་རོ། །ཐམས་ཅད་བཟའ་བ་ལ་ནི་རྡོ་རྗེ་གནོད་སྦྱིན་གྱི་ཁུ་ཚུར་གྱིས་སོ་ཞེས་བྱ་བ་ནི། རྡོ་རྗེ་གནོད་སྦྱིན་གྱི་སྦྱོར་བས་ཇི་ལྟ་བ་བཞིན་དུ་བྱས་ལ། ཨཱ་ཞེས་བྱ་བ་ཉིད་ཀྱིས་རྡོ་རྗེ་གནོད་སྦྱིན་གྱི་སྐྲ་གྱེན་དུ་བརྫེས་པ། གསུས་པ་ཆེ་བ་ཞལ་ནམ་མཁའ་ལྟར་ཚད་མེད་ཅིང་
མཆེ་བ་གཙིགས་པ་ཁྲོ་བ་ཆེན་པོ་འཁྲུགས་པ། མདོག་ནག་པོར་བདག་ཉིད་བསམས་ནས། དེའི་ལས་ཀྱི་ཕྱག་རྒྱ་བཅིངས་ཏེ། བསྒྲུབ་པར་བྱ་བའི་སྤྲིན་ལ་སོགས་པ་དེས་རང་གི་ཁར་བཅུག་ལ། ཨ་མེ་གྷ་ཨ་ཏི་ཨཾ་བྷཀྵ་ཡ་ཧཱུཾ་ཞེས་བཟླས་བརྗོད་བྱའོ། །འདི་ནི་རྡོ་རྗེ་གནོད་སྦྱིན་གྱི་ཁུ་
ཚུར་ཏེ་འདིས་ཐམས་ཅད་ཟ་བར་འགྱུར་རོ། །ཐམས་ཅད་གཞིག་པ་ལ་ནི་རྡོ་རྗེ་ངེས་པར་བཙིར་བའི་ཁུ་ཚུར་གྱིས་སོ་ཞེས་བྱ་བ་ནི། སྔ་མ་བཞིན་དུ་སྦྱོར་བ་བྱས་ལ། དམ་ཚིག་གི་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱས་བསྒྲུབ་པར་བྱ་བ་བཟུང་བའི་བསམ་པས་རྡོ་རྗེ་རྩེ་ལྔ་པ་བླངས་ཏེ། བསྒྲུབ་པར་བྱ་བ་བཙིར་

བའི་བསམ་པས་བཙིར་བར་བྱའོ། །འདིས་ནི་རྡོ་རྗེ་ངེས་པར་བཙིར་བའི་ཁུ་ཚུར་འདིས་ཐམས་ཅད་གཞིག་པར་བྱའོ། །ཐམས་ཅད་དྲལ་བ་ལ་ནི་རྡོ་རྗེ་དྲལ་བའི་ཁུ་ཚུར་གྱིས་སོ་ཞེས་བྱ་བ་ནི། ལྷའི་བུའི་བདུད་ལ་སོགས་པའི་དངོས་པོ་ཐམས་ཅད་དྲལ་བ་ལ་ནི་རྡོ་རྗེ་ཁུ་ཚུར་
གཉིས་བཅིངས་ལ། བསྒྲུབ་པར་བྱ་བ་དྲལ་བའི་བསམ་པས་དྲལ་བར་བྱའོ། །འདི་ནི་རྡོ་རྗེ་དྲལ་བའི་ཁུ་ཚུར་ཏེ་འདིས་ཐམས་ཅད་དྲལ་བར་འགྱུར་རོ། །ཐམས་ཅད་དབབ་པ་ལ་ནི་རྡོ་རྗེ་འབེབས་པའི་རྡོ་རྗེ་ཁུ་ཚུར་གྱིས་སོ་ཞེས་བྱ་བ་ནི། རྒྱུ་བ་དང་མི་རྒྱུ་བའི་དངོས་པོ་ཐམས་ཅད་དབབ་པ་ནི་ཐམས་
ཅད་དབབ་པའོ། །དེ་ཡང་རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ལ་སྲིན་ལག་དང་། མཐེའུ་ཆུང་གི་བར་དུ་མཐེ་བོ་གཞག་པ་འདི་ནི་རྡོ་རྗེ་འབེབས་པའི་ཁུ་ཚུར་ཏེ། འདི་དང་ཨ་ཞེས་བྱ་བས་ཐམས་ཅད་འབེབས་པར་འགྱུར་རོ། །ཐམས་ཅད་གར་བྱེད་དུ་གཞུག་པ་ལ་ནི་རྡོ་རྗེ་གར་གྱི་ཁུ་ཚུར་གྱིས་སོ་
ཞེས་བྱ་བ་ནི། འདི་ནི་རྡོ་རྗེ་གར་མཁན་མའི་ཕྱག་རྒྱ་ནི། རྡོ་རྗེ་གར་གྱི་ཁུ་ཚུར་ཏེ། འདིས་ཐམས་ཅད་གར་བྱེད་དུ་གཞུག་པར་བྱའོ། །འདི་སྐད་སྟོན་པར་འགྱུར་ཏེ། བཅོམ་ལྡན་འདས་རྡོ་རྗེ་ཁུ་ཚུར་གྱི་སྦྱོར་བ་ཇི་ལྟ་བ་བཞིན་དུ་བྱས་ལ། ཨ་ཞེས་བྱ་བ་ཟློས་ཤིང་ཐམས་ཅད་གར་བྱེད་པའི་ཚུལ་
གྱིས་བསྒྲུབ་པར་བྱ་བའི་ལུས་ལ་ཡིད་ཀྱིས་གཞུག་པས་བསྒྲུབ་པར་བྱ་བ་བཀང་ལ། བདག་ཉིད་ཀྱིས་གར་བྱས་ཏེ་དེས་ནི་ཐམས་ཅད་གར་བྱེད་དུ་གཞུག་པར་བྱའོ། །ཐམས་ཅད་སྨྲར་གཞུག་པ་ནི་རྡོ་རྗེ་གསུང་གི་ཁུ་ཚུར་གྱིས་སོ་ཞེས་བྱ་བ་ནི། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་པི་ཝང་བརྡུང་བའི་ཚུལ་
དུ་བྱས་པ་འདི་ནི་རྡོ་རྗེ་གསུང་གི་ཁུ་ཚུར་ཏེ། འདི་བཅིངས་ལ་ཨ་ཞེས་བྱ་བ་ཟློས་ཤིང་རྡོ་རྗེ་ཁུ་ཚུར་གྱི་སྦྱོར་བས་བསྒྲུབ་པར་བྱ་བའི་ལུས་ལ་ཇི་ལྟ་བ་བཞིན་དུ་ཞུགས་ནས། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་ཡང་དང་ཡང་དུ་པི་ཝང་བརྡུང་བ་ལྟར་བྱས་ན་ཐམས་ཅད་སྨྲ་བར་འགྱུར་རོ། །ཐམས་ཅད་རེངས་པར་
བྱ་བ་ལ་ནི་རྡོ་རྗེ་དམིགས་པའི་ཁུ་ཚུར་གྱིས་སོ་ཞེས་བྱ་བ་ནི། རྡོ་རྗེ་ཁུ་ཚུར་གྱི་སྦྱོར་བ་ཇི་ལྟ་བ་བཞིན་དུ་བྱས་ལ། སྙིང་གའི་ཟླ་བ་ལ་རྡོ་རྗེ་རྩེ་ལྔ་པ་འབར་བའི་ཕྲེང་བ་ཀུན་དུ་འཁྲུགས་པའི་འོད་ཅན་རྣམ་པར་བསམས་ཏེ། འབར་བ་དེས་ཕྱོགས་བཅུའི་སྤྲིན་ལ་སོགས་པ་བསྒྲུབ་པར་བྱ་བ་གནོན་པར་བྱ་སྟེ།

འདི་ནི་རྡོ་རྗེ་དམིགས་པའི་ཁུ་ཚུར་གྱིས་ཐམས་ཅད་རེངས་པར་བྱའོ། །གཞན་གྱི་དཔུང་ཐམས་ཅད་ལྐུགས་པ་དང་འཕྱེ་བོར་བྱ་བ་ལ་ནི་རྡོ་རྗེ་ཆེན་པོ་འཕྱེ་བོའི་ཁུ་ཚུར་གྱིས་སོ་ཞེས་བྱ་བ་ནི། དེ་བཞིན་དུ་བཅོམ་ལྡན་འདས་ཀྱི་སྦྱོར་བ་བྱས་ལ། ཨ་ཧཱུཾ་ཞེས་ཟློས་ཤིང་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་བཅིངས་
ལ། རྡོ་རྗེ་ཧཱུཾ་མཛད་དུ་བདག་ཉིད་བསྒོམས་ལ། ཨ་པ་ར་སཻ་ནྱམ་མུ་ཁ་ཕག་ཀམ་ཀུ་རུ་ཧཱུཾ། ཞེས་ཁྲོས་པས་བཟླས་བརྗོད་བྱས་ལ། ཕྱག་རྒྱ་བཅིངས་ལ་དེ་ལས་རྡོ་རྗེ་ཁྲོ་བོ་རྣམས་སྤྲུལ་ཏེ། གཞན་གྱི་དཔུང་ཐམས་ཅད་ཚིག་དང་བྲལ་བས་ན་ལྐུགས་པ་དང་། རྐང་པ་འདེགས་པའི་ནུས་
པ་དང་བྲལ་བས་ན་གྲུམ་པོར་བྱ་བ་འདི་ནི་འཕྱེ་བོའི་ཁུ་ཚུར་རོ། །གཞན་གྱི་ཕྱག་རྒྱ་ཐམས་ཅད་ལས་སྒྲོལ་བ་ལ་ནི་རྡོ་རྗེ་ཐལ་མོའི་ཁུ་ཚུར་གྱིས་སོ་ཞེས་བྱ་བ་ནི་སྔ་མ་བཞིན་དུ་རྡོ་རྗེ་ཁུ་ཚུར་གྱི་སྦྱོར་བ་བྱས་ལ། ཨཱཿཞེས་བྱ་བ་ཟློས་ཤིང་། དམ་ཚིག་གི་རྡོ་རྗེའི་ཁུ་ཚུར་གྱི་མཐིལ་གཉིས་སུ་འཇིག་
རྟེན་དང་འཇིག་རྟེན་ལས་འདས་པའི་ཕྱག་རྒྱ་ཐམས་ཅད་ཡིད་ཀྱིས་བླངས་ལ། དགྲོལ་བ་དེ་ནི་རྡོ་རྗེ་ཐལ་མོའི་ཁུ་ཚུར་རོ། །རྡོ་རྗེ་མཁའ་འགྲོ་མ་ཐམས་ཅད་ཀྱི་ཕྱག་རྒྱ་གཞིག་པ་ལ་ནི་རྡོ་རྗེ་ཧཱུཾ་མཛད་ཀྱི་རྡོ་རྗེའི་ཁུ་ཚུར་གྱིས་སོ་ཞེས་བྱ་བ་ནི། དེ་བཞིན་དུ་རྡོ་རྗེ་ཁུ་ཚུར་སྦྱོར་བ་བྱས་ལ། ཨཱཿཧཱུཾ་ཞེས་བྱ་
བས་དཔལ་ཧེ་རུ་ཀར་བདག་ཉིད་རྣམ་པར་བསམས་ལ། དཔལ་ཁྲག་འཐུང་གི་རྡོ་རྗེའི་ཕྱག་རྒྱ་མཁའ་འགྲོ་མའི་ཕྱག་རྒྱའི་སྟེང་དུ་བབས་པར་འགྱུར་བར་བསམས་ཏེ། འདི་ནི་ཧཱུཾ་མཛད་ཀྱི་རྡོ་རྗེའི་ཁུ་ཚུར་རོ། །གདུག་པ་ཐམས་ཅད་ཀྱི་ཕྱག་རྒྱ་དབྱེ་བ་ལ་ནི་ཧཱུཾ་མཛད་ཀྱི་རྡོ་རྗེའི་ཁུ་ཚུར་གྱིས་སོ་
ཞེས་བྱ་བ་ནི། དེ་བཞིན་དུ་རྡོ་རྗེ་ཁུ་ཚུར་གྱི་སྦྱོར་བ་བྱས་ལ། ཨཱཿཧཱུཾ་ཞེས་བྱ་བ་དང་། རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་བཅིངས་ནས་རྡོ་རྗེ་ཧཱུཾ་མཛད་དུ་བདག་ཉིད་རྣམ་པར་བསམས་ཏེ། སྲིན་པོ་ལ་སོགས་པའི་གདུག་པ་ཐམས་ཅད་ཀྱི་ཕྱག་རྒྱ་དྲལ་བའི་བསམ་པས་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱས་མཁྲིག་མ་
བཅིང་བ་དྲལ་བར་བྱ་སྟེ། འདིས་ནི་རྡོ་རྗེ་ཧཱུཾ་མཛད་ཀྱི་ཁུ་ཚུར་ཏེ། ཇི་སྐད་དུ་བཤད་པའི་ལས་རྫོགས་པར་བྱེད་པའོ། །ཕྱག་རྒྱ་ཐམས་ཅད་བཅིང་བ་ལ་ནི་རྡོ་རྗེ་ཁུ་ཚུར་གྱི་ཁུ་ཚུར་གྱིས་སོ་ཞེས་བྱ་བ་ནི་སྔ་མ་བཞིན་དུ་རྡོ་རྗེ་ཁུ་ཚུར་གྱི་སྦྱོར་བ་བྱས་ལ། རྡོ་རྗེ་ཁུ་ཚུར་གྱིས་ལས་ཀྱི་ཕྱག་རྒྱ་བཅིངས་ནས།

