Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 59

Văn bản gốc(Tây Tạng)

Trang 14 / 16 (50.000 ký tự/trang)
ར་དུ་བསྒོམས་ན་དེས་དེ་འཐོབ་པར་འགྱུར་རོ། །འཁོར་ལོ་ཆེན་པོ་ལྟར་ཡི་གེ་བསྐོར་བའི་དམ་ཚིག་ཅེས་བྱ་བ་ལ། འཁོར་ལོ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་འཁོར་ལོ་
ཆེན་པོ་སྟེ། གདུལ་བྱའི་སྐྱེ་བོའི་རྒྱུད་ལ་འཕོ་བའི་ཕྱིར། སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། རང་བཞིན་གྱིས་འོད་གསལ་བ་སྟེ། རྣམ་པར་ཐར་པའི་སྒོ་བཞི་ནི་འཁོར་ལོ་ཆེན་པོ་ཞེས་བྱ་བ་ལ། དེ་ལས་བྱུང་བའི་ཡི་གེ་ཨ་ར་པ་ཙ་ན་ལ་སོགས་པ་ལ་ཡང་། འཁོར་ལོ་ཆེན་
པོ་ལྟར་ཡི་གེ་བསྐོར་བ་ཞེས་བྱ་སྟེ། དེས་ཉེ་བར་མཚོན་པའི་དཀྱིལ་འཁོར་ནི་འཁོར་ལོ་ཆེན་པོ་ལྟར་ཡི་གེ་བསྐོར་བའི་དམ་ཚིག་ཅེས་བྱ་བ་ལ། མིང་དེ་སྐད་ཅེས་བྱ་བའི་རྟོག་པའི་རྒྱལ་པོ་ཆེན་པོ་རྫོགས་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དུམ་བུ་ལས་གསུངས་པའི་འཕགས་པ་འཇམ་
དཔལ་གཞོན་ནུར་གྱུར་པའི་རྟོག་པ་བཤད་པ་རྫོགས་སོ།། །།དེ་ལྟར་འཕགས་པ་འཇམ་དཔལ་གྱི་རྟོག་པ་གསུངས་ནས་ད་ནི་རིགས་ཐམས་ཅད་ཀྱི་དཀྱིལ་འཁོར་དུ་འཇུག་པའི་རྒྱུར་གྱུར་པ་འཕགས་པ་རྡོ་རྗེ་འཁོར་ལོའི་རྟོག་པ་བཤད་པའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་

ཏེ། དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་པ་སྟོན་པའི་ཚིག་སྟེ། སྔ་མ་བཞིན་དུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་འདོད་པའི་ཁམས་ཐམས་ཅད་ཀྱི་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་རྒྱལ་པོའི་གནས་ན། ཇི་སྐད་དུ་བཤད་པའི་བྱང་ཆུབ་སེམས་དཔའ་འདི་དག་གིས་བསྐོར་ཅིང་
བཞུགས་པ་དང་། དེའི་རྗེས་ཐོགས་ཉིད་ལ་འཁོར་ལོ་ཆེན་པོ་ལ་འཇུག་པའི་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་བཤད་དོ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་རྣམ་པར་སྣང་མཛད་
ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་དང་། སེམས་དཔའ་ཐམས་ཅད་དེ་དེ་བཞིན་གཤེགས་པ་ཐམས་ཅད་ལ་སོགས་པ་ནི། ཁམས་གསུམ་གྱི་ནང་དུ་གཏོགས་པ་རྣམས་སོ། །སེམས་དཔའ་ཐམས་ཅད་ནི་བཤད་མ་ཐག་པ་རྣམས་ཏེ། དེ་རྣམས་ཀྱི་འཁོར་ལོ་ནི་རྡོ་རྗེ་འཁོར་ལོའི་
དཀྱིལ་འཁོར་ཏེ། དེའི་ནང་དུ་འདུག་པ་ནི་དབུས་སུ་བཞུགས་པའོ། །དེ་བཞིན་གཤེགས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པའོ། །འཕགས་པ་འཇམ་དཔལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ལྟོས་ནས། ཡང་ཞེས་བྱ་བའི་སྒྲ་སྨོས་སོ། །འཁོར་ལོ་ཆེན་པོ་ལ་འཇུག་པ་ཞེས་བྱ་བ་ནི་བྱང་
ཆུབ་ཀྱི་སེམས་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཐམས་ཅད་དུ་བསྔོ་བ་ཡིན་པས་ན་འཁོར་ལོ་ཆེན་པོའོ། །དེ་ལ་འཇུག་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྟོགས་པ་སྟེ། མིང་དེ་སྐད་ཅེས་བྱ་བའི་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གང་ཡིན་པ་དེ་བཤད་པ་ནི་སྟོན་པར་མཛད་པའོ། །རྡོ་རྗེ་མཉམ་པ་ཉིད་ལ་འཇུག་པ་དང་། །ཞེས་བྱ་བ་ལ། རྡོ་རྗེ་ནི་དེ་བཞིན་གཤེགས་པ་དང་། དེ་བཞིན་གཤེགས་པའི་རིགས་རྣམས་དང་། བྱང་ཆུབ་ཀྱི་སེམས་དང་། མེ་ལོང་ལྟ་བུའི་ཡེ་ཤེས་དང་། རྣམ་པར་ཐར་པའི་
སྒོ་སྟོང་པ་ཉིད་དང་། སངས་རྒྱས་རྣམས་ཀྱི་ངོ་བོ་ཉིད་ཀྱི་སྐུའོ། །དེའི་མཉམ་པ་ཉིད་དུ་ནི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་དང་བྲལ་བ་ཉིད་དེ། ཀུན་རྫོབ་དང་དོན་དམ་པར་དབྱེར་མི་ཕྱེད་པའི་ངོ་བོ་ཉིད་དོ། །དེ་གཉིས་ཀའི་ངོ་བོ་ཉིད་ཀྱིས་གང་མཉམ་ཤིང་ཐབས་དང་ཤེས་རབ་ཀྱི་རང་བཞིན་

གྱིས་གང་ཐོས་པ་དང་བསམ་པ་དང་། བསྒོམ་པ་རྣམས་ཀྱིས་རྟོགས་པར་གྱུར་པ་ནི་འཇུག་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོ་འཇུག་པར་འགྱུར་རོ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོ་ནི་དེ་བཞིན་གཤེགས་པའི་རིགས་
ཀྱི་དཀྱིལ་འཁོར་རོ། །དེ་ལ་འཇུག་པ་ནི་ཕྱི་དང་གསང་བའི་ཚུལ་གྱིས་འཇུག་པ་སྟེ། དེ་ལ་ཕྱིའི་འཇུག་པ་ནི་ཇི་ལྟར་སྤྲུལ་པའི་དེ་བཞིན་གཤེགས་པའི་རིགས་ཀྱི་དཀྱིལ་འཁོར་དུ་འཇུག་པའི་ཕྱག་རྒྱ་བཅིངས་ལ། གདུལ་བྱ་རྣམས་རྡོ་རྗེ་སེམས་དཔར་གང་ཞིག་མཛད་པའོ། །གསང་
བའི་འཇུག་པ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་མཛད་པ་ཕྱིའི་འཇུག་པ་དེ་ཉིད་དུ་གང་ཡེ་ཤེས་དབབ་པ་དང་དེ་ཁོ་ན་ཉིད་བཅུ་རྟོགས་པའི་བདག་ཉིད་ཅན་དེ་ནི་གསང་བའི་འཇུག་པ་སྟེ། དེའི་དོན་དུ་རྡོ་རྗེ་མཉམ་པ་ཉིད་ལ་འཇུག་པའི་རྒྱུའི་དངོས་པོར་གནས་ཤིང་བསྒྲུབ་པར་འགྱུར་
རོ། །དོན་གྱི་མཉམ་པ་ཉིད་ལ་འཇུག་པ་ཞེས་བྱ་བ་ལ། དོན་ནི་རིན་པོ་ཆེའི་རིགས་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་དང་། དེ་བཞིན་གཤེགས་པ་རྣམས་ཀྱི་རྣམ་པར་སྨིན་པའི་སྐུའོ། །དེའི་མཉམ་པ་ཉིད་ལ་
འཇུག་པ་ནི། ཇི་སྐད་དུ་བཤད་པའི། བྱང་ཆུབ་སེམས་དཔའ་ཆེན་པོའི་འཁོར་ལོ་དང་། རིན་པོ་ཆེའི་རིགས་དེ་ལ་ཕྱི་དང་གསང་བའི་འཇུག་པ་ཇི་སྐད་དུ་བཤད་པ་སྟེ། དེའི་དོན་དུ་འཇུག་པར་འགྱུར་བ་ནི། ཇི་ལྟར་སྤྲུལ་པའི་རིན་པོ་ཆེའི་རིགས་ཀྱི་དཀྱིལ་འཁོར་དུ་བཅོམ་ལྡན་འདས་ནམ་
མཁའི་སྙིང་པོའི་སློབ་དཔོན་གྱིས་གདུལ་བྱ་རྣམས་གང་འཇུག་པར་བྱ་བའི་དོན་ཏེ་དེ་ནི་དོན་གྱི་མཉམ་པ་ཉིད་རྟོགས་པའི་རྒྱུར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཆོས་ཐམས་ཅད་མཉམ་པ་ཉིད་ལ་འཇུག་པ་ནི་ཞེས་བྱ་བ་ལ། ཆོས་ནི་པདྨའི་རིགས་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་།
སོ་སོར་རྟོག་པའི་ཡེ་ཤེས་དང་། རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་དང་། དེ་བཞིན་གཤེགས་པ་རྣམས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུའོ། །དེའི་མཉམ་པ་ཉིད་ནི་རང་བཞིན་གྱིས་རྣམ་པར་དག་པ་དང་། མི་ཕྱེད་པ་ཉིད་དེ་འཇུག་པ་ནི་དེ་རྟོགས་པའོ། །དམ་པའི་ཆོས་ཀྱི་འཁོར་ལོ་

ནི་པདྨའི་རིགས་ཀྱི་དཀྱིལ་འཁོར་རོ། །དེ་ལ་འཇུག་པ་ནི་ཇི་སྐད་དུ་བཤད་པའི་བཅོམ་ལྡན་འདས་འགྲོ་བ་འདུལ་བས་གདུལ་བྱ་རྣམས་ལ་གང་ཞིག་མཛད་པ་སྟེ། དེའི་དོན་དུ་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ལ་འཇུག་པའི་རྒྱུར་འགྱུར་རོ། །ཐམས་ཅད་ཀྱི་མཉམ་པ་ཉིད་ལ་འཇུག་པ་ནི་ཞེས་བྱ་
བ་ལ་སོགས་པ་ལ། ཐམས་ཅད་ནི་ལས་ཀྱི་རིགས་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བྱ་བ་གྲུབ་པའི་ཡེ་ཤེས་དང་། རྣམ་པར་ཐར་པའི་སྒོ་རང་བཞིན་གྱིས་འོད་གསལ་བ་དང་། དེ་བཞིན་གཤེགས་པ་རྣམས་ཀྱི་སྤྲུལ་པའི་སྐུའོ། །དེའི་མཉམ་པ་ཉིད་ནི་རང་བཞིན་གྱིས་
འོད་གསལ་བའི་ངོ་བོ་ཉིད་དང་། མི་ཕྱེད་པ་སྟེ། དེ་རྟོགས་པ་ནི་འཇུག་པའོ། །འཁོར་ལོ་ཐམས་ཅད་ནི་ལས་ཀྱི་དཀྱིལ་འཁོར་དུ་གང་དེ་བཞིན་གཤེགས་པ་རྣམས་ཀྱི་སྤྲུལ་པའོ། །དེར་འཇུག་པ་ནི་ཇི་སྐད་དུ་གསུངས་པའི་བཅོམ་ལྡན་འདས་རྡོ་རྗེ་ལས་ཀྱིས་གདུལ་བྱ་རྣམས་ལ་གང་ཞིག་
མཛད་པའོ། །དེའི་དོན་དུ་ནི་ཐམས་ཅད་ཀྱི་མཉམ་པ་ཉིད་ལ་འཇུག་པའི་རྒྱུར་འགྱུར་བའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་བཅོམ་ལྡན་འདས་ཞེས་བྱ་བ་ནས་བརྩམས་ཏེ་འཁོར་ལོ་ཐམས་ཅད་ལ་འཇུག་པར་འགྱུར་རོ་ཞེས་བྱ་བའི་བར་གྱི་བཤད་པས་ནི་ཏིང་ངེ་འཛིན་དང་པོ་གསུངས་པ་ཡིན་ནོ། །
ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ཏེ། དེ་ལྟར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་འཁོར་ལོ་ལ་རང་གི་དཀྱིལ་འཁོར་སྤྲུལ་པར་བྱ་བའི་ཕྱིར་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པའི་
ཕྱིར་བསྐུལ་བ་དང་། དེའི་རྗེས་ཐོགས་ཉིད་ལ་དཀྱིལ་འཁོར་སྤྲུལ་པར་བྱ་བའི་ཕྱིར་སྙིང་པོ་ནི་སྨྲས་པའོ། །རྡོ་རྗེ་འཁོར་ལོ་ཞེས་བྱ་བ་ནི། རྡོ་རྗེ་རྩེ་གཅིག་པའི་དབྱིབས་ཀྱི་རྩིབས་བརྒྱད་དང་ལྡན་པའི་རྡོ་རྗེ་ནི་རྡོ་རྗེ་འཁོར་ལོའོ། །བསྐོར་བ་ནི་ལག་པ་གཡས་པའི་གུང་མོའི་སྟེང་དུ་བསྐོར་བའོ། །
འཁོར་ལོ་ཐམས་ཅད་ནི་རིགས་ཐམས་ཅད་ཀྱི་དཀྱིལ་འཁོར་རྣམས་སོ། །དེ་རྣམས་ལ་འཇུག་པ་ནི། ཇི་སྐད་དུ་བཤད་པའི་ཕྱི་དང་གསང་བའི་ངོ་བོ་ཉིད་དེ། དེའི་དོན་གྱི་དམ་ཚིག་ནི་རྒྱུའོ། །འདི་ཞེས་བྱ་བ་ནི་བློ་ལ་བཞག་ནས་སྨྲས་པའོ། །སྨྲས་སོ་ཞེས་བྱ་བ་ནི་མིང་དེ་སྐད་ཅེས་བྱ་

བའི་སྙིང་པོ་གསུངས་པ་ནི། ཧཱུྃ་ཞེས་བྱ་བའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་རྡོ་རྗེ་འཁོར་ལོས་ཧཱུྃ་ཞེས་བྱ་བ་འདི་གསུངས་པ་ཙམ་གྱིས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་སོགས་པ་གང་ཕྱོགས་བཅུའི་དེ་བཞིན་གཤེགས་པ་དེ་དག་ལ་
སོགས་པ་འདོད་པ་དང་། གཟུགས་དང་གཟུགས་མེད་པའི་མཚན་ཉིད་ཅན་གྱི་ཁམས་གསུམ་གྱི་ནང་དུ་གཏོགས་པའི་སྐལ་བ་ཇི་ལྟ་བ་དང་ལྡན་པའི་སེམས་ཅན་ཐམས་ཅད་དཀྱིལ་འཁོར་ཐམས་ཅད་དུ་ཞེས་པ་འཁོར་ལོའི་དཀྱིལ་འཁོར་གྱི་ནང་དུ་ཞུགས་ནས། བཅོམ་ལྡན་འདས་
སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཐུགས་ལས་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པ་དཀྱིལ་འཁོར་ཐམས་ཅད་ཀྱི་དམ་ཚིག་སེམས་དཔའ་རྣམས་ཞེས་པ་འཁོར་ལོའི་དཀྱིལ་འཁོར་པའི་བྱང་ཆུབ་སེམས་དཔའ་རྣམས་བྱུང་ནས་ དཀྱིལ་
འཁོར་གྱི་ཚུལ་གྱིས་ཇི་ལྟ་བ་བཞིན་དུ་བཞུགས་སོ། །དེ་ལྟར་ན། དེ་ནས་ཞེས་བྱ་བ་ནས་བརྩམས་ཏེ་བཞུགས་སོ་ཞེས་བྱ་བའི་བར་གྱི་བཤད་པས་ནི། དཀྱིལ་འཁོར་གྱི་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །དེ་ནས་འདུས་པ་ནས་བརྩམས་ཏེ་གསུམ་པ་ཡིན་པར་ཤེས་
པར་བྱའོ། །ད་ནི་དམ་ཚིག་དང་དབང་བསྐུར་བ་ཐོབ་པ་རྣམས་ཀྱིས་བཟླས་བརྗོད་དང་བསྒོམ་པར་བྱའོ་ཞེས་བྱ་བ་འདིའི་ཆོ་ག་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པས་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་། སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པར་གསུངས་པ་ཡིན་ནོ། །
དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དཀྱིལ་འཁོར་ཐམས་ཅད་ལ་རབ་ཏུ་འཇུག་པ་ཞེས་བྱ་བ་ལ། རིགས་ཐམས་ཅད་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་དེ། དེ་རྣམས་ལ་ཞུགས་པ་ནི་ཇི་སྐད་དུ་བཤད་པའོ། །དེའི་དོན་གྱི་ཕྱག་རྒྱ་ནི་འཁོར་ལོའི་དཀྱིལ་འཁོར་ཏེ། དེ་ལ་
དམིགས་པའི་མིང་དེ་སྐད་ཅེས་བྱ་སྟེ། འཁོར་ལོ་ཐམས་ཅད་ལ་རབ་ཏུ་འཇུག་པའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པའོ། །དཀྱིལ་འཁོར་ཆེན་པོ་ཐམས་ཅད་ཅེས་བྱ་བ་ལ། དཀྱིལ་འཁོར་ཆེན་པོ་ཐམས་ཅད་ནི་དེ་བཞིན་གཤེགས་པ་ལ་སོགས་པ་རིགས་ཐམས་ཅད་ཀྱི་

