Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 59

Văn bản gốc(Tây Tạng)

Trang 16 / 16 (50.000 ký tự/trang)
ས་བརྩམས་ཏེ་འབྱུང་པོ་ཐམས་ཅད་དབང་དུ་འགྱུར་བ་དང་། དབང་ཕྱུག་ཆེན་པོ་ཡང་དངོས་གྲུབ་ཐམས་ཅད་སྟེར་བར་འགྱུར་རོ། །དེ་ནས་མེ་ཏོག་ལ་སོགས་པས་བདག་ཉིད་ཡང་དག་པར་མཆོད་དེ། རང་གི་ལས་ཀྱི་ཕྱག་རྒྱ་རྣམས་ཀྱིས་ཀྱང་མཆོད་ལ། དབང་
བསྐུར་བ་བླངས་ཏེ། རྡོ་རྗེ་དབང་ཕྱུག་ལ་ཕྱག་བྱས་ལ། ཏྲི་ཞེས་བྱ་བས་བཟང་ནས་ཡང་བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ཏེ། རང་གི་མིང་བརྗོད་ཅིང་། དཀྱིལ་འཁོར་རྡོ་རྗེས་བསྒྲུབ་པར་བྱའོ། །དེ་ནས་བསྡུ་བ་བྱས་ལ། ཨོཾ་ཏྲི་ཧ་ཧ་ཧ་ཞེས་བྱ་བ་ཕྱག་རྒྱ་དང་བཅས་པས་

བཅོམ་ལྡན་འདས་རྡོ་རྗེ་དབང་ཕྱུག་འཁོར་དང་བཅས་པ་དཀྱིལ་འཁོར་དུ་བཅུག་ལ། གནས་ཇི་ལྟ་བ་བཞིན་དུ་གཞག་པར་བྱའོ། །ལག་པ་གཡོན་པ་སོར་མོ་དབུས་མ་གསུམ་བསྒྲེང་ལ། བདེན་བྲལ་གྱི་ཕྱོགས་སུ་དཔུང་པ་གྱེན་དུ་བརྐྱང་ནས། གཡས་པས་ལག་མཐིལ་དུ་སོར་མོ་
གསུམ་བསྡུས་ལ་མཐེ་བོ་དང་མཐེ་ཆུང་བརྐྱང་ནས། ཁ་ཊྭཱཾ་ག་འཛིན་པར་བྱ་བའི་ཕྱག་རྒྱ་བཅིངས་ལ། ལག་པ་གཡོན་པའི་གུང་མོ་ལྕགས་ཀྱུར་བྱ་བ་འདི་ནི་རྡོ་རྗེ་དབང་ཕྱུག་འཁོར་དང་བཅས་པ་སྤྱན་དྲང་བའི་ཕྱག་རྒྱ་སྟེ། འདིས་དབང་ཕྱུག་ཆེན་པོ་འཁོར་དང་བཅས་པ་བཀུག་ལ། ཏྲི་ཞེས་བྱ་བའི་
སྒྲ་བརྗོད་པར་བྱའོ། །དེ་ནས་རྡོ་རྗེ་གནོད་སྦྱིན་གྱིས་བགེགས་བསལ་ལ། མཚམས་བཅིང་བ་དང་། དཀྱིལ་འཁོར་བཅིང་བ་དང་། རབ་དང་། དྲ་བ་དག་བྱས་ལ། རྡོ་རྗེ་ཁུ་ཚུར་གྱིས་དཀྱིལ་འཁོར་གྱི་སྒོ་བཅིངས་ཏེ། རྡོ་རྗེ་སྲུང་བས་བསྲུང་བ་ཐམས་ཅད་གོ་ཆ་བསྐོན་ལ། ཏྲི་ཞེས་བྱ་བས་མཆོད་
ཡོན་ཕུལ་ཏེ། མདུང་རྩེ་གསུམ་པའི་མིག་གིས་ཏྲི་དྲྀ་ཤྱ་ཞེས་བྱ་བས་འཁོར་དང་བཅས་པ་བལྟ་བར་བྱས་ལ། ཛཿཧཱུཾ་བཾ་ཧོཿ། ས་མ་ཡ་སྟྭཾ་ས་མ་ཡ་སྟྭཾ་ཨ་ཧཾ་ཏྲི་ཞེས་ལན་གསུམ་བརྗོད་ལ། བསྒྲུབ་པར་བྱའོ། །དེ་ནས་ལག་པ་གཉིས་ཀྱི་མཐེ་བོ་དང་། མཐེ་ཆུང་ལྕགས་སྒྲོག་ལྟར་མདུང་རྩེ་གསུམ་
པས་མཚན་པ་ནི་དམ་ཚིག་གི་ཕྱག་རྒྱའོ། །སྔ་མ་བཞིན་དུ་ལྕེ་ལ་རྡོ་རྗེ་བསམས་ལ། དབང་ཕྱུག་ཆེན་པོ་ལ་སོགས་པའི་ལྕེ་ལ་ཏྲི་ཞེས་བྱ་བ་བསམ་པར་བྱ་སྟེ། འདི་ནི་འདིར་ཆོས་ཀྱི་ཕྱག་རྒྱའོ། །སྙིང་གར་ཨ་ལས་སྣ་ཚོགས་རྡོ་རྗེ་བསམས་ལ། རྡོ་རྗེ་དབང་ཕྱུག་ལ་སོགས་པའི་ཕྱག་རྒྱ་ཆེན་
པོ་ཇི་ལྟར་བྲིས་པ་དང་། རྗེས་སུ་མཐུན་པར་ཏྲི་ཞེས་བྱ་བ་ཟློས་ཤིང་། གར་བྱེད་པའི་ཚུལ་གྱིས་བཅིང་བ་འདི་ནི་དེ་རྣམས་ཀྱི་ལས་ཀྱི་ཕྱག་རྒྱའོ། །རང་གི་སྙིང་གར་ཧཱུཾ་ལས་རྡོ་རྗེ་རྣམ་པར་བསམས་ལ། ཏྲི་ཞེས་བྱ་བ་ཟློས་ཤིང་། ཇི་ལྟར་བྲིས་པ་དང་རྗེས་སུ་མཐུན་པར་རྡོ་རྗེ་དབང་ཕྱུག་ལ་
སོགས་པའི་ཕྱག་རྒྱ་ཆེན་པོ་བཅིང་བར་བྱའོ། །དེ་ནས་རྡོ་རྗེ་རིན་ཆེན་གྱི་བསྡུ་བའི་ཕྱག་རྒྱས་རྡོ་རྗེ་དབང་ཕྱུག་འཁོར་དང་བཅས་པ་དབང་བསྐུར་བ་ལ། ཏྲི་ཞེས་བྱ་བས་རྡོ་རྗེ་དབང་ཕྱུག་འཁོར་དང་བཅས་པ་ལ་མཆོད་ཡོན་ཕུལ་ནས་མཆོད་པ་རྣམ་པ་ལྔ་དང་། ཕྱག་རྒྱ་རྣམས་ཀྱིས་ཡང་དག་པར་མཆོད་

ལ། སློབ་མ་གཞུག་པར་བྱ་བའི་ཕྱིར། །རྗེས་སུ་གནང་བ་མནོས་ནས་སློབ་མ་གཞུག་པར་བྱའོ། །དེ་ནས་སློབ་མ་རྣམས་ལ་ཆོ་ག་ཐམས་ཅད་བྱའོ། །ཞི་བ་མདུང་གིས་མཚན་པའི་དཀྱིལ་འཁོར་རོ་ཞེས་བྱ་བ་ལ་ཞི་བ་ནི་དབང་ཕྱུག་ཆེན་པོའོ། །དེའི་མདུང་ནི་མདུང་རྩེ་གསུམ་པའོ། །
དེའི་མཚན་པ་ནི་དེས་དཀྱིལ་འཁོར་གང་ལ་མཚན་པར་བྱས་པ་དེ་ནི་ཞི་བའི་མདུང་གིས་མཚན་པའི་དཀྱིལ་འཁོར་རོ་ཞེས་བྱའོ། །ཕྱི་རོལ་གྱི་རྡོ་རྗེའི་རིགས་ལ་ཕྱག་བྱ་བ་ན་དེ་ལ་དད་པ་ཉིད་ཀྱིས་བྱའི་འཇིག་རྟེན་ལས་འདས་པའི་ལྷ་རྣམས་ལ་ལྷག་པར་མོས་པ་རྣམས་ཀྱིས་ནི་མ་ཡིན་ཏེ། དེ་
རྣམས་ཀྱིས་ནི་འཇུག་པ་དང་། དབང་བསྐུར་བ་དང་། སྔགས་བཟུང་བ་རྣམས་ཕྱག་མི་བྱ་བར་བྱའོ། །དཔལ་མཆོག་དང་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དུམ་བུ་ལས་གསུངས་པའི་ཞི་བ་མདུང་གིས་མཚན་པའི་དཀྱིལ་འཁོར་གྱི་བཤད་པ་རྫོགས་སོ།། །།དེ་
ལྟར་ཞི་བ་མདུང་གིས་མཚན་པའི་དཀྱིལ་འཁོར་བཤད་ནས། ད་ནི་མ་མོ་རྣམས་ཀྱིས་འདུལ་བ་ཉིད་ལས་བརྩམས་ཏེ། མ་མོའི་དཀྱིལ་འཁོར་གསུངས་པ་ཡིན་ནོ། །དེ་ནས་ཞེས་བྱ་བའི་སྒྲ་ནི་སྔ་མ་བཞིན་ནོ། །འདིར་དང་པོ་སྦྱོར་བའི་ཏིང་ངེ་འཛིན་ནི་ཞི་བ་མདུང་གིས་མཚན་པའི་
དཀྱིལ་འཁོར་ཆེན་པོར་གསུངས་པ་ཉིད་དོ། །ཐམས་ཅད་དགུག་པ་དང་ཞེས་བྱ་བ་ལ་སྙིང་པོ་ལ་སོགས་པས་ཐམས་ཅད་དགུག་པ་ནི་དགུག་པའོ། །གཞུག་པ་དང་ཞེས་བྱ་བ་ནི་དཀྱིལ་འཁོར་ལ་སོགས་པར་སེམས་ཅན་ཐམས་ཅད་ལ་སོགས་པ་གཞུག་པའོ། །སེམས་ཅན་ཐམས་
ཅད་བསད་པ་སེམས་མེད་པར་བྱ་བ་དང་ཤིན་ཏུ་བསད་པའོ། །སྒྲུབ་པ་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསྒྲུབ་པའོ། །དམ་ཚིག་ནི་ཐམས་ཅད་དགུག་པ་དང་། གཞུག་པ་དང་། བསད་པ་དང་། སྒྲུབ་པ་དེ་རྣམས་ཀྱི་རྒྱུ་སྟེ། གང་ལ་མིང་དེ་སྐད་ཅེས་བྱ་བའི་སྙིང་པོ་ནི་ངེས་པའི་ཡེ་ཤེས་
ཏེ། དེ་བསྒོམ་པ་དང་དེ་སྟོན་པར་བྱེད་པའི་སྒྲ་ཡང་ཉེ་བར་གདགས་པས་དེ་སྐད་ཅེས་བྱ་བའོ། །དེ་སྨྲས་པ་ནི་བཤད་པར་གྱུར་པ་སྟེ། བྷྱོ་ཞེས་བྱའོ། །བཤད་པ་འདི་དག་གི་ཏིང་ངེ་འཛིན་གཉིས་པ་སྨྲས་པ་ཡིན་ནོ། །དེ་ནས་འདུས་པ་ནས་བརྩམས་ཏེ། གསུམ་པ་ཡིན་པར་ཤེས་

བར་བྱའོ།། །།ད་ནི་དམ་ཚིག་དང་དབང་བསྐུར་བ་ཐོབ་པ་རྣམས་ཀྱིས་བཟླས་བརྗོད་དང་བསྒོམ་པ་བྱའོ་ཞེས་བྱ་བ་འདིའི་དོན་བསྟན་པར་བྱ་བའི་ཕྱིར། དེ་ནས་དཀྱིལ་འཁོར་བཤད་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ནི་སློབ་དཔོན་གྱི་ལས་ཀྱི་ཆོ་ག་གསུངས་པ་ཡིན་ནོ། །དེ་ནས་ཞེས་བྱ་
བའི་སྒྲ་ནི་དེ་མ་ཐག་པ་སྟེ། སྔོན་དུ་བརྟེན་པའི་རྗེས་ཐོགས་ལ་ཞེས་བྱ་བའི་དོན་ཏོ། །འདིའི་ཞེས་བྱ་བ་ནི་སྙིང་པོ་འདིའིའོ། །དཀྱིལ་འཁོར་བཤད་པར་བྱ་སྟེ་ཞེས་བྱ་བ་ནི་གོ་བར་ཟད་དོ། །ཟུར་བཞི་པ་ནི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་ལྟར་དཀྱིལ་འཁོར་བྲིས་ནས་དེའི་རྗེས་ཐོགས་ཉིད་ལམ་མོའི་
ཚོགས་ཀྱི་ཕྱག་རྒྱའི་སློབ་དཔོན་ཆོས་སྤྱོད་པ་གཙང་བ་ཞེས་བྱ་བ་ནི་དགེ་བ་བཅུའི་ལས་ཀྱི་ལམ་གྱི་ཆུས་མི་དགེ་བ་བཅུའི་ལས་ཀྱི་ལམ་བཀྲུས་པའི་རྒྱུད་དང་ལྡན་པ་དང་། ཕྱིའི་ཆུའི་ཁྲུས་ཀྱིས་ཕྱིའི་དྲི་མ་དང་བྲལ་བ་ནི་ཆོས་སྤྱོད་པ་དང་གཙང་བའོ། །གོས་གཙང་མ་བགོས་པ་ཞེས་བྱ་བ་ནི་གོ་བར་ཟད་དོ། །ཐམས་
ཅད་ཟ་བའམ་ཞེས་བྱ་བ་ནི་ངེས་པ་མ་བཟུང་ཞིང་ཕྱིའི་གཙང་སྦྲའི་སྤྱོད་པ་དང་བྲལ་བ། ཚོལ་བའི་རྒྱུད་ལ་མངོན་པར་དགའ་བས། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་རྣམས་ལ་ཉེ་བར་སྤྱོད་པའོ། །ཐམས་ཅད་སྤྱད་པ་ལ་ཡང་སྨད་པ་མེད་དེ་ཞེས་བྱ་བ་ནི་མ་མོ་རྣམས་བསྒྲུབ་པའོ། །ཞི་བའི་
ཕོ་ཉའི་ཕྱག་རྒྱས་ཞུགས་ལ་ཞེས་བྱ་བ་ནི་མཁྲིག་མ་གཉིས་བསྣོལ་ལ། ལག་པ་གཉིས་བརྐྱང་སྟེ་ས་ལ་བཞག་ནས། འཕགས་པའི་ཚུལ་གྱིས་ཙོག་པུར་འདུག་ལ། ཅེ་སྤྱང་གི་སྒྲ་འདོན་པར་བྱའོ། །ཞུགས་ལ་ཞེས་བྱ་བ་ནི་ཞི་བའི་ཕོ་ཉའི་ཕྱག་རྒྱ་འདིས་མ་མོ་ཐམས་ཅད་དང་། མཁའ་འགྲོའི་ཚོགས་ཐམས་ཅད་
དེར་འདུས་པར་གྱུར་པའོ། །སྙིང་པོ་བཟླས་པར་བྱའོ་ཞེས་བྱ་བ་ནི་བྷྱོ་ཞེས་བྱ་བར་བཟླས་པའོ། །དེ་ནས་བྷྱོ་ཞེས་པ་བཟླས་པ་ཙམ་གྱིས་དཀྱིལ་འཁོར་གྱི་དབུས་ནས་བྷྱོ་ཆེན་པོ་ཐོས་པར་འགྱུར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །གདུག་པའི་དམ་ཚིག་ནི་མ་གཏོགས་སོ་ཞེས་བྱ་བ་ནི་གང་གདོན་
གྱིས་ཟིན་པ་དེ་ནི་གདུག་པའི་དམ་ཚིག་གི་ཕྱག་རྒྱ་གཞུག་སྟེ། གདུག་པའི་དམ་ཚིག་དེ་མ་གཏོགས་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་ལྟར་སློབ་དཔོན་གྱི་རང་གི་ཆོ་ག་རྣམས་རྗེས་སུ་སྤྱད་ལ། དེའི་རྗེས་ཐོགས་ཉིད་ལ་སློབ་མ་རྣམས་ནག་པོ་ཆེན་པོའི་དམ་ཚིག་གི་ཕྱག་རྒྱས་གཞུག་པར་བྱ་སྟེ། ལག་པ་གཡོན་