ཕྱག་རྒྱ་ཆེན་པོ་ལ་སོགས་པའི་རིགས་ཐམས་ཅད་ཀྱི་ཕྱག་རྒྱ་རྣམས་དམ་ཚིག་གི་བཅིང་བས་བཅིངས་ནས་ཨ་ཞེས་བྱ་བ་ཟློས་པ་འདི་ནི་རྡོ་རྗེ་ཁུ་ཚུར་གྱི་ཁུ་ཚུར་ཏེ། ཕྱག་རྒྱ་ཐམས་ཅད་འཆིང་བའོ། །ཕྱག་རྒྱ་ཐམས་ཅད་རྡོ་རྗེར་བྱ་བ་ལ་ནི་རྡོ་རྗེ་ཁུ་ཚུར་གྱིས་སོ་ཞེས་བྱ་བ་ནི་སྔ་
མ་བཞིན་དུ་རྡོ་རྗེ་ཁུ་ཚུར་གྱི་སྦྱོར་བ་བྱས་ལ། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་ཡན་ལག་དང་ཉིང་ལག་ཐམས་ཅད་བྱུག་ཅིང་ཨ་ཞེས་བྱ་བ་ཟློས་པ་འདི་ནི་རྡོ་རྗེ་ཁུ་ཚུར་ཏེ། ཕྱག་རྒྱ་ཆེན་པོ་རྡོ་རྗེར་བྱེད་པའོ། །ཐམས་ཅད་རྒྱས་གདབ་པ་ལ་ནི་རྡོ་རྗེ་མ་མོའི་ཁུ་ཚུར་གྱིས་སོ་ཞེས་བྱ་བ་ནི་དེ་བཞིན་དུ་རྡོ་རྗེ་
ཁུ་ཚུར་གྱི་སྦྱོར་བ་བྱས་ལ། ཨ་ཞེས་བྱ་བ་དང་བསྒྲུབ་པར་བྱ་བ་རྒྱས་གདབ་པའི་བསམ་པས་རྡོ་རྗེ་ཁུ་ཚུར་གཉིས་ཁར་གཞག་པ་འདི་ནི་རྡོ་རྗེ་མ་མོའི་ཁུ་ཚུར་ཏེ། དེས་སེམས་ཅན་ཐམས་ཅད་རྒྱས་འདེབས་པའོ། །ཐམས་ཅད་ཕྱེ་མར་བྱ་བ་ལ་ནི་རྡོ་རྗེ་བཟང་པོའི་ཁུ་ཚུར་གྱིས་སོ་ཞེས་བྱ་
བ་ནི་སྔ་མ་བཞིན་དུ་རྡོ་རྗེ་ཁུ་ཚུར་གྱི་སྦྱོར་བ་བྱས་ལ། བདུད་ལ་སོགས་པ་ཕྱེ་མར་བྱ་བའི་བསམ་པས་དམ་ཚིག་རྡོ་རྗེའི་ཁུ་ཚུར་བཅིངས་ལ། ཡིད་ཀྱིས་བསྒྲུབ་པར་བྱ་བའི་སྟེང་དུ་བཞག་ནས། ས་ལ་བཙིར་ཏེ་རྡོ་རྗེ་འབར་བས་བསྒྲུབ་པར་བྱ་བ་ཐལ་བར་བྱས་པར་གྱུར་པར་བསམ་ཞིང་། ཨ་ཧཱུཾ་
ཞེས་བྱ་བའི་བཟླས་བརྗོད་བྱ་བ་འདི་ནི་རྡོ་རྗེ་བཟང་པོའི་ཁུ་ཚུར་ཏེ་ཐམས་ཅད་ཕྱེ་མར་བྱེད་པའོ། །ཐམས་ཅད་རྣམ་པར་གཞིག་པ་ལ་ནི་རྡོ་རྗེ་གདུག་པའི་ཁུ་ཚུར་གྱིས་སོ་ཞེས་བྱ་བ་ནི་སྔ་མ་བཞིན་དུ་རྡོ་རྗེ་ཁུ་ཚུར་གྱི་སྦྱོར་བ་བྱས་ལ། གདུག་པ་རྣམས་ཀྱི་དཀྱིལ་འཁོར་གཞིག་པའི་བསམ་པས་
གཡོན་པའི་རྡོ་རྗེ་ཁུ་ཚུར་གྱི་རྒྱབ་ཏུ་གཡས་པའི་རྡོ་རྗེ་ཁུ་ཚུར་ཁ་བཀན་ཏེ་བཞག་ནས། དབུས་སུ་གདུག་པའི་དཀྱིལ་འཁོར་བསམས་ལ། གཡོན་དུ་བལྟ་བ་དང་བཅས་པ་ཉིད་ཀྱིས་གཡོན་པའི་ཁུ་ཚུར་མངོན་དུ་ཕྱོགས་པར་བྱས་ཏེ། གཅིག་ལ་གཅིག་བཙིར་བར་བྱ་བ་འདི་ནི་རྡོ་རྗེ་གདུག་
པའི་ཁུ་ཚུར་ཏེ་ཐམས་ཅད་རྣམ་པར་འཇིག་པར་བྱེད་པའོ། །ཐམས་ཅད་དབྱེ་བ་དང་རྣམ་པར་གཞོལ་བ་ལ་ནི་དབང་པོའི་རྡོ་རྗེའི་ཁུ་ཚུར་གྱིས་སོ་ཞེས་བྱ་བ་ནི་འཕགས་པ་དེ་ཁོ་ན་ཉིད་བསྡུས་པ་ལས་གསུངས་པའི་ཕྱིར་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ་གཡས་པའི་ཁུ་ཚུར་གྱི་སྟེང་དུ་གཡོན་

པའི་ཁུ་ཚུར་བཞག་པ་འདི་ནི་དབང་པོའི་རྡོ་རྗེའི་ཁུ་ཚུར་ཏེ་འདི་བཅིངས་ལ་སྟང་སྟབས་དང་བཅས་པས་བསྒྲུབ་པར་བྱ་བའི་སྟེང་དུ་འཕང་ཞིང་ཨ་ཧཱུཾ་ཞེས་ཟློས་ཤིང་རྡོ་རྗེ་འབར་བས་བསྒྲུབ་པར་བྱ་བ་རྣམ་པར་གཞོམ་པར་བསམ་པར་བྱའོ། །དེ་ལྟ་བུའི་དབང་པོའི་རྡོ་རྗེའི་ཁུ་ཚུར་གྱིས་ནི་
ཐམས་ཅད་དབྱེ་བ་དང་རྣམ་པར་འཇོམས་པར་བྱེད་པའོ། །ཆུའི་ནང་དུ་གནས་ཤིང་འཆག་པ་ལ་ནི། རྡོ་རྗེ་རྣོན་པོའི་ཁུ་ཚུར་གྱིས་སོ་ཞེས་བྱ་བ་ནི། བཅོམ་ལྡན་འདས་རྡོ་རྗེ་ཁུ་ཚུར་གྱི་སྦྱོར་བ་བྱས་ལ། དང་པོའི་རྡོ་རྗེ་ལ་མཛུབ་མོ་གཉིས་བཀུག་སྟེ། གུང་མོ་གཉིས་ཀྱི་སྟེང་དུ་མཐེ་བོས་
སེན་མོ་མནན་ལ། མིག་གི་འབྲས་བུ་ལྟར་བྱས་ནས་སྲིན་ལག་དང་མཐེའུ་ཆུང་གཉིས་མཉམ་པོར་བརྐྱང་བ་འདི་བཅིངས་ལ་འཆག་ཅིང་འགྲོ་བས་རང་གི་ཕྱག་རྒྱ་ལས་བྱུང་བའི་རྡོ་རྗེ་འབར་བས་ཆུ་སྟེང་དུ་བཏེག་སྟེ། ཆུའི་ནང་དུ་གནས་ཤིང་འཆག་པར་བྱ་བ་འདི་ནི་རྡོ་རྗེ་རྣོན་པོའི་ཁུ་ཚུར་ཏེ།
བཟླས་བརྗོད་ནི་ཨ་ལམ་ཞེས་བརྗོད་པར་བྱའོ། །གཟུགས་མང་པོར་སྟོན་པ་ལ་ནི་སྣ་ཚོགས་རྡོ་རྗེའི་ཁུ་ཚུར་གྱིས་སོ་ཞེས་བྱ་བ་ནི་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། གཡོན་པའི་མཐེ་བོའི་སྦུབས་སུ་གཡས་པའི་མཛུབ་མོ་བཅུག་པ་ནི་སྣ་ཚོགས་རྡོ་རྗེའི་ཁུ་ཚུར་ཏེ་འདི་བཅིངས་ལ་ཧྲཱིཿཏ་
ཞེས་བཟླས་བརྗོད་བྱས་ནས་གཟུགས་ཐམས་ཅད་ཡང་དག་པར་སྟོན་པའི་ཏིང་ངེ་འཛིན་བསྒོམ་པར་བྱ་སྟེ། དེ་ལྟ་བུས་ནི་གཟུགས་མང་པོ་སྟོན་པར་འགྱུར་རོ། །མི་སྣང་བའི་དངོས་གྲུབ་ལ་ནི་མི་སྣང་བའི་རྡོ་རྗེའི་ཁུ་ཚུར་གྱིས་སོ་ཞེས་བྱ་བ་ནི། དེ་བཞིན་དུ་རྡོ་རྗེ་ཁུ་ཚུར་གྱི་སྦྱོར་བས་ཨ་ཁཾ་
ཞེས་ཟློས་ཤིང་རྡོ་རྗེ་རྣོན་པོའི་ཁུ་ཚུར་བཅིངས་ལ་བདག་ཉིད་ནམ་མཁའ་དང་འདྲ་བར་བསྒོམས་ན་མི་སྣང་བར་གྱུར་ཏེ། འདི་ནི་མི་སྣང་བའི་རྡོ་རྗེ་ཁུ་ཚུར་རོ། །རྒྱུ་བ་དང་མི་རྒྱུ་བའི་དངོས་པོ་རྣམས་འབྱུང་བ་ལ་ནི་རྡོ་རྗེ་ནམ་མཁའི་ཁུ་ཚུར་གྱིས་སོ་ཞེས་བྱ་བ་ནི། བཅོམ་ལྡན་འདས་རྡོ་རྗེ་ཁུ་ཚུར་
གྱི་སྦྱོར་བ་བྱས་ལ། ཨཱཿཏྲཾ་ཞེས་ཟློས་ཤིང་བདག་ཉིད་ནམ་མཁའི་སྙིང་པོའི་རྣམ་པར་བསམས་ནས། འཕགས་པ་ནམ་མཁའི་སྙིང་པོའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། ནམ་མཁའ་ལས་དངོས་པོ་ཐམས་ཅད་བསྐྱེད་པར་བྱ་བ་ནི་རྡོ་རྗེ་ནམ་མཁའི་ཁུ་ཚུར་ཏེ་དངོས་པོ་ཐམས་ཅད་སྐྱེད་

