Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 183

Văn bản gốc(Tây Tạng)

Trang 14 / 19 (50.000 ký tự/trang)
ི་བཅོམ་ལྡན་འདས་གདུལ་བྱ་རྣམས་ལ་སྟོན་པར་
སྣང་ངོ་ཞེས་བརྗོད་པ། དེའི་ཚེ་ཡང་གཞན་གྱིས་དམིགས་པས་ཁྱབ་པ་དེ་ཉིད་ཀུན་རྫོབ་པ་ཡིན་ནོ། །ཡང་གང་གི་ཚེ་གཉིས་པ་མེད་པ་ལ་གནས་ཤིང་། རང་གི་མངོན་སུམ་དུ་བྱེད་པའི་མངོན་སུམ་གྱི་སྒོ་ནས་བརྗོད་པའི་ཀུན་རྫོབ་ཏུ་ཚད་མའི་ཐ་སྙད་བྱེད་པ་དེའི་ཚེ་ནི་ཚད་མ་ཉིད་ཡིན་ཡང་རྒྱུའི་
བསམ་པ་མི་འཇུག་གོ་ཞེས་བྱ་བ་ནི་ཀུན་དུ་ཐ་སྙད་པའི་སྒྲས་ལྷུར་བྱ་བའི་དོན་ཏོ། །དེ་ལྟར་ཁོ་ནར་རྒྱུ་དང་འབྲས་བུའི་དངོས་པོ་མ་མཐོང་བ་རྒྱུ་ཙམ་ཐོས་པས་བསྟན་པར་འགྱུར་བའི་རྩོད་པ་བསལ་ནས། རྒྱུ་གནས་སྐབས་གཉིས་སུ་དམ་བཅས་པ་རྩ་བར་སྦྱོར་བ་ནི། བསམ་པ་ནི་ཞེས་བྱ་བ་ལ་
སོགས་པའོ། །འགྲོ་བ་ལ་སྟོན་པའི་ཕྱིར་ཞེས་བྱ་བ་ནི། དེའི་དོན་ཉིད་ཀྱིས་ན་འགྲོ་བ་ལ་སྟོན་པ་ནི་ཐབས་གོམས་པའི་གནས་སྐབས་སོ། །ཡང་ན་གློ་བུར་བ་ཉིད་དུ་གནས་པས་འཕོ་འཇུག་བྱེད་པའི་ཕྱིར་ན། འགྲོ་བ་ནི་ཉོན་མོངས་པའོ། །དེ་སྟོན་པ་ནི་ཚར་གཅོད་པ་སྟེ། ཆོམ་རྐུན་ལ་རྗེས་སུ་

སྟོན་པ་བཞིན་ནོ། །དེའི་ཐབས་གོམས་པའི་གནས་སྐབས་ན་ནི་སྟོན་པ་ཡང་ཡིན་པས་ན་ཉོན་མོངས་པ་ཚར་གཅོད་པར་བྱེད་པ་ཞེས་བྱ་བའི་དོན་ཏོ། །འབྲས་བུ་རྣམ་པ་གཉིས་སྦྱོར་བར་བྱེད་པ་ནི། འབྲས་བུ་ནི་ཞེས་བྱ་བ་ལ་སོགས་པའོ། །འགྲོ་བ་སྒྲོལ་བའི་ཕྱིར་ཞེས་བྱ་བ་ནི། ཏ་ཡ་ཏའི་
སྐད་དབྱིངས་ཉིད་སྐྱོབ་པ་ཡིན་ཏེ། དོན་ཐ་མི་དད་པའི་ཕྱིར་ངན་འགྲོ་དང་འཁོར་བའི་འཇིགས་པ་ལས་སྐྱོབ་པ་ཉིད་སྒྲོལ་བར་བརྗོད་དོ། །དེ་ཉིད་ཀྱི་ཕྱིར་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཉིད་ཀྱིས་ན། རྒྱུན་གྱི་དོན་ཏོ་ཞེས་དོན་གཉིས་པ་དང་ཡང་སྦྱོར་བར་བྱེད་དོ། །འདིས་ནི་མར་མེ་ལྟར་
ཉན་ཐོས་ཀྱི་མྱ་ངན་ལས་འདས་པ་བཀག་པ་ཡིན་ནོ། །ཕུན་སུམ་ཚོགས་པ་ནི་མཛེས་པའམ། ཡོངས་སུ་རྫོགས་པའོ། །དེ་ཡང་ཐུགས་རྗེ་ཆེ་བའི་ཕྱིར་དང་། སེམས་ཅན་ཐམས་ཅད་ལ་དམིགས་པའི་ཕྱིར་བསམ་པའི་ཡིན་ནོ། །སྦྱོར་བའི་ཡང་གཉིས་ཏེ། རྗེས་སུ་མཐུན་པའི་གཉེན་
པོ་གོམས་པའི་ཕྱིར་དང་། རྣམ་པ་དུ་མར་མང་པོ་དུས་ཡུན་རིང་པོར་གོམས་པར་བྱ་བའི་ཕྱིར་རོ། །རང་གི་དོན་ཕུན་སུམ་ཚོགས་པ་ཡང་གཉིས་ཏེ། ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པའི་ཕྱིར་དང་། རྣམ་པ་ཐམས་ཅད་ཉམས་པ་མེད་པའི་ཕྱིར་རོ། །གཞན་གྱི་དོན་ཡང་གཉིས་ཏེ།
སྤྲུལ་པའི་སྒོ་ནས་ཉེ་བར་བསྟན་པ་གཞན་རྒོལ་བས་ཟིལ་གྱིས་མི་ནོན་པའི་ཕྱིར་དང་། གདུལ་བྱ་ཐམས་ཅད་ལ་ཁྱབ་པའི་ཕྱིར་རོ། །དེས་ན་འདིས་སྟོན་པའི་སྐྱེས་བུའི་དབང་དུ་བྱས་པའི་ཕྱིར། ཚད་མར་རྣམ་པར་གནས་པའི་རྒྱུ་དམ་བཅས་པ་ཐོབ་པར་བྱེད་པ་ནི། བཤད་པའི་གནས་
སྐབས་བཞི་པོ་གདོན་མི་ཟ་བར་འཕེན་པ་ཡིན་ནོ། །ཕྱོགས་ཀྱིས་ཟླ་བ་བསྐྱེད་ནས་རླབས་ཀྱི་ཕྲེང་བའི། ལག་པ་དང་ལྡན་རྒྱ་མཚོ་གར་བྱེད་ཅེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པར། དབང་པོ་ཕྱོགས་ཀྱི་སྒྲ་ཤར་ཕྱོགས་རྗོད་པར་བྱེད་པ་ཡིན་ཡང་། གཙོ་མོའི་ཁྱད་པར་བརྗོད་པ་
ལྷུར་བྱེད་པ་བཞིན་ནོ། །ཅི་སྙེད་སྒྲ་སྦྱར་བ་དེ་སྙེད་ནི་ལྷུར་བྱ་བའི་དོན་མ་ཡིན་གྱི། འོན་ཀྱང་ཇི་སྲིད་གཙོར་བྱ་བའི་དོན་སྲིད་པའོ། །བསྟོད་པའི་ཆ་ལ་ཡང་གཙོར་བྱ་བའི་དོན་ཡོད་པས་དེ་ཉིད་ལ་བརྗོད་ཀྱི། ཕྱག་འཚལ་བར་ཡང་ནི་མ་ཡིན་ནོ། །ཡོན་ཏན་གྱིས་དྲངས་པའི་ཕྱག་འཚལ་བ་ནི་དེའི་

སྒོ་ཉིད་ནས་བརྟགས་པ་ཡིན་པའི་ཕྱིར་ལོགས་སུ་དཔྱད་པ་མི་བྱའོ། །དེས་ན་བསྟོད་པའི་གཙོར་བྱ་བ་བརྗོད་པ་ནི། འཕངས་པ་སྔོན་དུ་འགྲོ་བ་ཅན་མ་ཡིན་གྱི། འོན་ཀྱང་སློབ་དཔོན་གྱི་ཚིག་ཟབ་པའི་ཁྱད་པར་ལས་སོ། །གཞན་དུ་ནི་དེ་ལྟ་བུ་ཉིད་མཐོང་བ་ལས་
སྲིད་པའི་རྒྱུ་མཚན་ཅན་ཡིན་ནོ། །འདི་ནི། རྟོག་པའི་དྲ་བ་རྣམ་བསལ་ཞིང་། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཤད་པ་ཡིན་པའི་ཕྱོགས་ལ་བརྗོད་པ་ཡིན་ནོ། །བསྟན་བཅོས་ཀྱི་ཡིན་པའི་ཕྱོགས་ལ་ནི་ཕྱག་འཚལ་བ་དང་། བསྟོད་པ་བརྗོད་པ་དག་གིས་ཅི་ཡང་ཉེ་བར་མི་
མཁོ་བས་འཕངས་པ་སྔོན་དུ་འགྲོ་བ་ཉིད་གཙོར་བྱ་བའི་དོན་ཡིན་ནོ་ཞེས་གནས་སོ། །གང་ཡང་བསྟན་བཅོས་ཀྱི་དོན་གཏན་ཚིགས་ཡིན་པ་ལ། ཕྱིར་འཇིལ་བ་དེ་ལ་ཡང་། བསྟོད་པ་ཞེས་བྱ་བ་ནི་ཚིག་གི་རང་བཞིན་ཉིད་ཀྱིས་འདོད་པ་ཙམ་དང་འབྲེལ་པ་ཡིན་ལ། སྐྱེས་བུ་རྣམས་ཀྱི་སྨྲ་བ་འདོད་པ་
ཡང་། རྒྱུ་མཚན་ངེས་པ་མེད་པ་ལས་འགྱུར་རོ། །དེས་ན་འདིར་རྒྱུ་མཚན་གང་གིས་སྦྱར་ཞེས་སྤྱོད་པ་ན། བསྟན་བཅོས་ཀྱི་དོན་ཉིད་གཏན་ཚིགས་སུ་བརྗོད་དོ། །ཡང་ན་ལབ་ཕྱི་བའི་ལྔ་པ་ཡིན་ཏེ། བསྟན་བཅོས་ཀྱི་དོན་ཉིད་དུ་འདོད་ནས་ཞེས་བྱ་བའི་དོན་ཏོ། །བསྟན་བཅོས་ལ་ནི་འདི་ལྟ་བུ་
གལ་ཆེ་བར་འདོད་པའི་ཕྱིར། ཐམས་ཅད་ཁ་ན་མ་ཐོ་བ་མེད་དོ། །ཡང་ན་འགའ་ཞིག་ཏུ་སྐབས་སུ་བབ་པས། འགའ་ཞིག་ཏུ་འདོད་པས། འགའ་ཞིག་གཉི་ག་མཚན་ཉིད་ཀྱིས་ལྷ་ལ་མཆོད་པར་འགྱུར་རོ། །འདིར་བཅོམ་ལྡན་འདས་ཅི་འདྲ་བ་ཞིག་བསྟོད་པའི་ཡུལ་གྱི་ལྷ་ཡིན་ཞེས་རྟོགས་པ་ན་གཉི་
གའི་མཚན་ཉིད་གསལ་བར་བྱེད་པར་འགྱུར་རོ། །བཅོམ་ལྡན་འདས་ལ་བསྟོད་པ་མངོན་པར་བརྗོད་པ་ནི། བསྟན་བཅོས་ཀྱི་དོན་ཡིན་པའི་ཕྱིར་ཏེ་ཞེས་བྱ་བ་འདིས་ནི་སྐབས་སུ་བབ་པ་ཉིད་བརྗོད་དོ། །ཡོན་ཏན་གང་གིས་བསྟོད་ཅེ་ན་ཚད་མ་ཡང་དག་པ་ཉིད་དུ་ཞེས་བྱ་བ་ལ་སོགས་པའོ། །བསྟོད་པ་
གང་ཞིག་ཚད་མ་ཡང་དག་པ་ཉིད་ཀྱི་ཡོན་ཏན་གསལ་བར་བྱེད་པ་ལ་འཇུག་པ་དེ་ནི་ཚད་མ་ཡང་དག་པ་ཉིད་ཀྱི་བརྗོད་བྱ་ཉེ་བར་མཚོན་པར་འགྱུར་རོ། །ཡང་ན་ཚད་མ་ཡང་དག་པ་ཉིད་ཀྱི་ཉེ་བར་མཚོན་པའི་བཅོམ་ལྡན་འདས་ཞེས་སྦྱར་རོ། །འདིས་ནི་འདོད་པ་ཉིད་བསྟན་ཏོ། །ཡང་ན་གང་གིས་དེའི་

བསྟོད་པ་བརྗོད་ཀྱི། དབང་ཕྱུག་ལ་སོགས་པ་མ་ཡིན་པ་ཅི་ལྟར་བཅོམ་ལྡན་འདས་ཉིད་བསྟན་བཅོས་ཀྱི་དོན་ཡིན་ཏེ། དབང་ཕྱུག་ལ་སོགས་པ་ཡང་སྐྱེས་བུའི་བསམ་པས་བསྟན་བཅོས་ཀྱི་བརྗོད་བྱར་གྱུར་པ་ནི། ཅི་ལྟར་བསྟོད་པའི་ཡུལ་མ་ཡིན་ཞེ་ན། ཚད་མ་ཡང་དག་པ་ཉིད་དུ་བསྟོད་པ་མངོན་པར་
བརྗོད་པ་ནི། བསྟན་བཅོས་ཀྱི་དོན་ཡིན་པའི་ཕྱིར་ཏེ་ཞེས་གསུངས་སོ། །དོན་འདི་ཡིན་ཏེ། གང་གིས་སྐྱེས་བུའི་དོན་མཆོག་སྒྲུབ་པ་ཉིད་ཀྱིས་ཚད་མ་གྲུབ་པ་ལ་སོགས་པ་དེ་ལ་དབང་ཕྱུག་དང་རིག་ལ་སོགས་པ་ལ་བསལ་བ་ཅི་ཡོད་དེ། དེས་ན་ཚད་མ་ཡང་དག་པ་ཉིད་ཀྱི་བསྟན་བཅོས་ཀྱི་དོན་
ཡིན་ལ། བསྟན་བཅོས་ཀྱི་དོན་ཡིན་པའི་ཕྱིར། བཅོམ་ལྡན་འདས་ཉིད་ལ་བསྟོད་པ་ཡིན་ནོ། །ཡང་ཅི་ལྟར་བཅོམ་ལྡན་འདས་ཉིད་ཚད་མ་ཡིན་གྱི། གཞན་མ་ཡིན་སྙམ་དུ་དོགས་ན་ཡང་དག་པའི་སྒྲས་བསྡུས་པའི་གཏན་ཚིགས་སྨྲས་པ་རྒྱུ་དང་འབྲས་བུ་ཕུན་སུམ་ཚོགས་པས་ཞེས་བྱ་བའོ། །
སྙིང་རྗེས་སྦྱར་བ་ཐབས་ཀྱི་ཁྱད་པར་གོམས་པས་སྒྲུབ་པ་གཞན་གྱི་དོན་བྱེད་པའི་གནས་སྐབས་འགའ་ཞིག་རྒྱུ་ཡིན་ལ། གནས་སྐབས་འགའ་ཞིག་འབྲས་བུ་ཡིན་པས། དེ་ཙམ་གྱིས་ཚད་མ་ཡིན་ལ་དེ་ཡང་རྟག་པ་ལ་མི་འདོད་དོ་ཞེས་བྱ་བའི་དོན་ཏོ། །དེས་ན་དེ་ལྟར་ཚད་མ་ཡང་དག་ཅེས་བྱ་
བ་ནི། གཙོ་བོའི་བསྟོད་པའོ། །འགྲོ་ལ་ཕན་བཞེད་པ་ཞེས་བྱ་བ་ལ་སོགས་པའི་ཚིག་ནི་རང་གི་ངོ་བོས་བསྟོད་པ་ཡིན་ཡང་། དེའི་ཡན་ལག་ཏུ་ཉེ་བར་བླངས་པའི་ཕྱིར། གཙོ་བོར་བརྗོད་པར་འདོད་པ་ནི་མ་ཡིན་པར་རྟོགས་པར་བྱའོ། །བསྟོད་པའི་གནས་བསྟན་པ་ནི། བསྟན་བཅོས་ཀྱི་
དང་པོར་ཞེས་བྱ་བ་སྟེ། བསྟན་བཅོས་ཀྱི་སླད་དུའོ། །དང་པོ་ཉིད་ཀྱང་ཡལ་ག་གཅིག་ཆད་པ་ཤིང་གི་དཔེས་བསྟན་ཟིན་ཏོ། །འདི་བསམ་སྟེ་བཤད་པའི་གནས་ལས་གཞན་དུ་སྲིད་པའི་དོགས་པ་མེད་པའི་ཕྱིར། དེ་ནི་རང་བཞིན་བརྗོད་པ་ཉིད་དོ། །དེ་ཡང་གཙོ་བོའི་དོན་མེད་པའི་ཕྱིར། བསྟན་པའི་
འབད་པས་སྨད་པ་ཡིན་པས་འདི་ཅི་ཞིག་བྱ། ཚད་མ་གྲུབ་པའི་ལེའུ་ཉིད་ཐམས་ཅད་ཀྱི་དང་པོར་བསྟན་པའི་བསམ་པས་གཙོ་བོའི་དོན་ཉིད་དུ་བརྗོད་པ་ཡིན་ནོ་ཞེས་ཀྱང་སྨྲ་བར་མི་ནུས་ཏེ། ཛ་ཡཱནྟའི་འདོད་པ་རྒྱ་ཆེར་སུན་ཕྱུང་བའི་ཕྱིར་རོ། །གང་ཡང་ཕྱོགས་ཀྱི་གླང་པོའི་བསྟན་བཅོས་ལ་ལྟོས་