པ་མདུན་དུ་དཔུང་པ་བཀུག་ལ། ཁ་ཊྭཱཾ་ག་འཛིན་པའི་ཁུ་ཚུར་དང་། གཡས་པའི་དཔུང་པ་བརྐྱང་ནས། བ་དན་གསུམ་པར་བྱས་ལ། མཐེ་བོ་དང་། སྲིན་ལག་གི་ཐོད་པ་འཛིན་པ་ལྟ་བུ་ཆུ་འཐུང་བའི་ཕྱག་རྒྱ་སྟེ། ནག་པོ་ཆེན་པོའི་དམ་ཚིག་གི་ཕྱག་རྒྱ་ཡིན་ལ། འདིས་
སློབ་མ་རྣམས་གཞུག་པར་བྱའོ། །ཞུགས་ནས་དེ་རྣམས་ལ་སློབ་དཔོན་གྱིས་རྣ་བར་བྷྱོ་ཞེས་བྱ་བ་སྒྲ་ཆེན་པོས་སྦྱར་བར་བྱ་ཞིང་བརྗོད་པར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །བདུག་པ་ལ་སོགས་པའི་ཕྱག་རྒྱས་མཆོད་ནས་ཞེས་བྱ་བ་ནི་རྡོ་རྗེ་བདུག་པ་ལ་སོགས་པའི་ཕྱག་རྒྱ་རྣམས་ཀྱིས་ཕྱིའི་
བདུག་པ་ལ་སོགས་པ་བླངས་ནས། བྷྱོ་ཞེས་བྱ་བ་ཉིད་ཀྱིས་དཀྱིལ་འཁོར་བ་ཐམས་ཅད་མཆོད་པར་བྱའོ། །དེ་ནས་བྷྱོ་ཞེས་བྱ་བས་ཨ་ར་ལི་ཞེས་བྱ་བའི་ཕྱི་རོལ་པའི་སྙིང་པོ་སློབ་མ་རྣམས་ལ་སྦྱིན་པར་བྱ་ཞིང་། ནག་པོ་ཆེན་པོ་ལ་སོགས་པའི་མཚན་མ་ཁ་ཊྭཱཾ་ག་ལ་སོགས་པ་དེ་རྣམས་སྦྱིན་པར་བྱའོ། །དེ་
ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟར་རང་གི་མཚན་མ་རྣམས་བྱིན་ནས་སེམས་ཅན་ཐམས་ཅད་དེ། སེམས་ཅན་དུ་མ་ལ་གནོད་པ་བྱེད་པའི་གདུག་པ་དང་། དཀོན་མཆོག་གསུམ་ལ་གནོད་པར་བྱེད་པ་དེ་རྣམས་ཁྱོད་ཀྱིས་རྒྱས་གདབ་པར་བྱ་བ་དང་། དམ་ཚིག་ལ་སྨོད་དེ། གང་དཀྱིལ་འཁོར་ལ་སྨོད་
པར་བྱེད་པ་དེ་ཡང་ཁྱོད་ཀྱིས་བཟའ་བར་བྱ་བ་དང་། ཁྱོད་ཀྱིས་རང་གི་སྔགས་རྣམས་བསྟན་པར་མི་བྱ་བ་སྟེ། དམ་ཚིག་གསུམ་པོ་དེ་དག་ནི་ཁྱོད་ལ་རྣལ་འབྱོར་གྱི་དངོས་གྲུབ་སྟེར་བར་བྱེད་པ་ཡིན་ནོ་ཞེས་སློབ་མ་ལ་སློབ་དཔོན་གྱི་དམ་ཚིག་བསྟན་པར་བྱའོ། །དྲག་པོའི་དམ་ཚིག་མདུང་རྩེ་སྟེ། །ཞེས་བྱ་བ་ནི་
མདུང་རྩེ་གསུམ་པའོ། །མ་མོ་རྣམས་ཀྱིས་རྒྱས་འདེབས་པ། །ཞེས་བྱ་བ་ནི་གང་མ་མོའི་ཚོགས་རྣམས་ཀྱིས་རྒྱས་འདེབས་པའི་ལས་དང་། དེའི་སྙིང་པོ་ཁྱེད་ཀྱིས་ནམ་ཡང་མི་སྨྲ་བའོ། །གལ་ཏེ་འདས་ན་ཁྱེད་ཀྱི་སྙིང་། །རྟག་ཏུ་འཇིག་པར་བྱེད་པར་འགྱུར། །ཞེས་བྱ་བ་ནི་དྲག་པོའི་རྩེ་གསུམ་
གྱིས་ཁྱེད་ཀྱི་སྙིང་གཞིག་པར་འགྱུར་བ་དང་། མ་མོ་རྣམས་ཀྱིས་གང་རྒྱས་འདེབས་པའི་ལས་དེས་ཁྱོད་ཀྱི་སྙིང་རྟག་ཏུ་རྒྱས་འདེབས་པར་འགྱུར་རོ། །གལ་ཏེ་ཞེས་བྱ་བ་ནི་གལ་ཏེ་ཁྱོད་འདས་ན་ཞེས་བྱ་བའི་དོན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་ནས་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཕྱག་རྒྱ་

ཐམས་ཅད་ཀྱི་ཡེ་ཤེས་བསླབ་པར་བྱའོ། །བསླབས་ནས་སློབ་དཔོན་གྱི་ལས་ཀྱི་ཕྱག་རྒྱ་རྣམས་ཀྱིས་གར་གྱི་མཆོད་པ་བྱ་ཞིང་། མེ་ཏོག་ལ་སོགས་པས་དཀྱིལ་འཁོར་མཆོད་ལ། དཀྱིལ་འཁོར་དུ་གཏོར་མ་སྦྱིན་པར་བྱའོ། །དེ་ནས་དཀྱིལ་འཁོར་དུ་བསྟབས་པའི་བཟའ་བ་དང་། བཅའ་བ་དང་།
བཏུང་བ་ཐམས་ཅད་ཀྱིས་སློབ་མ་རྣམས་ཚིམ་པར་བྱས་ལ། དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་ཉེ་བར་བསྡུས་ཏེ་ཕྱིར་འབྱུང་བར་བྱའོ། །ཕྱག་རྒྱའི་དཀྱིལ་འཁོར་རོ་ཞེས་བྱ་བ་ལ་ཕྱག་རྒྱ་ནི་རྡོ་རྗེ་དབང་ཕྱུག་ལ་སོགས་པའི་གཟུགས་ཀྱི་དཀྱིལ་འཁོར་ནི་དཀྱིལ་འཁོར་རོ། །དངོས་གྲུབ་ཐམས་ཅད་ཀྱི་དམ་
ཚིག་ནི་དངོས་གྲུབ་རྣམས་རྫོགས་པར་བྱེད་པའི་རྒྱུ་ལ་དམ་ཚིག་ཅེས་བྱ་སྟེ། མིང་དེ་སྐད་ཅེས་བྱའོ། །འདི་སྐད་སྟོན་པར་འགྱུར་ཏེ། མ་མོའི་དཀྱིལ་འཁོར་ལས་བཤད་པའི་ནག་པོ་ཆེན་པོའི་སྦྱོར་བ་བྱས་ལ། ཏིང་ངེ་འཛིན་གསུམ་བསྒོམ་པ་ནས་བརྩམས་ཏེ། ཇི་སྲིད་དུ་མཚན་མ་དང་རྗེས་སུ་གནང་བ་ཐོབ་པར་
གྱུར་བ་དེ་སྲིད་ཀྱི་བར་དུ་མ་མོའི་དཀྱིལ་འཁོར་འདི་བསྒོམ་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་སའི་དབུས་སུ་མ་མོའི་ཚོགས་ཀྱི་དཀྱིལ་འཁོར་གྱི་ཏིང་ངེ་འཛིན་གསུམ་བསྒོམས་ལ། བར་སྣང་གི་ཕྱོགས་སུ་དཀྱིལ་འཁོར་སྔ་མ་བཞིན་དུ་བཞག་ནས། ཉི་མ་འཆར་ཀར་ཟུར་བཞི་པ་སྒོ་བྱང་དུ་བལྟས་
པར་ཐིག་བཏབ་ལ། དེ་བྲི་བར་བྱ་བ་ནི་དམར་པོ་ལ་སོགས་པ་ཚོན་སྣ་ལྔ་འམ། དམར་པོ་འམ། ཁྲག་གིས་བྲི་བར་བྱའོ། །དེའི་དབུས་སུ་ནག་པོ་ཆེན་པོ་གར་བྱེད་བཞིན་དུ་གནས་པ་བྲི་བར་བྱ་སྟེ། ལག་པ་བཅུ་ལ་ཁ་ཊྭཱཾ་ག་དང་། པདྨ་ཐོགས་པ་ཅི་དགའ་བ་བྲི་བར་བྱའོ། །དེའི་བྱང་ཕྱོགས་ཀྱི་
ལོགས་སུ་དྲག་པོ་ལག་ན་རྩེ་གསུམ་ཐོགས་པའོ། །ཤར་དུ་ཚངས་པ་མོ་ལག་ན་བགྲང་ཕྲེང་ཐོགས་པའོ། །ལྷོར་ཁྱབ་འཇུག་མ་ལག་ན་འཁོར་ལོ་ཐོགས་པའོ། །ནུབ་ཏུ་གཞོན་ནུ་མ་ལག་ན་དྲིལ་བུ་ཐོགས་པའོ། །བྱང་ཤར་མཚམས་སུ་ནག་མོ་ལག་ན་གྲི་ཐོགས་པའོ། །ཤར་ལྷོར་ནག་མོ་ཆེན་པོ་
ལག་ན་ཆུ་གྲི་ཐོགས་པའོ། །ལྷོ་ནུབ་ཏུ་ཟ་བ་མོ་ལག་ན་མཆེ་བ་ཐོགས་པའོ། །ནུབ་བྱང་མཚམས་སུ་སྲིན་མོ་ལག་ན་ཁ་ཊྭཱཾ་ག་ཐོགས་པར་དྲི་བར་བྱའོ། །སྒོའི་དབུས་སུ་གཡས་ཀྱི་ཆ་ལ་ཞི་བ་མོ་དང་། བྷེ་རུཎྜའོ། །གཡོན་གྱི་ཆ་ལ་གཏུམ་མོ་དང་། འཇིགས་བྱེད་མ་རྣམས་བྲི་བར་བྱའོ། །

འདི་རྣམས་ནི་རིམ་པ་ཇི་ལྟ་བ་བཞིན་དུ་ཐོད་པ་དང་། རུས་པ་དང་། སྒྲོགས་དང་། བྱ་རྒོད་དང་། བྱི་ལའི་མཚན་མ་ཐོགས་པར་བྲི་བར་བྱའོ། །དེ་ལྟར་ནག་པོ་ཆེན་པོའི་སྦྱོར་བས་དཀྱིལ་འཁོར་བྲིས་ལ་ནག་པོ་ཆེན་པོའི་དམ་ཚིག་གི་ཕྱག་རྒྱས་ཡོངས་སུ་བཟུང་
བའི་ཁ་ཊྭཱཾ་ག་དང་། མེ་ཏོག་གི་ཡལ་ག་ལས་བུམ་པ་ཐམས་ཅད་དང་། བུམ་པ་གང་བ་རྣམས་དང་། པདྨའི་སྣོད་རྣམས་ལ་བྷྱོ་ཞེས་བྱ་བ་རེ་རེ་ཞིང་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ནས་དཀྱིལ་འཁོར་གྱི་སྒོ་རྣམས་ཇི་ལྟ་བ་བཞིན་དུ་ཕྱེ་ལ། ནག་པོ་ཆེན་པོ་འཁོར་དང་བཅས་པ་ལ་བྷྱོ་ཞེས་བྱ་བས་
དམ་ཚིག་གི་ཕྱག་རྒྱས་མཆོད་ཡོན་བྱིན་ཞིང་། བུམ་པ་དང་། བུམ་པ་གང་བ་རྣམས་ཀྱང་བསྟབས་ལ། ཡང་ནག་པོ་ཆེན་པོའི་མདུན་དུ་ཐོད་པ་དམར་པོ་གཞག་སྟེ། གོས་དང་བླ་རེ་ལ་སོགས་པ་ཡང་བྱིན་ལ། མཆོད་པ་རྣམ་པ་ལྔས་མཆོད་དེ། རང་གི་ལས་ཀྱི་ཕྱག་རྒྱ་རྣམས་
ཀྱིས་ཀྱང་མཆོད་ལ། ཕྱི་རོལ་དུ་གཏོར་མ་བྱིན་ཏེ་སྦྱིན་སྲེག་བྱའོ། །དེ་ནས་རས་སྔོན་པོ་ལ་བྷྱོ་ཞེས་བྱ་བ་བཟླས་ཏེ། དེ་དག་ལས་གཅིག་གིས་ནི་སྨད་གཡོགས་བྱ། གཉིས་པས་ནི་སྟོད་གཡོགས་བྱ། ཡང་གཅིག་ལ་བྷྱོ་ཞེས་བྱ་བ་བཟླས་པས་རང་གི་གདོང་གཡོགས་ཏེ། ཕྱག་བཞི་བྱའོ། །དེ་ནས་
བྱང་ཆུབ་ཏུ་སེམས་བསྐྱེད་ལ། དེ་བཞིན་དུ་རང་གི་སྙིང་གར་རྡོ་རྗེ་རྣམ་པར་བསམས་ལ། སྒོ་ལ་བལྟས་ནས་ཕྱི་རོལ་ན་གནས་པའི་བུམ་པའི་ཆུས་བདག་ཉིད་དབང་བསྐུར་ལ། ལག་ན་མེ་ཏོག་ཐོགས་ཤིང་ཞི་བ་མོའི་ཕོ་ཉའི་ཕྱག་རྒྱས་མེ་ཏོག་གི་ཕྲེང་བ་བླངས་ལ། བཛྲ་བཛྲ་བྷྱོ་
ཞེས་བྱ་བ་ཟློས་ཤིང་དཀྱིལ་འཁོར་དུ་འཇུག་པར་བྱའོ། །དེ་ནས་དཀྱིལ་འཁོར་བསྐོར་བ་ལན་གསུམ་བྱས་ཏེ། གཡས་དང་གཡོན་གྱི་ནག་པོ་ཆེན་པོ་ལ་ཕྱག་བྱས་ནས། དེ་ཉིད་ཀྱི་མདུན་དུ་འདུག་ལ། འདི་སྐད་ཅེས་བརྗོད་པར་བྱའོ། །ཛཿཧཱུཾ་བཾ་ཧོཿཔྲ་སིདྡྷྱ་མཱཾ། དེ་ནས་
རྡོ་རྗེ་ཆུ་འཐུངས་ལ། ཨ་ཞེས་བྱ་བ་ལན་བརྒྱ་ཟློས་ཤིང་བདག་ཉིད་ལ་དབབ་པར་བྱའོ། །ཡང་གཡོན་པའི་ཁྲོ་བོའི་ཁུ་ཚུར་གྱིས་སེམས་མ་རྡོ་རྗེ་དབྱེ་ཞིང་། ཨ་ཞེས་བྱ་བ་དེ་བཞིན་དུ་བཟླས་ལ་བདག་ཉིད་ལ་དབབ་པར་བྱའོ། །དེ་ནས་བྷྱོ་ཞེས་བྱ་བས་མེ་ཏོག་དོར་བར་བྱའོ། །དེ་ནས་དེ་བླངས་

ལ་དེ་ཉིད་ཀྱིས་རང་གི་མགོ་ལ་བཅིང་བར་བྱའོ། །དེ་ནས་དེ་ཉིད་ཀྱི་གདོང་གཡོགས་དགྲོལ་ལོ། །དེ་ནས་དེ་ཉིད་ཟློས་ཤིང་ཤར་ཕྱོགས་ཀྱི་ཆ་ནས་བརྩམས་ཏེ། དཀྱིལ་འཁོར་བལྟ་བར་བྱའོ། །དེ་ནས་ཏིཥྛ་བཛྲ་ཞེས་བྱ་བ་ལ་སོགས་པས་ཞི་བ་ཕོ་ཉའི་ཕྱག་རྒྱ་བཅིངས་ལ། རང་གི་སྙིང་གར་དགྲོལ་བར་བྱའོ། །
དེ་ནས་ནག་པོ་ཆེན་པོའི་ཕྱག་རྒྱ་བཅིངས་ལ། དེ་ལ་ཁྲོ་བོའི་ལྟ་བས་བལྟ་ཞིང་། ཇི་སྲིད་ནག་པོ་ཆེན་པོས་མཐོང་བ་བྱིན་ནས་རང་གི་དངོས་གྲུབ་སྟེར་བར་གྱུར་བ་དེ་སྲིད་ཀྱི་བར་དུ་བཟླས་བརྗོད་བྱའོ། །དེ་ནས་ཡང་ནག་པོ་ཆེན་པོ་ལ་ཁྲོ་བོའི་ལྟ་བས་བལྟ་ཞིང་། རྡོ་རྗེ་ཐལ་མོ་བསྐོར་བས་ཕྱག་བྱས་ལ་མེ་ཏོག་ལ་སོགས་པ་དང་།
དབང་བསྐུར་བ་རྣམས་བླང་བར་བྱའོ། །ཡང་ནག་པོ་ཆེན་པོའི་དམ་ཚིག་གི་ཕྱག་རྒྱས་ཡོངས་སུ་བཟུང་བའི་ཁ་ཊྭཱཾ་ག་དང་། མེ་ཏོག་གི་ཡལ་ག་ལས་རྣམ་པར་རྒྱལ་བའི་བུམ་པ་ལ་སྔར་བཤད་པའི་བུམ་པའི་སྔགས་དེ་བཞིན་དུ་ཡོངས་སུ་བཟླས་ལ། བདག་ཉིད་དེ་ཉིད་ནག་པོ་ཆེན་པོར་བྱིན་གྱིས་བརླབས་ལ། ཕྱིའི་
དཀྱིལ་འཁོར་གྱི་ནང་དུ་སྣ་ཚོགས་པདྨ་བྲིས་ཏེ། དེའི་སྟེང་དུ་ནག་པོ་ཆེན་པོའི་ཕྱག་རྒྱ་ཆེན་པོས་འདུག་ནས། མེ་ཏོག་ལ་སོགས་པས་བདག་ཉིད་མཆོད་ལ། མཆོད་ཡོན་བླངས་ཏེ། རྡོ་རྗེ་ཁུ་ཚུར་གྱིས་རྣམ་པར་རྒྱལ་བའི་བུམ་པ་ལས་ཆུ་བླངས་ལ། ཨོཾ་བཛྲ་ཨ་བྷི་ཥིཉྩ་བྷྱོ་ཞེས་ཟློས་ཤིང་དེས་བདག་ཉིད་
དབང་བསྐུར་བར་བྱས་ལ། ཆུ་དེ་བཏུང་བར་ཡང་བྱའོ། །དེ་ནས་རིན་པོ་ཆེའི་ཅོད་པན་དང་། ཐོད་པའི་དབང་བསྐུར་བའི་ཕྱག་རྒྱ་དག་གིས་བདག་ཉིད་དབང་བསྐུར་ལ། བྷྱོ་ཞེས་བྱ་བས་ཁ་ཊྭཱཾ་ག་དང་། དྲིལ་བུ་དང་བཅས་པ་བླངས་ནས། བྷྱོ་ཞེས་བྱ་བ་ཟློས་བཞིན་དུ་མིང་གི་དབང་བསྐུར་བ་བླང་ཞིང་། བདག་
པོའི་དབང་བསྐུར་བ་ཡང་ཁ་ཊྭཱཾ་ག་དེ་ཉིད་གཟུང་བར་བྱའོ། །འཇིག་རྟེན་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྔར་བཤད་པ་ནི་དེ་ཁོ་ན་ཉིད་དོ། །ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱའོ། །སེམས་ཅན་ཀུན་ལ་ཕན་ཕྱིར་དང་། །ཞེས་བྱ་བ་ལ་སོགས་པ་ནི་ཆོས་སོ། དམ་ཚིག་གི་ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབ་
པར་བྱའོ། །དེ་ལ་དམ་ཚིག་ནི་འདི་ཡིན་ཏེ། སེམས་ཅན་ཐམས་ཅད་རྒྱས་བཏབ་ཅིང་། །དམ་ཚིག་སྡང་རྣམས་བཟའ་བར་བྱ། །སྔགས་རྣམས་བསྟན་པར་མི་བྱ་སྟེ། །དམ་ཚིག་རྣལ་འབྱོར་ཁྱོད་གྲུབ་སྟེར། །དྲག་པོའི་དམ་ཚིག་མདུང་རྩེ་སྟེ། །མ་མོའི་བདག་ཉིད་རྒྱས་འདེབས་པའོ། །གལ་ཏེ་དམ་