པར་བྱེད་པའོ། །ནམ་མཁའ་ལ་འགྲོ་བའི་དངོས་གྲུབ་ལ་ནི་རྡོ་རྗེ་བསྡམས་པའི་ཁུ་ཚུར་གྱིས་སོ་ཞེས་བྱ་བ་ནི། བཅོམ་ལྡན་འདས་རྡོ་རྗེ་ཁུ་ཚུར་གྱི་སྦྱོར་བས་རྡོ་རྗེ་བསྡམས་པ་བཅིངས་ལ་རང་གི་གནས་ནས་རི་རབ་ཀྱི་བར་དུ་ཇི་སྲིད་མངོན་པར་འདོད་པའི་གནས་སུ་འགྲོ་
བར་བྱ་བའི་ཕྱིར། རྡོ་རྗེ་སྐས་ཀྱི་གདང་བུ་རྣམ་པར་བསམས་ལ། དེ་ལ་འཛེགས་ནས་འགྲོ་ན། དེ་ལྟ་བུས་ནི་ནམ་མཁའ་ལ་འགྲོ་བར་འགྱུར་ཏེ། འདི་ནི་རྡོ་རྗེ་བསྡམས་པའི་ཁུ་ཚུར་ནམ་མཁའ་ལ་འགྲོ་བ་སྟེར་བར་བྱེད་པའོ། །རིག་པ་འཛིན་པའི་དངོས་གྲུབ་ལ་ནི་རྡོ་རྗེ་རལ་གྲིའི་ཁུ་ཚུར་གྱིས་
སོ་ཞེས་བྱ་བ་ནི། རྡོ་རྗེ་རལ་གྲིའི་ཁུ་ཚུར་ནི་འཕགས་པ་འཇམ་དཔལ་གྱི་ཕྱག་རྒྱ་ཆེན་པོ་སྟེ། དེ་བཅིངས་ལ་ཨ་ཞེས་བྱ་བ་ཟློས་ཤིང་། རལ་གྲི་འཛིན་པའི་རིག་པ་འཛིན་པར་བདག་ཉིད་བསྒོམས་ན། བསྒྲུབ་པ་གྲུབ་ནས་རལ་གྲི་འཛིན་པའི་རིག་པ་འཛིན་པར་འགྱུར་རོ། །དེ་བཞིན་གཤེགས་
པ་ཐམས་ཅད་ལ་མཆོད་པའི་དངོས་གྲུབ་ལ་ནི། རྡོ་རྗེ་དེ་ལས་ཀྱི་ཁུ་ཚུར་གྱིས་སོ་ཞེས་བྱ་བ་ནི། བཅོམ་ལྡན་འདས་རྡོ་རྗེ་ཁུ་ཚུར་གྱི་སྦྱོར་བ་བྱས་ལ། ཨ་ཞེས་བྱ་བ་ཟློས་ཤིང་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་སྣ་ཚོགས་རྡོ་རྗེ་བླངས་ལ། མཆོད་པ་མ་ལུས་ཤིང་ལུས་པ་མེད་པས་དེ་བཞིན་གཤེགས་པ་
ཐམས་ཅད་ལ་མཆོད་པ་ཡིད་ཀྱིས་བྱ་སྟེ། འདི་ནི་རྡོ་རྗེ་ལས་ཀྱི་ཁུ་ཚུར་གྱིས་མཆོད་པ་ཐམས་ཅད་རབ་ཏུ་སྒྲུབ་པར་བྱེད་པའོ། །ཐམས་ཅད་མཁྱེན་པའི་དངོས་གྲུབ་ལ་ནི་རྡོ་རྗེ་ཡེ་ཤེས་ཀྱི་ཁུ་ཚུར་གྱིས་སོ་ཞེས་བྱ་བ་ནི། པདྨའི་དམ་ཚིག་གི་ཕྱག་རྒྱས་རྡོ་རྗེ་པདྨ་འཛིན་པ་ནི་རྡོ་རྗེ་ཡེ་ཤེས་ཀྱི་ཁུ་ཚུར་ཏེ་
འདི་བཅིངས་ལ་ཨ་ཞེས་བྱ་བ་ཟློས་ཤིང་ཆོས་ཐམས་ཅད་རང་བཞིན་གྱིས་དག་པའོ་ཞེས་བསྒོམས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོབ་པར་འགྱུར་ཏེ། དེས་ན་འདི་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་འགྲུབ་པར་འགྱུར་རོ། །ནོར་ཐམས་ཅད་ཀྱི་དངོས་གྲུབ་ལ་ནི་རྡོ་རྗེ་ནོར་གྱི་ཁུ་ཚུར་གྱིས་སོ་ཞེས་བྱ་
བ་ནི། རིན་པོ་ཆེའི་དམ་ཚིག་གི་ཁུ་ཚུར་གྱིས་རྡོ་རྗེ་རིན་པོ་ཆེ་འཛིན་པ་ནི་རྡོ་རྗེ་ནོར་གྱི་ཁུ་ཚུར་ཏེ། འདི་བཅིངས་ལ་བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་རིན་ཆེན་དུ་བདག་ཉིད་བསྒོམས་ན་ནོར་ཐམས་ཅད་ཀྱི་དངོས་གྲུབ་འགྲུབ་པར་འགྱུར་རོ། །ཕྱག་རྒྱ་ཐམས་ཅད་ཀྱི་བདག་པོ་ཉིད་ལ་ནི་རྡོ་རྗེ་ཁུ་ཚུར་གྱིས་

སོ་ཞེས་བྱ་བ་ནི། རྡོ་རྗེ་ཁུ་ཚུར་གྱི་དམ་ཚིག་གི་ཕྱག་རྒྱས་རྡོ་རྗེ་རྩེ་ལྔ་པ་འཛིན་པ་ནི་རྡོ་རྗེའི་ཕྱག་རྒྱའི་ཁུ་ཚུར་ཏེ། འདིས་ཕྱག་རྒྱ་ཐམས་ཅད་ཀྱི་བདག་པོ་ཉིད་དུ་འགྱུར་རོ། །ལས་ཐམས་ཅད་ཀྱི་དངོས་གྲུབ་ལ་ནི་རྡོ་རྗེ་ཐམས་ཅད་ཀྱི་ཁུ་ཚུར་གྱིས་སོ་ཞེས་བྱ་བ་ནི། ལས་ཐམས་ཅད་པའི་ཕྱག་རྒྱ་
ནི་རྡོ་རྗེ་ཐམས་ཅད་ཀྱི་ཁུ་ཚུར་ཏེ། འདིས་སངས་རྒྱས་ཀྱི་སྤྲུལ་པ་རྣམས་དང་། སེམས་ཅན་གྱི་དོན་བྱ་བའི་མཚན་ཉིད་ཅན་གྱི་ལས་ཐམས་ཅད་འགྲུབ་པར་འགྱུར་རོ། །དཀྱིལ་འཁོར་ཐམས་ཅད་ཀྱི་དངོས་གྲུབ་ལ་ནི་རྡོ་རྗེ་འཛིན་པའི་ཁུ་ཚུར་གྱིས་སོ་ཞེས་བྱ་བ་ནི་ཏིང་ངེ་འཛིན་རྡོ་རྗེའི་ཕྱག་རྒྱ་
ཆེན་པོ་ནི་རྡོ་རྗེ་འཛིན་པའི་ཁུ་ཚུར་ཏེ། དེས་དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར་རོ། །བདག་ཉིད་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་སྟོན་པ་ལ་ནི་རྡོ་རྗེ་ལྗགས་ཀྱི་མཆོག་གི་ཁུ་ཚུར་གྱིས་སོ་ཞེས་བྱ་བ་ནི། རྡོ་རྗེ་སྨྲ་བའི་ཕྱག་རྒྱ་ཆེན་པོ་ནི་རྡོ་རྗེ་ལྗགས་ཀྱི་མཆོག་
གི་ཁུ་ཚུར་ཏེ། དེ་བཅིངས་ལ་ཨ་ཞེས་བྱ་བས་ལྕེ་ལ་དབབ་པར་བྱས་ན། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ཐམས་ཅད་སྟོན་པར་འགྱུར་རོ། །རྡོ་རྗེ་འཛིན་པ་ཉིད་ལ་ནི་རྡོ་རྗེ་བསྙེམས་པའི་ཁུ་ཚུར་གྱིས་སོ་ཞེས་བྱ་བ་ནི། རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་ནི་རྡོ་རྗེ་བསྙེམས་པའི་
ཁུ་ཚུར་ཏེ། འདི་བཅིངས་ལ་ཨ་ཞེས་བྱ་བ་ཟློས་ཤིང་རྡོ་རྗེ་སེམས་དཔར་བདག་ཉིད་བསྒོམས་ན་རྡོ་རྗེ་འཛིན་པ་ཉིད་དུ་འགྱུར་རོ། །སངས་རྒྱས་པ་ཉིད་ལ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཁུ་ཚུར་གྱིས་སོ་ཞེས་བྱ་བ་ལ། བྱང་ཆུབ་མཆོག་གི་ཕྱག་རྒྱ་ནི། དེ་བཞིན་གཤེགས་པ་
ཐམས་ཅད་ཀྱི་རྡོ་རྗེ་ཁུ་ཚུར་ཏེ། འདི་བཅིངས་ལ་ཨ་ཞེས་བྱ་བ་ཟློས་ཤིང་རྣམ་པར་སྣང་མཛད་དུ་བདག་ཉིད་བསྒོམ་པ་ཇི་སྲིད་དེའི་སྐུར་བདག་ཉིད་མཐོང་གི་བར་དུ་བསྒོམ་པར་བྱའོ། །དེ་ནས་གྲུབ་པས་རྣམ་པར་སྣང་མཛད་དང་འདྲ་བར་འགྱུར་རོ། །ཕྱག་རྒྱ་ཐམས་ཅད་ཀྱི་ཁུ་ཚུར་གྱི་དམ་ཚིག་
ཅེས་བྱ་བ་ལ། དེ་བཞིན་ཉིད་ནི་ཕྱག་རྒྱ་ཐམས་ཅད་ཀྱི་ཁུ་ཚུར་རོ། །དེའི་དམ་ཚིག་ནི་དེ་ལས་བྱུང་བའི་རྡོ་རྗེ་ཁུ་ཚུར་གྱི་དཀྱིལ་འཁོར་ཏེ། མིང་དེ་སྐད་ཅེས་བྱ་བའི་རྟོག་པའི་རྒྱལ་པོ་རྫོགས་པ་སྟེ། དེ་ལྟར་བཅོམ་ལྡན་འདས་རྡོ་རྗེ་ཁུ་ཚུར་གྱི་རྟོག་པའི་རྒྱལ་པོའི་བཤད་པ་རྫོགས་སོ།། །།ད་ནི་

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་པས་གསང་སྔགས་རྣམ་པར་འགྲུབ་པར་འགྱུར་རོ་ཞེས་བྱ་བ་འདིའི་དོན་བསྟན་པར་བྱ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཙོ་བོར་གྱུར་པ་འཁོར་ལོ་ལྟར་ཡི་གེ་བསྐོར་བའི་རྟོག་པའི་རྒྱལ་པོའི་བཤད་པ་ནི། དེ་ནས་ཞེས་
བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་པ་སྟེ། སྔར་བཤད་པའི་འདོད་པའི་ཁམས་ཐམས་ཅད་ཀྱི་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་གནས་སུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་བཞུགས་པ་དང་། དེའི་རྗེས་ཐོགས་ཉིད་ལ་འཁོར་ལོ་ལྟར་ཡི་གེ་
བསྐོར་བ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་གསུངས་སོ། །ཆོས་ཐམས་ཅད་སྤྲོས་པ་མེད་པའི་དེ་བཞིན་གཤེགས་པས་ཞེས་བྱ་བ་ལ། ཆོས་ཐམས་ཅད་ནི་བྱང་ཆུབ་ཀྱི་སེམས་ཆེན་པོ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་
འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཀུན་གཞིའི་རྣམ་པར་ཤེས་པ་དང་། ཉོན་མོངས་པ་ཅན་གྱི་ཡིད་དང་། སོ་སོར་རྟོག་པར་བྱེད་པའི་ཡིད་ཀྱི་རྣམ་པར་ཤེས་པ་དང་། གང་རྣམ་པར་མི་རྟོག་པའི་ཡིད་ཀྱི་རྣམ་པར་ཤེས་པ་དང་། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་ཀྱི་རྣམ་པར་ཤེས་པ་
འདི་དག་གི་ཡུལ་རྣམས་དང་། མེ་ལོང་ལྟ་བུའི་ཡེ་ཤེས་དང་། མཉམ་པ་ཉིད་དང་། སོ་སོར་རྟོག་པ་དང་། བྱ་བ་གྲུབ་པའི་ཡེ་ཤེས་དང་། ངོ་བོ་ཉིད་ཀྱི་སྐུ་དང་། རྣམ་པར་མི་རྟོག་པའི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུ་དང་། དེ་བཞིན་གཤེགས་པའི་རིགས་དང་། རྡོ་རྗེ་དང་།
པདྨ་དང་། རིན་པོ་ཆེ་དང་། ལས་ཀྱི་རིགས་རྣམས་དང་། དེ་རྣམས་ལ་སྤྲོས་པ་ནི་རྣམ་པར་རྟོག་པ་རྣམས་སོ། །མ་སྤྲོས་པ་ནི་སྤྲོས་པ་མེད་པ་སྟེ། བྱང་ཆུབ་ཀྱི་སེམས་ལ་སོགས་པར་རྣམ་པར་རྟོག་པ་མེད་པའོ། །དེ་གང་ལ་ཡོད་པ་དེ་ནི་ཆོས་ཐམས་ཅད་སྤྲོས་པ་མེད་པ་སྟེ། གཟུང་བ་དང་འཛིན་
པའི་རྣམ་པར་རྟོག་པ་དང་བྲལ་ཞིང་གཉིས་སུ་མེད་པའི་ཆོས་ཀྱི་དབྱིངས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་དོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་བཤད་ཟིན་ཏོ། །འཁོར་ལོ་ལྟར་ཡི་གེ་བསྐོར་བ་ཞེས་བྱ་བ་ནི་ཨ་ར་པ་ཙ་ལ་སོགས་པའི་ཡི་གེ་རྣམས་འཁོར་ལོ་ལྟར་ཡོངས་སུ་བསྐོར་