དཀྱིལ་འཁོར་ཏེ། དེར་འཇུག་པར་བྱ་བའི་ཕྱིར་དེའི་དམ་ཚིག་ནི་རྒྱུའོ། །མིང་དེ་སྐད་ཅེས་བྱ་བའི་འཁོར་ལོའི་དཀྱིལ་འཁོར་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྡོ་རྗེ་འཁོར་ལོའི་འཁོར་ལོས་མཚོན་པའི་དཀྱིལ་འཁོར་འོག་ནས་བཤད་པ་འདི་གསུངས་པས་སོ། །ཕྱིའི་དཀྱིལ་འཁོར་
ཇི་ལྟ་བ་བཞིན་དུ་བྱས་ཏེ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་ཕྱིའི་དཀྱིལ་འཁོར་དང་འདྲ་བར་བྲི་བར་བྱའོ། །ནང་གི་དཀྱིལ་འཁོར་དུ་རྡོ་རྗེའི་དཀྱིལ་འཁོར་བྲིས་ལ་ཞེས་བྱ་བ་ནི། དཀྱིལ་འཁོར་འདིའི་ནང་དུ་དཀྱིལ་འཁོར་བརྒྱད་པ་དང་འདྲ་བར་དཀྱིལ་འཁོར་བྲི་བའོ། །དབུས་སུ་རྡོ་རྗེ་འཁོར་ལོ་ལ་
རྡོ་རྗེ་འཁོར་ལོ་བསྐོར་བ་གཞག་པར་བྱའོ་ཞེས་བྱ་བ་ནི། དཀྱིལ་འཁོར་གྱི་ལྟེ་བ་ལས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྡོ་རྗེ་འཁོར་ལོ་ཇི་སྐད་དུ་བཤད་པའི་རྡོ་རྗེའི་འཁོར་ལོ་རྩིབས་བརྒྱད་པ། ཕྱག་གཡས་པའི་གུང་མོའི་རྩེ་མོ་ལ་ཡོངས་སུ་བསྐོར་བ་གཞག་པར་བྱའོ། །ཕྱག་ན་
རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྡོ་རྗེ་འཁོར་ལོ་དེའི་ཕྱོགས་དང་མཚམས་རྣམས་སུ་སྔ་མ་བཞིན་དུ་ཕྱག་ན་རྡོ་རྗེ་ནས་བརྩམས་ཏེ། རྡོ་རྗེ་གནོད་སྦྱིན་གྱི་བར་གྱི་བྱང་ཆུབ་སེམས་དཔའ་རྣམས་དཀྱིལ་འཁོར་དང་པོའི་ཚུལ་དུ་ཞེས་པ་རྡོ་རྗེ་སེམས་དཔའི་
དཀྱིལ་འཁོར་གྱི་ཚུལ་དུ་གཞག་པར་བྱ་ཞིང་བཞུགས་སུ་གསོལ་བར་བྲི་བར་བྱའོ། །ཕྱིའི་མཚམས་རྣམས་སུ་རྡོ་རྗེའི་རིགས་ཀྱི་དཀྱིལ་འཁོར་བཞི་བྲི་བར་བྱའོ་ཞེས་བྱ་བ་ནི་ཕྱིའི་རྡོ་རྗེའི་རིགས་ཀྱི་དཀྱིལ་འཁོར་རྣམས་ཏེ། ཞི་བ་མདུང་གིས་མཚན་པ་དང་། མིང་པོ་གསུམ་དང་། སྲིང་མོ་བཞི་
དང་། མ་མོ་རྣམས་ཀྱི་དཀྱིལ་འཁོར་རིམ་པ་ཇི་ལྟ་བ་བཞིན་དུ་ཤར་ལྷོའི་མཚམས་ནས་བརྩམས་ཏེ། བསྐོར་ཕྱོགས་ཀྱི་རིམ་པས་བྱང་ཤར་མཚམས་ཀྱི་བར་དུ་བྲི་བར་བྱའོ། །སྒོ་རྣམས་སུ་མཚན་མ་བཞི་གཞག་པར་བྱའོ་ཞེས་བྱ་བ་ནི་གོ་བར་ཟད་དོ། །དེ་ནས་རྡོ་རྗེ་འཁོར་ལོའི་ཕྱག་རྒྱས་ཇི་ལྟ་བ་
བཞིན་དུ་དཀྱིལ་འཁོར་ཐམས་ཅད་དུ་སངས་རྒྱས་ཉིད་དང་རྡོ་རྗེ་འཛིན་པ་ཉིད་འགྲུབ་པར་འགྱུར་རོ་ཞེས་བྱ་བ་ནི། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། མཛུབ་མོ་དང་མཐེའུ་ཆུང་གཉིས་རྡོ་རྗེ་བཅིང་བ་ནི་རྡོ་རྗེ་འཁོར་ལོའི་ཕྱག་རྒྱ་སྟེ། དེ་དང་སྔར་བཤད་པའི་ཚུལ་གྱིས་དཀྱིལ་འཁོར་དུ་ཞུགས་ན། དཀྱིལ་

འཁོར་ཐམས་ཅད་འགྲུབ་པར་འགྱུར་ལ། དཀྱིལ་འཁོར་ཐམས་ཅད་འགྲུབ་པ་དེས་སྒྲུབ་པ་པོས་སངས་རྒྱས་ཉིད་དམ། རྡོ་རྗེ་འཛིན་པ་ཉིད་འགྲུབ་པར་འགྱུར་རོ། །དེ་ནས་འཁོར་ལོ་བླངས་ལ་ཞེས་བྱ་བ་ནི་ཧཱུྃ་ཞེས་བྱ་བ་ཟློས་ཤིང་། བཅོམ་ལྡན་འདས་ལ་འཁོར་ལོ་ནོད་པའོ། །
འཁོར་ལོའི་མིང་གི་དབང་བསྐུར་བ་བླང་བར་བྱ་ཞིང་ཞེས་བྱ་བ་ནི། འཁོར་ལོ་མགོ་ལ་བཞག་ལ་ཧཱུྃ་ཀྱེ་རྡོ་རྗེ་འཁོར་ལོ་ཞེས་བྱ་བ་ལ་སོགས་པ་འཁོར་ལོའི་མིང་གི་དབང་བསྐུར་བ་བླང་བར་བྱའོ། །དེ་ནས་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། དཀྱིལ་འཁོར་ཐིག་བཞི་བཏབ་པའི་རིགས་རྣམས་
སུ་འཇུག་པར་བྱའོ་ཞེས་བྱ་བ་ནི་ཞི་བ་མདུང་ཐུང་གིས་མཚན་པ་ལ་སོགས་པ་བཞི་རྣམས་ཀྱང་ཇི་ལྟ་བ་བཞིན་དུ་བྲིས་ལ། ཞི་བ་མདུང་གིས་མཚན་པ་ལ་སོགས་པའི་དཀྱིལ་འཁོར་དུ་འཇུག་པའི་ཆོ་ག་ཉིད་ཀྱིས་འཇུག་པར་བྱའོ། །སློབ་མ་རྣམས་གཞུག་པ་ཡང་དེ་བཞིན་ནོ་ཞེས་བྱ་བ་ནི་ཇི་ལྟར་
འདིར་སློབ་དཔོན་འཇུག་པ་ལ་སོགས་པའི་ཆོ་ག་གསུངས་པ་སློབ་མ་རྣམས་ལ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །འཁོར་ལོའི་དཀྱིལ་འཁོར་རོ་ཞེས་བྱ་བ་ནི། རྡོ་རྗེ་མཉམ་པ་ཉིད་ལ་འཇུག་པ་ལ་སོགས་པ་གདུལ་བྱའི་སྐྱེ་བོ་རྣམས་ཀྱི་རྒྱུད་ལ་འཕོ་བར་བྱེད་པའི་དོན་གྱིས་ན་འཁོར་ལོ་སྟེ། དེ་
ལས་བྱུང་བའི་བཅོམ་ལྡན་འདས་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་དཀྱིལ་འཁོར་ལ་ཡང་འཁོར་ལོའི་དཀྱིལ་འཁོར་ཞེས་བྱའོ། །འདི་སྐད་སྟོན་པར་འགྱུར་ཏེ། བཅོམ་ལྡན་འདས་རྡོ་རྗེ་འཁོར་ལོའི་སྦྱོར་བས་རྣལ་འབྱོར་ཆེན་པོ་བྱས་ལ། ཏིང་ངེ་འཛིན་གསུམ་བསྒོམ་པ་
ནས་བརྩམས་ཏེ། ཇི་སྲིད་དུ་མངོན་སུམ་དུ་མཐོང་བར་གྱུར་གྱི་བར་དུ་དཀྱིལ་འཁོར་འདི་བསྒོམ་པར་བྱའོ། །དེ་ནས་ཇི་སྐད་དུ་བཤད་པའི་དཀྱིལ་འཁོར་གྱི་དབུས་སུ་ཏིང་ངེ་འཛིན་གསུམ་བསྒོམས་ལ། བར་སྣང་གི་ཕྱོགས་སུ་སྔ་མ་བཞིན་དུ་བཞག་སྟེ། ཉི་མ་འཆར་བའི་དུས་སུ་ཐིག་གདབ་
པར་བྱའོ། །འདིའི་ཕྱིའི་དཀྱིལ་འཁོར་ནི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དང་འདྲ་བར་བྱའོ། །འདིའི་ནང་དུ་ནི་དེའི་ཕྱེད་ཀྱི་ཚད་ཀྱི་ཟླུམ་པོ་རྡོ་རྗེ་ཕྲེང་བའི་རང་བཞིན་གྱི་དཀྱིལ་འཁོར་རྡོ་རྗེ་ཀ་བ་བརྒྱད་དང་ལྡན་པར་ཐིག་གདབ་པར་བྱའོ། །དེ་ནས་ཐམས་ཅད་ཇི་ལྟ་བ་བཞིན་དུ་བྲིས་ལ་ལྷ་ཐམས་

ཅད་ཀྱི་གནས་སུ་སྣ་ཚོགས་པདྨའི་གདན་བྲི་བར་བྱའོ། །དེ་ནས་དཀྱིལ་འཁོར་དབུས་མའི་ལྟེ་བའི་ཕྱོགས་སུ་བཅོམ་ལྡན་འདས་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་གསེར་གྱི་མདོག་ཅན། ཇི་སྐད་དུ་བཤད་པའི་སྣ་ཚོགས་པདྨའི་གདན་ལ། སེམས་དཔའི་སྐྱིལ་མོ་ཀྲུང་གིས་
བཞུགས་པ། སངས་རྒྱས་ལྔའི་དབུ་རྒྱན་དང་། དར་དཔྱངས་ཀྱི་དབང་བསྐུར་བ། ཕྱག་གཡས་ན་སྔ་མ་བཞིན་དུ་རང་གི་སྙིང་གའི་ཕྱོགས་སུ་རྡོ་རྗེ་འཁོར་ལོ་རྩིབས་བརྒྱད་པས་ཡོངས་སུ་བསྐོར་བ་ཕྱག་གཡོན་པས་གདན་ལ་བསྙེམས་ཏེ་བཞུགས་པ། སྤྱན་རབ་ཏུ་གདངས་ཤིང་
རྣམ་པར་བྱེ་བ་བྲི་བར་བྱའོ། །དེའི་ཤར་ཕྱོགས་ཀྱི་ཆ་ལ་རྡོ་རྗེ་ཡིད་ལས་བྱུང་བའི་གནས་སུ་ཕྱག་ན་རྡོ་རྗེ་སྔར་བཤད་པའི་མཚན་ཉིད་དང་ལྡན་པ། ཤར་ལྷོའི་མཚམས་སུ་འཇམ་དཔལ་གཞོན་ནུ། ལྷོར་ཀཱི་ལི་ཀཱི་ལའི་གནས་སུ་ནམ་མཁའི་སྙིང་པོ། ལྷོ་ནུབ་མཚམས་སུ་ནམ་མཁའི་མཛོད། ནུབ་
ཏུ་རྡོ་རྗེ་དྲན་པའི་གནས་སུ་འཇིག་རྟེན་དབང་ཕྱུག །ནུབ་བྱང་མཚམས་སུ་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ། བྱང་དུ་རྡོ་རྗེ་བསྙེམས་པའི་གནས་སུ་རྡོ་རྗེ་ཁུ་ཚུར། བྱང་ཤར་མཚམས་སུ་རྡོ་རྗེ་གནོད་སྦྱིན་བྲི་བར་བྱའོ། །ཡང་ཤར་ཕྱོགས་ཀྱི་སྒོའི་དབུས་སུ་རྡོ་རྗེ་སེམས་དཔའ།
ལྷོར་རྡོ་རྗེ་ཧཱུྃ་མཛད། ནུབ་ཏུ་འཇིག་རྟེན་དབང་ཕྱུག །བྱང་དུ་ནམ་མཁའི་སྙིང་པོ་བྲི་བར་བྱའོ། །ཡང་ཕྱིའི་དཀྱིལ་འཁོར་གྱི་ལྷའི་སྣམ་བུའི་ཤར་ལྷོའི་མཚམས་སུ་ཞི་བ་མདུང་གིས་མཚན་པའི་དཀྱིལ་འཁོར། ལྷོ་ནུབ་མཚམས་སུ་མིང་པོ་གསུམ་གྱི་དཀྱིལ་འཁོར། ནུབ་བྱང་མཚམས་སུ་སྲིང་
མོ་བཞིའི་དཀྱིལ་འཁོར། བྱང་ཤར་མཚམས་སུ་མ་མོའི་དཀྱིལ་འཁོར་མཚན་ཉིད་ཇི་སྐད་དུ་བཤད་པ་བཞིན་དུ་བྲི་བར་བྱའོ། །འདིར་ལྷ་ཐམས་ཅད་ཀྱི་སྙིང་པོ་ནི་ཧཱུྃ་ཞེས་བྱ་བ་ཡིན་ནོ། །དེ་ལྟར་དཀྱིལ་འཁོར་བྲིས་ནས་དེ་བཞིན་དུ་རྣལ་འབྱོར་ཆེན་པོ་བྱས་ལ། རྡོ་རྗེ་འཁོར་ལོའི་དམ་ཚིག་གི་
ཕྱག་རྒྱ་ཡོངས་སུ་བཟུང་བའི་རྡོ་རྗེ་འཁོར་ལོ་དང་བཅས་པའི་མེ་ཏོག་གི་ཡལ་ག་ལས་བུམ་པ་ཐམས་ཅད་དང་། བུམ་པ་གང་བ་རྣམས་ལ་ཧཱུྃ་ཞེས་བྱ་བ་རེ་རེ་ཞིང་ལན་བརྒྱ་རྩ་བརྒྱད་བཟླས་ལ། དཀྱིལ་འཁོར་གྱི་སྒོ་བཞི་ཕྱེ་ནས། རྡོ་རྗེ་བསྡུ་བ་བྱས་ལ། བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོ་བསྒོམ་