ཚིག་འདས་གྱུར་ན། །ཁྱོད་ཀྱི་སྙིང་ནི་རྟག་འཇིག་འགྱུར། །དེ་ནས་མེ་ཏོག་ལ་སོགས་པས་བདག་ཉིད་མཆོད་དེ་རང་གི་ཕྱག་རྒྱ་རྣམས་ཀྱིས་ཀྱང་རྗེས་སུ་གནང་བ་དང་། དབང་བསྐུར་བ་བླངས་ལ། ནག་པོ་ཆེན་པོ་ལ་ཕྱག་བྱས་ཏེ། བྷྱོ་ཞེས་བྱ་བ་དང་རང་གི་ལྷའི་ཕྱག་རྒྱ་བཞི་
བླང་ངོ་། །དེ་ནས་བྷྱོ་ཁ་ཞེས་ཟློས་ཤིང་། མ་མོའི་ཚོགས་དང་བཅས་པའི་ནག་པོ་ཆེན་པོ་ལ་གཏོར་མ་བྱིན་ལ། ཁྲག་གི་ཐིག་པ་ལན་བརྒྱད་མྱང་བར་བྱའོ། །དེ་ནས་ནག་པོ་ཆེན་པོའི་མདུན་དུ་འདུག་སྟེ། ཐོད་པ་ནག་པོ་བླངས་ལ། མཐེ་བོ་དང་སྲིན་ལག་གཉིས་དང་། ཧ་ཧ་ཧ་ཧ་ཧ་ཞེས་ཟློས་ན་སྐད་
ཅིག་མ་དེ་ཉིད་ལ་ནམ་མཁའ་ལ་འགྲོ་བར་འགྱུར་རོ། །ཡང་བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ལ། བདག་གི་མིང་ནས་བརྗོད་དོ། །དེ་ནས་དཀྱིལ་འཁོར་རྡོ་རྗེར་བསྒྲུབ་པར་བྱའོ། །དེ་ནས་བྷྱོ་བྷྱོ་ཞེས་ཟློས་ཤིང་། དཀྱིལ་འཁོར་མེ་ཏོག་ལ་སོགས་པས་མཆོད་པ་གར་བྱས་ཏེ།
ཁ་ཊྭཱཾ་གའི་ལྕགས་ཀྱུས་མ་མོའི་ཚོགས་དང་བཅས་པའི་ནག་པོ་ཆེན་པོའི་ཨ་ར་ལླི་བྷྱོ་བྷྱོ་ཞེས་བྱ་བའི་སྙིང་པོ་འདིས་དགུག་པར་བྱའོ། །དེ་ནས་མ་མོ་ཐམས་ཅད་འདུས་ནས། ཅེ་སྤྱང་གི་སྒྲ་སྒྲོགས་པར་འགྱུར་རོ། །མཁའ་འགྲོའི་ཚོགས་རྣམས་ཀྱང་འདུས་པར་འགྱུར་རོ། །ནག་པོ་ཆེན་པོའི་
དམ་ཚིག་ནི་ཕྱག་རྒྱ་ལས་མཛུབ་མོ་ལྕགས་ཀྱུར་བྱ་བ་ནི། ཁ་ཊྭཱཾ་གའི་ལྕགས་ཀྱུའོ། །དེ་ནས་རྡོ་རྗེ་གནོད་སྦྱིན་གྱིས་བགེགས་བསལ་བར་བྱས་ལ། མཚམས་བཅིང་བ་དང་། དཀྱིལ་འཁོར་བཅིང་བ་དང་། ར་བ་དང་། དྲ་བ་དག་བྱས་ཏེ། རྡོ་རྗེ་ཁུ་ཚུར་གྱིས་དཀྱིལ་འཁོར་གྱི་སྒོ་བཅིངས་ལ།
རྡོ་རྗེ་སྲུང་བས་བསྲུང་བ་ཐམས་ཅད་གོ་བསྐོན་ཏེ། བྷྱོ་ཞེས་བྱ་བས་མ་མོའི་ཚོགས་དང་བཅས་པའི་ནག་པོ་ཆེན་པོ་ལ་མཆོད་ཡོན་བྱིན་ཏེ། ནག་པོ་ཆེན་པོའི་དམ་ཚིག་གི་ཕྱག་རྒྱ་དང་། བྷྱོ་དྲྀ་ཤྱ་ཞེས་བྱ་བས་འཁོར་དང་བཅས་པ་བལྟ་བ་བྱས་ལ། ཛཿཧཱུཾ་བཾ་ཧོཿ། ས་མ་ཡ་སྟྭཾ་ས་མ་ཡ་སྟྭཾ་ཨ་
ཧཾ་བྷྱོ་ཞེས་བྱ་བ་ལན་གསུམ་བརྗོད་དེ་བསྒྲུབ་པར་བྱའོ། །དེ་ནས་སྔ་མ་བཞིན་དུ་རང་གི་ལྕེ་ལ་རྡོ་རྗེ་བསམས་ནས་ནག་པོ་ཆེན་པོ་ལ་སོགས་པའི་ལྕེ་ལ་བྷྱོ་ཞེས་བྱ་བ་བསམས་ལ། འདི་ནི་འདིར་ལྷ་ཐམས་ཅད་ཀྱི་ཕྱག་རྒྱའོ། །དེ་ནས་ཨ་ལས་རང་གི་སྙིང་གར་སྣ་ཚོགས་རྡོ་རྗེ་བསམས་ལ།

ནག་པོ་ཆེན་པོ་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་གར་གྱི་ཚུལ་གྱིས་བྷྱོ་ཞེས་བྱ་བ་དང་། བཅིང་བར་བྱ་སྟེ། འདི་ནི་དེ་རྣམས་ཀྱི་ལས་ཀྱི་ཕྱག་རྒྱའོ། །དེ་ནས་རང་གི་སྙིང་གར་ཧཱུཾ་ཞེས་བྱ་བས་ཁྲོ་བོའི་རྡོ་རྗེ་རྣམ་པར་བསམས་ལ། ཇི་ལྟར་བྲིས་པ་དང་རྗེས་སུ་མཐུན་པར་ནག་པོ་ཆེན་པོ་ལ་སོགས་
པའི་ཕྱག་རྒྱ་ཆེན་པོ་བྷྱོ་ཞེས་བྱ་བས་བཅིང་བར་བྱའོ། །དེ་ནས་རྡོ་རྗེ་རིན་ཆེན་དང་། ཐོད་པའི་ཕྱག་རྒྱ་དག་གིས་ནག་པོ་ཆེན་པོ་འཁོར་དང་བཅས་པ་དབང་བསྐུར་ལ། བྷྱོ་ཞེས་བྱ་བས་ནག་པོ་ཆེན་པོ་འཁོར་དང་བཅས་པ་ལ་མཆོད་ཡོན་བྱིན་ཏེ། མཆོད་པ་རྣམ་པ་ལྔས་མཆོད་ནས། ལས་ཀྱི་ཕྱག་རྒྱ་དང་།
གར་གྱི་མཆོད་པ་བྱས་ལ། ཞི་བ་མོའི་ཕོ་ཉའི་ཕྱག་རྒྱ་བཅིངས་ཏེ། བྷྱོ་ཞེས་བྱ་བ་ཇི་སྲིད་དཀྱིལ་འཁོར་ལས་བྷྱོའི་སྒྲ་ཐོས་པར་གྱུར་གྱི་བར་དུ་བཟླས་བརྗོད་བྱའོ། །དེ་ནས་སློབ་དཔོན་མ་གཏོགས་པ་གཞན་ཐམས་ཅད་ཇི་ལྟར་འོངས་པ། འཇུག་པར་འགྱུར་ཞིང་ཐོབ་པར་འགྱུར་ཏེ། གདུག་པའི་དམ་ཚིག་ནི་
མ་གཏོགས་སོ། །དེ་ནས་སློབ་མ་ལག་ན་མེ་ཏོག་ཐོགས་པ་རས་ཀྱིས་མིག་བཀབ་ལ། ནག་པོ་ཆེན་པོའི་དམ་ཚིག་གི་ཕྱག་རྒྱས་སློབ་དཔོན་འཇུག་པའི་ཆོ་ག་བཞིན་དུ་གཞུག་པར་བྱའོ། །དེ་ནས་ཞུགས་པ་དང་། སློབ་མས་ལག་ན་མེ་ཏོག་ཐོགས་ལ། འདི་སྐད་ཅེས་བསྒོ་བར་བྱའོ། །
ཁྱོད་ལ་འཇིགས་པ་མེད་དམ་ཞེས་བསྒོའོ། །དེ་ནས་འདིས་ཀྱང་མེད་དོ་ཞེས་བརྗོད་པར་བྱའོ། །དེ་ནས་སློབ་དཔོན་གྱིས་དེའི་རྣ་བར་བྷྱོ་ཞེས་བྱ་བའི་སྒྲ་ཆེན་པོ་བསྒྲག་པར་བྱའོ། །དེ་ནས་བསྒྲགས་ནས། མེ་ཏོག་དོར་བར་བྱའོ་ཞེས་བྱ་བ་ནི་བྷྱོ་ཞེས་བྱ་བ་ཉིད་ཀྱིས་སོ། །དེ་ནས་གང་དུ་ལྷུང་བའི་ལྷ་དེ་འདི་ལ་འགྲུབ་
པར་འགྱུར་རོ། །གལ་ཏེ་ལྷུང་བར་མ་གྱུར་ན་ཡང་དང་ཡང་དུ་འདོར་དུ་གཞུག་གོ། །དེ་ནས་ལྷུང་བས་ཁྲོ་བ་དང་བཅས་པར་འགྱུར་ཞིང་རང་གི་ལྷའི་ལས་བྱེད་པའི་རྣལ་འབྱོར་ཡང་སོ་སོར་འཐོབ་པར་འགྱུར་རོ། །དེ་ནས་བྷྱོ་ཞེས་བྱ་བ་ཉིད་ཀྱིས་མེ་ཏོག་བླངས་ལ། དེའི་མགོ་བཅིང་ངོ་། །དེ་ནས་དེ་ཉིད་ཀྱིས་
གདོང་གཡོགས་དགྲོལ་བར་བྱའོ། །དེ་ནས་དེ་ཉིད་ཟློས་ཤིང་སྒོ་སྲུངས་ནས་བརྩམས་ཏེ། དཀྱིལ་འཁོར་བསྟན་ལ། ནག་པོ་ཆེན་པོའི་དམ་ཚིག་གི་ཕྱག་རྒྱ་ཡང་བཅིངས་ཏེ། སློབ་མའི་སྙིང་གར་དེ་བཞིན་དུ་དགྲོལ་བར་བྱའོ། །དེ་ནས་དེ་ནག་པོ་ཆེན་པོའི་གཟུགས་ལ་སོགས་པ་བྱིན་གྱིས་བརླབས་

ཏེ། ཡོན་བླངས་ལ། བདུག་སྤོས་ལ་སོགས་པའི་ཕྱག་རྒྱ་རྣམས་ཀྱིས་མཆོད་དེ། ཇི་ལྟ་བ་བཞིན་དུ་དབང་བསྐུར་བར་བྱའོ། །འདིར་ཕྱུགས་ཆེན་པོ་ཡོན་དུ་བླང་བར་བྱའོ། །དེ་ནས་འདི་ལ་དེ་ལྟར་གྱུར་ཅིག་པར་བསྒོ་སྟེ། རང་གི་མི་ལ་སྦྱིན་པར་བྱའོ། །དེ་ནས་རང་གི་མི་དེ་སློབ་དཔོན་
གྱིས་བླངས་ཏེ། དེ་བསྲུང་བའི་ཕྱིར་བག་ཟན་གྱི་གཟུགས་བརྙན་ཚོས་པ་དང་མ་ཚོས་པའི་ཁྲག་གིས་ཁེངས་པར་བྱའོ། །དེ་ནས་དེ་བླངས་ལ་སློབ་མ་དམ་པ་དང་། ནག་པོ་ཆེན་པོ་མ་མོའི་ཚོགས་དང་བཅས་པ་དེ་ལ་བྱིན་ལ། དེ་ལ་འདི་སྐད་ཅེས་བརྗོད་དེ། བྷྱོ་བྷྱོ་ཞེས་བྱ་བ་གཉིས་བཟླས་ལ་དེ་ཉིད་
ཟློས་ཤིང་བྱིན་ལ། སློབ་དཔོན་ལ་སོགས་པ་སློབ་མའི་ཚོགས་ཐམས་ཅད་ཀྱིས་གཟུགས་བརྙན་དེ་བཟའ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་པའི་གྲུབ་པའི་མཐའ་ལ་ནི་སྲོག་གཅོད་པ་རྗེས་སུ་མ་གནང་སྟེ། ངུ་འབོད་ལ་སོགས་པ་དམྱལ་བ་ཆེན་པོའི་རྒྱུ་ཡིན་པའི་ཕྱིར་རོ། །དེ་བས་ན་བག་
ཟན་གྱིས་གཟུགས་བརྙན་བྱའོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་གསུངས་སོ། །དེ་ནས་བརྩམས་ཏེ་སློབ་མ་རྣམས་མཁའ་འགྲོ་མའི་ཚོགས་ཀྱི་མི་གསོད་པར་འགྱུར་རོ། །དེ་ན་མིའི་ཁྲག་གི་ཐིགས་པ་གཉིས་བླངས་ལ། ཧ་ཧ་ཞེས་བརྗོད་པར་བྱ་སྟེ། དེ་ལྟ་བུས་ནི་སློབ་མ་གྲུབ་པར་
འགྱུར་རོ། །དེ་ནས་སྔ་མ་བཞིན་དུ་དམ་ཚིག་དང་ཆོས་ཀྱི་དེ་ཁོ་ན་ཉིད་བསླབ་སྟེ། དེ་ནས་བརྩམས་ཏེ། ཤ་ཆེན་ཁ་ན་མ་ཐོ་བ་མེད་པ་ལ་བྷྱོ་ཞེས་བཟླས་ནས་གང་ཞིག་ཟ་བ་དེ་རིང་པོར་མི་ཐོགས་པར་རྣལ་འབྱོར་འགྲུབ་པར་འགྱུར་རོ། །ཡོངས་སུ་དག་པའི་སེམས་ཅན་གང་མི་ཟ་བདེ་དག་
ཀྱང་བཟླས་བརྗོད་དང་བསྒོམ་པ་དག་གིས་འགྲུབ་པར་འགྱུར་ཏེ། མཁའ་འགྲོ་མའི་ཚོགས་རྣམས་ལས་འཇིགས་པ་ཡོད་པ་མ་ཡིན་ནོ། །དེ་ནས་འདིའི་དམ་ཚིག་བྱིན་ལ། ཕྱག་རྒྱའི་ཡེ་ཤེས་བསླབ་པར་བྱ་སྟེ། དེ་ལ་དམ་ཚིག་ནི་འདི་ཡིན་ཏེ། ཁྱོད་ཀྱིས་ཆོས་ནི་ཡོང་མི་སྤང་། །དམ་
ཚིག་རྣམས་ནི་བྲལ་མི་བྱ། །མཁའ་འགྲོ་མས་ནི་ཟིན་པ་རྣམས། །ཐར་པ་རུ་ནི་མི་བྱའོ། །མཁའ་འགྲོ་རྣམས་ནི་བརྙས་མི་བྱ། །གང་ཕྱིར་མ་དང་བུ་མོ་དང་། །དེ་ལ་ཆོས་ནི་གང་ཞེ་ན། །འདི་ལྟ་སྟེ། ཐམས་ཅད་རྒྱས་བཏབ་པའོ། །དེ་ལ་དམ་ཚིག་གང་ཞེ་ན། །ཕྱག་རྒྱ་ཐམས་ཅད་ཤེས་