ཞིང་། མངོན་སུམ་དུ་གྱུར་པ་གང་ལ་ཐོས་པ་དང་། བསམ་པ་དང་། བསྒོམ་པའི་རང་བཞིན་གྱིས་ཤེས་པས་མངོན་སུམ་དུ་བྱས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གང་ཡིན་པ་དེ་ནི་འཁོར་ལོ་ལྟར་ཡི་གེ་བསྐོར་བ་ཞེས་བྱ་སྟེ། མིང་དེ་སྐད་ཅེས་བྱ་བ་གསུངས་པའོ། །ངོ་བོ་ཉིད་
མེད་པའི་ཚུལ་གྱིས་ཆོས་ཐམས་ཅད་སྟོང་པའོ་ཞེས་བྱ་བ་ལ། ཆོས་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན། ཆོས་ཐམས་ཅད་དེ། བྱང་ཆུབ་ཀྱི་སེམས་དང་། མེ་ལོང་ལྟ་བུའི་ཡེ་ཤེས་དང་། ཀུན་གཞིའི་རྣམ་པར་ཤེས་པ་དང་། ངོ་བོ་ཉིད་ཀྱི་སྐུ་དང་། དེ་བཞིན་གཤེགས་པའི་རིགས་ཀྱི་ངོ་བོ་
ཉིད་རྣམས་ཏེ། དེ་ནི་དོན་དམ་པར་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་སྟོན་པའོ། །དོན་འདི་ཉིད་བསྟན་པར་བྱ་བའི་ཕྱིར་ངོ་བོ་ཉིད་མེད་པའི་ཚུལ་གྱིས་ཞེས་བྱ་བ་གསུངས་ཏེ། རྟག་ཏུ་ངོ་བོ་ཉིད་དང་བྲལ་བའི་རང་བཞིན་ནི་ངོ་བོ་ཉིད་མེད་པའོ། །དེའི་ཚུལ་གྱིས་ཞེས་བྱ་བ་ནི་དེ་བཞིན་དུ་རོ་
གཅིག་པ་ཉིད་དེ། ངོ་བོ་ཉིད་མེད་པའི་ཚུལ་དེས་ཇི་སྐད་དུ་བཤད་པའི་ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་གྱི་ཀུན་རྫོབ་ཏུ་ནི་ཡོད་བཞིན་པའོ་ཞེས་སྟོན་པ་ཡིན་ནོ། །མཚན་མ་མེད་པའི་ཚུལ་གྱིས་ཆོས་ཐམས་ཅད་མཚན་མ་མེད་པའོ་ཞེས་བྱ་བ་ལ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། མཉམ་པ་ཉིད་ཀྱི་ཡེ་
ཤེས་དང་། ཉོན་མོངས་པ་ཅན་གྱི་ཡིད་དང་། རྣམ་པར་སྨིན་པའི་སྐུ་དང་། རིན་པོ་ཆེའི་རིགས་ནི་ཆོས་ཐམས་ཅད་དོ། །དེ་རྣམས་ཀྱི་མཚན་མ་ནི་བདག་ལ་སོགས་པར་རྣམ་པར་རྟོག་པའི་བག་ཆགས་ཏེ། རྣམ་པར་ཤེས་པ་སྐྱེད་པར་བྱེད་པའི་རྒྱུའོ། །མཚན་མར་མི་འཛིན་པས་ན་མཚན་མ་
མེད་པ་སྟེ། དོན་དམ་པར་རྣམ་པར་ཤེས་པ་སྐྱེད་པར་བྱེད་པའི་རྒྱུ་མེད་དོ་ཞེས་བྱ་བའི་དོན་ཏོ། །དོན་འདི་ཉིད་བསྟན་པར་བྱ་བའི་ཕྱིར་མཚན་མ་མེད་པའི་ཚུལ་གྱིས་ཞེས་བྱ་བ་གསུངས་ཏེ། མཚན་མ་དང་བྲལ་བས་ན་མཚན་མ་མེད་པ་སྟེ། རྣམ་པར་ཤེས་པ་སྐྱེད་པར་བྱེད་པའི་རྒྱུ་དང་བྲལ་བས་
མཚན་མ་མེད་པའོ། །དེ་ཉེ་བར་བཟུང་བ་ནི་རྒྱུར་བྱས་པ་སྟེ། ཇི་སྐད་དུ་བཤད་པའི་ཆོས་ཐམས་ཅད་མཚན་མ་མེད་པ་རྣམས་སོ། །སྨོན་པ་མེད་པའི་ཚུལ་གྱིས་ཆོས་ཐམས་ཅད་དེ། སྨོན་པ་མེད་པའོ་ཞེས་བྱ་བ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སོ་སོར་རྟོག་པའི་ཡེ་ཤེས་དང་།

རྟོག་པ་དང་བཅས་པ་དང་། རྟོག་པ་མེད་པའི་ཡིད་ཀྱི་རྣམ་པར་ཤེས་པ་དང་། ལོངས་སྤྱོད་རྫོགས་པའི་སྐུ་དང་། པདྨའི་རིགས་ནི་ཆོས་ཐམས་ཅད་དོ། །སྨོན་པ་ནི་གསོལ་བ་འདེབས་པ་སྟེ། འདོད་པའི་དབང་ཕྱུག་ཏུ་འགྱུར་བར་བགྱིའོ་ཞེས་བྱ་བ་ལ་སོགས་པ་དངོས་པོ་
ལ་མངོན་པར་ཞེན་པས་སྨོན་པའོ། །སྨོན་པ་མེད་པ་ནི་མཚན་མ་མེད་པའི་ཕྱིར་ཏེ། དེ་ལྟར་དངོས་པོ་ལ་མངོན་པར་མི་ཞེན་པའོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། སྨོན་པ་མེད་པའི་ཚུལ་གྱིས་ཞེས་བྱ་བ་གསུངས་ཏེ། སྨོན་པ་ནི་སྨོན་ལམ་རྣམས་ཏེ། དངོས་པོར་འཛིན་པ་ལ་མངོན་པར་
ཞེན་པས་འདོད་པའི་ཁམས་ཀྱི་དབང་ཕྱུག་ལ་སོགས་པར་གསོལ་བ་འདེབས་པའོ། །སྨོན་པར་མི་བྱེད་པས་ན་སྨོན་པ་མེད་པ་སྟེ། དངོས་པོར་འཛིན་པ་མེད་པས་གསོལ་བ་མི་འདེབས་པའོ། །དེའི་ཚུལ་གྱིས་ཞེས་པ་ནི་སྨོན་པ་མེད་པ་ཉིད་དེ། དེས་ན་ཆོས་དེ་རྣམས་སྨོན་པ་མེད་པའོ། །
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པས་ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བའོ་ཞེས་བྱ་བ་ལ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བྱ་བ་གྲུབ་པའི་ཡེ་ཤེས་དང་། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་ཀྱི་རྣམ་པར་ཤེས་པ་དང་། སྤྲུལ་པའི་སྐུ་དང་། ལས་
ཀྱི་རིགས་ནི་ཆོས་ཐམས་ཅད་དོ། །དེ་རྣམས་ནི་རང་བཞིན་ཞེས་བྱ་བ་ངོ་བོ་ཉིད་ཀྱིས་མུན་པ་དང་བྲལ་བ་ནི་རང་བཞིན་གྱིས་འོད་གསལ་བ་སྟེ། དོན་དམ་པར་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའོ། །དེ་ཅིའི་ཕྱིར་ཞེ་ན། མི་བདེན་པ་ཡོངས་སུ་བརྟགས་པ་རྣམས་ནི་དོན་དམ་པར་གདོད་མ་ནས་
མ་སྐྱེས་པ་ཡིན་པའི་ཕྱིར་རོ། །འདི་ཉིད་བསྟན་པར་བྱ་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ཞེས་བྱ་བ་གསུངས་ཏེ། གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་བག་ཆགས་དང་བཅས་པ་དང་བྲལ་བའི་ཡེ་ཤེས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེའི་རྣམ་པར་
དག་པ་ནི་དེ་བཞིན་ཉིད་དེ། དེ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་གང་ཡིན་པ་དེ་ཉིད་ནི་ཆོས་ཐམས་ཅད་རྣམ་པར་དག་པ་ཡིན་ཏེ། གང་གི་ཕྱིར་ཆོས་ཐམས་ཅད་གང་ཡིན་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་ཆོས་

ཐམས་ཅད་ཡིན་ཏེ། དེ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པས་ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བའོ། །ཚིག་དེ་དག་གིས་ནི་རིམ་པ་བཞིན་དུ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། རང་བཞིན་གྱིས་འོད་
གསལ་བ་རྣམས་གསུངས་པ་ཡིན་ནོ། །དེ་ལྟར་ན་དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས་བརྩམས་ཏེ། རང་བཞིན་གྱིས་འོད་གསལ་བའོ་ཞེས་བྱ་བའི་བར་གྱིས་བཤད་པས་ནི་ཏིང་ངེ་འཛིན་དང་པོ་གསུངས་པ་ཡིན་ནོ། །ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་ཏིང་ངེ་འཛིན་གཉིས་པ་
གསུངས་པ་ཡིན་ཏེ། རལ་གྲི་དེས་ཞེས་བྱ་བ་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། རང་བཞིན་གྱིས་འོད་གསལ་བར་སྟོན་པར་བྱེད་པའི་རལ་གྲི་བཞི་ཕྱག་བཞིས་ཡོངས་སུ་བཟུང་བས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ལ་འདེབས་
ཤིང་ཞེས་བྱ་བ་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་དངོས་པོ་མེད་པའི་ངོ་བོ་ཉིད་དུ་བསྒོམས་པས་མི་སྣང་བར་བྱས་པ་སྟེ། གང་གི་ཕྱིར་འདིར་ཡང་དེ་བཞིན་གཤེགས་པ་ནི་ཆོས་ཀྱི་སྐུ་ཡིན་
པར་བལྟའོ། །ཤེས་རབ་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ནི་གཙོ་བོར་གྱུར་པས་ན། མཆོག་སྟེ་བླ་ན་མེད་པའི་ཡེ་ཤེས་ཀྱི་ཚུལ་གྱིས་དེ་ལས་བྱུང་བས་ན། ཨ་ཞེས་བྱ་བའི་ཡི་གེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་ཞེས་བྱའོ། །འདི་ཞེས་བྱ་བ་
ནི་བློ་ལ་བཞག་ནས་སྨྲས་པའོ། །གསུངས་སོ་ཞེས་བྱ་བ་ནི་དེ་བཀའ་སྩལ་པ་སྟེ། ཨ་ཞེས་བྱ་བའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་གོ་བར་ཟད་དོ། །དང་པོའི་དཀྱིལ་འཁོར་གྱི་ཚུལ་གྱིས་བཞུགས་སོ་ཞེས་བྱ་བ་ནི། རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དང་འདྲ་བར་བཅོམ་ལྡན་འདས་
འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱོགས་དང་མཚམས་རྣམས་ནས་ཡོངས་སུ་བསྐོར་ཏེ་བཞུགས་པའོ། །དེ་ལྟར་ན་བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་ནས་བརྩམས་ཏེ་བཞུགས་སོ་ཞེས་བྱ་བའི་བར་གྱིས་བཤད་པས་ནི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །

དེ་ནས་འདུས་པ་མཛད་པ་སྔོན་དུ་འགྲོ་བ་ནས་བརྩམས་ཏེ་གསུམ་པ་ཡིན་པར་ཤེས་པར་བྱའོ། །དེ་ནས་ད་ནི་དམ་ཚིག་དང་དབང་བསྐུར་བ་ཐོབ་པ་རྣམས་ཀྱིས་བཟླས་བརྗོད་དང་བསྒོམ་པར་བྱའོ་ཞེས་བྱ་བ་འདིའི་ཆོ་ག་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་
སོགས་པས་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་། སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པར་གསུངས་པ་ཡིན་ནོ། །དེ་ནས་ཞེས་བྱ་བའི་སྒྲ་ནི་སྔ་མ་བཞིན་ཏེ། དཀྱིལ་འཁོར་གྱི་རྣམ་པ་ལ་ཐུགས་རྩེ་གཅིག་ཏུ་མཛད་པའི་རྗེས་ཐོགས་ཉིད་ལའོ། །ཆོས་ཐམས་ཅད་ཅེས་བྱ་བ་ལ་
སོགས་པ་ལ། ཆོས་ཀྱང་ཡིན་ལ་ཐམས་ཅད་ཡིན་པས་ན་ཆོས་ཐམས་ཅད་དེ། བྱང་ཆུབ་ཀྱི་སེམས་ཆེན་པོ་ལ་སོགས་པ་ཆོས་རྣམ་པ་བཞིའོ། །དེ་རྣམས་ཀྱི་རང་གི་རང་བཞིན་ནི་ངོ་བོ་ཉིད་དེ། དེ་བཞིན་ཉིད་ལ་སོགས་པའོ། །དེས་སྤྲོས་པ་མེད་པ་ནི་རྣམ་པར་མི་རྟོག་པ་སྟེ། བྱང་ཆུབ་ཀྱི་
སེམས་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམས་དེ་བཞིན་ཉིད་དུ་རོ་གཅིག་པས་རྣམ་པར་མི་རྟོག་པ་ཞེས་བྱ་བའི་དོན་ཏོ། །དེ་ལས་བྱུང་བའི་འཕགས་པ་འཇམ་དཔལ་གྱི་དཀྱིལ་འཁོར་ནི་རྣམ་པར་རྟོག་པ་
ཐམས་ཅད་རྣམ་པར་འཇིག་པའི་རྒྱུར་གྱུར་པས་རལ་གྲི་དང་འདྲ་བས་ན། རལ་གྲི་ཞེས་བྱ་བ་དང་། རལ་གྲིའི་ཕྱག་རྒྱ་ཉེ་བར་མཚོན་པས་རལ་གྲི་སྟེ། དེ་ལ་དམིགས་པས་ན་མིང་དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཤིང་མངོན་སུམ་དུ་མཛད་ནས་འཁོར་ལོ་ལྟར་ཡི་གེ་བསྐོར་
བ་ཞེས་བྱ་བའི་དཀྱིལ་འཁོར་འདི་གསུངས་པའོ། །དེའི་དཀྱིལ་འཁོར་ཇི་ལྟ་བའི་ཞེས་བྱ་བ་ནི། འདིའི་ཕྱིར་དཀྱིལ་འཁོར་ཐམས་ཅད་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོ་དང་འདྲ་བར་བྲིས་ལ། འདིའི་ནང་དུ་འཁོར་ལོ་རྩིབས་བརྒྱད་པ་བྲི་བར་བྱའོ། །དེ་ལྟར་བྲིས་ནས། ཨ་ལ་སོགས་
པའི་ཡི་གེའི་ཕྲེང་བ་ལུང་ལས་ཇི་སྐད་གསུངས་པའི་གོ་རིམས་བཞིན་དུ་བྲི་བར་བྱའོ། །དེ་ནས་རྩ་བའི་དཀྱིལ་འཁོར་གྱི་ཚུལ་དུ་ཐིག་བཏབ་ལ་ཞེས་བྱ་བ་ནི། ཏིང་ངེ་འཛིན་གསུམ་བསྒོམ་པ་ནས་བརྩམས་ཏེ། ཇི་སྲིད་ཉིན་རེ་ཞིང་མངོན་སུམ་མཐོང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་དཀྱིལ་འཁོར་