ཞིང་། བཅོམ་ལྡན་འདས་ལ་མཚན་བརྒྱ་རྩ་བརྒྱད་པས་ཡང་དག་པར་བསྟོད་དེ། གསང་བའི་ལྕགས་ཀྱུ་དང་། ཧཱུྃ་ཞེས་བྱ་བས་བཅོམ་ལྡན་འདས་འཁོར་དང་བཅས་པ་དཀྱིལ་འཁོར་དུ་བཅུག་ལ། རྡོ་རྗེ་གནོད་སྦྱིན་གྱིས་བགེགས་བསལ་ཏེ། མཚམས་བཅིང་
བ་དང་། དཀྱིལ་འཁོར་བཅིང་བ་དང་། དྲ་བ་དང་། ར་བ་དག་བྱས་ཏེ། རྡོ་རྗེ་ཁུ་ཚུར་གྱིས་སྒོ་བཅིང་ས་ལ། རྡོ་རྗེ་སྲུང་བས་བསྲུང་བ་ཐམས་ཅད་གོ་བསྐོན་ཏེ། ཧཱུྃ་ཞེས་བྱ་བས་མཆོད་ཡོན་ཕུལ་ལ། དམ་ཚིག་གི་ཕྱག་རྒྱ་དང་། ཧཱུྃ་དྲྀ་ཤྱ་ཞེས་བྱ་བས་འཁོར་དང་བཅས་པ་བལྟ་བར་བྱ་སྟེ། ཛཿ
ཧཱུྃ་བཾ་ཧོཿས་མ་ཡ་སྟྭཾ། ས་མ་ཡ་སྟྭཾ། ཨ་ཧཾ་ཧཱུྃ་ཞེས་ལན་གསུམ་བརྗོད་ལ་བསྒྲུབ་པར་བྱའོ། །དེ་ནས་རྡོ་རྗེ་འཁོར་ལོའི་ཇི་སྐད་དུ་གསུངས་པའི་དམ་ཚིག་གི་ཕྱག་རྒྱ་ནི་ཐམས་ཅད་ཀྱི་དམ་ཚིག་གི་སྦྱོར་བ་སྟེ། ཧཱུྃ་ཞེས་བྱ་བ་དང་། རང་གི་སྙིང་གར་རྡོ་རྗེ་རྩེ་ལྔ་པ་བསམ་པར་བྱའོ། །དེ་ནས་ལྷ་
ཐམས་ཅད་ཀྱི་ལྗགས་ལ་ཧཱུྃ་ཞེས་བྱ་བ་ཇི་ལྟ་བ་བཞིན་དུ་བསམས་པ་འདི་ནི་ལྷ་ཐམས་ཅད་ཀྱི་ཆོས་ཀྱི་ཕྱག་རྒྱའོ། །རང་གི་སྙིང་གར་ཨ་ལས་སྣ་ཚོགས་རྡོ་རྗེ་རྣམ་པར་བསམས་ལ། སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་ཡང་དེ་བཞིན་དུ་
བཅིང་བར་བྱ། ཕྱི་རོལ་གྱི་རྡོ་རྗེའི་རིགས་རྣམས་ཀྱང་གར་ལས་འབྱུང་བའི་འོག་ནས་བཤད་པའི་ཕྱག་རྒྱ་ཆེན་པོ་ནི་ལས་ཀྱི་ཕྱག་རྒྱ་ཡིན་པར་ཤེས་པར་བྱའོ། །ཡང་ཧཱུྃ་ལས་རང་གི་སྙིང་གར་རྡོ་རྗེ་རྩེ་ལྔ་པ་བསམས་ལ། ཧཱུྃ་ཞེས་བྱ་བས་ཇི་ལྟར་བྲིས་པའི་རྗེས་སུ་འབྲངས་ཏེ་བཅོམ་ལྡན་འདས་
འཁོར་དང་བཅས་པའི་ཕྱག་རྒྱ་ཆེན་པོ་བཅིང་བར་བྱ་སྟེ། དེ་ནས་སངས་རྒྱས་ལྔའི་དབུ་རྒྱན་གྱི་ཕྱག་རྒྱས་བཅོམ་ལྡན་འདས་འཁོར་དང་བཅས་པས་དབང་བསྐུར་ཞིང་ཕྱི་རོལ་གྱི་རྡོ་རྗེའི་རིགས་རྣམས་ནི་རང་གི་དབང་བསྐུར་བས་དབང་བསྐུར་བར་བྱའོ། །དེ་ནས་བཅོམ་ལྡན་འདས་འཁོར་དང་
བཅས་པ་ལ་ཧཱུྃ་ཞེས་བྱ་བས་མཆོད་ཡོན་ཕུལ་ཏེ། བུམ་པ་རྣམས་དང་། བུམ་པ་གང་བ་རྣམས་དང་ན་བཟའ་དང་། བླ་རེ་ལ་སོགས་པ་ཡང་བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་ཕུལ་ཏེ། མཆོད་པ་རྣམ་པ་ལྔས་མཆོད་ལ། ཕྱི་རོལ་དུ་གླུ་དང་གར་དང་རོལ་མོ་དང་། རྟ་དང་གླང་པོ་ཆེ་

དང་བ་ལང་གི་ཁྱུ་རྣམས་ཀྱིས་ཀྱང་མཆོད་པ་བྱེད་དུ་གཞུག་གོ། །དེ་ནས་ཕྱག་རྒྱའི་མཆོད་པ་རྣམ་པ་བཅུ་གཉིས་ཀྱིས་ཡང་དག་པར་མཆོད་ཅིང་། ཨོཾ་ལས་རིན་པོ་ཆེ་སྣ་བདུན་དང་། དཔག་བསམ་གྱི་ཤིང་དང་། ཁ་ཟས་རོ་བརྒྱ་པ་ལ་སོགས་པའི་བཀོད་པ་སྤྲུལ་ལ་འདིས་དབུལ་བར་བྱའོ། །
ཕྱག་འཚལ་བའི་ཐལ་མོ་སྦྱར་བ་སྤྱི་བོར་བཞག་ལ། ཨོཾ་སརྦ་བི་ཏྤཱུ་ར་པཱུ་ར། སུ་ར་སུ་ར། ཨཱ་བརྟ་ཡ། ཨཱ་བརྟ་ཡ་ཧོཿཞེས་བརྗོད་དོ། །དེ་ནས་ཕྱི་རོལ་དུ་གཏོར་མ་བྱིན་ལ། སྦྱིན་སྲེག་བྱས་ནས། ཤིན་ཏུ་དམར་བའི་རས་ལ་རྡོ་རྗེ་གནོད་སྦྱིན་གྱིས་ཡོངས་སུ་བཟླས་ལ། གཅིག་གིས་སྨད་གཡོགས་
བྱས། གཉིས་པས་སྟོད་གཡོགས་བྱའོ། །ཡང་གཅིག་ལ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་སྙིང་པོ་བཟླས་ལ། དེས་རང་གི་གདོང་གཡོགས་ནས། ཕྱག་འཚལ་བ་ལ་སོགས་པ་སྔོན་དུ་འགྲོ་བས་དེ་བཞིན་དུ་སྡོམ་པ་བླངས་ལ། བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་སྔ་མ་བཞིན་དུ་རང་གི་
སྙིང་གར་རྡོ་རྗེ་བསྐྱེད་ལ། ཤར་ཕྱོགས་ཀྱི་སྒོར་བལྟས་ནས་ཕྱི་རོལ་ན་གནས་པའི་བུམ་པའི་ཆུས་བདག་ཉིད་དབང་བསྐུར་ཏེ། རྡོ་རྗེ་འཁོར་ལོའི་ཕྱག་རྒྱ་ཇི་སྐད་དུ་གསུངས་པ་བཅིངས་ནས། དེ་ཉིད་ཀྱིས་མེ་ཏོག་བླངས་ལ། བཛྲ་བཛྲ་ཧཱུྃ་ཞེས་ཟློས་ཤིང་དཀྱིལ་འཁོར་དུ་འཇུག་པར་བྱའོ། །
ཤར་ཕྱོགས་ཀྱི་སྒོ་ནས་ཞུགས་ལ། བཛྲ་ཨཾ་ཀུ་ཤ་ཛཿཞེས་བརྗོད་པར་བྱའོ། །དེ་ནས་ལྷོ་ཕྱོགས་ཀྱི་སྒོ་ནས་ཞུགས་ལ། བཛྲ་པཱ་ཤ་ཧཱུྃ་ཞེས་བརྗོད་པར་བྱའོ། །དེ་ནས་ནུབ་ཕྱོགས་ཀྱི་སྒོ་ནས་ཞུགས་ལ། བཛྲ་སྥོ་ཊ་བཾ་ཞེས་བརྗོད་པར་བྱའོ། །དེ་ནས་བྱང་ཕྱོགས་ཀྱི་སྒོ་ནས་དེ་བཞིན་དུ་
ཞུགས་ལ། བཛྲ་ཨཱ་བེ་ཤ་ཨཱཿ་ཞེས་བརྗོད་ལ་བདག་ཉིད་ལ་དབབ་པར་བྱའོ། །དེ་ནས་ཡང་ཤར་ཕྱོགས་ཀྱི་སྒོ་ནས་ཞུགས་ལ། མ་ཧཱ་ར་ཏ། སུ་དྲྀ་ཌྷ་སུ་ཏོ་ཥོ། །སུ་སུ་ཥོ་བཛྲ་སཏྭ་ཨཱདྱ་སིདྡྷྱ་མཱཾ། དེ་ནས་རྣམ་པར་སྒེག་པའི་རྡོ་རྗེས་ཕྱག་བྱས་ལ། དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་
བྱས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་སྟེ། འདི་སྐད་ཅེས་བརྗོད་པར་བྱའོ། །འདོད་ཆགས་ཆེན་པོ་བདེ་བ་ཆེ། །རྡོ་རྗེ་ཆེན་པོ་ནོར་ཆེ་ཞིང་། །ཡེ་ཤེས་ཆེན་པོ་ལས་ཆེ་བ། །རྡོ་རྗེ་སེམས་དཔའ་དེང་བདག་འགྲུབ། །ཡང་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཛཿཧཱུྃ་བཾ་ཧོཿ། པྲ་སིདྡྷྱ་

མཱཾཿ། དེ་ནས་རྡོ་རྗེ་ཆུ་འཐུངས་ལ། ཨཱ་ཞེས་བྱ་བ་ལན་བརྒྱ་ཟློས་ཤིང་བདག་ཉིད་ལ་དབབ་པར་བྱའོ། །ཡང་གཡོན་པའི་ཁྲོ་བོའི་ཁུ་ཚུར་གྱིས་སེམས་མ་རྡོ་རྗེ་ཕྱེ་ལ། དེ་བཞིན་དུ་ཨཱ་ཞེས་བྱ་བ་ཟློས་ཤིང་བདག་ཉིད་ལ་དབབ་པར་བྱའོ། །དེ་ནས་ཧཱུྃ་ཞེས་བྱ་བ་ཟློས་ཤིང་
མེ་ཏོག་དོར་བར་བྱའོ། །དེ་ནས་དེ་བླངས་ལ་ཧཱུྃ་ཞེས་བྱ་བ་ཉིད་ཀྱིས་རང་གི་མགོ་ལ་བཅིང་བར་བྱའོ། །དེ་ནས་དེ་ཉིད་ཀྱིས་གདོང་གཡོགས་དགྲོལ་བར་བྱའོ། །དེ་ནས་དེ་ཉིད་ཟློས་ཤིང་ཤར་ཕྱོགས་ཀྱི་ཆ་ནས་བརྩམས་ཏེ། དཀྱིལ་འཁོར་བལྟ་བར་བྱའོ། །དེ་ནས་རྡོ་རྗེ་འཁོར་ལོའི་
ཕྱག་རྒྱ་བཅིངས་ལ། སྔ་མ་བཞིན་དུ་རང་གི་སྙིང་གར་དགྲོལ་བར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ལ། བཅོམ་ལྡན་འདས་ལ་རྡོ་རྗེའི་ལྟ་བས་བལྟ་བར་བྱ་ཞིང་། ཇི་སྲིད་དུ་བཅོམ་ལྡན་འདས་ཀྱིས་ཞལ་བསྟན་ནས་དངོས་གྲུབ་ཐམས་ཅད་སྩོལ་བར་འགྱུར་བ་
དེ་སྲིད་ཀྱི་བར་དུ་ཧཱུྃ་ཞེས་བྱ་བ་བཟླས་བརྗོད་བྱའོ། །དེ་ནས་རྡོ་རྗེ་ཐལ་མོ་བསྐོར་བ། ཤིས་པ་བརྗོད་པ་འདོན་པའི་ཚུལ་དུ་རང་གི་སྙིང་གར་བཞག་ནས། མཚན་བརྒྱ་རྩ་བརྒྱད་པས་བསྟོད་ལ། རྡོ་རྗེ་མཚོན་ཆ་ལ་སོགས་པ་གསང་བའི་མཆོད་པ་རྣམ་པ་བཞིས་བཅོམ་ལྡན་འདས་དེ་བཞིན་
གཤེགས་པ་ཐམས་ཅད་དང་བཅས་པ་ཡང་དག་པར་མཆོད་ནས། གླུ་དང་རོལ་མོའི་མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཡང་ཕྱག་རྒྱ་ཆེན་པོ་བཅིངས་ལ། བཅོམ་ལྡན་འདས་ལ་རྡོ་རྗེའི་ལྟ་བས་བལྟ་ཞིང་། རྡོ་རྗེ་ཐལ་མོ་བསྐོར་བས་ཕྱག་བྱས་
ལ། མེ་ཏོག་ལ་སོགས་པའི་དབང་བསྐུར་བ་རྣམས་བླང་བར་བྱ་སྟེ། དེ་ལ་དང་པོ་ཁོ་ནར་རྡོ་རྗེ་འཁོར་ལོའི་ཕྱག་རྒྱ་ཡོངས་སུ་བཟུང་བའི་རྡོ་རྗེ་འཁོར་ལོ་དང་མེ་ཏོག་གི་ཡལ་ག་ལས་རྣམ་པར་རྒྱལ་བའི་བུམ་པ་ལས་སྔར་བཤད་པའི་མཚན་ཉིད་ཅན་གྱིས་གསང་སྔགས་ཡང་དེ་བཞིན་དུ་ཡོངས་
སུ་བཟླས་ལ། བདག་ཉིད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བར་བྱིན་གྱིས་བརླབས་ནས། རྡོ་རྗེ་འཁོར་ལོའི་ཕྱག་རྒྱས་རང་གི་ལུས་ལ་བཅོམ་ལྡན་འདས་འཁོར་དང་བཅས་པ་རྣམ་པར་བཀོད་དེ། ཕྱིའི་དཀྱིལ་འཁོར་གྱི་ནང་དུ་

སྣ་ཚོགས་པདྨ་བྲིས་ལ། དེའི་སྟེང་དུ་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱག་རྒྱ་ཆེན་པོས་འདུག་ནས། མེ་ཏོག་ལ་སོགས་པས་བདག་ཉིད་ཡང་དག་པར་མཆོད་དེ། མཆོད་ཡོན་བླངས་ལ། མཚན་བརྒྱ་རྩ་བརྒྱད་པས་ཡང་དག་པར་བསྟོད་ནས། རྡོ་རྗེ་ཁུ་ཚུར་གྱིས་
རྣམ་པར་རྒྱལ་བའི་བུམ་པ་ལས་ཆུ་བླངས་ལ། ཨོཾ་བཛྲ་ཨ་བྷིཥིཉྩ་ཧཱུྃ་ཞེས་བྱ་བ་དང་། བདག་ཉིད་དབང་བསྐུར་བར་བྱ་ཞིང་། ཆུ་དེ་བཏུང་བར་ཡང་བྱའོ། །དེ་ནས་སངས་རྒྱས་ལྔའི་དབུ་རྒྱན་གྱི་ཕྱག་རྒྱའི་དབང་བསྐུར་བས་དབང་བསྐུར་ཞིང་། ལུགས་མའམ། བརྡུངས་པའམ། བྱས་པ་འམ།
བྲིས་པའི་སངས་རྒྱས་ལྔའི་དབུ་རྒྱན་དང་། དར་དཔྱངས་ཀྱི་དབང་བསྐུར་བས། རྡོ་རྗེ་དྲིལ་བུ་དང་བཅས་པ་ཧཱུྃ་ཞེས་བྱ་བས་བླངས་ལ། ཧཱུྃ་ཞེས་བྱ་བ་ཟློས་ཤིང་བདག་པོ་དང་མིང་གི་དབང་བསྐུར་བ་དག་གིས་དབང་བསྐུར་བར་བྱའོ། །དེ་ནས་དངོས་གྲུབ་ཀྱི་འཁོར་ལོའི་བརྟུལ་ཞུགས་བླངས་ལ།
མེ་ཏོག་ལ་སོགས་པའི་མཆོད་པ་རྣམ་པ་ལྔས་བདག་ཉིད་མཆོད་ཅིང་། རྡོ་རྗེ་མཚོན་ཆ་ལ་སོགས་པ་ཕྱག་རྒྱའི་མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་པར་བྱའོ། །དེ་ནས་འཁོར་ལོ་དེ་ཁོ་ན་ཉིད་ཀྱིས་བཟུང་ལ། ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱ་ཞིང་དམ་ཚིག་གི་ཕྱག་རྒྱ་ཆེན་པོར་བྱིན་གྱིས་
བརླབས་ཏེ། དེ་དག་ནི། ཐོག་མཐའ་མེད་པའི་སེམས་དཔའ་ནི། །ཞེས་བྱ་བ་ལ་སོགས་པ་སྔར་བཤད་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་ཕྱག་བྱས་ལ་སྙིང་པོ་བླངས་ཏེ། ཚིགས་སུ་བཅད་པ་ལྔ་པ་རྗེས་སུ་གནང་བ་དང་གཟེངས་བསྟོད་པ་དང་། ལུང་བསྟན་པ་རྣམས་ཉེ་བར་
མནོས་ལ། ཡང་བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ནས། ཅི་འདོད་པར་བཟླས་པ་ཡང་བྱ་སྟེ། བཅོམ་ལྡན་འདས་ལ་ཕྱག་བྱས་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །བདག་མིང་འདི་ཞེས་བགྱི་བ་ཡི། །རྡོ་རྗེ་སློབ་དཔོན་དཀའ་ཐུབ་ཆེས། །སེམས་ཅན་ཀུན་ལ་ཕན་པའི་
ཕྱིར། །སློབ་མ་རྣམས་ནི་གཞུག་པར་བགྱི། །དེ་ནས་སློབ་མ་གཞུག་པར་བྱ་སྟེ། སློབ་དཔོན་གྱི་ལས་ཀྱི་ཆོ་ག་རྒྱས་པའོ། །དེ་ནས་སྡོམ་པ་དབོག་པར་འོས་པའི་སློབ་མ་ལ་སྔར་བཤད་པའི་ཚུལ་གྱིས་སྡོམ་པ་འཛིན་དུ་གཞུག་པ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་དུ་གཞུག་པ་དག་