པའོ། །དེ་ལ་མཁའ་འགྲོ་མ་རྣམས་ཀྱིས་བཟུང་བ་གང་ཞེ་ན། འདི་ལྟ་སྟེ་སྙིང་པོའོ། །དེ་ལ་འདུལ་བ་གང་ཞེ་ན། འདི་ལྟ་སྟེ་ཚངས་པར་སྤྱོད་པའོ། །དེ་ནས་བརྩམས་ཏེ། མཁའ་འགྲོ་མ་རྣམས་ཀྱི་ཡེ་ཤེས་འགྲུབ་པར་འགྱུར་རོ། །ནག་པོ་ཆེན་པོའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། བྷྱོ་ཞེས་བྱ་བས་
མཁའ་འགྲོ་མ་ཐམས་ཅད་གཞིག་པ་དང་། གནོད་པ་དང་། དབྱེ་བ་དང་། གཉིད་ལོག་ཏུ་གཞུག་པ་དང་། རྨོངས་པ་དང་། གསོད་པ་ལ་སོགས་པ་བྱེད་པར་འགྱུར་རོ། །ལག་པ་གཡོན་པའི་སོར་མོ་བར་མ་གསུམ་བཏེག་ལ། བདེན་བྲལ་གྱི་ལོགས་སུ་ལག་པ་གྱེན་དུ་བརྐྱང་ནས། གཡས་
པ་དེའི་སྟེང་དུ་བཀུག་ལ། ལག་པས་བ་དན་གསུམ་པ་དང་། མཐེ་བོ་དང་། སྲིན་ལག་གིས་ཐོད་པ་འཛིན་པ་ནི་དྲག་པོ་སྟེ། འདིས་མིག་མི་འཛུམ་པར་ཁྲོ་བོའི་ལྟ་བས་ཐམས་ཅད་རྒྱས་བཏབ་ཅིང་། ཨེ་ཨ་རལླི་བྷྱོ་ཞེས་བྱ་བ་དང་བསྟུན་ལ། ལྷག་མ་རྣམས་ལས་ཀྱི་ཕྱག་རྒྱ་དང་། བྷྱོ་ཞེས་བྱ་བ་ཟློས་ཤིང་
ལས་ཐམས་ཅད་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དུམ་བུ་ལས་གསུངས་པའི་དཔལ་མཆོག་དང་པོའི་མ་མོའི་དཀྱིལ་འཁོར་གྱི་བཤད་པ་རྫོགས་སོ།། །།མིང་པོ་གསུམ་གྱིས་འདུལ་བའི་སྐྱེ་བོ་ལས་བརྩམས་ཏེ། དེ་ནས་སྦྲང་རྩིར་བྱེད་པ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པས་
མིང་པོ་གསུམ་གྱི་དཀྱིལ་འཁོར་གསུངས་པ་ཡིན་ལ། དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་པ་སྟེ། དང་པོའི་སྦྱོར་བའི་རྗེས་ཐོགས་ཉིད་ལ་ཞེས་བྱ་བའི་དོན་ཏོ། །འདིར་དང་པོའི་སྦྱོར་བའི་ཏིང་ངེ་འཛིན་ནི་མ་མོའི་དཀྱིལ་འཁོར་དུ་གསུངས་པ་ཉིད་དོ། །སྦྲང་རྩིར་བྱེད་ལ་སོགས་པ་ལ། །འདོད་པའི་ཁམས་
ཀྱི་དབང་ཕྱུག་གི་གཟུགས་འཛིན་པའི་ཚངས་པ་ནི་སྦྲང་རྩིར་བྱེད་པ་སྟེ། དེ་ཉིད་དང་པོར་གྱུར་པ་གང་ཡིན་པ་དེ་དག་ནི། སྦྲང་རྩིར་བྱེད་ལ་སོགས་པ་ཞེས་བྱ་སྟེ། སྦྲང་རྩིར་བྱེད་དང་། རྒྱལ་བར་བྱེད་པ་དང་། དོན་ཐམས་ཅད་གྲུབ་པ་སྟེ། མིང་པོ་གསུམ་མོ། །དབང་ཕྱུག་ཆེན་མོ་གང་སྟོན་བཟངས་ཀྱི་གཟུགས་
འཛིན་པ་གང་ཡིན་པ་དེ་ནི་རྒྱལ་བར་བྱེད་པའོ། །ཁྱབ་འཇུག་ནི་དཔྱིད་ཀྱི་གཟུགས་འཛིན་པ་གང་ཡིན་པ་དེ་ནི་དོན་ཐམས་ཅད་གྲུབ་པ་སྟེ། དེ་སྐད་དུ། ཚངས་པ་འདོད་ཆགས་གཞན་སྤྲུལ་པ། །ཞེ་སྡང་དྲག་པོའི་ཏིང་ངེ་འཛིན། །གཏི་མུག་ཁྱབ་འཇུག་བསྟན་བྱས་པས། །འཇིག་རྟེན་གསུམ་ནི་བྱིན་

གྱིས་བརླབས། །འདོད་ཆགས་སྦྲང་རྩི་བྱེད་པར་བཤད། །ཞེ་སྡང་རྒྱལ་བར་བྱེད་པར་གྲགས། །གཏི་མུག་དེར་ནི་བསྒྲུབ་པ་སྟེ། །གསང་བའི་མིང་ནི་ཐམས་ཅད་དུའོ། །ཞེས་བཤད་པའི་ཕྱིར་རོ། །བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ། །ཞེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོ་ལ་རབ་ཏུ་འདུད་
པའོ། །མགྲིན་གཅིག་ཏུ་ཞེས་བྱ་བ་ནི་གོ་སླའོ། །དེ་ལྟར་ན་དེ་ནས་ཞེས་བྱ་བ་ནས་བརྩམས་ཏེ། སྭ་ཞེས་བྱ་བའི་བར་གྱི་བཤད་པས་ནི། ཏིང་ངེ་འཛིན་གསུམ་གསུངས་པ་ཡིན་ནོ། །དེ་ནས་འདུས་པ་ནས་བརྩམས་ཏེ་གསུངས་པ་ཡིན་པར་ཤེས་པར་བྱའོ། །ད་ནི་དམ་ཚིག་དང་དབང་བསྐུར་བ་ཐོབ་པ་རྣམས་
ཀྱིས་བཟླས་བརྗོད་དང་བསྒོམ་པར་བྱའོ་ཞེས་བྱ་བ་འདིའི་དོན་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པས་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་། སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པར་གསུངས་པ་ཡིན་ནོ། །དེ་ནས་ཞེས་བྱ་བའི་སྒྲ་ནི་སྔ་མ་བཞིན་ཏེ། ཏིང་ངེ་འཛིན་གསུམ་གྱི་རྗེས་
ཐོགས་ཉིད་ལ་ཞེས་བྱ་བའི་དོན་ཏོ། །འདིའི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །སྒྲོ་ཡི་མཚམས་ནི་ཐམས་ཅད་དུ། །ཞེས་བྱ་བ་ལ་སོགས་པ་ནི་ཤར་ཕྱོགས་ཀྱི་སྒོ་ནས་བརྩམས་ཏེ། ཚོགས་དང་། མཚོན་ཆ་དང་། ཕོ་ཉ་དང་། བྲན་རྣམས་གཞག་པར་བྱའོ། །ཕྱིའི་དཀྱིལ་འཁོར་གྱི་ལྷའི་སྣམ་བུ་ལ་
གྲུབ་པ་ནས་བརྩམས་ཏེ། ཚོགས་རྣམ་པ་བཞི་གཞག་པར་བྱའོ། །ཕྱི་རོལ་ན་ཞེས་བྱ་བ་ལ་སོགས་པ་ལ། དར་དང་། བ་དན་མཆོག་སྟེ། དམ་པར་གྱུར་པ་དང་། དྲིལ་བུའི་ཕྲེང་བ་བ་དན་གྱི་མཆོག་དང་བཅས་པ་དང་། བུམ་པ་གང་བ་རྣམས་དང་། རོལ་མོའི་མཆོག་སྟེ། དམ་པ་དང་
བཅས་པ་གཞག་པར་བྱའོ། །ཕྱག་རྒྱ་ཀུན་གྱིས་གཞུག་པར་བྱ། །ཞེས་བྱ་བ་ནི། རྩེ་གསུམ་པའི་དམ་ཚིག་གི་ཕྱག་རྒྱ་ཐམས་ཅད་དེ། དེ་བཅིངས་ལ་འཇུག་པར་བྱའོ། །འཇིག་རྟེན་གསུམ་ཞེས་བྱ་བ་ནི་མཐོ་རིས་ཀྱི་འཇིག་རྟེན་དང་། བར་སྣང་གི་འཇིག་རྟེན་དང་། སའི་འཇིག་རྟེན་ནོ། །
སྲིད་གསུམ་ཞེས་བྱ་བ་ནི་འདོད་པའི་སྲིད་པ་དང་། གཟུགས་ཀྱི་སྲིད་པ་དང་། གཟུགས་མེད་པའི་སྲིད་པའོ། །ངན་སོང་གསུམ་ནི། དམྱལ་བ་དང་། དུད་འགྲོ་དང་། ཡི་དྭགས་སོ། །མཆོད་གསུམ་ནི་སྤུན་གསུམ་གྱིས་མཆོད་པའོ། །རྣམ་གསུམ་ནི་འདོད་ཆགས་དང་། ཞེ་སྡང་དང་།

གཏི་མུག་གི་མཆོད་པའི་དབྱེ་བས་རྣམ་པ་གསུམ་མོ། །སྦས་པ་ནི་སྐྱེས་བུ་གསུམ་གྱི་གཟུགས་སུ་བྱིན་གྱིས་བརླབས་པས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་ལྟར་བདག་གིས་ལས་རྣམས་བྱས་ནས་སོ་ཞེས་བྱ་བ་དང་། རྩེ་གསུམ་པས་མཚན་པའི་ཕྱག་རྒྱས་གཡས་པའི་མཛུབ་མོའི་
ལྕགས་ཀྱུས་དགུག་པར་བྱའོ། །དེ་ནས་དྲིལ་བུ་དང་བཅས་པའི་ཕྲེང་བས་འདི་སྐད་དུ་བཤད་པའི་མིང་པོ་གསུམ་འོངས་པས་ཐམས་ཅད་གཡོ་བར་འགྱུར་རོ། །ཐམས་ཅད་ཕབ་ནས་དེ་བཞིན་དུ་གཞུག་པར་བྱའོ་ཞེས་བྱ་བ་ནི་སློབ་མ་ཐམས་ཅད་ལ་ཕབ་ལ། སློབ་དཔོན་གྱི་འཇུག་པས་
གཞུག་པར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །གཞན་ལ་དེ་ཉིད་བསྟན་མི་བྱ། །ཞེས་བྱ་བ་ནི་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ནི་གཞན་དག་སྟེ། དེ་རྣམས་ལ་ནི། འཇིག་རྟེན་གསུམ་པོ་སྲིད་གསུམ་མཆོག །ཅེས་བྱ་བ་ལ་སོགས་པ་དེ་ཁོ་ན་ཉིད་བཤད་པར་མི་
བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། གླུ་དང་། གར་དང་། རོལ་མོ་དང་། དགོད་པ་དང་། ཞེས་བྱ་བ་ལ་སོགས་པ་ནི་གོ་བར་ཟད་དོ། །དགའ་བ་ནི་རྩེ་བ་སྟེ། དེ་ལྟར་ན་གླུ་དང་། གར་དང་། རོལ་མོ་དང་། དགོད་པ་དང་། དགའ་བ་དང་། ཟ་བ་སྟེ། དེ་དག་ལས་བྱུང་
བའི་མགུ་བ་ཞེས་བྱ་བ་ཡིད་བདེ་བའི་ཤུགས་ཀྱིས་མེལ་ཚེ་ཞེས་བྱའོ། །ཕྱག་རྒྱ་དང་། གར་གྱི་རོལ་མོའི་མཆོད་པ་ཡང་བྱས་ལ་ཞེས་བྱ་བ་ནི། མིང་པོ་གསུམ་གྱི་ལས་ཀྱི་ཕྱག་རྒྱ་ལ་སོགས་པ་ནི་ཕྱག་རྒྱ་དང་། གར་གྱི་རོལ་མོའི་མཆོད་པ་སྟེ། དེས་མཆོད་པར་བྱའོ། །དེ་ལྟར་ཕྱག་རྒྱ་གར་གྱི་རོལ་མོའི་
མཆོད་པ་བྱས་ལ། ཕྱག་རྒྱ་དེ་དང་བཅས་པས་ཞེས་བྱ་བ་ནི་རྡོ་རྗེ་ཁུ་ཚུར་གྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། བཛྲ་མུཥྚི་བཾ་ཞེས་བརྗོད་པར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དམ་ཚིག་གི་ཕྱག་རྒྱ་དཀྱིལ་འཁོར་རོ། །ཞེས་བྱ་བ་ལ་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་
ནི་འདའ་བར་བྱ་བ་མ་ཡིན་པས། དམ་ཚིག་ཅེས་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ལས་བྱུང་ཞིང་དེ་སྟོན་པའི་དཀྱིལ་འཁོར་ལ་ཡང་དམ་ཚིག་གི་དཀྱིལ་འཁོར་ཞེས་བྱ་སྟེ། ཕྱི་རོལ་གྱི་རྡོ་རྗེའི་རིགས་ཀྱི་ཆོས་ཀྱི་ཕྱག་རྒྱ་གཙོ་བོར་བྱས་པའི་དཀྱིལ་འཁོར་ཞེས་བྱ་བའི་དོན་ཏོ། །འདིའི་དོན་ནི་

འདི་ལྟར་ཤེས་པར་བྱ་སྟེ། བཛྲ་ཨཉྫ་ལི་ཞེས་བྱ་བས་རྡོ་རྗེ་ཐལ་མོ་བཅིངས་ལ། དེ་ནས་བཛྲ་བནྡྷ་ཞེས་བྱ་བས་རྡོ་རྗེ་བསྡམས་པ་བཅིངས་ནས། བཛྲ་བནྡྷ་ཏྲ་ཊ་ཞེས་བྱ་བས་རྡོ་རྗེ་བསྡམས་པ་སྙིང་གར་དགྲོལ་བར་བྱའོ། །དེ་ནས་བཛྲ་ཨཱ་བེ་ཤ་ཞེས་བྱ་བ་དང་། རྡོ་རྗེ་དབབ་པའི་དམ་ཚིག་
གི་ཕྱག་རྒྱ་བཅིངས་ལ། ཨ་ཞེས་བྱ་བས་བདག་ཉིད་ལ་དབབ་པར་བྱའོ། །དེ་ནས་ཏིཥྛ་བཛྲ་ཞེས་བྱ་བ་ལ་སོགས་པས་རང་གི་སྙིང་གར་དབབ་པའི་ཕྱག་རྒྱ་དཀྲོལ་ལ། རང་གི་སྙིང་གར་གནས་པའི་རྡོ་རྗེ་རྩེ་ལྔ་པ་ལ་སྭ་རྣམ་པར་བསམས་ལ། ཆོས་ཐམས་ཅད་བདག་མེད་པར་བསྒོམ་པར་བྱའོ། །དེ་ནས་
སྭ་དང་བཅས་པའི་དབྱངས་ཀྱི་ཡི་གེ་བཅུ་དྲུག་ལས་ཟླ་བའི་དཀྱིལ་འཁོར་དུ་གྱུར་པར་རང་གི་སེམས་བསམས་ལ། དེའི་སྟེང་དུ་ཡང་སྭ་བསམས་ཏེ། ཀ་ནས་ཀྵའི་བར་གྱི་ཡི་གེ་རྣམས་སྐར་མ་ལྟ་བུར་རྣམ་པར་བསམས་ལ། དེ་དང་དེ་འདུས་པར་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་གཉིས་པ་བསམ་
མོ། །ཟླ་བའི་དཀྱིལ་འཁོར་གཉིས་པའི་སྟེང་དུ་ཡང་སྭ་ཞེས་བྱ་བ་བསམས་ལ། ཟླ་བའི་དཀྱིལ་འཁོར་གཉིས་པོ་ལས་དང་པོའི་རྡོ་རྗེ་རྩེ་ལྔ་པ་བསམ་པར་བྱ་ཞིང་། སྭ་ཞེས་བྱ་བ་ཉིད་ལ་ཡང་བཟླའོ། །དེ་ནས་རྡོ་རྗེ་མེ་ཏོག་དང་། མདའ་གཞུ་དང་། ཐོད་པ་དང་བཅས་པ་སྭ་ཞེས་བྱ་བ་ལས་རྣམ་
པར་བསམས་ལ། མདའི་དབུས་སུ་སྭ་རྣམ་པར་བསམས་ཏེ། མདའ་དང་། གཞུ་དང་། ཐོད་པའི་ཕྱག་རྒྱ་དང་བཅས་པ་ལ་སྃ་བཾྃ་ཧྃ་ཞེས་བྱ་བ་རྣམ་པར་བསམས་ལ། ཕྱག་རྒྱ་དེ་སེམས་དཔར་བྱིན་གྱིས་རློབ་པའི་སྦྱོར་བའི་རྡོ་རྗེ་སེམས་དཔའ་བདག་ཉིད་བསམ་པར་བྱའོ། །དེ་ནས་སྭ་ལས་རྡོ་རྗེ་
སེམས་དཔའ་མིང་པོ་གསུམ་གྱི་གཟུགས་སུ་བདག་ཉིད་བསམས་ལ། མ་ཧཱ་ས་མ་ཡ་སྃ་བྃ་ཧྃ་ཞེས་བརྗོད་དོ། །དམ་ཚིག་སེམས་དཔའ་ཆེན་པོ་བདག་ཉིད་བསྒོམ་པར་བྱའོ། །དེ་ནས་མིང་པོ་གསུམ་གྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། ས་མ་ཡ་སྟྭཾ་ཞེས་བརྗོད་ལ་དམ་ཚིག་སེམས་དཔའ་ཉིད་
དུ་བདག་ཉིད་བསྒོམ་པར་བྱའོ། །དེ་ནས་ས་མ་ཡ་སཏྭ་ཨ་དྷི་ཏིཥྛ་སྭ་མཾ་ཞེས་བརྗོད་ལ། མིང་པོ་གསུམ་གྱི་དམ་ཚིག་གི་ཕྱག་རྒྱ་དེ་ཉིད་ཀྱིས་སྙིང་ག་དང་། སྨིན་མཚམས་དང་། ལྐོག་མ་དང་། སྤྱི་བོ་རྣམས་སུ་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་མིང་པོ་གསུམ་གྱི་དམ་ཚིག་གི་ཕྱག་རྒྱ་བཅིང་བར་