འདི་བསྒོམ་པར་བྱའོ། །དེ་ནས་དེའི་རྗེས་ཐོགས་ཉིད་ལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོ་བཞིན་དུ་ཕྱིའི་དཀྱིལ་འཁོར་དང་། ནང་གི་འཁོར་ལོའི་དཀྱིལ་འཁོར་ལེགས་པར་ཐིག་བཏབ་ལ། དེ་ནས་དེའི་འོག་ཏུ་བྲི་བར་བྱའོ། །ཡང་དག་པར་བྲིས་པའི་འཁོར་ལོའི་ལྟེ་བ་ལ།
བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུ། གཞོན་ནུའི་ཆ་ལུགས་འཆང་བ་ཞེས་བྱ་བ་ནི། གཞོན་ནུ་ལོ་བརྒྱད་པ་ལྟ་བུའོ། །ཕྱག་བཞི་དང་རལ་གྲི་དེ་བཞིན་གཤེགས་པ་ཐམས་ཅད་ལ་འདེབས་པར་བཞག་པར་བྱའོ་ཞེས་བྱ་བ་ནི་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་
དང་། རང་བཞིན་གྱིས་འོད་གསལ་བ་སྟེ། རྣམ་པར་ཐར་པའི་སྒོ་བཞིའི་ངོ་བོ་ཉིད་ཀྱི་རལ་གྲི་བཞིས་ཇི་སྐད་དུ་བཤད་པའི་དེ་བཞིན་གཤེགས་པ་རྣམས་ལ། གཡས་དང་གཡོན་གྱི་ཕྱག་བཞིས་འདེབས་པར་མཛད་ཅིང་མི་སྣང་བར་མཛད་པར་བཞག་པར་བྱའོ། །དེའི་མདུན་ལ་སོགས་པར་
དེ་བཞིན་གཤེགས་པའི་སྐུ་རྣམས་གཞག་པར་བྱའོ་ཞེས་བྱ་བ་ནི་ཕྱོགས་དང་མཚམས་རྣམས་སུ་དེ་བཞིན་གཤེགས་པའི་སྐུ་གཟུགས་བྲིས་པའམ་ལུགས་མ་ལ་སོགས་པ་བརྒྱད་ལེགས་པར་གཞག་པར་བྱའོ། །ཕྱིའི་མཚམས་རྣམས་སུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཞི་ལུང་ཇི་ལྟར་ཐོབ་
པ་བཞིན་དུ་གཞག་པར་བྱའོ་ཞེས་བྱ་བ་ནི་ཕྱིའི་དཀྱིལ་འཁོར་གྱི་ལྷའི་སྣམ་བུའི་ཤར་ལྷོའི་མཚམས་སུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་དང་པོ་ཡང་དག་པར་གཞག་པར་བྱའོ། །ལྷོ་ནུབ་མཚམས་སུ་དེའི་གཉིས་པ་སྟོང་པ་ཉིད་ཀྱི་
དུམ་བུའི་གླེགས་བམ་མོ། །ནུབ་བྱང་མཚམས་སུ་དེ་ཉིད་ཀྱི་གསུམ་པ་རྣམ་པར་དག་པའི་དུམ་བུའི་གླེགས་བམ་མོ། །བྱང་ཤར་མཚམས་སུ་དེ་ཉིད་ཀྱི་བཞི་པ་དེ་བཞིན་ཉིད་ཀྱི་དུམ་བུའི་གླེགས་བམ་གཞག་པར་བྱའོ། །སྒོ་རྣམས་སུ་ཞེས་བྱ་བ་ལ་སོགས་པ་ལ་ཤར་ཕྱོགས་ཀྱི་སྒོའི་དབུས་སུ་
རལ་གྲིའོ། །ལྷོའི་སྒོའི་དབུས་སུ་མདུང་ཐུང་ངོ་། །ནུབ་ཀྱི་སྒོའི་དབུས་སུ་ལྷུང་བཟེད་དོ། །བྱང་གི་སྒོའི་དབུས་སུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་རྣམས་གཞག་པར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་ལྟར་དཀྱིལ་འཁོར་བྲིས་ནས། རལ་གྲི་དང་གླེགས་བམ་གྱི་

ཕྱག་རྒྱས་བཅིངས་ནས། དེས་དཀྱིལ་འཁོར་དུ་ཇི་ལྟ་བ་བཞིན་དུ་ཞུགས་ནས། རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གྱི་སློབ་དཔོན་བཞིན་དུ། བཅོམ་ལྡན་འདས་འཇམ་པའི་དབྱངས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཀྱི་དཀྱིལ་འཁོར་གྱི་སློབ་དཔོན་དུ་བྱིན་གྱིས་རློབ་
པར་འགྱུར་རོ། །དེ་ནས་རལ་གྲི་བླངས་ནས་ཞེས་བྱ་བ་ལ་སོགས་པ་ལ། ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ནས་ཇི་ལྟ་བ་བཞིན་དུ་རལ་གྲི་བླང་ངོ་། །དེ་ནས་རལ་གྲིའི་མིང་གིས་དབང་བསྐུར་བས་བདག་ཉིད་དབང་བསྐུར་ལ། བདག་ཉིད་ལ་ཁོང་དུ་ཆུད་པར་བྱ་བའི་ཕྱིར། རང་ཉིད་ཀྱིས་ཆོས་
འདི་བཤད་པར་བྱ་ཞིང་། བཅོམ་ལྡན་འདས་ཀྱང་ཉེ་བར་སྟོན་པར་མཛད་པར་བསམ་པར་བྱའོ། །ཤེས་རབ་ཀྱི་ཚུལ་ནི་ཞེས་བྱ་བ་ལ་སོགས་པ་ལ་རལ་གྲི་འདི་ནི་ཞེས་བྱ་བ་རང་གི་ལག་ན་གནས་པ་བཤད་པ་སྟེ། རལ་གྲི་འདི་ཉིན་རེ་ཞིང་ཟུང་ཞིག་པའོ། །ཤེས་རབ་ཚུལ་ནི་དཀར་སྨྲ་ཞིང་། །
ཞེས་བྱ་བ་ནི། ཨ་ར་པ་ཙ་ནཱ་ཡ་སྟེ་ཞེས་བྱ་བའམ། ཨ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་སྨྲ་བ་ནི་དཀར་པོ་སྟེ། ཟག་པ་མེད་པའི་ཆོས་བདག་མེད་པའི་ཚུལ་ལོ། །ནམ་མཁའ་སངས་རྒྱས་སྦྱོར་བ་ཡིས། །འདེབས་ན་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའ་ནི་གྲགས་པར་ཟད་དོ། །
དེ་ནི་སངས་རྒྱས་སྦྱོར་བ་ཡིས། །ཞེས་བྱ་བ་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་སངས་རྒྱས་ཀྱི་སྐུའི་ངོ་བོ་ཉིད་དུ་བསམས་ལ། དངོས་པོ་མེད་པའི་ངོ་བོ་ཉིད་དུ་བསམ་ཞིང་། དེ་ལྟ་བུའི་ནམ་མཁའ་སངས་རྒྱས་སྦྱོར་བས་འདེབས་པར་བྱ་ཞིང་བསྣུན་པར་བྱའོ། །དེ་
ལྟ་བུའི་ཚུལ་གྱིས་འདེབས་པའི་རྣལ་འབྱོར་པ་ནི་མྱུར་དུ་འགྲུབ་པར་འགྱུར་ཞེས་བྱ་བ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་མྱུར་བ་ཉིད་དུ་ཐོབ་པར་འགྱུར་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་བསྟན་པ་བསྲུང་ཕྱིར་དང་། །ཞེས་བྱ་བ་ལ་དངོས་པོ་ལ་མངོན་པར་ཞེན་པ་སྤངས་པ་
ནི་སངས་རྒྱས་ཀྱི་བསྟན་པ་སྟེ། སངས་རྒྱས་རྣམས་ཀྱི་བཀའོ། །དེ་བསྲུང་བ་ནི་དངོས་པོ་མེད་པ་ལ་མངོན་པར་ཞེན་པའི་ཀུན་དུ་སྤྱོད་པ་སྟེ། དེའི་ཕྱིར་དང་སེམས་ཅན་མང་པོ་བསྲུང་བའི་ཕྱིར་ཞེས་བྱ་བ་ནི། སེམས་ཅན་གྱི་ཁམས་ཐམས་ཅད་ལ་མངོན་པར་ཕྱོགས་པས་བླ་ན་མེད་པ་

ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་པར་བྱེད་པ་དང་། དངོས་པོ་ལ་མངོན་པར་ཞེན་པ་བཟློག་པ་ནི་སེམས་ཅན་མང་པོ་བསྲུང་བ་སྟེ། རྒྱུ་དེའི་ཕྱིར་དང་། ཇི་སྐད་དུ་བཤད་པའི་རལ་གྲི་དང་། ནམ་མཁར་སངས་རྒྱས་སྦྱོར་བ་འདི་ཡིས་བསད་ན་རྣལ་འབྱོར་པས་བསོད་ནམས་ཐོབ་
པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། འདིས་བསད་སྡིག་པར་མི་འགྱུར་ཞིང་། །ཞེས་བྱ་བ་གསུངས་ཏེ། དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་བསད་ན་རྣལ་འབྱོར་པ་དེ་ལ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་མཚན་ཉིད་ཅན་གྱི་སྡིག་པར་མི་འགྱུར་རོ། །དེ་བས་ན་རྣལ་འབྱོར་པ་
དེ་ནི་བསོད་ནམས་དག་ཀྱང་ཐོབ་པར་འགྱུར་ཞིང་། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ། གཟུང་བ་དང་འཛིན་པ་དང་བྲལ་བ་རྟོགས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སློབ་མ་རྣམས་ལ་ཡང་དེ་བཞིན་ཏེ་ཞེས་བྱ་བ་ནི། ཇི་ལྟར་ཆོས་ཀྱིས་སློབ་དཔོན་གྱི་རང་ཉིད་འཇུག་པ་ལ་
སོགས་པའི་ཆོ་ག་གསུངས་པ་དེ་བཞིན་དུ་སློབ་མ་རྣམས་ལ་ཡང་བྱའོ། །དེ་ལྟར་སློབ་དཔོན་འཇུག་པ་ལ་སོགས་པའི་ཆོ་ག་བཞིན་དུ་སློབ་མ་ཞུགས་པ་ལ་སོགས་པའི་ཆོ་ག་བྱས་པའི་སློབ་མ་རྣམས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་རྣམ་པ་བཞིས་སྟོང་པ་ཉིད་དང་། མཚན་
མ་མེད་པ་དང་། སྨོན་པ་མེད་པ་དང་། རང་བཞིན་གྱིས་འོད་གསལ་བའི་རྣམ་པར་ཐར་པའི་སྒོ་རྣམ་པ་བཞིའི་ངོ་བོ་ཉིད་ཀྱིས། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་བྱ་བ་སྟེ། སློབ་མའི་ཕན་ཡོན་གསུངས་པ་ཡིན་ནོ། །ཆོས་
ཀྱི་དཀྱིལ་འཁོར་རོ་ཞེས་བྱ་བ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་ཏེ། དེ་ལས་བྱུང་བའི་དཀྱིལ་འཁོར་ནི་ཆོས་ཀྱི་དཀྱིལ་འཁོར་རོ། །འདི་ནི་སླར་ཡང་བཤད་པར་བྱ་སྟེ། བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པའི་སྦྱོར་བས་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོ་ལས་བཤད་
པའི་རྣལ་འབྱོར་ཆེན་པོའི་ལས་ལ། ཏིང་ངེ་འཛིན་གསུམ་བསྒོམ་པ་ནས་བརྩམས་ཏེ། ཇི་སྲིད་དུ་ཉིན་རེ་ཞིང་མངོན་དུ་མཐོང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་དཀྱིལ་འཁོར་འདི་བསྒོམ་པར་བྱའོ། །དེ་ནས་ཇི་སྐད་བཤད་པའི་དཀྱིལ་འཁོར་གྱི་སའི་དབུས་སུ་དམ་ཚིག་གསུམ་རྣམ་པར་བསྒོམས་ལ་