བྱས་ལ། དེའི་སྙིང་གར་རྡོ་རྗེ་དེ་བཞིན་དུ་བསྐྱེད་ནས། རྡོ་རྗེ་འཁོར་ལོར་བྱིན་གྱིས་བརླབས་ཏེ་སྤོས་དང་མེ་ཏོག་ལ་སོགས་པས་མཆོད་ལ། ཡོན་གྱི་མཆོག་བླངས་ནས་ཤར་ཕྱོགས་ཀྱི་སྒོ་ལ་བལྟས་ནས་ཕྱི་རོལ་ན་གནས་པའི་ཆུས་དབང་བསྐུར་ལ། བདག་ཉིད་འཇུག་
པའི་ཆོ་གས་བཅུག་ལ། ཡང་རྡོ་རྗེ་དབབ་པའི་ཕྱག་རྒྱ་དྲིལ་བུ་དང་བཅས་པས་རྐང་པ་གཡོན་པ་དང་། དེའི་རྐང་པ་གཡས་པ་མནན་ལ། ཧཱུྃ་ཨ ཨཿཨཿཨཿཨཱཿཞེས་ལན་བརྒྱ་རྩ་བརྒྱད་བཟླས་ན་བབས་པར་འགྱུར་རོ། །དེ་ནས་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་པར་བྱའོ། །སློབ་མ་
གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་རྫོགས་སོ།། །།དེ་ནས་སློབ་དཔོན་གྱི་ལས་ཀྱི་ཆོ་ག་རྒྱས་པ་དང་། སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་གསུངས་ནས། ད་ནི་དམ་ཚིག་དང་དབང་བསྐུར་བ་ཐོབ་པ་རྣམས་ལ། སློབ་དཔོན་གྱིས་དངོས་གྲུབ་ཀྱི་ཡེ་ཤེས་བསླབ་
པར་བྱའོ་ཞེས་བྱ་བ་འདིའི་ཆོ་ག་བསྟན་པར་བྱ་བའི་ཕྱིར། སྒྲུབ་པ་རྣམས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒྲུབ་པ་རྣམས་ནི་དེ་བཞིན་ནོ་ཞེས་བྱ་བ་ནི་ཇི་ལྟར་རྡོ་རྗེ་སེམས་དཔའི་སྒྲུབ་པ་གསུངས་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་འཁོར་ལོའི་ཁྲོ་བོའི་རས་ཀྱི་རི་མོ་གཉིས་པ་
སྔོན་དུ་བསྙེན་པ་བྱས་ནས། བསྒྲུབ་པར་ཤེས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ནས་མ་བསྒྲུབས་པར་ཡང་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །དཀྱིལ་འཁོར་ཐམས་ཅད་དུ་ཞུགས་པ་ལ་ནི། རྡོ་རྗེ་འཁོར་ལོའི་ཕྱག་རྒྱས་སོ་ཞེས་བྱ་བ་ནི། བཅོམ་ལྡན་འདས་རྡོ་རྗེ་འཁོར་ལོའི་
སྦྱོར་བ་བྱས་ལ། ཇི་སྐད་དུ་བཤད་པའི་མཚན་ཉིད་ཅན་གྱིས་བཅོམ་ལྡན་འདས་རྡོ་རྗེ་འཁོར་ལོའི་ཕྱག་རྒྱ་བཅིངས་ལ། ཧཱུྃ་ཞེས་བྱ་བ་ཟློས་ཤིང་། གཡས་ནས་བསྐོར་བའི་ཚུལ་གྱིས་བསྐོར་ནས། དཀྱིལ་འཁོར་ཐམས་ཅད་སྤྲུལ་པར་བྱས་པར་འགྱུར་རོ། །དེ་ནས་དེ་ལ་ལྟ་བཞིན་དུ་ཧཱུྃ་ཞེས་བྱ་བ་
ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ལ། ཕྱག་རྒྱ་རང་གི་ཁར་བཅུག་སྟེ་བཞག་ན། དེ་ལྟ་བུས་ནི་རྡོ་རྗེ་འཁོར་ལོས་དཀྱིལ་འཁོར་ཐམས་ཅད་དུ་འཇུག་པར་འགྱུར་རོ། །དཀྱིལ་འཁོར་ཆེན་པོར་འཇུག་པ་ལ་ནི་རྡོ་རྗེ་འཁོར་ལོ་ཆེན་པོས་སོ་ཞེས་བྱ་བ་ནི་དེ་བཞིན་དུ་བཅོམ་ལྡན་འདས་རྡོ་རྗེ་འཁོར་

ལོའི་སྦྱོར་བ་བྱས་ལ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། ཧཱུྃ་ཞེས་བྱ་བ་ཟློས་ཤིང་མགལ་མེའི་འཁོར་ལོའི་ཚུལ་དུ་བསྐོར་བར་བྱ་བ་འདི་ནི་རྡོ་རྗེ་འཁོར་ལོ་ཆེན་པོ་སྟེ། འདིས་གཙོ་བོ་ཆེན་པོ་ཐམས་ཅད་ཀྱི་དཀྱིལ་འཁོར་ཆེན་པོ་རྣམས་སུ་འཇུག་པར་བྱའོ། །དེ་བཞིན་དུ་ཕྱག་རྒྱའི་དཀྱིལ་འཁོར་དུ་
འཇུག་པ་ལ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་ཕྱག་རྒྱས་སོ་ཞེས་བྱ་བ་ནི། ཇི་ལྟར་རྡོ་རྗེ་འཁོར་ལོ་ཆེན་པོས་དཀྱིལ་འཁོར་ཆེན་པོ་ཐམས་ཅད་དུ་འཇུག་པར་འགྱུར་བ་དེ་བཞིན་དུ་མཚན་མའི་ཕྱག་རྒྱའི་དཀྱིལ་འཁོར་ཐམས་ཅད་དུ་འཇུག་པ་ནི། རྡོ་རྗེ་བསྡམས་པ་ལས་བྱུང་བའི་
དང་པོའི་རྡོ་རྗེས་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་དམ་ཚིག་གི་དཀྱིལ་འཁོར་དུ་འཇུག་པ་ལ་ནི་དམ་ཚིག་ཆེན་པོའི་འཁོར་ལོས་སོ་ཞེས་བྱ་བ་ལ། དམ་ཚིག་གི་གཙོ་བོར་གྱུར་པའི་དཀྱིལ་འཁོར་ནི་དམ་ཚིག་གི་དཀྱིལ་འཁོར་ཏེ། དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་ལ་སོགས་པ་རྒྱུད་ལས་
ཇི་སྐད་གསུངས་པའོ། །དེར་འཇུག་པ་ནི་དམ་ཚིག་གི་དཀྱིལ་འཁོར་དུ་འཇུག་པ་སྟེ། རྡོ་རྗེ་བསྡམས་པ་བཅིངས་ལ་གུང་མོ་གཉིས་རྩེ་མོའི་ཚུལ་དུ་བརྐྱང་ནས། མཛུབ་མོ་གཉིས་སོ་སོར་བརྐྱང་ལ། གུང་མོ་དེ་ཉིད་ཀྱི་རྡོ་རྗེ་རྩེ་མོའི་རྒྱབ་ཏུ་བཞག་པ་འདི་ནི་དམ་ཚིག་ཆེན་པོའི་འཁོར་ལོ་སྟེ། འདིས་
དམ་ཚིག་གི་དཀྱིལ་འཁོར་ཐམས་ཅད་དུ་འཇུག་པར་འགྱུར་རོ། །ལས་ཀྱི་དཀྱིལ་འཁོར་དུ་འཇུག་པ་ལ་ནི་ཐམས་ཅད་ཀྱི་འཁོར་ལོས་སོ་ཞེས་བྱ་བ་ནི་ལས་ཀྱི་ཕྱག་རྒྱ་གཙོ་བོར་གྱུར་པའི་དཀྱིལ་འཁོར་ནི་ལས་ཀྱི་དཀྱིལ་འཁོར་རོ། །དེར་འཇུག་པ་ནི་ཐམས་ཅད་ཀྱི་འཁོར་ལོར་འགྱུར་ཏེ་དེ་བཞིན་
དུ་བཅོམ་ལྡན་འདས་རྡོ་རྗེ་འཁོར་ལོའི་སྦྱོར་བ་བྱས་ཏེ། ནམ་མཁའ་མཛོད་ཀྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། ཧཱུྃ་ཞེས་བྱ་བ་ཟློས་ཤིང་ནམ་མཁའ་མཛོད་དུ་བདག་ཉིད་བསམས་ནས་ཧཱུྃ་ཞེས་བྱ་བ་བཟླས་བརྗོད་བྱས་ཏེ་འདི་ནི་ཐམས་ཅད་ཀྱི་འཁོར་ལོ་ནམ་མཁའ་མཛོད་ཀྱི་དམ་ཚིག་གི་ཕྱག་རྒྱ་
སྟེ། འདིས་དཀྱིལ་འཁོར་ཐམས་ཅད་དུ་འཇུག་པར་འགྱུར་རོ། །དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་རྡོ་རྗེ་འཁོར་ལོ་ལ་སོགས་པའི་ཕྱག་རྒྱ་རྣམས་ཀྱི་དཀྱིལ་འཁོར་ཆེན་པོ་ལ་སོགས་པར་འཇུག་པར་འགྱུར་བ་དེ་བཞིན་དུ་ཕྱག་ན་རྡོ་རྗེ་ལ་སོགས་པའི་ཕྱག་རྒྱ་དང་། ལག་པ་

གཡོན་ན་འཁོར་ལོ་འཛིན་པ་ལ་སོགས་པས་རྗེས་སུ་ཆགས་པར་བྱ་བ་ལ་སོགས་པའི་ལས་རྣམས་བྱེད་པར་འགྱུར་ཏེ། དེ་ལ་རྡོ་རྗེ་སེམས་དཔའི་དམ་ཚིག་གི་ཕྱག་རྒྱས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ལ་སོགས་པ་དང་སེམས་ཅན་ཐམས་ཅད་རྗེས་སུ་ཆགས་པར་
བྱེད། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་དམ་ཚིག་གི་ཕྱག་རྒྱས་ནི་དབང་དུ་བྱེད་དོ། །འཕགས་པ་ནམ་མཁའི་སྙིང་པོའི་དམ་ཚིག་གི་ཕྱག་རྒྱས་ནི་དོན་ཐོབ་པར་འགྱུར་རོ། །རྡོ་རྗེ་ཁུ་ཚུར་གྱི་དམ་ཚིག་གི་ཕྱག་རྒྱས་ནི་རྒྱས་འདེབས་སོ། །འཕགས་པ་འཇམ་དཔལ་གཞོན་ནུའི་
དམ་ཚིག་གི་ཕྱག་རྒྱས་ནི་གཅོད་པར་བྱེད་དོ། །རྡོ་རྗེ་འཁོར་ལོའི་དམ་ཚིག་གི་ཕྱག་རྒྱས་ནི་དཀྱིལ་འཁོར་ཐམས་ཅད་དུ་འཇུག་པར་འགྱུར་རོ། །ནམ་མཁའ་མཛོད་ཀྱི་དམ་ཚིག་གི་ཕྱག་རྒྱས་ནི་མཆོད་པའི་ལས་རྣམས་འགྲུབ་པོ། །རྡོ་རྗེ་གནོད་སྦྱིན་གྱི་དམ་ཚིག་གི་ཕྱག་རྒྱས་ནི་གདུག་
པ་ཐམས་ཅད་འདུལ་བའི་དངོས་གྲུབ་འགྲུབ་པོ། །དཀྱིལ་འཁོར་ཐམས་ཅད་ཀྱི་རྡོ་རྗེའི་དམ་ཚིག་ཅེས་བྱ་བ་ལ། དཀྱིལ་འཁོར་ཐམས་ཅད་ནི་རྡོ་རྗེ་འཁོར་ལོའི་དཀྱིལ་འཁོར་རོ། །དེ་དག་ཉིད་ནི་རྡོ་རྗེ་ལྟར་མི་ཕྱེད་པ་ཡིན་པས་ན་རྡོ་རྗེའོ། །དེའི་དམ་ཚིག་ནི་བསྐྱེད་པའི་རྒྱུ་སྟེ། རྡོ་རྗེ་འཁོར་ལོའི་
དཀྱིལ་འཁོར་གྱི་ཚུལ་དུ་རྣམ་པར་རྟོག་པའོ། །མིང་དེ་སྐད་ཅེས་བྱ་བའི་རྟོག་པའི་རྒྱལ་པོ་རྫོགས་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གསུངས་པའི་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་རྟོག་པའི་བཤད་པ་རྫོགས་སོ།། །།དེ་ལྟར་རིགས་ཐམས་ཅད་ཀྱི་དཀྱིལ་
འཁོར་དུ་འཇུག་པའི་རྒྱུར་གྱུར་པའི་དཀྱིལ་འཁོར་ཐམས་ཅད་ཀྱི་རྡོ་རྗེའི་དམ་ཚིག་ཅེས་བྱ་བའི་རྒྱལ་པོ་གསུངས་ནས། ད་ནི་ཚོགས་ཡོངས་སུ་རྫོགས་པའི་རྒྱུར་གྱུར་པའི་ནམ་མཁའི་མཛོད་ཀྱི་རྟོག་པའི་རྒྱལ་པོ་བཤད་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བའི་
སྒྲས་ནི་འདས་མ་ཐག་པ་སྟེ། འདོད་པའི་ཁམས་ཐམས་ཅད་ཀྱི་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་རྒྱལ་པོའི་གནས་ན། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཇི་སྐད་དུ་བཤད་པའི་ཚུལ་གྱིས་བཞུགས་ནས། དེའི་རྗེས་ཐོགས་ཉིད་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་བཤད་དོ་ཞེས་

བྱ་བར་སྦྱར་རོ། །མཆོད་པ་ཐམས་ཅད་ཀྱི་ཆོ་ག་རྒྱས་པའི་སྣོད་ཀྱིས་ཞེས་བྱ་བ་ལ། མཆོད་པ་ཐམས་ཅད་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པའི་མཚན་ཉིད་ཅན་གྱི་མཆོད་པ་རྣམ་པ་བཞིའོ། །དེའི་ཆོ་ག་རྒྱས་པ་ནི་དཀྱིལ་འཁོར་ལ་སོགས་པའི་དབྱེ་བས་དེ་ཁོ་ན་ཉིད་བཅུའི་བདག་ཉིད་ཅན་
གྱི་རྣམ་པར་རྒྱས་པའོ། །དེའི་སྣོད་ནི་འབྱུང་གནས་ཏེ། དེ་ལས་བྱུང་བས་སོ། །མཆོད་པ་ཐམས་ཅད་ཀྱི་ནི་མཆོག །ཅེས་བྱ་བ་ལ། མཆོད་པ་ཐམས་ཅད་ནི་ཇི་སྐད་དུ་བཤད་པ་རྣམས་ཏེ། དེ་ཉིད་ནི་དམ་པ་ཡིན་པས་ན་མཆོག་གོ། །དེ་ཡང་བསྒྲུབ་པའི་མཆོད་པའི་ངོ་བོ་ཉིད་ཡིན་པས་མེ་ཏོག་
ལ་སོགས་པའི་སྤྱིར་མཆོད་པའི་ཚུལ་ཐམས་ཅད་ལས་མཆོག་ཏུ་གྱུར་པ་ཡིན་པའི་ཕྱིར་རོ། །མིང་དེ་སྐད་ཅེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ཏེ། བཤད་དོ་ཞེས་བྱ་བ་ནི་གསུངས་པའོ། །བྱང་ཆུབ་ཀྱི་སེམས་བསྐྱེད་པ་ནི་དེ་བཞིན་གཤེགས་
པ་ཐམས་ཅད་ལ་མཆོད་པའི་ཆོ་ག་རྒྱས་པའོ་ཞེས་བྱ་བ་ལ་བྱང་ཆུབ་ཀྱི་མཚན་ཉིད་ཅན་དང་། བྱང་ཆུབ་ཏུ་འཇུག་པ་དང་། བྱང་ཆུབ་ཏུ་སྨོན་པའི་སེམས་ནི་བྱང་ཆུབ་ཀྱི་སེམས་ཏེ། གསུམ་པ་འདི་དག་བསྐྱེད་པ་ནི། བྱང་ཆུབ་ཏུ་སེམས་བསྐྱེད་པའོ། །དེ་ཉིད་བསྐྱེད་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་
ལ་མཆོད་པ་ཡིན་པས་ན། དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་སྟེ། བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཚུལ་གྱིས་བསྒྲུབ་པའི་མཆོད་པ་ཡིན་ལ། དེའི་ཆོ་ག་རྒྱས་པ་ནི་དཀྱིལ་འཁོར་ལ་སོགས་པའི་ཚུལ་ཏེ། དེ་ཁོ་ན་ཉིད་བཅུའི་བདག་ཉིད་ཅན་ནོ། །སེམས་ཅན་གྱི་ཁམས་ཐམས་ཅད་
ཡོངས་སུ་སྐྱོབ་པ་ནི་ཞེས་བྱ་བ་ལ། ཁམས་གསུམ་ན་སྤྱོད་པའི་སེམས་ཅན་གྱི་ཁམས་མ་ལུས་པ་ཐམས་ཅད་ཡོངས་སུ་ཀུན་ནས་སྐྱོབ་ཅིང་ཉོན་མོངས་པའི་བག་ཆགས་དང་བཅས་པ་སྤངས་པས་ཆོས་ཀྱི་མཚན་ཉིད་ལ་མངོན་པར་ཞེན་པའི་འཇིགས་པ་ལས་སྒྲོལ་བ་སྟེ། ཡོངས་སུ་སྐྱོབ་པ་
ཉིད་ཡིན་པས་ན་ཡོངས་སུ་སྐྱོབ་པ་ཉིད་དོ། །དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སེམས་དང་སེམས་ལས་བྱུང་བའི་ངོ་བོ་ཉིད་ཀྱི་མཆོད་པ་སྟེ་སྒྲུབ་པའི་མཆོད་པའོ། །དེའི་ཆོ་ག་རྒྱས་པ་ནི་སྔ་མ་བཞིན་ནོ། །དམ་པའི་ཆོས་སོ་ཞེས་བྱ་བ་ལ་སོགས་པ་ལ། དམ་པ་ཡང་ཡིན་ལ། ཆོས་ཀྱང་ཡིན་