བྱའོ། །དེ་ནས་དེ་བཅིངས་ལ་སྭ་ཨ་ཞེས་བརྗོད་ལ། མདའ་དང་། གཞུ་དང་། ཐོད་པའི་ཕྱག་རྒྱ་མདུན་དུ་བསྐྱེད་པར་བྱའོ། །དེ་ནས་མདའི་དབུས་སུ་སྭ་རྣམ་པར་བསམས་ལ། མདའ་དང་། གཞུ་དང་། ཐོད་པའི་ཕྱག་རྒྱ་ནི་བདག་གོ་ཞེས་ཕྱག་རྒྱའི་ང་རྒྱལ་བསྒོམ་པར་བྱ་ཞིང་། ཕྱག་རྒྱ་དེ་སྭ་ཞེས་
བྱ་བ་བཟླས་ལ། བྷྲ་ཏྲི་ཏ་ཡཾ་ཨ་ཧཾ་ཞེས་བྱ་བ་དང་། མིང་པོ་གསུམ་གྱི་ངོ་བོ་ཉིད་དུ་ཡོངས་སུ་གྱུར་པར་བསམ་མོ། །དེ་ནས་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས་དེར་མིང་པོ་གསུམ་བཀུག་ལ། བཅུག་སྟེ་བཅིངས་ནས་དབང་དུ་བྱས་ནས་མིང་པོ་གསུམ་གྱི་དམ་ཚིག་གི་ཕྱག་རྒྱས་སྭ་དྲྀ་
ཤྱ་ཞེས་བྱ་བས་དེ་དག་བལྟ་བ་བྱས་ལ། དེ་གཉིས་ཀྱི་གཡས་པའི་མཛུབ་མོ་ལྕགས་ཀྱུ་དང་། སྭ་ཞེས་བྱ་བ་ཟློས་ཤིང་། རང་གི་ལུས་ལ་བཅུག་ལ། མིང་པོ་གསུམ་གྱི་དམ་ཚིག་གི་ཕྱག་རྒྱ་ཉིད་བཅིངས་ནས། ས་མ་ཡ་སྟྭཾ་ཞེས་བརྗོད་དོ། །འོད་ཀྱི་དཀྱིལ་འཁོར་དུ་བསམས་ལ།
ཛཿཧཱུཾ་བཾ་ཧོཿས་མ་ཡ་སྟྭཾ་ས་མ་ཡ་སྟྭཾ་ཨ་ཧཾ་སྭཿཞེས་བཟླས་ནས་མིང་པོ་གསུམ་དང་། བདག་ཉིད་ལྷན་ཅིག་ཏུ་གྱུར་པར་བསམ་པར་བྱའོ། །དེ་ནས་ལྕེ་ལ་རྡོ་རྗེ་དེ་བཞིན་དུ་རྣམ་པར་བསམས་ལ། སྭ་ཞེས་བྱ་བ་རྣམ་པར་བསམ་པར་བྱའོ། །སྙིང་གར་ཨ་ལས་སྣ་ཚོགས་རྡོ་རྗེ་བསམས་ལ། མིང་པོ་
གསུམ་གྱི་ལས་ཀྱི་ཕྱག་རྒྱ་བཅིང་བར་བྱའོ། །ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་བསམས་ལ། མིང་པོ་གསུམ་གྱི་ཕྱག་རྒྱ་ཆེན་པོ་བཅིང་བར་བྱའོ། །དེ་ནས་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱས་དབང་བསྐུར་ལ། མདའ་དང་། གཞུ་དང་། ཐོད་པའི་ཕྱག་རྒྱའི་དབང་བསྐུར་བ་དང་། མིང་གི་དབང་བསྐུར་བ་ཡང་བླངས་
ལ། སྭ་ཞེས་བྱ་བ་ཉིད་ཟློས་ཤིང་བདག་པོའི་དབང་བསྐུར་བ་དང་། དེ་ཁོ་ན་ཉིད་དང་ཆོས་དང་དམ་ཚིག་བཟུང་ལ། མེ་ཏོག་ལ་སོགས་པ་དང་། རང་གི་ལས་ཀྱི་ཕྱག་རྒྱ་རྣམས་ཀྱིས་བདག་ཉིད་མཆོད་དེ། མིང་པོ་གསུམ་ནི་བདག་གོ་ཞེས་ང་རྒྱལ་བསྐྱེད་ལ། ཏིང་ངེ་འཛིན་ཇི་ལྟ་བ་བཞིན་དུ་བསྒོམ་
པར་བྱའོ། །དེ་ནས་དཀྱིལ་འཁོར་འདི་ཇི་སྲིད་མཚན་མ་དང་། རྗེས་སུ་གནང་བ་ཐོབ་ཀྱི་བར་དུ་ཉིན་རེ་སྦྱོར་བས་བསྒོམ་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་སའི་དབུས་སུ་ཏིང་ངེ་འཛིན་གསུམ་རྣམ་པར་བསྒོམས་ལ། བར་སྣང་གི་ཕྱོགས་སུ་དཀྱིལ་འཁོར་གྱི་དམ་ཚིག་གི་ཕྱག་རྒྱས་

བཏེག་སྟེ་གཞག་པར་བྱའོ། །དེ་ནས་ཉི་མ་འཆར་བའི་དུས་སུ་ཇི་ལྟ་བ་བཞིན་དུ་ཐིག་གདབ་པར་བྱ་སྟེ། ཟུར་བཞི་པ། སྒོ་བཞི་པ། དེའི་དབུས་སུ་དཀྱིལ་འཁོར་གཉིས་པ་གཞུའི་དབྱིབས་ལྟ་བུ་དེའི་ཕྱེད་ཀྱི་ཚད་དེའི་དབུས་སུ་སེང་གེའི་གདན་བྱས་ལ། དེའི་དབུས་སུ་མིང་པོ་གསུམ་
རིམ་པ་བཞིན་བྲི་བར་བྱས་ཏེ། དབུས་སུ་རྒྱལ་བར་བྱེད་པ། དེའི་གཡས་ཕྱོགས་སུ་སྦྲང་རྩིར་བྱེད་པ། གཡོན་ལོགས་སུ་དོན་ཐམས་ཅད་གྲུབ་པར་བྱེད་པ་སྟེ། དེ་དག་ཐམས་ཅད་གོ་ཆ་བགོས་པས། གཡས་ན་ཐོད་པ་ཐོགས་པ། གཡོན་ན་མདའ་གཞུ་ཐོགས་པ། ཅུང་ཟད་དགོད་ཅིང་ཁྲོ་
བར་བྲི་བར་བྱའོ། །དེ་ལ་རྒྱལ་བར་བྱེད་པ་ནི་དཀར་པོ། །སྦྲང་རྩིར་བྱེད་པ་ནི་སེར་པོ། །དོན་ཐམས་ཅད་གྲུབ་པ་ནི་ལྗང་གུའི་མདོག་ཅན་ནོ། །ཤར་ཕྱོགས་ཀྱི་སྒོར་གྲུབ་པ་མདོག་དཀར་པོ། མིག་གསུམ་པ། ལག་ན་རྩེ་གསུམ་ཐོགས་པའོ། །ལྷོར་འཕེལ་བ་མདོག་སེར་པོ། །ལག་ན་གཏེར་གྱི་
བུམ་པ་ཐོགས་པའོ། །ནུབ་ཏུ་ཆེན་པོ་མདོག་དམར་སྐྱ། ལག་ན་མེ་ཏོག་གི་ཟ་མ་ཏོག་ཐོགས་པའོ། །བྱང་དུ་གནོད་སྦྱིན་ནག་པོ། ལག་ན་མཆེ་བ་ཐོགས་པ། གནོད་སྦྱིན་གྱི་གཟུགས་ཅན་ནོ། །ཕྱིའི་དཀྱིལ་འཁོར་གྱི་ལྷའི་སྣམ་བུའི་ཤར་ལྷོ་མཚམས་སུ་གཏུམ་མོ་མདོག་ནག་པོ། །ལག་ན་
དབྱིག་པ་ཐོགས་པའོ། །ལྷོ་ནུབ་ཏུ་ཁྲོ་བ་མདོག་ནག་པོ། ལག་ན་སྦྲུལ་ཐོགས་པའོ། །ནུབ་བྱང་དུ་མཆོག་མདོག་ནག་པོ། ལག་ན་འཁོར་ལོ་ཐོགས་པའོ། །བྱང་ཤར་དུ་གསོད་པ་མདོག་ནག་པོ། །ལག་ན་རལ་གྲི་འཕྱར་བ་བྲི་བར་བྱའོ། །འདིར་ལྷ་ཐམས་ཅད་ཀྱི་སྙིང་པོ་ནི་སྭ་
ཞེས་བྱ་བའོ། །དེ་ལྟར་དཀྱིལ་འཁོར་བྲིས་ནས་མདུང་གི་མཚན་མའི་ཕྱག་རྒྱས་ཡོངས་སུ་བཟུང་བའི་རྩེ་གསུམ་པ་དང་། མེ་ཏོག་གི་ཡལ་ག་ལས་བུམ་པ་ཐམས་ཅད་དང་། བུམ་པ་གང་བ་རྣམས་ལ་སྭ་ཞེས་བྱ་བ་རེ་རེ་ཞིང་བརྒྱ་རྩ་བརྒྱད་བཟླས་ལ། དཀྱིལ་འཁོར་གྱི་སྒོ་ཐམས་ཅད་ཕྱེ་སྟེ། སྭ་
ཞེས་བྱ་བས་མིང་པོ་གསུམ་འཁོར་དང་བཅས་པ་ལ་མཆོད་ཡོན་བྱིན་ལ། བུམ་པ་དང་བུམ་པ་གང་བ་རྣམས་དང་། བླ་རེ་ལ་སོགས་པ་བྱིན་ལ། མཆོད་པ་རྣམ་པ་ལྔས་མཆོད་དེ། རང་གི་ལས་ཀྱི་ཕྱག་རྒྱ་རྣམས་ཀྱིས་ཀྱང་མཆོད་པ་དང་། ཕྱི་རོལ་དུ་གླུ་དང་གར་ལ་སོགས་པས་ཀྱང་མཆོད་

ལ། ཕྱི་རོལ་དུ་གཏོར་མ་བྱིན་ནས་སྦྱིན་སྲེག་བྱའོ། །དེ་ནས་གོས་བཟང་པོ་ལ་སྭ་ཞེས་བྱ་བ་བཟླས་ལ། གཅིག་གིས་ནི་སྨད་གཡོགས་བྱ། །གཉིས་པས་ནི་སྟོད་གཡོགས་བྱ། གསུམ་པས་ནི་རང་གི་གདོང་གཡོགས་ལ། ཕྱག་བཞི་བྱས་ཏེ། བྱང་ཆུབ་ཏུ་སེམས་བསྐྱེད་ལ། སྔ་མ་བཞིན་
དུ་རང་གི་སྙིང་གར་རྡོ་རྗེ་བསྐྱེད་དེ། ཤར་ཕྱོགས་ཀྱི་སྒོར་བལྟས་ནས་ཕྱི་རོལ་ན་གནས་པའི་བུམ་པའི་ཆུས་བདག་ཉིད་དབང་བསྐུར་ལ། རྩེ་གསུམ་པས་མཚན་པའི་ཕྱག་རྒྱ་བཅིངས་ཏེ། དེ་ཉིད་ཀྱིས་མེ་ཏོག་གི་ཕྲེང་བ་བཟུང་ལ། བཛྲ་བཛྲ་སྭ་ཞེས་བརྗོད་ཅིང་། གླུ་རྣམས་གླུ་རུ་ལེན་པ་དང་། །
རོལ་མོ་རྣམས་བརྡུང་བར་བྱེད་པ་དང་། གར་བྱེད་པ་བཞིན་དུ་སློབ་དཔོན་གྱི་དཀྱིལ་འཁོར་གྱི་མཆོག་ཏུ་འཇུག་པར་བྱའོ། །དེ་ནས་ཡང་མིང་པོ་གསུམ་གྱི་མདུན་དུ་འདུག་ལ། འདི་སྐད་ཅེས་བརྗོད་པར་བྱའོ། །ཛཿཧཱུཾ་བཾ་ཧོཿཔྲ་སིདྡྷྱེ་མཱཾ། དེ་ནས་རྡོ་རྗེའི་ཆུ་འཐུངས་ལ། །ཨ་ཞེས་བྱ་བ་ལན་
བརྒྱ་ཟློས་ཤིང་། བདག་ཉིད་ལ་དབབ་པར་བྱའོ། །ཡང་གཡོན་པའི་ཁྲོ་བོའི་ཁུ་ཚུར་གྱིས་སེམས་མ་རྡོ་རྗེ་ཕྱེ་ལ། ཨ་ཞེས་བྱ་བ་དེ་བཞིན་དུ་ཟློས་ཤིང་། བདག་ཉིད་ལ་དབབ་པར་བྱའོ། །དེ་ནས་སྭ་ཞེས་བྱ་བ་ཟློས་ཤིང་། མེ་ཏོག་དོར་བར་བྱའོ། །དེ་ནས་དེ་ཉིད་བླངས་ལ་དེ་ཉིད་ཀྱི་མགོ་ལ་བཅིང་བར་
བྱའོ། །དེ་ནས་དེ་ཉིད་ཀྱིས་གདོང་གཡོགས་དགྲོལ་ལོ། །དེ་ནས་དེ་ཉིད་ཟློས་ཤིང་། ཤར་ཕྱོགས་ཀྱི་ཆ་ནས་བརྩམས་ཏེ། དཀྱིལ་འཁོར་བལྟ་བར་བྱའོ། །དེ་ནས་རྩེ་གསུམ་པས་མཚན་པའི་ཕྱག་རྒྱ་བཅིངས་ལ། ཏིཥྛ་བཛྲ་ཞེས་བྱ་བས་རང་གི་སྙིང་གར་དགྲོལ་བར་བྱའོ། །
དེ་ནས་མིང་པོ་གསུམ་གྱི་ཕྱག་རྒྱ་ཆེན་པོ་བཅིངས་ལ། དེ་ལ་རྡོ་རྗེའི་ལྟ་བས་ཁྲོ་བ་དང་བཅས་པས་བལྟས་ཏེ། ཇི་སྲིད་རང་གི་མཐོང་བ་བྱིན་ནས་རང་གི་དངོས་གྲུབ་རྣམས་སྟེར་བར་གྱུར་པ་དེ་སྲིད་ཀྱི་བོར་དུ་སྭ་ཞེས་བྱ་བ་བཟླས་བརྗོད་བྱའོ། །ཡང་དེ་ལ་དེ་བཞིན་དུ་བལྟས་ཏེ། རྡོ་རྗེ་
ཐལ་མོ་དང་། ཕྱག་བྱས་ལ། མེ་ཏོག་ལ་སོགས་པ་དང་། དབང་བསྐུར་བ་རྣམས་བླངས་བར་བྱའོ། །དེ་ལ་དང་པོ་ཁོ་ནར་རྩེ་གསུམ་པས་མཚན་པ་ཡོངས་སུ་བཟུང་བའི་རྩེ་གསུམ་པ་དང་། མེ་ཏོག་གི་ཡལ་ག་ལས་རྣམ་པར་རྒྱལ་བའི་བུམ་པ་ལ་སྔར་བཤད་པའི་སྔགས་དེ་བཞིན་དུ་

བཟླའོ། །དེ་ནས་བདག་ཉིད་མིང་པོ་གསུམ་དུ་བྱིན་གྱིས་བརླབས་ལ། ཕྱིའི་དཀྱིལ་འཁོར་གྱི་ནང་དུ་སྣ་ཚོགས་པདྨ་བྲིས་ཏེ། དེའི་སྟེང་དུ་སྭ་ཞེས་བྱ་བ་ཉིད་ཀྱིས་སེང་གེའི་གདན་བཞག་ལ། དེར་མིང་པོ་གསུམ་གྱི་ཕྱག་རྒྱ་ཆེན་པོས་འདུག་སྟེ། མེ་ཏོག་ལ་སོགས་པས་བདག་
ཉིད་མཆོད་ལ། མཆོད་ཡོན་བླངས་ནས། རྡོ་རྗེ་ཁུ་ཚུར་གྱིས་རྣམ་པར་རྒྱལ་བའི་བུམ་པ་ལས་ཆུ་བླངས་ལ། ཨོཾ་བཛྲ་ཨ་བྷི་ཥིཉྩ་སྭ་ཞེས་ཟློས་ཤིང་། དེས་བདག་ཉིད་དབང་བསྐུར་ནས་ཆུ་དེ་བཏུང་བར་ཡང་བྱའོ། །དེ་ནས་རིན་པོ་ཆེའི་ཅོད་པན་གྱི་ཕྱག་རྒྱས་རིན་པོ་ཆེའི་ཅོད་པན་དང་།
དར་དཔྱངས་ཀྱི་དབང་བསྐུར་བས་དབང་བསྐུར་ལ། སྭ་ཞེས་བྱ་བས་མདའ་དང་གཞུ་དང་དྲིལ་བུ་དང་བཅས་པ་བླངས་ཏེ། སྭ་ཞེས་བྱ་བ་ཉིད་ཀྱིས་མིང་པོ་གསུམ་གྱི་མིང་གི་དབང་བསྐུར་བ་དང་། བདག་པོའི་དབང་བསྐུར་བ་བླངས་ནས། མེ་ཏོག་གི་མཆོད་པས་དཀྱིལ་འཁོར་མཆོད་དེ།
བདག་ཉིད་མཆོད་པ་རྣམ་པ་ལྔ་དང་། ཕྱག་རྒྱའི་མཆོད་པ་རྣམས་ཀྱིས་ཀྱང་མཆོད་ལ། རྗེས་སུ་གནང་བའི་དབང་བསྐུར་བ་བླངས་ནས། མིང་པོ་གསུམ་ལ་ཕྱག་བྱས་ནས། སྭ་ཞེས་བྱ་བ་དང་། ཕྱག་རྒྱ་བཞིའི་ཡེ་ཤེས་བསླབ་པར་བཟུང་ལ། བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་
པ་བྱས་ཏེ། རང་གི་མིང་ནས་བརྗོད་པར་ཡང་བྱས་ལ། འདི་སྐད་ཅེས་བརྗོད་དོ། །འཇིག་རྟེན་གསུམ་མཆོག་སྲིད་གསུམ་མཆོག །ངན་སོང་གསུམ་མཆོད་གསུམ་རྣམ་གསུམ། །ལེགས་ལྡན་སྦས་པ་གྲུབ་པ་ནི། །དངོས་གྲུབ་ཀུན་ལ་རྟག་ཏུའོ། །དེ་ནས་དཀྱིལ་འཁོར་རྡོ་རྗེས་
བསྒྲུབས་ལ། བསྡུ་བ་བྱས་ཏེ། རྩེ་གསུམ་པས་མཚན་པའི་ཕྱག་རྒྱ་ལས་གཡས་པའི་མཛུབ་མོ་ལྕགས་ཀྱུར་བྱས་པ་དང་། སྭ་ཞེས་བྱ་བ་ཟློས་ཤིང་མིང་པོ་གསུམ་འཁོར་དང་བཅས་པ་དཀྱིལ་འཁོར་དུ་བཅུག་ལ། རྡོ་རྗེ་གནོད་སྦྱིན་གྱིས་བགེགས་བསལ་བར་བྱས་ལ། དཀྱིལ་
འཁོར་བཅིང་བ་དང་། མཚམས་བཅིང་བར་བྱའོ། །དེ་ནས་རྡོ་རྗེ་ཁུ་ཚུར་གྱིས་དཀྱིལ་འཁོར་གྱི་སྒོ་བཅིངས་ཏེ། རྡོ་རྗེ་སྲུང་བས་སྲུང་བ་ཐམས་ཅད་གོ་ཆ་བསྐོན་ཏེ། སོ་ཞེས་བྱ་བས་མིང་པོ་གསུམ་གྱི་འཁོར་དང་བཅས་ལ་མཆོད་ཡོན་ཕུལ་ལ། རྩེ་གསུམ་གྱིས་མཚན་པ་