བར་སྣང་གི་ཕྱོགས་སུ་དཀྱིལ་འཁོར་སྔ་མ་བཞིན་དུ་ཡང་དག་པར་བཞག་ནས། ཉི་མ་འཆར་བའི་དུས་སུ་ལེགས་པར་ཐིག་གདབ་པར་བྱ་སྟེ། འདིའི་ཕྱིའི་དཀྱིལ་འཁོར་ནི་རྡོ་རྗེ་སེམས་དཔའི་ཕྱིའི་དཀྱིལ་འཁོར་དང་འདྲ་བར་བྱས་ལ། དེའི་ཕྱེད་ཀྱིས་རྡོ་རྗེ་རྩེ་གཅིག་པར་
འཁོར་ལོ་རྩིབས་བརྒྱད་པར་བྲིའོ། །དེ་ནས་ལྷ་ཐམས་ཅད་ཀྱི་གནས་སུ་སྣ་ཚོགས་པདྨའི་གདན་བྲི་བར་བྱའོ། །དེ་ནས་འཁོར་ལོའི་སྟེང་དུ་ཤར་ཕྱོགས་ནས་བརྩམས་ཏེ། བསྐོར་ཕྱོགས་སུ་ཨ་ལ་སོགས་པའི་ཡི་གེའི་ཕྲེང་བ་སྒོ་ནས་རྩིབས་ཀྱི་ལྟེ་བའི་མཐར་ཐུག་པར་བྲི་བར་བྱེད་པ་དེ་ཉིད་ནི། ཨ་
ར་པ་ཙ་ན་སྟེ། ཨ་ར་པ་ཙ་ན་ཞེས་བྱ་བ་འདོད་པ་ཐམས་ཅད་ཐོབ་པར་བྱེད་པའོ། །དེ་ཅིའི་ཕྱིར་ཞེ་ན། ཨ་ཞེས་བྱ་བ་ནི་འདོད་པའོ། །ར་ཞེས་བྱ་བ་ནི་ཆགས་པའོ། །པ་ཞེས་བྱ་བ་ནི་དོན་དམ་པའོ། །ཙ་ཞེས་བྱ་བ་ནི་སྤྱོད་པའོ། །ན་ཞེས་བྱ་བ་ནི་རང་བཞིན་མེད་པའོ། །དེ་ལྟར་ན་འདོད་པ་དང་། ཆགས་པ་
དང་། དོན་དམ་པ་དང་། སྤྱོད་པ་དང་། རང་བཞིན་མེད་པ་ཉིད་ཀྱི་སྙིང་པོ་འདི་བསྒོམས་ཏེ་བསྒྲུབས་ན་འདོད་པ་ཐམས་ཅད་ཐོབ་པར་འགྱུར་རོ། །དེ་བཞིན་གཤེགས་པ་ནི་འདོད་པ་ཐམས་ཅད་ཀྱི་སྣོད་ཡིན་ཏེ། དེ་བས་ན་སྙིང་པོ་འདིས་ནི་དེ་བཞིན་གཤེགས་པ་ཉིད་དང་། རྡོ་རྗེ་འཛིན་པ་ཉིད་ཀྱང་མྱུར་དུ་
ཐོབ་པར་འགྱུར་རོ། །དེ་ནས་འཁོར་ལོའི་ལྟེ་བར་སྣ་ཚོགས་པདྨ་ལ་ཇི་སྐད་དུ་བཤད་པའི་སྐུ་མདོག་དང་ལྡན་ཞིང་། ཕྱག་བཞིས་རལ་གྲི་བཞི་བསྣམས་ནས། དེས་དེ་བཞིན་གཤེགས་པ་ཐམས་ཅད་ལ་འདེབས་པ། སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། སངས་རྒྱས་ལྔའི་དབུ་རྒྱན་དང་།
དར་དཔྱངས་ཀྱི་དབང་བསྐུར་བས་དབང་བསྐུར་བར་བྲི་བར་བྱའོ། །དེའི་ལོགས་བརྒྱད་དུ་དེ་བཞིན་གཤེགས་པ་བརྒྱད་སྤྲུལ་པའི་སྐུའི་གཟུགས་ཅན་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པར་བྲི་བར་བྱའོ། །ཕྱིའི་དཀྱིལ་འཁོར་གྱི་ལྷའི་སྣམ་བུའི་མཚམས་བཞིར་ཇི་སྐད་དུ་བཤད་པའི་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པའི་གླེགས་བམ་བཞི་བཞག་པ་དང་། སྒོ་རྣམས་སུ་ཇི་སྐད་དུ་བཤད་པའི་མཚན་མ་བཞི་གཞག་པར་བྱའོ། །འདིར་ལྷ་ཐམས་ཅད་ཀྱི་སྙིང་པོ་ནི་ཨ་ཞེས་བྱ་བའོ། །དེ་ལྟར་དཀྱིལ་འཁོར་བྲིས་ནས་རྣལ་འབྱོར་ཆེན་པོ་དེ་བཞིན་དུ་བྱས་ཏེ། དམ་ཚིག་གི་ཕྱག་རྒྱས་ཡོངས་སུ་བཟུང་བའི་

རལ་གྲི་དང་། མེ་ཏོག་གི་ཡལ་ག་ལས་བུམ་པ་ཐམས་ཅད་དང་། བུམ་པ་གང་བ་ལ་ཨ་ཞེས་བྱ་བས་རེ་རེ་ཞིང་ལན་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་ལ། དཀྱིལ་འཁོར་གྱི་སྒོ་བཞི་ཡོངས་སུ་ཕྱེ་ནས་རྡོ་རྗེ་བསྡུ་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོ་བསྒོམ་ཞིང་། བཅོམ་ལྡན་འདས་
ལ་མཚན་བརྒྱ་རྩ་བརྒྱད་ཀྱིས་ཡང་དག་པར་བསྟོད་དེ། གསང་བའི་ལྕགས་ཀྱུ་དང་། ཨ་ཞེས་བྱ་བས་བཅོམ་ལྡན་འདས་འཁོར་དང་བཅས་པ་དཀྱིལ་འཁོར་དུ་བཅུག་ནས། རྡོ་རྗེ་གནོད་སྦྱིན་གྱིས་བགེགས་བསལ་བ་བྱས་ནས་མཚམས་བཅིང་བ་དང་། དཀྱིལ་འཁོར་བཅིང་བ་དང་། དྲ་བ་
དང་། ར་བ་དག་བྱས་ཏེ། རྡོ་རྗེ་ཁུ་ཚུར་གྱིས་སྒོ་བཅིངས་ནས། རྡོ་རྗེ་སྲུང་བས་བསྲུང་བ་ཐམས་ཅད་ཡང་དག་པར་གོ་ཆ་བསྐོན་ལ། དམ་ཚིག་གི་ཕྱག་རྒྱས་ཨ་དྲྀ་ཤྱ་ཞེས་བྱ་བ་དང་། དེ་བཞིན་གཤེགས་པ་ཐམས་ཅད་དང་བཅས་པ་ལ་བལྟ་བ་བྱས་ལ། ཛཿ་ཧཱུྃ་བཾ་ཧོཿ ས་མ་ཡ་སྟྭཾ། ས་མ་ཡ་
སྟྭཾ། ཨོཾ་ཧཾ་ཨཱ་ཞེས་ལན་གསུམ་བརྗོད་ལ་བསྒྲུབ་པར་བྱའོ། །གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་རང་གི་སྙིང་གར་བཟུང་ཞིང་གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་གཡོན་པའི་སོར་མོ་བསྒྲེང་བ་བཟུང་བ་འདི་ནི་བཅོམ་ལྡན་འདས་ཀྱི་དམ་ཚིག་གི་ཕྱག་རྒྱའོ། །དེ་
བཞིན་དུ་ལྕེ་ལ་རྡོ་རྗེ་རྣམ་པར་བསམས་པ་ནི། བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལྗགས་ལ་ཆོས་ཀྱི་ཕྱག་རྒྱ་དགོད་པར་བྱ་སྟེ། དེ་ལ་ཨ་ཞེས་བྱ་བ་ནི་ལྷ་ཐམས་ཅད་ཀྱི་ཆོས་ཀྱི་ཕྱག་རྒྱའོ། །དེ་ནས་རང་གི་སྙིང་གར་ཨ་ཞེས་བྱ་བ་
ལས་སྣ་ཚོགས་རྡོ་རྗེ་བསམས་ལ། བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུའི་ལས་ཀྱི་ཕྱག་རྒྱ་སྔ་མ་བཞིན་དུ་བཅིང་བར་བྱའོ། །དེ་བཞིན་གཤེགས་པ་རྣམས་ཀྱི་ནི་ཕྱག་རྒྱ་ཆེན་པོ་ཉིད་ལས་ཀྱི་ཕྱག་རྒྱའོ། །དེ་ནས་རང་གི་སྙིང་གར་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ་རྣམ་པར་བསམས་ལ། བཅོམ་ལྡན་འདས་
ཀྱི་ཕྱག་རྒྱ་ཆེན་པོ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་ཆེན་པོ་ཇི་ལྟར་བྲིས་པའི་རྗེས་སུ་འབྲངས་ནས་བཅིང་བར་བྱ་སྟེ། དམ་ཚིག་གི་ཕྱག་རྒྱའི་སྦྱོར་བས་ཀྱང་བྱ་ཞིང་། ཐམས་ཅད་དུ་རྡོ་རྗེ་རྩེ་ལྔ་པ་རང་གི་སྙིང་གར་བསྒོམ་པར་བྱའོ། །འདིར་ཕྱག་རྒྱ་ཐམས་ཅད་ཀྱི་སྙིང་པོ་ནི་ཨ་

ཞེས་བྱ་བ་ཡིན་ནོ། །དེ་ནས་སངས་རྒྱས་ལྔའི་དབུ་རྒྱན་དང་དར་དཔྱངས་ཀྱི་དབང་བསྐུར་བས་དབང་བསྐུར་ལ། བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་དང་བཅས་པ་ལ་སྔ་མ་བཞིན་དུ་མཆོད་ཡོན་ཕུལ་ཏེ། བུམ་པ་
རྣམས་དང་། བུམ་པ་གང་བ་དང་། ན་བཟའ་དང་། བླ་རེ་ལ་སོགས་པ་ཡང་བཅོམ་ལྡན་འདས་འཁོར་བཅས་ལ་ཕུལ་ལ་མཆོད་པ་རྣམ་པ་ལྔས་ཀྱང་ཡང་དག་པར་མཆོད་དེ། ཕྱི་རོལ་དུ་གླུ་དང་། གར་དང་། རོལ་མོ་དང་། རྟ་དང་། གླང་པོ་ཆེ་དང་། བ་ལང་གི་ཁྱུ་རྣམས་ཀྱིས་ཀྱང་མཆོད་པ་བྱེད་དུ་གཞུག་
གོ། །དེ་ནས་ཕྱག་རྒྱ་རྣམ་པ་བཅུ་གཉིས་ཀྱིས་ཡང་དག་པར་མཆོད་ལ། ཨོཾ་ལས་རིན་པོ་ཆེ་སྣ་བདུན་དང་། དཔག་བསམ་གྱི་ཤིང་དང་། ཁ་ཟས་རོ་བརྒྱ་བཀོད་པ་ལ་སོགས་པ་སྤྲུལ་ཏེ། དེ་རྣམས་འདིས་དབུལ་བར་བྱའོ། །ཕྱག་འཚལ་བའི་ཐལ་མོ་སྦྱར་བ་སྤྱི་བོར་བཞག་ལ། ཨོཾ་སརྦ་བིཏྦཱུ་ར་པཱུ་
ར། སུ་ར་སུ་ར། ཨཱ་བརྟ་ཡ་ཨཱ་བརྟ་ཡ་ཧོ་ཞེས་བརྗོད་དོ། །དེ་ནས་ཕྱི་རོལ་དུ་གཏོར་མ་བྱིན་ལ། སྦྱིན་སྲེག་བྱས་ནས་ཤིན་ཏུ་དམར་བའི་རས་ལ། རྡོ་རྗེ་གནོད་སྦྱིན་ཡོངས་སུ་བཟླས་ལ། རས་གཅིག་གིས་སྨད་གཡོགས་བྱ་བ་དང་། གཉིས་པས་སྟོད་གཡོགས་བྱ་ཞིང་། ཡང་གཅིག་ལ་རྡོ་རྗེ་ལྕགས་
ཀྱུ་ལ་སོགས་པ་ཡོངས་སུ་བཟླས་པས་རང་གི་གདོང་གཡོགས་པར་བྱའོ། །དེ་ནས་ཕྱག་འཚལ་བ་ལ་སོགས་པ་སྔོན་དུ་འགྲོ་བས། དེ་བཞིན་དུ་སྡོམ་པ་བཟུང་ལ། བྱང་ཆུབ་ཏུ་སེམས་བསྐྱེད་དེ། སྔ་མ་བཞིན་དུ་ཐུགས་ཀར་རྡོ་རྗེ་བསྐྱེད་ལ་ཤར་ཕྱོགས་ཀྱི་སྒོར་བལྟས་ནས། ཕ་རོལ་ནས་
གནས་པའི་བུམ་པའི་ཆུས་བདག་ཉིད་དབང་བསྐུར་ཏེ། རལ་གྲི་དང་། གླེགས་བམ་གྱི་ཕྱག་རྒྱ་བཅིངས་ནས། དེ་ཉིད་དང་། མེ་ཏོག་གི་ཕྲེང་བ་བཟུང་ལ། བཛྲ་བཛྲ་ཨ་ཞེས་ཟློས་ཤིང་དཀྱིལ་འཁོར་དུ་ཞུགས་ལ། ཤར་ཕྱོགས་ཀྱི་སྒོར་བཛྲ་ཨཾ་ཀུ་ཤ་ཛཿ། ཞེས་བརྗོད་པར་བྱའོ། །དེ་ནས་ལྷོ་ཕྱོགས་ནས་
ཞུགས་ལ་བཛྲ་པཱ་ཤ་ཧཱུྃ་ཞེས་བརྗོད་པར་བྱའོ། །ཡང་ནུབ་ཕྱོགས་ཀྱི་སྒོ་ནས་ཞུགས་ལ། བཛྲ་སྥོ་ཊ་བཾ་ཞེས་བརྗོད་པར་བྱའོ། །དེ་ནས་བྱང་ཕྱོགས་ཀྱི་སྒོ་ནས་དེ་བཞིན་དུ་ཞུགས་ལ། བཛྲ་ཨཱ་བེ་ཤ་ཨཿཞེས་བྱ་བ་དང་། བདག་ཉིད་དབང་དུ་བྱའོ། །དེ་ལ་རལ་གྲི་དང་གླེགས་བམ་གྱི་ཕྱག་རྒྱ་ནི་འདི་