ནས་འདི་བརྗོད་དོ་ཞེས་བྱ་བར་འདོད་པ་དེ་ཡང་། དེའི་བཤད་པ་སྤངས་པ་ཉིད་ཀྱིས་ནོར་བ་ཡིན་ནོ། །དེའི་ཕྱིར་རང་གི་དོན་གྱི་རྗེས་སུ་དཔག་པའི་ལེའུས་བསྒྲུབ་པར་བྱ་བའི་ཚུལ་གསུམ་པའི་རྟགས་ངེས་པ་དང་། གཞན་སེལ་བ་དང་། ཐོས་པ་བརྟག་པ་དང་། སྐད་ཅིག་འཇིག་
པ་ལ་སོགས་པ་རྣམས་སུ་རྣམ་འགྲེལ་གྱི་འབད་པའི་ཆ་སྐབས་ཐོབ་ནས། མདོར་བསྟན་ནས་རྟོགས་པ་ཙམ་བསྒྲུབ་པ་ན། ལེའུ་གསུམ་པོ་འདི་ལ་བསྟན་བཅོས་ཀྱི་ཐ་སྙད་བསླབ་པའི་བསམ་པས། རང་གི་བཤད་པ་ལ་ལྟོས་ནས་བསྟན་བཅོས་དང་པོར་བརྗོད་པར་ཞེས་བྱ་བར་རིག་པར་མཐོང་ངོ་། །ཡང་
ན་བཅོམ་ལྡན་འདས་བསྟན་བཅོས་ཀྱི་དོན་ཡིན་མོད་དེ་ལྟ་ན་བསྒྲུབ་བྱ་དེ་རྟོགས་པ་བརྗོད་པར་བྱའི། བར་གྱི་བསྟོད་པ་ཅི་བྱ་ཞེ་ན་བརྗོད་པ་བསྟན་བཅོས་ལེན་པ་ནི་དང་པོ་སྟེ་འཛིན་པའོ། །མཆོག་ཏུ་གྱུར་པའི་བརྗོད་བྱ་ཉིད་ཀྱིས་ནི། དེའི་རྒྱུ་མཚན་དུ་འགྱུར་རོ་སྙམ་དུ་བསམས་པའོ། །གལ་ཏེ་བཅོམ་
ལྡན་འདས་བསྟན་བཅོས་ཀྱི་དོན་ཡིན་པ་དེ་ཉིད་མ་གྲུབ་པ་མ་ཡིན་ནམ། ཚད་མ་གྲུབ་པའི་ཚུལ་བཞིན་བརྗོད་པར་བྱ་ཞེས་བྱ་བ་འདི་ན་ཀུན་དུ་ཐ་སྙད་པའི་ཚད་མ་བཟུང་བས་ཀྱང་དོན་བྱས་པར་འགྱུར་བའི་ཕྱིར་ཏེ། འདི་ནི་ཀུན་དུ་ཐ་སྙད་པའི་ཚད་མའི་མཚན་ཉིད་ཡིན་ནོ་ཞེས་བཤད་པ་ཡིན་ནོ་སྙམ་ན།
འདིར་ནི་བཅོམ་ལྡན་འདས་ཉིད་ཅེས་སྨོས་སོ། །འདིས་ནི་ཕྱེད་ཕྱི་མའི་གཙོར་བྱ་བའི་དོན་བརྗོད་དོ། །ཐ་སྙད་པ་ཙམ་གྱིས་ནི་འདི་ཙམ་གྱི་ཉེ་བར་མཁོ་བ་མ་ཡིན་ལ། དོན་དམ་པ་དང་རྗེས་སུ་མཐུན་པའི་ཐ་སྙད་པ་ལ་ལྟོས་ན་ཡང་། བཅོམ་ལྡན་འདས་ཉིད་དོན་དམ་པ་ཡིན་པས་དེ་ཉིད་ལ་གཙོར་བྱ་
བ་ཡིན་ནོ། །འདི་ལྟར་མངོན་སུམ་གྱི་སྒོ་ནས་ནི། རྣལ་འབྱོར་གྱི་མངོན་སུམ་གྱི་མཚན་ཉིད་བཅོམ་ལྡན་འདས་ཉིད་བརྗོད་ལ། ལྷག་པ་ནི་འདི་ཉིད་ཀྱི་ཡན་ལག་ཡིན་ནོ། །དེས་ན་གཉི་ག་ལྟར་ཡང་བསྟན་བཅོས་ཀྱི་དོན་ནི་བཅོམ་ལྡན་འདས་ཉིད་ཡིན་ནོ། །དེ་ཡང་གང་ཟག་གི་བདག་མེད་
པར་བཟོད་པ་དང་ལྡན་པའི་དབང་དུ་བྱས་ནས་ལེའུ་དང་པོ་འདི་ཉིད་དུ་དངོས་སུ་བཤད་དོ། །ཆོས་ཀྱི་བདག་མེད་པ་བཟོད་པའི་མཁས་པ་ཟབ་མོའི་བློ་ཅན་གྱི་དབང་དུ་བྱས་ནས་ནི་མངོན་སུམ་གྱི་ལེའུར་སྣ་ཚོགས་གཉིས་མེད་ཀྱི་རང་བཞིན་དུ་འཆད་པར་འགྱུར་རོ། །གལ་ཏེ་ཡང་འདི་ཉིད་དོན་དམ་

པར་བཅོམ་ལྡན་འདས་ཡིན་པ་དེ་ལྟ་ན་ཡང་། གཉིས་ཀྱིས་སྟོན་པ་ཤིན་ཏུ་ཕྲ་བ་མི་བཟོད་པ་རྣམས་ལ་ཐམས་ཅད་དུ་བཅོམ་ལྡན་འདས་ལག་གིས་སྤོང་བ་ཉིད་དུ་འགྱུར་བས་དང་པོར་མ་བརྗོད་དོ། །བསམ་པ་དང་པོས་ནི་འཇུག་པར་བྱེད་པ་རིགས་ཀྱིས་ཕྱི་མའི་གནས་པ་འཛིན་པར་རུང་བ་
ཉིད་དུ་འགྱུར་ཏེ། བློ་ཁྱད་པར་དུ་འཕགས་པ་ཐོབ་པའི་ཕྱིར་རོ། །དེ་ལྟར་སྤྲོས་པས་ཆོག་གོ། །གཞུག་པར་བྱ་བའི་སྐྱེས་བུའི་ངོར་ནི་ཚད་མ་ཞེས་བྱ་བའི་སྒྲར་བྱས་སོ། །བཅོམ་ལྡན་འདས་ནི་ཤེས་པའམ། སྡང་བ་དག་ཡང་དག་པའི་ཤེས་པ་ལ་རྒྱབ་ཀྱིས་ཕྱོགས་པ་མེད་པའི་ཕྱིར་དེ་འདོད་
པ་གྲུབ་པ་དེའི་གཞི་ཅན་ཡིན་པའི་ཕྱིར་རོ། །དེས་ན་འཇུག་པ་ལ་སྦྱོར་བར་བྱེད་པས་ཚད་མ་གྲུབ་པ་ཞེས་སྤྱིའི་སྒྲ་སྦྱར་རོ། །དེ་ཉིད་ཀྱིས་ནི་རྣམ་ངེས་སུ་ཐ་སྙད་པའི་ཚད་མའི་མཚན་ཉིད་སྐབས་སུ་བྱས་པ་ཡིན་ཡང་། དོན་དམ་པའི་ཚད་མའི་ཆ་བསྟན་པར་སློབ་དཔོན་གྱིས་བཤད་དོ། །དེས་
ན་དོན་དམ་པར་བཅོམ་ལྡན་འདས་ཉིད་བསྟན་བཅོས་ཀྱི་དོན་ཡིན་ནོ། །སྔར་གྱི་བསྟོད་པ་མངོན་པར་བརྗོད་པ་ནི་གཙོར་བྱ་བའི་དོན་བསྟན་པའོ། །ད་ལྟར་ནི་གཙོར་བྱ་བ་བརྟགས་པས་བཅོམ་ལྡན་འདས་བསྟན་བཅོས་ཀྱི་དོན་ཉིད་དུ་བསྟན་ཏོ། །གལ་ཏེ་འོ་ན་བཅོམ་ལྡན་འདས་མངོན་སུམ་གྱི་ཁྱད་པར་
གྱི་རང་བཞིན་ཡིན་མོད། གང་གི་བསྟན་བཅོས་ཀྱི་དོན་ཡིན་པས་བསྟན་བཅོས་བླང་བྱར་འགྱུར་བ་དེ་ཙམ་གྱིས་བདག་ཅག་ལ་ཉེ་བར་མཁོ་བ་ནི་མ་ཡིན་ནོ། །ཚད་མ་ཡང་དག་པས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཚད་མར་གྱུར་པ་ནི་ཚད་མར་རེད་པ་ཞེས་བྱ་བའི་དོན་ཏོ། །མ་བྱུང་བ་ལས་བྱུང་བ་ནི་ཡིན་
ཡང་བརྗོད་པར་མི་འདོད་པའི་ཕྱིར་རྩི་བའི་རྐྱེན་མེད་དོ། །དཔེར་ན་ཨུ་པ་ལས་ཡང་མན་ནི་རང་གི་རྒྱུ་ལས་སོ་ཞེས་བྱ་བ་འདིར། པ་ཏན་ཛི་ལིས་བཤད་པ་དེ་ལ་ཕན་པ་འཇུག་པ་ནི། སྣ་ཚོགས་པའི་ཕྱིར་རོ། །དེས་ན་དེ་ལ་ཕན་པ་མ་བྱས་སོ་ཞེས་བྱ་བ་དེ་བཞིན་དུ་འདིར་ཡང་ལྟའོ། །དེ་ལ་གང་གི་
ཚེ་བསྟན་བཅོས་ཀྱི་དོན་ཞེས་བྱ་བ་དོན་གྱི་སྒྲ་བརྗོད་བྱ་སྟོན་པ་ཡིན་པ་དེའི་ཚེ། བསྟན་བཅོས་འདིར་བསྒྲུབ་པོ་ཞེས་ལོག་པར་རྟོགས་པ་བསལ་བའི་སྒོ་ནས་བསྟན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །གང་གི་ཚེ་དགོས་པ་རྗོད་པར་བྱེད་པ་དེའི་ཚེ་ནི་བསྟན་བཅོས་འདི་ཡོད་ན་གྲུབ་པོ་ཞེས་བྱ་བ་མ་ཡིན་ཏེ་བསྟན་

བཅོས་སུ་ཉེ་བར་བསྟན་པའི་དོན་བསྒོམས་པས་འགྲུབ་པའི་ཕྱིར་ན་བརྒྱུད་པས་དེའི་འབྲས་བུ་ཡིན་པའི་ཕྱིར་རོ། །གང་གི་ཚེ་འདི་ལ་བསྟན་བཅོས་ཀྱི་དོན་ཡོད་པས་ཞེས་བསྡུ་བའི་བྱེད་པ་དེའི་ཚེ་ཡང་དེས་ཉེ་བར་བསྟན་པའི་དེ་ཁོ་ན་ངེས་པས་འཇུག་པའི་ཕྱིར། བརྒྱུད་པས་རྒྱུ་
ཡིན་པའི་ཕྱིར་རོ། །འབྲས་བུའི་རྟགས་ཀྱི་བསྟན་བཅོས་འདི་ཡོད་ན། དེས་སོ་ཞེས་བྱ་བའི་དོན་ཏོ། །འདིར་ཐམས་ཅད་དུ་གསུམ་པའི་དོན་ལ་ཡང་བདུན་པ་བྱས་པ་ནི་སྒྲུབ་བྱེད་ཀྱི་རྣམ་པར་དབྱེ་བ་བརྗོད་པར་འདོད་པའི་དབང་གིས་སོ། །རྟག་པ་ལ་ནི་རེ་ཞིག་རྒྱུ་འམ་འབྲས་བུ་ཡོད་པ་མ་ཡིན་
ཏེ། དོན་བྱེད་ནུས་པས་སྟོང་པའི་ཕྱིར་རོ། །རང་གི་ངོ་བོ་སྒྲུབ་པ་ཡང་མི་ནུས་ཏེ། སྒྲུབ་བྱེད་མེད་པའི་ཕྱིར་དང་། གནོད་བྱེད་སྲིད་པའི་ཕྱིར་རོ། །དེ་ལྟར་རྒྱུ་དང་འབྲས་བུའི་གནས་སྐབས་ཕུན་སུམ་ཚོགས་པ། ཚད་མ་ཡང་དག་པར་གྱུར་པ་བདག་ཅག་གི་འདོད་པའི་སྒྲུབ་བྱེད་བསྟན་བཅོས་ཀྱི་
དོན་ཏོ། །བསྟོད་པའི་ཡུལ་ཡིན་ནོ། །དེས་ན་བསྟན་བཅོས་བླང་བར་བྱ་བ་ཡིན་ནོ་ཞེས་གནས་སོ། །གང་ལ་ལྟོས་ན་བཅོམ་ལྡན་འདས་ཚད་མ་ཡིན་གྱི། གཞན་མ་ཡིན་པ་རྒྱུ་འམ་འབྲས་བུའི་གནས་དེའང་གང་ཡིན་ཞེ་ན། དེ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་དག་ནང་ནས་རྒྱུ་ནི་
རེ་ཞིག་བསམ་པ་དང་སྦྱོར་བ་ཕུན་སུམ་ཚོགས་པའོ། །གལ་ཏེ་རྒྱུ་དང་འབྲས་བུའི་དངོས་པོ་ཞེས་བྱ་བ་བདག་ཉིད་དང་གཞི་གཅིག་པར་ཁས་བླང་བར་མི་ནུས་ཏེ། ཕན་ཚུན་འགལ་བའི་རང་བཞིན་གཉིས་གཅིག་ལ་བསྡུ་བར་འགལ་བའི་ཕྱིར་རོ། །དེས་ན་ཤེས་པ་རྟོགས་བཞིན་པ་འདི།
གཞན་གཉིས་རྟོགས་པའམ། རང་དང་གཞན་གཉིས་རྟོགས་པར་འགྱུར་ན། འདི་གཉི་ག་ཡང་རྗེས་སུ་མཐུན་པ་མ་ཡིན་ནོ། །གཞན་གཞན་གྱིས་རིག་པ་ཞེས་བྱ་བ་ནི་དོན་འགའ་ཡང་འབྲེལ་པ་མ་ཡིན་ཏེ། ཐ་དད་པ་ལ་རིག་པ་ནི་རྣམ་པ་ཐམས་ཅད་དུ་བརྗོད་པར་མི་ནུས་པའི་ཕྱིར་རོ། །
དེའི་ཕྱིར་ཅི་སྲིད་སྣང་བ་དེ་ནི། གཟུང་བ་དང་འཛིན་པ་མེད་པའི་རང་སྣང་བ་ཙམ་ཡིན་པའི་ཕྱིར། གང་དུ་རྒྱུ་དང་འབྲས་བུའི་ཐ་སྙད་འཇུག་ཅེ་ན་བདེན་ཏེ། རང་རིག་གཅིག་པའི་མཐར་ཐུག་པ་ལ་ནི་དེ་དེ་བཞིན་ནོ། །འོན་ཀྱང་དེའི་ཚུ་རོལ་དུ་ནི་ཐ་སྙད་ཐམས་ཅད་རྒྱུ་དང་འབྲས་བུ་མདུན་དུ་བྱས་པ་

ཁོ་ན་སྟེ། གཞན་དུ་ན་འཇུག་པ་མེད་པའི་ཕྱིར་འཁོར་བ་ག་ལ་ཡོད། ཅི་སྟེ་འཇུག་པ་དང་ལྡོག་པ་དང་གང་དུ་མཐོང་སྟེ། ཐམས་ཅད་རང་རིག་པས་ཁྱབ་པའི་ཕྱིར་རོ་ཞེ་ན། གལ་ཏེ་དེ་ལྟ་ན་བརྒལ་ཞིང་བརྟག་པའི་ཡུལ་གཞན་ཡང་གང་དུ་མཐོང་ཞིང་། བརྒལ་ཞིང་བརྟགས་པ་ན། ཁ་དམ་བཅས་པ་
ནི་ཕན་པར་བཞེད་པ་ཉིད་དོ། །ཕན་པ་ཐོབ་པར་བྱེད་པ་ནི་སྐྱོབ་པའོ། །ཐོབ་པར་རུང་བ་ནི་བདེ་གཤེགས་ཉིད་དོ། །དེའི་ཐབས་ནི་ཐབས་གོམས་པའོ། །དེ་ལྟར་དེ་དང་བྲལ་བ་ནི་ཚད་མ་མ་ཡིན་ལ་གང་ལ་དེ་ཚད་མ་དེ་ཉིད་ནི་བཅོམ་ལྡན་འདས་ཡིན་ནོ་ཞེས་གྲུབ་པོ། །དེ་ལྟར་གཙོར་བྱ་བའི་དོན་
བཤད་ནས་ཡི་གེའི་དོན་བཤད་པའི་སྐབས་སུ་བཤད་མ་ཐག་པའི་གནས་སྐབས་བཞི་པོ་བཤད་པ་ཉིད་ཡན་ལག་གི་དོན་བཤད་པ་དེ་ལྟ་བུའི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །ཡན་ལག་གི་དོན་བཤད་པ་དེས་ཅི་བྱ་སྟེ་གཙོ་བོའི་དོན་བཤད་པ་ལྷུར་གྱུར་པ་ཡིན་ལ། དེ་བཀྲལ་ན་གཞན་ལ་
ལྟོས་པ་མེད་པའི་ཕྱིར་རོ་ཞེ་ན། དེའི་ཡི་གེའི་དོན་དང་མི་ཉེ་བར། ཉེ་བར་བསྟན་པ་ཙམ་སྐྱབས་སུ་གྱུར་པའི་གཙོར་བྱ་བའི་དོན་བྱ་བ་ནི་མེད་དེ། དེས་ན་གཙོར་བྱ་བ་རྣམ་པར་གཞག་པའི་རྟེན་ཉིད་ཀྱིས་ན་ཡི་གེའི་དོན་བརྗོད་པར་རིགས་པ་ཁོ་ནའོ། །འདི་ལྟར་དེ་ལྟ་བུའི་ཞེས་བྱ་བ་ནི་ཅི་སྐད་བཤད་པའི་ཁྱད་
པར་ལྔས་ཁྱད་པར་དུ་གྱུར་པ་ལ་ཕྱག་འཚལ་ནས་ཚད་མ་གྲུབ་པ་བཤད་པར་བྱའོ་ཞེས་བྱ་བ་དང་། ཚད་མར་གྱུར་པ་ཉིད་ཀྱིས་བཅོམ་ལྡན་འདས་ལ་བསྟོད་པ་ཡང་ཐོས་ཤིང་ཚད་མ་གྲུབ་པ་ཡང་བརྩམ་པ་སྤྱིའི་སྒྲ་ཡང་ཁྱད་པར་གྱིས་མཐར་ཐུག་པར་སྲིད་པར་བྱས་པའི་ཕྱིར་ཉེ་བར་བསྟན་པ་ཙམ་དུ་
སྒྲོ་འདོགས་པར་མི་འགྱུར་རོ། །ཡང་ན་རྒྱུད་ཕྱི་མ་ལ་འཇུག་པར་བསམ་པས་སྐབས་འདི་ཕྱོགས་པའི་ཕྱིར་ཉེས་པ་མེད་མོད། འདིར་གལ་ཏེ་རྩོལ་བ་གཞན་གྱིས་ཚིགས་སུ་བཅད་པ་བཞི་པ་བསྟན་པ་དེ་ལྟ་ན་ཡང་འདོད་ཕུགས་སུ་གྱུར་པ་ཉིད་ཀྱིས་ལས་སུ་བསྟན་པ་ཉིད་རིགས་པས་ཐོབ་པ་ཡིན་ནོ་སྙམ་
དུ་བསམས་ནས་བཅོམ་ལྡན་འདས་ལ་ཞེས་གསུངས་སོ། །རྩོལ་བ་གཞན་དང་ཚུལ་བཞིན་གྱི་ཚིག་དང་། རྐང་གསུམ་པ་ལ་ནི་བཤད་པ་བྱེད་པ་མ་རེག་སྟེ། ཤིན་ཏུ་བསྡུས་པའི་དོན་དམ་པ་འཇེབས་པ་ཉིད་བརྗོད་པར་འདོད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་སྔར་གྱི་སྤྲོས་པ་ཁོ་བོ་ཅག་གིས་བརྗོད་ཀྱང་