པས་ན་དམ་པའི་ཆོས་ཏེ། སེམས་དང་སེམས་ལས་བྱུང་བ་རང་བཞིན་གྱིས་རྣམ་པར་དག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་དོ། །ཡང་ན་དམ་པ་རྣམས་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། རང་སངས་རྒྱས་དང་། འཕགས་པ་ཉན་ཐོས་རྣམས་ཀྱི་
ཆོས་ལུང་དང་རྟོགས་པའི་བདག་ཉིད་ཅན་དང་པདྨའི་རིགས་སོ། །དེ་ཡོངས་སུ་བཟུང་བ་ནི། ཐོས་པ་དང་། བསམ་པ་དང་། བསྒོམ་པའི་རང་བཞིན་གྱི་ཤེས་པས་ཉེ་བར་བླངས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ཆོ་ག་རྒྱས་པའོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ་སོགས་པ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལ་སོགས་པ་གང་རང་ཉིད་འདྲི་བ་ནི་འདྲི་བའི་ལས་ཏེ། ལས་ཞེས་བྱ་བའི་སྒྲ་ནི་རེ་རེ་ཞིང་ཡང་སྦྱར་བར་བྱའོ། །དེ་ཉིད་གཞན་འདྲིར་གཞུག་པ་དང་། དེ་ཉིད་གཞུང་དང་དོན་གྱིས་མི་བརྗེད་པར་
ཡིད་ལ་ཡང་དག་པར་འཇོག་པ་ནི་འཛིན་པའོ། །དེ་ཉིད་ཀྱི་གླེགས་བམ་ཀློག་པ་ནི་བཀླགས་པའོ། །འདོན་པ་ནི་བརྗོད་པའོ། །སྒོམ་པ་ནི་གོ་བར་ཟད་དོ། །སྤོས་དང་མེ་ཏོག་ལ་སོགས་པས་མཆོད་པ་བྱེད་པ་ནི་མཆོད་པའི་ལས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ཆོ་ག་རྒྱས་པའོ་
ཞེས་བྱ་བ་ལ། རང་བཞིན་གྱིས་འོད་གསལ་བ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ཀྱི་སེམས་དང་སེམས་ལས་བྱུང་བ་དང་། ལས་ཀྱི་རིགས་རྣམས་དེ་བཞིན་གཤེགས་པ་ཐམས་ཅད་དོ། །དེ་རྣམས་ལ་མཆོད་པ་ནི་ཇི་སྐད་དུ་གསུངས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདྲི་
བ་ལ་སོགས་པའི་ཚུལ་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་མངོན་སུམ་དུ་བྱེད་པའི་རྒྱུ་ཡིན་པའི་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས་བརྩམས་ཏེ། མཆོད་པའི་ཆོ་ག་རྒྱས་པའོ་ཞེས་བྱ་བའི་བར་གྱི་བཤད་པས་ནི། དང་པོ་སྦྱོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་གསུངས་པ་ཡིན་ནོ། །
ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ཏེ། དེ་ལྟར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་བཅོམ་ལྡན་འདས་ནམ་མཁའི་མཛོད་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཤད་པས་རང་གི་དཀྱིལ་འཁོར་སྤྲུལ་པར་བྱ་བའི་ཕྱིར་བསྐུལ་བ་དང་། དེའི་རྗེས་ཐོགས་

ཉིད་ལ་རང་གི་དཀྱིལ་འཁོར་བསྐྱེད་པའི་སྙིང་པོ་ཨོཾ་ཞེས་བྱ་བའི་བདག་ཉིད་ཅན་གསུངས་པའོ། །ནམ་མཁའ་ནི་གོ་འབྱེད་པའོ། །དེ་ཉིད་ནི་མཛོད་དེ། ནོར་གྱི་གཞིའོ། །ཁང་པར་མངའ་བས་ན། ནམ་མཁའ་མཛོད་ཅེས་བྱ་བ་སྟེ། བསམས་པ་ཙམ་ཉིད་ཀྱིས་ནམ་མཁའ་ལས་དེ་
བཞིན་གཤེགས་པ་ལ་སོགས་པའི་དངོས་པོ་ཐམས་ཅད་འབྱུང་བའི་ཕྱིར་རོ། །ལས་ཐམས་ཅད་དོན་ཡོད་པའི་ཕྱིར་དམ་ཚིག་ཅེས་བྱ་བ་ལ། ལས་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པའི་ལས་རྣམ་པ་བཞིའོ། །དེའི་དོན་ཡོད་པ་ནི་འབྲས་བུ་དང་བཅས་པའོ། །དེའི་དམ་
ཚིག་ནི་དེ་སྐྱེད་པར་བྱེད་པའི་རྒྱུ་སྟེ། མིང་དེ་སྐད་ཅེས་བྱ་བར་ངེས་པའི་ཡེ་ཤེས་ནི་སྙིང་པོའི་དེ་སྟོན་པར་བྱེད་པའི་སྒྲ་ལ་ཡང་ཉེ་བར་གདགས་པས་སྙིང་པོ་ཞེས་བྱ་སྟེ། དེ་སྨྲས་པ་ནི་གསུངས་པའོ། །ནམ་མཁའ་ཐམས་ཅད་ལས་ཞེས་བྱ་བ་ནི་ཕྱོགས་བཅུ་ན་གནས་པའི་ནམ་མཁའ་
ལས་སོ། །མཆོད་པ་ཐམས་ཅད་ཀྱི་ཆོ་ག་རྒྱས་པར་གྱུར་ནས། བྱང་ཆུབ་སེམས་དཔའི་ཚུལ་གྱིས་བཞུགས་སོ་ཞེས་བྱ་བར་སྦྱར་ཏེ། མཆོད་པ་ཐམས་ཅད་ཇི་སྐད་དུ་བཤད་པའི་རྣམ་པ་བཞིའོ། །དེའི་ཆོ་ག་རྒྱས་པ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱག་རྒྱ་ཆེན་པོའི་དཀྱིལ་འཁོར་
ལ་སོགས་པའི་དབྱེ་བས་ཕྱེ་བའི་རྣམ་པ་ནི་རྒྱས་པའོ། །དེ་དག་ཀྱང་ཁྱད་པར་ཇི་ལྟ་བུ་ཞེ་ན། ནམ་མཁའི་ཁམས་མ་ལུས་པར་སྤྲོས་པ་ཞེས་བྱ་བ་གསུངས་ཏེ། ནམ་མཁའི་ཁམས་ཀྱང་ཡིན་ལ་མ་ལུས་པ་ཡང་ཡིན་པས་ནམ་མཁའི་ཁམས་མ་ལུས་པ་ཞེས་བྱ་སྟེ། ཇི་ལྟར་
གྲགས་པའི་ཕྱོགས་བཅུ་དག་ན་རྫས་ཐམས་ཅད་དང་བྲལ་བའོ། །དེའི་སྤྲོས་པ་ནི་ཁྱབ་པ་སྟེ། འདི་ལྟར་ནམ་མཁའི་ཁམས་མ་ལུས་པའི་མཐར་ཐུག་པར་སྤྲོས་པའོ། །དེ་ལྟ་བུའི་གཟུགས་ཅན་དུ་གྱུར་པ་ནི་གྱུར་ནས་ཞེས་བྱའོ། །བྱང་ཆུབ་སེམས་དཔའི་ཚུལ་གྱིས་ཞེས་བྱ་བ་ནི། རྡོ་
རྗེ་སེམས་དཔའ་ལ་སོགས་པའི་གཟུགས་ཀྱིས་ནམ་མཁའ་མཛོད་ཀྱི་དཀྱིལ་འཁོར་དུ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གྱི་དབྱིབས་ཀྱི་སྣ་ཚོགས་པདྨའི་གདན་ལ་བཞུགས་པ་སྟེ་གནས་པར་གྱུར་པའོ། །དེ་ལྟར་ན་དེ་ནས་ཞེས་བྱ་བ་ནས་བརྩམས་ཏེ། བཞུགས་སོ་ཞེས་བྱ་བའི་བར་

གྱི་བཤད་པས་ནི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །དེ་ནས་འདུས་པ་མཛད་པ་ནས་བརྩམས་ཏེ། གསུམ་པ་ཡིན་པར་ཤེས་པར་བྱའོ། །དམ་ཚིག་དང་དབང་བསྐུར་བ་ཐོབ་པ་རྣམས་ཀྱིས་བཟླས་བརྗོད་དང་བསྒོམ་པར་བྱའོ་ཞེས་བྱ་བ་འདིའི་ཆོ་ག་བསྟན་པར་
བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པས་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་། སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པར་གསུངས་པ་ཡིན་ནོ། །དེ་ནས་ཞེས་བྱ་བའི་སྒྲ་ནི་སྔ་མ་བཞིན་ཏེ། ལས་ཀྱི་མཆོག་གི་ཏིང་ངེ་འཛིན་གྱི་རྗེས་ཐོགས་ཉིད་ལའོ། །མཆོད་པ་ཐམས་ཅད་
ཀྱི་ཆོ་ག་རྒྱས་པ་ནི་བཤད་ཟིན་ཏོ། །དེའི་བྱིན་གྱིས་བརླབ་པ་ནི་དཀྱིལ་འཁོར་ལ་དམིགས་པ་སྟེ། གང་ལ་དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ནས་འདི་གསུངས་སོ་ཞེས་བྱ་བར་སྦྱར་རོ། །རྡོ་རྗེ་མཆོད་པའི་མཆོག་དོན་ཡོད་པའི་དམ་ཚིག་ཅེས་བྱ་བ་ལ། རྡོ་རྗེ་མཆོད་
པ་ལ་ནི། ཇི་སྐད་དུ་བཤད་པའི་མཆོད་པ་རྣམ་པ་བཞིའོ། །དེ་བྱུང་བར་གྱུར་པ་ནི་མཆོག་གོ། །དོན་ཡོད་པའི་རྣམ་པ་སྟེ་དམ་ཚིག་ཅེས་བྱ་བ་ནི། ནམ་མཁའ་མཛོད་ཀྱི་དཀྱིལ་འཁོར་ཏེ་དེ་གསུངས་པའོ། །འདིས་ནི་དོན་འདི་སྐད་སྟོན་པར་འགྱུར་ཏེ། ཏིང་ངེ་འཛིན་གསུམ་བསྒོམ་པ་སྔོན་དུ་
འགྲོ་བས་ཇི་སྲིད་དུ་མངོན་སུམ་དུ་མཐོང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་དཀྱིལ་འཁོར་འདི་བསྒོམ་པར་བྱའོ། །དེ་ནས་དཀྱིལ་འཁོར་འདི་བྲི་བར་བྱའོ། །ཕྱིའི་དཀྱིལ་འཁོར་ཇི་ལྟ་བའི། །ཞེས་བྱ་བ་ནི། འདིའི་ཕྱིའི་དཀྱིལ་འཁོར་ཐམས་ཅད་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དང་འདྲ་བར་བྱའོ། །
དེ་བཞིན་དུ་ནང་དུ་རིན་པོ་ཆེའི་ཀ་བ་བརྒྱད་བྱས་ལ་ཞེས་བྱ་བ་ནི། ཇི་ལྟར་འཕགས་པ་ནམ་མཁའི་སྙིང་པོའི་དཀྱིལ་འཁོར་བྲི་བ་བཞིན་དུ་འདིའི་ནང་གི་དཀྱིལ་འཁོར་ཐམས་ཅད་བྲི་བར་བྱའོ། །དབུས་སུ་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ་དཀྱིལ་འཁོར་དབུས་མའི་དབུས་སུ་སྣ་ཚོགས་
པདྨའི་གདན་ལ། བཅོམ་ལྡན་འདས་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཕྱག་གཡས་ན་སྣ་ཚོགས་རྡོ་རྗེ་རང་གི་སྙིང་གར་བསྟོད་པའི་ཚུལ་གྱིས་བསྣམས་པ། གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་སྣ་ཚོགས་རྡོ་རྗེས་མཚན་པའི་དྲིལ་བུ་བསྣམས་ནས་བསྙེམས་པས་བཞུགས་པ། སངས་

རྒྱས་ལྔའི་དབུ་རྒྱན་ལ་སྣ་ཚོགས་རྡོ་རྗེའི་ཕྲེང་བ་ཅན་གྱིས་དབང་བསྐུར་བ། ཞལ་དཀར་པོ་པུས་མོའི་འོག་གི་ཆ་ནས་རྐང་པ་དང་། ཕྱག་གཉིས་པ་ལ་ཤའི་མདོག་ཅན། ལྷག་མ་རྣམས་ནི་སྔོན་པོ་ཞལ་གྱི་འོག་གི་ཆ་ནས་རྐེད་པའི་བར་དུ་དམར་སྐྱ། བརླ་གཉིས་སེར་སྐྱའི་མདོག་ཅན་དུ་དགོད་
པར་བྱའོ། །ཐམས་ཅད་དུ་མཆོད་པའི་དམ་ཚིག་གི་སེམས་དཔའ་རྣམས་གཞག་པར་བྱའོ་ཞེས་བྱ་བ་ནི། དེའི་ཕྱོགས་དང་མཚམས་རྣམས་སུ་མཆོད་པའི་ངོ་བོ་ཉིད་ཀྱི་ཀུན་རྫོབ་ཀྱི་གཟུགས་ནི་མཆོད་པའོ། །སེམས་དཔའ་ནི་ཕྱག་རྒྱ་ཆེན་པོའི་ངོ་བོ་སྟེ། དེ་ནི་མཆོད་པའི་དམ་ཚིག་
སེམས་དཔའོ། །དེ་ཡང་ལུགས་མའམ། བརྡུངས་པ་ལ་སོགས་པའི་གཟུགས་སུ་གཞག་པར་བྱའོ། །དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ཞེ་ན། ཕྱག་ན་རྡོ་རྗེ་དང་། འཇིག་རྟེན་དབང་ཕྱུག་ལ་སོགས་པ་བྱང་ཆུབ་སེམས་དཔའ་བརྒྱད་
བ་ཞེས་བྱ་བ་སྟེ། དེ་དག་ཀྱང་བྱང་ཆུབ་ཀྱི་སེམས་ལ་སོགས་པ་ཕྱག་ན་བསྣམས་པར་ཇི་ལྟ་བ་བཞིན་དུ་བྲི་བར་བྱའོ། །དེ་ལ་བྱང་ཆུབ་ཀྱི་སེམས་ནི་རྡོ་རྗེ་རྩེ་ལྔ་པ་སྟེ། རྡོ་རྗེ་དེ་ཕྱག་གིས་ཡོངས་སུ་འཛིན་ཅིང་། དེས་ན་འདི་ནི་བྱང་ཆུབ་ཀྱི་སེམས་ཀྱི་བླ་ན་མེད་པའི་མཆོད་པའི་ཆོ་ག་རྒྱས་པར་བསྣམས་
པའི་ཕྱག་གོ། །ཏིང་ངེ་འཛིན་སྟོན་པའི་ཕྱག་རྒྱ་ནི་ཏིང་ངེ་འཛིན་ཏེ་པདྨའི་ཕྱག་རྒྱའོ། །དེ་ཡང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཡོངས་སུ་འཛིན་ཏེ། དེས་ན་འདི་ནི་ཏིང་ངེ་འཛིན་གྱི་བླ་ན་མེད་པའི་མཆོད་པའི་ཆོ་ག་རྒྱས་པར་ཕྱག་ན་བསྣམས་པའོ། །དབང་བསྐུར་བ་ནི་རྡོ་རྗེའི་རིན་པོ་ཆེ་སྟེ།
འཕགས་པ་ནམ་མཁའི་སྙིང་པོའི་མཚན་མའོ། །ཕྱག་རྒྱ་ནི་རྡོ་རྗེ་ཁུ་ཚུར་ཏེ། དམ་ཚིག་གི་ཁུ་ཚུར་གྱིས་ཡོངས་སུ་བཟུང་བའི་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱའོ། །སྟོང་པ་ཉིད་དུ་སྨྲ་བ་ནི། འཕགས་པ་འཇམ་དཔལ་གྱི་རལ་གྲི་སྟེ། དེས་ཆོས་ཐམས་ཅད་ནི་མ་སྐྱེས་པའོ་ཞེས་སྟོན་པའི་ཕྱིར། དེ་
ནས་སྟོང་པ་ཉིད་དུ་སྨྲ་བ་ཞེས་འདི་ལ་བཤད་དོ། །དཀྱིལ་འཁོར་འདྲི་བ་ནི་འཕགས་པ་རྡོ་རྗེའི་རྒྱུའི་མཚན་མ་འཁོར་ལོ་རྩིབས་བརྒྱད་པ་སྟེ། དེ་ཕྱག་ན་བསྣམས་པས་གང་ཞིག་དཀྱིལ་འཁོར་རྫོགས་པར་བྱེད་པར་འདོད་པའི་རྣལ་འབྱོར་པ་ལ་དེ་ངེས་པ་ཉིད་དུ་རྫོགས་པར་མཛེས་པས་ན། དེའི་