ཡིན་ཏེ། གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་རང་གི་སྙིང་གའི་ཕྱོགས་སུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་འཛིན་ཅིང་གཡས་པའི་རྡོ་རྗེ་ཁུ་ཚུར་ལས་མཛུབ་མོ་བརྐྱང་ལ་རྩེ་མོ་བཀུག་སྟེ། རལ་གྲི་ལྟ་བུར་གཞག་པར་བྱའོ། །དེ་ནས་ཡང་ཤར་ཕྱོགས་ཀྱི་སྒོ་ནས་དཀྱིལ་འཁོར་དུ་ཞུགས་
ལ། མ་ཧཱ་ར་ཏ། སུ་དྲྀ་ཌྷ། སུ་ཏོ་ཥོ། སུ་སུ་ཁོ། བཛྲ་སཏྭ། ཨཱདྱ་སིདྡྷྱཱ་མཱཾ་ཞེས་བརྗོད་པར་བྱའོ། །དེ་ནས་རྣམ་པར་སྒེག་པའི་རྡོ་རྗེས་ཕྱག་བྱས་ལ། དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་བྱས་ཏེ། བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པའི་སྤྱན་སྔར་འདུག་ལ་འདི་སྐད་
ཅེས་བརྗོད་པར་བྱ་སྟེ། མ་ཧཱ་རཱ་ག །མ་ཧཱ་སཽ་ཁྱ། མ་ཧཱ་བཛྲ། མ་ཧཱ་དྷཱ་ན། མ་ཧཱ་ཛྙཱ་ན། མ་ཧཱ་ཀརྨ། བཛྲ་སཏྭ། ཨཱདྱ་སིདྡྷྱཱ་མཱཾ། ཡང་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཛཿཧཱུྃ་བཾ་ཧོཿ། པྲ་སིདྡྷྱཱམཱཾ། དེ་ནས་རྡོ་རྗེའི་ཆུ་འཐུངས་ལ། ཨ་ཞེས་བྱ་བ་ལན་བརྒྱ་རྩ་བརྒྱད་བཟླས་ནས་བདག་ཉིད་ལ་དབབ་
པར་བྱའོ། །ཡང་གཡོན་པའི་ཁྲོ་བོའི་ཁུ་ཚུར་གྱིས་སེམས་མ་རྡོ་རྗེ་ཕྱེ་ལ། ཨ་ཞེས་བྱ་བ་དེ་བཞིན་དུ་བརྗོད་ཅིང་བདག་ཉིད་ལ་དབབ་པར་བྱའོ། །དེ་ནས་ཨ་ཞེས་བྱ་བ་ཟློས་ཤིང་མེ་ཏོག་དོར་བར་བྱའོ། །དེ་ནས་དེ་བླངས་ལ། ཨ་ཉིད་ཀྱིས་རང་གི་མགོ་བོ་ལ་བཅིང་བར་བྱའོ། །དེ་ནས་དེ་
ཉིད་ཀྱིས་གདོང་གཡོགས་དགྲོལ་ལོ། །དེ་ནས་དེ་ཟློས་ཤིང་ཤར་ཕྱོགས་ནས་བརྩམས་ཏེ་དཀྱིལ་འཁོར་ལ་བལྟ་བར་བྱའོ། །དེ་ནས་རལ་གྲི་དང་གླེགས་བམ་གྱི་ཕྱག་རྒྱ་བཅིངས་ལ། ཏིཥྛ་བཛྲ་ཞེས་བྱ་བ་ལ་སོགས་པས་རང་གི་སྙིང་གར་དགྲོལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་
ཆེན་པོ་བཅིངས་ལ། བཅོམ་ལྡན་འདས་ལ་རྡོ་རྗེའི་ལྟ་བས་བལྟ་ཞིང་ཇི་སྲིད་དུ་བཅོམ་ལྡན་འདས་ཀྱི་ཞལ་བསྟན་ནས་དངོས་གྲུབ་སྩོལ་བར་གྱུར་པ་དེ་སྲིད་ཀྱི་བར་དུ་ཨ་ཞེས་བྱ་བའམ། ཨ་ར་པ་ཙ་ན་ཞེས་བཟླས་བརྗོད་བྱའོ། །དེ་ནས་རྡོ་རྗེ་ཐལ་མོ་བསྐོར་བ་ཤིས་པ་བརྗོད་པ་འདོན་པའི་ཚུལ་དུ་རང་གི་
སྙིང་གར་བཞག་ལ། མཚན་བརྒྱ་རྩ་བརྒྱད་པས་བསྟོད་དེ། རྡོ་རྗེ་མཚོན་ཆ་ལ་སོགས་པ་གསང་བའི་མཆོད་པ་བཞིས་ཡང་དག་པར་མཆོད་ལ། གླུ་དང་རོལ་མོ་ལ་སོགས་པ་རྣམས་ཀྱིས་ཀྱང་ཡང་དག་པར་མཆོད་པར་བྱའོ། །དེ་ནས་ཡང་བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པའི་

ཕྱག་རྒྱ་ཆེན་པོ་བཅིངས་ལ། བཅོམ་ལྡན་འདས་ལ་རྡོ་རྗེའི་ལྟ་བས་བལྟས་ཏེ། རྡོ་རྗེ་ཐལ་མོ་བསྐོར་བས་ཕྱག་བྱས་ཏེ། མེ་ཏོག་ལ་སོགས་པ་དང་དབང་བསྐུར་བ་རྣམས་བླང་བར་བྱའོ། །དེ་ལ་དང་པོ་ཁོ་ནར་བཅོམ་ལྡན་འདས་ཀྱི་དམ་ཚིག་གི་ཕྱག་རྒྱས་ཡོངས་སུ་
བཟུང་བའི་རལ་གྲི་དང་། མེ་ཏོག་གི་ཡལ་ག་ལས་རྣམ་པར་རྒྱལ་བའི་བུམ་པ་ལ་སྔར་བཤད་པའི་བུམ་པའི་སྔགས་དེ་བཞིན་དུ་ཡོངས་སུ་བཟླས་ལ། བདག་ཉིད་འཇམ་པའི་དབྱངས་སུ་བྱིན་གྱིས་བརླབས་ཏེ། བཅོམ་ལྡན་འདས་ཀྱི་དམ་ཚིག་གི་ཕྱག་རྒྱས་རྣལ་འབྱོར་ཆེན་པོ་ལས་
གསུངས་པའི་གནས་རྣམས་སུ་བཅོམ་ལྡན་འདས་རང་གི་གནས་སུ་བཀོད་ལ། རྡོ་རྗེ་ཁུ་ཚུར་དང་། ཧཱུྃ་གིས་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོར་གསུངས་པའི་རྡོ་རྗེ་སེམས་དཔའ་ལ་སོགས་པ་ཡང་རང་གི་ལུས་ལ་རང་གི་གནས་སུ་བཀོད་དེ་ཕྱི་རོལ་གྱི་དཀྱིལ་འཁོར་གྱི་ནང་དུ་སྣ་ཚོགས་
པདྨའི་སྟེང་དུ་འཇམ་པའི་དབྱངས་ཀྱི་ཕྱག་རྒྱ་ཆེན་པོས་བདག་ཉིད་འདུག་ལ། མེ་ཏོག་ལ་སོགས་པས་བདག་ཉིད་ཡང་དག་པར་མཆོད་དེ། མཆོད་ཡོན་བླངས་ལ། མཚན་བརྒྱ་རྩ་བརྒྱད་པས་ཡང་དག་པར་བསྟོད་ནས། རྡོ་རྗེ་ཁུ་ཚུར་གྱིས་རྣམ་པར་རྒྱལ་བའི་བུམ་པ་ལས་ཆུ་བླངས་ལ།
ཨོཾ་བཛྲ་ཨ་བྷི་ཥིཉྩ་ཨ་ཞེས་བྱ་བས་བདག་ཉིད་དབང་བསྐུར་ཞིང་། ཆུ་དེ་བཏུང་བར་ཡང་བྱའོ། །དེ་ནས་སངས་རྒྱས་ལྔའི་དབུ་རྒྱན་གྱི་དབང་བསྐུར་བའི་ཕྱག་རྒྱས་བདག་ཉིད་དབང་བསྐུར་ཞིང་། ལུགས་མའམ། བརྡུངས་པའམ། བྱས་པའམ། བྲིས་པའི་སངས་རྒྱས་ལྔའི་དབུ་རྒྱན་དང་
ཅོད་པན་གྱི་དབང་བསྐུར་བས་དབང་བསྐུར་ལ། རྡོ་རྗེ་རལ་གྲི་རྡོ་རྗེ་དྲིལ་བུ་དང་བཅས་པར་བླངས་ཏེ། བདག་པོ་དང་མིང་གི་དབང་བསྐུར་བ་དག་གིས་ཀྱང་ཨ་ཞེས་བྱ་བ་ཟློས་ཤིང་དབང་བསྐུར་བར་བྱའོ། །དེ་ནས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། རལ་གྲི་འདི་ནི་རྟག་བཟུང་ལ། །ཤེས་རབ་
ཚུལ་འདི་དཀར་སྨྲ་ཞིང་། །ནམ་མཁར་སངས་རྒྱས་སྦྱོར་བ་ཡིས། །འདེབས་ན་མྱུར་དུ་འགྲུབ་པར་འགྱུར། །སངས་རྒྱས་བསྟན་པ་བསྲུང་ཕྱིར་དང་། །སེམས་ཅན་མང་པོ་བསྲུང་བའི་ཕྱིར། །འདི་བསད་སྡིག་པར་མི་འགྱུར་ཞིང་། །བསོད་ནམས་དག་ཀྱང་ཐོབ་པར་འགྱུར། །

དེ་ནས་དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་བླངས་ལ། མེ་ཏོག་ལ་སོགས་པ་མཆོད་པ་རྣམ་པ་ལྔས་བདག་ཉིད་ཡང་དག་པར་མཆོད་དེ། རྡོ་རྗེ་མཚོན་ཆ་ལ་སོགས་པ་ཕྱག་རྒྱའི་མཆོད་པ་རྣམ་པ་བཅུ་གཉིས་ཀྱིས་ཀྱང་ཡང་དག་པར་མཆོད་པར་བྱའོ། །དེ་ནས་རྡོ་རྗེ་རལ་གྲི་དེ་ཁོ་ན་ཉིད་
ཀྱིས་བཟུང་ལ། རྡོ་རྗེ་དྲིལ་བུ་ཆོས་ཀྱིས་དཀྲོལ་ཞིང་། དམ་ཚིག་གི་ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབ་པར་བྱ་སྟེ། དེ་ཁོ་ན་ཉིད་ལ་སོགས་པ་ནི། །ཐོག་མཐའ་མེད་པའི་སེམས་དཔའ་ནི། །ཞེས་བྱ་བ་ལ་སོགས་པ་ནི་དེ་དག་ཉིད་ཡིན་ཏེ། འདི་ཉིད་ལས་ཤེས་པར་བྱའོ། །དེ་ནས་བཅོམ་
ལྡན་འདས་ལ་ཕྱག་བྱས་ལ། སྙིང་པོ་བླངས་ཏེ། ཚིགས་སུ་བཅད་པ་ལྔ་པས་རྗེས་སུ་གནང་བ་དང་། གཟེངས་བསྟོད་པ་དང་། ལུང་བསྟན་པ་མནོས་ནས། ཡང་བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་དང་། ཇི་ལྟར་མངོན་པར་འདོད་པའི་བཟླས་བརྗོད་བྱས་ནས། བཅོམ་ལྡན་
འདས་ལ་ཕྱག་བྱས་ཏེ། འདི་སྐད་ཅེས་བརྗོད་པར་བྱའོ། །བདག་མིང་འདི་ཞེས་བྱ་བ་ཡི། །རྡོ་རྗེ་སློབ་དཔོན་དཀའ་ཐུབ་ཆེས། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །སློབ་མ་རྣམས་ནི་གཞུག་པར་བགྱི། །དེ་ནས་སློབ་མ་རྣམས་གཞུག་པར་བྱའོ། །སློབ་དཔོན་གྱི་ལས་ཀྱི་ཆོ་ག་
རྒྱས་པ་རྫོགས་སོ།། །།དེ་ནས་སྡོམ་པ་དབོག་པར་འོས་པའི་སློབ་མ་ལ། །སྔར་བཤད་པའི་ཚུལ་གྱིས་དམ་ཚིག་འཛིན་དུ་གཞུག་ཅིང་བྱང་ཆུབ་ཏུ་སེམས་བསྐྱེད་པ་བྱེད་དུ་གཞུག་གོ། །དེ་ནས་དེའི་སྙིང་གར་དེ་བཞིན་དུ་རྡོ་རྗེ་བསྐྱེད་ལ། མེ་ཏོག་ལ་སོགས་པས་མཆོད་དེ། ཡོན་
གྱི་མཆོག་བླངས་ནས། སྒོ་ལ་བལྟས་ནས་གནས་པའི་བུམ་པའི་ཆུས་དབང་བསྐུར་ལ། བདག་ཉིད་འཇུག་པའི་ཆོ་གས་བཅུག་སྟེ། ཡང་རྡོ་རྗེ་དབབ་པའི་ཕྱག་རྒྱ་དྲིལ་བུ་དང་བཅས་པས་རྐང་པ་གཡོན་པས་དེའི་རྐང་པ་གཡས་པ་མནན་ལ། ཨ་ཨཿཨཿཨཿཨཿཞེས་བྱ་བ་སྟེ། ཚེག་དྲག་མེད་
པའི་ཨ་དང་པོ་དང་། ཚེག་དྲག་དང་བཅས་པའི་ཨཿབཞི་ལན་བརྒྱ་བཟླས་ལ་དབབ་པར་བྱའོ། །དེ་ནས་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་པར་བྱའོ། །སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་རྫོགས་སོ།། །།དེ་ལྟར་སློབ་དཔོན་གྱི་ལས་ཀྱི་ཆོ་ག་རྒྱས་པ་དང་། སློབ་མ་གཞུག་པ་ལ་