མངོན་པར་འདོད་པ་མ་ཡིན་ནོ་ཞེས་འདོགས་པར་མི་བྱའོ། །ཟབ་མོའི་བློ་ཅན་དེ་ལ་བསམ་པ་ལ་གནས་པ་གཞན་ཡང་འགའ་ཞིག་ཡོད་པར་གྱུར་པའི་ཕྱིར་སུས་ངེས་པར་བྱེད། ཡང་ན་དོགས་པ་གང་གི་དབང་དུ་བྱས་ན་ཚད་མ་གྲུབ་པ་འཆད་ཅེ་ན། གཞལ་བྱ་རྟོགས་པ་ནི་
ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདིས་ནི་གཞལ་བྱ་རྟོགས་པ་ཚད་མ་ལ་རག་ལས་པ་ཡིན་པར་བརྗོད་དོ། །དེ་ཉིད་ཀྱི་ཕྱིར་སྐྱེས་བུའི་དོན་ལ་རབ་ཏུ་སྦྱོར་བ་འབད་པས་ཚད་མ་ཚོལ་བ་ཡིན་ནོ། །འཇལ་བར་བྱེད་པ་ཞེས་འབྲེལ་པ་ལྷུར་གྱུར་པ་གཞལ་བྱའི་སྒྲས་ནི། གཞལ་བྱ་དང་དེ་ཁོ་ན་དང་།
སྒྲུབ་བྱེད་དང་། བསྒྲུབ་བྱ་བསྟན་ཏེ། གང་ཡང་རུང་བ་ཉེ་བར་བསྟན་པ་ནི། དགོས་པ་མེད་པའི་ཕྱིར་ཏེ། དེ་ཙམ་ཉིད་ཀྱིས་སྐྱེས་བུའི་དོན་ཡོངས་སུ་རྫོགས་པའི་ཕྱིར་ན་གཞན་བསམ་པའི་སྐབས་མེད་པའི་ཕྱིར་རོ། །བཞི་པོ་འདི་ལས་གཞལ་བྱ་ཡི་ནི་རང་གི་མཚན་ཉིད་ཡིན་ཏེ། དེ་ཉིད་དེ་ཁོ་ནར་
གཞལ་བྱ་ཡིན་པའི་ཕྱིར་རོ། །ཅི་སྐད་དུ་རང་གི་མཚན་ཉིད་གཅིག་གཞལ་བྱ་ཞེས་བཤད་པ་བཞིན་ནོ། །དེ་ཁོ་ནའི་སྒྲ་ནི་སྤྱིའི་ཆོས་ལ་འཇུག་པར་རབ་ཏུ་གྲགས་པ་ཁོ་ནའོ། །སྒྲུབ་པར་བྱེད་པ་ཡང་ཅི་རིགས་པར་ལུས་དང་ངག་དང་ཡིད་ཀྱིས་འཇུག་པའི་མཚན་ཉིད་དོ། །བསྒྲུབ་བྱ་ནི་འཇིག་རྟེན་
པ་དང་། འཇིག་རྟེན་ལས་འདས་པའི་རང་བཞིན་གྱི་འབྲས་བུའོ། །འཇིག་རྟེན་ན་ནི། དང་པོར་འགའ་ཞིག་ཏུ་ཆུ་དང་མེ་ལ་སོགས་པའི་དངོས་པོ་ཆོས་ཅན་གྱི་རང་བཞིན་ཡོངས་སུ་བཅད་ནས། དེའི་བཏུང་བ་དང་བཙོ་བ་ལ་སོགས་པའི་བྱེད་པའི་ཆོས་ངེས་པར་བྱས་ནས། དེ་ཐོབ་པ་སྒྲུབ་པའི་
རྒྱུར་གྱུར་པ་དེའི་ཡུལ་དུ་འགྲོ་བ་ལ་སོགས་པ་མཚན་ཉིད་འཇུག་པ་ལ་གསལ་བར་སྔོན་ཉམས་སུ་མྱོང་བའི་དྲན་པས་རྗེས་སུ་སྒྲུབ་པ་ནི། མཐར་བཏུང་བ་དང་བཙོ་བ་ལ་སོགས་པ་མངོན་དུ་བྱས་ནས་དོན་བྱས་པར་འགྱུར་རོ། །དེ་བཞིན་དུ་འཇིག་རྟེན་ལས་འདས་པ་ཡང་། དང་པོ་ཕུང་པོ་ལ་
སོགས་པའི་གཞལ་བྱ་ཡོངས་སུ་གཅོད་དོ། །དེ་ནས་མི་རྟག་པ་ལ་སོགས་པ་དེ་ཁོ་ནའོ། །དེ་ནས་བསྒོམ་པས་མཐོང་བ་གསལ་བར་འགྱུར་བའི་དྲན་པ་དང་ལྡན་པ། བསྒོམ་པའི་མཚན་ཉིད་ཀྱི་འཇུག་པའི་སྒྲུབ་བྱེད་རྗེས་སུ་སྒྲུབ་པ་ལས། མཐར་སྤྱིར་ཡོངས་སུ་བཅད་པའི་དེ་ཁོ་ན་

དངོས་སུ་སྣང་བས་དོན་བྱས་པར་འགྱུར་རོ། །དེ་ལ་བསྒྲུབ་བྱར་སྣང་བ་ནི་ཐམས་ཅད་དུ་མངོན་སུམ་ཉིད་དོ། །གཞན་གསུམ་ལ་ནི་ཅི་ལྟ་ཅི་ལྟར་མངོན་སུམ་དང་། རྗེས་སུ་དཔག་པ་དག་གི་བྱེད་པ་འཇུག་པའོ། །མངོན་པར་མཐོ་བ་ལ་ནི། གལ་ཏེ་ཡང་ཕྱིན་ཅི་ལོག་མ་བསལ་བ་ཉིད་ཀྱིས་ལུང་ལས་སྦྱིན་
པ་ལ་སོགས་པའི་སྒྲུབ་བྱེད་རྗེས་སུ་སྒྲུབ་པ། ཚད་མས་ཡོངས་སུ་བཅད་པ་སྔོན་དུ་སོང་བ་ཅན་མ་ཡིན་པ་དེ་ལྟ་ན་ཡང་། ཕན་ཚུན་འགལ་བའི་དོན་རྗོད་པའི་ཕྱིར་ན། ལུང་ཙམ་ལས་སྒྲུབ་བྱེད་རྗེས་སུ་སྒྲུབ་པར་མི་ནུས་པའི་ཕྱིར་མི་སླུ་བའི་ཚིག་ལ་ལྟོས་པ་ན། གཞལ་བྱ་དང་དེ་ཁོ་ན་དག་མི་སླུ་བ་འདི་
སྒྲུབ་པར་བྱེད་པའི་ཚད་མའི་སྐྱེས་བུའི་བྱེད་པ་ཡིན་ནོ། །དེའི་ཕྱིར་སྐྱེས་བུའི་དོན་དང་ལྡན་པའི་གཞལ་བྱ་བཞི་ཀའི་དབང་དུ་བྱས་ནས། གཞལ་བྱ་རྟོགས་པ་ནི་ཚད་མ་ལ་རག་ལས་པ་ཡིན་ལ་ཞེས་གསུངས་སོ། །གང་གི་ཚེ་ཡང་འགའ་ཞིག་ལོག་པར་རྟོགས་པའི་ཡུལ་དུ་གྱུར་པ་དེའི་ཚེ་ནི། དེ་ཡང་
ཚད་མ་གཞན་བརྟག་པར་བྱ་བ་ན། གཞལ་བྱ་ལས་མ་འདས་པའི་ཕྱིར། དེ་རྟོགས་པ་ཡང་ཚད་མ་ལ་རག་ལས་པ་ཡིན་ནོ་ཞེས་གནད་དུ་བསྡུས་པ་ཡིན་ནོ། །གལ་ཏེ་ཚད་མ་ཚད་མས་བརྟག་པ་ཞེས་བྱ་བ་འདི་ཉམས་པ་མ་ཡིན་ནམ། རྟོགས་པར་བྱེད་པའི་ཚད་མ་ལ་ཡང་ཚད་མ་གཞན་གྱིས་རྟོགས་
པའི་ཕྱིར་ཐུག་པ་མེད་པས་མི་རྟོགས་པའི་ཕྱིར་རོ། །གལ་ཏེ་འགའ་ཞིག་རང་ཉིད་ལས་ཚད་མ་ཉིད་དུ་འདོད་ན་ནི་དང་པོ་དེ་ལྟའི་དངོས་ཡིན་ལ། རྒྱུ་གང་གིས་ན་རབ་ཏུ་སྡང་། །དེའི་ཕྱིར། ཚད་མ་ཐམས་ཅད་རང་ཉིད་ལས། །ཚད་མ་ཉིད་ཅེས་གཟུང་བར་གྱིས། །རང་ལས་ནུས་པ་མེད་ན་ནི། །
གཞན་གྱིས་བྱ་བར་མི་ནུས་སོ། །ཞེས་བྱ་བ་དེ་ཡང་མ་འབྲེལ་ཏེ། ལོག་པར་རྟོགས་པའི་ཡུལ་མ་ཡིན་ཡང་ཚད་མ་གཞན་གྱིས་བརྟགས་པ་མ་ཡིན་ལ། ཚད་མ་ཡིན་ནོ་ཅོག་ལ་ལོག་པར་རྟོགས་པ་ཡང་མ་ཡིན་ཏེ། དེ་ལྟ་ཡིན་ན་ལྐུགས་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་གང་དང་ལྷན་ཅིག་རྩོད།
ཀུན་དུ་རྟོག་པའི་ཡུལ་གྱི་དོན་དུ་ལྷག་པར་མོས་ན་ནི་གཞན་དེ་ལྟར་རྟོགས་པར་བསམས་ནས་ངག་བརྗོད་པར་འགྱུར་གྱི། རང་གི་ཀུན་དུ་རྟོག་པ་ལོག་པར་གྱུར་ན། བརྗོད་པ་ཅིའི་ཡན་ལག་ཏུ་འགྱུར། ཚད་མར་འདོད་པའི་ཚད་མ་ཉིད་ནི། ཕྱིན་ཅི་མ་ལོག་པའི་དོན་ཉིད་ཡིན་ནོ། །དེས་ན་ཚད་མར་

ཁས་ལེན་པ་སྔོན་དུ་འགྲོ་བ་ཅན་གྱིས་ཚིག་བརྗོད་པས་ཐམས་ཅད་དུ་ཚད་མ་སྤོང་བ་སེལ་བར་བྱེད་དོ། །དེ་འདྲ་བ་གཞན་འགའ་ཞིག་ཚད་མ་ཡིན་ནོ་ཞེ་ན་འོ་ན་ཚད་མ་དེ་ངེས་པར་དོན་མི་ཉེ་བ་དང་བྲལ་བའི་ཚོགས་པ་ལས་སྐྱེ་བ་ཐོབ་པའི་ཕྱིར། གཞན་དེ་དང་རྒྱུ་མཚུངས་པ་ཅན་
མངོན་སུམ་ལ་སོགས་པ་ཡང་ཕྱིན་ཅི་མ་ལོག་པའི་དོན་ཅན་གྱི་ཤེས་པ་ཡིན་པ་མི་འདོད་པ་ཙམ་གྱིས་དོར་བར་མི་ནུས་སོ། །ཀུན་རྫོབ་ཏུ་འདོད་དོ་ཞེ་ན། གལ་ཏེ་ཚད་མ་དང་གཞལ་བྱའི་ཐ་སྙད་ཅི་སྙེད་པ་དེ་ཐམས་ཅད་ཀུན་རྫོབ་ཡིན་ནོ་ཞེས་རྣམ་པར་གནས་ན། དེའི་ཚེ་གནོད་པ་འགའ་ཡང་མེད་དོ། །
དེའི་རྒྱུ་མཚན་ཅན་གྱི་ཚད་མ་གཞན་བརྟག་པར་བརྗོད་པར་འདོད་པའི་ཕྱིར་རོ། །འོན་ཏེ་ཚད་མ་དང་གཞལ་བྱའི་གནས་སྐབས་དག་ཏུ་ཡང་། ཅུང་ཟད་ཀུན་རྫོབ་ཏུ་ཡང་འདོད་ན། ཀུན་རྫོབ་ཉིད་དུ་འདོད་དོ་ཞེས་བྱ་བ་ཅི་ལྟར་མ་ནོར། ཀུན་རྫོབ་ཏུ་ཡང་འདོད་དོ་ཞེས་བྱ་བ་ནི། སྐབས་དང་མི་འགལ་
ཏེ་དེ་ཁོ་ན་ཡང་ཁས་བླངས་པར་བསྟན་པའི་ཕྱིར་རོ། །ཤེས་པ་འགའ་ཞིག་ལ་ནི་ཚད་མར་ཡང་དག་པར་རྟོགས། འགའ་ལ་ལོག་པར་རྟོགས་པ་དང་ཐེ་ཚོམ་ཟའོ་ཞེས་གནས་པ་ནི། གལ་ཏེ་ཚད་མ་ལ་ལོག་པར་རྟོགས་པ་དང་ཐེ་ཚོམ་ཟ་བའི་གོ་སྐབས་ཡོད་པའི་ཕྱིར་ན། ངེས་པར་རྟོགས་པར་བྱེད་
པ་ལ་ཡང་ཚད་མ་གཞན་ཚོལ་བ་སྲིད་པ་དེ་ལྟ་ན་ཡང་། ཡིད་ཆེས་པའི་སྐབས་ཀྱང་ཡོད་པས་ན། མཐའ་སྙེད་པས་ན་ཇི་ལྟར་ཐུག་པ་མེད་པར་ངེས། དེའི་ཚེ་ཉིད་སྐབས་མེད་ཀྱང་དུས་ནམ་ཡང་རུང་བར་ཕྱིས་ཡང་དག་པར་རྟོགས་པ་འབྱུང་བའི་སྐབས་ཡོད་པར་འགྱུར་ཏེ། ཐམས་ཅད་དུ་ཡང་དག་པར་
རྟོགས་པ་མེད་པ་སྤངས་པའི་ཕྱིར་རོ། །གང་དུ་ཡང་དག་པར་རྟོགས་པའི་ཡུལ་ཚད་མར་གཞན་གྱི་གོ་སྐབས་མཐར་ཡང་མེད་དོ་ཞེས་སྒྲུབ་པར་ནུས་པར་དེར་ཐུག་པ་མེད་པར་འགྱུར་ཡང་ཐམས་ཅད་དུ་ཡང་ཚད་མ་གཞན་གྱིས་རྟོགས་པ་ལ་ཐུག་པ་མེད་པར་འགྱུར་བ་ནི་མ་ཡིན་ནོ། །རང་ལས་ཚད་མར་སྨྲ་བ་
ཡང་སྤྱོད་པར་འགྱུར་རོ། །གལ་ཏེ་དེ་ལྟ་ན་ཡང་ཚད་མ་ཚད་མས་གནོད་པ་མེད་ན། ཕན་འདོགས་པ་ཡང་མེད་དོ་ཞེས་བྱ་བ་རིགས་པ་མ་ཡིན་ནམ། འདིར་རིགས་པ་ནི་བདེན་མོད་ཀྱི་འོན་ཀྱང་འདིར་ཚད་མར་ངེས་པར་གྱུར་ན་དེའི་དོན་དུ་སྒྲུབ་པར་བྱེད་པའམ་གནོད་པར་བྱེད་པའི་ཚད་མ་གཞན་གྱི་གོ་སྐབས་

ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཚད་མའི་རང་བཞིན་ཡོད་ཀྱང་བློ་མི་གསལ་བས་རང་བཞིན་གཞན་སྒྲོ་འདོགས་པར་བྱེད་པ་དེའི་ཚེ་དེའི་མཚན་ཉིད་ཉེ་བར་མཚོན་པས་ཚད་མར་ཐ་སྙད་བྱེད་དོ་ཞེས་བྱ་བ་ལ་མི་རིགས་པ་ཅི་ཡོད་དེ་ལྐོག་ཤལ་ལ་སོགས་པ་དང་ལྡན་པས་བ་ལང་ཉིད་
བཞིན་ནོ། །དེ་ཉིད་ཀྱི་ཕྱིར་ཚད་མའི་མཚན་ཉིད་ཀྱང་བྱ་བ་ཡིན་ཏེ། གཞན་དུ་རྣམ་པར་ཕྱེ་ནས་ཐ་སྙད་བྱེད་པ་མི་འཐད་པའི་ཕྱིར་རོ། །འཇིག་རྟེན་གྱི་རྣམ་པ་བྱེད་དོ་ཞེ་ན། འཇིག་རྟེན་སྒྲས་གལ་ཏེ་བསྟན་བཅོས་ཀྱི་དུབ་པ་བརྗོད་ན་ནི། དེའི་ཚེ་ལྟ་བ་གཞན་དང་གཞན་ལ་གནས་པའི་བསྟན་བཅོས་བྱེད་པ་
རྣམས་ཀྱང་རྩོད་པ་ཡོད་པའི་ཕྱིར་ན་རྣམ་པར་ཕྱེ་བའི་གཏམ་གང་ན་ཡོད། འོན་ཏེ་བ་ལང་རྫི་དང་བྱིས་པ་དང་བུད་མེད་ལ་སོགས་པ་འཇིག་རྟེན་དུ་འདོད་ན་དེའི་ཚེ་དེའི་སྒོ་ནས་རིག་བྱེད་དང་དབང་ཕྱུག་ལ་སོགས་པ་ལ་ཡང་ཚད་མ་དང་ཅིག་ཤོས་སུ་སོ་སོར་ངེས་པའི་ཕྱིར་བ་ལང་རྫི་ལ་སོགས་པ་བས་
དམན་པ་ཁས་བླངས་པ་ལ་ཡང་ཚད་མ་ཅིག་ཤོས་ངེས་པའི་མཚན་ཉིད་བྱ་བར་འགྱུར་ཏེ། དེ་འདྲ་བའི་འཇིག་རྟེན་ནི་སྐད་གོམས་པ་ཙམ་ལ་ཡང་དབང་དུ་བྱ་བ་མ་ཡིན་པའི་ཕྱིར་རོ། །དབང་པོས་རྟོགས་པར་བྱ་བའི་དོན་ལ་བསྒྲུབ་པར་བྱ་བས་རྟོགས་པ་ལ་ནི་དེ་འདྲ་བའི་འཇིག་རྟེན་ཡང་ཚད་མ་བྱེད་པ་དེ་ཙམ་གྱིས་
རྣམ་པར་དཔྱད་པ་ཆེན་པོའི་སྤྱོད་ཡུལ་ལ་ཡང་བྱེད་པ་ནི་མ་ཡིན་ཏེ། དེ་ལྟ་མ་ཡིན་ན་ཅི་ལྟར་ཆུ་དང་མེ་ལ་སོགས་པ་ལ་མངོན་སུམ་མམ། མངོན་སུམ་གྱི་སྟོབས་ཀྱིས་བརྟགས་པ་མི་འཁྲུལ་པའི་རྟགས་ལས་དངོས་པོ་ཡོད་པ་ཉིད་དུ་རྣམ་པར་གཞག་པ་ན་དེ་འདྲ་བ་དག་གཞན་ལ་མི་ལྟོས་པ་དེ་བཞིན་
དུ་མཐོ་རེས་ཀྱི་བསྒྲུབ་བྱ་ལ་ཡང་མི་ལྟོས་པར་འགྱུར་རོ། །དེས་ན་དེ་ལས་ཀྱང་རྣམ་པར་དབྱེ་བ་ཅི་ལྟར་འགྱུར། ཅི་སྟེ་བསྟན་བཅོས་མ་གོམས་ཀྱང་སྤྱོད་པ་དང་། སེལ་བ་ལ་སོགས་པར་ནུས་པར་འཇིག་རྟེན་ན། འོ་ན་དེ་ཡང་རིགས་མི་མཐུན་པ་དང་ཐུན་མོང་མ་ཡིན་པའི་མཚན་ཉིད་མཐོང་ནུས་ཏེ།
བཅོས་མ་དང་། ཅིག་ཤོས་ཀྱི་ནོར་བུ་དང་། མུ་ཏིག་ལ་སོགས་པ་བཞིན་ནོ། །ཁྱད་པར་ཕྲ་མོ་མ་རྟོགས་ན་ནི་དེ་མེད་པའི་ཕྱིར་རོ། །དེས་ན་གཞན་གྱིས་རྟོགས་པར་བྱ་བ་མ་ཡིན་པའི་མཚན་ཉིད་གང་ཡིན་པ་རྟོགས་པ་ལ། གསལ་བའི་ནུས་པ་དང་ལྡན་པའི་སྐྱེས་བུ་རང་ཉིད་ཚད་མ་དང་གཞན་པའི་