བཅིངས་ཏེ། སྭ་དྲྀ་ཤྱ་ཞེས་བྱ་བས་བལྟ་བ་བྱས་ལ། ཛཿཧཱུཾ་བཾ་ཧོཿས་མ་ཡ་སྟྭཾ་ས་མ་ཡ་སྟྭཾ་ཨ་ཧཾ་སྭ་ཞེས་ལན་གསུམ་བརྗོད་ལ་བསྒྲུབ་པར་བྱའོ། །དེ་ནས་དེ་བཞིན་དུ་ལྕེ་ལ་རྡོ་རྗེ་བསམས་ཏེ། མིང་པོ་གསུམ་ལ་སོགས་པའི་ལྕེ་ལ་ཡང་སྭ་ཞེས་བྱ་བ་རྣམ་པར་བསམ་པ་འདི་ནི་དེ་
རྣམས་ཀྱི་ཆོས་ཀྱི་ཕྱག་རྒྱའོ། །ཨ་ཞེས་བྱ་བས་རང་གི་སྙིང་གར་སྣ་ཚོགས་པདྨ་དང་། སྣ་ཚོགས་རྡོ་རྗེ་རྣམ་པར་བསམས་ལ། གར་གྱི་ཚུལ་གྱིས་མིང་པོ་གསུམ་གྱི་ཕྱག་རྒྱ་ཆེན་པོ་བཅིང་བར་བྱ་སྟེ། །འདི་ནི་འདིར་ལས་ཀྱི་ཕྱག་རྒྱའོ། །ཧཱུཾ་ཞེས་བྱ་བས་རང་གི་སྙིང་གར་རྡོ་རྗེ་རྩེ་ལྔ་པ་
བསམས་ལ། ཇི་ལྟར་བྲིས་པ་དང་། རྗེས་སུ་མཐུན་པ་མིང་པོ་གསུམ་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་སྭ་ཞེས་བྱ་བས་བཅིང་བར་བྱའོ། །དེ་ནས་རྡོ་རྗེ་རིན་པོ་ཆེའི་ཕྱག་རྒྱས་མིང་པོ་གསུམ་ལ་སོགས་པ་ལ་དབང་བསྐུར་ལ། སྭ་ཞེས་བྱ་བས་མིང་པོ་གསུམ་འཁོར་དང་བཅས་པ་ལ་མཆོད་
ཡོན་བྱིན་ཏེ། མཆོད་པ་རྣམ་པ་ལྔས་མཆོད་ཅིང་། །ལས་ཀྱི་ཕྱག་རྒྱ་རྣམས་ཀྱིས་ལེགས་པར་མཆོད་ལ། སློབ་མ་རྣམས་གཞུག་པའི་རྗེས་སུ་གནང་བ་མནོས་ཏེ། དེ་རྣམས་བདག་ཉིད་འཇུག་པའི་ཚུལ་དུ་གཞུག་པར་བྱའོ། །དེ་ནས་ཐམས་ཅད་བྱས་ལ་དམ་ཚིག་སྦྱིན་པར་བྱ་སྟེ། གལ་
ཏེ་དམ་ཚིག་འདས་གྱུར་ན། །ཕ་གསོད་འགྲོ་བ་གང་ཡིན་དང་། །མ་གསོད་པ་ཡི་འགྲོ་བ་གང་། །འགྲོ་བ་དེར་ནི་འགྲོ་བར་འགྱུར། །རྟག་ཏུ་དམ་པ་བརྟེན་པར་བྱ། །དམ་པ་མིན་པ་ཡོངས་སུ་སྤང་། །གཞན་ལ་དེ་ཉིད་བསྟན་མི་བྱ། །རྟག་ཏུ་མིང་པོ་གསུམ་པོ་བསྒྲུབ། །ཅེས་བྱ་བ་ནི་དམ་
ཚིག་གོ། །ལྷག་མ་རྣམས་ནི་སྔར་བཤད་པའི་ཚུལ་དུ་ཤེས་པར་བྱའོ། །དཔལ་མཆོག་དང་པོ་ལས་མིང་པོ་གསུམ་གྱི་རྟོག་པའི་རྒྱལ་པོའི་བཤད་པ་རྫོགས་སོ།། །།དེ་ལྟར་མིང་པོ་གསུམ་གྱི་རྟོག་པ་དེས་འདུལ་བའི་སེམས་ཅན་རྣམས་ལས་བརྩམས་ཏེ་གསུངས་ནས། ད་ནི་སྲིང་མོ་
བཞིས་འདུལ་བའི་སེམས་ཅན་ཉིད་ལས་བརྩམས་ཏེ། སྲིང་མོ་བཞིའི་རྟོག་པ་བཤད་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདིར་དང་པོ་སྦྱོར་བའི་ཏིང་ངེ་འཛིན་ནི་མིང་པོ་གསུམ་གྱི་དཀྱིལ་འཁོར་དུ་གསུངས་པ་ཉིད་གཟུང་བར་བྱའོ། །ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་

གཉིས་པ་གསུངས་པ་ཡིན་ལ། དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་པ་སྟེ། དང་པོའི་སྦྱོར་བའི་རྗེས་ཐོགས་ཉིད་ལ་ཞེས་བྱ་བའི་དོན་ཏོ། །སྲིང་མོ་བཞིས་ཞེས་བྱ་བ་ནས་ཧཾ་ཞེས་བྱ་བའི་བར་གྱི་བཤད་པ་ནི་གོ་བར་ཟད་དོ། །འདི་དག་གིས་ནི་ཏིང་ངེ་འཛིན་གཉིས་པ་བཤད་པ་
ཡིན་ནོ། །དེ་ནས་འདུས་པ་ནས་བརྩམས་ཏེ། གསུམ་པ་ཡིན་པར་ཤེས་པར་བྱའོ། །དམ་ཚིག་དང་དབང་བསྐུར་བ་ཐོབ་པ་རྣམས་ཀྱིས་བཟླས་བརྗོད་དང་བསྒོམ་པ་བྱའོ་ཞེས་བྱ་བ་འདིའི་དོན་བསྟན་པར་བྱ་བའི་ཕྱིར། དེ་ནས་འདི་ཞེས་བྱ་བ་ལ་སོགས་པ་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་། སློབ་མ་ཞུགས་
པ་ལ་སོགས་པའི་ཆོ་ག་རྒྱས་པ་གསུངས་པ་ཡིན་ནོ། །དེ་ནས་ཞེས་བྱ་བའི་སྒྲ་ནི་སྔ་མ་བཞིན་ཏེ། ལས་ཀྱི་མཆོག་གི་ཏིང་ངེ་འཛིན་གྱི་རྗེས་ཐོགས་ཉིད་ལའོ། །འདི་ཞེས་བྱ་བ་ནི་ཧཾ་གིའོ། །ཟླུམ་པོ་ཞེས་བྱ་བ་ལ་སོགས་པ་ལ། ཀུན་ནས་ཟླུམ་པོའི་དཀྱིལ་འཁོར་ཕུར་བུ་ལ་བཏགས་པའི་སྲད་བུ་དབང་
ལྡན་གྱི་ཕྱོགས་ནས་བརྩམས་ཏེ། ཐིག་གདབ་པར་བྱའོ། །དེ་ནས་ཧཱུཾ་ཞེས་ཕུར་བུ་ཕྱུང་ལ། ཕུར་བུའི་ཁུང་བུ་ཚོན་སྣ་ལྔས་ཡོངས་སུ་བཀང་ལ་མཉམ་པོར་བྱའོ། །དེ་ནས་མཚམས་ཀྱི་སྲད་བུ་གཉིས་ཀྱིས་དཀྱིལ་འཁོར་དེ་དུམ་བུ་བཞི་པར་བྱའོ། །དེ་ནས་སྒོ་བཞི་པོ་དེར་ཤར་ཕྱོགས་ཀྱི་
དཀྱིལ་འཁོར་ལ། དགའ་བ་མོ་ཤར་དུ་བལྟ་བ་བྲི་བར་བྱ་ཞིང་། མདའ་དང་། གཞུ་ཐོགས་པ་ལ་བརྩོན་པ། ཁ་དོག་དམར་པོར་བྱའོ། །ལྷོ་ཕྱོགས་ཀྱི་དཀྱིལ་འཁོར་ལ། གསོད་མ་ལྷོར་བལྟ་བ། ལག་ན་རལ་གྲི་དང་། ཕུབ་ཐོགས་པ། མདོག་ནག་པོའོ། །
ནུབ་ཕྱོགས་ཀྱི་དཀྱིལ་འཁོར་ལ། ཕག་མོ་ནུབ་ཏུ་བལྟ་བ། ལག་ན་གསེར་གྱི་གཏེར་ཐོགས་པ། གསེར་གྱི་མདོག་ཅན་ནོ། །བྱང་ཕྱོགས་ཀྱི་དཀྱིལ་འཁོར་ལ། གྲུབ་པ་མོ་བྱང་དུ་བལྟ་བ། ལག་ན་ཤ་ཀ་ར་དང་། གྲི་རིངས་ཐོགས་པ། མདོག་དཀར་མོ་བྲི་བར་བྱའོ། །ཕྱི་
རོལ་གྱི་ཞེས་བྱ་བ་ལ། སྒོ་བཞིའི་དབུས་སུ་དགའ་བ་མོ་ལ་སོགས་པས་མཚན་པའི་ཡན་ལག་ཇི་ལྟ་བ་བཞིན་དུ་ཤར་ཕྱོགས་ཀྱི་སྒོ་ནས་བརྩམས་ཏེ་བྲི་བར་བྱའོ། །དེ་ནས་སློབ་དཔོན་ཞེས་བྱ་བ་ལ་སོགས་པ་ལ། ཆོས་ཀྱི་དཀྱིལ་འཁོར་བྲིས་ལ། ལག་པ་གཡས་པས་དྲིལ་བུ་བཟུང་སྟེ།

གཡོན་པས་ཁ་ཊྭཱཾ་ག་བཟུང་ནས་ཧཱུཾ་ཟློས་ཤིང་འཇུག་པར་བྱའོ། །དེ་ནས་ཕྱག་རྒྱ་དང་། གར་གྱི་མཆོད་པ་བསྟབ་པར་བྱའོ་ཞེས་བྱ་བ་ནི་ལས་ཀྱི་ཕྱག་རྒྱ་བཞིས་གར་བྱའོ། །དེ་ནས་ཡིད་ལ་འདོད་པའི་དངོས་གྲུབ་ཐམས་ཅད་ཅེས་བྱ་བ་ནི་གོ་བར་ཟད་དོ། །ལས་ཀྱི་དཀྱིལ་འཁོར་རོ་ཞེས་བྱ་བ་
ལ་རིམ་པ་གཙོ་བོར་བྱ་བ་དང་། བརྩོན་འགྲུས་ཀྱི་ལས་ཀྱི་གཙོ་བོར་གྱུར་པའི་དཀྱིལ་འཁོར་ནི་ལས་ཀྱི་དཀྱིལ་འཁོར་རོ། །འདི་སྐད་སྟོན་པ་ཡིན་ཏེ། མིང་པོ་གསུམ་གྱི་སྐབས་སུ་བཤད་པའི་ཆོ་གས་དགའ་བ་མོའི་སྦྱོར་བ་བྱས་ལ། ཏིང་ངེ་འཛིན་སྒོམ་པ་སྔོན་དུ་འགྲོ་བས་སྲིང་མོ་བཞིའི་
དཀྱིལ་འཁོར་འདི་ཇི་སྲིད་དུ་མངོན་སུམ་དུ་མཐོང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་དབུས་སུ་ཏིང་ངེ་འཛིན་གསུམ་བསྒོམས་ལ། བར་སྣང་གི་ཕྱོགས་སུ་དཀྱིལ་འཁོར་སྲིང་མོ་བཞིའི་དམ་ཚིག་གི་ཕྱག་རྒྱས་བཏབ་ནས། ཇི་ལྟ་བ་བཞིན་དུ་བཞག་
ལ། ལྷག་པར་གནས་པའི་ཆོ་ག་རྣམས་རྗེས་སུ་སྤྱད་དེ། ཡང་ཉི་མ་འཆར་བའི་དུས་སུ་དཀྱིལ་འཁོར་དེ་བཞིན་དུ་བར་སྣང་ལ་བཞག་ནས་ཐིག་གདབ་པར་བྱའོ། །དེ་ནས་ཇི་སྐད་དུ་བཤད་པའི་ལྷ་མོ་བཞིའི་ང་རྒྱལ་གྱིས་བྲི་བར་བྱའོ། །ཡང་ཤར་ཕྱོགས་ཀྱི་སྒོར་མདའ་དང་གཞུ་གཉིས་བྲི་བར་
བྱའོ། །ལྷོ་ཕྱོགས་སུ་ཕུབ་དང་བཅས་པའི་རལ་གྲིའོ། །ནུབ་ཏུ་གཏེར་གྱི་བུམ་པའོ། །བྱང་གི་སྒོར་གྲི་རིངས་དང་བཅས་པའི་ཐོད་པ་ཧཾ་ཞེས་བྱ་བ་ཉིད་ཀྱིས་བྲི་བར་བྱའོ། །དེ་ནས་སྲིང་མོ་བཞིའི་དམ་ཚིག་གི་ཕྱག་རྒྱས་ཡོངས་སུ་བཟུང་བའི་རྡོ་རྗེ་དང་། མེ་ཏོག་གི་ཡལ་ག་ལས་བུམ་པ་ཐམས་ཅད་དང་།
བུམ་པ་གང་བ་རྣམས་ལ་རེ་རེ་ཞིང་ཧོ་ཞེས་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱའོ། །རྡོ་རྗེ་བསྡམས་པ་བྱས་ལ་གཡས་པའི་མཛུབ་མོ་དང་། གུང་མོ་རྩེ་སྦྱར་ལ། གཡས་པའི་སྲིན་ལག་གི་རྩེ་མོ་དང་། གཡོན་པའི་མཐེའུ་ཆུང་གི་རྩེ་མོ་སྦྱར་ནས་བཞག་པ་འདི་ནི་སྲིང་མོ་བཞིའི་དམ་ཚིག་གི་ཕྱག་རྒྱའོ། །དེ་ནས་
དཀྱིལ་འཁོར་གྱི་སྒོ་རྣམས་ཇི་ལྟ་བ་བཞིན་དུ་ཕྱེ་ལ། ཧཾ་ཞེས་བྱ་བས་སྲིང་མོ་བཞི་ལ་མཆོད་ཡོན་བྱིན་ཏེ། བུམ་པ་དང་། བུམ་པ་གང་བ་རྣམས་དང་། བླ་རེ་ལ་སོགས་པ་ཡང་བྱིན་ལ། མཆོད་པ་རྣམ་པ་ལྔས་མཆོད་དེ་རང་གི་ལས་ཀྱི་ཕྱག་རྒྱ་རྣམས་ཀྱིས་དེ་ཡང་དག་པར་མཆོད་ལ། ཕྱི་

རོལ་དུ་གླུ་དང་གར་ལ་སོགས་པས་ཀྱང་མཆོད་པ་བྱེད་དུ་བཅུག་སྟེ། ཕྱི་རོལ་དུ་གཏོར་མ་སྦྱིན་པར་བྱའོ། །དེ་ནས་སྦྱིན་སྲེག་བྱས་ལ་གོས་བཟང་པོ་ལ་ཧཾ་ཞེས་བྱ་བ་བཟླས་ཏེ། དེ་ལས་གཅིག་གིས་ནི་སྨད་གཡོགས་བྱ། གཉིས་པས་ནི་སྟོད་གཡོགས་བྱ། གསུམ་པས་
རང་གི་གདོང་གཡོགས་བྱས་ལ། ཕྱག་བཞི་བྱས་ཏེ། བྱང་ཆུབ་ཏུ་སེམས་བསྐྱེད་ནས། སྔ་མ་བཞིན་དུ་རང་གི་སྙིང་གར་རྡོ་རྗེ་བསམས་ལ། ཤར་ཕྱོགས་ཀྱི་སྒོར་བལྟས་ནས་ཕྱི་རོལ་ན་གནས་པའི་བུམ་པའི་ཆུས་བདག་ཉིད་ལ་དབང་བསྐུར་ཏེ། ལག་པ་གཡས་པས་དྲིལ་བུ་དཀྲོལ་ལ།
ལག་པ་གཡོན་པས་ཁཊྭཱཾ་ག་བཟུང་སྟེ། བཛྲ་བཛྲ་ཞེས་བཟླས་ཤིང་དཀྱིལ་འཁོར་དུ་གཞུག་པར་བྱའོ། །དེ་ནས་ཕྱག་བྱས་ལ། དཀྱིལ་འཁོར་བསྐོར་བ་ལན་གསུམ་བྱས་ཏེ། མདུན་དུ་འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །ཛཿཧཱུཾ་བཾ་ཧོཿཔྲ་སིདྡྷྱ་མཱཾ། དེ་ནས་རྡོ་རྗེ་ཆུ་འཐུངས་
ལ། ཨ་ཞེས་བྱ་བ་ལན་བརྒྱ་ཟློས་ཤིང་བདག་ཉིད་ལ་དབབ་པར་བྱའོ། །ཡང་གཡོན་པའི་ཁྲོ་བོའི་ཁུ་ཚུར་གྱིས་སེམས་མ་རྡོ་རྗེ་ཕྱེ་ལ། ཨ་ཞེས་བྱ་བ་དེ་བཞིན་དུ་ཟློས་ཤིང་བདག་ཉིད་ལ་དབབ་པར་བྱའོ། །དེ་ནས་མེ་ཏོག་ཧཾ་ཞེས་བྱ་བས་དོར་བར་བྱའོ། །དེ་ནས་དེ་བླངས་ལ། དེ་ཉིད་
ཀྱིས་རང་གི་མགོ་བོ་ལ་བཅིང་བར་བྱའོ། །དེ་ནས་དེ་ཉིད་ཀྱིས་གདོང་གཡོགས་དགྲོལ་ལོ། །དེ་ནས་དེ་ཉིད་ཟློས་ཤིང་ཤར་ཕྱོགས་ཀྱི་ཆ་ནས་བརྩམས་ཏེ། དཀྱིལ་འཁོར་ལ་བལྟ་བར་བྱའོ། །དེ་ནས་འཇུག་པའི་ཕྱག་རྒྱ་བཅིངས་ནས། ཏིཥྛ་བཛྲ་ཞེས་བྱ་བ་ལ་སོགས་པས་རང་གི་སྙིང་གར་
དགྲོལ་ལོ། །དེ་ནས་དགའ་བ་མོའི་ཕྱག་རྒྱ་ཆེན་པོ་བཅིངས་ལ། རྡོ་རྗེའི་ལྟ་བས་དེ་ལ་བལྟ་ཞིང་ཇི་སྲིད་དུ་རང་གི་གཟུགས་བསྟན་ནས། རང་གི་དངོས་གྲུབ་སྟེར་བར་གྱུར་པ་དེ་སྲིད་ཀྱི་བར་དུ་ཧཾ་ཞེས་བྱ་བ་བཟླས་བརྗོད་བྱའོ། །ཡང་དེ་ལ་རྡོ་རྗེའི་ལྟ་བས་བལྟས་ཏེ། རྡོ་རྗེ་ཐལ་མོ་བསྐོར་བས་
ཕྱག་བྱས་ལ། མེ་ཏོག་ལ་སོགས་པས་དབང་བསྐུར་བ་བླང་བར་བྱའོ། །དེ་ལ་དང་པོ་ཁོ་ནར་སྲིང་མོ་བཞིའི་དམ་ཚིག་གི་ཕྱག་རྒྱས་ཡོངས་སུ་བཟུང་བའི་རྡོ་རྗེ་དང་མེ་ཏོག་གི་ཡལ་ག་ལས་རྣམ་པར་རྒྱལ་བའི་བུམ་པ་ལ། ཨོཾ་མ་ཧཱ་སུ་ཁ་བཛྲ་ཨ་མོ་གྷ་ཞེས་བྱ་བ་ལ་སོགས་པ་སྔ་མ་