ཕྱིར་དེ་ནི་དཀྱིལ་འཁོར་འདྲི་བ་ཞེས་བཤད་དོ། །མཆོད་པ་ཐམས་ཅད་ནི་ནམ་མཁའི་མཛོད་ཀྱི་མཚན་མ་སྣ་ཚོགས་རྡོ་རྗེའོ། །དེ་ཕྱག་ན་བསྣམས་པས་རྣལ་འབྱོར་པ་རྣམས་ཀྱིས་སངས་རྒྱས་ལ་མཆོད་པ་དང་། སེམས་ཅན་གྱི་དོན་བྱ་བ་ཡོངས་སུ་རྫོགས་པར་མཛད་དེ།
དེས་ན་མཆོད་པ་ཐམས་ཅད་ཅེས་བཤད་དོ། །སེམས་ཅན་རྣམས་ཡོངས་སུ་བསྐྱབ་པ་ནི་རྡོ་རྗེ་གནོད་སྦྱིན་གྱི་མཆོད་པའི་ཕྱག་རྒྱ་སྟེ། མཚན་མ་དེ་ཕྱག་ན་བསྣམས་པས་བདུད་ཐམས་ཅད་ལ་སོགས་པ་གདུག་པ་རྣམས་རྣམ་པར་འཇིག་པར་མཛད་ལ། དེ་ནས་སེམས་ཅན་རྣམས་སྐྱོབ་པར་
གྱུར་པའོ། །དེ་ལྟར་ན་བྱང་ཆུབ་སེམས་དང་ཏིང་ངེ་འཛིན་དང་དབང་བསྐུར་བ་དང་། ཕྱག་རྒྱ་ཡོངས་སུ་འཛིན་པ་དང་། སྟོང་པ་ཉིད་དུ་སྨྲ་བ་དང་། དཀྱིལ་འཁོར་འདྲི་བ་དང་། མཆོད་པ་ཐམས་ཅད་དང་། སེམས་ཅན་རྣམས་ཡོངས་སུ་སྐྱོབ་པ་རྣམས་སོ། །དེ་དག་ཉིད་ནི་བླ་ན་མེད་
པའི་མཆོད་པ་སྟེ། བྱང་ཆུབ་ཀྱི་སེམས་ལ་སོགས་པ་སྒྲུབ་པའི་མཆོད་པ་རྣམས་ནི་ཕྱིའི་མཆོད་པའི་ཁྱད་པར་ཐམས་ཅད་ལས་མཆོག་ཏུ་གྱུར་པ་ཡིན་པའི་ཕྱིར་རོ། །དེའི་ཆོ་ག་རྒྱས་པ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ངོ་བོ་ཉིད་གསལ་བའི་དབྱེ་བ་སྟེ། དེས་ན་ད་ཕྱག་ན་བསྣམས་
པ་ཕྱག་ན་རྡོ་རྗེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་བརྒྱད་དོ། །དེ་བས་ན་དེ་རྣམས་ནི་བྱང་ཆུབ་ཀྱི་སེམས་ལ་སོགས་པ་བླ་ན་མེད་པའི་མཆོད་པའི་ཆོ་ག་རྒྱས་པ་ཕྱག་ན་བསྣམས་པ་བྲི་བར་བྱའོ། །ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་ནི་ཤར་ཕྱོགས་ཀྱི་ཆ་ནས་བརྩམས་ཏེ། ཇི་
སྲིད་དབང་ལྡན་གྱི་ཕྱོགས་ཀྱི་བར་དུ་སྣ་ཚོགས་པདྨའི་གདན་ལ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པར་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་ཕྱག་རྒྱ་ཆེན་པོས་ཨོཾ་ཞེས་བྱ་བ་བྲི་བར་བྱའོ་ཞེས་བྱ་བའི་དོན་ཏོ། །ཕྱིའི་མཚམས་རྣམས་སུ་ནི་མེ་ཏོག་ལ་སོགས་པ་རྣམས་
དང་ཞེས་བྱ་བ་ནི་རྡོ་རྗེ་སྦྲང་རྩི་དང་རྡོ་རྗེ་སྤྲིན་དང་། རྡོ་རྗེ་སྟོན་དང་། རྡོ་རྗེ་དགུན་རྣམས་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ལས་གསུངས་པའི་ཕྱག་རྒྱ་ཆེན་པོས་མེའི་ཕྱོགས་ནས་བརྩམས་ཏེ། དབང་ལྡན་གྱི་ཕྱོགས་ཀྱི་བར་དུ་བྲི་བར་བྱའོ། །སྒོ་རྣམས་སུ་ནི་ཞེས་བྱ་བ་ལ་ཤར་ཕྱོགས་ཀྱི་སྒོར་ནི་དོང་

ཙེ་དང་། ལྷོར་གསེར་དང་། ནུབ་ཏུ་མུ་ཏིག་གི་འབྲས་བུ་དང་། བྱང་དུ་རིན་པོ་ཆེ་ཞེས་བྱ་བ་པདྨ་རཱ་ག་གཞག་པར་བྱའོ། །དེ་ནས་དེ་བཞིན་དུ་རྡོ་རྗེ་ཐམས་ཅད་ཀྱི་མཆོད་པ་ཐམས་ཅད་ཐོབ་པར་འགྱུར་རོ་ཞེས་བྱ་བ་ལ། ནམ་མཁའ་མཛོད་ཀྱི་དམ་ཚིག་གི་ཕྱག་རྒྱ་ནི་རྡོ་རྗེ་ཐམས་ཅད་དེ། དེ་བཅིངས་
ལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོར་འཇུག་པའི་ཚུལ་གྱིས་སློབ་དཔོན་ཞུགས་ནས། དེ་ནས་ཆོ་ག་དེ་ཉིད་ཀྱིས་ནམ་མཁའ་མཛོད་ཀྱི་དངོས་གྲུབ་ཐོབ་པར་འགྱུར་བ་ནི་མཆོད་པ་ཐམས་ཅད་འཐོབ་པར་འགྱུར་རོ་ཞེས་བྱའོ། །ཞུགས་ནས་སྣ་ཚོགས་རྡོ་རྗེ་བླངས་ལ་ཞེས་བྱ་བ་ནི་དེ་ལྟར་
རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་རྡོ་རྗེ་ཐམས་ཅད་ཀྱིས་ཞུགས་ལ། བཅོམ་ལྡན་འདས་ལས་ཨོཾ་ཞེས་བྱ་བ་དང་། སྣ་ཚོགས་རྡོ་རྗེ་མནོས་ཏེ། ཨོཾ་ཞེས་བྱ་བ་ཟློས་ཤིང་། ཀྱེ་སྣ་ཚོགས་ཆེ་གེ་མོ་ཞེས་བྱ་བའི་མིང་གི་དབང་བསྐུར་བས་དབང་བསྐུར་བར་བྱའོ། །དེ་ལྟར་བདག་
ཉིད་དབང་བསྐུར་ནས་སློབ་དཔོན་གྱིས་མཆོད་པ་རྣམ་པ་བཞི་བྱ་སྟེ། འདི་ལྟ་སྟེ་ལུས་ཀྱི་ལས་ཐམས་ཅད་དང་ཕྱག་བྱ་བ་དང་། ངག་དང་ཡིད་དང་ཞེས་བྱ་བ་ནི། དེ་ལ་ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཱ་ཀ་ཙིཏྟ་པྲ་ཎ་མེ་ན་བཛྲ་བནྡ་ནཾ་ཀ་རོ་མི་ཞེས་བྱ་བ་འདི་ནི་མཆོད་པ་གཅིག་གོ། །སེམས་ཀྱིས་ཆོས་ཀྱི་
དབྱིངས་སུ་སྤྲོས་པས་མཆོད་པའི་ཆོ་ག་རྒྱས་པ་དང་ཞེས་བྱ་བ་ནི། ཐོས་པ་དང་། མཐོང་བའི་མཆོད་པའི་ཁྱད་པར་རྣམས་ཀྱི་སེམས་ཀྱིས་ནམ་མཁའ་ཀུན་དུ་བཀང་ལ། དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པར་བྱའོ་ཞེས་བྱ་བ་འདི་ནི་གཉིས་པའོ། །རྡོ་རྗེས་ཞེས་བྱ་བ་རང་གི་སྙིང་གར་
རྡོ་རྗེ་རྩེ་ལྔ་པ་བསྒོམས་པ་འདི་ནི་མཆོད་པ་གསུམ་པའོ། །ཕྱག་རྒྱས་མཆོད་པ་གཅིག་ཏུ་བྱས་པའོ། །ཞེས་བྱ་བ་ནི་གསང་བའི་མཆོད་པའི་ཕྱག་རྒྱ་རྣམས་སམ། རྡོ་རྗེ་སྦྲང་རྩི་ལ་སོགས་པའི་ཕྱག་རྒྱས་མཆོད་པར་བྱ་སྟེ། དེ་དག་གཅིག་ཏུ་བྱས་པའི་ཕྱག་རྒྱ་ནི་མཆོད་པ་བཞི་པར་འགྱུར་རོ། །སློབ་
མ་རྣམས་ནི་གཞུག་པའི་ལས་ཀྱང་དེ་བཞིན་ནོ་ཞེས་བྱ་བ་སློབ་དཔོན་འཇུག་པའི་ཆོ་ག་བཞིན་དུ་སློབ་མ་རྣམས་གཞུག་པ་ལ་སོགས་པའི་ཆོ་ག་རྣམས་ཀྱང་བྱ་བའོ། །ལས་ཀྱི་དཀྱིལ་འཁོར་རོ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ལ་སོགས་པ་ཇི་སྐད་དུ་བཤད་པའི་མཆོད་པ་རྣམ་པ་བཞི་ནི་ལས་ཏེ། དེ་ལས་

བྱུང་བའི་དཀྱིལ་འཁོར་ནི་ལས་ཀྱི་དཀྱིལ་འཁོར་ཡིན་པ་འམ། དེ་བསྐྱེད་པའི་རྒྱུའི་དཀྱིལ་འཁོར་ཞེས་བྱའོ། །ཡང་འདིའི་དོན་བཤད་པར་བྱ་སྟེ། བཅོམ་ལྡན་འདས་ནམ་མཁའ་མཛོད་ཀྱི་སྦྱོར་བ་བྱས་ལ། དེ་ཉིད་ཀྱིས་རྣལ་འབྱོར་ཆེན་པོ་བྱའོ། །དེ་ནས་ཏིང་ངེ་འཛིན་
གསུམ་བསྒོམ་པར་བྱས་ལ། དཀྱིལ་འཁོར་ཇི་སྲིད་མངོན་སུམ་དུ་མཐོང་བར་གྱུར་བ་དེ་སྲིད་ཀྱི་བར་དུ་དཀྱིལ་འཁོར་འདི་བསྒོམ་པར་བྱའོ། །དེ་ནས་ཇི་སྐད་དུ་བཤད་པའི་དཀྱིལ་འཁོར་གྱི་སའི་དབུས་སུ་ཏིང་ངེ་འཛིན་གསུམ་རྣམ་པར་བསྒོམས་ལ། བར་སྣང་གི་ཕྱོགས་སུ་ཇི་ལྟ་བ་
བཞིན་དུ་བཞག་ནས་ཉི་མ་འཆར་བའི་དུས་སུ་ཇི་ལྟ་བ་བཞིན་དུ་གདབ་པར་བྱའོ། །འདིའི་ཕྱིའི་དཀྱིལ་འཁོར་ཐམས་ཅད་ནི་རྡོ་རྗེ་སེམས་དཔའི་ཕྱིའི་དཀྱིལ་འཁོར་དང་འདྲ་བའོ། །འདིའི་ནང་དུ་འདིའི་ཕྱེད་ཀྱི་ཚད་དུ་འཕགས་པ་ནམ་མཁའི་སྙིང་པོའི་དཀྱིལ་འཁོར་དང་འདྲ་བར་ཐིག་བཏབ་ལ།
དཀྱིལ་འཁོར་ཐམས་ཅད་བྲི་བར་བྱའོ། །དེ་ནས་ལྷ་ཐམས་ཅད་ཀྱི་གནས་སུ་སྣ་ཚོགས་པདྨའི་གདན་བྱས་ལ། དཀྱིལ་འཁོར་དབུས་མའི་དབུས་སུ་སྣ་ཚོགས་པདྨའི་སྟེང་དུ་བཅོམ་ལྡན་འདས་ནམ་མཁའི་མཛོད་ཞལ་ཤར་ཕྱོགས་སུ་གཟིགས་པ་བྲི་བར་བྱའོ། །དེའི་ཤར་ཕྱོགས་ཀྱི་ཆ་
ལ་རྡོ་རྗེ་ཡིད་ལས་བྱུང་བའི་གནས་སུ་རྡོ་རྗེ་སེམས་དཔའ། མེའི་ཕྱོགས་སུ་འཇམ་དཔལ་གཞོན་ནུར་གྱུར་པ། ཀཱི་ལི་ཀཱི་ལའི་གནས་སུ་ནམ་མཁའི་སྙིང་པོ། བདེན་བྲལ་གྱི་ཕྱོགས་སུ་ནམ་མཁའ་མཛོད། རྡོ་རྗེ་དྲན་པའི་གནས་སུ་འཇིག་རྟེན་དབང་ཕྱུག །རླུང་གི་ཕྱོགས་སུ་སེམས་
བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ། རྡོ་རྗེ་བསྙེམས་པའི་གནས་སུ་རྡོ་རྗེ་ཁུ་ཚུར། དབང་ལྡན་གྱི་ཕྱོགས་སུ་རྡོ་རྗེ་གནོད་སྦྱིན་ལེགས་པར་བྲི་བར་བྱའོ། །ཕྱིའི་དཀྱིལ་འཁོར་གྱི་ལྷའི་སྣམ་བུ་ལ་མེའི་མཚམས་སུ་རྡོ་རྗེ་སྦྲང་རྩི། བདེན་བྲལ་གྱི་མཚམས་སུ་རྡོ་རྗེ་སྤྲིན། རླུང་གི་མཚམས་
སུ་རྡོ་རྗེ་སྟོན་ཀ །དབང་ལྡན་གྱི་མཚམས་སུ་རྡོ་རྗེ་དགུན་བྲི་བར་བྱའོ། །ཤར་ཕྱོགས་ཀྱི་སྒོར་ནི་དོང་ཙེ། ལྷོ་ཕྱོགས་ཀྱི་སྒོར་ནི་གསེར། ནུབ་ཕྱོགས་སུ་ནི་མུ་ཏིག་གི་འབྲུམ་བུ། བྱང་ཕྱོགས་ཀྱི་སྒོར་ནི་རིན་པོ་ཆེ་པདྨ་རཱ་ག་ཡང་དག་པར་གཞག་པར་བྱའོ། །འདིར་ལྷ་ཐམས་ཅད་ཀྱི་སྙིང་པོ་ནི་ཨོཾ་

ཞེས་བྱ་བ་ཡིན་པར་ཤེས་པར་བྱའོ། །དེ་ལྟར་དཀྱིལ་འཁོར་བྲིས་ནས། དེ་བཞིན་དུ་སྦྱོར་བ་ཆེན་པོ་བྱས་ལ། ནམ་མཁའ་མཛོད་ཀྱི་དམ་ཚིག་གི་ཕྱག་རྒྱས་ཡོངས་སུ་བཟུང་བའི་སྣ་ཚོགས་རྡོ་རྗེ་དང་། མེ་ཏོག་གི་ལྕུག་མས་བུམ་པ་ཐམས་ཅད་དང་། བུམ་པ་གང་བ་ལ། ཨོཾ་ཞེས་བྱ་བ་རེ་རེ་
ཞིང་བཟླས་བརྗོད་བརྒྱ་རྩ་བརྒྱད་བྱས་ཏེ། དཀྱིལ་འཁོར་གྱི་སྒོ་བཞི་ཕྱེ་ནས་རྡོ་རྗེ་བསྡུ་བ་བྱས་ལ། བཅོམ་ལྡན་འདས་ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་ཆེན་པོ་བསྒོམ་ཞིང་། བཅོམ་ལྡན་འདས་ལ་མཚན་བརྒྱ་རྩ་བརྒྱད་པས་བསྟོད་ལ། གསང་བའི་ལྕགས་ཀྱུ་དང་། ཨོཾ་ཞེས་བྱ་བས་བཅོམ་ལྡན་
འདས་འཁོར་དང་བཅས་བ་དཀྱིལ་འཁོར་དུ་བཅུག་ལ་རྡོ་རྗེ་གནོད་སྦྱིན་གྱིས་གདོན་བསལ་ལ། དཀྱིལ་འཁོར་བཅིང་བ་དང་། མཚམས་བཅིང་བ་དང་། དྲ་བ་དང་། ར་བ་དག་བྱས་ཏེ། རྡོ་རྗེ་ཁུ་ཚུར་གྱིས་སྒོ་བཅིངས་ལ། རྡོ་རྗེ་སྲུང་བས་བསྲུང་བ་ཐམས་ཅད་གོ་བསྐོན་ཏེ། ཨོཾ་ཞེས་བྱ་བས་
མཆོད་ཡོན་ཕུལ་ལ་དམ་ཚིག་གི་ཕྱག་རྒྱས་ཨོཾ་དྲྀ་ཤྱ་ཞེས་བྱ་བ་དང་། འཁོར་དང་བཅས་པ་བལྟ་བར་བྱས་ཏེ། ཛཿཧཱུྃ་བཾ་ཧོཿས་མ་ཡ་སྟྭཾ། ས་མ་ཡ་སྟྭཾ། ཨ་ཧཾ་ཞེས་ལན་གསུམ་བརྗོད་ལ་བསྒྲུབ་པར་བྱ་ཞིང་། རྡོ་རྗེ་བསྡམས་པ་ལས་བྱུང་བའི་རྡོ་རྗེ་རིན་ཆེན་གྱི་དམ་ཚིག་གི་ཕྱག་རྒྱ་ལས། སྲིན་
ལག་དང་། མཐེའུ་ཆུང་བརྐྱང་ལ། རྒྱལ་མཚན་དང་། དར་འཕན་གྱི་རྩེ་མོ་ལྟར་བྱ་བ་འདི་ནི་ནམ་མཁའ་མཛོད་ཀྱི་དམ་ཚིག་གི་ཕྱག་རྒྱའོ། །དེ་ནས་ལྷ་ཐམས་ཅད་ཀྱི་ལྗགས་ལ་ཨོཾ་ཞེས་བྱ་བ་ཇི་ལྟ་བ་བཞིན་དུ་བསམས་པ་འདི་ནི་འདིར་ལྷ་ཐམས་ཅད་ཀྱི་ཆོས་ཀྱི་ཕྱག་རྒྱའོ། །ཨ་ཞེས་བྱ་བས་
སྙིང་གར་སྣ་ཚོགས་རྡོ་རྗེ་བསམས་ལ་ལྷ་ཐམས་ཅད་ཀྱི་ཕྱག་རྒྱ་སྔར་བཤད་པའི་མཚན་ཉིད་ཅན་ཨོཾ་ཞེས་པ་ཉིད་ཟློས་ཤིང་བཅིང་བར་བྱའོ། །དེ་ནས་ཧཱུྃ་ལས་རང་གི་སྙིང་གར་རྡོ་རྗེ་རྩེ་ལྔ་བ་བསམས་ལ། ཇི་ལྟར་བྲིས་པའི་རྗེས་སུ་མཐུན་པར་ནམ་མཁའ་མཛོད་ལ་སོགས་པའི་ཕྱག་རྒྱ་ཆེན་
པོ་ཨོཾ་ཞེས་བྱ་བ་ཟློས་ཤིང་བཅིང་བར་བྱའོ། །དེ་ནས་སངས་རྒྱས་ལྔའི་ཅོད་ཕན་དང་སྣ་ཚོགས་རྡོ་རྗེའི་ཕྲེང་བའི་ཕྱག་རྒྱའི་དབང་བསྐུར་བ་དག་གིས་བཅོམ་ལྡན་འདས་འཁོར་དང་བཅས་པ་དབང་བསྐུར་བར་བྱའོ། །འདིར་སྣ་ཚོགས་རྡོ་རྗེའི་ཕྲེང་བའི་དབང་བསྐུར་བ་ནམ་མཁའ་མཛོད་ཀྱི་དམ་ཚིག་གི་