རྣམ་པར་དབྱེ་བ་བྱེད་པའི་མཚན་ཉིད་དེ་ཉིད་གང་ལས་རྟོགས་པའི་བློ་ཅན་དེ་དག་ཀྱང་མཐོ་རིས་ཀྱི་སྒྲུབ་བྱེད་ལ་སོགས་པ་མ་གོམས་པ་ལ་ཡང་འཇུག་པ་དང་ལྡོག་པ་དག་སླུ་བར་བརྗོད་པར་བྱ་བར་མི་འགྱུར་བ་གཞན་ལ་མི་མགུ་བའི་བྲམ་ཟེ་མི་མཁས་པ་ལ་བརྗོད་པར་བྱ་བ་
ཡིན་ནོ། །འདིར་རང་ཉིད་ཀྱང་། དེ་ལ་སྔོན་མེད་དོན་ཞེས་པ། །ཞེས་བྱ་བ་ལ་སོགས་པའི་མཚན་ཉིད་བྱེད་པ་ན། ཚད་མ་རྣམས་ནི་རབ་གྲགས་ཤིང་། །ཞེས་བྱ་བ་ལ་སོགས་པའི་བརྗོད་པ་མི་རིགས་སོ། །འདི་ནི་ཤིན་ཏུ་མ་བྱང་བ་ལ་རབ་ཏུ་གྲགས་པ་རྗེས་སུ་བརྗོད་པ་ཙམ་ཡིན་ནོ་ཞེ་ན། གཞན་གྱི་
ལན་ཡང་འདི་ཡིན་པར་མ་མཐོང་ངམ། དངོས་པོ་རྣམས་ཀྱི་མཚན་ཉིད་ཀྱི་རང་བཞིན་ནི་རང་གི་རྒྱུ་མེད་པར་གཞན་གང་གིས་བྱ་བར་ནུས། རྗེས་སུ་བརྗོད་པ་ཙམ་དུ་ནི་འདི་རིགས་པ་ཡིན་ནོ། །དེ་ལྟར་བློ་གྲོས་ངན་པས་བྱས་པའི་ཞེན་པས་ཆོག་གོ། །ཚད་མ་ལ་ཡང་ལོག་པར་རྟོགས་པ་ན། ཚད་མ་གཞན་
གྱིས་རྟོགས་པས་ན་གཞལ་བྱའི་སྒྲ་བརྗོད་དོ་ཞེས་བྱ་བ་འདི་གནས་སོ། །དེ་ཉིད་ཀྱི་ཕྱིར་ཚད་མར་གྱུར་པའི་བཅོམ་ལྡན་འདས་ལ་ཡང་ལོག་པར་རྟོགས་པའི་རྣམ་པ་མང་པོ་མཐོང་བས་ན། ཚད་མ་གཞན་གྱིས་རྟོགས་པའི་ཕྱིར་གཞལ་བྱ་ཉིད་བསྒྲུབ་པར་རྩོམ་མོ་ཞེས་བྱ་བ་ནི་གཙོར་བྱ་བའི་དོན་ཏོ། །དེ་ལ་
གང་གི་ཚེ་བཅོམ་ལྡན་འདས་ཚད་མ་ཉིད་དུ་འདོད་པ་དེའི་ཚེ་མཐོ་རིས་དང་བྱང་གྲོལ་སྒྲུབ་པའི་མཚན་ཉིད་ཀྱི་གཞལ་བྱ་རྟོགས་པ་དེ་ལ་རག་ལས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གང་གི་ཚེ་བསྒྲུབ་པར་བྱ་བའི་བཅོམ་ལྡན་འདས་གཞལ་བྱ་ཉིད་ལ་མངོན་དུ་ཕྱོགས་པར་བྱེད་པ་དེའི་ཚེ་དེ་འདྲ་བའི་གཞལ་བྱ་
རྟོགས་པར་བྱེད་པའི་ཚད་མ་ལ་རག་ལས་སོ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཡང་དད་པ་ཙམ་གྱིས་བཅུག་པ་རྣམས་གུས་པ་དང་ལྡན་ཡང་བཅོམ་ལྡན་འདས་ངེས་པ་ནི་མེད་ལ། གཞན་དག་ནི་རྩོད་པ་ཉིད་དོ། །དེ་ལྟར་ན་སྒྲུབ་པར་བྱེད་པའི་ཚད་མ་ལ་ཡང་གཉིས་སོ། །དེ་ལྟ་མ་ཡིན་ན། དེའི་གཞལ་བྱ་བཅོམ་
ལྡན་འདས་ལ་ཡང་ཕྱིན་ཅི་ལོག་དང་ཐེ་ཚོམ་དུ་མི་འགྱུར་རོ། །ཚད་མ་དང་གཞལ་བྱ་དག་གི་ཆོས་ནི་འདི་ཉིད་ཡིན་ཏེ། གཅིག་ལ་ཐེ་ཚོམ་ཟ་བ་ལ་སོགས་པས་གཉིས་པ་ལས་ཡུལ་དུ་བྱེད་པ་གང་ཡིན་པའོ། །གཅིག་ལ་ཐེ་ཚོམ་ཟ་བ་ལ་གཞན་ལ་ངེས་སོ་ཞེས་ནི་མི་རིགས་སོ། །རྣམ་པར་རྟོག་པ་

རྣམས་དངོས་པོས་འཇུག་པས་སྟོང་པའི་ཕྱིར་དེ་ལྟར་སྲིད་ཀྱང་། ངེས་པའམ་ཐེ་ཚོམ་ཡང་རུང་སྟེ། སྟོབས་དང་ལྡན་པ་གཅིག་གིས་གཉི་ག་ཡང་གཞག་པར་བྱ་བ་ཡིན་ནོ་ཞེས་ངེས་སོ། །དེས་ན་ཚད་མ་འདི་ལ་ཐེ་ཚོམ་དང་ཕྱིན་ཅི་ལོག་སྤོང་བའི་བསྟན་བཅོས་ཀྱི་བྱེད་པ་གཅིག་ཉིད་ནི་ཚད་མ་
དང་གཞལ་བྱ་གཉི་གའི་ཡང་རྗེས་སུ་འཛིན་པར་བྱེད་པ་ཡིན་ནོ་སྙམ་དུ་བསམས་ནས། གཞལ་བྱ་རྟོགས་པ་ནི་ཞེས་སྨོས་སོ། །ཡང་ན་གཞལ་བྱ་ངེས་པའི་དོན་དུ་ཚད་མ་འཚོལ་བའི་ཕྱིར་གཞལ་བྱ་ཉིད་འཆད་པར་ཅི་སྟེ་མི་རྩོམ་ཞེ་ན། གཞན་ལ་རྟོགས་པ་ནི་ཞེས་སྨོས་སོ། །འདི་ལྟར་ཚད་མས་ཇི་ལྟར་
བསྒྲུབ་པར་བྱ་བའི་ཚོགས་དེ་ནི་དེ་ལྟ་བུ་ཉིད་དུ་འགྱུར་དགོས་སོ། །ཚད་མས་རྗེས་སུ་བཟུང་བའམ། ཚར་བཅད་པའི་གཞལ་བྱ་ནི་དབང་པོས་ཀྱང་གཞན་དུ་བྱ་བར་མི་ནུས་སོ། །ཚད་མས་རེ་ཞིག་ཡལ་བར་དོར་ཡང་སླར་ཚད་མ་ཉིད་ཚོལ་བའི་ཕྱིར་ན་ཚད་མ་ཉིད་བསྒྲུབ་པར་རིགས་སོ། །འོ་ན་བསྟན་
བཅོས་གཞན་བཞིན་དུ་གཉི་ག་ཡང་བསྒྲུབ་པར་བྱ་བར་འགྱུར་ཏེ། གཉི་ག་ལ་ཡང་ལྟོས་པར་བྱ་བ་ཡིན་པའི་ཕྱིར་རོ་ཞེ་ན། གཞལ་བྱ་རྟོགས་པ་ནི་ཞེས་བྱ་བ་སྨོས་སོ། །བསམ་པ་འདི་ཡིན་ཏེ། གཞལ་བྱ་གཞན་བསྒྲུབ་པར་འདོད་པ་གང་ཡིན་པ་དེ་ཐམས་ཅད་ནི་ཚད་མས་རྗེས་སུ་བཟུང་བ་ཉིད་དུ་གྱུར་པ་
ཡིན་ནོ། །དེས་ན་ཚད་མ་དཔེར་བརྗོད་པ་ཉིད་ཀྱི་སྒོ་ནས་དེ་བསྒྲུབ་པར་ནུས་ཀྱི། གཞན་ལ་འཇུག་པ་ནི་དོན་མེད་དོ། །དཔེར་ན་རང་བཞིན་གྱི་རྗེས་སུ་དཔག་པ་དཔེར་བརྗོད་པ་སྐད་ཅིག་མ་ཉིད་དུ་དེའི་ཞར་ལ་སེལ་བ་ལ་སོགས་པར་འགྱུར་བ་བཞིན་ནམ། མངོན་སུམ་གྱི་ཡུལ་ལ་ལོག་པར་རྟོགས་
པ་བསལ་བས་རང་གི་མཚན་ཉིད་ཀྱི་ཡུལ་ཅན་དུ་སྟོན་པ་ན། ནང་དང་བཅས་པ་སྤྱིའི་ཕུང་པོ་ལྔ་པོའི་དངོས་པོ་མ་ལུས་པར་རྟོགས་པ་ནང་དུ་བསྡུས་པར་བྱ་བ་བཞིན་ཏེ། དབང་པོའི་ཤེས་པས་གཟུགས་ཀྱི་ཕུང་པོ་དང་། ཕུང་པོ་གཞན་ནི་རང་རིག་པས་དང་ཐམས་ཅད་རྣལ་འབྱོར་གྱི་མངོན་སུམ་གྱིས་
འཛིན་པའི་ཕྱིར་རོ། །དེ་བཞིན་དུ་གཞན་དུ་ཡང་དཔག་པར་བྱའོ། །གང་གི་ཕྱིར་དེ་ལྟར་གཞལ་བྱ་མ་ལུས་པར་རྟོགས་པའི་མཚན་ཉིད་ཀྱི་དགོས་པ་ཚད་མ་ལ་རག་ལས་པ་དེའི་ཕྱིར་ཚད་མ་གྲུབ་པ་བརྗོད་པར་བྱའོ་ཞེས་བརྗོད་པར་འགྱུར་རོ། །ནིའི་སྒྲ་ནི་གྲགས་པའི་གཏན་ཚིགས་སྟོན་པའོ། །དེ་མ་ལུས་

པའི་གཞལ་བྱ་རྟོགས་པའི་མཚན་ཉིད་ཀྱི་དོགས་པ་རབ་ཏུ་གྲགས་པའི་ཕྱིར་ན། ཚིགས་སུ་བཅད་པ་དང་པོའི་དག་གིས་བཅོམ་ལྡན་འདས་ཀྱི་མཚན་ཉིད་ཀྱི་བརྗོད་བྱ་བརྗོད་པ་ཡིན་ནོ་ཞེས་གནས་སོ། །གཞལ་བྱ་རྟོགས་པ་ཚད་མ་ལ་རག་ལས་པ་ཡིན་མོད། དེས་
བཅོམ་ལྡན་འདས་ལ་ཅིར་འགྱུར་ན། གང་གིས་བཅོམ་ལྡན་འདས་བསྟན་བཅོས་ཀྱི་བརྗོད་བྱ་ཞེས་བརྗོད་པ་མཛེས་པར་འགྱུར་རོ། །དེས་ན་འདིར་བཅོམ་ལྡན་འདས་ཉིད་ཚད་མར་གྱུར་པ་སྒྲུབ་པ་ཡིན་ནོ་ཞེས་ཅི་ལྟར་བརྗོད་ཅེས་དོགས་པ་ལ། ཚད་མ་ཡང་བཅོམ་ལྡན་འདས་ཉིད་ཡིན་ཏེ་ཞེས་སྨོས་
སོ། །གལ་ཏེ་མངོན་སུམ་དང་རྗེས་སུ་དཔག་པ་ཚད་མ་མ་ཡིན་ནམ། བཅོམ་ལྡན་འདས་ཉིད་ཚད་མ་ཡིན་པར་གང་གིས་བྱས། དེ་ལ་ཡང་གཞན་དང་ལྡན་པ་རྣམ་པར་གཅོད་པ་ནི་རིང་དུ་སྤོངས་པ་ཡིན་ནོ་ཞེས་ཚད་མའི་མཚན་ཉིད་ཡིན་པའི་ཕྱིར་རོ་ཞེས་གསུངས་སོ། །འདིས་ནི་མ་འབྲེལ་པ་རྣམ་པར་
གཅོད་པར་བསལ་ལོ། །གཞན་དང་ལྡན་པ་རྣམ་པར་གཅོད་ཀྱང་། མངོན་སུམ་ལ་སོགས་པ་ལ་ལྟོས་པ་ནི་མ་ཡིན་གྱི། འོན་ཀྱང་རྟོགས་པ་པོའི་རྣམ་པར་རྟོག་པས་བཞག་པ་རིག་བྱེད་དང་དབང་ཕྱུག་ལ་སོགས་པ་ལ་ལྟོས་ནས་ཡིན་ཏེ། དཔེར་ན་སྐྱེས་བུ་གཉིས་ཀྱི་སྐབས་སུ་འདི་ཉིད་
མཁས་པ་ཡིན་ནོ་ཞེས་བྱ་བའི་ཐ་སྙད་ནི་གཉིས་པ་ལ་ལྟོས་པ་ཉིད་ཡིན་གྱི། གཞན་ཐམས་ཅད་མཁས་པ་ཡིན་པ་བཀག་པ་ནི་མ་ཡིན་པ་བཞིན་ནོ། །ཡང་མངོན་སུམ་ལ་སོགས་པ་ལ་ལྟོས་ནས་གཞན་དང་ལྡན་པ་རྣམ་པར་གཅོད་པ་ཡིན་མོད། ཕུལ་དུ་བྱ་བ་དང་བཅས་པའི་ཚད་མ་བརྗོད་པར་
འདོད་པའི་ཕྱིར་སྐྱོན་མེད་དེ། དཔེར་ན་སྲེད་སྒྲུབ་གཞུ་འཛིན་ནོ་ཞེས་བྱ་བའི་ཐ་སྙད་ཕུལ་དུ་བྱུང་བའི་གཞུ་འཛིན་པར་བརྗོད་པར་འདོད་པས་ཡིན་པ་བཞིན་ནོ། །དེ་ལ་གང་གིས་མ་འབྲེལ་པ་རྣམ་པར་གཅོད་པ་དེའི་ཚེ་ནི་བཅོམ་ལྡན་འདས་ཉིད་ཅེས་བྱ་བའི་ངེས་པར་གཟུང་བ་རིམ་པ་གཞན་ཡིན་པས་ཚད་
མ་ཞེས་བྱ་བ་འདིའི་མཐར་ལྟའོ། །གལ་ཏེ་འཕོང་གི་སྒྱུ་རྩལ་གྱི་ཕུལ་དུ་བྱུང་བ་དང་། ཕུལ་དུ་བྱུང་བ་མ་ཡིན་པ་ནི་གྲགས་པ་ཁོ་ནའི་བཅོམ་ལྡན་འདས་ཀྱི་ཚད་མའི་དེ་དག་གོ་གང་གིས་བྱས་ཤེ་ན། ཡུལ་གྱིས་བྱས་སོ། །སྐྱེས་བུའི་དོན་མཆོག་གི་ཡན་ལག་ལ་ནི་བཅོམ་ལྡན་འདས་ཁོ་ན་ཚད་མ་ཡིན་གྱི།

མངོན་སུམ་ལ་སོགས་པ་ནི་མ་ཡིན་ནོ་ཞེས་འཆད་པར་འགྱུར་རོ། །དེའི་དོན་དུ་ཡང་འབད་པས་ཚད་མ་བརྟགས་པ་ལ་གུས་པས་ནི་མཐོང་བའི་འབྲས་བུ་ཙམ་གྱི་དོན་དུ་ནི་མ་ཡིན་ཏེ། དེ་ལ་གོལ་ཡང་དོན་ཆེན་པོ་ཉམས་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་ཚད་མ་ཡང་བཅོམ་ལྡན་འདས་ཉིད་ཡིན་ཏེ།
ཚད་མའི་མཚན་ཉིད་ཡོད་པའི་ཕྱིར་རོ་ཞེས་བྱ་བར་རིགས་པར་བརྗོད་པ་ཡིན་ནོ། །ཅི་སྟེ་དེ་ལྟ་ན་ཡང་སྔར་རྒྱུ་དང་འབྲས་བུ་ཕུན་སུམ་ཚོགས་པས་ཚད་མར་བརྗོད་ལ། ད་ལྟ་ནི་མཚན་ཉིད་ཡོད་པའི་ཕྱིར་རོ་ཞེས་བྱ་བ་འདི་མ་འགྲིགས་པ་མ་ཡིན་ནམ་ཞེ་ན། དེ་ལྟ་མ་ཡིན་ཏེ་སྔར་ཡང་མཚན་ཉིད་
ཡོད་པས་ཚད་མར་བརྗོད་པར་འདོད་པའི་ཕྱིར་རོ། །རྒྱུ་དང་འབྲས་བུ་ཕུན་སུམ་ཚོགས་པས་ནི་དམ་བཅས་པ་ཐོབ་པར་བྱེད་པ་ཞེས་བྱ་བ་ཉིད་མི་སླུ་བ་ཉིད་བསྟན་པ་ཡིན་ནོ། །དེའི་ཚེ་ནི་འདི་མ་བརྗོད་ལ་ད་ལྟ་ནི་བརྗོད་པར་ཟད་ད། མཚན་ཉིད་ཀྱང་གནས་སྐབས་ཡིན་པའི་ཕྱིར་རོ། །གང་གི་ཚེ་ཕྱིའི་
ཚུལ་ལ་ཡང་གང་ཟག་བཀག་པ་ལ་སྒོ་ནས་དེ་ཁོ་ནར་མངོན་སུམ་དང་རྗེས་སུ་དཔག་པའི་རང་བཞིན་ཉིད་བཅོམ་ལྡན་འདས་ཡིན་པར་བརྗོད་པ་དེའི་ཚེ་ཚད་མ་ཡང་བཅོམ་ལྡན་འདས་ཉིད་ཅེས་ངེས་པར་བཟུང་བ་རྩོད་པའི་ཡུལ་དུ་མི་འགྱུར་རོ། །གལ་ཏེ་དེའི་ཚེ་ཡང་རྣལ་འབྱོར་གྱི་མངོན་སུམ་གྱི་མིང་ཅན་ཉིད་
དངོས་སུ་བཅོམ་ལྡན་འདས་ཡིན་ལ། བསྒོམ་བྱའི་ཡན་ལག་རྣམ་པར་འཇོག་པའི་རྗེས་སུ་བྱེད་པའི་རྗེས་སུ་དཔག་པ་ནི་དེའི་དོན་གྱི་བཅོམ་ལྡན་འདས་སུ་བརྗོད་དེ། སྟོན་པ་ཉིད་བཞིན་ནོ། །མངོན་སུམ་དང་རྗེས་སུ་དཔག་པའི་གསལ་བ་ལྷག་མ་དག་ལ་ནི་བཅོམ་ལྡན་འདས་ཀྱི་ཐ་སྙད་ཀྱི་དྲི་ཡང་མེད་
དོ། །ཚད་མའི་སྒྲ་ནི་མངོན་སུམ་དང་རྗེས་སུ་དཔག་པ་མཐའ་དག་ཁྱད་པར་བྱེད་པ་ཡིན་པའི་ཕྱིར། ཅི་ལྟར་གང་ཇི་སྲིད་ཚད་མ་ཡིན་པ་དེ་མཐའ་དག་བཅོམ་ལྡན་འདས་ཉིད་བརྗོད་ཅེ་ན། ཚད་མའི་མཚན་ཉིད་ཡོད་པའི་ཕྱིར་རོ་ཞེས་སྨོས་སོ། །ཚད་མར་ཆོས་མཚུངས་པས་ན་མངོན་སུམ་ལ་སོགས་
པའི་གསལ་བ་དག་ལ་བཅོམ་ལྡན་འདས་ཀྱི་སྒྲ་ཡིན་པའི་ཕྱིར་ངེས་པར་བཟུང་བ་མི་འགལ་ལོ། །གལ་ཏེ་འོ་ན་འདྲ་བས་ཚད་མའི་གསལ་བ་དག་བཅོམ་ལྡན་འདས་ཀྱི་སྒྲས་བརྗོད་པར་བྱས་ནས་བསྟན་པར་བྱ་བའི་ཕྱིར་ངལ་བ་འདིས་ཅི་བྱ་སྟེ། ཚད་མའི་སྒྲུབ་བྱེད་ཀྱིས་ཀྱང་རྟོགས་པའི་ཕྱིར་རོ་ཞེ་ན། བདེན་

