Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 183
Văn bản gốc(Tây Tạng)
Trang 8 / 19 (50.000 ký tự/trang)
་སོགས། །མིག་སོགས་རྣམས་ཀྱིས་མྱོང་ན་ནི། །གཟུགས་སོགས་བུད་མེད་སོགས་ཐ་དད། །ནམ་ཡང་མིག་གིས་འཛིན་མི་འགྱུར། །ཞེས་བྱ་བ་ལ། ཕྱི་རོལ་གྱི་དོན་མེད་པར་དེ་ཡིས་བསྐྱེད་པའི་བདེ་བ་ལ་སོགས་པ་མིག་ལ་སོགས་པས་མྱོང་ན་ ནི་བདེ་བ་དང་སྡུག་བསྔལ་ལ་སོགས་པའི་རྒྱུ་གཟུགས་ལ་སོགས་པ་ཐ་དད་པ་རྗེས་སུ་མཐུན་པ་དང་མི་མཐུན་པའི་བུད་མེད་ལ་སོགས་པ་ཐ་དད་པར་མི་འཛིན་པ་ཡིན་ཏེ། བདེ་བ་ཡན་གར་དུ་འཛིན་ན་རྒྱུ་ཅི་ཡང་རུང་བ་ཡོད་ན་ཡང་རྟོགས་པར་འགྱུར་བ་དང་རྟག་པར་རྟོགས་པར་འགྱུར་གྱི། བདེ་བ་ལ་སོགས་པའི་རྒྱུ་དོན་ཡིན་པར་ཇི་ལྟར་རྟོགས་པར་འགྱུར། འོ་ན་ཇི་ལྟར་བདེ་བ་ཉེ་བས་འཛིན་པ་དེ་བཞིན་དུ་ཕྱི་རོལ་ཡང་མིག་གིས་འཛིན་པར་འདོད་ཅེ་ན། སྨྲས་པ། ནང་དོན་རྒྱུ་ནུས་ཅན་ཡོད་ན། །བློ་ནི་ཕྱི་རོལ་མཐོང་ལྡན་མིན། །ཞེས་བྱ་བ་ལ། ནང་གི་རྒྱུ་ཉེ་བར་གྱུར་པ་བདེ་བའི་མཚན་ཉིད་ཅན་ གྱི་དོན་ནུས་པ་ཅན་དུ་གྲུབ་ན། བློ་ནི་བུད་མེད་ལ་སོགས་པ་ཐ་དད་པའི་ཕྱི་རོལ་ལ་མཐོང་བར་རིགས་པ་མ་ཡིན་ནོ། །གལ་ཏེ་བདེ་བ་མྱོང་བར་མ་གྱུར་ན་ཡང་དེའི་ཚེ་ཕྱི་རོལ་གྱི་དོན་མཐོང་བར་འགྱུར་རོ། །འོན་ཏེ་དོན་འཛིན་པ་ཉིད་དུ་ཡང་འདོད་དེ། མི་རྟག་པའི་བདེ་བ་དོན་ལས་སྐྱེས་པ་ཅན་ཡིན་ནོ་ཞེ་ན། སྨྲས་པ། དོན་འཛིན་ན་དེ་ལས་སྐྱེས་པ་ཡི། །བདེ་བ་ལ་སོགས་མྱོང་མི་འགྱུར། །ཞེས་བྱ་བ་ལ། དོན་འཛིན་པའི་ཚེ་དོན་དེ་ལས་སྐྱེས་པའམ། རྟག་པའི་བདེ་བ་རྣམས་འཛིན་པར་མི་འགྱུར་ཏེ། ཤེས་པ་ཅིག་ཅར་མི་སྐྱེ་བའི་ཕྱིར་རོ། །གཅིག་གིས་བདེ་བ་དང་གཟུགས་རིག་པར་བཀག་པ་ཡིན་ནོ། །འོན་ཏེ་ ཤེས་པ་ཅིག་ཅར་སྐྱེ་བ་དེ་ལྟ་ན་ཡང་སྐྱོན་འདི་ཡོད་དེ་བློ་དག་ཅིག་ཅར་སྐྱེ་བ་ན། ཡུལ་ནི་དེ་དང་དེ་ཡོད་ཕྱིར། །དོན་ནི་ཅིག་ཅར་ཡོད་པ་ན། །བདེ་སྡུག་དག་ནི་མྱོང་བར་འགྱུར། །ཞེས་བྱ་བ་ལ། བདེ་བ་དང་གཟུགས་འཛིན་པའི་བློ་དག་ཅིག་ཅར་སྐྱེ་བ་ཡོད་ན་ནི། འདོད་པ་དང་མི་འདོད་པའི་དོན་ཅིག་ཅར་ཡོད་ ན་བདེ་བ་དང་སྡུག་བསྔལ་ཅིག་ཅར་སྐྱེ་བར་འགྱུར་ཏེ། འདོད་པ་དང་མི་འདོད་པ་དེ་དང་དེའི་ཡུལ་ཡོད་པའི་ཕྱིར་རོ། །བདེ་བ་དང་སྡུག་བསྔལ་ཅིག་ཅར་སྐྱེ་བར་མཐོང་བ་ནི་མ་ཡིན་ནོ། །འོ་ན་གལ་ཏེ་ཅིག་ཅར་བདེ་བ་དང་སྡུག་བསྔལ་ཡོད་པ་དེའི་ཚེ་དེ་རིག་པ་ཅིག་ཅར་མྱོང་བར་འགྱུར་ན། གང་གི་ཕྱིར་ ཅིག་ཅར་བདེ་བ་དང་སྡུག་བསྔལ་སྐྱེ་བ་མ་ཡིན་ནོ། །སྨྲས་པ། ནང་གི་ཉེར་ལེན་ཤེས་པ་ནི། །ཡོད་ན་སྡུག་བསྔལ་ལ་སོགས་འབྱུང་། །ཉེར་ལེན་མིན་པའི་འགལ་བ་དེ། །གཅིག་གི་མིན་པར་འདོད་ཅེ་ན། །ཞེས་བྱ་བ་ནི། རྣམ་པར་ཤེས་པ་ནང་གི་ཉེ་བར་ལེན་པའི་རྒྱུ་ཡོད་ན། བདེ་བ་དང་སྡུག་ བསྔལ་ལ་སོགས་པ་འབྱུང་བ་ཡིན་ལ། ཤེས་པའི་ཉེ་བར་ལེན་པས་བདེ་བ་དང་སྡུག་བསྔལ་ལ་སོགས་པ་འགལ་བ་ཅིག་ཅར་རིགས་པ་མ་ཡིན་ནོ་ཞེ་ན། འདིར་ལན་སྨྲས་པ། རྣམ་ཤེས་དེ་ནི་གང་གིས་ན། །མི་ཤེས་པ་ཡི་ཉེར་ལེན་རྒྱུ། །བདག་པོ་ཉིད་ཀྱང་བྱེད་པ་ནི། །དེ་ནི་འགལ་བ་ལ་ཡང་སྣང་། ། དཔེར་ན་སྣང་གཅིག་མཚན་རྒྱུ་དང་། །དེ་ལས་གཞན་པའི་མིག་གཉིས་ཀྱིས། །གཟུགས་མཐོང་བ་མི་མཐུན་མཐུན་དང་། །མཐུན་པ་ཅིག་ཅར་བྱེད་པ་བཞིན། །ཞེས་བྱ་བ་ལ། ཉེ་བར་ལེན་པ་གཅིག་གིས་འགལ་བའི་འབྲས་བུ་ཅིག་ཅར་མི་སྐྱེད་དོ་ཞེས་བྱ་བ་འདི་ནི་རིགས་ཏེ། འོན་ཀྱང་མི་ཤེས་པ་ སྟེ་རྟོགས་པ་མེད་པའི་རང་བཞིན་བདེ་བ་ལ་སོགས་པའི་རྒྱུར་ཤེས་པ་ཇི་ལྟར་འགྱུར་ཏེ། རིགས་མཚུངས་པ་ཉེ་བར་ལེན་པ་ཡིན་པའི་ཕྱིར་རོ། །བདག་པོ་ཉིད་དེ་ཕན་འདོགས་པར་ནི་བྱེད་པ་ཉིད་དེ། བདག་པོ་དེ་ནི་འབྲས་བུ་འགལ་བ་ལ་ཡང་ཅིག་ཅར་སྣང་བ་ཡིན་ནོ། །དཔེར་ན་སྣང་བའི་སྒྲོན་མ་གཅིག་ མཚན་མོ་རྒྱུ་བའི་འུག་པས་གཟུགས་མཐོང་བ་དང་མི་མཐུན་པ་དང་། དེ་ལས་གཞན་པ་ཉིན་མོ་མཐོང་བ་ཅན་གྱིས་གཟུགས་མཐོང་བ་དང་མཐུན་པར་བྱེད་པ་བཞིན་ནོ། །དེ་ཕྱིར་བདེ་བ་ལ་སོགས་དོན། །རང་ལ་འཕོ་བར་སྣང་ཅན་དང་། །རང་གི་བདག་ཉིད་རིག་པ་པོ། །དེ་དག་དོན་ལས་སྐྱེས་ པ་ཅན། །ཞེས་བྱ་བ་ནི། གལ་ཏེ་བདེ་བ་ལ་སོགས་པ་མ་རྟོགས་པ་མེད་པའི་ངོ་བོ་ཉིད་ཡིན་ལ། གཟུགས་ཡོད་ན་སྐྱེ་བ་ཡིན་པས་དེའི་ཚེ་འདོད་པ་དང་མི་འདོད་པའི་ཡུལ་མངོན་དུ་བྱེད་པ་ན་བདེ་བ་དང་སྡུག་བསྔལ་ཅིག་ཅར་རིག་པར་འགྱུར་བ་བཞིན་དུ། སངས་རྒྱས་པ་ལ་ནི་ཅིའི་ཕྱིར་བདེ་བ་ དང་སྡུག་བསྔལ་ཅིག་ཅར་མྱོང་བར་མི་འདོད་ཅེ་ན། བག་ཆགས་སད་པ་ལ་དེ་ལྟ་བུ་མེད་པའི་ཕྱིར། དོན་ཡོད་ཀྱང་བདེ་བ་ལ་སོགས་པ་མི་སྐྱེ་སྟེ། དཔེར་ན་གཟུགས་སྣང་བ་ཡོད་ཀྱང་རེས་འགའ་ཉིད་རྟོགས་པ་སྐྱེའི། རྟག་ཏུ་ནི་མ་ཡིན་པ་བཞིན་ནོ། །འོན་ཏེ་གཞན་གྱི་ཡང་བག་ཆགས་དང་བདེ་ བ་ལ་སོགས་པ་འབྲེལ་པ་ཉིད་ཀྱི་ཕྱིར། ཅིག་ཅར་དོན་ཉེ་བར་གྱུར་ཀྱང་བདེ་བ་དང་སྡུག་བསྔལ་ཅིག་ཅར་སྐྱེ་བ་ནི་མ་ཡིན་ནོ་ཞེ་ན། དེ་ལྟ་ན་འོ་ན་ནི་བདེ་བ་ལ་སོགས་པ་བག་ཆགས་དང་འབྲེལ་ན་རྟོགས་པའི་ངོ་བོ་ཉིད་ཁོ་ན་སྟེ། དྲན་པ་དང་ངོ་ཤེས་པ་དག་གི་བཞིན་ནོ། །འོན་ཏེ་དྲན་པ་ཡང་རང་རིག་ པའི་ངོ་བོ་ཉིད་ཅན་མ་ཡིན་ཏེ་དྲན་པ་ནི་ཁ་དོག་དང་དབྱིབས་ཀྱི་རྣམ་པ་ཅན་ཉིད་ཀྱི་དོན་སྣང་བའི་ཕྱིར་རོ། །དེ་བས་ན་དྲན་པ་དོན་ཉིད་རིག་པ་ཡིན་ནོ་ཞེ་ན། འོ་ན་གལ་ཏེ་དྲན་པ་ལ་དོན་སྣང་སྟེ་མངོན་སུམ་བཞིན་ཡིན་ན་དྲན་པའི་ཡུལ་དོན་རྟོགས་པར་འགྱུར་བས་དྲན་པས་དོན་རང་གི་ངོ་བོ་ ཉིད་ཀྱིས་གསལ་བར་གྱུར་ན་མངོན་སུམ་མ་ཡིན་པར་འགྱུར་བར་མི་རུང་སྟེ། རང་གི་ངོ་བོ་ཉིད་གསལ་བ་ཉིད་མངོན་སུམ་ཡིན་པའི་ཕྱིར་དང་། མངོན་སུམ་གྱིས་མཚན་ཉིད་དུ་གཞན་མི་འཐད་པའི་ཕྱིར་རོ། །དེའི་ཕྱིར་གསལ་བར་གྱུར་པའི་ཡུལ་ཅན་གྱི་དོན་ནི་མངོན་སུམ་ཉིད་དུ་འགྱུར་ན། དེ་ལྟར་ནི་མ་ ཡིན་ནོ། །དེའི་ཕྱིར་དེ་རང་རིག་པའི་ངོ་བོ་ཉིད་ཡིན་ནོ། །འོན་ཏེ་དྲན་པས་སྔ་མ་དང་ལྐོག་ཏུ་གྱུར་པ་ཉིད་ཀྱི་སྒོ་ནས་དོན་སྣང་བ་ཡིན་ནོ་ཞེ་ན། འོ་ན་ལྐོག་ཏུ་གྱུར་པ་ཉིད་དུ་གང་གིས་ཤེས། མངོན་སུམ་གྱིས་ནི་མ་ཡིན་ཏེ། དེ་ལྐོག་ཏུ་གྱུར་པའི་ཡུལ་ཅན་མ་ཡིན་པའི་ཕྱིར་རོ། །འོན་ཏེ་དྲན་པ་ཉིད་ལྐོག་ཏུ་ གྱུར་པའི་འཛིན་པའོ་ཞེ་ན། མངོན་སུམ་གྱིས་མཐོང་བ་ལ་དྲན་པ་འཇུག་པ་མ་ཡིན་ནམ། སྔར་མེད་པ་འཛིན་པ་ནི་དྲན་པར་རིགས་པ་མ་ཡིན་ཏེ། དྲན་པ་སྔར་མེད་པའི་དོན་འཛིན་པ་མ་ཡིན་ལ། མངོན་སུམ་ལྐོག་ཏུ་གྱུར་པ་འཛིན་པ་ཡང་མ་ཡིན་ནོ། །དེའི་ཕྱིར་དྲན་པ་ནི་ལྐོག་ཏུ་གྱུར་པའི་དོན་འཛིན་པ་ ཅན་མ་ཡིན་ནོ། །དྲན་པ་ནི་དོན་ལ་དོན་དུ་ཤེས་པ་ཡོད་པ་མ་ཡིན་ཏེ། འདི་ལྟར་གང་སྔར་མཐོང་བ་དེ་དོན་ཡིན་ལ། འདི་ནི་སྔར་མེད་པ་ཉིད་སྐྱེས་པ་ཡིན་པའི་ཕྱིར། དྲན་པའི་རྣམ་པ་ཅན་གྱི་ཤེས་པ་ནི་དོན་གྱི་ཁྱད་པར་གྱི་ངོ་བོ་ཉིད་ཅན་དུ་དྲན་པ་ཉིད་སྣང་བ་ཡིན་ནོ། །སྔར་མཐོང་བའི་སྟོབས་ལས་ སྐྱེས་པའི་སྔོན་པོ་ལ་སོགས་པའི་རྣམ་པ་ནི་དྲན་པའི་བདག་ཉིད་དུ་གྱུར་པ་ཁོ་ནའོ། །དེའི་ཕྱིར་ཇི་ལྟར་མཐོང་བའི་འདུ་བྱེད་ལས་སྐྱེས་པར་གྱུར་པའི་དྲན་པ་ནི་བདག་ལ་འཕོས་པའི་དོན་འཛིན་པ་སྟེ། དེ་བཞིན་དུ་བདེ་བ་ལ་སོགས་པའི་དོན་ནང་གི་རེག་བྱའི་ཁྱད་པར་རྣམས་རང་ལ་དེ་བདེ་བ་ལ་སོགས་ པའི་བདག་ཉིད་ལ་འཕོ་བར་སྣང་བ་ཅན་རིག་པ་པོ་ཡིན་ཞིང་། རང་གི་བདག་ཉིད་དེ་བདེ་བ་ལ་སོགས་པའི་རྣམ་པའི་ཡང་རིག་པ་པོ་ཡིན་ནོ། །དེ་བས་ན་དེ་ལས་འདུ་བྱེད་པ་འཇུག་པར་གྱུར་པའི་དོན་ནང་གི་རེག་བྱའི་ཁྱད་པར་བདེ་བ་ལ་སོགས་པའི་རྣམ་པས་ཐ་དད་པ་རང་གི་བདག་ཉིད་དུ་གྱུར་ པ་ཉིད་རིག་པ་པོ་ཡིན་པའི་ཕྱིར་རང་རིག་པ་ཁོ་ན་ཡིན་ནོ། །མདུན་ན་གནས་པ་ནི་དོན་རྣམས་ལས་བདེ་བ་ལ་སོགས་པ་དེ་དག་བག་ཆགས་སད་པ་ལས་སྐྱེས་པ་འབའ་ཞིག་ཏུ་ཟད་དེ། འདི་ལྟར་འཁྱུད་པས་བདེ་བ་འདུས་བྱས་ན་ཤིན་ཏུ་བརྟན་པར་སྐྱེས་ནས་ཡང་རེག་པ་དང་ལྷན་ཅིག་སྤྱོད་པའི་ གཟུགས་མཐོང་བ་ལས་སད་པར་གྱུར་པས་དེ་ལྟ་བུར་གྱུར་པ་ཉིད་ཀྱི་ནང་གི་རེག་པའི་བདེ་བ་སྐྱེ་བར་འགྱུར་བ་བཞིན་ནོ། །འོ་ན་གལ་ཏེ་མདུན་ན་གནས་པའི་དོན་རྣམས་ལས་བདེ་བ་ལ་སོགས་པ་སྐྱེས་ན། དེ་ལྟ་ན་ནི་དེ་གནས་པའི་གཟུགས་ཀྱི་རིག་པར་བྱེད་པར་བདེ་བ་ལ་སོགས་པ་མི་འགྱུར་ རམ། དེའི་ཕྱིར་ཅི་སྟེ་རང་ལ་འཕོ་བར་སྣང་བ་ཅན་རིག་པར་བྱེད་ཅེས་བརྗོད་ཅེ་ན། སྨྲས་པ། དོན་གྱི་བདག་ཉིད་རང་བདག་ཡིན། །དེས་ན་དེ་དག་དེས་མྱོང་འགྱུར། །དེ་ཕྱིར་དོན་མྱོང་བར་བཤད་དེ། །དམིགས་པ་དག་ནི་དེར་སྣང་བའོ། །ཞེས་བྱ་བ་ལ། བདེ་བ་ལ་སོགས་པ་དེ་དག་རང་རིག་ པའི་བདག་ཉིད་དུ་གྱུར་པའི་དོན་གྱི་ངོ་བོ་ཉིད་དེ། ནང་གི་རེག་བྱའི་ཁྱད་པར་ཡིན་ཏེ། བདེ་བ་ལ་སོགས་པ་དེ་དག་གིས་ཉམས་སུ་མྱོང་བར་འགྱུར་རོ། །བདག་ཉིད་དུ་གྱུར་པའི་ནང་གི་རེག་བྱའི་ཁྱད་པར་རིག་པ་དེའི་ཕྱིར་རེག་པར་བྱ་བའི་ཁྱད་པར་གྱི་དོན་རྣམས་མྱོང་བར་བཤད་དེ། དེ་ལྟ་མ་ཡིན་ པར་ཐ་དད་པར་རིག་པ་ཡིན་ན་ནི་བདེ་བ་ཉམས་སུ་མྱོང་བའོ་སྙམ་དུ་འབྲེལ་པར་མི་འགྱུར་ཏེ། རང་གི་ངོ་བོ་ཉམས་སུ་མྱོང་བའི་ཕྱིར། རང་གི་ངོ་བོ་རྟོགས་པའི་རང་བཞིན་དུ་རྒྱུའི་སྟོབས་ལས་སྐྱེ་བར་རིགས་པ་དེའི་ཕྱིར་ཉམས་སུ་མྱོང་བ་ཞེས་བཤད་དོ། །བདེ་བ་ལ་སོགས་པ་དམིགས་པ་དག་ནི་ནང་གི་ རེག་བྱ་སྣང་བ་ཅན་ཉིད་དོ། །ཁ་ཅིག་བདེ་སོགས་སེམས་མེད་དང་། །ཕྱི་ན་གནས་དང་གཟུང་བ་རུ། །སྨྲ་བར་བྱེད་པ་དེ་དག་གིའང་། །ཅིག་ཅར་གཉིས་འཛིན་མི་འཐད་དོ། །ཞེས་བྱ་བ་ནི། གྲངས་ཅན་ཁ་ཅིག་སྒྲ་ལ་སོགས་པ་བཞིན་བདེ་བ་དང་སྡུག་བསྔལ་ལ་སོགས་པ་ཕྱི་རོལ་ན་གནས་པ་དང་ སེམས་མེད་པ་ཉིད་དང་གཟུང་བར་སྨྲ་བར་བྱེད་པའི་གྲངས་ཅན་དེའི་ཡང་ཅིག་ཅར་བདེ་བ་ལ་སོགས་པ་དང་སྔོན་པོ་ལ་སོགས་པ་གཉིས་གདོན་མི་ཟ་བར་འཛིན་པར་མི་འཐད་དེ། གདོན་མི་ཟ་བར་སྔོན་པོ་དང་སེར་པོ་དང་ལྷན་ཅིག་པ་ཉིད་དུ་དམིགས་པར་ངེས་པ་མེད་པ་དེ་བཞིན་དུ་བདེ་བ་ལ་སོགས་པ་ ཡང་ཕྱི་རོལ་དང་ལྷན་ཅིག་དམིགས་པར་ངེས་པ་མ་ཡིན་ནོ། །བདེ་སོགས་སྔོ་སོགས་དང་ཐ་དད། །མིན་ཅན་དངོས་ཕྱིར་གཅིག་འཛིན་ན། །ཞེས་བྱ་བ་ནི་བདེ་བ་དང་སྡུག་བསྔལ་དང་རྨོངས་པ་ཉིད་སྔོན་པོ་ལ་སོགས་པ་གང་དག་དང་ཐ་དད་པ་མ་ཡིན་པ་ཉིད་ཀྱི་ཕྱིར་སྔོན་པོ་དང་བདེ་བ་ལ་ སོགས་པ་ཅིག་ཅར་འཛིན་པ་ཡིན་ནོ་ཞེ་ན། འདིར་སྨྲས་པ། ཐ་དད་སྣང་ཅན་སེམས་ཀྱི་ཡུལ། །དེ་ལས་ཐ་དད་མེད་དམ་ཅི། །ཞེས་བྱ་བ་སྟེ། སྔོན་པོ་ལ་སོགས་པ་དང་བདེ་བ་ལ་སོགས་པའི་ངོ་བོ་ཐ་དད་པར་སྣང་བ་གང་ལ་ཡོད་པའི་སེམས་དེ་དག་གི་གཟུང་བའི་ཡུལ་ནི། བདེ་བ་ལ་སོགས་པ་ དང་སྔོན་པོ་ལ་སོགས་པ་དེ་ལས་ཅིའི་ཕྱིར་ཐ་མི་དད་པར་འགྱུར་ཏེ། བདེ་བ་དང་སྡུག་བསྔལ་ལ་སོགས་པ་བཞིན་དུ་སྔོན་པོ་ལ་སོགས་པ་དང་བདེ་བ་ལ་སོགས་པ་ཡང་སྣང་བ་ཐ་དད་པས་ཐ་དད་པ་ཉིད་དུ་འཐད་དོ་ཞེས་བྱ་བའི་ཐ་ཚིག་གོ། །རྒྱུ་ཐ་དད་པས་ཀྱང་སྔོན་པོ་ལ་སོགས་པ་ཐ་དད་བདེ་བ་ལ་སོགས་པ་ ཐ་དད་པར་བསྟན་པའི་ཕྱིར། ཕྱི་རོལ་དེ་ཐ་མི་དད་ཀྱང་། །གོམས་པ་ཤིན་ཏུ་ཕུལ་བྱུང་ལས། །བློ་ལ་དགའ་དང་གདུང་བ་ཡིས། །ཤིན་ཏུ་ཕུལ་བྱུང་མེད་པར་འགྱུར། །ཞེས་བྱ་བ་སྨོས་ཏེ། གལ་ཏེ་བདེ་བ་ལ་སོགས་པ་སྔོན་པོ་ལ་སོགས་པའི་ངོ་བོ་ཉིད་ཡིན་ན། འོ་ན་ནི་ཕྱི་རོལ་པ་དེ་ལ་ཁྱད་པར་མེད་ཅིང་ ཚུལ་གཅིག་པས་གོམས་པའི་ཁྱད་པར་ལས་སྔོན་པོ་ལ་སོགས་པ་བཞིན་དུ་བློ་ལ་དགའ་བ་དང་གདུང་བ་ཤིན་ཏུ་ཕུལ་དུ་བྱུང་བའི་དངོས་པོ་མེད་པར་འགྱུར་ན། གོམས་པའི་བྱེ་བྲག་ལས་བུད་མེད་གཅིག་ལ་དགའ་བ་དང་ཡོངས་སུ་གདུང་བ་སྐྱེ་བར་མཐོང་བ་ཡང་ཡིན་ནོ། །བདེ་བ་ཕུལ་དུ་བྱུང་བ་ ཡང་འགྲོ་བ་བཟང་མོའི་མིག་དང་ནུ་མ་དང་འཛུམ་པ་ལ་སོགས་པའི་ཆ་བྱད་ཀྱི་བྱེ་བྲག་གིས་རང་བཞིན་ཐ་དད་པར་འགྱུར་བའི་ཕྱིར་བདེ་བ་ལ་སོགས་པ་ནི་སྔོན་པོ་ལ་སོགས་པའི་རང་བཞིན་ཅན་མ་ཡིན་ནོ། །གལ་ཏེ་བློ་ཡང་བདེ་སོགས་པའི། །བདག་ཉིད་ཅན་དུ་འགལ་མེད་ན། །ད་ནི་བདེ་ སོགས་བདག་ཉིད་དེ། །ཕྱི་རོལ་དུ་ནི་ཇི་ལྟར་རྟོགས། །ཞེས་བྱ་བ་ནི། འོ་ན་ཇི་ལྟར་སྒྲ་ལ་སོགས་པ་བདེ་བ་ལ་སོགས་པའི་ངོ་བོ་ཉིད་ཅན་ཡིན་པ་དེ་བཞིན་དུ་བློ་ཡང་བདེ་བ་དང་སྡུག་བསྔལ་གྱི་བདག་ཉིད་ཅན་ཏེ། དེའི་ཕྱིར་བློ་ཡང་བདེ་བ་ལ་སོགས་པའི་བདག་ཉིད་ཅན་ཡིན་པས་གོམས་པའི་བྱེ་ བྲག་གིས་བློ་ཤིན་ཏུ་ཕུལ་དུ་བྱུང་བ་ན་དེའི་བདག་ཉིད་དུ་གྱུར་པ་རྣམས་ཕུལ་དུ་བྱུང་བར་འགྱུར་བའི་ཕྱིར། བདེ་བ་ལ་སོགས་པ་ཕུལ་དུ་བྱུང་བ་ལ་འགལ་བ་མེད་དོ་ཞེ་ན། ད་ནི་བློ་ལ་བདེ་བ་ལ་སོགས་པའི་བདག་ཉིད་ཅན་དུ་ཁས་བླངས་ནས་ནི་བདེ་བ་ལ་སོགས་པའི་བདག་ཉིད་དེ། ཕྱི་རོལ་གྱི་ངོ་བོ་ཉིད་དུ་ ཇི་ལྟར་རྟོགས་པར་འགྱུར་ཏེ། བློ་ལ་གནས་པའི་བདེ་བ་ལ་སོགས་པ་ཉམས་སུ་མྱོང་བའི་ཕྱིར་བློ་ཉིད་བདེ་བ་ཡིན་པར་འགྱུར་རོ། །འོན་ཏེ་སྒྲ་ལ་སོགས་པ་ལ་ཡང་གཙོ་བོ་ཡོངས་སུ་གྱུར་པའི་རང་བཞིན་ཅན་ཡིན་པའི་ཕྱིར། ཕྱི་རོལ་ཀྱང་བདེ་བ་ལ་སོགས་པའི་བདག་ཉིད་དུ་རྟོགས་པར་འགྱུར་རོ་ ཞེ་ན། འོ་ན་འགྲོ་བ་ཐམས་ཅད་གཙོ་བོ་ཡོངས་སུ་གྱུར་པའོ་ཞེས་བྱ་བ་དེ་ཉིད་ཅི་ཡིས་ཤེས། གལ་ཏེ་རིགས་ཐ་དད་ལྡན་པ། །གཟུང་དང་འཛིན་པ་མིན་ཞེ་ན། །སྐྱེས་བུ་ཀུན་གྱི་འཛིན་བྱེད་མིན། །དེ་ཕྱིར་ཟ་བ་པོ་ཉམས་འགྱུར། །ཞེས་བྱ་བ་ནི། འོ་ན་གལ་ཏེ་སྒྲ་ལ་སོགས་པའི་རང་བཞིན་མ་ཡིན་ ན། དེ་ལྟ་ན་ནི་སྒྲ་ལ་སོགས་པ་རྣམས་བློས་འཛིན་པར་འགྱུར་ན། སྔོན་པོ་དང་ཤེས་པ་དག་རིགས་ཐ་དད་པ་ཅན་ནི་གཟུང་བ་དང་འཛིན་པ་མ་ཡིན་པའི་ཕྱིར་རོ་ཞེ་ན། གལ་ཏེ་བློ་རིགས་མི་མཐུན་པའི་ཕྱིར་བདེ་བ་ལ་སོགས་པའི་རང་བཞིན་མ་ཡིན་པ་ཅན་སྒྲ་ལ་སོགས་པ་རྣམས་འཛིན་པར་བྱེད་པ་མ་ཡིན་ ན། དེ་ལྟ་ན་ནི་གྲངས་ཅན་གྱི་སྐྱེས་བུ་སྒྲ་ལ་སོགས་པ་ཐམས་ཅད་ཀྱི་འཛིན་པར་མི་འགྱུར་ཏེ། སྐྱེས་བུ་ནི་སྒྲ་ལ་སོགས་པ་དང་རིགས་མཚུངས་པ་མ་ཡིན་པས་སྐྱེས་བུ་གཙོ་བོ་མ་ཡིན་པའི་བདག་ཉིད་ཡིན་པའི་ཕྱིར་དང་། བདེ་བ་ལ་སོགས་པ་གཙོ་བོའི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ། །སྐྱེས་བུ་འཛིན་ པར་བྱེད་པར་མེད་མོད་ཅེ་ན། དེའི་ཕྱིར་དེ་འཛིན་པ་མ་ཡིན་པའི་ཕྱིར་སྐྱེས་བུ་ཟ་བ་པོར་མི་འགྱུར་བ་ལས་སྐྱེས་བུ་ཟ་བ་པོར་ཡང་འདོད་པ་ཡིན་ཞིང་འཛིན་པ་ལས་ཟ་བ་པོ་གཞན་པ་ཡང་མེད་དོ། །འོན་ཏེ་བློ་དང་ཕྱི་རོལ་དག་རྒྱུ་དང་འབྲས་བུའི་དངོས་པོ་ཡིན་པས་བློ་བདེ་བ་ལ་སོགས་པའི་བདག་ཉིད་ཅན་དུ་གྱུར་ན་དོན་ ཀྱང་བདེ་བ་ལ་སོགས་པའི་བདག་ཉིད་ཅན་དུ་གྲུབ་པར་འགྱུར་རོ་ཞེ་ན། འདིས་ནི་རྒྱུ་དང་འབྲས་ཉིད་གསལ། །ཞེས་བྱ་བ་ལ། མ་གྲུབ་པ་འདིས་ནི་ཕྱི་རོལ་པ་བདེ་བ་ལ་སོགས་པའི་བདག་ཉིད་ཅན་དུ་གྲུབ་པའི་རྒྱུ་དང་འབྲས་བུ་ཉིད་དུ་བཀོད་པ་གང་ཡིན་པ་དེ་ཡང་བསལ་བ་ཡིན་ཏེ། དེ་སྨྲས་པ། རྒྱུ་དང་འབྲས་བུ་ མ་ཡིན་ཏེ། །གཟུང་དང་འཛིན་པ་ཡོད་ཕྱིར་རོ། །ཡོད་ན་དེ་ནི་གཞན་ལའང་འགྱུར། །ཞེས་བྱ་བ་ལ། བློ་དང་ཕྱི་རོལ་རྒྱུ་དང་འབྲས་བུ་ཉིད་དུ་མི་འགྱུར་ཏེ། གཟུང་བ་དང་འཛིན་པ་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་བློ་ནི་འཛིན་པར་བྱེད་པ་ཡིན་ལ་ཕྱི་རོལ་གཟུང་བ་ཡིན་ཏེ། །གང་ན་གཟུང་བ་དང་འཛིན་ པ་ཡོད་པ་དེ་ན་རྒྱུ་དང་འབྲས་བུ་ཡོད་པ་མ་ཡིན་ཏེ། སྒྲ་ལ་སོགས་པ་དང་སྐྱེས་བུ་བཞིན་ནོ། །འོ་ན་ཏེ་བློ་དང་ཕྱི་རོལ་དག་གཟུང་བ་དང་འཛིན་པ་ཡིན་པ་ཉིད་རྒྱུ་དང་འབྲས་བུའི་དངོས་པོ་ཡིན་ནོ་ཞེ་ན། འོ་ན་ནི་གཞན་དུ་སྐྱེས་བུ་ལ་ཡང་གཟུང་བ་དང་འཛིན་པ་ཡོད་པས་རྒྱུ་དང་འབྲས་བུའི་དངོས་པོ་ཡོད་པར་འགྱུར་རོ། །དེ་ཕྱིར་དེ་ དག་ནང་ཉིད་དང་། །ཞེས་བྱ་བ་ནི། དེའི་ཕྱིར་བདེ་བ་ལ་སོགས་པའི་ཕྱི་རོལ་པར་རིགས་པ་མ་ཡིན་ཏེ། གང་གི་ཕྱིར་བདེ་བ་ལ་སོགས་པ་ནང་གི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ད་ནི་བདེ་བ་ལ་སོགས་པ་སེམས་ཀྱི་ངོ་བོ་ཉིད་དུ་བསྟན་པར་བྱ་བའི་ཕྱིར། མྱོང་བའི་ཕྱིར་ན་སེམས་བྱུང་ཡིན། །གང་གི་ངོ་བོ་མྱོང་མིན་པ། ། དེ་ནི་དེའི་མྱོང་མ་ཡིན་ཕྱིར། །ཞེས་བྱ་བ་སྨོས་ཏེ། བདེ་བ་ལ་སོགས་པ་དེ་དག་ནི་སེམས་ཉིད་ཡིན་ཏེ། ནང་ཁོ་ནར་མྱོང་བའི་ཕྱིར་རོ། །གང་ཞིག་གང་གི་ངོ་བོས་མྱོང་བ་དེ་ནི་དེ་ལྟར་ཁས་བླང་བར་བྱ་བ་ཡིན་ཏེ། མྱོང་བ་བསལ་ན་དངོས་པོ་རྣམ་པར་གཞག་པར་མི་ནུས་ལ། གང་གི་རང་བཞིན་མ་མྱོང་བ་མྱོང་བ་དེ་ནི་དོན་ དེའི་མྱོང་བར་རིགས་པ་མ་ཡིན་ཏེ། བདེ་བ་ལ་སོགས་པ་ཕྱི་རོལ་གྱི་ངོ་བོ་ཉིད་དམ། བེམས་པོའི་ངོ་བོ་ཉིད་ནི་ཉམས་སུ་མྱོང་བ་མ་ཡིན་པའི་ཕྱིར་རོ། །དེ་བས་ན་བདེ་བ་ལ་སོགས་པ་རྟོགས་པའི་ངོ་བོ་ཉིད་ཡིན་ལ། གཟུགས་ལ་སོགས་པ་ནི་མིག་ལ་སོགས་པས་རིག་པར་བྱ་བ་ཡིན་པའི་ཕྱིར་རིག་པའི་ངོ་བོ་ཉིད་ མ་ཡིན་ནོ། །ཡང་ན་མྱོང་བ་ནི་བདེ་བ་གང་ཡིན་པའི་ངོ་བོ་མ་ཡིན་པའི་མྱོང་བ་དེ་ནི་བདེ་བ་མྱོང་བར་བྱེད་པ་མ་ཡིན་ཏེ། དཔེར་ན། སྡུག་བསྔལ་རིགས་པ་ནི་བདེ་བ་རིག་པར་བྱེད་པ་མ་ཡིན་པ་བཞིན་ནོ། །དེ་བཞིན་དུ་རྣམ་པ་མེད་པའི་ཤེས་པས་བདེ་བ་མི་འཛིན་པ་དེ་བས་ན་བདེ་བའི་རྣམ་པ་ཅན་ཉིད་ཀྱིས་ བདེ་བ་མྱོང་བར་འགྱུར་བའི་ཕྱིར་ཤེས་པ་ལ་སྣང་བའི་བདེ་བའི་རྣམ་པ་ཅན་ནི་རྟོགས་པའི་ངོ་བོ་ཉིད་ཁོ་ན་ཡིན་ནོ་ཞེས་བྱ་བར་གྲུབ་པོ། །འོ་ན་ཇི་ལྟར་སྔོན་པོའི་རྣམ་པ་ཅན་གྱི་ཤེས་པ་སྐྱེ་བས་སྔོན་པོ་ཐ་དད་པར་ཤེས་པ་དེ་བཞིན་དུ་བདེ་བའི་རྣམ་པ་མྱོང་བའི་ཕྱིར། ཕྱི་རོལ་གྱི་བདེ་བ་ལ་སོགས་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ་མཐོང་བའི་སྔོན་པོའི་རྣམ་པ་ཡོད་པ་ཕྱི་རོལ་དང་ཉེ་བ་ལས་སྐྱེས་པའི་ཕྱིར་སྔོན་པོ་ཕྱི་རོལ་པར་རྣམ་པར་གཞག་པ་འདི་ནི་རིགས་ཀྱི། བདེ་བ་ལ་སོགས་པའི་རྣམ་པ་ནི་གོམས་པའི་སྟོབས་ལས་ཕུལ་དུ་བྱུང་བར་སྣང་བའི་ཕྱིར། ཕྱི་རོལ་གྱི་བདེ་བའི་ཉེ་བར་ལེན་པ་ཅན་དུ་བློའི་ངོ་བོ་ཉིད་ཀྱི་བདེ་བ་མི་རུང་སྟེ། དེ་ བས་ན་བདེ་བ་ལ་སོགས་པ་ཕྱི་རོལ་པར་ཐལ་བར་ནི་མ་ཡིན་ནོ། །འདིར་རྩོད་པར་བྱེད་པས། །དེ་ཡི་དངོས་མིན་ཅན་མྱོང་བས། །བློར་གྱུར་དེ་ནི་རིག་ཅེ་ན། །ཞེས་བྱ་བ་སྨོས་ཏེ། དེའི་རང་བཞིན་མ་ཡིན་པ་བདེ་བ་མེད་པ་ལ་སོགས་པའི་རྣམ་པ་ཉམས་སུ་མྱོང་བའི་བདག་ཉིད་ཀྱིས་ནི་གོམས་པས་ཁྱད་ཞུགས་པའི་ བདེ་བ་ལ་སོགས་པ་དེ་དག་བློའི་ངོ་བོ་ཉིད་དུ་གྱུར་པ་ཤེས་པར་འགྱུར་རོ། །དེས་ནི་འདི་སྐད་དུ་སྟོན་པར་འགྱུར་ཏེ། རིག་པ་བདེ་བའི་རྣམ་པ་ཅན་དུ་གྱུར་ན་བདེ་བ་རྟོགས་པའི་ངོ་བོ་ཉིད་ཅན་དུ་གྱུར་ཀྱང་། བདེ་བ་ལས་ཐ་དད་པའི་བདག་ཉིད་བདེ་བའི་རྣམ་པ་ཅན་མ་ཡིན་པས་བདེ་བ་ལ་སོགས་པ་རྣམས་རིག་པ་ནི་རྟོགས་ པའི་ངོ་བོ་ཉིད་མ་ཡིན་པ་དང་རྣམ་པ་མེད་པ་ཉིད་ཀྱིས་ཀྱང་སྐྱེས་བུ་འབྲས་བུར་འགྱུར་པ་མ་ཡིན་ཏེ། ཕྱི་རོལ་གྱི་རྣམ་པ་ལས་སྐྱེས་པ་ནི་སྐྱེས་བུའི་འགྱུར་བ་ཡིན་ནོ། །དེ་བས་ན་འདི་ནི་རྣམ་པ་དང་བཅས་པ་མ་ཡིན་ནོ་ཞེ་ན། འདི་ལ་ལན་བཏབ་པ། མངོན་སུམ་དང་དྲན་རྣམ་པ་ཅན། །མྱོང་བ་མ་གཏོགས་འདིར་ བློ་གང་། །ཞེས་བྱ་བ་ཡིན་ཏེ། མངོན་སུམ་གྱི་རྣམ་པ་དང་དྲན་པའི་རྣམ་པ་ཅན་གྱི་རིག་པ་བོར་ན་འདིར་ནང་ན་བློ་གཞན་ཅི་ཞིག་ཡོད། འོན་ཏེ་བློ་ནི་མངོན་པར་ཞེན་པ་ཡིན་ལ་རིག་པ་ནི་ཉམས་སུ་མྱོང་བའོ་ཞེ་ན། ཞེན་པ་དང་རིག་པ་ཞེས་བྱ་བ་རྣམ་གྲངས་ཙམ་མ་ཡིན་ནམ། རྣམ་གྲངས་ཐ་དད་པས་དོན་ཐ་ དད་པ་ནི་མ་ཡིན་ཏེ། ཧ་ཅང་ཐལ་ཆེས་པའི་ཕྱིར་རོ། །འོན་ཏེ་དོན་གྱི་རྣམ་པ་རྟོགས་པའི་ངོ་བོ་ཉིད་ཅན་བློ་ཡིན་ལ། རྣམ་པ་མེད་པ་ཅན་གྱི་རིག་པ་ནི་སེམས་ཀྱི་ངོ་བོ་ཉིད་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། རྣམ་པ་མེད་པར་རིག་པ་ལ་ཚད་མ་མེད་པའི་ཕྱིར་རོ། །འོ་ན་ཐ་དད་པའི་རིག་པ་མེད་ན། བདེ་བ་ལ་ སོགས་པ་མྱོང་བ་མེད་པར་ཐལ་བར་འགྱུར་རོ་ཞེ་ན། །རིག་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་བདེ་བ་ལ་སོགས་པ་ཉམས་སུ་མྱོང་བའི་ཕྱིར། སེམས་གཞན་དོན་མེད་འགྱུར་བ་མ་ཡིན་ནམ། འོ་ན་བདེ་བའི་ངོ་བོ་ཉིད་ཅན་གྱི་ཉམས་སུ་མྱོང་བའོ་ཞེས་བྱ་བའི་ཐ་སྙད་ཐ་དད་པ་མ་ཡིན་ནམ། ཐ་སྙད་ཐ་དད་པས་ བདེ་བ་ལ་སོགས་པ་ལས་ཐ་དད་པའི་ཉམས་སུ་མྱོང་བ་རྟོགས་པ་ཡིན་ནོ་ཞེ་ན། འདིར་སྨྲས་པ། དོན་ནི་དེ་དང་དེ་བླངས་ནས། །བདེ་སྡུག་ལ་སོགས་རིག་པ་ནི། །གཅིག་ཉིད་གསལ་བར་མཐོང་འགྱུར་གྱི། །བར་དུ་གཞན་ནི་མཐོང་མ་ཡིན། །ཞེས་བྱ་བ་ལ། འདོད་པ་དང་མི་འདོད་པའི་ དོན་དེ་དང་དེ་དག་ཉེ་བར་བླངས་པ་ལ་བརྟེན་ནས་བདེ་བ་དང་སྡུག་བསྔལ་ལ་སོགས་པའི་ངོ་བོ་ཉིད་ཅན་གྱི་རིག་པ་གཅིག་ཉིད་གསལ་བར་སྐྱེ་བར་འགྱུར་བ་མཐོང་བར་འགྱུར་ཏེ། བདེ་བ་ལ་སོགས་པའི་རྣམ་པ་ལས་གཞན་རྟོགས་པའི་ངོ་བོ་ཉིད་ནི་བར་དུ་སྟེ། བདེ་བའི་རྣམ་པ་དང་དོན་གྱི་རྣམ་པ་ནང་དུ་མཐོང་བ་མ་ཡིན་ནོ། ། དེར་ཡང་དུས་གཅིག་ཏུ་རིང་པོ་དང་ཐུང་ངུ་ལ་སོགས་པ་ཅན་ཉམས་སུ་མྱོང་ན། ཇི་ལྟར་འདོད་པའི་ཐ་སྙད་བདེ་བ་དང་སྡུག་བསྔལ་དང་གཏི་མུག་ཅེས་བྱ་བ་བྱེད་དེ་གནས་སྐབས་ཕུལ་དུ་བྱུང་བ་བསྟན་པའི་ཕྱིར། ཐ་དད་པར་བརྗོད་པ་ཡིན་ཏེ། ས་བོན་དང་མྱུ་གུ་བརྗོད་པ་བཞིན་ནོ། །དེའི་ཕྱིར་ཐ་སྙད་ཐ་དད་པས་ཐ་དད་པ་ནི་མ་ ཡིན་ནོ། །གལ་ཏེ་འདྲེ་ཕྱིར་དབྱེར་མེད་དེ། །ལྕགས་གོང་དང་ནི་མེ་བཞིན་ནོ། །དངོས་པོ་ཀུན་ལ་ཐ་དད་དང་། །ཐ་དད་མེད་པ་ཉམས་པར་འགྱུར། །ཞེས་བྱ་བ་ནི། འོན་ཏེ་བློ་དང་རིག་པ་དག་ཤིན་ཏུ་འདྲེས་པའི་ཕྱིར། ཐ་དད་པ་མེད་པར་ཤེས་པ་སྟེ། ལྕགས་གོང་དང་མེ་བཞིན་ནོ་ཞེ་ན། འོ་ན་དེ་ལྟར་དཔེ་ཙམ་གྱི་དོན་ ཤེས་ན་ནི་དངོས་པོ་ཐམས་ཅད་ལ་ཐ་དད་པ་དང་ཐ་མི་དད་པ་མེད་པར་འགྱུར་ཏེ། ཀ་བ་ལ་སོགས་པ་རྣམ་པ་གཅིག་པ་ཅན་དུ་ཤེས་པར་འགྱུར་ན། འདྲེ་བར་དོགས་པས་གཅིག་པ་ཉིད་དུ་མི་ངེས་པའི་ཕྱིར་དང་། གཅིག་པ་ཉིད་མ་གྲུབ་ན་དེ་འདུས་པའི་ངོ་བོ་ཉིད་ཐ་དད་པར་རྣམ་པར་གཞག་པ་ཡང་དངོས་པོ་ཐམས་ ཅད་ལ་མེད་པར་འགྱུར་རོ། །འདྲེས་པས་གཅིག་པ་ཉིད་དུ་མ་ངེས་ཀྱང་དངོས་པོ་ཐམས་ཅད་ལ་ཐ་དད་པར་རྣམ་པར་གཞག་པ་གྲུབ་པར་འགྱུར་བ་མ་ཡིན་ནམ་ཞེ་ན། སྨྲས་པ། ཐ་དད་མེད་མྱོང་ཅན་གཅིག་ན། །དེ་ལྟར་མིན་གང་དེ་ཐ་དད། །ལྡན་གྲུབ་འགྱུར་འདི་མ་གྲུབ་ན། །ཐ་དད་སྒྲུབ་བྱེད་གྲུབ་པ་མིན། ། ཞེས་བྱ་བ་ལ། དངོས་པོ་གང་ལ་ཐ་དད་པ་མེད་པར་མྱོང་བ་ཡོད་པ་དེ་གཅིག་པ་ཡིན་ན་དངོས་པོ་གང་ཞིག་དེ་ལྟར་ཐ་དད་པ་མེད་པར་མྱོང་བ་ཅན་མ་ཡིན་པའི་དངོས་པོ་དེ་ཐ་དད་པ་དང་ལྡན་པ་གྲུབ་པར་འགྱུར་ཏེ། ཐ་མི་དད་པར་རིག་པ་འདི་ཡིས་གཅིག་པ་ཉིད་མ་གྲུབ་ན་ཐ་དད་པའི་སྒྲུབ་བྱེད་དུ་མི་རིགས་ཏེ། ཐ་དད་པ་ནི་ཐ་མི་དད་པ་འདུས་པའི་ངོ་བོ་ཉིད་ཅན་ཡིན་པའི་ཕྱིར་རོ། །འདི་དག་གིས་ནི་ཐ་མི་དད་པ་མེད་ན་ཐ་དད་པ་ཡང་མེད་དོ་ཞེས་བྱ་བར་གནས་སོ། །ད་ནི་གྲངས་ཅན་གི་གཞུང་གིས་ཀྱང་ཐ་དད་པ་དང་ཐ་མི་དད་པའི་རྣམ་པར་གཞག་པ་མེད་དོ་ཞེས་བསྟན་པའི་ཕྱིར། དཀར་དང་བདེ་སོགས་ཐ་དད་པར། ། སྣང་ཅན་ཐ་དད་མེད་བློས་མྱོང་། །ཐ་དད་མེད་སྣང་ཅན་ཐ་དད། །ཐ་དད་ཐ་དད་མེད་རྟེན་ཅི། །ཞེས་བྱ་བ་སྨོས་ཏེ། ཐ་དད་པར་སྣང་བ་གང་ལ་ཡོད་པའི་བདེ་བ་ལ་སོགས་པ་དང་དཀར་པོ་ལ་སོགས་པ་དེ་ཐ་མི་དད་པ་དང་། བློས་རིག་པ་ནི་གལ་ཏེ་ཐ་དད་མེད་པར་སྣང་བ་ཅན་ཡང་ཐ་དད་པར་འགྱུར་རོ་ཞེ་ན། དེའི་ཚེ་ ཐ་དད་པ་དང་ཐ་མི་དད་པ་ཅི་ཞིག་གི་རྒྱུ་ཅན་ཡིན་ཏེ། དེ་བས་ན་གྲངས་ཅན་གྱི་ལྟ་བ་ལ་ཐ་དད་པ་དང་ཐ་དད་མེད་པའི་རྣམ་པར་གཞག་པ་མེད་པར་འགྱུར་རོ། །འོ་ན་ཇི་ལྟར་སངས་རྒྱས་པའི་ཚོར་བ་དང་འདུ་ཤེས་ལ་སོགས་པའི་སེམས་ལས་བྱུང་བ་རྣམས་ཕན་ཚུན་དང་སེམས་ལས་ཐ་དད་པར་མ་མཐོང་བ་ ཡང་ཐ་དད་པར་འདོད་པ་དེ་ལྟར་གྲངས་ཅན་གྱི་ཡང་བློ་དང་རིག་པ་དག་ཐ་དད་པར་མི་ཤེས་ཀྱང་ཐ་དད་པར་འགྱུར་རོ་ཞེ་ན། སྨྲས་པ། གསལ་བས་བསྒྲིབས་ཀྱང་འགའ་ཞིག་ནི། །ཐ་དད་མཐོང་ཕྱིར་སེམས་བྱུང་དང་། །སེམས་ཉིད་ཀྱི་ནི་རྒྱུན་དག་ལ། །ཐ་དད་རྣམ་གཞག་གྲུབ་པ་ཡིན། །ཞེས་བྱ་བ་ལ། སེམས་ལས་བྱུང་བ་ནི་སེམས་ལས་ཐ་དད་པར་འདོད་པ་མ་ཡིན་ཏེ། སེམས་ལས་སེམས་བྱུང་གཞན་མ་ཡིན། །ཞེས་བྱ་བ་བརྗོད་པའི་ཕྱིར་རོ། །ཐ་དད་པར་ཁས་བླངས་ནས་ཀྱང་སྨྲས་པ། འགའ་ཞིག་རིག་པ་དང་སེམས་པ་ལ་སོགས་པ་ནི་ཤིན་ཏུ་གསལ་བའི་ཆོས་ཀྱིས་བསྒྲིབས་པའི་འདུ་ཤེས་ལ་ སོགས་པ་གཞན་དག་ཀྱང་། དུས་རེས་འགའ་ཞིག་གི་ཚེ་གསལ་བར་མྱོང་བ་མེད་པ་དེ་ལྟ་ན་ཡང་རྒྱུན་གྱིས་འཇུག་པའི་སེམས་དང་སེམས་ལས་བྱུང་བ་རྣམ་པར་ཤེས་པ་དང་ཚོར་བ་ལ་སོགས་པ་རྣམས་དུས་གཞན་དུ་ཐ་དད་པར་མཐོང་བའི་ཕྱིར་ཐ་དད་པར་རྣམ་པར་གཞག་པ་གྲུབ་པ་ཁོ་ན་སྟེ། དཔེར་ན་ཉི་མའི་ འོད་ཀྱི་ཚོགས་ཀྱིས་སྐར་མའི་འཁོར་ལོའི་འོད་ཟིལ་གྱིས་མནན་པས་ཤིན་ཏུ་གསལ་བའི་ཤེས་པའི་ཡུལ་མ་ཡིན་ལ། མཚན་མོའི་དུས་ན་སྐར་མའི་འཁོར་ལོ་གསལ་བར་ནུས་པས་མཐོང་བ་བཞིན་ནོ། །བློ་དང་སེམས་དག་འགའ་ཞིག་གི་ཚེ་ཡང་ཐ་དད་པར་གསལ་བར་སྣང་བ་མ་ཡིན་པའི་ཕྱིར། དེ་ དག་ཐ་དད་པ་ནི་མ་ཡིན་ནོ། །རྣལ་འབྱོར་པ་རྣམས་ལ་ཡང་ལུང་ལས་རྣམ་པར་རྟོག་པ་དང་མ་འདྲེས་པར་དོན་ཙམ་སྣང་བ་ནི་མངོན་སུམ་ཡིན་ནོ་ཞེས་གསུངས་པའི་ཕྱིར། དེ་ཉིད་སྨྲས་པ། སྔར་བསྟན་ཤེས་པའི་རྣལ་འབྱོར་པ། །དེ་དག་དེ་བསྒོམས་ལས་བྱུང་སྟེ། །རྟོག་པའི་དྲ་བ་རྣམ་ བསལ་བས། །གསལ་བ་ཉིད་དུ་སྣང་བར་འགྱུར། །ཞེས་བྱ་བ་ལ། རྣལ་འབྱོར་གྱི་ཏིང་ངེ་འཛིན་དང་ཤེས་རབ་སྟེ། གང་ལ་དེ་ཡོད་པའི་ཤེས་པ་འཕགས་པའི་བདེན་པ་ལ་དམིགས་པ་ཅན་དེ་དག་སྔར་ལེའུ་གཉིས་པར་བསྟན་པའོ། །རྒྱུ་ཅི་ཞིག་ལས་ཤེས་པ་དེ་སྐྱེ་ཞེ་ན། སྨྲས་པ། བསྒོམས་པ་ལས་ བྱུང་བ་སྟེ། གོམས་པའི་རྒྱུ་ཅན་ཏེ། བསྒོམས་པའི་དབང་གིས་སྐྱེ་བའི་ཕྱིར། རྣལ་འབྱོར་པའི་ཤེས་པ་གསལ་བར་སྣང་བར་འགྱུར་ལ་གསལ་བར་སྣང་བ་ཅན་ཡང་རྟོག་པའི་དྲ་བ་བསལ་བས་ཡིན་ཏེ། གང་གིས་རྟོག་པའི་དྲ་བའི་ཚོགས་བསལ་བ་ཅན་ཡིན་པའི་ཕྱིར། རྟོག་པ་མེད་པ་ནི་མངོན་སུམ་ ཡིན་ནོ། །དོན་གྱི་དབང་གིས་སྐྱེ་བའི་ཕྱིར། དོན་ཉེ་བར་སྣང་བ་ཅན་རྟོག་པ་མེད་པའི་ཤེས་པ་ཞེས་བརྗོད་པ་མ་ཡིན་ནམ། འདས་པ་དང་མ་འོངས་པ་ཆོད་པར་གྱུར་པའི་ཡུལ་ཅན་ནི་གོམས་པའི་སྟོབས་ལས་སྐྱེ་བའི་ཕྱིར། རྟོག་པ་མེད་པར་ཇི་ལྟར་འགྱུར་ཞེ་ན། དེ་ལ་གོམས་པའི་སྟོབས་ལས་སྐྱེ་ བར་འགྱུར་བའི་རྣམ་པར་ཤེས་པ་ནི་གསལ་བའི་རྣམ་པ་ཅན་ནོ་ཞེས་བསྟན་པའི་ཕྱིར། འདོད་དང་མྱ་ངན་འཇིགས་དང་སྨྱོ། །རྐུན་པོ་རྨི་སོགས་བསླད་ཡིན་ཡང་། །མདུན་ན་གནས་པ་བཞིན་དུ་ནི། །ཡང་དག་མིན་པའང་མཐོང་བར་འགྱུར། །ཞེས་བྱ་བ་སྨོས་ཏེ། འདོད་པ་དང་མྱ་ངན་དང་ འཇིགས་པ་དེ་དག་གིས་བྱས་པའི་སྨྱོ་བ་ནི་དེ་དག་དང་འབྲེལ་པ་ཅན་གྱི་འཁྲུལ་པ་སྟེ། དེ་དང་ཆོམ་རྐུན་དང་། རྨི་ལམ་སྟེ། དེ་ལ་སོགས་པ་གང་ལ་ཡོད་པའི་འཆི་བའི་རྟགས་ལ་སོགས་པ་རྣམས་སོ། །འཆི་རྟགས་བྱུང་བའི་ཚེ་ནུབ་མོ་ཤ་ཟ་གསལ་བར་སྣང་བར་འགྱུར་ཏེ། དེ་དག་གིས་ཉེ་བར་ བཅོམ་པའི་འཇིག་རྟེན་ཡང་དག་པ་མ་ཡིན་པ་མེད་པའི་བུད་མེད་བཟང་མོ་ལ་སོགས་པ་ཡང་མདུན་ན་གནས་པ་བཞིན་དུ་སྣང་བར་འགྱུར་བའི་ཕྱིར། དོན་ལས་སྐྱེ་བ་མེད་ཀྱང་ཤེས་པ་རྟོག་པ་མེད་པ་ཉིད་དུ་གནས་སོ། །རྨི་ལམ་གྱི་ཤེས་པ་རྟོག་པ་དང་བཅས་པ་ནི་མ་ཡིན་ཏེ་མདུན་ན་གནས་པ་བཞིན་དུ་ འཛིན་པའི་ཕྱིར་རོ། །འོན་ཏེ་རྣལ་འབྱོར་པའི་ཤེས་པ་རྟོག་པ་དང་བཅས་པ་ཡིན་ཡང་གོམས་པའི་སྟོབས་ཀྱིས་གསལ་བར་སྣང་བ་ཅན་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ་གང་གི་ཕྱིར། །རྣམ་པར་རྟོག་དང་རྗེས་འབྲེལ་པ། །དོན་གསལ་སྣང་བ་ཅན་མ་ཡིན། །འདི་ལྟར། རྨི་ལམ་ན་ཡང་དྲན་དོན་དྲན། །དེ་ནི་དེ་ འདྲའི་དོན་དྲན་མིན། །ཞེས་བྱ་བ་ལ། རྣམ་པར་རྟོག་པ་ནི་ལྐོག་ཏུ་གྱུར་པ་འཛིན་པའི་རང་བཞིན་ཉིད་ཡིན་ནོ་ཞེས་བརྗོད་ལ། གསལ་བར་སྣང་བ་ཅན་ཉིད་ནི་ཉེ་བ་ཙམ་ཞིག་སྣང་བ་ཅན་ཡིན་པའི་ཕྱིར་རྟོག་པ་ལྐོག་ཏུ་གྱུར་པའི་རང་བཞིན་འཛིན་པ་དང་ལྡན་པ་ནི་དོན་གསལ་བར་སྣང་བ་ཅན་དུ་རིགས་པ་མ་ཡིན་ཏེ། འགལ་ བའི་ཕྱིར་རོ། །རྨི་ལམ་ན་ཡང་དྲན་པ་ཡོད་མོད་ཀྱི་དེ་ཉམས་སུ་མྱོང་བ་ལ་ཞེན་པ་ཡིན་ཏེ། དེ་ནི་གསལ་བར་སྣང་བ་ཅན་མ་ཡིན་ནོ་ཞེ་ན། སྨྲས་པ། དྲན་པ་དེ་ནི་དེ་འདྲ་བའི་དོན་དང་ལྡན་པ་སྟེ་གསལ་བའི་དོན་དང་ལྡན་པ་མ་ཡིན་ཏེ། དཔེར་ན་རྨི་ལམ་དེ་ཉིད་ན་ཉམས་སུ་མྱོང་བ་གསལ་བའི་དོན་ཅན་ཡིན་པ་བཞིན་ནོ། ། རྨི་ལམ་ན་དྲན་པའི་དོན་ཅན་གསལ་བ་མ་ཡིན་པར་ཇི་ལྟར་ཤེས་ཤེ་ན། གང་གི་ཕྱིར་རྨི་ལམ་ན་ཡོད་པའི་དྲན་པའི་དོན་ཅན་སད་པའི་ཚེ་དྲན་པར་འགྱུར་གྱི། དེ་འདྲ་བའི་དོན་དང་ལྡན་པ་གསལ་བའི་དོན་ཅན་དྲན་པ་ནི་མ་ཡིན་ནོ། །གལ་ཏེ་ཡང་གསལ་བར་སྣང་བ་ཅན་ཉིད་རྨི་ལམ་ན་དྲན་པར་འགྱུར་རོ་ཞེ་ན། དེ་ བཞིན་དུ་རྟོག་པ་མེད་པ་ཡང་དྲན་པར་འགྱུར་ན། དེ་ལྟར་ནི་མ་ཡིན་ནོ། །དེ་བས་ན་བསླད་པ་ལས་སམ། གོམས་པ་ལས་རྟོག་པ་གསལ་བའི་རྣམ་པ་ཅན་དུ་འཐད་པ་མ་ཡིན་ནོ། །འདི་ལ་བྱེ་བྲག་སྨྲ་བས་བརྩད་པ། འོ་ན་དངོས་པོ་ཡོད་ན་གོམས་པའི་སྟོབས་ཀྱིས་གསལ་བར་སྣང་བ་ཅན་དུ་རིགས་ པ་མ་ཡིན་ནམ། གོམས་པའི་དབང་གིས་མ་རིག་པའི་རབ་རིབ་ཀྱི་ལིང་ཏོག་དང་བྲལ་ན། དེ་ཉིད་ཀྱི་རྣམ་པས་དོན་མཐོང་བའི་ཕྱིར་རོ། །དངོས་པོ་མེད་ན་དེའི་རང་བཞིན་ཡོད་པ་མ་ཡིན་པའི་ཕྱིར། ཇི་ལྟར་སྣང་བར་འགྱུར། དེའི་ཕྱིར་གལ་ཏེ་རྣལ་འབྱོར་པའི་ཤེས་པ་འདས་པ་དང་མ་འོངས་པའི་ ཡུལ་ཅན་ཡིན་ན་དེའི་ཚེ་འདས་པ་དང་མ་འོངས་པ་ལ་སོགས་པ་དེ་དག་ཡོད་པར་ཁས་བླང་དགོས་སོ་ཞེ་ན། འདིར་སྨྲས་པ། མི་གཙང་ཟད་པར་ས་ལ་སོགས། །ཡང་དག་མིན་ཡང་བསྒོམས་པ་ཡིན། །སྟོབས་ཀྱིས་སྤྲུལ་པ་རྟོག་མེད་དང་། །གསལ་བར་སྣང་བ་ཅན་དུ་གསུངས། །ཞེས་ བྱ་བ་ལ། གོམས་པའི་སྟོབས་ཀྱིས་བདེན་པ་ཉིད་གསལ་བར་སྣང་བ་མ་ཡིན་ཏེ། འདི་ལྟར་བྱེ་བྲག་སྨྲ་བ་ནི་མི་གཙང་བ་སྟེ་ཡང་དག་པ་མ་ཡིན་པ་ཡིད་ལ་བྱེད་པའི་ངོ་བོ་ཉིད་ཅན་ཟད་པར་ས་དང་ཆུ་ལ་སོགས་པ་གོམས་པའི་སྟོབས་ལས་སྐྱེས་པ་ནི་གསལ་བའི་རྣམ་པ་ཅན་དང་གསལ་བའི་ རྣམ་པ་ཅན་གྱི་རྟོག་པ་མེད་པ་ཅན་དུ་རྣལ་འབྱོར་པ་རྣམས་བྱེ་བྲག་ཏུ་སྨྲ་བས་འདོད་ཀྱི། མི་གཙང་བ་རུས་པའི་གོང་བུ་ལ་སོགས་པའི་རྣམ་པ་དེ་ནི་ཡོད་པ་མ་ཡིན་ལ། ནམ་མཁའ་ལས་ལ་སོགས་པ་ཡང་ཡོད་པ་མ་ཡིན་ནོ། །དེ་ཕྱིར་ཡང་དག་ཡང་དག་མིན། །གང་གང་ཕུལ་དུ་གོམས་གྱུར་པའི། ། བསྒོམས་པ་ཡོངས་སུ་རྫོགས་པ་ནི། །དེ་གསལ་མི་རྟོག་བློ་འབྲས་ཅན། །ཞེས་བྱ་བ་ནི། གང་གི་ཕྱིར་ཡང་དག་པ་མ་ཡིན་པའི་ཟད་པར་ས་ལ་སོགས་པ་གོམས་པའི་སྟོབས་ཀྱིས་རྣལ་འབྱོར་པས་མཐོང་བ་བཞིན་ནོ། །དེའི་ཕྱིར་ཡང་དག་པ་སྟེ་ཚད་མ་དང་ལྡན་པའི་བདེན་པ་བཞིའོ། །ཡང་དག་ པ་མ་ཡིན་པ་ནི་ཚད་དང་མི་ལྡན་པ་སྟེ། དངོས་པོ་གང་དང་གང་ཞིག་ཕུལ་དུ་བྱུང་བར་གོམས་པས་བསྒོམ་པ་ཡོངས་སུ་རྫོགས་ན་སྟེ་རབ་ཀྱི་མཐར་ཕྱིན་ན་བསྒོམ་པར་བྱ་བའི་དངོས་པོ་དེ་ཡོད་པའམ་མེད་ཀྱང་གསལ་བ་མི་རྟོག་པའི་འབྲས་བུ་ཅན་ཏེ། གང་ལ་འབྲས་བུ་མི་རྟོག་པའི་བློ་གསལ་བ་ཡོད་ པ་དེ་ཡིན་ནོ། །དེ་ལ་བདེན་པའི་དངོས་པོ་གོམས་པར་གྱུར་པའི་སྟོབས་ཀྱིས་ཤེས་པ་གསལ་བ་སྐྱེད་ལ། མི་བདེན་པས་ནི་སྔོན་གྱི་ཤེས་པ་ལ་གནས་པ་ཤེས་པ་ཕྱི་མས་གསལ་བར་བྱེད་ནུས་པ་ཡིན་ནོ། །འོ་ན་གལ་ཏེ་མི་བདེན་པའི་ཤེས་པ་ཡང་གོམས་པ་ལས་སྐྱེ་ན་ནི། ཇི་ལྟར་རྣལ་འབྱོར་ པའི་ཤེས་པ་ཚད་མར་འགྱུར་ཞེ་ན། སྨྲས་པ། དེ་ལ་སྔར་དཔྱད་དངོས་པོ་བཞིན། །མི་སླུ་བ་དེ་གང་ཡིན་ཏེ། །བསྒོམས་བྱུང་མངོན་སུམ་ཚད་མར་འདོད། །ལྷག་མ་ཉེ་བར་བསླད་པ་ཡིན། །ཞེས་བྱ་བ་ལ། དེ་ལ་སྟེ་གོམས་པའི་བདག་ཉིད་ཀྱི་ཤེས་པ་དག་གི་ནང་ནས་ཤེས་པ་གང་ཞིག་ཚད་མ་ཡིན་པ་ དེ་ལ་རྗེས་སུ་དཔག་པས་དགག་པར་མི་ནུས་པ་དེ་ནི་སྔར་ལེའུ་གཉིས་པར་འཕགས་པའི་བདེན་པ་བཞིའི་དངོས་པོ་རྣམ་པར་དཔྱད་པ་སྟེ། ཤེས་པ་གང་ལ་དེ་གཟུང་བར་ཡོད་པ་དེ་ཉིད་གོམས་པའི་སྟོབས་ལས་སྐྱེས་པའི་ཤེས་པ་མངོན་སུམ་གྱི་ཚད་མར་འདོད་ལ། ལྷག་མ་ཟད་པར་ས་ལ་སོགས་པར་སྣང་ བ་ནི་བསླད་པ་ཡིན་ནོ། །འོ་ན་གལ་ཏེ་ཟད་པར་ས་ལ་སོགས་པ་རྣལ་འབྱོར་པས་མཐོང་ན་ཅི་སྟེ། མི་བདེན་པར་འགྱུར་ཞེ་ན། རྣལ་འབྱོར་པ་ལ་སྣང་བ་ཙམ་གྱིས་བདེན་པ་མ་ཡིན་ཏེ། འོན་ཀྱང་འཕགས་པའི་བདེན་པ་བཞི་ལྟ་བུར་ཚད་མ་དང་ལྡན་པ་ཡིན་ནོ། །ཚད་མས་དཔྱད་ན་ཟད་པར་ས་ལ་སོགས་པ་གནས་ པ་མ་ཡིན་པའི་ཕྱིར། མི་བདེན་པ་ཡིན་ནོ། །འོ་ན་གལ་ཏེ་གོམས་པའི་སྟོབས་ཀྱིས་སྤྲུལ་པའི་ཤེས་པ་གསལ་བའི་རྣམ་པ་ཅན་མངོན་སུམ་གྱི་ཚད་མ་ཡིན་ན། འོ་ན་ནི་རྟོག་པའི་ཤེས་པ་རང་གི་ངོ་བོ་ལ་མངོན་སུམ་གྱི་ཚད་མ་མ་ཡིན་པར་འགྱུར་ཏེ། གསལ་བའི་རྣམ་པ་མེད་པའི་ཕྱིར་རོ། །འོན་ཏེ་དངོས་པོ་ ལ་མི་གསལ་བའི་རྣམ་པ་ཅན་གྱི་རྟོག་པ་ཡིན་ན། རང་གི་ངོ་བོ་ལ་ཡང་རྟོག་པ་གསལ་བའི་རྣམ་པ་ཅན་དུ་མི་འགྱུར་བས། དེའི་ཕྱིར། རྟོག་པ་ཇི་ལྟར་དབེན་པར་འགྱུར་ཞེ་ན། འདི་ལ་མདོ་མཛད་པས་གསུངས་པ། །རང་རིག་ལ་ནི་རྟོག་པ་ཡང་། །ཚད་མར་འདོད་ཀྱི་དོན་ལ་མིན། །རྟོག་པའི་ཕྱིར་རོ་ཞེས་བྱ་བ་ ལ། རྟོག་པ་ཡང་རང་རིག་པར་གསལ་བ་ཡིན་ཏེ། འདི་ལྟར་རྟོག་པའི་རང་གི་ངོ་བོ་ཉིད་ནི་གསལ་བའི་རྣམ་པ་ཅན་ཏེ། དོན་ནི་མི་གསལ་བར་འགྱུར་བའི་ཕྱིར། དོན་ལ་རྟོག་པ་གསལ་བ་མ་ཡིན་ཏེ། སྔར་མཐོང་བ་ཉིད་ཀྱིས་དོན་ལ་རྟོག་པའི་ཕྱིར་རོ། །རང་གི་ངོ་བོ་ཉིད་ལ་ནི་རྟོག་པ་མེད་པར་སྐྱེ་སྟེ། དོན་ དེ་ལྐོག་ཏུ་གྱུར་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་སློབ་དཔོན་གྱིས་རང་རིག་པའི་མངོན་སུམ་གསུངས་པ། དེ་ཉིད་རྣམ་འགྲེལ་མཛད་པས་བསྒྲུབ་པར་བྱ་བའི་ཕྱིར། ཤེས་གང་གང་ལ་སྒྲ་དོན་འཛིན། །དེ་ནི་དེ་ལ་རྟོག་པ་སྟེ། །རང་གི་ངོ་བོ་སྒྲ་དོན་མིན། །དེ་ཕྱིར་དེ་ལ་ཀུན་མངོན་སུམ། །ཞེས་བྱ་བ་ སྨོས་ཏེ། ཤེས་པ་གང་ཞིག་ཤེས་བྱ་གང་ལ་རྗོད་པར་བྱེད་པའི་སྒྲ་ཡིས་བཅད་པའི་དོན་འཛིན་པའི་ཤེས་པ་དེ་ནི་ཤེས་བྱ་དེ་ལ་སྒྲ་སྦྱོར་བའི་རྟོག་པ་ཡིན་ནོ། །ཤེས་པའི་རང་གི་ངོ་བོ་ཉིད་རྟོག་པ་དང་ཅིག་ཤེས་ནི་སྒྲའི་ཡུལ་མ་ཡིན་ཞིང་། སྤྱི་རྟོག་པའི་སྤྱོད་ཡུལ་ཡང་མ་ཡིན་ཏེ། ཤེས་པ་དེའི་རང་གི་ངོ་བོ་ལ་སྒྲ་ སྦྱོར་བ་མེད་པའི་ཕྱིར་ཤེས་པ་མ་ལུས་པ་མངོན་སུམ་ཡིན་ནོ། །མི་གསལ་བའི་ཤེས་པ་ནི་རང་གི་ངོ་བོ་སྤངས་པ་ལས་ཡིན་ན། རང་གི་ངོ་བོ་སྤོང་བར་ཇི་ལྟར་འགྱུར། ཤེས་པས་རང་གི་ངོ་བོ་སྤོང་བར་མི་ནུས་ཏེ། རང་གི་ངོ་བོ་སྤངས་ནས་རང་རིག་པ་དང་གཞན་རིག་པ་མ་ཡིན་པའི་ཕྱིར། ཉམས་སུ་མྱོང་ བ་ཐམས་ཅད་མེད་པར་འགྱུར་རོ། །དེས་ན་ཤེས་པ་ནི་མྱོང་བའི་རང་བཞིན་ཏེ་མངོན་སུམ་ཁོ་ན་ཡིན་ནོ། །གལ་ཏེ་གོམས་པའི་སྟོབས་ཉིད་ཀྱིས་གསལ་བར་སྣང་བའི་ཤེས་པ་མངོན་སུམ་ཡིན་ན། འོ་ན་ནི་རྨི་ལམ་གྱི་ཤེས་པ་ཡང་མངོན་སུམ་དུ་འགྱུར་རོ། །སླུ་བ་མེད་པ་ཡང་དེ་ལ་ ཡོད་པ་ཉིད་དེ་རྨི་ལམ་གྱི་མཐོང་བ་ལས་ཀྱང་འོང་བ་དང་ཕྲད་པ་དང་རྙེད་པ་ལ་སོགས་པ་ཡོད་པའི་ཕྱིར་རོ་ཞེ་ན། དེ་དག་བསལ་བའི་ཕྱིར། འཁྲུལ་དང་ཀུན་རྫོབ་ཡོད་དྲན་པ། །བརྗོད་བྱུང་རྗེས་དཔོག་རྗེས་དཔག་ཅན། །རབ་རིབ་བཅས་པའི་ཤེས་པ་སྟེ། །དེ་དག་མངོན་སུམ་ལྟར་སྣང་ཡིན། ། ཞེས་བྱ་བ་གསུངས་ཏེ། མངོན་སུམ་ལྟར་སྣང་བ་ནི་རྣམ་པ་གཉིས་ཏེ། རྟོག་པ་དང་བཅས་པ་དང་། རྟོག་པ་མེད་པའོ། །རྟོག་པ་དང་བཅས་པ་ནི་གསུམ་སྟེ། དེ་ལྟར་ན་མངོན་སུམ་ལྟར་སྣང་བ་ནི་རྣམ་པ་བཞིའོ་ཞེས་བསྟན་པར་བྱ་བའི་ཕྱིར། རྟོག་པའི་ཤེས་པ་རྣམ་གསུམ་དང་། །རྟེན་བསླད་པ་ལས་ བྱུང་བ་ཡི། །རྟོག་པ་མེད་པ་གཅིག་གིས་ནི། །མངོན་སུམ་ལྟར་སྣང་རྣམ་པ་བཞི། །ཞེས་བྱ་བ་སྨོས་པ་ལ་མངོན་སུམ་ལྟར་སྣང་བ་རྟོག་པའི་ཤེས་པ་གསུམ་སྟེ་དེ་ལ་འཁྲུལ་པའི་ཤེས་པ་ནི་སྨིག་རྒྱུ་ལ་སོགས་པ་ལ་ཆུ་ལ་སོགས་པའི་རྣམ་པས་འཇུག་པའི་ཕྱིར་མངོན་སུམ་ལྟར་སྣང་བ་ཡིན་ནོ། །ཀུན་རྫོབ་ ཏུ་ཡོད་པ་ནི་ཡན་ལག་ཅན་ལ་སོགས་པ་རྣམས་ཏེ། མི་བདེན་པར་སྒྲོ་འདོགས་པའི་ཕྱིར། ཡན་ལག་ཅན་གྱི་རྟོག་པ་མངོན་སུམ་ལྟར་སྣང་བ་ཡིན་ནོ། །རྗེས་སུ་དཔོག་པ་ལ་སོགས་པའི་ཤེས་པ་ནི་སྔར་མྱོང་བའི་རྟོག་པས་འཇུག་པའི་ཕྱིར་རོ། །དེ་ལ་སྨིག་རྒྱུ་གཡོ་བར་ཤེས་པ་ནི་མངོན་སུམ་ཉིད་ ཡིན་ལ། ཆུར་རྟོག་པ་ནི་དེར་མངོན་སུམ་པ་ཡིན་ཏེ་དོན་མངོན་སུམ་དུ་མི་བྱེད་པའི་ཕྱིར་རོ། །བུམ་པ་ལ་ཡང་གཟུགས་ལ་སོགས་པ་ཙམ་ཞིག་མངོན་སུམ་ཡིན་གྱི། ཡན་ལག་ཅན་ནི་མངོན་སུམ་དུ་བྱེད་པ་མ་ཡིན་ནོ། །མེ་ལ་སོགས་པ་སྔོན་ཉམས་སུ་མྱོང་བ་ལ་སྒྲོ་བཏགས་ནས་ཏེ་རྗེས་སུ་དཔོག་པའི་ ཤེས་པ་ནི་རྟགས་འཛིན་པའི་ཤེས་པའོ། །དེའི་འབྲས་བུ་ནི་རྟགས་ཅན་གྱི་ཤེས་པ་སྟེ། སྔར་ཉམས་སུ་མྱོང་བའི་རྗེས་སུ་འབྲངས་ནས་སྐྱེ་བའི་ཕྱིར། མངོན་སུམ་ལྟར་སྣང་བའོ། །རྟེན་མིག་བསླད་པ་ཅན་གྱི་རབ་རིབ་ལ་སོགས་པ་དེ་ལས་སྐྱེས་པ་གང་ཡིན་པ་དེ་ཉིད་རྟོག་པ་མེད་པའི་མངོན་སུམ་ལྟར་ སྣང་བ་སྟེ། དེ་ལྟར་ན་རྣམ་པ་བཞི་པོ་དེ་ནི་མངོན་སུམ་ལྟར་སྣང་བར་བརྗོད་དོ། །འོ་ན་ཅིའི་ཕྱིར་རྟོགས་པའི་དབྱེ་བ་སྟོན་པར་བྱེད། དཔེ་བསྟན་པའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ་རྟོག་པར་དཔེ་གཅིག་བརྗོད་པས་ཀྱང་གྲུབ་པའི་ཕྱིར་རོ། །འོན་ཏེ་དཔེར་སྤྲོ་བར་འདོད་དོ་ཞེ་ན། ད་ལྟར་ན་ཧ་ཅང་ཐལ་ཆེས་སོ་སྙམ་ སེམས་ན། སྨྲས་པ། དབང་སྐྱེས་མིན་པ་གྲུབ་དོན་དུ། །གཉིས་བཤད་འཁྲུལ་པ་བསྟན་ཕྱིར་རོ། །རྗེས་དཔག་སོགས་ཚིག་གྲུབ་པ་ནི། །སྔ་མ་དག་ནི་སྒྲུབ་ཕྱིར་རོ། །ཞེས་བྱ་བ་ལ། འཁྲུལ་པ་དང་ཀུན་རྫོབ་ཏུ་ཡོད་པའི་ཤེས་པ་གཉིས་ནི། དབང་པོ་ལས་སྐྱེས་པ་མེད་པར་བསྟན་པའི་ཕྱིར། མངོན་ སུམ་ལྟར་སྣང་བར་བརྗོད་དོ། །འོ་ན་སྨིག་རྒྱུ་ལ་ཆུར་ཤེས་པ་དབང་པོ་ལས་སྐྱེས་པ་ཉིད་ཀྱང་འཁྲུལ་པར་མཐོང་བའི་ཕྱིར་མ་ཡིན་ནམ། འདི་ལྟར་དབང་པོ་དང་དོན་ཕྲད་པ་ལས་སྐྱེས་པའི་ཤེས་པ་འཁྲུལ་པ་མེད་ཅིང་ཞེན་པའི་བདག་ཉིད་ནི་མངོན་སུམ་ཡིན་ནོ་ཞེས་བྱ་བའི་མཚན་ཉིད་འདིར་སྨིག་རྒྱུ་ལ་ཆུར་ ཤེས་པ་རྣམ་པར་གཅད་པའི་དོན་དུ་འཁྲུལ་པ་མེད་པ་སྨོས་ཏེ། གལ་ཏེ་ཡང་སྨིག་རྒྱུ་ལ་སོགས་པ་ལ་ཆུར་ཤེས་པ་ནི་དབང་པོ་ལས་སྐྱེས་པ་མ་ཡིན་ན། དེ་ནི་དབང་པོ་སྨོས་པས་བསལ་བ་ཡིན་པའི་ཕྱིར་དེ་བསལ་བར་བྱ་བའི་དོན་དུ་འཁྲུལ་པ་མེད་པ་འཛིན་པར་ཅི་སྟེ་བྱེད། ཀུན་རྫོབ་ཏུ་ཡོད་པ་ཡན་ ལག་ཅན་གྱི་ཤེས་པ་ནི་དབང་པོ་ལས་མ་སྐྱེས་པ་ཉིད་དུ་གཞན་རྣམས་ཀྱིས་འཁྲུལ་པར་གསལ་བར་མཐོང་བའི་ཕྱིར་རོ། །དེ་ལྟ་ན་ནི་རྗེས་སུ་དཔག་པ་ལ་སོགས་པའི་ཚིག་དོན་མེད་པར་འགྱུར་ཏེ། དེ་ཡིས་དབང་པོ་ལས་སྐྱེས་པ་མ་ཡིན་པར་མ་བསྒྲུབས་ཀྱང་རྗེས་སུ་དཔག་པ་ལ་སོགས་པ་དབང་ པོ་ལས་མ་སྐྱེས་པར་གྲུབ་པའི་ཕྱིར་རོ་སྙམ་དུ་སེམས་ན། འདིར་སྨྲས་པ། རྗེས་སུ་དཔག་པ་ལ་སོགས་པའི་ཚིག་ནི་དབང་པོ་ལས་སྐྱེས་པ་མ་ཡིན་པའི་ཤེས་པར་གྲུབ་པ་ཡིན་ན་ཡང་། འཁྲུལ་པ་དང་ཀུན་རྫོབ་ཀྱི་ཤེས་པ་སྔ་མ་དག་དབང་པོ་ལས་སྐྱེས་པ་མ་ཡིན་པར་བསྒྲུབ་པའི་ཕྱིར། རྗེས་སུ་དཔག་ པས་དཔེའི་སྒོ་ནས་དབང་པོ་ལས་སྐྱེས་པ་མ་ཡིན་པར་ཕྱིན་ཅི་ལོག་གི་ཤེས་པ་དང་ཀུན་རྫོབ་ཀྱི་ཤེས་པ་སྟོན་པར་ནུས་པ་ཡིན་ནོ། །འོ་ན་གལ་ཏེ་འཁྲུལ་པ་དང་ཀུན་རྫོབ་ཀྱི་ཤེས་པ་དབང་པོ་ལས་སྐྱེས་པ་མ་ཡིན་པ་དེ་ལྟ་ན་ཡང་འཁྲུལ་པ་གཞན་གང་གི་རྒྱུ་ལས་སྐྱེ་བ་ཡིན་ཞེས་འཁྲུལ་པའི་རྒྱུ་བརྗོད་ དགོས་སོ་ཞེ་ན། བརྡ་རྟེན་ཅན་དང་དོན་གཞན་ལ། །སྒྲོ་འདོགས་པ་ཡི་རྣམ་རྟོག་དག །མངོན་སུམ་ཉེར་འཇུག་ཅན་ཉིད་ཕྱིར། །རེས་འགའ་འཁྲུལ་པའི་རྒྱུ་ཡིན་ནོ། །ཞེས་བྱ་བ་ལ། གཟུགས་ལ་སོགས་པ་མང་པོ་ཆུ་ལེན་པ་ལ་སོགས་པ་རྣམས་ལ་བུམ་པ་ཞེས་བརྡ་ སྦྱོར་བ་གང་ཡིན་པ་འདི་བརྡའི་རྟེན་ཏེ་ཡན་ལག་ཅན་གྱི་ཤེས་པའི་རྒྱུ་གང་ལ་ཡོད་པ་དེ་ནི་བརྡའི་རྟེན་ཡིན་ནོ།། །།ཚད་མ་རྣམ་འགྲེལ་གྱི་འགྲེལ་པ། བམ་པོ་བཅུ་གསུམ་པ། དོན་གཞན་ནི་ཆུ་སྟེ་དེར་འདོགས་པ་ནི་དེའི་རྣམ་པར་རྟོག་པ་དྲན་པས་སྔར་མཐོང་བའི་ཆུ་སྨིག་རྒྱུ་ལ་དྲན་པར་འགྱུར་ རོ། །ཡང་ན་བརྡའི་རྟེན་ཡན་ལག་ཅན་དུ་སྒྲོ་བཏགས་པའོ། །དོན་གཞན་གྱི་རྣམ་པར་རྟོག་པ་སྟེ་སྒྲོ་བཏགས་པ་དང་རྣམ་པར་རྟོག་པ་དེ་གཉི་ག་ཡང་དངོས་པོ་ལས་སྐྱེས་པའི་མངོན་སུམ་ཉེ་བར་འཇུག་པ་ཅན་ཉིད་ཀྱི་ཕྱིར་འཁྲུལ་པའི་རྒྱུར་འགྱུར་རོ། །མངོན་སུམ་ཉེ་བར་འཇུག་པ་ཅན་ནི་གཞན་རྣམས་འཁྲུལ་ པའི་རྒྱུ་ཡིན་ནོ། །དེ་བས་ན་འཁྲུལ་པའི་རྒྱུ་ཡོད་པས་དེ་རྣམ་པར་བཅད་པའི་དོན་དུ་རྗེས་སུ་དཔག་པ་བསྟན་ཏོ། །ཇི་ལྟར་ལྐོག་ཏུ་གྱུར་དོན་ཅན། །དྲན་པའི་བདག་ཉིད་རྟོག་པ་འདི། །བརྡ་ལ་ལྟོས་པའི་ངང་ཚུལ་ཅན། །མངོན་སུམ་དོན་འཛིན་མི་བྱེད་དོ། །དེ་ལྟར་ཉམས་མྱོང་བརྡ་མེད་པར། །བུམ་པ་ ལ་སོགས་དག་ལ་ནི། །རྗེས་སུ་འགྲོ་བའི་ཤེས་པ་སྟེ། །དེ་ཡང་མངོན་སུམ་ལས་ཉམས་འགྱུར། །ཞེས་བྱ་བ་ལ། ཇི་ལྟར་ལྐོག་ཏུ་གྱུར་པའི་དོན་འཛིན་པར་བྱེད་པའི་རྟོག་པ་དྲན་པ་དང་རྗེས་སུ་དཔག་པ་ལ་སོགས་པ་འདི་བརྡ་ལ་ལྟོས་པ་སྟེ་འབྲེལ་པ་འཛིན་པ་ལ་ལྟོས་པའོ། །འབྲེལ་པ་འཛིན་པ་ཉིད་བརྡ་ ཡིན་ནོ། །འོ་ན་ནི་མིང་ལ་སོགས་པ་ནི་མངོན་སུམ་དུ་རྟོགས་པ་མ་ཡིན་ནོ། །དེ་བཞིན་དུ་སྔར་ཉམས་སུ་མྱོང་བའི་གཟུགས་ལ་སོགས་པ་ལ་བུམ་པའོ་ཞེས་གང་བརྡ་འདོགས་པ་དེ་མེད་པར་བུམ་པ་ལ་སོགས་པ་ལ་བུམ་པའོ་ཞེས་རྟོགས་པར་མི་འགྱུར་ཏེ། བུམ་པ་ལ་སོགས་པ་ལ་གཟུགས་མཐོང་ བ་ལས་རོ་ལ་སོགས་པ་དྲན་པའི་ཕྱིར་རོ། །འོན་ཀྱང་རོ་ལ་སོགས་པ་ཁོ་ན་དྲན་པ་ཡིན་གྱི་ཡན་ལག་ཅན་ནི་མངོན་སུམ་ཡིན་ནོ་ཞེ་ན། མ་ཡིན་ཏེ། དྲན་པ་ལ་སོགས་པ་མེད་ན་ཡན་ལག་ཅན་མི་སྣང་བའི་ཕྱིར་རོ། །དེའི་ཕྱིར་གཟུགས་དང་རེག་བྱ་སྒྲོ་འདོགས་པས་ཁོ་བོས་སྔར་མཐོང་བ་དེ་ཉིད་ རེག་པ་འདི་ཡིན་ནོ་ཞེས་བྱ་བར་བུམ་པ་ལ་སོགས་པའི་རྫས་དེ་རྗེས་སུ་འགྲོ་བར་རྟོགས་པའོ། །མངོན་སུམ་སྟེ་དོན་མངོན་དུ་བྱེད་པ་ལས་སྐྱེ་བ་ཉམས་པར་འགྱུར་རོ། །དེ་བས་ན་འཁྲུལ་པ་དང་ཀུན་རྫོབ་ཀྱི་ཤེས་པ་ནི་དབང་པོ་ལས་སྐྱེས་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། དཔེ་དང་དོན་གྱི་ཚིག་ཡིན་ནོ། ། འོ་ན་རབ་རིབ་དང་བཅས་པའོ་ཞེས་ཅིའི་ཕྱིར་བརྗོད་དེ། རབ་རིབ་ཀྱིས་བཅོམ་པའི་སྣང་བ་ནི་རྟོག་པ་དང་བཅས་པའོ་ཞེས་ཅིའི་ཕྱིར་ཟེར་བ་དེའི་གཞུང་དགག་པའི་ཕྱིར་རབ་རིབ་བཅས་ཞེས་སྨོས་སོ་ཞེ་ན། གལ་ཏེ་དེ་ལྟར་རབ་རིབ་ཀྱིས་བཅོམ་པའི་མཐོང་བ་རྟོག་པ་མེད་ན། དེའི་ཚེ་རྟོག་པ་དང་བྲལ་ བའི་ཕྱིར་དེ་མངོན་སུམ་ཐོབ་པར་འགྱུར་སྙམ་སེམས་ན། རྟོག་པ་དང་བྲལ་བ་ཐམས་ཅད་མངོན་སུམ་མ་ཡིན་ཏེ། འོན་ཀྱང་ཕྱིན་ཅི་ལོག་མ་ཡིན་པའི་རྟོག་པ་དང་བྲལ་བ་མངོན་སུམ་སྟེ། འདི་ལྟར་དམིགས་ཀྱིས་དགར་བའི་ཡུལ་བརྟགས་ནས་སྤྱིར་བཏང་བ་ལ་འཇུག་པར་བྱེད་དོ། །མངོན་སུམ་གྱི་ དམིགས་ཀྱིས་དགར་བ་གང་ཞེ་ན། འདིར་སྨྲས་པ། དམིགས་ཀྱིས་དགར་བ་བཞི་པ་སྟེ། །དེ་ཡིས་ཉེར་བཅོམ་ལས་སྐྱེས་བཤད། །དེ་ལ་རབ་རིབ་འབའ་ཞིག་ནི། །ཉེར་བཅོམ་མཚོན་པར་བྱེད་པ་ཡིན། །ཞེས་བྱ་བ་ལ། དེ་ལ་མངོན་སུམ་ལྟར་སྣང་བ་དེ་རྣམས་ཀྱི་ནང་ནས་མངོན་སུམ་ལྟར་སྣང་བ་ བཞི་པ་རབ་རིབ་ཀྱིས་མངོན་སུམ་ནི་རྟོག་པ་དང་བྲལ་བ་ལས་དམིགས་ཀྱིས་དགར་བ་སྟེ། འདིས་འགྱེར་བར་བྱེད་པས་སོ། །དམིགས་ཀྱིས་དགར་བ་དེས་ཀྱང་མིག་ཉེ་བར་བཅོམ་པ་ལས་སྐྱེས་པའི་ཤེས་པ་ཐམས་ཅད་བཤད་པ་སྟེ། རབ་རིབ་དང་བཅས་པ་དེར་ཡང་རབ་རིབ་སྨོས་པ་ནི་མིག་ལ་ཡོད་ པའི་གནོད་པར་བྱེད་པ་ཉེ་བར་མཚོན་པ་ཡིན་པའི་ཕྱིར། མིག་ཉེ་བར་བཅོམ་པ་ལས་སྐྱེས་པའི་ཤེས་པ་ཐམས་ཅད་མངོན་སུམ་ལྟར་སྣང་བའོ། །དེ་ཡང་ཁ་ཅིག་ཡིན་གྱི་ཞེས། །སྔོ་དང་ཟླ་གཉིས་ལ་སོགས་བློའི། །རྒྱུ་ནི་དབང་པོ་ཡིན་ཞེས་པའི། །གཞུང་འདི་དང་ནི་དེ་དག་འགལ། །ཞེས་ བྱ་བ་ལ། ཟླ་བ་གཉིས་པ་ལ་སོགས་པའི་ཤེས་པ་འདི་ཡིད་ཀྱི་མངོན་སུམ་ཉིད་དེ་སྨིག་རྒྱུ་ལ་སོགས་པ་ལ་ཆུར་ཤེས་པ་བཞིན་ནོ། །དེའི་ཕྱིར་རྟོག་པ་དང་བྲལ་བ་ཚིག་གི་མི་མཐུན་པའི་དཔེ་རབ་རིབ་ཡིན་གྱི། དམིགས་ཀྱིས་འགེར་བ་ནི་མ་ཡིན་ནོ་ཞེས་ཁ་ཅིག་འཆད་པ་དེ་དག་སློབ་དཔོན་གྱི་གཞུང་དང་ འགལ་ཏེ། གལ་ཏེའང་དབང་པོའི་རིག་བྱེད་ཀྱི། །རྒྱུ་ནི་རྡུལ་ཕྲན་ཡིན་ན་ཡང་། །དེར་སྣང་བ་ནི་མ་ཡིན་ཕྱིར། །དེ་ཡུལ་མ་ཡིན་དབང་པོ་བཞིན། །ཞེས་བྱ་བ་ལ། སྔོན་པོ་ལ་སོགས་པའི་རྡུལ་ཕྲ་རབ་རྒྱུ་དང་སྣང་བ་བཞིན་དུ་གཞན་ལ་ཡང་གྱུར་པའི་ཟླ་བ་གཉིས་དང་། མིག་ལ་སོགས་ པ་ཡང་སྣང་བ་དང་རྒྱུ་ཡིན་པ་དེ་བས་ན་དེ་དག་ཀྱང་ཡུལ་ཡིན་པར་འགྱུར་རོ་ཞེས་འབྱུང་བའི་ཕྱིར། ཟླ་བ་གཉིས་སུ་མཐོང་བ་ཡིད་ཉིད་ཡིན་པའི་གཞུང་འདི་དང་འགལ་བར་འགྱུར་རོ། །གལ་ཏེ་བརྒྱུད་པས་རྒྱུ་ཡིན་ན། །དབང་པོའི་ཤེས་པའི་སྤྱོད་ཡུལ་དག །དཔྱོད་པར་བྱེད་ན་འདི་རུ་ནི། །ཡིད་ཀྱི་གནས་ སྐབས་ཇི་ལྟར་ཡིན། །ཞེས་བྱ་བ་ལ། གལ་ཏེ་མིག་གིས་བདེན་པའི་ཟླ་བ་མཐོང་ལ། དེ་ནས་ཡིད་ལ་ཟླ་བ་གཉིས་སྣང་བའི་ཕྱིར་བརྒྱུད་ནས་ཡིད་ཀྱི་རྒྱུ་མིག་ཡིན་གྱི། མངོན་སུམ་དུ་ཡིད་དབང་པོ་ལས་སྐྱེས་པ་མ་ཡིན་ནོ་ཞེ་ན། འདིར་སྨྲས་པ། དབང་པོའི་ཤེས་པའི་སྤྱོད་ཡུལ་དཔྱོད་པར་བྱེད་པ་ནི་ དབང་པོའི་ཤེས་པའི་ཡུལ་གང་ཡིན་ཞེ་ན། གང་ལས་དབང་པོའི་ཤེས་པ་མངོན་དུ་སྐྱེད་པར་བྱེད་པ་ནི་དེའི་རྣམ་པ་ཅན་གྱིས་ཡིན་ནམ། གཞན་དུ་ཡིན་ཞེས་བྱ་བ་ལ་ཕྱི་རོལ་གྱི་དོན་དུ་སྨྲ་བས་ལན་གདབ་དགོས་ན། དེ་རྣམ་པ་ཅན་ཉིད་ཀྱིས་ཡུལ་མ་ཡིན་ཏེ། མི་སྲིད་པའི་ཕྱིར་ཏེ། རྡུལ་ཕྲ་རབ་རྣམས་ ལ་རགས་པ་ཉིད་མེད་པའི་ཕྱིར་དང་། ཤེས་པ་ནི་རགས་པའི་རྣམ་པ་ཅན་ཡིན་ནོ། །འོན་ཏེ་དེའི་རྣམ་པ་ཅན་མ་ཡིན་པའི་ཤེས་པའི་རྒྱུ་གང་ཡིན་པ་དེ་ཡུལ་ཡིན་ནོ་ཞེ་ན། དེ་ཡང་མི་རུང་སྟེ་དབང་པོ་བཞིན་གཞན་གྱི་རྣམ་པ་ཅན་གྱི་ཤེས་པའི་རྒྱུ་ཡིན་ཡང་ཡུལ་མ་ཡིན་པའི་ཕྱིར་རོ། །དེ་ལ་གལ་ཏེ་བརྒྱུད་ནས་ རྒྱུར་སློབ་དཔོན་བཞེད་པ་དེའི་ཚེ་མིག་ལ་སོགས་པའི་རྡུལ་ཕྲ་རབ་དེ་ཉིད་ཅེས་བྱ་བ་ལ་སོགས་པའི་ཚིག་གིས་གཞན་ལ་དབང་པོའི་ཡུལ་ཉིད་དུ་མ་བསྟན་པར་མི་འགྱུར་རོ། །དེས་ན་འདི་ནི་ཡིད་ཀྱི་སྐབས་སུ་དཔྱད་པར་མི་རིགས་ཏེ། ཡིད་ཀྱི་ཡུལ་མེད་པའི་ཕྱིར་དེའི་ཡུལ་དཔྱད་པར་བྱ་བ་ནི་མ་ཡིན་ནོ། ། དབང་པོ་གཅིག་ཡིན་གལ་ཏེ་ཡང་། །དབང་པོ་ཡོད་མེད་རྗེས་འབྲེལ་ཅན། །དེ་མཚུངས་གལ་ཏེ་འགྱུར་ཞེ་ན། །དེ་འདི་ཅི་ཡི་ཕྱིར་ན་འགོག །ཅེས་བྱ་བ་ལ། གལ་ཏེ་ཟླ་བ་གཉིས་སུ་མཐོང་བ་ཡོད་མིན་ན། དེ་ནི་དབང་པོ་ལས་སྐྱེས་པའི་ཤེས་པ་ཅི་ཞིག་ཡིན། འོན་ཏེ་དབང་པོ་རྣམས་ཡོད་པ་དང་མེད་པའི་ རྗེས་སུ་འབྲེལ་པའི་ཤེས་པ་གང་ཡིན་པ་དབང་པོ་ཡོད་ན་ཡོད་ལ། དེ་མེད་ན་མི་འབྱུང་བ་དེ་དབང་པོ་ལས་སྐྱེས་པའོ་ཞེ་ན། འོ་ན་དེ་དབང་པོ་ཡོད་པ་དང་མེད་པའི་རྗེས་སུ་བྱེད་པ་དང་ཟླ་བ་གཉིས་སུ་མཐོང་བ་མཚུངས་ཏེ། དེས་ན་དབང་པོ་ལས་སྐྱེས་པར་འགྱུར་རོ། །འོན་ཏེ་གང་ཞིག་དབང་པོར་གྱུར་ན་ འགྱུར་བའི་ཤེས་པ་དེ་དབང་པོ་ལས་སྐྱེས་པའོ་ཞེ་ན། དེ་ལྟ་ན་ནི་དབང་པོའི་འགྱུར་བ་དེ་དང་མངོན་སུམ་ལྟར་སྣང་བ་འདི་ཅིའི་ཕྱིར། དབང་པོ་ལས་སྐྱེས་པ་ཉིད་དེ་ལ་འགོག་པར་བྱེད། འདི་ལྟར་མིག་རབ་རིབ་ཀྱིས་བཅོམ་པ་ལས་ཟླ་བ་ལ་བསླད་པའི་བློ་སྐྱེ་བའི་ཕྱིར་དབང་པོ་ཉིད་ཡིན་ནོ། །དེའི་ཕྱིར་གལ་ ཏེ་དབང་པོ་ལས་སྐྱེས་པ་ཡོད་པ་དང་མེད་པའི་རྗེས་སུ་འབྲེལ་པ་ཅན་ཡིན་པའམ། འོན་ཏེ་མིག་འགྱུར་བ་ལས་འགྱུར་བ་ཉིད་དུ་འདོད་པ་དེ་གཉི་ག་ཡང་མངོན་སུམ་ལྟར་སྣང་བ་ལ་ཡོད་དོ། །འདིར་ཡང་། །སྦྲུལ་ལ་སོགས་པ་འཁྲུལ་པ་བཞིན། །དབང་པོའི་འགྱུར་བ་ཡོད་ན་ཡང་། །ལྡོག་ འགྱུར་དབང་པོ་བསླད་པ་ནི། །ལྡོག་ནའང་ལྡོག་པར་མི་འགྱུར་རོ། །དེ་བཞིན་གཞན་གྱི་རྒྱུ་ལ་ནི། །རེས་འགའ་བརྗོད་པ་དག་གིས་འཇོག །མཐོང་བ་དྲན་པ་ལ་ལྟོས་ཀྱི། །ཡོངས་སུ་གསལ་བར་སྣང་བ་མིན། །ཞེས་བྱ་བ་ལ། གལ་ཏེ་ཟླ་བ་གཉིས་ཀྱི་བློ་ཡིད་ཡིན་ན་ནི། དེ་ལྟ་ན་རབ་རིབ་ལ་སོགས་ པས་དབང་པོ་བསྒྱུར་བ་ཡོད་ན་ཡང་ཟླ་བ་གཉིས་ཀྱི་བློ་ལྡོག་པར་མི་འགྱུར་ཏེ། དཔེར་ན་མིག་རབ་རིབ་ལ་སོགས་པས་བསྒྱུར་བར་གྱུར་པ་ན། ཐག་པ་ལ་དཔྱད་པས་སྦྲུལ་དུ་མཐོང་བ་ལྡོག་པ་བཞིན། ཟླ་བ་གཉིས་མཐོང་བ་ནི་བདེན་པའི་ཟླ་བ་བརྟགས་ཀྱང་ཇི་སྲིད་རབ་རིབ་ཡོད་ན་ཡོད་དོ། །གཞན་ཡང་ དབང་པོ་བསླད་པ་སྟེ། དབང་པོ་གྱུར་པ་ཡོད་ན་ཡང་ཟླ་བ་གཉིས་ཀྱི་བློ་མི་ལྡོག་པ་ཉིད་དེ། དཔྱད་པ་མེད་ན་སྦྲུལ་དུ་འཁྲུལ་པ་བཞིན་ནོ། །དེ་བཞིན་དུ་རེས་འགའ་གཞན་གྱི་རྒྱུད་དེ་རབ་རིབ་མེད་པའི་ལུས་ལ་བརྗོད་པ་སྟེ། སྒྲ་དག་གིས་ཟླ་བ་གཉིས་ལ་སོགས་པའི་བློ་འཇོག་པ་སྟེ་སྐྱེད་པར་བྱེད་པ་ཉིད་དུ་ འགྱུར་ཏེ། སྦྲུལ་ལ་སོགས་པའི་འཁྲུལ་པ་བཞིན་ཉིད་དེ། འདི་ལྟར་རབ་རིབ་ལ་སོགས་པའི་དུས་ན་འདི་ནི་སྦྲུལ་ལོ་ཞེས་སྨྲ་བའི་སྒྲ་ཐོས་པ་ལས་མི་གཞན་ལ་སྦྲུལ་གྱི་བློ་སྐྱེ་བར་འགྱུར་བ་དེ་བཞིན་དུ། སྔར་མཐོང་བའི་ཟླ་བ་གཉིས་དྲན་པ་ལ་ཟླ་བ་གཉིས་ཀྱི་བློ་ལྟོས་པར་འགྱུར་རོ། །དཔེར་ན། ཐག་པ་ལ་སྦྲུལ་གྱི་བློ་ནི་སྔར་མཐོང་བའི་སྦྲུལ་དྲན་པ་ལ་ལྟོས་པ་ཅན་བཞིན་ནོ། །གཞན་ཡང་ཟླ་བ་གཉིས་ཀྱི་བློ་གལ་ཏེ་ཡིད་ཡིན་ན་གསལ་བར་སྣང་བར་མི་འགྱུར་རོ། །སྔར་ནི་ཐག་པའི་བློ་ཡང་ཕྱི་རོལ་ན་སྔོན་པོར་གསལ་བར་སྣང་བ་ཉིད་མ་ཡིན་ནམ། སྨིག་རྒྱུ་ལ་ཆུའི་བློ་ཡང་ཆུར་ འཁྲུལ་པ་དབང་པོ་ལས་སྐྱེས་པ་ནི་མ་ཡིན་ནོ། །གཞན་ཡང་རྨི་ལམ་ན་སྣང་བ་ཡིད་ལ་གསལ་བ་ཡང་ཡིན་ནོ་ཞེ་ན། འདིར་སྨྲས་པ། ཐག་པའི་སྔོན་པོ་ཉིད་དུ་མཐོང་བ་ནི་དབང་པོ་ལས་སྐྱེས་པ་ཉིད་དེ། དེ་ཡང་མིག་ལ་སོགས་པ་གྱུར་ན་འགྱུར་བ་ཉིད་དོ། །སྔོན་པོ་གསལ་བ་ཉིད་ནི་སྨིག་རྒྱུ་ལ་གསལ་བར་སྣང་ ན་ཡང་ཆུར་ཞེན་པ་དྲན་པ་ལས་སྐྱེས་པ་སྟེ། དྲན་པ་མེད་ན་ཆུའི་རྟོག་པ་མི་སྐྱེ་བའི་ཕྱིར་རོ། །རྨི་ལམ་ན་སྣང་བ་ནི་གོམས་པའི་སྟོབས་ལས་སྐྱེས་པའི་ཕྱིར། གསལ་བ་ཉིད་དེ། གསལ་བར་གྱུར་པའི་རྨི་ལམ་གྱི་ཤེས་པ་ནི་རྟོག་པ་མེད་པས་དབང་པོ་ལས་སྐྱེས་པའི་མངོན་སུམ་ལྟར་སྣང་བ་ལས་ཁྱད་པར་ མེད་དོ། །དེ་ཡང་ཁ་ཅིག་ཡིད་ཀྱི་ཞེས། །ཞེས་བྱ་བའི་གཞུང་འདིར་རྟོག་པ་དང་བཅས་པའི་ཡིད་བཞེད་པ་ཡིན་གྱི་ཡིད་ཙམ་ནི་མ་ཡིན་ནོ། །དེ་བས་ན་མངོན་སུམ་ལྟར་སྣང་བ་རྣམ་པ་གཉིས་ཏེ། རྟོག་པ་དང་བཅས་པ་དང་རྟོག་པ་མེད་པར་བསླད་པའོ། །དེ་ལ་རྟོག་པ་མེད་པའི་མངོན་སུམ་ལྟར་སྣང་བ་གང་ ཡིན་པ་ནི་གསལ་བར་སྣང་བའི་རྒྱུ་ཡིན་ནོ། །དབང་པོ་དང་གོམས་པའི་དོན་རྣམ་པ་གཉིས་ཁོ་ན་སྟེ། དེ་ལྟ་ན། གཉིད་ལོག་པ་འམ་སད་པ་ན། །གསལ་བར་སྣང་བ་ཅན་བློ་གང་། །དེ་ནི་རྟོག་མེད་གཉི་གར་ཡང་། །དེ་ལྟར་མིན་ན་རྟོག་པ་ཡིན། །ཞེས་བྱ་བ་ལ། ཡང་ན་ཅི་རྟོག་པ་མེད་པའི་ཤེས་པ་དང་རྟོག་པ་ དང་བཅས་པའི་ཤེས་པ་ཅི་ཞིག་ཡིན་ཏེ། གང་གི་ཕྱིར་ཡུལ་ཉམས་སུ་མྱོང་བ་ཤེས་པའི་མཚན་ཉིད་ཡིན་ན། དེ་ཡང་ཐམས་ཅད་ལ་མཚུངས་པའོ་ཞེ་ན་སྨྲས་པ། སྐྱེས་བུ་གཉིད་ལོག་པའམ་སད་པའི་ཚེ་བློ་གསལ་བར་སྣང་བ་གང་ཡིན་པ་དེ་ཉིད་རྟོག་པ་མེད་པ་སྟེ་ཉེ་བ་ཙམ་ཞིག་སྣང་བའི་ཕྱིར་རོ། །ལོག་ པའམ་སད་པ་གཉི་གར་ཡང་དེ་ལྟ་མ་ཡིན་ན་སྟེ། བློ་མི་གསལ་བར་སྣང་བ་ཅན་ཡིན་ན་རྟོག་པ་སྟེ། སྔ་ཕྱིར་སྒྲོ་འདོགས་པའི་ཕྱིར་རོ། །དེའི་ཕྱིར་ཡིད་དམ་དབང་པོ་ལས་སྐྱེས་པའི་ཤེས་པ་ལ་གནས་པར་ཉམས་སུ་མྱོང་བ་རྟོག་པ་མེད་པ་སྟེ། རྟོག་པ་མེད་པ་ཇི་སྙེད་པའི་ཤེས་པ་ཚད་མ་མ་ཡིན་ནོ་ཞེས་ བསྟན་པའི་ཕྱིར་སྨྲས་པ། དེ་ཕྱིར་དེ་རྟོག་མེད་ན་ཡང་། །ཚད་མ་ཉིད་དུ་བཀག་པ་སྟེ། །སླུ་བའི་ཕྱིར་དེའི་དོན་དུ་འང་། །མངོན་སུམ་ལྟར་སྣང་བཞི་རུ་བཤད། །ཅེས་བྱ་བ་ལ། ཟླ་བ་གཉིས་སུ་སྣང་བ་དེ་རྟོག་པ་མེད་ན་ཡང་ཚད་མ་ཉིད་དུ་བཀག་པ་ཡིན་ཏེ། དོན་བྱེད་པ་ལ་སླུ་བའི་ཕྱིར་རོ། །མི་སླུ་བའི་ཤེས་ པ་ནི་ཚད་མ་ཡིན་ཏེ། དེས་ན་གལ་ཏེ་རྟོག་པ་དང་བྲལ་བ་ཚད་མ་ཡིན་ན་དེའི་ཚེ་ཟླ་བ་གཉིས་སུ་མཐོང་བ་ཡང་ཚད་མར་འགྱུར་རོ་ཞེས་གང་ཟེར་བ་དེ་གསལ་བ་ཡིན་ནོ། །དེའི་དོན་དུའང་སྟེ་ཟླ་བ་གཉིས་སུ་སྣང་བ་ཚད་མ་མ་ཡིན་པར་བསྟན་པའི་དོན་དུ་སློབ་དཔོན་གྱིས་མངོན་སུམ་ལྟར་སྣང་བ་གཉིས་སུ་བཤད་ དོ། །ཨི་ཏའི་སྒྲའི་རྟོགས་པའི་སྡེ་རྣམ་པར་བཅད་ན་ལོགས་སུ་རབ་རིབ་ཀྱིས་བསླད་པ་མཚོན་ནས་བསྟན་པའི་ཕྱིར་ཏེ། དེ་ལྟར་མ་ཡིན་ན་རབ་རིབ་ཅན་ལོགས་སུ་རབ་རིབ་དང་བཅས་པའོ་ཞེས་འོག་ཏུ་སྟོན་པར་མི་བྱེད་དོ། །དེ་བས་ན་མངོན་སུམ་རྟོག་པ་དང་བྲལ་ཞིང་མ་འཁྲུལ་པར་གྱུར་ནའོ་ཞེས་ཁྱད་ པར་དུ་སློབ་དཔོན་བཞེད་པར་ཤེས་པར་བྱའོ། །མངོན་སུམ་གྱི་ཚད་མ་བཤད་ཟིན་ཏོ། །ཚད་མ་འདིའི་འབྲས་བུ་ཅི་ཞིག་ཡིན་ཞེ་ན། གཞལ་བྱ་རྟོགས་པའོ། །དེ་སྐད་དུ་ཡང་གཞལ་བྱ་རྟོགས་པ་ནི་ཚད་མ་ལ་རག་ལུས་པའོ་ཞེས་གསུངས་སོ། །ཁོང་དུ་ཆུད་པའི་ཤེས་པ་ཉིད་དེ་ནི་འབྲས་བུ་མ་ཡིན་ནམ། དེ་ནི་ཚད་མ་ཅི་ཞིག་ཡིན་ཞེ་ན། དབང་པོ་དང་དོན་ཕྲད་པ་ལས་སྐྱེས་པ་གཏོད་པར་བྱེད་པ་ཁྱད་པར་ཅན་གྱི་ཤེས་པ་ནི་ཚད་མའོ་ཞེས་ཁ་ཅིག་ཟེར་རོ། །རྟོགས་པའི་སྒྲུབ་བྱེད་ཚད་མ་ཡིན་གྱི། དབང་པོ་ལ་སོགས་པ་རྟོགས་པའི་སྒྲུབ་བྱེད་མ་ཡིན་པ་མ་ཡིན་ནམ། དེ་ཇི་ལྟར་ཚད་མར་འགྱུར། དེ་ལ་གཞན་ དག་ན་རེ་རེ་ཞིག་ཤེས་པ་ནི་དབང་པོ་ལ་སོགས་པ་ལས་སྐྱེས་པ་ཡིན་ལ། རྟོག་པ་ཡང་དེ་ཉིད་ལས་ཡིན་ན། སྒྲུབ་བྱེད་གཞན་གྱིས་ཅི་ཞིག་བྱ་ཞེ་ན། སྨྲས་པ། བྱ་བ་དང་སྒྲུབ་བྱེད་ཅེས་པས། །ལས་ཀུན་གྱི་ནི་སྒྲུབ་བྱེད་ནི། །ཐམས་ཅད་མ་ཡིན་བྱ་བ་གང་། །གང་དེ་དེ་ཡི་སྒྲུབ་བྱེད་ཡིན། །ཞེས་བྱ་བ་ལ། བྱ་བ་ཡིན་པས་དང་སྒྲུབ་བྱེད་ཡིན་ཞེས་ཏེ། ལས་ཐམས་ཅད་ཀྱི་སྒྲུབ་བྱེད་དུ་ཐམས་ཅད་ཡིན་པར་མི་རིགས་སོ། །གལ་ཏེ་ཡང་ཤེས་པ་དབང་པོ་ལ་སོགས་པ་ལས་མཐོང་བའི་དབང་པོ་ལ་སོགས་པ་དེ་ཉིད་ཤེས་པ་སྐྱེད་པ་དེའི་སྒྲུབ་བྱེད་ཡིན་ཏེ། རྟོགས་པའི་ནི་མ་ཡིན་ནོ། །དོན་ཁོང་དུ་ཆུད་པའི་སྐྱེས་ བུ་བློའི་མེ་ལོང་ལ་དོན་རིག་པ་ཡིན་གྱི། དབང་པོ་ལ་སོགས་པ་རྣམས་ཀྱི་ནུས་པ་ཉམས་སུ་མྱོང་བ་ནི་མ་ཡིན་ནོ་ཞེ་ན། སྨྲས་པ། དེ་ལས་ཉམས་མྱོང་ཙམ་དུ་ནི། །ཤེས་པ་འདྲ་བའི་བདག་ཉིད་ཅན། །བདག་ཉིད་དེར་འགྱུར་ན་གང་གིས། །ལས་སོ་སོ་ལ་རྣམ་འབྱེད་འགྱུར། །ཞེས་བྱ་བ་ ལ། དེ་ལ་གལ་ཏེ་དབང་པོ་ལ་སོགས་པ་རྣམས་ཀྱི་ནང་ནས་ཤེས་པ་བདག་ཉིད་ཉམས་སུ་མྱོང་བ་ཙམ་དུ་འདྲ་བ་གང་ཡིན་པ་རྟོགས་པའི་སྒྲུབ་བྱེད་ཡིན་པ་དེའི་ཚེ། དེ་ཡང་བདག་ཡོད་པ་ཅན་གྱིས་འདོད་པའི་ཡུལ་བཞིན་དུ་ཐམས་ཅད་རྟོག་པ་དང་རྟག་ཏུ་དོན་ཐམས་ཅད་ཤེས་པའི་ཕྱིར་ཏེ། དེ་ལ་ཤེས་བྱ་ ཐམས་ཅད་དང་དུས་ཐམས་ཅད་འདྲ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ཡུལ་སོ་སོར་ངེས་པ་ཡང་ཡོད་པ་དེ་བས་ན་བདག་ཉིད་ཡུལ་སོ་སོར་ངེས་པའི་རང་བཞིན་དེའི་བདག་ཉིད་ཀྱིས་འགྱུར་བ་སྟེ། བདག་ཉིད་གང་གིས་ལས་སོ་སོར་རྣམ་པར་འབྱེད་པ་སྟེ། འདི་ནི་སྔོན་པོའོ། །འདི་ནི་སེར་པོའོ་ཞེས་བྱ་བ་ ལ་སོགས་པའོ། །འོན་ཏེ་བདག་ཤེས་བྱ་ཐམས་ཅད་ལ་མཚུངས་པའི་ངོ་བོ་ཉིད་ཡིན་ཡང་ཉན་པ་ལ་སོགས་པའི་འཇུག་པ་ནི་མངོན་སུམ་གྱི་ཚད་མར་འགྱུར་ཏེ། དེ་ཡང་མངོན་སུམ་གྱི་ཡུལ་ངེས་པར་སྟོན་པའོ་ཞེ་ན། སྨྲས་པ། རྒྱུ་ལ་ཐ་དད་ཡོད་ན་ཡང་། །འདི་ཡི་བདག་ཉིད་འགྱུར་མ་ཡིན། ། ལས་ཐ་དད་ལ་ཐ་དད་མེད། །ཐ་དད་པས་ངེས་བྱེད་མ་ཡིན། །ཞེས་བྱ་བ་ལ། རྒྱུ་དབང་པོ་ལ་སོགས་པ་ལ་ཐ་དད་པ་ཡོད་ཀྱང་། འདིའི་བདག་ཉིད་དུ་ཐམས་ཅད་དུ་ཐ་མི་དད་པ་ཅན་ཐ་དད་པའི་སྔོན་པོ་ལ་སོགས་པའི་ལས་ལ་ཐ་དད་པས་ངེས་པར་བྱེད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདིའི་བདག་ ཉིད་དུ་མ་གྱུར་པའི་ཕྱིར་རོ། །བདག་ལ་ཐ་དད་པ་ཡོད་ཀྱང་བྱེད་པ་པོའམ་གོ་བར་བྱེད་པར་འགྱུར་གྲང་ན་དེ་ལ་བདག་ནི་བྱེད་པ་པོར་འགྱུར་བ་མ་ཡིན་ཏེ། དེ་རྟག་པའི་ཕྱིར་དང་དོན་གྱི་རྣམ་པ་ཅན་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །རྣམ་པ་མེད་པ་ཉིད་ཡིན་ན་རང་གི་ངོ་བོ་ཉིད་རིགས་པར་བྱེད་པར་འགྱུར་གྱི། དོན་ ནི་མ་ཡིན་ཏེ། རྟོག་པ་ཙམ་ནི་དོན་ཐམས་ཅད་ལ་ཐུན་མོང་ཡིན་པའི་ཕྱིར་རོ། །འོན་ཏེ་ཤེས་པར་བྱེད་པས་བདག་ངེས་པར་བྱེད་པ་ཡིན་ན་ནི། དབང་པོ་ཐ་དད་པ་མི་ཤེས་པ་ཉིད་མ་ཡིན་ནམ། ཇི་ལྟར་ཤེས་པར་བྱེད་པར་འགྱུར། དེ་ཕྱིར་བདག་ཐ་དད་གང་ལས། །འདི་ཡི་རྟོགས་པ་ཞེས་བྱ་འདི། ། བྱ་བའི་ལས་འདི་ངེས་པ་ཡིན། །དེའི་སྒྲུབ་བྱེད་དེ་གྲུབ་པའོ། །ཞེས་བྱ་བ་ལ། གང་གི་ཕྱིར་བདག་ཉིད་དུ་མ་གྱུར་པའི་ཐ་དད་པ་ངེས་པར་བྱེད་པ་མ་ཡིན་པ་དེའི་ཕྱིར་རོ། །བདག་འདི་ངོ་བོ་ཉིད་ཀྱིས་ཐ་དད་པ་གང་ཡིན་པ་ལས་སྔོན་པོ་ལ་སོགས་པ་འདི་རྟོགས་པ་ཞེས་བྱེད་པ་དང་འདིའི་བྱ་བ་སྟེ་རྟོགས་ པའི་ལས་སྔོན་པོ་ལ་སོགས་པ་ངེས་པ་ཡིན་ཏེ། རྟོགས་པའི་ངོ་བོ་ཉིད་ཀྱི་བྱ་བ་དེའི་སྒྲུབ་བྱེད་དེ་བདག་ཐ་དད་པར་སྒྲུབ་པ་དེ་གྲུབ་པར་འགྱུར་རོ། །འོན་ཏེ་ཐ་དད་པའི་ཤེས་པ་མངོན་སུམ་ནི་རྟོགས་པའི་སྒྲུབ་པར་བྱེད་པ་བདག་ནི་དོན་ཐམས་ཅད་ལ་ཐུན་མོང་བའི་ཕྱིར་དང་། རྟག་པའི་ཕྱིར་འཇོག་པར་བྱེད་པར་མ་གྱུར་ མོད་ཀྱི་དེ་དང་འདྲ་བ་དེས་ཅི་ཞིག་བྱ་ཞེ་ན། སྨྲས་པ། དོན་གྱི་རྣམ་པ་མ་གཏོགས་པར། དོན་དང་དེ་རུ་སྦྱོར་བྱེད་པ། །ཤེས་པ་གཞན་གྱི་རང་བཞིན་གྱིས། །ཇི་ལྟ་བུར་ཡང་འབྱེད་པོ་མིན། །དེ་ཕྱིར་གཞལ་བྱ་རྟོགས་པ་ཡི། །སྒྲུབ་བྱེད་གཞལ་བྱའི་ངོ་བོ་ཉིད། །འདི་ལས་གཞན་པའི་སྒྲུབ་པ་ཡིས། ། དེ་དང་ལས་སུ་འབྲེལ་མི་འགྱུར། །ཞེས་བྱ་བ་ལ། གང་གི་ཕྱིར་རིག་པ་དེ་དང་དོན་ལྷན་ཅིག་སྦྱོར་བར་བྱེད་པ་ནི་དོན་གྱི་རྣམ་པ་མ་རྟོགས་པར་གཞན་གྱི་རང་བཞིན་ནི་རྟོགས་པའི་རྣམ་པ་ཉིད་ཀྱི་ཐ་དད་པར་བྱེད་པ་པོ་མ་ཡིན་པ་དེའི་ཕྱིར། གཞལ་བྱའི་རྣམ་པ་ཉིད་གཞལ་བྱ་རྟོགས་པའི་སྒྲུབ་བྱེད་ཡིན་ ཏེ། ཇི་ལྟར་ཤེས་པ་རྣམ་པ་དང་བཅས་པ་བདེན་པ་དེ་བཞིན་ཕྱི་ནས་འཆད་པར་བྱེད་དོ། །རྣམ་པ་ལས་གཞན་པའི་སྒྲུབ་བྱེད་ཡོད་ཀྱང་དེ་དང་ལས་སུ་ལྷན་ཅིག་རིག་པའི་འབྲེལ་པ་འགྲུབ་པ་མ་ཡིན་ཏེ། འདིའི་འདི་རིག་པའོ་ཞེས་བྱ་བར་མི་རུང་ངོ་། །འོན་ཏེ་དོན་མངོན་དུ་བྱེད་པས་ངེས་པར་འགྱུར་ ན་མངོན་དུ་བྱེད་པ་འདི་ཅི་ཡིན་ཏེ་དོན་གྱི་ངོ་བོ་ཉིད་དམ། འོན་ཏེ་རིག་པ་ཡིན། གལ་ཏེ་དོན་མངོན་དུ་བྱེད་པའི་ངོ་བོ་ཉིད་ཡིན་ན་ནི་ཇི་ལྟར་འོ་ན་ཤེས་པ་དོན་མངོན་དུ་བྱེད་པར་འགྱུར་ཏེ། དོན་དེ་མངོན་དུ་བྱེད་པའི་ངོ་བོ་ཉིད་ནི་རྟོགས་པའི་རང་བཞིན་དུ་འགྱུར་རོ། །འོན་ཏེ་རིག་པའི་ངོ་བོ་ཉིད་མངོན་དུ་བྱེད་ན། འོ་ན་ཇི་ལྟར་དོན་མངོན་དུ་བྱེད་དེ་ཤེས་པའི་ངོ་བོ་ཉིད་དོན་དུ་མི་འགྱུར་རོ། །དེ་བས་ན་དེའི་རྣམ་པ་ཅན་ཉིད་ཡུལ་རིག་པའོ། །འོ་ན་གལ་ཏེ་དེའི་རྣམ་པ་ཅན་ཉིད་ཚད་མ་ཡིན་ལ། རིག་པ་འབྲས་བུ་ཡིན་ན་ནི་དེ་ཇི་ལྟར་ཚད་མ་དང་འབྲས་བུ་ཐ་དད་པ་མེད་པར་འགྱུར་ཞེ་ན། སྨྲས་པ། དེ་ཡང་དེའི་བདག་ གྱུར་ཉིད། །དེས་ན་འབྲས་བུ་དོན་གཞན་མིན། །ཞེས་བྱ་བ་ལ། རྟོགས་པ་དེ་ཡང་དེའི་རྣམ་པའི་བདག་ཉིད་དུ་གྱུར་པ་སྟེ་གཞན་ནི་མ་ཡིན་ནོ། །དེའི་ཕྱིར་ཚད་མ་དོན་གྱི་རྣམ་པ་ལས་དོན་གཞན་དུ་གྱུར་པའི་རིག་པ་འབྲས་བུར་མི་འགྱུར་ཏེ། སྔོན་པོ་ལ་སོགས་པའི་རྣམ་པ་ལས་ཐ་དད་ པའི་བདེ་བ་ལ་སོགས་པའི་རྣམ་པ་དོན་རིག་པ་མེད་པའི་ཕྱིར་ཏེ། སྔོན་པོའི་རྣམ་པ་གཅིག་ལ་ཡང་བདེ་བ་དང་སྡུག་བསྔལ་གྱི་རྣམ་པ་དུ་མར་འབྱུང་བའི་ཕྱིར་རོ། །བདེ་བ་དང་སྡུག་བསྔལ་གྱི་རྣམ་པ་ཉིད་ནང་གི་རྟོགས་པ་ཡིན་པས། ཕྱི་རོལ་རིག་པ་ཡིན་ནོ་ཞེས་བྱ་བར་རྟོགས་པ་ཡང་མེད་དོ། །དེའི་ཕྱིར་ཇི་ ལྟར་བདེ་བའི་རྣམ་པ་ཅན་ཉིད་ནང་གི་རིག་པ་ཡིན་པ་དེ་བཞིན་དུ་སྔོན་པོ་ལ་སོགས་པའི་རྣམ་པ་ཅན་ཉིད་ཡིན་པའི་ཕྱིར། ཕྱི་རོལ་ཉམས་སུ་མྱོང་བས་དེའི་རྣམ་པ་ཅན་ནི་ཚད་མའོ། །བྱེད་པ་ཚད་མ་ཡིན་ལ། བྱེད་པ་ནི་བྱེད་པ་པོ་ལས་ཐ་དད་པ་མ་ཡིན་ནམ། བྱེད་པ་པོའི་བྱེད་པ་ལ་གནས་ནས་གཙོ་བོའི་ བྱ་བ་ལ་ཕན་འདོགས་པ་ཡིན་ན། ཤེས་པ་ལས་ཐ་དད་གཞལ་བྱའི་ངོ་བོ་ཉིད་མ་ཡིན་ཞིང་། རྟོག་པའི་བྱ་བ་ཐ་དད་པ་ཡང་མ་ཡིན་ན། དེ་ཇི་ལྟར་བྱ་བ་བྱེད་པའི་དངོས་པོར་འགྱུར་ཞེ་ན། སྨྲས་པ། དོན་རྟོགས་པ་ཡི་བདག་ཉིད་ཀྱིས། །བདག་ཉིད་ལ་དེར་འཛིན་པ་དེ། །བྱེད་པས་རང་གི་ལས་ལ་ ནི། །བྱེད་དང་བཅས་པ་བཞིན་དུ་སྣང་། །རང་ཉིད་བྱེད་པོ་མ་ཡིན་ཡང་། །དེ་ཡི་བདག་གིར་དེ་གཞག་ཕྱིར། །ཞེས་བྱ་བ་ལ། དོན་གྱི་རྣམ་པ་ཅན་དེའི་བདག་ཉིད་ལ་འཛིན་པའི་ཤེས་པ་དེ་ནི། དོན་རྟོགས་པའི་བདག་ཉིད་ཀྱི་བྱེད་པས་སྔོན་པོ་ལ་སོགས་པ་རང་གི་ལས་ལ་བྱེད་པ་དང་བཅས་པ་ བཞིན་དུ་སྣང་བའོ། །རྣམ་པ་དེའི་དབང་གིས་དོན་ངེས་པ་དེར་རྣམ་པར་གཞག་པའི་ཕྱིར་ཡིན་གྱི། དོན་དམ་པ་ཉིད་དུ་ནི་ཤེས་པ་རང་ཉིད་བྱེད་པ་པོ་མ་ཡིན་ཏེ། ཤེས་པ་ལས་རྣམ་པ་ཐ་མི་དད་པའི་ཕྱིར་རོ། །སྔོན་པོ་རིག་པའོ་སྙམ་པའི་རྟོག་པ་སྔོན་པོའི་བྱེད་པ་པོ་གཞན་ལ་རག་ལས་པ་ཅན་ཉིད་མ་ ཡིན་ཡང་། གལ་ཏེ་བྱེད་པ་དེ་ལ་གནས་པར་ཤེས་ཏེ། ཁོ་བོས་འདི་རིག་པའོ་སྙམ་དུ་ངེས་པར་བྱེད་པ་དེའི་ཕྱིར། ཞེ་ན་པའི་དབང་གིས་བྱ་བ་དང་བྱེད་པ་དང་བྱེད་པ་པོའི་ངོ་བོ་ཉིད་དུ་ཤེས་པ་མི་འགལ་ཏེ། རྟོག་པ་མེད་པ་ཉམས་སུ་མྱོང་བ་ནི་སྔོན་པོའི་ངོ་བོ་ཉིད་ཅན་གྱི་ཤེས་པར་སྣང་བ་དེ་བས་ན་ སྔོན་པོ་ལ་སོགས་པའི་རྣམ་པ་ལས་ཐ་དད་པའི་རིག་པ་མེད་དོ། །གལ་ཏེ་ཤེས་པ་ཉིད་དོན་གྱི་རྣམ་པར་སྣང་ན། དེའི་ཚེ་དོན་དེས་ཤེས་པ་སྐྱེད་པ་མ་ཡིན་ནམ། དེའི་ཕྱིར་ཤེས་པ་ལ་དོན་བྱེད་པར་འགྱུར་གྱི། ཤེས་པས་དོན་ལ་བྱེད་པ་ནི་མ་ཡིན་ན། དེ་ཇི་ལྟར་ཤེས་པས་དོན་འཛིན་པར་འགྱུར་ཞེ་ ན། སྨྲས་པ། དཔེར་ན་རྒྱུ་དང་འབྲས་བུ་རྣམས། །འདྲ་བའི་བདག་ཉིད་དུ་འབྱུང་ཕྱིར། །བྱ་བ་ལྡན་མིན་ཡང་འཇིག་རྟེན། །རྒྱུ་གཟུགས་འཛིན་ཞེས་བརྗོད་པ་བཞིན། །ཞེས་བྱ་བ་ལ། དཔེར་ན་འཇིག་རྟེན་ན་འབྲས་བུ་དང་རྒྱུ་ཕ་མ་འདྲ་བའི་ཚུལ་དུ་འབྱུང་བའི་ཕྱིར། འཛིན་པའི་བྱེད་པ་མེད་པ་ཡིན་ ཡང་གཟུགས་འཛིན་པར་བརྗོད་དོ། །དེ་བཞིན་དུ་ཤེས་པ་དོན་གྱི་རྣམ་པ་ཅན་ལ་བྱེད་པ་མེད་ཀྱང་འཛིན་པའི་ཐ་སྙད་འཇུག་པའི་ཕྱིར། དོན་གྱི་རྣམ་པ་ཅན་ཉིད་སྒྲུབ་བྱེད་ཡིན་ནོ། །དེ་ཕྱིར་མཐོང་དང་དབང་འབྲེལ་དང་། །ཁྱད་པར་གྱི་བློ་དེ་དག་ནི། །བྱ་བ་ལ་ནི་ཆོད་པའི་ཕྱིར། །ཚད་མ་ཉིད་དུ་མི་འདོད་ དོ། །ཞེས་བྱ་བ་ལ། གཏོད་པར་བྱེད་པའི་ཤེས་པ་དཔྱོད་པ་པས་རིགས་ལ་སོགས་པ་ཡོངས་སུ་གཅོད་པ་ལ་ཚད་མར་འདོད་པ་དང་། དབང་པོ་དང་འབྲེལ་པ་གཏོད་པར་བྱེད་པའི་ཤེས་པ་ནི་ཡིད་མ་ཡིན་ཞིང་། ཁྱད་པར་གྱི་བློ་ཡང་གཟེགས་ཟེན་ལ་སོགས་པ་ཁྱད་པར་ཅན་གྱི་ཤེས་པ་ཚད་ མར་འདོད་དོ། །དེ་དག་གིས་གང་གི་ཕྱིར་སྒྲུབ་བྱེད་གཞན་དུ་ལས་དང་འབྲེལ་པ་མ་གྲུབ་པ་དེ་ཉིད་ཀྱི་ཕྱིར་ཚད་མར་རིགས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བྱ་བ་ལ་སྟེ་རྟོགས་པ་ལ་གཏོད་པར་བྱེད་པ་ལ་སོགས་པ་ཆོད་པའི་ཕྱིར། རྣམ་པ་ཉིད་དོན་ངེས་པར་རིག་པ་སྟེ་གཞན་ལས་ནི་མ་ཡིན་ནོ། ། དེ་བས་ན་རྣམ་པ་ཉིད་ཚད་མ་ཡིན་ནོ། །འོ་ན་དབང་པོ་ལ་སོགས་པས་ཤེས་པར་བྱེད་པ་མ་ཡིན་ནམ། དེ་ཅིའི་ཕྱིར་རྣམ་པར་རྟོག་པར་བྱེད་ཅེ་ན། སྨྲས་པ། བྱ་བ་ལ་ནི་བྱེད་པ་རྣམས། །ཐམས་ཅད་ཕན་འདོགས་བྱེད་མོད་ཀྱི། །གཞན་གང་ཐ་དད་བྱེད་པོ་དེ། །དེ་ནི་སྒྲུབ་བྱེད་དམ་པར་འདོད། ། ཅེས་བྱ་བ་ལ། བྱ་བ་ལ་སྒྲུབ་པར་བྱེད་པ་དམ་པ་སྟེ། དབང་པོ་ལ་སོགས་པ་བྱེད་པ་ཐམས་ཅད་བྱ་བ་སྟེ། རྟོགས་པ་ལ་ཕན་འདོགས་པར་བྱེད་མོད་ཀྱི། བྱེད་པ་པོ་གང་ཞིག་བྱ་བ་དེའི་རང་ཐ་དད་པས་ཐ་དད་པར་བྱེད་པ་དེ་ནི་སྒྲུབ་བྱེད་དམ་པར་འདོད་པ་ཡིན་གྱི། བྱེད་པ་པོ་ཙམ་གྱི་བྱ་བ་ནི་མ་ཡིན་ནོ། ། འོན་ཏེ་དབང་པོ་ལ་སོགས་པ་རང་ཐ་དད་པས་ཤེས་པ་ཐ་དད་པར་བྱེད་པ་ཉིད་དེ། འདི་ལྟར་དབང་པོ་ཐ་དད་པས་མཐོང་བ་གསལ་བ་དང་མི་གསལ་བ་ལ་སོགས་པ་ཐ་དད་པར་མྱོང་བར་འགྱུར་རོ་ཞེ་ན། འདིར་སྨྲས་པ། ཀུན་གྱི་མཚུངས་པའི་རྒྱུ་ཡི་ཕྱིར། །དབང་པོ་རྣམས་ལ་འདི་འདྲ་མེད། །དེ་ཐ་ དད་ཀྱང་ཐ་དད་མེད། །དེ་འདིའི་འདི་ཞེས་གང་ལས་ཡིན། །ཞེས་བྱ་བ་ནི། སྔོན་པོ་དང་སེར་པོ་ལ་སོགས་པར་མཐོང་བ་ཐམས་ཅད་ཀྱི་མཚུངས་པའི་རྒྱུ་ཡིན་པའི་ཕྱིར་དབང་པོ་རྣམས་གསལ་བ་དང་མི་གསལ་བ་ལ་སོགས་པ་ཐ་དད་པར་བྱེད་པ་ཡིན་ཡང་། དོན་སོ་སོ་བ་བྱེད་པའི་ཐ་དད་པར་བྱེད་པ་འདི་ འདྲ་བ་མེད་དོ། །འོན་ཏེ་དབང་པོ་དོན་སོ་སོ་བ་གཞན་དང་གཞན་དུ་འགྱུར་བ་སྟེ། འདི་ལྟར་སྔོན་པོ་ལ་མངོན་དུ་ཕྱོགས་པའི་དབང་པོ་དང་སེར་པོ་ལ་སོགས་པའི་དབང་པོའོ་ཞེས་དོན་སོ་སོ་ལ་ཐ་དད་པ་དེ་དང་དེ་མངོན་དུ་ཕྱོགས་པ་ཉིད་དེ། དེ་བས་ན་ཆོས་ཐ་དད་པས་དབང་པོ་རྣམས་ཐ་དད་པའི་ཕྱིར། དབང་པོ་ཐ་ དད་པ་ཉིད་ཀྱིས་རིག་པ་ཐ་དད་པར་འགྱུར་བ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། དབང་པོ་དེ་མངོན་དུ་ཕྱོགས་པའི་ཆོས་ཐ་དད་པས་ཐ་དད་པ་ཡིན་ན་ཡང་གང་གི་ཕྱིར། ཐ་དད་མེད་པ་སྟེ། རྣམ་པ་དང་བྲལ་བའི་དབང་པོ་འདི་སྔོན་པོ་དང་སེར་པོ་ལ་སོགས་པའི་ཡུལ་ལ་མངོན་དུ་ཕྱོགས་པ་འདི་གང་ལས་ཡིན་ཏེ། མ་ཡིན་པ་ཉིད་དོ། །སྔོན་པོ་ལ་སོགས་པའི་རྣམ་པ་མེད་ན་སྔོན་པོའི་ཡུལ་ལ་དབང་པོ་མངོན་དུ་ཕྱོགས་པར་ཤེས་པ་མ་ཡིན་ནོ། །འོན་ཏེ་སྔོན་པོ་ལ་སོགས་པར་རྟོགས་པ་སྔར་ཡོད་ན། འོ་ན་མངོན་དུ་ཕྱོགས་པས་ཅི་ཞིག་བྱ་ཡང་ན་དབང་པོ་ལ་སོགས་པ་དེ་ཐ་དད་ཀྱང་དོན་སོ་སོ་ཐ་མི་དད་པར་རིག་པ་དེ་ དོན་སོ་སོར་ངེས་པ་ཉིད་ཀྱི་སྔོན་པོ་འདིའི་རིག་པ་འདི་ཡིན་ན་ཞེས་ཇི་ལྟར་ཤེས། དེ་བས་ན་དབང་པོ་ནི་ཐ་དད་པར་བྱེད་པ་མ་ཡིན་ནོ། །དེས་ནི་ལྷག་མ་བཤད་པ་སྟེ། ཁྱད་པར་གྱི་བློ་རྣམས་ལ་ཡང་། །དེ་དངོས་མེད་ན་ཐ་དད་མེད། །དེ་འདྲར་བློ་གཞན་དག་ཀྱང་འགྱུར། །ཞེས་བྱ་བ་ལ། དབང་པོ་ རྣམས་སྒྲུབ་བྱེད་མ་ཡིན་པར་བསྟན་པ་དེས་ནི་ལྷག་མ་གཏོད་པར་བྱེད་པ་དང་དབང་པོ་དོན་ཕྲད་པ་ལ་སོགས་པ་སྒྲུབ་བྱེད་དམ་པ་མ་ཡིན་ནོ་ཞེས་བཤད་པ་ཡིན་ཏེ། འདི་ལྟར་དོན་གྱི་རྣམ་པ་ཅན་ལས་འདས་ན་ཕྲད་པ་ལ་སོགས་པ་རྟོགས་པར་མི་འགྱུར་ན། དེ་ཇི་ལྟར་བྱ་བའི་སྒྲུབ་བྱེད་ཡིན། ཁྱད་པར་ གྱི་བློ་དེའི་རྣམ་པ་ཅན་མེད་ན། ཁྱད་པར་གྱི་བློ་ཞེས་བྱ་བ་ཐ་དད་པ་འདི་གྲུབ་པར་མི་འགྱུར་ཏེ། ཁྱད་པར་སྨོས་པ་འདི་ནི་ཉེ་བར་མཚོན་པའོ། །གཏོད་པར་བྱེད་པའི་ཡང་དོན་གྱི་རྣམ་པ་ཅན་མེད་ན་དོན་ལ་གཏོད་པར་མི་འགྲུབ་པོ། །དེ་བཞིན་དུ་སྟེ་ཁྱད་པར་གྱི་བློ་བཞིན་བློ་གཞན། ཁྱད་པར་ཅན་གྱི་བློ་ལ་ཡང་ཐ་ དད་པ་ཡོད་པ་མ་ཡིན་ན་ཁྱད་པར་དང་ཁྱད་པར་ཅན་གྱི་བློ་དེ་ཅིའི་ཕྱིར་བསྒྲུབ་བྱ་དང་བསྒྲུབ་བྱའི་དངོས་པོར་འགྱུར། གཞན་ཡང་ཁྱད་པར་གྱི་བློ་ཁྱད་པར་གྱི་ཡུལ་ཅན་ཡིན་ཞིང་། ཁྱད་པར་ཅན་གྱི་བློ་ཡང་ཁྱད་པར་ཅན་གྱི་ཡུལ་ཅན་ཡིན་པའི་ཕྱིར་བསྒྲུབ་བྱ་དང་སྒྲུབ་བྱེད་དག་སྤྱོད་ཡུལ་ཐ་དད་པར་ཐལ་བར་འགྱུར་ རོ། །འགྱུར་མོད་ཅི་སྟེ་ཞེ་ན། བྱ་བ་དང་ནི་སྒྲུབ་བྱེད་གཉིས། །ཡུལ་ཐ་དད་པའང་མི་འདོད་དེ། །དོན་གཅིག་ཡིན་ན་གཉིས་དོན་མེད། །རིམ་བཞིན་འབྱུང་བའང་ཡོད་མ་ཡིན། །ཞེས་བྱ་བ་ནི། པ་ལ་ཤ་སྟ་རེས་བསྣུན་ན་སེང་ལྡེང་ཆོད་པར་འགྱུར་བ་མ་ཡིན་གྱི། བྱ་བ་དང་སྒྲུབ་བྱེད་དག་གཉི་ ག་ལ་ཡང་ཡུལ་ཐ་དད་པར་ཁྱེད་ཀྱང་འདོད་པ་མ་ཡིན་ནོ། །འོན་ཏེ་ཁྱད་པར་དང་ཁྱད་པར་ཅན་གྱི་བློ་དག་དོན་གཅིག་པ་ཡིན་ན། དེ་ལྟ་ན་ནི་ཁྱད་པར་དང་ཁྱད་པར་ཅན་གྱི་བློ་དག་གཉི་ག་ཡང་དོན་གཅིག་པ་ཉིད་ན་ཤེས་པ་གཉིས་དོན་མེད་པར་འགྱུར་ཏེ། ཤེས་པ་གཅིག་ཉིད་ཀྱིས་དོན་ཡོངས་ སུ་གཅོད་པའི་ཕྱིར་རོ། །གཞན་ཡང་ཁྱད་པར་དང་ཁྱད་པར་ཅན་གྱི་བློ་དག་ཡུལ་གཅིག་ན་ནི་རིམ་གྱིས་སྐྱེ་བར་མི་འགྱུར་རོ། །འོན་ཏེ་ཁྱད་པར་དང་ཁྱད་པར་ཅན་གྱི་བློ་དག་ཅིག་ཅར་སྐྱེ་བ་དེ་ལྟ་ན་ནི་ཁྱད་པར་དང་ཁྱད་པར་ཅན་གྱི་བློ་ཅིག་ཅར་བའི་དངོས་པོ་བསྒྲུབ་བྱ་སྒྲུབ་བྱེད་ཀྱི་རང་བཞིན་མ་ཡིན་ ཏེ། གཉི་ག་གྲུབ་པའི་ཕྱིར་རོ། །ཅིག་ཅར་ན་ཡང་བསྒྲུབ་བྱ་དང་སྒྲུབ་བྱེད་མེད་པར་འགྱུར་རོ། །འོ་ན་ཇི་ལྟར་ཁྱེད་ཀྱི་ཡང་རྣམ་པར་ཤེས་པའི་ཆ་ལ་ཅིག་ཅར་དུ་བསྒྲུབ་བྱ་དང་སྒྲུབ་བྱེད་ཀྱི་དངོས་པོར་འགྱུར་ཏེ། གང་གིས་རྣམ་པ་ཚད་མ་ཡིན་ཞིང་རྟོགས་པ་འབྲས་བུར་འགྱུར་ཞེ་ན། སྨྲས་པ། བློའི་ཆ། དེ་ཡི་རྣམ་གཞག་ལ་བརྟེན་ནས། །སྒྲུབ་བྱེད་སྒྲུབ་པར་རྣམ་པར་གནས། །ཞེས་བྱ་བ་ལ། ཤེས་པའི་ཆ་ལ་རྒྱུ་དང་འབྲས་བུའི་དངོས་པོས་བསྒྲུབ་བྱ་དང་སྒྲུབ་བྱེད་ཀྱི་དངོས་པོ་སྟེ། འོན་ཀྱང་བློ་དེ་ཤེས་པའི་ཆ་དོན་གྱི་རྣམ་པ་རྟོགས་པ་ཅན་དག་རིག་པ་དེའི་ཡུལ་ངེས་པ་ཅན་ཉིད་དུ་ རྣམ་པར་གཞག་པ་ལ་བརྟེན་ནས་བསྒྲུབ་བྱ་དང་སྒྲུབ་བྱེད་ཀྱི་དངོས་པོ་ཡིན་གྱི། ཕྲད་པ་ཚད་མ་ནི་མ་ཡིན་ནོ། །གང་གི་ཕྱིར། །བདག་ཉིད་ཀུན་གྱིས་འབྲེལ་ན་ཡང་། །ཆོས་འགའ་ཞིག་གིས་རྟོགས་འགྱུར་ན། །དེ་ནི་ངེས་པར་མི་འགྱུར་ཏེ། །འབྲེལ་བར་བྱེ་བྲག་མེད་པའི་ཕྱིར། །ཞེས་ བྱ་བ་ལ། གལ་ཏེ་ཕྲད་པ་ཚད་མ་ཡིན་ལ། དེའི་དོན་རྟོགས་པ་འབྲས་བུ་ཡིན་ན། ཕྲད་པ་དེ་ཡང་དྲུག་ཏུ་ཐ་དད་དེ་ལྡན་པ་དང་། ལྡན་པ་དང་འཕྲོད་པ་འདུ་བ་དང་ལྡན་པ་ལ་བརྟེན་པའི་འཕྲོད་པ་འདུ་བ་དང་། འདུ་བ་དང་། བརྟེན་པའི་འཕྲོད་པ་འདུ་བ་དང་། ལྡན་པའི་ཁྱད་པར་གྱིས་ཁྱད་པར་ཅན་དུ་གྱུར་པ་ཞེས་ བྱ་བའོ། །དེ་ལ་དབང་པོ་དང་བ་ལང་ལ་སོགས་པ་ཕྲད་པ་ནི་ལྡན་པའོ། །བ་ལང་ལ་བརྟེན་པའི་དཀར་པོ་ལ་སོགས་པའི་ཡོན་ཏན་ནི་ལྡན་པ་དང་འཕྲོད་པ་འདུ་བའོ། །དཀར་པོ་ལ་སོགས་པའི་ཡོན་ཏན་ལ་བརྟེན་པའི་དཀར་པོ་ཉིད་ལ་སོགས་པའི་སྤྱི་ནི་ལྡན་པ་ལ་བརྟེན་པའི་འཕྲོད་པ་འདུ་བའོ། །རྣ་ བའི་ནམ་མཁའི་རང་བཞིན་དང་སྒྲ་ནི་འཕྲོད་པ་འདུ་བའོ། །སྒྲ་ཉིད་དང་རྟེན་པའི་འཕྲོད་པ་འདུ་བའོ། །མེད་པ་དང་ལྡན་པའི་ཁྱད་པར་གྱིས་ཁྱད་པར་དུ་གྱུར་པའོ། །དེ་ལ་མིག་དང་ལྷན་ཅིག་རྫས་བདག་ཉིད་ཐམས་ཅད་ཀྱིས་གཟུགས་དང་རོ་དང་དྲི་ལ་སོགས་པ་དང་བཅས་པར་འབྲེལ་ན་ཡང་བ་ལང་ ལ་སོགས་པའི་ཆོས་འགའ་ཞིག་ཁོ་ན་དང་ལྡན་པར་རྟོགས་པར་འགྱུར་གྱི། རོ་ལ་སོགས་པའི་ཆོས་དང་ནི་མ་ཡིན་ནོ་ཞེས་ངེས་པ་འདིར་མི་འགྱུར་ཏེ། མིག་དང་ལྷན་ཅིག་འབྲེལ་པའི་ལྡན་པ་དང་། འཕྲོད་པ་འདུ་བ་ལ་སོགས་པར་བྱེ་བྲག་མེད་པའི་ཕྱིར་རོ། །འོན་ཏེ་རོ་ལ་སོགས་པ་མིག་གི་ཡུལ་མ་ ཡིན་པའི་ཕྱིར་མི་འཛིན་ནོ་ཞེ་ན། འོ་ན་དེ་ཉིད་དོན་གཅིག་ལ་འདུ་བར་བྱེ་བྲག་མེད་པའི་ཕྱིར། འདི་མིག་གི་ཡུལ་ཉིད་དུ་ཇི་ལྟར་མི་འགྱུར་ཞེས་བསམ་པར་བྱའོ། །དེ་བས་ན་བདག་ཉིད་ཐམས་ཅད་ཀྱིས་འབྲེལ་ན་ཡང་ཆོས་འགའ་ཞིག་གིས་ཁྱད་པར་ཅན་ལ་སོགས་པ་རྣམས་རྟོགས་པར་འགྱུར་ཞེས་ ཟེར་བ་ནི། རིགས་པ་མ་ཡིན་ནོ། །ཡང་ན་གལ་ཏེ་མིག་གི་འོད་ཕྱི་རོལ་དུ་འཕྲོས་པ་ནི་དོན་འཛིན་པའི་རྒྱུ་ཡིན་ནོ། །དེ་ལྟར་ན་བདག་ཉིད་ཐམས་ཅད་ཀྱིས་འབྲེལ་ཀྱང་དེ་བཞིན་དུ་མ་ལུས་པའི་གཟུགས་སྣང་བར་འགྱུར་རོ། །དེ་བས་ན་གསང་གསེང་ལ་སོགས་པའི་ཆོས་དང་ཁ་དོག་དང་བར་ མཚམས་ལ་སོགས་པ་ཐམས་ཅད་མཐོང་བར་འགྱུར་གྱི། འདུས་པ་ཙམ་ཚོགས་པའི་རྣམ་པ་ནི་མ་ཡིན་ནོ། །དེའི་ཕྱིར་ཉེ་བ་དང་རིང་བའི་བྱེ་བྲག་གིས་ཤིང་མཐོང་བ་ལ་གསལ་བ་དང་མི་གསལ་བའི་རྣམ་པ་ཕྱི་རོལ་དུ་སྣང་བ་ཅན་གྱི་ལུས་ཉིད་གསལ་བ་དང་མི་གསལ་བའི་ངོ་བོ་ཉིད་ཅན་ཚད་མའོ་ཞེས་ པ་ལ་བསྟན་པར་བྱ་བའི་ཕྱིར། སྨྲས་པ། དེ་དབྱེར་མེད་ཀྱང་ཐ་དད་འདི། །གང་ལས་དེ་ནི་ཚད་མ་ཉིད། །ཅེས་བྱ་བ་