ཕྱག་རྒྱ་དང་། །ཨོཾ་ཞེས་བྱ་བས་དབུལ་བར་བྱའོ། །དེ་ནས་བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་ཨོཾ་ཞེས་བྱ་བས་མཆོད་ཡོན་ཕུལ་ལ། བུམ་པ་རྣམས་དང་། བུམ་པ་གང་བ་རྣམས་དང་། ན་བཟའ་དང་། བླ་རེ་ལ་སོགས་པ་ཕུལ་ཏེ། མཆོད་པ་རྣམ་པ་ལྔས་མཆོད་ལ།
ཕྱི་རོལ་དུ་གླུ་དང་གར་དང་། རོལ་མོ་དང་རྟ་དང་། གླང་པོ་ཆེ་དང་། བ་ལང་གི་ཁྱུ་རྣམས་ཀྱིས་ཀྱང་མཆོད་པ་བྱེད་དུ་གཞུག་གོ། །དེ་ནས་ཕྱག་རྒྱའི་མཆོད་པ་རྣམ་པ་བཅུ་གཉིས་ཀྱིས་ཡང་དག་པར་མཆོད་ལ། ཨོཾ་ཞེས་བྱ་བ་ཉིད་ལས་རིན་པོ་ཆེ་སྣ་བདུན་དང་། དཔག་བསམ་གྱི་ཤིང་།
ཁ་ཟས་རོ་བརྒྱ་པ་ལ་སོགས་པའི་བཀོད་པ་རྣམས་སྤྲུལ་ལ། འདིས་དབུལ་བར་བྱ་སྟེ། ཐལ་མོ་ཁོང་སྟོང་དུ་སྦྱར་ལ་སྤྱི་བོར་བཞག་ནས། ཨོཾ་སརྦ་བི་ཏྤཱུར་པཱུ་ར་སུ་ར་སུ་ར་ཨཱ་བརྟ་ཡ་ཨཱ་བརྟ་ཡ་ཧོ། །ཞེས་བརྗོད་དོ། །དེ་ནས་ཕྱི་རོལ་དུ་གཏོར་མ་བྱིན་ལ་སྦྱིན་སྲེག་བྱའོ། །དེ་ནས་ཤིན་ཏུ་དམར་
བའི་རས་ལ། རྡོ་རྗེ་གནོད་སྦྱིན་གྱིས་ཡོངས་སུ་བཟླས་པ་གཅིག་གིས་སྨད་གཡོགས་བྱ། གཉིས་པས་སྟོད་གཡོགས་བྱའོ། །ཡང་གཅིག་ལ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་སྙིང་པོ་བཞི་ཡོངས་སུ་བཟླས་པས་རང་གི་གདོང་གཡོགས་པར་བྱའོ། །དེ་ནས་ཕྱག་འཚལ་བ་ལ་སོགས་
པ་སྔོན་དུ་འགྲོ་བས་དེ་བཞིན་དུ་སྡོམ་པ་བཟུང་ལ། བྱང་ཆུབ་ཏུ་སེམས་བསྐྱེད་དེ། སྔ་མ་བཞིན་དུ་སྙིང་གར་རྡོ་རྗེ་བསྐྱེད་ལ། ཤར་ཕྱོགས་ཀྱི་སྒོར་བལྟས་ནས་ཕྱི་རོལ་ན་གནས་པའི་བུམ་པའི་ཆུས་བདག་ཉིད་དབང་བསྐུར་ཏེ། ནམ་མཁའ་མཛོད་ཀྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ།
དེ་ཉིད་ཀྱིས་མེ་ཏོག་གི་ཕྲེང་བ་བླངས་ནས། བཛྲ་བཛྲ་ཨོཾ་ཞེས་ཟློས་ཤིང་དཀྱིལ་འཁོར་དུ་འཇུག་པར་བྱ་སྟེ། ཤར་ཕྱོགས་ཀྱི་སྒོར་བཛྲ་ཨཾ་ཀུ་ཤ་ཛཿཞེས་བརྗོད་པར་བྱའོ། །དེ་ནས་ལྷོ་ཕྱོགས་ནས་ཞུགས་ལ་བཛྲ་པཱ་ཤ་ཧཱུྃ་ཞེས་བརྗོད་པར་བྱའོ། །ཡང་ནུབ་ཕྱོགས་ཀྱི་སྒོ་ནས་ཞུགས་ནས་བཛྲ་
སྤོ་ཊ་བཾ་ཞེས་བརྗོད་པར་བྱའོ། །དེ་ནས་བྱང་ཕྱོགས་ཀྱི་སྒོ་ནས་དེ་བཞིན་དུ་ཞུགས་ལ་བཛྲ་ཨཱ་བེ་ཤ་ཨཱཿཞེས་པ་དང་བདག་ཉིད་དབང་དུ་བྱའོ། །དེ་ནས་དེ་བཞིན་དུ་ཤར་ཕྱོགས་ཀྱི་སྒོར་ཞུགས་ལ། མ་ཧཱ་ར་ཏ། སུ་དྲྀ་ཌྷ། སུ་ཏོ་ཥྱོ། སུ་སུ་ཥྱོ། བཛྲ་སཏྭ། ཨཱདྱ་སིདྡྷྱཱ་མཱཾ་ཞེས་བརྗོད་པར་བྱའོ། །

དེ་ནས་རྣམ་པར་སྒེག་པའི་རྡོ་རྗེས་ཕྱག་བྱས་ལ། དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་བྱས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་ལ། འདི་སྐད་ཅེས་བརྗོད་པར་བྱ་སྟེ། མ་ཧཱ་རཱ་ག་མ་ཧཱ་སཽ་ཁྱ། མ་ཧཱ་བཛྲ་མ་ཧཱ་དྷཱ་ན། མ་ཧཱ་ཛྙཱ་ན་མ་ཧཱ་ཀརྨ་བཛྲ་སཏྭ་ཨཱདྱ་སིདྡྷྱ་མཱཾ། ཡང་འདི་སྐད་
ཅེས་བརྗོད་པར་བྱ་སྟེ། ཛཿཧཱུཾ་བཾ་ཧོཿ། པྲ་སིདྡྷྱ་མཱཾ། དེ་ནས་རྡོ་རྗེ་ཆུ་འཐུངས་ལ་ཨ་ཞེས་བྱ་བ་བརྒྱ་བཟླས་ནས། བདག་ཉིད་ལ་དབབ་པར་བྱའོ། །ཡང་གཡོན་པའི་ཁྲོ་བོའི་ཁུ་ཚུར་གྱིས་སེམས་མ་རྡོ་རྗེ་ཕྱེ་ལ། ཨ་ཞེས་བྱ་བ་ལན་བརྒྱ་བརྗོད་ཅིང་བདག་ཉིད་ལ་དབབ་པར་བྱའོ། །དེ་ནས་ཨོཾ་ཞེས་
བྱ་བ་ཟློས་ཤིང་མེ་ཏོག་དོར་བར་བྱའོ། །དེ་ནས་དེ་བླངས་ལ། ཨོཾ་ཉིད་ཀྱིས་རང་གི་མགོ་ལ་བཅིང་བར་བྱའོ། །དེ་ནས་དེ་ཉིད་ཀྱིས་གདོང་གཡོགས་དགྲོལ་ལོ། །དེ་ནས་དེ་ཉིད་ཟློས་ཤིང་ཤར་ཕྱོགས་ནས་བརྩམས་ཏེ། དཀྱིལ་འཁོར་ལ་བལྟ་བར་བྱའོ། །དེ་ནས་བཅོམ་ལྡན་འདས་
ནམ་མཁའ་མཛོད་ཀྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། སྔ་མ་བཞིན་དུ་རང་གི་སྙིང་གར་དགྲོལ་བར་བྱའོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ལ། བཅོམ་ལྡན་འདས་ལ་རྡོ་རྗེའི་ལྟ་བས་བལྟ་ཞིང་། ཇི་སྲིད་དུ་བཅོམ་ལྡན་འདས་ཀྱིས་ཞལ་བསྟན་ནས་རང་གི་དངོས་གྲུབ་སྩོལ་
བར་གྱུར་པ་དེ་སྲིད་ཀྱི་བར་དུ་ཨོཾ་ཞེས་བྱ་བ་བཟླས་བརྗོད་བྱའོ། །དེ་ནས་རྡོ་རྗེ་ཐལ་མོ་བསྐོར་བ་ཤིས་པ་བརྗོད་པ་འདོན་པའི་ཚུལ་དུ་རང་གི་སྙིང་གར་བཞག་ལ། མཚན་བརྒྱ་རྩ་བརྒྱད་པས་བསྟོད་དེ། རྡོ་རྗེ་མཚོན་ཆ་ལ་སོགས་པས་གསང་བའི་མཆོད་པ་བཞིས་ཡང་དག་པར་མཆོད་ལ། གླུ་དང་
རོལ་མོ་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་མཆོད་པར་བྱའོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ལ། བཅོམ་ལྡན་འདས་ལ་རྡོ་རྗེའི་ལྟ་བས་བལྟས་ཏེ། རྡོ་རྗེ་ཐལ་མོ་བསྐོར་བས་ཕྱག་བྱས་ནས། མེ་ཏོག་ལ་སོགས་པ་དང་དབང་བསྐུར་བ་རྣམས་བླང་བར་བྱའོ། །
དེ་ལ་དང་པོ་ཁོ་ནར་བཅོམ་ལྡན་འདས་ཀྱི་དམ་ཚིག་གི་ཕྱག་རྒྱས་ཡོངས་སུ་བཟུང་བའི་སྣ་ཚོགས་རྡོ་རྗེ་དང་། མེ་ཏོག་གི་ཡལ་ག་ལས་རྣམ་པར་རྒྱལ་བའི་བུམ་པ་ལ་སྔར་བཤད་པའི་བུམ་པའི་སྔགས་དེ་བཞིན་དུ་ཡོངས་སུ་བཟླས་ལ། བདག་ཉིད་བཅོམ་ལྡན་འདས་ནམ་མཁའི་མཛོད་དུ་བྱིན་གྱིས་

བརླབས་ཏེ། བཅོམ་ལྡན་འདས་ཀྱི་དམ་ཚིག་གི་ཕྱག་རྒྱས་རྣལ་འབྱོར་ཆེན་པོ་ལས་གསུངས་པའི་གནས་སུ་བཅོམ་ལྡན་འདས་འཁོར་དང་བཅས་པ་ཨོཾ་གྱིས་རང་གི་གནས་སུ་བཀོད་ལ། ཕྱི་རོལ་གྱི་དཀྱིལ་འཁོར་གྱི་ནང་དུ་སྣ་ཚོགས་པདྨའི་སྟེང་དུ་ནམ་མཁའ་མཛོད་ཀྱི་
ཕྱག་རྒྱ་ཆེན་པོས་བདག་ཉིད་འདུག་ནས། མེ་ཏོག་ལ་སོགས་པས་བདག་ཉིད་ཡང་དག་པར་མཆོད་དེ། མཆོད་ཡོན་བླངས་ལ་མཚན་བརྒྱ་རྩ་བརྒྱད་པས་ཡང་དག་པར་བསྟོད་ནས། རྡོ་རྗེ་ཁུ་ཚུར་གྱིས་རྣམ་པར་རྒྱལ་བའི་བུམ་པ་ལས་ཆུ་བླངས་ལ། ཨོཾ་བཛྲ་ཨ་བྷི་ཥིཉྩ་ཨོཾ་ཞེས་བྱ་བས་
བདག་ཉིད་དབང་བསྐུར་ཞིང་ཆུ་དེ་བཏུང་བར་བྱའོ། །དེ་ནས་སངས་རྒྱས་ལྔའི་དབུ་རྒྱན་དང་། སྣ་ཚོགས་རྡོ་རྗེའི་ཕྲེང་བའི་ཕྱག་རྒྱ་དག་གིས་བདག་ཉིད་དབང་བསྐུར་ཞིང་། ལུགས་མའམ། བརྡུངས་པའམ། བྱས་པའམ། བྲིས་པའི་སངས་རྒྱས་ལྔའི་དབུ་རྒྱན་དང་། སྣ་ཚོགས་རྡོ་རྗེའི་
ཕྲེང་བའི་དབང་བསྐུར་བས་དབང་བསྐུར་ལ། སྣ་ཚོགས་རྡོ་རྗེ་སྣ་ཚོགས་དྲིལ་བུ་དང་བཅས་པར་བླངས་ཏེ། བདག་པོ་དང་མིང་གི་དབང་བསྐུར་བདག་གིས་ཀྱང་ཨོཾ་ཞེས་བྱ་བཟློས་ཤིང་དབང་བསྐུར་བར་བྱའོ། །དེ་ནས་དངོས་གྲུབ་ཀྱི་རྡོ་རྗེའི་བརྟུལ་ཞུགས་བླངས་ལ། མེ་ཏོག་ལ་སོགས་པ་མཆོད་
པ་རྣམ་པ་ལྔས་བདག་ཉིད་ལ་ཡང་དག་པར་མཆོད་དེ། རྡོ་རྗེ་མཚོན་ཆ་ལ་སོགས་པ་ཕྱག་རྒྱའི་མཆོད་པ་རྣམ་པ་བཅུ་གཉིས་ཀྱིས་ཀྱང་ཡང་དག་པར་མཆོད་པར་བྱའོ། །དེ་ནས་རྡོ་རྗེ་དེ་ཁོ་ན་ཉིད་ཀྱིས་བཟུང་ལ། ཆོས་ཀྱི་དྲིལ་བུ་དཀྲོལ་ཞིང་དམ་ཚིག་གི་ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབ་པར་བྱ་སྟེ།
དེ་ཁོ་ན་ཉིད་ལ་སོགས་པ་ནི། །ཐོག་མཐའ་མེད་པའི་སེམས་དཔའ་ནི། །ཞེས་བྱ་བ་ལ་སོགས་པ་སྔར་སྨྲས་པ་ཉིད་ཡིན་པར་ཤེས་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་ཕྱག་བྱས་ལ་སྙིང་པོས་བླངས་ཏེ། ཚིགས་སུ་བཅད་པ་ལྔ་པས་རྗེས་སུ་གནང་བ་དང་། དབུགས་དབྱུང་བ་དང་། གཟེངས་
བསྟོད་པ་དང་། ལུང་བསྟན་པ་མནོས་ལ་ཡང་བདག་ཉིད་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་དང་། ཇི་ལྟར་མངོན་པར་འདོད་པའི་བཟླས་བརྗོད་བྱས་ནས། བཅོམ་ལྡན་འདས་ལ་ཕྱག་བྱས་ཏེ། འདི་སྐད་ཅེས་བརྗོད་པར་བྱའོ། །བདག་མིང་འདི་ཞེས་བྱ་བ་ཡི། །རྡོ་རྗེ་སློབ་དཔོན་དཀའ་ཐུབ་ཆེས། །

སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །སློབ་མ་རྣམས་ནི་གཞུག་པར་བགྱི། །དེ་ནས་སློབ་མ་གཞུག་པར་བྱའོ། །སློབ་དཔོན་གྱི་ལས་ཀྱི་ཆོ་ག་རྒྱས་པ་རྫོགས་སོ།། །།དེ་ནས་སྡོམ་པ་དབོག་པར་འོས་པའི་སློབ་མ་སྔར་བཤད་པའི་ཚུལ་གྱིས་སྡོམ་པ་འཛིན་དུ་གཞུག་པར་བྱའོ། །དེ་
ནས་བྱང་ཆུབ་ཏུ་སེམས་བསྐྱེད་དུ་བཅུག་ལ། དེའི་སྙིང་གར་དེ་བཞིན་དུ་རྡོ་རྗེ་བསྐྱེད་དེ། དེ་ནམ་མཁའ་མཛོད་དུ་བྱིན་གྱིས་བརླབས་ནས། དྲི་དང་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་ལ། ཡོན་གྱི་མཆོག་ཡང་དག་པར་བླངས་ཏེ། རང་གི་འཇུག་པའི་ཆོ་གས་གཞུག་པ་དང་དབབ་
པར་བྱའོ། །དེ་ནས་ཡང་དབབ་པའི་ཕྱག་རྒྱ་དྲིལ་བུ་དང་བཅས་པ་དང་། རྐང་པ་གཡོན་པས་དེའི་རྐང་པ་གཡས་པ་མནན་ལ། ཨོཾ་ཨཿཨཿཨཿཨཱཿཞེས་བྱ་བ་ལན་བརྒྱ་རྩ་བཟླས་ལ་དབབ་པར་བྱའོ། །དེ་ནས་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་པར་བྱའོ། །སློབ་མ་གཞུག་པ་ལ་སོགས་
པའི་ཆོ་ག་རྒྱས་པ་རྫོགས་སོ།། །།དེ་ལྟར་དམ་ཚིག་དང་དབང་བསྐུར་བ་ཐོབ་པ་རྣམས་ལ། སློབ་དཔོན་གྱིས་དངོས་གྲུབ་ཀྱི་ཡེ་ཤེས་ལ་བསླབ་པར་བྱའོ་ཞེས་བྱ་བ་འདིའི་ཆོ་ག་བསྟན་པར་བྱ་བའི་ཕྱིར་དེ་ནས་སྒྲུབ་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒྲུབ་པ་དང་དངོས་གྲུབ་རྣམས་ཀྱང་
དེ་བཞིན་ནོ་ཞེས་བྱ་བ་ནི། ཇི་ལྟར་རྡོ་རྗེ་སེམས་དཔའི་སྒྲུབ་པ་གསུངས་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱི་སྒྲུབ་པ་ལ་སོགས་པ་ལ་སྔོན་དུ་བསྙེན་པ་བྱས་ཏེ། རས་ཀྱི་རི་མོ་གཉིས་ལ་བསྒྲུབ་པར་བྱ་བ་ཤེས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ནས་མ་བསྒྲུབས་པར་
ཡང་ངོ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །བྱང་ཆུབ་ཀྱི་སེམས་ཀྱི་མཆོད་པ་ལ་ནི་རང་གི་སྙིང་གར་རྡོ་རྗེ་བསྒོམས་པས་སོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཕྱག་རྒྱའི་སྦྱོར་བ་བྱས་ལ། ཨོཾ་ཞེས་བྱ་བ་ཟློས་ཤིང་རང་གི་སྙིང་གའི་ཟླ་བ་ལ་རྡོ་རྗེ་རྩེ་ལྔ་པ་བསྒོམ་པར་བྱ་སྟེ། དེ་ལྟ་བུས་ནི་བྱང་
ཆུབ་ཀྱི་སེམས་ཀྱི་མཆོད་པ་བྱས་པར་འགྱུར་རོ། །ཏིང་ངེ་འཛིན་གྱི་མཆོད་པ་ལ་ནི་ཐམས་ཅད་དག་པར་བསྒོམས་པས་སོ་ཞེས་བྱ་བ་ནི། བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་གི་སྦྱོར་བ་བྱས་ལ། ཨོཾ་ཞེས་བྱ་བ་ཟློས་ཤིང་ཆོས་ཐམས་ཅད་ནི་རང་བཞིན་གྱིས་རྣམ་པར་དག་པའོ་ཞེས་བསྒོམ་པར་བྱ་

སྟེ། དེ་ལྟ་བུས་ནི་ཏིང་ངེ་འཛིན་གྱི་མཆོད་པ་བྱས་པར་འགྱུར་རོ། །དབང་བསྐུར་བ་ལ་ནི་རྡོ་རྗེ་དབང་བསྐུར་བ་སྣ་ཚོགས་ཀྱིས་སོ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ནམ་མཁའི་སྙིང་པོའི་སྦྱོར་བ་བྱས་ལ། དེ་ཉིད་ཀྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ། ཨོཾ་ཞེས་བྱ་བའི་བཟླས་
བརྗོད་བྱས་ན་དེ་ལྟ་བུས་ནི་དབང་བསྐུར་བའི་མཆོད་པ་བྱས་པར་འགྱུར་རོ། །ཕྱག་རྒྱའི་མཆོད་པ་ལ་ནི་སྣ་ཚོགས་རྡོ་རྗེ་ཐམས་ཅད་ཀྱིས་སོ་ཞེས་བྱ་བ་ནི། བཅོམ་ལྡན་འདས་རྡོ་རྗེ་ཁུ་ཚུར་གྱི་སྦྱོར་བ་བྱས་ལ། དེའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ནས། ཨོཾ་ཞེས་བྱ་བ་བཟླས་བརྗོད་བྱ་བ་འདི་ནི་
སྣ་ཚོགས་རྡོ་རྗེ་ཐམས་ཅད་དེ། དེ་ལྟ་བུས་ནི་ཕྱག་རྒྱའི་མཆོད་པ་བྱས་པར་འགྱུར་རོ། །སྟོང་པ་ཉིད་ཀྱི་མཆོད་པ་ལ་ནི་ཨ་ལ་སོགས་པའི་ཡི་གེའི་ལུང་བསྟན་པས་སོ་ཞེས་བྱ་བ་ནི། བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུའི་སྦྱོར་བ་བྱས་ལ། ཨ་ར་པ་ཙ་ན་ཞེས་བརྗོད་ཅིང་། འདོད་པ་
ཐམས་ཅད་འཐོབ་པོ། །དེ་ཅིའི་ཕྱིར་ཞེ་ན། ཨ་ཞེས་བྱ་བ་ནི་འདོད་པའོ། །ར་ཞེས་བྱ་བ་ནི་ཆགས་པའོ། །པ་ཞེས་བྱ་བ་ནི་དོན་དམ་པའོ། །ཙ་ཞེས་བྱ་བ་ནི་སྤྱོད་པའོ། །ན་ཞེས་བྱ་བ་ནི་རང་བཞིན་མེད་པའོ། །དེ་ལྟར་ན་འདོད་པ་དང་། ཆགས་པ་དང་། དོན་དམ་པ་དང་། སྤྱོད་པ་དང་། རང་བཞིན་
མེད་པ་ཉིད་དེ། སྙིང་པོ་འདི་བསྒོམས་ལ་བསྒྲུབས་ན། འདོད་པ་ཐམས་ཅད་འཐོབ་པའོ། །དེ་བཞིན་གཤེགས་པ་ནི་འདོད་པ་ཐམས་ཅད་ཀྱི་སྣོད་ཡིན་ཏེ་དེ་བས་ན་སྙིང་པོ་འདིས་དེ་བཞིན་གཤེགས་པ་ཉིད་དང་རྡོ་རྗེ་འཛིན་པ་ཉིད་ཀྱང་མྱུར་དུ་ཐོབ་པར་འགྱུར་རོ། །སྔགས་འདི་ནི་ཨ་ལ་སོགས་
པའི་ཡི་གེས་ལུང་བསྟན་པ་སྟེ། འདིས་ནི་སྟོང་པ་ཉིད་མཆོད་པར་འགྱུར་རོ། །དཀྱིལ་འཁོར་གྱི་མཆོད་པ་ལ་ནི་རྡོ་རྗེ་འཁོར་ལོ་སྣ་ཚོགས་ཀྱིས་སོ་ཞེས་བྱ་བ་ནི། བཅོམ་ལྡན་འདས་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་དམ་ཚིག་གི་ཕྱག་རྒྱ་གང་ཡིན་པ་དེ་ནི་རྡོ་རྗེ་འཁོར་ལོ་སྣ་
ཚོགས་ཏེ། འདི་བཅིངས་ལ་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་སྦྱོར་བ་བྱས་ལ། ཨོཾ་ཞེས་བྱ་བ་བཟླས་བརྗོད་བྱས་ཏེ། དེ་ལྟ་བུས་ནི་དཀྱིལ་འཁོར་གྱི་མཆོད་པ་བྱས་པར་འགྱུར་རོ། །མཆོད་པ་ཐམས་ཅད་ལ་ནི་སྣ་ཚོགས་རྡོ་རྗེས་སོ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ནམ་

མཁའ་མཛོད་ཀྱི་དམ་ཚིག་གི་ཕྱག་རྒྱ་ནི་སྣ་ཚོགས་རྡོ་རྗེ་སྟེ། དེ་བཅིངས་ལ། བཅོམ་ལྡན་འདས་ནམ་མཁའི་མཛོད་ཀྱི་སྦྱོར་བ་བྱས་ནས། ཨོཾ་ཞེས་བྱ་བ་བཟླས་བརྗོད་བྱས་ཏེ། དེ་ལྟ་བུས་ནི་མཆོད་པ་ཐམས་ཅད་བྱས་པར་འགྱུར་རོ། །གདུག་པ་འདུལ་བའི་མཆོད་པ་ལ་ནི་ཁྲོ་བོས་སོ་ཞེས་བྱ་
བ་ནི་བཅོམ་ལྡན་འདས་རྡོ་རྗེ་གནོད་སྦྱིན་གྱི་སྦྱོར་བ་བྱས་ལ། འདིའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ནས། ཨོཾ་ཧ་ཞེས་བྱ་བ་བཟླས་བརྗོད་བྱས་ན་གདུག་པ་ཐམས་ཅད་ཟོས་པར་འགྱུར་ཏེ། དེ་ལྟ་བུས་ནི་གདུག་པ་ཐམས་ཅད་འདུལ་བའི་མཆོད་པ་བྱས་པར་འགྱུར་རོ། །མེ་ཏོག་ལ་སོགས་པ་
དོར་བ་ལ་ནི་བཟླས་པས་སོ་ཞེས་བྱ་བ་ནི་རྡོ་རྗེ་སྦྲང་རྩི་ལ་སོགས་པ་དུས་ཀྱི་མཆོད་པ་བཞིའི་སྙིང་པོ་ཟློས་ཤིང་འདི་རྣམས་ཀྱི་ལས་ཀྱི་ཕྱག་རྒྱ་རྣམས་ཀྱིས་དེ་དག་བྱས་ཏེ། དེ་ལྟ་བུས་ནི་མེ་ཏོག་དོར་བ་ལ་སོགས་པའི་ལས་རྣམས་འགྲུབ་པར་འགྱུར་རོ། །སྣ་ཚོགས་རྡོ་རྗེ་དོན་ཡོད་པའི་དམ་
ཚིག་ཅེས་བྱ་བ་ལ་སྣ་ཚོགས་རྡོ་རྗེ་ནི་བྱང་ཆུབ་ཀྱི་སེམས་ལ་སོགས་པ་མཆོད་པ་རྣམ་པ་བཞིའོ། །དེའི་དམ་ཚིག་ནི་དེ་ལས་བྱུང་བའི་ནམ་མཁའི་མཛོད་ཀྱི་དཀྱིལ་འཁོར་ཏེ། མིང་དེ་སྐད་བྱ་བའི་རྟོག་པའི་རྒྱལ་པོ་རྫོགས་པ་སྟེ། བཅོམ་ལྡན་འདས་ནམ་མཁའ་མཛོད་ཀྱི་རྟོག་པའི་བཤད་པ་
རྫོགས་སོ།། །།དེ་ལྟར་ཚོགས་རྣམས་ཡོངས་སུ་རྫོགས་པའི་རྒྱུར་གྱུར་པ་ནམ་མཁའ་མཛོད་ཀྱི་རྟོག་པ་བཤད་ནས། ད་ནི་བསྲུང་བའི་ལས་ཀྱི་ཆོ་གའི་རང་བཞིན་རྡོ་རྗེ་གནོད་སྦྱིན་གྱི་རྟོག་པ་བཤད་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བའི་སྒྲ་ནི་
སྔ་མ་བཞིན་ཏེ། དེ་བཞིན་དུ་ཐམས་ཅད་མཛད་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་རྒྱལ་པོའི་གནས་ན་ཇི་ལྟ་བ་བཞིན་དུ་བཞུགས་པ་དང་། དེའི་རྗེས་ཐོགས་ཉིད་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་གསུངས་པའོ། །གདུག་པ་ཐམས་
ཅད་འདུལ་ནུས་པ། །ཞེས་བྱ་བ་ནི་མི་དགེ་བའི་ལས་ཀྱི་ལམ་བཅུ་ལ་མངོན་པར་དགའ་བ་དང་། གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པས་བཅོམ་པའི་གདུག་པ་ཐམས་ཅད་དོ། །དེ་རྣམས་འདུལ་བ་ནི་མི་དགེ་བ་བཅུའི་ལས་ཀྱི་ལམ་ལས་བཟློག་པ་དང་། གཟུང་བ་དང་འཛིན་པའི་རྣམ་

པར་རྟོག་པ་ལ་མངོན་པར་ཞེན་པ་ལས་བཟློག་པའི་ཆོས་བདག་མེད་པ་བསྒོམ་པ་སྟོན་པར་མཛད་པས་གདུག་པ་ཐམས་ཅད་འདུལ་བར་སྤྱོད་ཅིང་ནུས་པ་སྟེ། ཆོ་འཕྲུལ་རྣམ་པ་བཞིས་རང་དབང་དུ་མཛད་པར་སྤྱོད་ཅེས་བྱ་བའི་དོན་ཏོ། །ཡེ་ཤེས་ཀྱི་ཁུ་ཚུར་ཡོངས་
སུ་འཛིན་པའི་ཞེས་བྱ་བ་ནི་གོ་བར་ཟད་དོ། །སེམས་ཅན་ཐམས་ཅད་འདུལ་བའི་ཡེ་ཤེས་ཀྱི་སྙིང་པོ་ཞེས་བྱ་བ་ལ། སེམས་ཅན་ཐམས་ཅད་ནི་ཇི་སྐད་དུ་བཤད་པ་རྣམས་སོ། །དེའི་སྙིང་པོ་མི་དགེ་བ་བཅུའི་ལས་ཀྱི་ལམ་སྤོང་བ་དང་། ཇི་སྐད་དུ་བཤད་པའི་མངོན་པར་ཞེན་པ་དག་སྤོང་བའོ། །
དེར་ངེས་པ་ནི་ཡེ་ཤེས་ཏེ། དེ་འབྱུང་བར་བྱེད་པའི་རྒྱུར་གྱུར་པ་གང་ཡིན་པ་སྟེ། དེ་སྐད་ཅེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་དེ་བཤད་པའོ། །སེམས་ཅན་ཐམས་ཅད་མཉམ་པ་ཉིད་པས་ཁྲོ་བོ་མཉམ་པ་ཉིད་དོ་ཞེས་བྱ་བ་ནི། མཛའ་བོ་དང་། ཐ་མལ་པ་དང་། དགྲ་བོ་དང་། དེ་
བཞིན་གཤེགས་པའི་རིགས་དང་། བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཉིད་ཀྱི་སེམས་དང་སེམས་ལས་བྱུང་བ་རྣམས་ནི་སེམས་ཅན་ཐམས་ཅད་དེ། དེ་རྣམས་ཀྱི་མཉམ་པ་ཉིད་ནི་དོན་དམ་པར་དེ་བཞིན་ཉིད་ཡིན་པ་དང་། ཀུན་རྫོབ་ཏུ་མཛའ་བོ་དང་། ཐ་མལ་པ་དང་། དགྲ་བོ་རྣམས་ལ་ཐུགས་རྗེ་ཆེན་
པོའི་གཞན་གྱི་དབང་གིས་སེམས་མཉམ་པ་ཉིད་དེ། ཁྲོ་བོས་ཕན་པ་མ་ཡིན་པ་ལས་བཟློག་པ་དང་། ཕན་པ་ལ་སྦྱོར་བའི་སེམས་ཀྱིས་སོ་ཞེས་བྱ་བའི་དོན་ཏོ། །ཁྲོ་བོ་མཉམ་པ་ཉིད་དོ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ལ་མཉམ་པ་ཉིད་དེས། མཛའ་བོ་དང་། ཐ་མལ་པ་དང་། དགྲ་བོ་
རྣམས་ལ་རྡོ་རྗེ་གནོད་སྦྱིན་གྱི་ཁྲོ་བོའི་གཟུགས་ཡང་དག་པར་སྟོན་ཅིང་སྡིག་པ་ལས་ལྡོག་པར་བྱེད་པ་ནི་ཁྲོ་བོའི་མཉམ་པ་ཉིད་དེ། དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོའི་ཤུགས་ཀྱི་ཁྲོ་བོས་འདུལ་བའི་སེམས་ཅན་རྣམས་གདུལ་བར་བྱ་བའི་ཕྱིར། ཁྲོ་བོའི་བྱ་བ་བསྒྲུབ་པ་ནི་ཁྲོ་བོའི་མཉམ་པ་ཉིད་
དོ། །གང་གི་ཚེ་ཁྲོ་བོའི་བྱ་བ་བསྒྲུབ་པ་ལས་ལྡོག་པར་འགྱུར་ཞེ་ན། སེམས་ཅན་ཐམས་ཅད་འདུལ་བ་ཉིད་ལས་ཁྲོ་བོའི་དུལ་བ་ཉིད་དོ་ཞེས་བྱ་བ་གསུངས་ཏེ། གང་གི་ཚེ་སེམས་ཅན་ཐམས་ཅད་འདུལ་བར་གྱུར་པ་དེའི་ཚེ་ཁྲོ་བོས་འདུལ་བའི་སེམས་ཅན་རྣམས་མེད་པས་ཐུགས་རྗེ་ཆེན་པོའི་ཁྲོ་

བོས་འདུལ་བར་འགྱུར་ཞིང་བྲལ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཁྲོ་བོ་དེའི་ཆོས་ཉིད་གང་ཞེ་