ཏེ་དེའི་དབང་དུ་བྱས་པ་ཉིད་ཀྱིས་ཅི་ནས་ཀྱང་ཚད་མར་སྒྲུབ་པར་མ་རྟོགས་པར་འགྱུར་བའི་ཕྱིར་ཏེ། བསྟན་བཅོས་ཀྱི་ངལ་བ་ནི་བཅོམ་ལྡན་འདས་བསྒྲུབ་པ་གཙོར་བྱེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདི་ལྟར་ཚད་མ་རྣམ་ངེས་ལ་སོགས་པར་ནི། གཙོར་བཅོམ་ལྡན་འདས་
ཉིད་བརྗོད་པར་བྱ་བ་ཡིན་ལ་ཚད་མ་ཙམ་ནི་དངོས་སུ་ཡིན་ནོ། །ཚད་མ་རྣམ་འགྲེལ་དུ་ནི། རྣམ་བཞག་བླ་མ་གཉིས་ལ་ལྟོས་ན་བཅོམ་ལྡན་འདས་གཙོར་བྱ་བའི་དོན་ཡིན་ལ། ལུགས་གཞན་ལ་ལྟོས་ནས་ནི་དངོས་སུ་ཡིན་ནོ་ཞེས་བྱ་བ་ནི་རྣམ་པར་དབྱེ་བའོ། །དེ་ཉིད་ཀྱི་ཕྱིར་བཤད་པ་བྱེད་པ་
འགའ་ཞིག་འགའ་ཞིག་ཉིད་དུ་དོན་དམ་པ་བརྗོད་པ་འབད་པ་ནི། དམ་བཅའ་བའི་བཅོམ་ལྡན་འདས་ཉིད་གཙོར་བྱ་བའི་དོན་དུ་སྟོན་པར་བྱེད་པ་ཡིན་ཏེ། དེ་ཡང་གསལ་བར་བྱའོ། །ཡང་ན་ཚད་མ་ཡང་བཅོམ་ལྡན་འདས་ཉིད་ཡིན་ཏེ་ཞེས་བྱ་བ་ཉིད་ཀྱི་སྒྲ་གཞན་དང་འབྲེལ་པའི་ཕྱིར་ན་ཚུ་རོལ་མཛེས་
པ་ལ་སོགས་པ་བསལ་བས་མ་འབྲེལ་པ་རྣམས་གཅོད་དུ་སྦྱོར་རོ། །ག་ལས་ཤེ་ན་ཚད་མའི་མཚན་ཉིད་སོད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །འོ་ན་མདོ་རྣམས་ནི་བརྒལ་ཞིང་བརྟག་པ་ལྷུར་བྱེད་པའོ་ཞེས་སེམས་པ་ན་ལག་ཏུ་ཆུད་པའི་མངོན་སུམ་ཡང་འདོར་བ་གང་ཡིན་པ་དེ་ལ་གང་དུ་ཚད་
མའི་མཚན་ཉིད་ཡིན་ཞེས་ནི་བརྩད་པར་མི་བྱ་སྟེ། ཚད་མ་ཁས་བླང་བར་བསྒྲུབ་པའི་ཕྱིར་རོ། །ཚད་པས་གདུངས་པ་གང་ཡིན་པ། །ཙན་དན་ཚོལ་གྱི་མེ་མ་ཡིན། །ཅུང་ཟད་སྨྲ་མོད་ཚད་མ་ལ། །མ་བརྟེན་པར་ནི་འཇུག་མ་ཡིན། །ཚད་མ་ཁས་ལེན་ན་ནི་ངེས་པར་མཚན་ཉིད་བརྗོད་པར་
བྱ་བར་འགྱུར་རོ། །གང་རྗེས་སུ་བརྗོད་པས་མཚན་ཉིད་བསྒྲུབ་པ་ཚད་མའི་སྒྲས་བརྗོད་པར་བྱ་བའི་ཚད་མ་དེ་ཡང་གང་ཡིན་ཞེ་ན། འདིས་འཇལ་བར་བྱེད་པས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གང་བསྒྲུབ་པའི་མཚན་ཉིད་དེ་གང་ཡིན་ཞེས་དོགས་པ་ལ། རྣམ་འགྲེལ་དུ་བསྟན་པའི་མཚན་ཉིད་
ལ་འཇུག་པས། སྨྲས་པ་ནི་དེ་ལ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །སྤྱིར་ཞེས་བྱ་བ་ནི་གཙོར་བྱ་བ་དང་། ཡི་གེའི་དོན་དག་གི་འམ་གནས་སྐབས་ཀྱི་དབྱེ་བ་ཐ་དད་པའི་གཙོར་བྱ་བའི་དོན་ཉིད་ཀྱིའམ། ཐ་སྙད་པའི་ཚད་མའི་ཡི་གེའི་དོན་དུ་གྱུར་པ་དང་གི་སྟེ། ཐུན་མོང་ཉིད་དུ་ཉེ་བར་མཚོན་པར་

གྱུར་པ་ཞེས་བྱ་བའི་དོན་ཏོ། །ཐམས་ཅད་དུ་ཤེས་པའི་རང་བཞིན་ཉིད་དམ། བསྟན་པའི་དོན་ཐོབ་པར་བྱེད་པ་ཉིད་དུ་གྲུབ་པའི་ཕྱིར་རོ། །གལ་ཏེ་མངོན་སུམ་ལ་སོགས་པ་ཉིད་ངེས་པར་བྱས་པའི་དོན་སྟོན་པ་མ་ཡིན་ནམ། བཅོམ་ལྡན་འདས་གོ་ཅི་ལྟར་ཞེ་ན། བཅོམ་ལྡན་འདས་ཀྱང་རང་གི་
བྱིན་གྱི་རླབས་ཀྱིས་བསྐྱེད་པ་སྟོན་པར་སྣང་བའི་ཤེས་པའི་སྒོ་ནས་ཉན་པ་པོ་རྣམས་ཀྱི་འདོད་པའི་དོན་ཐམས་ཅད་དང་བཅས་པ་ངེས་པར་བྱས་པ་སྟོན་པར་བྱེད་པ་ཡིན་པའི་ཕྱིར་སྐྱོན་མེད་དོ། །མངོན་སུམ་དང་ཞེན་པ་རྒྱུད་གཞན་ལ་གནས་པ་དག་འཇུག་གོ་ཞེ་ན། འདིས་སྐྱོན་གཅིག་
པ་ཉིད་ཡིན་ན་ཉན་པ་པོ་ཉིད་ཐམས་ཅད་མཐོང་བར་འགྱུར་གྱི། རྒྱུད་ཐ་དད་པ་ལ་ནི་ཐམས་ཅད་མཐོང་བར་ཐལ་བ་མེད་དོ། །ཉེ་བར་བསྟན་པ་ཐོབ་པར་བྱེད་པ་ཉིད་ཀྱང་ཉམས་པ་མ་ཡིན་ནོ། །གལ་ཏེ་ཚུལ་འདི་ཁྱབ་འཇུག་དང་། དབང་ཕྱུག་ལ་སོགས་པ་ལ་ཡང་དམིགས་ན་ནི་ཚད་མ་ཉིད་
ཡིན་པ་སུས་དགག་པར་ནུས། དེ་ཉིད་མེད་དོ་ཞེས་བྱ་བ་ཉིད་ནི། བསྟན་བཅོས་ཀྱི་འབྲས་བུ་ཡིན་ནོ། །ཡང་ན་ཞེན་པར་བྱས་པའི་དངོས་པོ་ཐོབ་པར་བྱེད་པ་ལ་སུ་འཆེལ་ཏེ། བསྟན་པའི་དོན་ཐོབ་པར་བྱེད་པ་ནི་ཚད་མ་ཡིན་པར་སྨྲའོ། །བསྟན་པ་ཡང་ཞེན་པར་བྱས་པའམ། གསལ་བར་བྱས་པ་
ཡང་རུང་སྟེ། གཉི་ག་ཡང་བཟུང་བས་ཐམས་ཅད་ལེགས་པར་གནས་སོ། །གལ་ཏེ་ཤེས་པ་ཉིད་ཚད་མ་ཡིན་ནོ་ཞེས་བྱ་བ་འདི་ག་ལས་ཡིན་ཏེ། དེ་ལྟ་ན་མིག་ལ་སོགས་པ་ཡང་ཚད་མར་ཅི་སྟེ་མི་འདོད་ཅེ་ན་དེ་ཡོད་ན་གཞལ་བྱ་གྲུབ་པའི་ཕྱིར་དང་ཞེས་སྨོས་སོ། །དོན་འདི་ཡིན་ཏེ། གཞན་ལ་ལྟོས་པ་དང་
བྲལ་བ་གང་ཡོད་ན། ཡུལ་ཡོངས་སུ་བཅད་པའི་ཕྱིར་གཞལ་བྱ་དེ་གྲུབ་པ་རྣམ་པར་གནས་པ་སྟེ། དེ་སྒྲུབ་པར་བྱེད་པ་དམ་པ་ཉིད་ཀྱི་ཚད་མ་ཡིན་ནོ། །མིག་ལ་སོགས་པ་ནི། དེ་ལྟ་མ་ཡིན་ཏེ། དེ་དག་ནི་ཡོད་ཀྱང་ཤེས་པ་མ་སྐྱེས་ན་ཡོངས་སུ་བཅད་པ་མི་འགྲུབ་པའི་ཕྱིར་ན། དོན་ཡོངས་སུ་གཅོད་
པ་ཤེས་པ་ལ་ལྟོས་པས་སྒྲུབ་བྱེད་དམ་པ་མ་ཡིན་པའི་ཕྱིར་གཞན་ནི་ཚད་མ་མ་ཡིན་ནོ། །ཤེས་པ་སྐྱེས་ན་ནི་དོན་ཡོངས་སུ་གཅོད་པ་གཞན་ལ་མི་ལྟོས་པའི་ཕྱིར་དེ་ཉིད་ཚད་མ་ཡིན་ནོ། །འདི་ཡང་མདུན་དུ་སྤྱོད་པར་འགྱུར་རོ། །དེ་ལྟར་མདོར་བསྡུས་ཏེ་རང་གི་ངོ་བོའི་མཐར་ཐུག་པ་བཤད་དེ། མི་སླུ་བ་ཞེས་བྱ་བའི་

མཚན་ཉིད་བརྗོད་ནས་འབྲས་བུ་བརྗོད་པ་ནི། སླུ་བ་ཡོད་ན་བཟློག་པའི་ཕྱིར་རོ་ཞེས་བྱ་བ་སྟེ། ཚད་མ་མ་ཡིན་པའི་ཕྱིར་རོ། །དཔེར་ན་རབ་རིབ་ཅན་གྱིས་དམིགས་པའི་སྐྲ་ཤད་ལ་སོགས་པའི་ཤེས་པའི་བཞིན་ནོ། །དེ་རྣམ་པར་བཅད་པ་ནི་སླུ་བ་མེད་པའི་ཁྱད་པར་གྱི་འབྲས་བུ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །
གལ་ཏེ་མིག་ལ་སོགས་པས་ཀྱང་གཟུགས་ལ་སོགས་པ་གཅོད་པའི་ཕྱིར་གཞན་དག་མིག་ལ་སོགས་པ་ཡང་ཚད་མར་འདོད་པ་མ་ཡིན་ནམ། ཅི་སྐད་དུ། ཡང་ན་དབང་པོ་ཚད་མ་འམ། །དེ་ཉིད་དོན་དང་འབྲེལ་པ་འམ། །དབང་པོའམ་བདག་དང་ལྡན་པ་ཡིན། །ཡིད་དམ་ཡང་ན་ཐམས་
ཅད་ཉིད། །ཅེས་བརྗོད་པའི་ཕྱིར། སླུ་བ་མེད་པ་ཅན་གྱི་ཤེས་པ་ཉིད་ཚད་མ་ཡིན་གྱི་དབང་པོ་ལ་སོགས་པ་ནི་མ་ཡིན་ནོ་ཞེས་བྱ་བ་དེ་ཇི་ལྟར་ཞེ་ན། དབང་པོ་དང་དོན་ཅེས་བྱ་བ་སྨོས་སོ། །དེ་ཉིད་དེ་ཚད་མ་ཉིད་ཡིན་པར་འགྱུར་ཏེ། དེའི་ཐ་སྙད་ལ་བརྟེན་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །བསམ་པ་ནི་
འདི་ཡིན་ཏེ། རེ་ཞིག་དབང་པོས་བསྐྱེད་པ་ལྟ་བའི་ཤེས་པ་གང་ཡིན་པ་དེ་ནི་རེ་ཞིག་གདོན་མི་ཟ་བར་དོན་ཡོངས་སུ་གཅོད་པའི་རང་བཞིན་དུ་ཁས་བླང་དགོས་ཏེ། དེ་ལྟ་མ་ཡིན་ན་དོན་ཡོངས་སུ་གཅོད་པར་མི་བྱེད་པའི་མིག་ཚད་མ་ཡིན་ནོ་ཞེས་བྱ་བ་ལེགས་པར་བརྗོད་པ་ཡིན་ནོ། །ཡུལ་དུ་གཅོད་པའི་
རང་བཞིན་ཅན་དེ་སྐྱེས་ན་ཡང་དེ་དང་འབྲེལ་པ་ཉིད་ཚད་མ་ཡིན་གྱི། དེའི་རང་བཞིན་མ་ཡིན་པའི་མིག་ནི་མ་ཡིན་ནོ། །དེའི་ཡུལ་ཡོངས་སུ་གཅོད་པ་ནི། གཞན་ལ་ལྟོས་པ་འགའ་ཡང་མེད་ཀྱི། སྐྱེ་བ་ནི་དབང་པོ་ལ་སོགས་པ་ལ་ལྟོས་པར་འགྱུར་རོ། །ཇི་སྙེད་གང་ལས་སྐྱེ་བ་ཅན་དེ་ཐམས་ཅད་དེའི་
ཡོན་ཏན་གྱི་དགོས་པ་ནི་མ་ཡིན་ཏེ། དཀར་ཤམ་ལས་སྐྱེས་པའི་ནག་པོ་ཡང་དཀར་ཤམ་དུ་ཐལ་བའི་ཕྱིར་རོ། །ཉེ་བར་བཏགས་པའི་ཐ་སྙད་ཙམ་ནི་ཟློག་པ་མ་ཡིན་མོད་ཀྱི། དེ་ནི་དངོས་པོ་གཏན་ལ་འབེབས་པའི་སྐབས་སུ་ཉེ་བར་དགོད་པར་མི་དགོས་སོ། །དེའི་ཕྱིར་དོན་རྟོགས་པའི་རང་
བཞིན་གྱི་ཚད་མས་ནི་དབང་པོ་ལ་སོགས་པ་མི་རྙེད་དོ། །དེས་ན་དབང་པོ་ལ་སོགས་པ་ནི་ཚད་མ་མ་ཡིན་གྱི། འོན་ཀྱང་སླུ་བ་མེད་པ་ཅན་གྱི་ཤེས་པ་ཉིད་ཡིན་ནོ། །གལ་ཏེ་དོན་གསལ་བའི་ཕྱིར་ཤེས་པ་ཚད་མར་འགྱུར་མོད། མི་སླུ་བའི་ཕྱིར་ནི་མ་ཡིན་ཏེ། ཇི་སྐད་དུ་གཞན་ན་རེ། དེ་ལ་སྔོན་མེད་

དོན་ཤེས་པ། །ཞེས་བྱ་བ་ལ་སོགས་པ་བཞིན་ནོ། །དེས་ན་སླུ་བ་མེད་པ་ཅན་ཞེས་ཁྱད་པར་དུ་ཅི་སྟེ་བརྗོད་ཅེས་དོགས་པ་ལ། ཚད་མའི་ཚོལ་བ་ཐམས་ཅད་ནི། །ཞེས་བྱ་བ་སྨོས་སོ། །རབ་ཏུ་སྦྱར་བ་ཞེས་བྱ་བ་ནི་སྐབས་ཀྱིས་འཇུག་པ་ཞེས་བྱ་བ་ཉིད་ཀྱི་དོན་ཏོ། །གལ་ཏེ་འཇིག་རྟེན་དོན་བྱ་བ་དོན་དུ་གཉེར་
བ་མཐོང་བ་མ་ཡིན་ནམ། མི་སླུ་བའི་དོན་དུ་གཉེར་བ་ཞེས་ཅི་སྟེ་བརྗོད། དེས་ན་དོན་གསལ་བ་ཉིད་ཚད་མར་འགྱུར་རོ་ཞེ་ན། དོན་བྱ་བ་དོན་དུ་གཉེར་བ་ནི་བདེན་ན། འོན་ཀྱང་དོན་བྱ་བ་དོན་དུ་གཉེར་བ་ཉིད་ཀྱིས་ན་དོན་བྱ་བ་སྒྲུབ་པ་ལ་མི་སླུ་བ་དོན་དུ་གཉེར་བར་འགྱུར་ན། ཚད་མ་ཉིད་ལས་འཇུག་པར་
བྱས་ཏེ། ཚད་མ་མ་ཡིན་པ་ལས་ནི་མ་ཡིན་ཏེ། རེས་འགའ་སླུ་བ་སྲིད་པའི་ཕྱིར་རོ་སྙམ་པའི་བསམ་པས། ཚད་མ་ཚོལ་བར་འགྱུར་བ་ཡིན་ནོ། །དེས་ན་ངེས་པར་བྱ་བའི་ཡུལ་ལ་ལྟོས་ནས་དངོས་པོའི་ཡུལ་ཅན་དུ་བརྗོད་པར་འདོད་པ་ཡིན་ཏེ། ཚད་མ་གཉི་ག་དངོས་པོའི་ཡུལ་ཅན་ཞེས་གསུངས་
པའི་ཕྱིར་རོ། །གཟུང་བར་བྱ་བ་ཉིད་ནི་དངོས་པོར་ངེས་པ་མ་ཡིན་ནོ་ཞེས་བརྗོད་དོ། །གང་ཞིག་དོན་བྱ་བའི་དོན་དུ་གཉེར་བས་འཇུག་པ་དེ་ནི་ཞེན་པར་འོས་པ་ཉིད་ཀྱིས་ན་ལྷག་པར་ཞེན་པ་ཞེས་བརྗོད་དེ་དངོས་པོ་མ་ཡིན་ན་འཇུག་པར་བསླུས་པ་ཉིད་ཀྱིས་ཚད་མ་མ་ཡིན་ནོ། །དེ་ལྟར་གཟུང་བར་བྱ་བ་ནི་དངོས་
པོ་ཉིད་ལ་མི་ལྟོས་ཏེ། འཇིག་པ་དང་ནི་ངེས་པར་བྱ་བ་དང་འབྲེལ་པའི་ཕྱིར་ཏེ། རྗེས་སུ་དཔག་པ་བཞིན་ནོ། །དེ་ལྟ་ཡིན་དང་ཉ་ཕྱིས་མཐོང་བ་ལ་དངུལ་གྱི་བྱ་བ་ལ་དོན་དུ་གཉེར་བ་དངུལ་ཉིད་དུ་ཞེན་པ་འཇུག་པ་ནི་ཉ་ཕྱིས་ཉིད་དོན་དུ་གཉེར་བས་མ་ཡིན་ནོ། །གཞན་སྣང་བ་ན་གཞན་ལ་འཇུག་པ་
ཞེས་བྱ་བ་ནི་རང་ཉིད་འཆད་པར་འགྱུར་རོ། །དེའི་ཕྱིར་གཟུང་བ་ལ་ལྟོས་ནས་དོན་དང་ལྡན་པ་ཚད་མ་ཡིན་ནོ་ཞེས་བྱ་བ་ནི་སུན་ཕྱུང་བ་ཡིན་ནོ། །གལ་ཏེ་མི་སླུ་བ་ལ་མི་གུས་པར་དངོས་པོ་འཛིན་པ་ཙམ་གྱིས་ཚད་མ་ཡིན་ན། དེའི་དངུལ་གྱི་ཤེས་པ་ཡང་ཐལ་བར་འགྱུར་རོ། །དེ་ལ་གལ་ཏེ་རྣམ་
པར་རྟོག་པ་ལ་དངོས་པོ་མ་ཡིན་པ་སྣང་བ་སྐབས་ཡིན་ན། འོ་ན་རྗེས་སུ་དཔག་པའི་ཚད་མ་ཡང་རྒྱུ་མཚན་མེད་པ་ཅན་དུ་འགྱུར་རོ། །དེས་ན་མི་སླུ་བ་ཉིད་དོན་དུ་གཉེར་བའི་དངོས་པོ་འཛིན་པ་ནི་མ་ཡིན་པའམ། རྣམ་པར་རྟོག་པ་ལ་ཡང་དངོས་པོ་འཛིན་པ་ཉིད་དུ་བརྗོད་པར་བྱ་བའི་ཕྱིར་དངུལ་གྱི་