བཞིན་དུ་བཟླས་ལ། བདག་ཉིད་མིང་པོ་གསུམ་གྱི་གཟུགས་སུ་བྱིན་གྱིས་བརླབས་ནས། དཀྱིལ་འཁོར་གྱི་དབུས་སུ་སྣ་ཚོགས་པདྨ་བྲིས་ལ། དེའི་དབུས་སུ་མིང་པོ་གསུམ་གྱི་ཕྱག་རྒྱ་ཆེན་པོས་འདུག་སྟེ། མེ་ཏོག་ལ་སོགས་པས་བདག་ཉིད་ཡང་དག་པར་མཆོད་ནས། མཆོད་ཡོན་བླངས་
ལ་རྡོ་རྗེ་ཁུ་ཚུར་གྱིས་རྣམ་པར་རྒྱལ་བའི་བུམ་པ་ལས་ཆུ་བླངས་ཏེ། ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཾ་ཞེས་བྱ་བ་དང་། དེས་བདག་ཉིད་དབང་བསྐུར་བར་བྱ་ཞིང་། ཆུ་དེ་བཏུང་བར་ཡང་བྱའོ། །དེ་ནས་རིན་པོ་ཆེའི་ཅོད་པན་དང་། དར་དཔྱངས་ཀྱི་དབང་བསྐུར་བའི་ཕྱག་རྒྱས་རིན་པོ་ཆེའི་ཅོད་པན་དང་།
དར་དཔྱངས་ཀྱི་དབང་བསྐུར་བས་དབང་བསྐུར་ལ། ཧཾ་ཞེས་བྱ་བས་དྲིལ་བུ་དང་བཅས་པའི་ཁཊྭཱཾ་ག་བླངས་ནས། ཧཾ་ཞེས་བྱ་བ་ཉིད་ཟློས་ཤིང་། མིང་གི་དབང་བསྐུར་བ་དང་། བདག་པོའི་དབང་བསྐུར་བ་བླངས་ལ། བདག་ཉིད་ལ་མེ་ཏོག་ལ་སོགས་པས་མཆོད་དེ། ལྷ་མོ་བཞིའི་ལས་ཀྱི་ཕྱག་
རྒྱས་ཀྱང་མཆོད་ནས། རྗེས་སུ་གནང་བ་དང་དབང་བསྐུར་བ་བླང་བར་བྱའོ། །དེ་ནས་ལྷ་མོ་བཞི་ལ་ཕྱག་བྱས་ཏེ། ཧཾ་ཞེས་བྱ་བ་དང་། ཕྱག་རྒྱ་བཞི་ཡང་བཟུང་ནས། བདག་ལ་བྱིན་གྱིས་བརླབ་པ་དང་། རང་གི་མིང་ནས་བརྗོད་པ་དག་ཀྱང་བྱའོ། །དེ་ནས་དཀྱིལ་འཁོར་རྡོ་རྗེས་བསྒྲུབ་པར་བྱའོ། །དེ་
ནས་བསྡུ་བ་བྱས་ལ། ཧཾ་ཞེས་བྱ་བ་ཟློས་ཤིང་། གསང་བའི་ལྕགས་ཀྱུས་སྲིང་མོ་བཞིའི་དཀྱིལ་འཁོར་དུ་གཞུག་པར་བྱའོ། །དེ་ནས་རྡོ་རྗེ་གནོད་སྦྱིན་གྱིས་བགེགས་བསལ་བར་བྱས་ལ། མཚམས་བཅིང་བ་དང་། དཀྱིལ་འཁོར་བཅིང་བ་དང་། ར་བ་དང་། དྲ་བ་དག་བྱས་ཏེ། རྡོ་རྗེ་ཁུ་ཚུར་
གྱིས་སྒོ་བཅིངས་ནས། རྡོ་རྗེ་སྲུང་བས་བསྲུངས་བ་ཐམས་ཅད་གོ་ཆ་བསྐོན་ཏེ། སྲིང་མོ་བཞི་ལ་ཧཾ་ཞེས་བྱ་བས་མཆོད་ཡོན་བྱིན་ནས། སྲིང་མོ་བཞིའི་དམ་ཚིག་གི་ཕྱག་རྒྱ་ཧཾ་དྲྀ་ཤྱ་ཞེས་བྱ་བ་དང་། སྲིང་མོ་བཞི་ལ་བལྟ་བ་བྱས་ལ། ཛཿཧཱུཾ་བཾ་ཧོཿ། ས་མ་ཡ་སྟྭཾ། ས་མ་ཡ་སྟྭཾ། ཨ་ཧཾ་ཞེས་ལན་
གསུམ་བརྗོད་དེ་བསྒྲུབ་པར་བྱའོ། །སྔ་མ་བཞིན་དུ་རང་གི་ལྕེ་ལ་རྡོ་རྗེ་བསམས་ལ། དེ་རྣམས་ཀྱི་ལྕེ་ལ་ཡང་ཧཾ་ཞེས་བྱ་བ་བསམ་པ་འདི་ནི་འདིར་ཆོས་ཀྱི་ཕྱག་རྒྱའོ། །འདིར་སྙིང་གར་ཨ་ལས་སྣ་ཚོགས་རྡོ་རྗེ་བསམས་ལ་གར་གྱི་སྦྱོར་བས་ཧཾ་ཞེས་ཟློས་ཤིང་སྲིང་མོ་བཞིའི་ཕྱག་རྒྱ་

ཆེན་པོ་བཅིང་བར་བྱའོ། །འདི་ནི་དེ་རྣམས་ཀྱི་ལས་ཀྱི་ཕྱག་རྒྱའོ། །ཧཱུཾ་ལས་རང་གི་སྙིང་གར་རྡོ་རྗེ་རྣམ་པར་བསམས་ལ། ཧཾ་ཞེས་བྱ་བ་ཟློས་ཤིང་དེ་རྣམས་ཇི་ལྟར་བྲིས་པ་དང་རྗེས་སུ་མཐུན་པར་ཕྱག་རྒྱ་ཆེན་པོ་བཅིང་བར་བྱའོ། །དེ་ནས་དེ་རྣམས་ལ་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱས་དབང་
བསྐུར་ལ། ཧཾ་གིས་མཆོད་ཡོན་བྱིན་ཏེ། མཆོད་པ་རྣམ་པ་ལྔ་དང་། ལས་ཀྱི་ཕྱག་རྒྱ་རྣམ་པ་བཞིས་ཡང་དག་པར་མཆོད་ལ། ཕྱག་བྱས་ནས་སློབ་མ་གཞུག་པའི་ཕྱིར་གནང་བ་མནོས་ལ། བདག་ཉིད་འཇུག་པའི་སྦྱོར་བས་གཞུག་པར་བྱའོ། །དེ་ནས་རང་གི་ཆོ་ག་ཐམས་ཅད་དེ་རྣམས་ལ་རྗེས་སུ་སྤྱད་པར་
བྱའོ། །དཔལ་མཆོག་དང་པོའི་དུམ་བུ་དང་པོ་ལས་སྲིང་མོ་བཞིའི་དཀྱིལ་འཁོར་གྱི་བཤད་པ་རྫོགས་སོ།། །།རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོར་བཤད་པའི་སྔོན་དུ་བསྙེན་པའི་ཆོ་ག་དང་རས་ཀྱི་རི་མོ་གཉིས་ལ་བསྒྲུབ་པའི་ཆོ་ག་ནི་དཀྱིལ་འཁོར་ཐམས་ཅད་ལ་ཡང་སོ་སོར་
ཤེས་པར་བྱའོ། །ཕྱི་རོལ་གྱི་རྡོ་རྗེའི་རིགས་ཀྱི་རྟོག་པའོ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཆེན་པོ་དང་། མི་བསྐྱོད་པའི་ངོ་བོ་ཉིད་ནི་རྡོ་རྗེའོ། །དེ་ལས་བྱུང་བའི་སངས་རྒྱས་ཀྱི་དཀྱིལ་འཁོར་གྱི་རང་བཞིན་ནི་བླ་ན་མེད་པའི་རྡོ་རྗེའི་རིགས་སོ། །མོས་པ་སྤྱོད་པའི་ངོ་བོ་ཉིད་བྱང་ཆུབ་ཀྱི་སེམས་ཟག་པ་དང་
བཅས་པ་ལ་སོགས་པ་ལས་སྐྱེས་པ་གང་ཡིན་པ་རྡོ་རྗེ་དབང་ཕྱུག་ལ་སོགས་པ་ནས་སྲིང་མོ་བཞིའི་བར་གྱི་དཀྱིལ་འཁོར་གྱི་རང་བཞིན་ནི་ཕྱི་རོལ་གྱི་རྡོ་རྗེའི་རིགས་ཏེ། དེའི་རྟོག་པ་ནི་ཇི་སྐད་བཤད་པའོ། །དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དུམ་བུ་ལས། དཀྱིལ་འཁོར་བཅོ་ལྔའི་རྟོག་པ་
གསུངས་ནས། ད་ནི་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་རྣམས་བྲིས་ནས་སློབ་དཔོན་གྱིས་ཇི་ལྟ་བ་བཞིན་དུ་གཤེགས་སུ་གསོལ་ལ། སྤྲུལ་པ་རྣམས་རང་གི་ལུས་ལ་བཅུག་སྟེ། རང་གི་རྟོག་པ་ལས་གསུངས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་བཞི་བརྗོད་ནས། ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚིག་བཞི་འདོན་ཅིང་། དེའི་དོན་ལ་ལྷག་པར་མོས་པས་བྱིན་གྱིས་བརླབས་ལ། དེ་བཞིན་གཤེགས་པ་ཐམས་ཅད་འདུས་པར་ལྷག་པར་མོས་པས་བདག་ཉིད་ཕྱག་ན་རྡོ་རྗེའི་གཟུགས་སུ་གནས་པ་ལ་ལེགས་སོ་ཞེས་བྱ་བས་དགའ་བར་བྱས་ནས། བདག་ཉིད་

བསྲུང་བ་བྱས་ཏེ་ལྡང་བར་བྱའོ་ཞེས་བྱ་བ་འདིའི་དོན་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ལ། དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་སྟན་པར་བྱེད་པའི་ཚིག་སྟེ། ཇི་སྐད་དུ་གསུངས་པའི་དཀྱིལ་འཁོར་བྲིས་ནས། ཇི་ལྟ་བ་བཞིན་དུ་གཤེགས་སུ་གསོལ་
བར་བྱ་བ་དང་། རང་གི་ལུས་ལ་བཅུག་པ་བྱས་ནས་དེའི་རྗེས་ཐོགས་ཉིད་ལ་ཞེས་བྱ་བའི་དོན་ཏོ། བཅོམ་ལྡན་འདས་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་དོ། །དེ་བཞིན་གཤེགས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བའི་དོན་ཏོ། །མཐའ་ཡས་མུ་མེད་པས་མཐར་ཐུག་ཅིང་ཞེས་བྱ་བ་
ལ་དེ་ལ་མཐའ་ཡས་པ་ནི་ཆོས་ཀྱི་དབྱིངས་དང་། ནམ་མཁའི་དབྱིངས་སོ། །དེ་ཉིད་ནི་མུ་མེད་པ་སྟེ། མཐའ་ཡས་པ་ཡང་ཡིན་པས་ན་མཐའ་ཡས་མུ་མེད་པའོ། །མཐའ་ཡས་པ་དང་མུ་མེད་པ་དེ་ཉིད་ནི་མཐར་ཐུག་པ་སྟེ། རྫོགས་པ་གང་ཡིན་པ་དེ་ནི་མཐའ་ཡས་མུ་མེད་པས་མཐར་ཐུག་
པའོ། །དེའི་ཆོས་གང་ཡིན་ཞེ་ན་མུ་མེད་པའི་མཐར་ཐུག་པའི་ཆོས་ཉིད་དང་ལྡན་པས་ཞེས་བྱ་བ་གསུངས་ཏེ། མུ་མེད་པ་ནི་ཇི་སྐད་དུ་བཤད་པའི་ཆོས་ཀྱི་དབྱིངས་དང་། ནམ་མཁའི་དབྱིངས་ཏེ། དེའི་མཐར་ཐུག་པ་ནི་ཆོས་ཀྱི་དབྱིངས་དང་། ནམ་མཁའི་དབྱིངས་ཁྱབ་པའི་ཆོས་ཉིད་འདི་
མངའ་བས་ན་མུ་མེད་ཅིང་མཐར་ཐུག་པའི་ཆོས་དང་ལྡན་པ་ཞེས་བྱ་བ་སྟེ། ལོངས་སྤྱོད་རྫོགས་སྐུ་དང་། སྤྲུལ་པའི་སྐུ་དག་གིས་འགྲོ་བ་སེམས་ཅན་རྣམས་ཀྱི་དོན་མཛད་པའི་ཕྱིར། ཐམས་ཅད་དུ་སོང་བ་ཞེས་བྱ་བའི་དོན་ཏོ། །ཡང་ཆོ་ག་འདི་མཐར་ཐུག་པར་བྱིན་གྱིས་བརླབ་པའི་ཕྱིར།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་བཤད་དོ་ཞེས་བྱ་བར་སྦྱར་ཏེ། ཡང་ཞེས་བྱ་བ་ནི་བཤད་ཟིན་ཏེ། ཅིའི་ཕྱིར་བཤད་ཅེ་ན། འདི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོ་ག་འདི་ཞེས་བྱ་བ་ནི་བཤད་མ་ཐག་པའི་རྟོག་པ་བཅོ་ལྔ་སྟེ། མཐར་ཐུག་པ་ནི་ཡོངས་སུ་རྫོགས་པར་འདི་དག་
གིས་བཤད་པའོ། །དེའི་བྱིན་གྱིས་བརླབ་པ་ནི་སློབ་དཔོན་གཅིག་གིས་ཕྱི་མའི་མཐར་ཐུག་པ་མེད་པའི་བར་དུ་གདུལ་བྱ་རྣམས་ཀྱི་མངོན་པར་འདོད་པའི་དོན་རྫོགས་པར་བྱ་བའི་ཕྱིར་བཞག་པའོ། །ཆོས་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན། ཆོས་ཐམས་ཅད་དེ། རྟོག་པ་བཅོ་ལྔའི་

མཐར་ཐུག་པའོ། །དེ་རྣམས་ཀྱི་མཉམ་པ་ཉིད་ནི་དེ་བཞིན་ཉིད་དེ། དཀྱིལ་འཁོར་ལ་སོགས་པའི་ཚུལ་གྱིས་ཀྱང་ཕྱི་མའི་མཐར་ཐུག་པའི་བར་དུ་མི་ཕྱེད་པའི་འགྲོ་བའི་དོན་གྱི་བྱ་བའོ། །དེའི་མཐར་ཐུག་པ་ནི་ཡོངས་སུ་རྫོགས་པ་སྟེ། དཔག་ཏུ་ཡོད་ཅིང་ཡོངས་སུ་ཆད་
པའི་གཞུང་གིས་ཡང་དག་པར་བསྡུས་ནས། ཡང་དག་པར་བསྲེས་ཏེ་བཤད་པའོ། །དེའི་བྱིན་གྱིས་བརླབ་པ་ནི་རྡོ་རྗེ་ལྟ་བུའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གང་གིས་བསྟན་པར་བྱས་པར་གྱུར་པ་དེ་ནི་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱི་མཐར་ཐུག་པས་བྱིན་གྱིས་བརླབ་པ་རྡོ་རྗེ་སྟེ། མིང་
དེ་སྐད་ཅེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་སྟོན་པར་མཛད་པའོ། །འདི་ཞེས་བྱ་བ་ནི་བློ་ལ་བཞག་ནས་སྨྲས་པའོ། །བཤད་དོ་ཞེས་བྱ་བ་ནི་གསུངས་པའོ། །དེ་ཉིད་གང་ཞེ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐའ་ཡས་པ་ཉིད་པས་ཞེས་བྱ་བ་ལ་འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་བདག་མེད་པའི་ཡེ་ཤེས་དང་། བྱང་ཆུབ་ཀྱི་སེམས་ཆེན་པོའི་མཚན་ཉིད་ཅན་ནོ། །དེ་ཡང་ཐམས་ཅད་དུ་སོང་བ་ཡིན་ཏེ། དེ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐའ་ཡས་པ་ཡིན་ལ། དེའི་དངོས་པོ་ཉིད་ནི་མཐའ་ཡས་པ་ཉིད་དེ། དེས་དེ་བཞིན་
གཤེགས་པ་ཐམས་ཅད་མཐའ་ཡས་པ་ཉིད་དུ་གྱུར་པ་ཡིན་ཏེ། འདིར་དེ་བཞིན་གཤེགས་པ་ནི་དེ་བཞིན་གཤེགས་པའི་རིགས་ཐམས་ཅད་དང་དེ་བཞིན་གཤེགས་པ་ཐམས་ཅད་ཡིན་ལ། དེ་རྣམས་ཀྱི་མཐའ་ཡས་པ་ཉིད་ནི་ནམ་མཁའི་ཁམས་ཐམས་ཅད་དུ་རྟག་ཏུ་ཞུགས་པའི་སྐུ་
དང་གསུང་དང་ཐུགས་རྡོ་རྗེ་ཉིད་དོ། །ཆོས་བདག་མེད་པའི་ཡེ་ཤེས་དང་། ཡེ་ཤེས་ལས་བྱུང་བའི་དེ་བཞིན་གཤེགས་པ་ཐམས་ཅད་དང་དེ་བཞིན་གཤེགས་པའི་རིགས་རྣམས་ཀྱི་གདུལ་བྱའི་དབང་གི་ཕྱིར་ཕྱི་མའི་མཐར་ཐུག་པ་མེད་པའི་ནམ་མཁའ་ཁྱབ་པར་མཛད་ཅེས་བྱ་བའི་དོན་ཏོ། །
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འདིར་ནམ་མཁའ་དང་མཉམ་པའི་ཡེ་ཤེས་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །དེའི་མུ་མེད་པ་ཉིད་ནི་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པའི་རང་བཞིན་ཏེ། དེས་དེ་བཞིན་གཤེགས་པ་ཐམས་ཅད་རྡོ་རྗེ་ཐམས་ཅད་མུ་མེད་པ་ཉིད་དུ་འགྱུར་ཏེ། རྡོ་རྗེ་ཡང་ཡིན་ལ།