སོགས་པའི་ཆོ་ག་རྒྱས་པ་གསུངས་ནས། ད་ནི་དམ་ཚིག་དང་དབང་བསྐུར་བ་ཐོབ་པ་རྣམས་ལ། སློབ་དཔོན་གྱིས་དངོས་གྲུབ་ཀྱི་ཡེ་ཤེས་བསླབ་པར་བྱའོ་ཞེས་བྱ་བ་འདིའི་དོན་བསྟན་པར་བྱ་བའི་ཕྱིར། སྒྲུབ་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒྲུབ་པ་དག་ནི་དེ་བཞིན་ནོ། །
ཞེས་བྱ་བ་ནི་ཇི་ལྟར་རྡོ་རྗེ་སེམས་དཔའི་སྒྲུབ་པ་ལ་སྔོན་དུ་བསྙེན་པ་རས་རིས་ཀྱི་སྤྱན་སྔར་བྱ་བར་གསུངས་པ་དེ་བཞིན་དུ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པའི་ཡང་དེ་བཞིན་དུ་ཤེས་པར་བྱའོ། །དེ་ནི་འདི་ཡིན་ཏེ། ཟླ་བ་ཉ་ནས་བརྩམས་ནས། འཇམ་དཔལ་གཞོན་ནུར་གྱུར་པའི་
སྤྱན་སྔར་དམ་ཚིག་གི་ཕྱག་རྒྱས་བཅིངས་ལ། ཇི་ལྟར་སྐྱོ་བར་མི་འགྱུར་བར། དང་པོ་བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ཏེ། ཨ་ཞེས་བྱ་བའམ། ཨ་ར་པ་ཙ་ན་ཞེས་བྱ་བའི་བཟླས་བརྗོད་ཇི་སྲིད་ཟླ་བ་གཅིག་གིས་སྔོན་དུ་བསྙེན་པ་བྱས་པར་གྱུར་གྱི་བར་དུ་བྱའོ། །དེ་ནས་དཀྱིལ་
འཁོར་གྱི་སྦྱོར་བས་སྔ་མ་བཞིན་དུ་བྲི་བའམ། འདྲིར་གཞུག་པར་བྱའོ། །དེ་ནས་ཡང་བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ཏེ། བཅོམ་ལྡན་འདས་རས་ཀྱི་རི་མོ་ལ་ཇི་ལྟ་བ་བཞིན་དུ་སྤྱན་དྲངས་ནས་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། བཅོམ་ལྡན་འདས་ཀྱི་ཐུགས་ཀ་ན་གནས་པའི་
རྡོ་རྗེ་ལ་བཟླས་པར་བྱ་བའི་སྔགས་བཀོད་དེ། བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ནས། ཟླ་བ་ཉ་ནས་བརྩམས་ཏེ། དེ་བཞིན་དུ་སྔོན་དུ་བསྙེན་པའི་སྦྱོར་བས་ཇི་སྲིད་དུ་ཕྱི་མའི་ཉ་ལ་བབ་ཀྱི་བར་དུ་བཟླས་བརྗོད་བྱའོ། །དེ་ནས་དེའི་མཚན་ཐོག་ཐག་བཟླས་བརྗོད་བྱས་ནས། ནང་
པར་བཅོམ་ལྡན་འདས་ཀྱིས་ཞལ་བསྟན་ནས། སངས་རྒྱས་ཉིད་ལ་སོགས་པའི་དངོས་གྲུབ་རྣམས་སྩོལ་བར་འགྱུར་རོ། །དེ་བཞིན་དུ་བཅོམ་ལྡན་འདས་དཔའ་བོ་གཅིག་པ་རས་ལ་བྲིས་ལ་དེའི་སྤྱན་སྔར་ཕྱག་རྒྱ་ཆེན་པོ་ཇི་ལྟ་བ་བཞིན་དུ་བཅིངས་ཏེ་བཟླས་བརྗོད་འབུམ་བྱའོ། །དེ་ནས་ཟླ་བ་ཉ་
ལ་མཚན་ཐོག་ཐག་བཟླས་བརྗོད་བྱས་ནས། ནང་པར་བཅོམ་ལྡན་འདས་ཀྱིས་ཞལ་བསྟན་ནས་རང་གི་དངོས་གྲུབ་སྩོལ་བར་འགྱུར་རོ། །དེ་ནས་མ་བསྒྲུབས་པར་ཡང་དེ་བཞིན་དུ་ལས་རྣམས་གྲུབ་པར་འགྱུར་བ་ནི་ཞེས་བྱ་བ་ཟླ་བ་གཅིག་གི་བར་དུ་བསྙེན་པ་ཇི་ལྟ་བ་བཞིན་དུ་བྱ་ཞིང་། བཅོམ་

ལྡན་འདས་ཀྱི་སྦྱོར་བ་ཇི་ལྟ་བ་བཞིན་དུ་བྱས་ནས། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་མངོན་སུམ་དུ་བྱ་བར་འདོད་པས་ཆོས་ཐམས་ཅད་ནི་ནམ་མཁའ་དང་མཉམ་པའོ་ཞེས་བསྒོམ་ཞིང་། ཨ་ཞེས་བྱ་བ་བཟླས་བརྗོད་བྱས་ནས་དེ་ནས་འདིས་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ། །མཚན་མ་མེད་
པའི་ཏིང་ངེ་འཛིན་ཐོབ་པ་ལ་ནི་ཞེས་བྱ་བ་ལ་སོགས་པ་ལ། མཚན་མ་མེད་པའི་ཏིང་ངེ་འཛིན་རྟོགས་པར་འདོད་པས་ཇི་སྐད་དུ་གསུངས་པའི་ཆོས་ཐམས་ཅད་ནི་མཚན་མ་དང་བྲལ་བའོ་ཞེས་བསྒོམ་པར་བྱའོ། །དེ་ནས་རྩེ་གཅིག་པ་ཐོབ་པ་དང་མཚན་མ་མེད་པའི་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ། །
སྨོན་པ་མེད་པ་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་དུ་ཐམས་ཅད་བྱས་ལ། ཆོས་ཐམས་ཅད་རང་བཞིན་གྱིས་དག་པའོ་ཞེས་མཐར་སེམས་རྩེ་གཅིག་པ་ཐོབ་པས་སྨོན་པ་མེད་པའི་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ། །རང་བཞིན་གྱིས་འོད་གསལ་བ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་དུ་
ཐམས་ཅད་བྱས་ཏེ། ཆོས་ཐམས་ཅད་ནི་རང་བཞིན་གྱིས་འོད་གསལ་བའོ་ཞེས་བསྒོམ་ཞིང་། ཨ་ཞེས་བྱ་བ་བཟླས་ཏེ། ཇི་སྲིད་དེ་ལྟ་བུའི་རྣམ་པར་སེམས་རྩེ་གཅིག་པ་ཐོབ་པར་འགྱུར་བ་དེ་སྲིད་ཀྱི་བར་དུ་བསྒོམས་ན། རང་བཞིན་གྱིས་འོད་གསལ་བའི་ཡེ་ཤེས་འཐོབ་པར་འགྱུར་རོ། །ཉོན་མོངས་པ་
ཐམས་ཅད་གཅོད་པ་ལ་ནི་ཆོས་བསྒོམས་པས་སོ་ཞེས་བྱ་བ་ལ། ཉོན་མོངས་པ་ཐམས་ཅད་ནི་འདོད་ཆགས་ལ་སོགས་པའོ། །དེ་རྣམས་གཅོད་པ་ནི་སྤངས་པར་གྱུར་པའོ། །ཆོས་སོ་སོ་ཡང་དག་པར་རིག་པ་བསྒོམ་པ་ནི་ཆོས་བསྒོམ་པ་སྟེ། དེས་འདོད་ཆགས་ལ་སོགས་པ་སྤོང་བར་འགྱུར་
རོ། །ཡི་གེ་ཐམས་ཅད་ཀྱི་ངེས་པའི་ཚིག་གི་ཡེ་ཤེས་ནི་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པའོ། །དེ་ཇི་ལྟར་འགྱུར་ཞེ་ན། སྤྲོས་པ་མེད་པའི་ཡེ་ཤེས་བསྒོམས་པས་སོ་ཞེས་བྱ་བ་གསུངས་ཏེ། ཆོས་ཐམས་ཅད་ནི་ངག་གི་ལམ་དང་བྲལ་བའོ་ཞེས་བསྒོམ་པ་ནི་སྤྲོས་པ་མེད་པའི་ཡེ་ཤེས་
བསྒོམ་པ་སྟེ། དེས་དེ་ཐོབ་པར་འགྱུར་བའོ། །གནས་ཐམས་ཅད་དུ་ཞེས་བྱ་བ་ལ་སོགས་པ་ལ། རྩིག་པ་དང་སྣམ་བུ་དང་ནམ་མཁའ་ལ་སོགས་པའི་གནས་ཐམས་ཅད་ལ། གཟུགས་ལ་སོགས་པའི་དངོས་པོ་དེ་བཞིན་ཉིད་དུ་སྟོན་པར་བྱེད་པའི་ཡི་གེ་ཆོས་ཐམས་ཅད་གདོད་མ་ནས་མ་སྐྱེས་

པའི་ཕྱིར་ཨ་ནི་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་བྱ་བ་ལ་སོགས་པས་དེ་བཞིན་ཉིད་དུ་ཉེ་བར་དམིགས་ཤིང་ཆོས་ཀྱི་སྐུ་མཐོང་བའི་ཕྱིར་རོ། །དེ་ཇི་ལྟར་འགྱུར་ཞེ་ན། ཨ་ལ་སོགས་པའི་ཡི་གེའི་ངོ་བོ་ཉིད་བསྒོམས་པས་སོ་ཞེས་བྱ་བ་གསུངས་ཏེ། གདོད་མ་ནས་མ་སྐྱེས་
པའི་ཕྱིར་ཨ་ནི་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་བྱ་བ་ལ་སོགས་པ་བསྒོམ་པ་ནི། ཨ་ལ་སོགས་པའི་ཡི་གེ་ངོ་བོ་ཉིད་སྒོམ་པ་སྟེ། དེས་དེ་ཐོབ་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་འཐོབ་པ་ལ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཏིང་ངེ་འཛིན་ཐོབ་པའོ། །དེ་ཇི་ལྟར་
འགྱུར་ཞེ་ན། རྡོ་རྗེ་རལ་གྲིའི་ཕྱག་རྒྱའོ་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་བསྡམས་པ་ལས་མཐེ་བོང་གཉིས་བཤིབས་ལ། མཛུབ་མོ་གཉིས་པདྨའི་འདབ་མ་ལྟར་བྱ་ཞིང་གུང་མོ་གཉིས་ཀྱི་ཚིགས་གསུམ་པ་བཀུག་ལ། རལ་གྲིར་བྱ་བ་འདི་ནི་རྡོ་རྗེ་རལ་གྲིའི་ཕྱག་རྒྱ་སྟེ། འདི་བཅིངས་ལ་ཆོས་
ཐམས་ཅད་ནི་ནམ་མཁའ་དང་མཉམ་པའོ་ཞེས་ཇི་སྲིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཏིང་ངེ་འཛིན་ཐོབ་པར་འགྱུར་གྱི་བ