ཤེས་པ་ཚད་མ་ཡིན་པ་ཡང་སྤང་བར་འགྱུར་རོ། །འོན་ཏེ་དངུལ་གྱི་ཤེས་པ་ནི་དངུལ་གྱི་ཡུལ་ཅན་ཉིད་དེ། འོན་ཀྱང་ཡུལ་དང་དུས་གཞན་དང་འབྲེལ་པ་གསལ་བའི་ཚད་མ་མ་ཡིན་པར་ཟད་དོ་ཞེ་ན། རེ་ཞིག་ཚད་མའི་སྒྲུབ་བྱེད་དངོས་པོ་འཛིན་པ་ཉིད་ཡོད་པ་མ་ཡིན་ནམ། ཡུལ་
གཞན་ལ་སོགས་པ་དང་འབྲེལ་པ་ལྷག་པར་གསལ་བས་ནི་དེ་ལ་མི་གནོད་དོ། །དེ་ལས་འཇུག་པའི་ཡུལ་གཞན་ལ་སོགས་པ་དང་འབྲེལ་པ་ལ་བསླུས་པའི་ཕྱིར་ན། དོན་འཛིན་པ་ཡོད་ཀྱང་དེ་ལྟར་ཚད་མ་ཡིན་པའི་ཕྱིར། དོན་འཛིན་པ་ཚད་མའི་མཚན་ཉིད་མ་ཡིན་ཏེ། ཧ་ཅང་ཐལ་
བར་འགྱུར་བའི་ཕྱིར་རོ། །དེ་ལ་སྔོན་མེད་དོན་ཤེས་པ། །ཞེས་བྱ་བ་ཡང་འདི་ཉིད་ཀྱིས་སུན་ཕྱུང་བ་ཡིན་ནོ། །གནོད་པ་དང་བྲལ་བ་ཞེས་བྱ་བ་ནི་དེ་མ་ཐག་ཏུ་སྤྱོད་པར་འགྱུར་རོ། །གལ་ཏེ་འདིར་ཡང་ཞེན་པར་བྱ་བ་ནི་དོན་ཉིད་བརྗོད་པར་འདོད་ན་དེའི་ཚེ་དེའི་དོན་ཉིད། དོན་བྱ་བ་ལ་མི་སླུ་བ་ལས་ཡིན་
པའི་ཕྱིར། སླུ་བ་མེད་པ་ཉིད་ཚད་མ་ཡིན་ནོ། །གལ་ཏེ་མི་སླུ་བ་ཡང་དོན་ཉིད་ལས་མ་ཡིན་ནམ་ཞེ་ན། བདེན་ཏེ་གཉི་ག་ཡང་ཕན་ཚུན་སྒྲུབ་པ་ཡིན་ནོ། །དེ་ལྟ་ན་ཡང་གཞན་གྱི་མཚན་ཉིད་ལ་དོན་སྨོས་པ་ནི། གཟུང་བའམ་འཇུག་པ་ལ་ཐེ་ཚོམ་སྐྱེད་པ་ཡིན་པའི་ཕྱིར་ན། བཤད་པར་དཀའ་
བའི་ཕྱིར་དང་། འཇུག་པར་འདོད་པ་རྣམས་ཀྱིས་ལྟོས་པར་བྱ་བ་ཡིན་པའི་ཕྱིར་མི་སླུ་བ་ཉིད་ཚད་མའི་མཚན་ཉིད་ཡིན་གྱི། དངོས་པོ་འཛིན་པའམ། གནོད་པ་དང་བྲལ་བ་ཉིད་ནི་མ་ཡིན་ནོ། །དེ་ལྟ་ན་གནས་པ་ན་ཕྱིར་ཟློག་པ་ནི། གལ་ཏེ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །སྒྲུབ་པར་བྱེད་པའི་ཤེས་
པ་རང་གི་ངོ་བོས་ཤེས་ན། མི་སླུ་བ་དེ་ཤེས་པ་ཉིད་ཡིན་པའི་ཕྱིར་རོ། །བརྟག་པར་བྱ་བ་ཅི་ཡོད་ཅེས་བྱ་བ་ནི། བརྟག་པར་སྤོང་བས་བསྟན་བཅོས་མི་དགོས་པར་བརྗོད་པར་རོ། །དེའི་ཚེ་ཚད་མ་ཉིད་མེད་པར་འགྱུར་ན་ཞེས་བྱ་བ་ནི། དོན་གཅིག་ལ་འདུ་བ་ཅན་ཀྱི་ཤེས་པས་རིག་པར་བྱ་བ་
ཉིད་ལ་སོགས་པ་དག་ཉེས་པས་ཟིན་པའི་ཕྱིར་དང་། རང་རིག་པ་ལ་ཡང་ཁས་མི་ལེན་པའི་ཕྱིར་རོ། །དྲན་པའི་གོ་སྐབས་ཀྱང་མེད་པས་ཤེས་པ་ཉིད་ཅི་ཡང་མེད་པར་འགྱུར་བའི་ཕྱིར་བེམས་པོ་ཆེན་པོར་ཐལ་བར་འགྱུར་རོ། །དེ་ལྟར་རང་གི་རང་བཞིན་རིག་པ་མེད་པས་ཁས་ལེན་ན་ཤེས་པ་ཉིད་ཅི་

ཡང་མེད་པར་འགྱུར་རོ་ཞེས་བསྒྲུབས་ནས་དེ་ཉིད་ལ་ཉེས་པ་གཞན་བརྗོད་པ་ནི། ཕྱོགས་འདི་ནི་ཞེས་བྱ་བའོ། །རང་གི་ངོ་བོ་རིག་པ་མ་ཡིན་ནོ་ཞེས་བྱ་བའི་ཕྱོགས་འདི་ནི་སངས་རྒྱས་པ་ཁྱེད་ཀྱིས་བཟོད་པ་ཡང་མ་ཡིན་ཏེ། སངས་རྒྱས་པ་རྣམས་ནི་རང་གི་ངོ་བོ་རིག་པར་སྨྲ་བའི་ཕྱིར་རོ་སྙམ་དུ་
བསམས་པའོ། །ཤེས་པའི་རང་གི་ངོ་བོ་ཉིད་ནི་ཚད་མ་མ་ཡིན་ཏེ་ཞེས་བྱ་བ་ནི་སྐབས་ཀྱི་བརྗོད་པར་བྱ་བ་ཉིད་ཡིན་པ་ཉིད་ཀྱིས་མི་སླུ་བ་ཉིད་གཙོར་བརྗོད་པ་ཡིན་ནོ། །གལ་ཏེ་སླུ་བ་མེད་པ་ཅན་ཚད་མ་མ་ཡིན་ནམ། དེ་རང་གི་ངོ་བོ་ཡིན་ན་ཚད་མ་ཡང་རང་གི་ངོ་བོ་ཉིད་ཡིན་པར་འགྱུར་རོ་སྙམ་དུ་དོགས་པ་ལ། མི་སླུ་བ་
ཅན་ནི་མ་ཡིན་གྱི་ཞེས་གསུངས་སོ། །གལ་ཏེ་རང་གི་ངོ་བོ་མ་ཡིན་ན་འོ་ན་དེ་ཅི་ཡིན་ཞེ་ན། འོན་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཤེས་པ་མི་སླུ་བ་ཉིད་དུ་གྲགས་པ་གང་ཡིན་པ་དེ་ནི་གསལ་བར་འགྱུར་བའི་དོན་བྱེད་པ་རྣམ་པར་གནས་པ་ཡིན་གྱི། རང་གི་ངོ་བོ་ནི་མ་ཡིན་ནོ་ཞེས་བྱ་བའི་
དོན་ཏེ། འདི་འཆད་པ་ནི་ཤེས་པའི་རང་གི་ངོ་བོ་ཞེས་བྱ་བ་ལ་སོགས་པའོ། །འདི་ལ་འདི་ལྟར་བསམ་པ་ཡིན་ཏེ། མི་སླུ་བ་ཞེས་བྱ་བས་མི་སླུ་བ་ཅན་ཉིད་ནི་མི་སླུ་བའི་སྒྲ་འཇུག་པའི་རྒྱུ་མཚན་ཡིན་ནོ། །རང་གི་ངོ་བོ་ཙམ་རྟོགས་པས་ནི། མི་སླུ་བ་ཅན་གྱི་སྒྲ་འཇུག་པ་མ་ཡིན་ཏེ། འདི་ཚད་མའོ་སྙམ་
པ་ཡང་རྟོགས་པར་ཐལ་བའི་ཕྱིར་རོ། །དེ་ལྟར་ཡང་མ་ཡིན་ཏེ། དེས་ན་རང་གི་ངོ་བོ་ཉིད་ནི་མི་སླུ་བ་མ་ཡིན་ནོ། །འདི་འདྲ་བ་འོ་ན་ཅི་ཞེ་ན་ཞེས་བྱ་བ་སྟེ། གང་ཡོད་ན་མི་སླུ་བའི་སྒྲ་འཇུག་པ་ཞེས་བྱ་བ་ནི་ལྷག་མའོ། །ལན་ནི་བཙོ་བ་དང་ཞེས་བྱ་བ་ནས། མི་སླུ་བ་ཡིན་ནོའི་བར་རོ། །བྱེད་པ་གྲུབ་པ་
ཞེས་བྱ་བ་འདིས་ནི། ལས་ཀྱི་ཆོས་བྱེད་པ་ཡིན་ནོ་ཞེས་བསྟན་ཏོ། །འདི་དག་གི་ཞེས་བྱ་བ་ལ་སོགས་པ་དཀྱུས་ལ། འགྲེལ་བཤད་བྱེད་པའི་འདོད་པ་བྱེད་པ་པོའི་ཆོས་ཡིན་པ་བསལ་བ་ཡིན་ནོ། །གང་ཡང་བཙོ་བ་ལ་སོགས་པ་ཐོབ་པར་ངེས་པ་མེད་པའི་ཕྱིར་མི་སླུ་བ་ནི་དེ་སྒྲུབ་པར་བྱེད་པའི་ཤེས་
པ་ཉིད་ཡིན་ནོ་ཞེས་བྱ་བར་འདོད་པ་དེ་ཡང་མི་རིགས་ཏེ། བཙོ་བ་ལ་སོགས་པའི་བསྒྲུབ་བྱ་ལ་བསླུས་ན་སྒྲུབ་པར་བྱེད་པའི་ཤེས་པའི་རང་གི་ངོ་བོ་ལ་ཡང་། མི་སླུ་བ་གང་དུ་ཡོད། རུང་བ་ཙམ་ལའོ་ཞེ་ན། དེ་ཙམ་གྱིས་འཕངས་པའི་བསྒྲུབ་བྱ་ཡང་གྲུབ་སྟེ། ཡུལ་མེད་པར་ནི་རུང་བ་ཉིད་བདེ་བླག་ཏུ་

ཤེས་པར་མི་འགྱུར་རོ། །གལ་ཏེ་བསྒྲུབ་བྱའི་བློ་མི་བརྟན་པ་ཡོད་དོ་ཞེ་ན། སྒྲུབ་པར་བྱེད་པའི་རང་བཞིན་ངེས་པར་རྟོག་པ་ཡང་མི་བརྟན་པ་ཉིད་དོ། །རུང་བའི་སྒྲས་ཀྱང་སྒྲུབ་པར་བྱེད་པའི་ཤེས་པའི་དོན་བྱེད་པ་མ་ངེས་པ་ཉིད་བརྗོད་པ་ཡིན་ནོ། །དོན་བྱེད་པ་
དོན་དུ་གཉེར་བ་རྣམས་ཀྱང་དོན་བྱེད་པ་ལ་མི་སླུ་བ་དེ་ཉིད་ལ་མི་སླུ་བར་བརྗོད་པར་འདོད་དོ། །དེ་ལྟར་བྱས་ན་བྱ་བ་གྲུབ་པ་ཉིད་མི་སླུ་བ་ཡིན་ནོ། །བརྟེན་པ་ཞེས་བྱ་བ་ནི་སྤྱིའི་དོན་དུ་སྨྲ་བ་ལའོ། །རྣམ་པར་གནས་པ་ཞེས་བྱ་བ་ནི་རང་གི་འདོད་པས་གཉིས་མེད་པ་ལའོ། །དེའི་ཚེ་ནི་དེར་སྣང་བའི་
ཤེས་པ་ལ་དོན་བྱེད་པར་རྣམ་པར་གཞག་པ་ཙམ་དུ་ཟད་དེ། འདི་ནི་སྤྱིའི་མཚན་ཉིད་ཀྱི་སྐབས་ཡིན་ནོ། །གལ་ཏེ་དོན་བྱ་བ་དེ་ལ་ཡང་གལ་ཏེ་ཤེས་པའི་རང་བཞིན་ལྟར་དེ་ཉིད་ཀྱི་ཚེ་ཉེ་བ་དེའི་ཚེ་དེ་དང་འབྲེལ་པ་ཉིད་མི་སླུ་བར་རྟོགས་པའི་ཕྱིར། བརྟག་པས་ཅི་བྱ་ཞེས་བྱ་བ་དེ་སོ་ན་འདུག་གོ་ཞེ་ན།
དོན་བྱེད་པ་དེ་ཡང་ཞེས་སྨོས་སོ། །དེའི་དུས་སུ་ཞེས་བྱ་བ་ནི་སྒྲུབ་པར་བྱེད་པའི་ཤེས་པའི་དུས་སུ་སྟེ། ཡོད་པ་ཞེས་བྱ་བ་ནི་ལྷག་མའོ། །དེ་དང་འབྲེལ་པ་ནི་ཞེས་བྱ་བ་ནི་འབྱུང་བར་འགྱུར་བའི་དོན་བྱེད་པ་དང་འབྲེལ་པའོ། །གལ་ཏེ་ཞེས་བྱ་བ་ནི་རྩོད་པ་སྟེ། དེ་དང་འབྲེལ་པ་ནི་དོན་བྱ་བ་དེ་དང་
འབྲེལ་པའོ། །གྲུབ་མཐའི་དོན་ནི་འདི་ཡིན་ཏེ། འབྲེལ་པའི་སྒྲ་འཇུག་པའི་རྒྱུ་མཚན་ནི་དངོས་པོར་གྱུར་པའི་འབྲེལ་པ་འམ། ཀུན་བརྟགས་པ་ཡིན་ཡང་བླ་སྟེ། འབྲེལ་པ་ཅན་ནམ། ཕན་ཚུན་འབྲེལ་པར་གྱུར་པའི་དངོས་པོ་གཉིས་ཉིད་ཡིན་ཏེ། དངོས་པོར་བསྟན་ཀྱང་དེ་ཁོ་ནར་ཐ་དད་པ་
མ་གྲུབ་པའི་ཕྱིར་རོ། །གཉི་ག་ལྟར་ཡང་གཉིས་གནས་འབྲེལ་པ་ཞེས་བྱ་བ་ལན་ཡིན་ནོ། །དེ་ལ་ཕྱོགས་དང་པོ་ནི་ཤིན་ཏུ་གསལ་ལོ། །ཕྱོགས་གཉིས་པ་ལ་ཡང་གཉིས་ལ་གནས་པའི་འབྲེལ་བ་ནི། འབྲེལ་པར་གྱུར་པའི་རང་བཞིན་ཡིན་གྱི། གཅིག་ལ་རྟོགས་པ་ནི་མ་ཡིན་ཏེ། གཞན་ལ་མི་
ལྟོས་པར་ཐ་སྙད་མི་འཐད་པའི་ཕྱིར་རོ། །དེས་ན་གཉིས་ཀྱི་རང་གི་ངོ་བོ་རིག་པ་ཉིད་ཡིན་ན། རིག་པ་འབྲེལ་བར་གྱུར་པའི་རང་བཞིན་རིག་པ་འབྲེལ་པ་རིག་པར་འགྱུར་བ་ཉིད་དེ། སྔ་མ་བཞིན་དངོས་པོར་བསྟན་ཀྱང་ཆོས་ཅན་གཅིག་ཉིད་དུ་འཛིན་པའི་ཕྱིར་རོ། །དེས་གཅིག་བཟུང་ན་རང་གི་ངོ་བོ་ཙམ་རིག་