ཐམས་ཅད་ཀྱང་ཡིན་པས་ན་རྡོ་རྗེ་ཐམས་ཅད་དེ། རིན་པོ་ཆེའི་རིགས་ཀྱི་ངོ་བོ་ཉིད་ཀྱི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་སོ། །འདི་སྐད་ཅེས་སྟོན་པ་ཡིན་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཐམས་ཅད་དུ་སོང་བ་ཡིན་ལ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དུ་སོང་བ་དེའི་ཕྱིར་དེའི་
ཚུལ་ལས་སྐྱེས་པའི་རྡོ་རྗེ་རིན་ཆེན་གྱི་རིགས་ནི་མུ་མེད་པར་གྱུར་པ་ཡིན་ཏེ། མཐའ་ཡས་པའི་རྒྱུ་ལས་བྱུང་བའི་ཕྱིར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དུ་མ་ཉིད་ཅེས་བྱ་བ་ལ་འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རང་བཞིན་གྱིས་དག་པའི་ཆོས་ཉིད་ཀྱི་ཡེ་ཤེས་སོ། །དེ་ཡང་དཀྱིལ་འཁོར་ལ་
སོགས་པ་རྣམ་པར་དག་པའི་ཡེ་ཤེས་ཀྱི་དབྱེ་བས་མཐའ་ཡས་པའི་རང་བཞིན་ཅན་ནོ། །དེ་བས་ན་དེ་ནི་དུ་མ་ཉིད་ཡིན་པའི་ཕྱིར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དུ་མ་ཉིད་དེས་ཆོས་ཐམས་ཅད་དུ་མ་ཉིད་དུ་གྱུར་པ་ཡིན་ཏེ། ཆོས་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་ཆོས་ཐམས་ཅད་དེ། པདྨའི་
རིགས་ཀྱི་ངོ་བོ་ཉིད་དོ། །དེ་རྣམས་ཀྱི་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ལ་སོགས་པའི་དབྱེ་བས་དུ་མ་ཉིད་དམ་སྣ་ཚོགས་པར་གྱུར་པ་ཡིན་ཏེ། རྣམ་པར་དག་པའི་ཡེ་ཤེས་སྣ་ཚོགས་པའི་རྒྱུ་ཉིད་ཀྱིས་ན་སྣ་ཚོགས་པའི་རྣམ་པར་དག་པའོ་ཞེས་བྱ་བའི་དོན་ཏོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐར་ཐུག་
པ་མེད་པ་ཉིད་པས་ཞེས་བྱ་བ་ལ་འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པར་ཐར་པའི་སྒོ་རང་བཞིན་གྱིས་འོད་གསལ་བ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དེ་དེ་ལས་ཐམས་ཅད་མཐར་ཐུག་པ་མེད་པ་ཉིད་དུ་གྱུར་པའོ། །དེ་ཡང་ལས་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་
ལས་ཐམས་ཅད་དེ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལས་རྣམས་དང་ལས་ཀྱི་རིགས་ཀྱི་དཀྱིལ་འཁོར་ལ་སོགས་པའི་དེ་ཁོ་ན་ཉིད་དོ། །དེ་རྣམས་ཀྱི་མཐར་ཐུག་པ་མེད་པ་ནི། ཕྱི་མའི་མཐའི་མུར་ཐུག་པ་མེད་པར་སྤྲུལ་པ་རྣམས་ཀྱིས་འགྲོ་བ་རྣམས་ཀྱི་དོན་མཛད་
པར་གྱུར་པའོ། །གང་ལ་ལ་ཞེས་བྱ་བ་ནི་གོ་སླའོ། །དེ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་སྤྱོད་པ་མཐར་ཐུག་པ་མེད་པའི་ཕྱིར་ཏེ་ཞེས་བྱ་བ་ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུ་དག་གིས་འགྲོ་བའི་དོན་གྱི་མཐར་ཕྱིན་ཏེ། ཤེས་རབ་ཀྱི་མཐར་ཐུག་པའི་

རྟོགས་པ་ཐོབ་པའོ། །ཇི་ལྟ་ཞེ་ན། སྒྲིབ་པ་ཐམས་ཅད་ཟད་པའི་མཐར་ཕྱིན་པ་ཉིད་ཀྱིས་ཞེས་བྱ་བ་གསུངས་ཏེ། སྒྲིབ་པ་ཐམས་ཅད་ནི་བཤད་ཟིན་ཏོ། །དེ་རྣམས་ཀྱི་ཟད་པའི་མཐར་ཐུག་པ་ནི་ལྷག་མ་མེད་པར་སྤངས་པའོ། །དེའི་དངོས་པོ་ནི་སྒྲིབ་
པ་ཐམས་ཅད་ཟད་པའི་མཐར་ཐུག་པ་ཉིད་དེ་དེས་དེ་བཞིན་གཤེགས་པ་ཉིད་དམ་རྡོ་རྗེ་འཛིན་པ་ཉིད་མྱུར་དུ་འགྲུབ་པར་འགྱུར་རོ། །དེ་ནས་ཞེས་བྱ་བ་ནི་འདས་མ་ཐག་པ་སྟོན་པའི་ཐ་ཚིག་གོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ནི་གོ་བར་ཟད་དོ། །
སེམས་ཅན་ཞེས་བྱ་བ་ལ་སོགས་པ་ལ། སེམས་ཅན་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན། སེམས་ཅན་ཆེན་པོ་སྟེ་ཐོག་མ་དང་ཐ་མ་མེད་པའོ། །རིགས་ཐམས་ཅད་ཀྱི་མདོ་སྡེ་ཡིན་པས་ན་རྡོ་རྗེའི་མདོ་སྡེའོ། །དེ་བྱིན་གྱིས་བརླབས་པ་ནི་བརྟན་པར་བྱས་པ་སྟེ་སྔར་བཤད་
པའི་ཚུལ་གྱིས་སློབ་དཔོན་གཅིག་ནས་གཅིག་ཏུ་བརྒྱུད་པ་སྟེ། རྒྱུན་མི་འཆད་པར་བཞག་པའོ། །གང་གིས་བྱིན་གྱིས་བརླབས་ཤེ་ན། སངས་རྒྱས་རྡོ་རྗེ་འཛིན་ཀུན་གྱིས། །ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་འཛིན་པ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་བྱང་ཆུབ་སེམས་
དཔའ་རྣམས་ཏེ། དེ་དག་དང་ལྷན་ཅིག་ཏུ་བཞུགས་པ་ནས། སངས་རྒྱས་རྡོ་རྗེ་འཛིན་ཀུན་གྱིས། །ཞེས་བྱ་བ་སྟེ། དེས་བྱིན་གྱིས་བརླབས་པའོ། །སངས་རྒྱས་རྡོ་རྗེ་འཛིན་པ་དང་བཅས་པ་དེ་རྣམས་ཀྱིས་བྱིན་གྱིས་བརླབས་པས་ཅིར་འགྱུར་ཞེ་ན། འབྲས་བུ་ཡོད་པས་ཞེས་བྱ་བ་
གསུངས་ཏེ། གདུལ་བྱ་རྣམས་ཀྱི་བྱང་ཆུབ་སེམས་ལ་སོགས་པ་རྫོགས་པར་བྱེད་པ་ངེས་པ་ཉིད་ཡིན་པས་ན་འབྲས་བུ་ཡོད་པའོ། །འདིས་སེམས་ཅན་རྣམས་འདུལ་བས་འདུལ་བ་སྟེ། སངས་རྒྱས་ཉིད་དམ་རྡོ་རྗེ་འཛིན་པ་ཉིད་ལ་རབ་ཏུ་འཇོག་པ་ཞེས་བྱ་བའི་དོན་ཏོ། །
འདུལ་བ་ཡང་ཡིན་ལ་མཆོག་ཀྱང་ཡིན་པས་ན་འདུལ་བའི་མཆོག་གོ། །ཆོ་གའི་རྒྱལ་པོ་ཞེས་བྱ་བ་ལ་སོགས་པ་ནི་གོ་བར་ཟད་དོ། །སངས་རྒྱས་ཀུན་གྱིས་གསུངས་པ་བཞིན། །ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཇི་སྐད་དུ་གསུངས་པའི་གཞུང་དང་

དོན་སྒྲུབ་པར་བྱེད་ཅིང་། གང་ཞིག་འཛིན་པར་བྱེད་པ་དེ་དག་ནི་ཇི་སྐད་དུ་གསུངས་པའི་དངོས་གྲུབ་རྣམས་ཐོབ་པར་འགྱུར་ཏེ་གཞན་དུ་ནི་མ་ཡིན་ནོ། །དེ་སྐད་ཅེས་བྱ་བ་ནི་འདས་མ་ཐག་ཏུ་གསུངས་པའོ། །རྡོ་རྗེ་ཅན་ནི་རྡོ་རྗེ་སེམས་དཔའ་སྟེ། དེས་གསུངས་པའོ། །
ཀུན་གྱི་མཆོག་ནི་དམ་པར་འགྱུར་བའོ། །སངས་རྒྱས་ཐམས་ཅད་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའོ། །སྲས་བཅས་ཀུན་ནི་བྱང་ཆུབ་སེམས་དཔའི་འཁོར་ཀྱི་དཀྱིལ་འཁོར་དང་བཅས་པ་སྟེ། དེ་དག་ཐམས་ཅད་ཀྱིས་མངོན་པར་
བསྟོད་དོ་ཞེས་བྱ་བར་སྦྱར་རོ། །ཅིའི་ཕྱིར་རྡོ་རྗེ་སེམས་དཔས་བཤད་པ་ལ་མངོན་པར་བསྟོད་ཅེ་ན། གསང་བ་གྲུབ་ཕྱིར་ཞེས་བྱ་བ་གསུངས་ཏེ། ཕྱག་རྒྱ་ཆེན་པོ་དང་། གསང་སྔགས་ཀྱི་དངོས་གྲུབ་ནི། གསང་བའི་དངོས་གྲུབ་སྟེ། དེའི་དོན་ལ་མངོན་པར་བསྟོད་
པར་གྱུར་པའོ། །འདི་སྐད་དུ་སྟོན་པར་གྱུར་ཏེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་དཀྱིལ་འཁོར་བཅོ་ལྔའི་སྒྲུབ་པའི་ཚིག་གང་ཞིག་གསུངས་པ་སྟེ། དེ་རྣམས་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་གསང་བ་སྒྲུབ་པའི་ཕྱིར་དེ་བཞིན་གཤེགས་པ་བྱང་ཆུབ་
སེམས་དཔའི་འཁོར་ཀྱི་དཀྱིལ་འཁོར་དང་བཅས་པ་དེ་རྣམས་ཀྱིས་རྗེས་སུ་ཡི་རང་བར་མཛད་པ་སྟེ། སངས་རྒྱས་ཀྱི་གསུང་ཉིད་དུ་བསྟན་པའི་ཕྱིར་རོ། །དེ་ཡང་ཇི་ལྟ་བུ་ཞེ་ན། གདུལ་བྱ་རྣམས་ཀྱིས་རྡོ་རྗེ་སེམས་དཔས་གསུངས་པ་འདི་ནི་དེ་བཞིན་གཤེགས་པ་སྲས་དང་
བཅས་པ་རྣམས་ཀྱིས་སངས་རྒྱས་ཉིད་ཀྱི་གསུང་ཉིད་དུ་ཞལ་གྱིས་བཞེས་པར་མཛད་པ་ཡིན་ནོ་ཞེས་ངེས་པ་བསྐྱེད་ནས། འཇུག་པར་གྱུར་ན་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་རྣམས་འགྲུབ་པར་འགྱུར་བ་ཡིན་ནོ། །ཕྱི་དང་ནང་གི་ཡུལ་གཉིས་སུ་སྤངས་པའི་
དོན་ཡང་ཞེས་བྱ་བ་ནི་སྟོང་ཕྲག་བརྒྱ་ལ་སོགས་པ་དང་། ཚུལ་སྒོ་བརྒྱ་ལྔ་བཅུ་པར་གསུངས་ཏེ། སྨོས་པ་ཙམ་ལས་གསལ་བར་མ་བཤད་པ་རྣམས་སོ། །གསལ་བར་བཤད་པ་ཞེས་བྱ་བ་ནི་གསང་བའི་དོན་རྣམས་ཀྱང་འདིར་མ་གསང་བར་བསྟན་པའི་དོན་ཏོ། །ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ཞེས་བྱ་བ་ནི་ཇི་སྐད་དུ་གསུངས་པ་རྣམས་སོ། །དེ་རྫོགས་སོ་ཞེས་བྱ་བ་ནི་མཐར་ཕྱིན་པ་སྟེ། ཀུན་གཞིའི་རྣམ་པར་ཤེས་པ་ཡོངས་སུ་གྱུར་པའི་མཚན་ཉིད་ཅན་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་ཉིད་སྟོན་པའི་ཚུལ་དང་། ངོ་བོ་ཉིད་ཀྱི་
སྐུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། བྱང་ཆུབ་ཀྱི་སེམས་ཆེན་པོ་དང་། ཕྱག་རྒྱ་ཆེན་པོ་སྟོན་པའི་ཚུལ་གྱིས་སོ། །རྒྱལ་བ་ཞེས་བྱ་བ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་གྱི་སྙིང་པོ་ཞེས་པ་འདི་ཁོ་ནར་ཟད་པས་འདི་མི་ཤེས་བཞིན་དོན་ཤེས་པར་སྨྲ་བར་བཀག་
པའོ། །བྱང་ཆུབ་སེམས་དང་རྒྱ་ཆེན་ཤེས་རབ་ཕ་རོལ་ཕྱིན་འབྱུང་བའི། །རྒྱུད་འདི་བཤད་བྱས་བདག་གིས་དགེ་བ་ཚད་མེད་གང་བསགས་ཤིང་། །ཤེས་རབ་ཕ་རོལ་ཕྱིན་ལ་ཀུན་དགའི་སྙིང་པོས་དགེ་བསྐྱེད་པས། །འཇིག་རྟེན་མ་ལུས་ཁྱབ་བདག་ཆེན་པོ་རྡོ་རྗེ་འཛིན་གྱུར་ཅིག །
དཔལ་མཆོག་དང་པོ་ལས་གསང་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྱུང་བ་ཞེས་བྱ་བ། དུམ་བུ་དང་པོའི་ཕྱག་རྒྱ་བཤད་པ་རྫོགས་སོ།། །།སྔགས་དགོངས་སྒྲ་ཡི་ཚིག་དོན་རྟོགས་དཀའ་ལས། །བློ་གྲོས་བརྩོན་སོགས་རྒྱུ་དང་མི་ལྡན་ཞིང་། །དོན་བཞིན་སྒྲུབ་པ་ཕལ་ཆེར་
འདས་པ་ན། །ནུས་གཞན་བདག་ལ་སྤྲོ་བའི་སེམས་མེད་ཀྱང་། །མྱ་ངམ་གནས་ཀྱི་དཔག་བསམ་ཤིང་འདྲ་ཡི། །སྙིགས་དུས་མཐའ་འཁོབ་གནས་སུ་རྗེ་རྒྱལ་འཁྲུངས། །ཆོས་དོན་ལྷུར་མཛད་ཀུན་ལ་ཐུགས་བརྩེ་བས། །དོན་འདི་བསྒྲུབ་ཕྱིར་བླ་མའི་བཀའ་ཡིས་བསྐུལ། །རྗེ་ཡི་བཀའ་
ལས་མི་འདའ་གཙོར་བགྱིས་ཏེ། །བཀའ་དྲིན་བླན་ཞིང་ཅི་ནས་མཉེས་བྱ་དང་། །ཡོངས་ལ་ཕན་དགོངས་རྒྱ་ཆེན་བསྒྲུབ་པའི་ཕྱིར། །སྔོན་མཁས་རྗེས་འབྲངས་རྩོལ་བ་གཏུགས་ཏེ་བསྒྱུར། །དེ་བས་ཆོས་རྗེས་འབྲང་བའི་དམ་པ་རྣམས། །ཡང་དག་དོན་བཙལ་རྗེས་སུ་མོས་བློ་ཡིས། །ཆོས་མཆོག་
བཀའ་དྲིན་དམ་པ་ཤེས་བྱས་ལ། །དོན་བཞིན་དཔྱད་པས་བཀའ་དྲིན་བསམ་པའི་རིགས། །རྒྱ་གར་གྱི་མཁན་པོ་ཨཱ་ཙཱརྱ་ཤྲདྡྷཱ་ཀ་ར་བརྨྨ་དང་། ཀ་མ་ལ་གུཔྟ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།