པས་འགྱུར་བ་ཁོ་ནས་འགྱུར་གྱི། མངོན་པར་འདོད་པའི་ཁྱད་པར་ངེས་པར་འགྱུར་བ་ནི་མ་ཡིན་ནོ། །གལ་ཏེ་རེ་ཞིག་གང་ལས་དེ་དག་ཉིད་ལ་ལྷག་པར་འབྲེལ་པར་ཐ་སྙད་དུ་བྱ་བར་འགྱུར་གྱི། ཐམས་ཅད་ལ་མ་ཡིན་པ་གཉི་ག་ལ་ཡང་ཁྱད་པར་འགའ་ཞིག་ངེས་པར་བྱ་བ་མ་ཡིན་ནམ། ཁྱད་པར་དེ་
ཉིད་ནི་དོན་བྱེད་པ་དང་འབྲེལ་པའི་རང་བཞིན་ཡིན་པའི་ཕྱིར་མི་སླུ་བ་ཡིན་ནོ་ཞེས་དམ་བཅས་ཀྱང་བརྗོད་པའི་སྐྱོན་དུ་མི་འགྱུར་རོ། །གལ་ཏེ་ཡང་ཤེས་པ་ལས་ཐ་མི་དད་པའི་ཕྱིར་རོ། །རང་གི་རང་བཞིན་རིག་པའི་རང་རིག་གི་ཁྱད་པར་དེ་བཟུང་བ་དེ་ལྟ་ན་ཡང་། དེ་གདོན་མི་ཟ་བར་ངེས་པ་མ་
ཡིན་ཏེ། ཁྱད་པར་ཆ་ཤས་རྣམ་སྤངས་པ། །མངོན་སུམ་གྱིས་ནི་བཟུང་བ་ལའང་། །ཞེས་བྱ་བ་ལ་སོགས་པ་རྒྱས་པར་བཤད་པའི་ཕྱིར་དང་། ཡལ་ག་དང་ལྡན་པ་བཟུང་ཡང་ཤིང་ཉིད་ལ། སྐད་ཅིག་མ་ཉིད་ལ་སོགས་པ་མ་ངེས་པ་མཐོང་བའི་ཕྱིར་རོ། །དེས་ན་དངོས་པོ་ཡོངས་སུ་བཅད་ཀྱང་ཁྱད་
པར་ཐམས་ཅད་མ་ངེས་པ་སྲིད་པ་ཉིད་ཀྱིས་ཡོངས་སུ་བརྟག་པའི་གོ་སྐབས་གྲུབ་པས་ན། སྔ་ན་མེད་པའི་ངལ་བ་གཞན་གྱིས་ཅི་བྱ། དེ་བས་ན་ཅི་ལྟར་མེ་ལ་གནས་པར་འགྱུར་བའི་རྒྱུ་ཉིད་མ་ངེས་པ། དུ་བ་མཐོང་བས་ངེས་པར་བྱེད་པ་དེ་བཞིན་དུ་ཤེས་པ་ལས་ཞུགས་པ་ན་ཐོབ་པར་བྱ་བའི་དོན་བྱེད་པ་
ལ་རྒྱུར་གྱུར་པ་རང་བཞིན་དུ་གྲུབ་པ་ཉིད་མ་ངེས་པ་ཕྱིས་ངེས་པར་བྱེད་པ་ཡིན་ནོ་ཞེ་ན། བདེན་ཏེ་ཡང་དག་པའི་ཀུན་རྫོབ་ལ་བརྟེན་ནས་ནི་ལན་འདི་ཡོད་ཀྱི། འོན་ཀྱང་དེ་གླང་པོ་ཆེའི་ལྟ་བས་བཏང་སྙོམས་སུ་བཞག་སྟེ། ཁྱད་པར་དང་བྲལ་བའི་རང་གི་ངོ་བོ་ཙམ་མངོན་སུམ་གྱིས་རྟོགས་སོ་ཞེས་
བྱ་བ་འདི་ནི། ལན་གཞན་གྱི་ཐབས་ཀྱིས་དེ་ཁོ་ན་སྟོན་པ་ལྷུར་བྱེད་པ་ཡིན་ནོ། །དེ་བཞིན་དུ་རྒྱུ་དང་འབྲས་བུའི་དངོས་པོ་ཡང་། ཡང་དག་པའི་ཀུན་རྫོབ་ཏུ་ཡོད་པ་ཉིད་དོ་ཞེས་སྟོན་པར་འགྱུར་རོ། །དེ་བཞིན་དུ་ཐ་དད་པར་འཛིན་པ་ཡང་ཀུན་རྫོབ་ཏུ་ཡོད་པ་ཉིད་དེ། སྔོན་པོ་རྟོགས་པའི་བློས་ནི་སྔོན་
པོ་མྱོང་བར་བྱེད་པ་ཡིན་ནོ། །གལ་ཏེ་ཐ་དད་པར་འཛིན་ན་ནི་དབྱེ་བའི་ཁྱད་པར་ཅན་ཡང་འཛིན་པར་འགྱུར་རོ། །ཐ་དད་པའི་ཁྱད་པར་མ་བཟུང་ན་ནི། འདིའི་ཐ་དད་པ་ག་ལ་ཡོད། ཇི་ལྟར་འདིའི་གཞན་ལས་ཐ་དད་པ་ཞེས་བྱ་བ་དེ་ལྟ་བུའི་རྣམ་པར་འགྱུར་བ་ཡིན་གྱི། ཡིན་པ་དེ་ཁོ་ན་བཞིན་གལ་ཏེ་

ཉམས་སུ་མྱོང་ན་དེའི་ཚེ་གཞན་བློ་གང་གིས་ཟློག་པར་འགྱུར་ཞེས་བྱ་བ་དེ་ལྟ་བུར་མི་འདྲའི་ཞབས་ཀྱིས་མཛད་པ་རྣམས་བཅས་གྲུབ་པའི་རྗེས་སུ་འབྲངས་ཏེ་རྟོགས་པར་བྱའོ། །དེས་ན་དངོས་པོའི་རང་བཞིན་ཙམ་བསྟན་པའི་སྒོ་ནས་གཞན་རིགས་པར་ཟློག་བྱེད་ཆུང་བར་བསྟན་པ་
ཡིན་པས་རེ་ཞིག་གཞག་གོ། །གལ་ཏེ་གང་ལས་དེ་ཉིད་དོན་བྱ་བ་དང་འབྲེལ་པར་ངེས་ཀྱི། གཞན་མ་ཡིན་པ་ཚད་མའི་ཁྱད་པར་འགའ་ཞིག་གདོན་མི་ཟ་བར་འདོད་དགོས་ན། དེ་ལྟ་ན་འོ་ན་མི་སླུ་བ་དེ་ཉིད་ནང་གི་ཡན་ལག་ཡིན་པ་ཉིད་ཀྱིས་ཚད་མར་འགྱུར་མོད། ཕྱིའི་ཡན་ལག་ཏུ་འགྱུར་བ་དོན་བྱེད་པ་
གནས་པའི་མི་སླུ་བ་ལ་ཅི་སྟེ་བཟོད་དེ། ཁྱད་པར་དེ་ནི་གདོན་མི་ཟ་བར་མཐར་ཁས་བླང་དགོས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཁ་ཅིག་ན་རེ། དོན་བྱེད་པ་གནས་པ་ནི་དོན་བྱེད་པ་ཐོབ་པར་རུང་བར་ཡིན་ནོ་ཞེས་བརྗོད་དོ། །དེས་ན་ཉེས་པ་མེད་པའི་ཕྱོགས་བསལ་བས་ཅི་བྱ་ཞེ་ན་བདེན་ཏེ། འོན་ཀྱང་
མཚན་ཉིད་ཅེས་བྱ་བ་ནི། འབྲས་བུ་གཞན་རྩོད་པ་ཅན་དུ་འདོད་དོ། །དེ་ལ་དོན་བྱེད་པར་གནས་པ་མི་སླུ་བ་ཡིན་ནོ་ཞེས་བརྗོད་པས་ནི། དངོས་སུ་རིག་བྱེད་ལ་སོགས་པ་ནིའི་ཤེས་པ་ཙམ་ཚད་མ་ཡིན་པ་དགག་པ་བསྒྲུབ་པ་ཡིན་ནོ། །ཐོབ་པར་རུང་བ་མི་སླུ་བའི་མཚན་ཉིད་ཡིན་ན་ནི། དེ་ལྟར་སྒྲུབ་པར་
མི་འགྱུར་ཏེ་རུང་བ་ཙམ་ནི་འབྲས་བུ་མཐོང་བ་དང་མ་མཐོང་བ་ལ་ཐུན་མོང་ཡིན་པའི་ཕྱིར་རོ། །དེས་ན་གལ་ཏེ་མེའི་སྦྱིན་སྲེག་ལས་མཐོ་རིས་གྲུབ་པར་གོམས་པ་དེ་ལྟ་ན་ཡང་དེར་རུང་བ་ནི་བསྙོན་པར་མི་ནུས་སོ། །གལ་ཏེ་དོན་བྱེད་པ་གནས་པ་སྨོས་པས་དོན་བྱེད་པ་གཡོ་བ་མེད་པ་ཡིན་པ་དེའི་ཚེ། གདོན་མི་ཟ་
བར་དོན་བྱེད་པ་ཡོད་པ་ཡིན་ནོ་ཞེས་བརྗོད་པ་ནི། གདོན་མི་ཟ་བར་ཡོད་པར་ངེས་པའི་རྒྱུ་གོམས་པ་ཡང་བསྟན་པར་འགྱུར་རོ། །མེ་ལ་སོགས་པ་ལྟར་མཐོ་རིས་ཀྱི་དོན་བྱེད་པ་ལ། དེའི་སྒྲུབ་བྱེད་དུ་འདོད་པ་འདི་ནི་མེད་པས་ན། དེའི་ཤེས་པ་ད་ལྟ་ཉིད་ཚད་མ་ཡིན་པ་བཀག་པ་ནི་གྲུབ་པ་ཁོ་ནའོ། །དེས་
ན་ཅི་ལྟར་སྒྲ་དང་རྟགས་དག་ལས་རྟོགས་པ་ལ་གཞན་སེལ་བའི་ཁྱད་པར་ཅན་གྱི་སྒྲུབ་པ་ཉིད་གཙོར་སྣང་ཡང་། དེ་སྦས་ཏེ་གཞན་ལ་གྲུབ་པའི་སྒྲུབ་པར་སྨྲ་བའི་དགོས་པ་དགག་པའི་དོན་དུ་གཞན་སེལ་བ་ཉིད་རྟོགས་པར་བྱ་བ་ཉིད་དུ་མདུན་དུ་བྱས་པ་དེ་བཞིན་དུ་ཤེས་པའི་རང་བཞིན་གྱིས་ཁྱད་

པར་ཅན་ནང་གི་ཡན་ལག་ལ་གདོན་མི་ཟ་བར་ལྟོས་པར་བྱ་བ་ཡིན་ཡང་བཤད་པའི་དགོས་པས་ན། སྤྱིའི་ཡན་ལག་དོན་བྱེད་པ་ཉིད་མི་སླུ་བའི་བདག་ཉིད་ཚད་མའི་མཚན་ཉིད་དུ་རྣམ་པར་འཇོག་པར་བྱེད་དོ། །དེ་ཡང་དེའི་རང་བཞིན་པས་ཐ་དད་པའི་ཕྱིར་ཚད་མ་ལ་ཚད་མ་ཉིད་ཐ་དད་པ་ཞེས་བྱ་
བའི་ཐ་སྙད་ཀྱང་། ལེགས་པ་ཡིན་ནོ། །ཐ་དད་ན་ནི་སྐབས་ཀྱི་རྩོད་པ་ལ་ཡང་དེ་བཟུང་བ་ནམ་བཟུང་བ་ཞེས་བྱ་བའི་ལན་ཡང་འཐད་པ་ཡིན་ནོ། །དེས་ན་མི་སླུ་བའི་ཤེས་པ་ཚད་མ་ཡིན་ནོ་ཞེས་བྱ་བ་འདི་གནས་སོ། །དེས་ན་རིག་བྱེད་ལ་སོགས་པ་ཚད་མ་མ་ཡིན་ནོ་ཞེས་བསྟན་ཏོ། །དེ་ལྟར་རེ་
ཞིག་རིག་བྱེད་ཚད་མ་དངོས་ནི་མ་ཡིན་ཏེ་བེམས་པོ་ཡིན་པའི་ཕྱིར་རོ། །མིག་ལ་སོགས་པ་ལྟར་བརྟགས་པ་བ་མ་ཡིན་ཏེ། ཚད་མའི་སྐྱེད་བྱེད་མ་ཡིན་པའི་ཕྱིར་རོ། །དེས་བསྟན་པའི་གཞལ་བྱའི་ཚོགས་ནི་ཚད་མས་རྗེས་སུ་བཟུང་བ་མེད་པ་དང་། ཚར་བཅད་པའི་ཡང་ཕྱིར་རོ། །དེ་བཞིན་དབང་
ཕྱུག་དང་པོ་སྐྱེས་བུ་ལ་སོགས་པ་མངོན་པར་འདོད་པ་རྣམས་ཀྱང་ཡོད་དུ་ཟིན་ཀྱང་ཇི་སྐད་བརྗོད་པའི་མངོན་སུམ་དང་རྗེས་སུ་དཔག་པའི་རང་བཞིན་ཅན་མ་ཡིན་ནོ། །དེ་ལྟ་བུ་ཡིན་ན་ནི། དེ་བཞིན་ཉིད་དུ་སྟོན་པར་འགྱུར་རོ། །དེས་ན་བཅོམ་ལྡན་འདས་ཉིད་ཚད་མ་ཡིན་ཏེ། མངོན་སུམ་དང་
རྗེས་སུ་དཔག་པའི་ཤེས་པའི་མཚན་ཉིད་དང་ལྡན་པའི་ཕྱིར་རམ། ཚད་མ་སྐྱེད་པར་བྱེད་པ་ཉིད་ཀྱིས་མིག་དང་སྣང་བ་ལ་སོགས་པ་བཞིན་དུ་ཉེ་བར་བཏགས་པ་ཡིན་ནོ། །ཡང་ན་སྐྱེས་བུ་ལ་ལྟོས་ན་ཚད་མ་སྐྱེད་པར་བྱེད་པ་ཉིད་དངོས་སུ་ཚད་མ་ཡིན་ནོ། །དབང་ཕྱུག་ལ་སོགས་པ་ལ་ནི་འདི་ཡོད་
པ་མ་ཡིན་ནོ་ཞེས་བསྒྲུབས་ཟིན་ཏོ། །དེ་ལྟར་མི་སླུ་བས་ཤེས་པ་ཚད་མར་གནས་པ་མ་རྟོགས་པ་དག་འདྲི་བ་ནི། འོ་ན་ཇི་ལྟར་ཞེས་བྱ་བའོ། །གལ་ཏེ་སྒྲུབ་པའི་ཤེས་པ་དེ་འཇུག་བྱེད་ཡིན་ན་དེའི་ཚེ་ཚད་མ་དེ་ཇི་ལྟར་ཤེས་ཏེ། ཚད་མ་ཉིད་དུ་ཞེས་བྱ་བ་ནི་ལྷག་མའོ། །དོན་བྱེད་པ་མི་སྣང་བས་མི་སླུ་
བ་ལ་ཐེ་ཚོམ་ཟ་བའི་ཕྱིར་རོ་སྙམ་དུ་བསམས་པའོ། །འདི་ནི་འོག་ཏུ་ཞེས་བྱ་བ་ནི་ཐ་སྙད་ལས་ནི་ཚད་མ་ཉིད་ཅེས་བྱ་བའི་སྐབས་སུའོ། །གལ་ཏེ་དོན་བྱེད་པ་རྟོགས་པས་ཞེས་བྱ་བ་ལ་སོགས་པའི་རྩོད་པ་ནི། བྲམ་ཟེ་ན་རེ་ཇི་སྐད་དུ། ཇི་ལྟར་དང་པོའི་ཤེས་པ་ཉིད། །མི་སླུ་བ་ལ་ལྟོས་འགྱུར་བ། །དེ་

བཞིན་མི་སླུ་བ་ཡིས་ཀྱང་། །མི་སླུ་བ་ཡང་བཙལ་དགོས་སོ། །ཞེས་བཤད་པ་བཞིན་ནོ། །གྲུབ་མཐར་ནི་དོན་བྱེད་པར་སྣང་བའི་ཤེས་པ་ནི། རང་ཉིད་ཁོ་ནས་ཚད་མ་ཡིན་པའི་ཕྱིར། ཐུག་པ་མེད་པ་མ་ཡིན་ནོ་ཞེས་བསྟན་ཏོ། །གཞན་གྱི་དོན་བྱེད་པར་ཉེ་བར་བསྒྲུབས་པ་ནི་
རྣམ་པར་གཞག་པའོ། །དོན་ནི་འདི་ཡིན་ཏེ། དོན་བྱེད་པ་ཤེས་པ་དེ་མི་སླུ་བ་ཉིད་དུ་ངེས་པ་ན་གཞན་ཡང་ཚད་མར་བསྒྲུབ་ནུས་ན་ཇི་ལྟར་བདག་ཉིད་ཚད་མ་མ་ཡིན། གལ་ཏེ་མི་སླུ་བ་ཐ་དད་པས་ཚད་མར་བསྟན་པ་མ་ཡིན་ནམ། དེ་ཇི་ལྟར་དོན་བྱེད་པ་སྣང་བའི་ཤེས་པ་རང་ཉིད་ལས་ཚད་མ་ཡིན་ཞེས་བརྗོད་
ཅེས་དགོས་པ་ལ་དོན་བྱེད་ནུས་པ་གནས་པ་ནི། མི་སླུ་ཞེས་སྤྱིར་བརྗོད་པའི་ཕྱིར་རོ་ཞེས་གསུངས་སོ། །དེས་ནམ་ཁྱབ་པའི་ཉེས་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དེ་ལྟར་མི་སླུ་བའི་ཤེས་པ་ནི་རང་ཉིད་ལས་ཚད་མ་ཡིན་ན། དེས་ན་གལ་ཏེ་འགའ་ཞིག་རང་ཉིད་ལས་ཚད་མ་ཉིད་ཅེས་འདོད་ན་ནི།
གང་གིས་མི་སླུ་བ་ཚོལ་བ། །དང་པོ་དེ་ལྟའི་དངོས་ཡིན་ལ། །རྒྱུ་གང་གིས་ན་རབ་ཏུ་སྣང་ཞེ་ན། བརྗོད་པ་གལ་ཏེ་ཇི་ལྟར་དོན་བྱེད་པར་སྣང་བའི་ཤེས་པ། སྔར་གྱི་ཤེས་པ་ལ་ཐེ་ཚོམ་སེལ་བར་བྱེད་པ་སྐྱེས་པ་ཙམ་གྱིས་འཁྲུལ་པར་དོགས་པ་ལྡོག་པ་དེ་བཞིན་དུ། དང་པོ་ཡང་ཡིན་ན། དེའི་ཚེ་ཉེས་པ་ཅི་ཡོད།
འོན་ཀྱང་དང་པོ་སྐྱེས་པའི་དུས་ན་ནི་ཚད་མ་དང་ཅིག་ཤོས་རྣམ་པར་འབྱེད་པར་མི་ནུས་སོ། །གོམས་ན་ཡོད་དོ་ཞེ་ན། དེ་ལྟ་ནའོ། །དང་པོ་དེའི་དངོས་ཡིན་ན། །རྒྱུ་གང་གིས་ན་རབ་ཏུ་སྡང་། །ཞེས་བྱ་བ་དང་། ཚད་མ་ཐམས་ཅད་རང་ཉིད་ལས། །ཚད་མ་ཉིད་ཅེས་འདོད་པར་གྱིས། །ཤེས་ཕྱིར་བརྗོད་པར་
མི་བྱའོ། །འོ་ན་གོམས་པ་ན། རང་ཉིད་ལས་ཚད་མ་ཡིན་པའི་ཕྱིར་མི་སླུ་བ་ལ་མི་ལྟོས་སོ་ཞེ་ན་དེ་ལྟ་མ་ཡིན་ཏེ། དེར་ནི་འབྱུང་བར་འགྱུར་བའི་མི་སླུ་བ་ལ་མི་ལྟོས་པ་ཡིན་གྱི། སྔ་མ་ལ་མི་ལྟོས་ན་ནི་གོམས་པ་ཉིད་དུ་མི་འགྱུར་རོ། །ཕྱི་མ་ལ་མི་ལྟོས་པའི་ཕྱིར་ནི་རང་ཉིད་ལས་ཡིན་པར་བརྗོད་དོ། །དེས་ན་མ་
ཁྱབ་པའི་སྐྱོན་མེད་དོ། །དེ་ལྟར་མི་སླུ་བའི་ཤེས་པ་ལ་བརྟེན་ནས་མ་ཁྱབ་པ་སྤངས་པ་ན། གལ་ཏེ་ཞེས་བྱ་བ་ལ་སོགས་པས་ཧ་ཅང་ཁྱབ་པར་དོགས་པ་བསུ་བར་བྱེད་དོ། །ཡུལ་གྱི་ཁྱད་པར་གྱིས་ཡང་མ་ཁྱབ་པ་སྨོས་པ་ནི། སྒྲའི་ཡུལ་ཅན་གྱིས་ཞེས་བྱ་བའོ། །མེད་པ་ག་ལས་ཤེ་ན། རང་དང་གཞན་

ལས་ཞེས་སྨོས་སོ། །སྒྲ་རང་གི་ངོ་བོས་ནི་དོན་བྱེད་པ་ཡོད་པ་མ་ཡིན་ཏེ། ཡུལ་གྱི་རང་བཞིན་ཡིན་པའི་ཕྱིར་རོ། །སྒྲ་ལ་ནི་ཐོབ་པར་བྱ་བའི་དོན་བྱེད་པ་གཞན་ཡང་ཡོད་པ་མ་ཡིན་ཏེ། བརྗོད་མ་ཐག་ཏུ་འགག་པའི་ཕྱིར་རོ། །དེ་ལྟར་མི་སླུ་བའི་མཚན་ཉིད་བསལ་ནས། རང་གི་འདོད་པའི་
མཚན་ཉིད་སྐྱོན་མེད་པར་བསམས་པ་མཇུག་སྡུད་བྱེད་པ་ནི་དེའི་ཕྱིར་ཞེས་བྱ་བའོ། །རྨི་ལམ་དང་། སེར་པོར་ཤེས་པ་ནི་གནོད་པའི་ཕྱིར་ཚད་མ་ཡིན་ལ། སྒྲའི་ཡུལ་ཅན་ནི་གནོད་པ་མེད་པའི་ཕྱིར་ཚད་མ་ཡིན་ནོ། །རི་མོར་སྣང་བ་དང་། དོན་བྱེད་པར་སྣང་བ་ལ་སོགས་པ་ཡང་དེ་བཞིན་ནོ་ཞེས་
བྱ་བ་ནི། གཞན་གྱིས་བསམས་པའོ། །དེ་མ་ཐག་པའི་མ་ཁྱབ་པར་རེ་ཞིག་སྤངས་པར་སྨྲས་པ། འདི་ལྟར་ན་སྒྲ་ལས་བྱུང་བ་ཡང་ཞེས་བྱ་བའོ། །མངོན་པར་འདོད་པ་སྟོན་པའི་ཕྱིར། །ཞེས་བྱ་བ་ལ། ཅི་ད་ནི་ཐོབ་པ་ལ་སྟེ། མངོན་པར་འདོད་པ་མ་ལུས་པ་ཐོབ་པའི་ཕྱིར་ན་དེ་ཙམ་གྱིས་འདོད་པ་
ཡོངས་སུ་རྫོགས་སོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་སྒྲ་ལས་སྐྱེས་ཤིང་དོན་ལ་དམིགས་པའི་ཤེས་པ་ཡང་། སྒྲ་ལས་བྱུང་བར་བརྗོད་པ་མ་ཡིན་ནམ། འདིར་གང་ཞིག་གཟུང་ཞེས་དོགས་པ་ལ། སྒྲའི་ཡུལ་ཅན་གྱི་ཞེས་སྨོས་སོ། །ཡང་གི་སྒྲས་ནི་ཞེས་བྱ་བ་ནི་མ་བརྗོད་པར་སྡུད་པར་སྟོན་
པའོ། །གཞན་ལ་ཡང་ཞེས་བྱ་བ་ནི་རི་མོ་ལ་སོགས་པ་ལའོ། །གལ་ཏེ་མི་སླུ་བ་རྟེན་པ་ནི། ཡོངས་སུ་ངལ་བའི་འབྲས་བུ་ཙམ་དང་ལྡན་པ་མ་ཡིན་ནམ། དེས་ན་རྟོགས་པའི་བདག་ཉིད་ཀྱི། །བློ་ནི་ཚད་མ་ཉིད་ཡིན་འགྱུར། །ཞེས་བྱ་བ་ཉིད་ལེགས་སོ། །འཁྲུལ་པར་དོགས་པ་ན་ནི། གནོད་པ་མེད་
པའི་ཁྱད་པར་ཉིད་ཀྱིས་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་དོགས་ན། དོན་འདི་ཡིན་ཏེ་ཞེས་སྨོས་སོ། །གཉི་ག་ལ་ཡང་ལན་རྟོགས་སླའོ། །རྨི་སོགས་ལ་དེ་ཅིས་མ་ཡིན། །ཞེས་བྱ་བ་འདིས་ནི། ཧ་ཅང་ཁྱབ་པའི་ཆ་མཚུངས་པར་བསྟན་ཏོ། །ཁྱད་པར་ནི་འཆད་པར་འགྱུར་རོ། །གནོད་པ་ཞེས་བྱ་
བ་འདི་ཅི་ཞིག་ཅེས་བརྗོད་པ་ལ་དགོངས་པ་འདི་ཡིན་ཏེ། གནོད་པ་མེད་པའི་རྟོགས་པ་ཞེས་བྱ་བའི་མཚན་ཉིད་དོ། །དོན་དམ་པ་ལ་ལྟོས་པའམ། ཐ་སྙད་ལ་ལྟོས་ནས་ཡིན་གྲང་ན། དང་པོ་ལྟར་ན་གནོད་པ་ཞེས་བྱ་བ་མེད་པ་ཉིད་པས་ཅི་ལྟར་རྨི་ལམ་ལ་སོགས་པ་ཚད་མ་ཡིན་པ་ལྡོག་སྟེ། མ་ཁྱབ་པ་

སྤང་བར་མི་འགྱུར་རོ། །ཡང་ཇི་ལྟར་གནོད་པ་དོན་དམ་པ་མ་ཡིན་ཞེ་ན། གནོད་པ་ཞེས་བྱ་བ་འདི་ཅི་ཞིག་ཅེས་གསུངས་སོ། །གནོད་བྱེད་ཀྱིས་ནི་གནོད་བྱའི་ཤེས་པ་ལ་གནོད་པར་བྱེད་པ་ཞེས་བྱ་བ་འདིར་མེད་པར་བྱེད་པའམ། དེའི་ཡུལ་མེད་པར་ཤེས་པར་བྱེད་པ་ཞེས་
བྱ་བའི་དོན་ཡིན། དེ་ལ་རྣམ་པར་རྟོག་པ་དང་པོ་ནི་གསོག་ཉིད་ཀྱིས་གནས་པའི་ཕྱོགས་ཉེ་བར་བཟུང་ནས་སྐྱོན་སྨྲས་པ་ནི། གལ་ཏེ་གཞན་གྱིས་ཞེས་བྱ་བའོ། །རང་དོན་ནི་རང་གི་ཡུལ་ལའོ། །མེད་པར་ཞེས་བྱ་བ་ནི། གནོད་བྱའི་ཤེས་པའི་ཡུལ་ལོ། །ཕྱོགས་དང་པོའི་སྙིང་པོ་མེད་པ་ཉིད་འཇུག་པ་འགྲེལ་
པར་བྱེད་པ་ནི་རེ་ཞིག་ཅེས་བྱ་བའོ། །དེའི་དུས་ན་ཞེས་བྱ་བ་ནི་ཤེས་པ་གཞན་གྱི་དུས་ནའོ། །རང་ཉིད་ཞིག་པ་ན་འགའ་ཞིག་གིས་གནོད་དོ་ཞེས་དོགས་པ་ལ། མིག་བཙུམས་པ་ཙམ་གྱིས་ཞེས་གསུངས་སོ། །རྟོགས་པ་ཡང་མེད་དོ་ཞེས་བྱ་བ་ནི། གཞན་གྱིས་ཀྱང་ཐ་སྙད་དུ་མི་བྱེད་དོ་ཞེས་བྱ་བར་བསམས་
པའོ། །དེས་ན་གཞན་གྱིས་བསམ་པས་ཀྱང་ཕྱོགས་གཉིས་པ་ཉིད་ཡིན་ནོ་ཞེས་སྟོན་པར་བྱེད་པ་ནི། ཤེས་པ་གཞན་གྱིས་ཞེས་བྱ་བ་ལ་སོགས་པའོ། །སུན་འབྱིན་པ་ནི་རང་གི་ཡུལ་ཞེས་བྱ་བ་ལ་སོགས་པའོ། །འདི་ག་ལས་ཡིན་ཏེ། གང་གི་ཕྱིར་རང་གི་ཡུལ་ལ་ཞུགས་པ་དེ་ཉིད་ཀྱི་ཕྱིར་གཞན་འགོག་པར་
བྱེད་པ་ཡིན་ཏེ། མ་བཀག་ན་ནི་རང་གི་རང་བཞིན་ཅི་ལྟ་བར་གཞན་གྱི་རང་བཞིན་ཡང་སྣང་བར་འགྱུར་བའི་ཕྱིར། དེ་གཅིག་ཏུ་ངེས་པར་མི་རྟོགས་པར་ཐལ་བར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་ཡོངས་སུ་གཅོད་ཅིང་། དེ་ལས་གཞན་རྣམ་པར་གཅོད་པ་དང་། ཕུང་པོ་གསུམ་པ་མེད་པར་སྟོན་པར་བྱེད་དོ་ཞེས་བྱ་བ་ལ་སོགས་པ་
བརྗོད་པ་ཡིན་ནོ། །འོན་ཏེ་ཤེས་པ་གཅིག་པ་ལ་ཕྱོགས་པས་འཇུག་པ་ན། དེ་སྒྲུབ་པར་བྱེད་པས་དེ་ལས་གཞན་ལ་སྒྲུབ་པ་དང་། དགག་པ་མི་བྱེད་དེ་གཅིག་ལ་ནི་འབྲས་བུ་གཉིས་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་ཚུལ་གྱིས་སོ་ཞེ་ན། རེ་ཞིག་གཅིག་ལ་ཕྱོགས་པའི་ཤེས་པས་གཞན་ཡུལ་དུ་བྱེད་པར་མི་ནུས་སོ་ཞེས་བྱ་བ་
འདི་ནི་རིགས་ཏེ། དེ་རྣམ་པ་གཅིག་ཏུ་ངེས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་གལ་ཏེ་གཞན་དགག་པ་བྱེད་པར་ཁས་ལེན་པ་ལ། ཉེས་པ་ཅི་འདྲ་བ་ཞིག་ཡོད། གཅིག་ལ་འབྲས་བུ་གཉིས་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ཡང་རྒྱལ་པོའི་བཀའ་མ་ཡིན་ཏེ། མར་མེ་ལ་སོགས་པ་གཅིག་ལ་ཡང་བྱེད་པ་དུ་མ་མཐོང་བའི་

ཕྱིར་རོ། །གང་ལས་རྣམ་པ་གཅིག་ཏུ་ངེས་པའི་ཕྱིར་དེ་མི་སྲིད་པར་འགྱུར་བ་དངོས་པོ་མེད་པ་ནི་རྣམ་པའི་ཁྱད་པར་ཡོངས་སུ་འཛིན་པ་ནི་མ་ཡིན་གྱི། འོན་ཀྱང་དངོས་པོ་མེད་པ་འཛིན་པ་ནི་ངེས་པ་ཙམ་ཡིན་ནོ། །དེ་ནི་ཉམས་པ་མེད་པ་ཉིད་དེ། མེ་མཐོང་བའི་སྐོམ་པ་ནི་ཆུ་མེད་པར་ངེས་པ་མེད་ན། མི་འཇུག་
པ་མ་ཡིན་པའི་ཕྱིས་བྱེད་པ་གཉི་ག་དང་ལྡན་པ་མཐོང་བའི་ཕྱིར། སྐྱོན་མ་ཡིན་ནོ། །དོགས་པ་འདི་བསུ་ནས་མངོན་སུམ་ལ་ནི་ཐ་དད་པའི་འཛིན་པའི་ནུས་པ་ཡོད་པ་ཡིན་ནོ་སྙམ་དུ་ཞེ་ལ་བཞག་སྟེ། རང་གི་ཡུལ་ལ་འཇུག་པས་ནི་ཞེས་བྱ་བ་ལ་སོགས་པ་ལན་གནད་དུ་ཕོག་པ་སྨྲས་སོ། །འདི་ལ་སྔོན་པོ་བཟུང་
བ་ནི་སྔོན་པོ་མ་ཡིན་པ་མེད་པར་ངེས་པ་ནི། ཐ་དད་པར་འཛིན་པ་སྔོན་དུ་འགྲོ་བ་ཅན་ཡིན་ནོ། །ཐ་མི་དད་པར་འཛིན་པའམ་ཐ་དད་པར་མི་འཛིན་པར་ནི་མངོན་སུམ་གྱིས་གཞན་མེད་པར་ངེས་པར་མི་རིགས་ལ། ཐ་དད་པ་དེ་ཡང་གཟུང་བར་ནུས་པ་མ་ཡིན་ནོ། །འདི་ཡང་མདུན་དུ་འཆད་པར་འགྱུར་རོ། །འོན་ཏེ་ཐ་དད་
པར་ངེས་པ་ལས་དངོས་པོ་མེད་པ་ཡིན་ནོ་ཞེ་ན། འོ་ན་དངོས་པོ་མེད་པ་འཛིན་པ་ལས་ཐ་དད་པར་ངེས་པ་ཡིན་པའི་ཕྱིར། ཕན་ཚུན་བསྟེན་པར་བསལ་ལོ། །དེའི་ཕྱིར་ཚད་མའི་དབྱེ་བ་ནི་རང་གི་ཡུལ་ལ་རག་ལས་པ་ཡིན་པས། གཞན་འགོག་པའི་གཏམ་ཡང་མེད་དོ། །དེས་ན་དེ་ཡོངས་སུ་གཅོད་ཅེས་བྱ་བ་
ལ་སོགས་པ་ནི་ཀུན་རྫོབ་པ་ཉིད་ཡིན་ལ་འདི་ནི་དེ་ཁོ་ན་རྣམ་པར་དཔྱོད་པའི་སྐབས་ཡིན་ནོ། །མཐོང་བ་ནི་མི་འཐད་པ་མེད་དོ་ཞེས་བྱ་བ་ཡང་གྲུབ་པའི་མཐའ་ཡིན་པའི་ཕྱིར་རོ། །མེ་མཐོང་བའི་དེ་མ་ཐག་ཏུ་ཆུ་མེད་པར་ངེས་པའི་ཕྱིར་འདིར་ཆད་པ་མེད་དོ། །ད་ནི་དེའི་བྱེད་པ་དང་མི་འགལ་བར་བག་ཆགས་ཙམ་དང་
འབྲེལ་པ་ཡིན་པའི་ཕྱིར་འདི་ལ་མཐོང་བར་བྱེད་པ་མེད་དོ། །རྣམ་པར་དཔྱད་པའི་སྐབས་སུ་ནི་རང་གི་བདག་ཉིད་བཞིན་དུ་དངོས་པོ་མེད་པ་ངེས་པར་མི་ནུས་པ་དེས་ན་རྨི་ལམ་གྱི་ཤེས་པ་ནི། ཡུལ་མེད་པར་ཤེས་པ་སད་པའི་ཤེས་པས་གནོད་པ་མ་ཡིན་ནོ་ཞེས་གནས་སོ། །གལ་ཏེ་ཉ་ཕྱིས་དང་དངུལ་ལ་སོགས་པའི་
ཤེས་པ་བཞིན་དུ་གནོད་བྱ་གནོད་བྱེད་ཀྱི་དངོས་པོ་འཇིག་རྟེན་ན་རྟོགས་པ་ཉིད་མ་ཡིན་ནམ་བསྟན་བཅོས་སུ་ཕྱོགས་ཀྱི་གནོད་པ་རྣམ་པ་བཞི་བཀོད་པའི་ཕྱིར་ཁྱོད་ཀྱིས་ཀྱང་ཁས་བླངས་པ་ཉིད་མ་ཡིན་ནམ་སྙམ་དུ་བསམས་ནས། འོ་ན་ཅི་ལྟར་ཞེས་འདྲི་བར་བྱེད་དོ། །གྲུབ་པའི་མཐའ་སྨྲས་པ་ནི་འདི་ཡང་དག་པའི་ཀུན་

རྫོབ་ཡིན་ནོ་སྙམ་དུ་བསམས་ནས་ཅི་ལྟར་ཡང་མ་ཡིན་ནོ་ཞེས་གསུངས་ཏེ། སྐབས་ཀྱི་དེ་ཁོ་ན་ཉིད་དུ་ཞེས་བྱ་བར་ལྟའོ། །དེ་ལྟར་ཡིན་དང་སྐབས་སུ་བབ་པ་གྲུབ་པ་ཞེས་སྟོན་པ་ནི། དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ལ་སོགས་པའོ། །འདིས་ནི་དོན་དམ་པ་ལ་ལྟོས་ཏེ། གནོད་པ་མེད་པའི་མཚན་
ཉིད་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །དེ་ལྟ་ན་ཐ་སྙད་ལྟོས་ནས་འགྱུར་རོ། །ཐ་སྙད་དུ་ནི་གནོད་བྱ་གནོད་བྱེད་ཀྱི་དངོས་པོ་མེད་པ་མ་ཡིན་ཏེ། གནོད་པ་རྣམ་པ་བཞི་བཀོད་པ་མི་འཐད་པར་ཐལ་བའི་ཕྱིར་རོ། །མི་སླུ་བའི་མཚན་ཉིད་ཀྱང་ཀུན་རྫོབ་པ་ཁོ་ན་ཡིན་པའི་ཕྱིར་དེ་དག་ཁྱད་པར་ཅི་ཡོད། གནོད་
པ་མེད་པས་ནི་རྨི་ལམ་གྱི་ཤེས་པར་སྤྱད་པར་ནུས་ཀྱི། མི་སླུ་བ་ཉིད་ཀྱིས་ནི་མ་ཡིན་ཏེ། དེ་ལ་ཡང་དོན་བྱེད་པ་མྱོང་བའི་ཕྱིར་རོ་ཞེ་ན། གལ་ཏེ་གཉི་ག་ཐ་སྙད་པ་ཡིན་པ་དེ་ལྟ་ན་ཡང་ཐམས་ཅད་དོན་བྱ་བ་དོན་དུ་གཉེར་བས་ཚད་མ་ཆོལ་བ་ན། ངེས་པར་དོན་བྱེད་པ་ལ་མི་སླུ་བ་ལ་ལྟོས་པར་འགྱུར་
རོ། །དེས་ན་ཐ་སྙད་ཀྱི་ངོ་བོར་མི་སླུ་བ་ཉིད་ཚད་མའི་མཚན་ཉིད་དུ་རིགས་སོ། །དེ་ལྟར་གནོད་པ་མེད་པས་ནི་འགའ་ཡང་དོན་དུ་འགྱུར་བ་མ་ཡིན་ནོ། །འོན་ཏེ་གནོད་པའི་ཕྱིར་དོན་བྱ་བ་མ་ཐོབ་པས་ན། གནོད་པ་མེད་པ་ཉིད་ཀྱིས་