Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 183
Văn bản gốc(Tây Tạng)
Trang 5 / 19 (50.000 ký tự/trang)
ིར་རོ། །ཟླ་བ་གཉིས་སུ་སྣང་བ་ཡང་གཉིས་སུ་གསལ་བར་ཡོངས་སུ་གཅོད་པས་ མངོན་སུམ་ཁོ་ནས་ཡིན་པའི་ཕྱིར། གང་དུ་མངོན་དུ་བྱེད་པ་དེར་དེ་མངོན་སུམ་སྟེ། ཕྱི་རོལ་གྱི་ཟླ་བ་མཐོང་བ་ལ་ནི་མངོན་དུ་བྱེད་པ་པོ་མ་ཡིན་ལ། དེ་ལ་ལྟོས་ནས་འཁྲུལ་པའོ། །འདི་ལྟར་སྣང་བར་གྱུར་བའི་ཟླ་བ་གཉིས་ཀྱི་རྣམ་པ་ལས་མ་གཏོགས་པའི་ཕྱི་རོལ་པ་དེ་ན་མེད་པའི་ཕྱིར། རྟོག་པས་ གཞག་པའི་ཕྱི་རོལ་ལ་ལྟོས་ནས་རིག་པ་འཁྲུལ་བར་བརྗོད་ཀྱི། དེ་ཁོ་ན་ཉིད་དུ་སྣང་བ་འཁྲུལ་བར་སྲིད་པ་མ་ཡིན་ནོ། །དེ་སྐད་དུ་ཡང་ཡིད་ནི་ཤེས་པའི་ཡུལ་ཡིན་པའི་ཕྱིར་འཁྲུལ་པ་ནི་མ་ཡིན་ནོ་ཞེས་གསུངས་སོ། །དེ་དག་གིས་ནི་མངོན་དུ་བྱེད་པ་ཉིད་ཀྱིས་མངོན་སུམ་རྟོག་པ་དང་བྲལ་བར་ གྲུབ་པའོ་ཞེས་བྱ་བ་འདི་གནས་པ་ཡིན་ནོ། །གཞན་ཡང་། ཁྱད་པར་དང་ནི་ཁྱད་པར་གཞི། །འབྲེལ་པ་འཇིག་རྟེན་གཞུང་ལུགས་ནི། །གཟུང་སྟེ་དེ་དག་བསྡོམས་ནས་སུ། །དེ་ལྟར་རྟོགས་ཏེ་གཞན་དུ་མིན། །དཔེར་དབྱུག་ཅན་བཞིན་རིགས་སོགས་ཀྱི། །བྱེ་བྲག་དཔྱོད་པ་མེད་ཕྱིར་རོ། །དེ་ལྟར་ སྦྱོར་བ་དག་མེད་པས། །དེ་ཕྱིར་འདི་ལ་རྟོག་པའང་མེད། །ཅེས་བྱ་བ་ལ། ཁྱད་པར་དུ་གྱུར་པའི་རིགས་ལ་སོགས་པ་རྣམས་དང་། རྫས་ཁྱད་པར་ཅན་དུ་གྱུར་པའི་རྫས་འཛིན་པ་ནི་རྟོག་པ་སྟེ། རྣ་ཆ་ལ་སོགས་པ་སོ་སོའི་ཁྱད་པར་དང་། ལྷ་སྦྱིན་ལ་སོགས་པ་ཁྱད་པར་ཅན་དེ་དག་ལྡན་པའི་རང་ བཞིན་ནམ་འཕྲོད་པ་འདུ་བའི་ངོ་བོ་ཉིད་ཀྱིས་འབྲེལ་པ་མཆོག་ལ་སོགས་པ་ཁ་ཅིག་ལ་འཛིན་པ་དང་། འཇིག་རྟེན་པའི་ལུགས་རྣམ་པར་གཞག་པ་ཡང་ངེས་པ་སྟེ། འདི་ལྟར་འབྲེལ་པ་ཁྱད་པར་མེད་ན་ཡང་རྣ་བའི་བུག་པ་ལ་འཕྱང་བས་རྣ་ཆ་ཅན་ནོ་ཞེས་ཐ་སྙད་འདོགས་ཀྱི། མགྲིན་པར་བཏགས་ པ་ལ་ནི་མ་ཡིན་ནོ། །དུས་ཕྱིས་འབྱུང་བའི་རྟོག་པ་སྐྱེས་པ་གང་ཡིན་པ་དྲན་པ་དང་བརྗོད་པས་ཐ་སྙད་ཀྱི་དུས་སུ་བསྡོམས་ནས་དེ་ལྟར་ཁྱད་པར་གྱིས་ཁྱད་པར་ཅན་དུ་གྱུར་པར་རྟོགས་ཀྱི། གཞན་དུ་ནི་མ་ཡིན་ཏེ། ཐ་སྙད་ཀྱི་དུས་ན་དྲན་པ་མ་རྟོགས་པར་རྟོགས་པ་ཡོད་པ་མ་ཡིན་ནོ། །དཔེར་ན་སྔར་ སྦྱིན་ན་གཟུང་ཞིང་ཁྱད་པར་དབྱུག་པ་ཡང་བཟུང་ནས་དེ་དག་འབྲེལ་པར་ཡང་བཟུང་སྟེ། ལག་པས་བཟུང་བའི་དབྱུག་པ་ཉིད་ཀྱིས་དབྱུག་པ་ཅན་ཞེས་བརྗོད་པ་ལ་སོགས་པ་འཇིག་རྟེན་པའི་ལུགས་རྣམ་པར་གཞག་པ་གཟུང་ན་དབྱུག་པ་ཅན་ནོ་སྙམ་པའི་རྟོག་པ་སྐྱེ་བར་འགྱུར་བ་བཞིན་ནོ། །རིགས་ དང་ཡོན་ཏན་དང་བྱ་བ་རྣམས་ནི་གསལ་བའི་ངོ་བོ་ཉིད་ལས་ཐ་དད་པར་མཐོང་བ་མེད་པའི་ཕྱིར། རིགས་ལ་སོགས་པ་དེ་དང་ལྡན་པ་དེ་དང་ལྷན་ཅིག་སྦྱོར་བ་མེད་དེ། སྦྱོར་བ་མེད་པ་དེ་ཉིད་ཀྱི་ཕྱིར་དབང་པོ་ལས་སྐྱེས་པའི་ལུས་ཅན་འདི་ལ་རྟོག་པ་ཡང་མེད་པར་འགྱུར་ཏེ། འདི་ལྟར་ཐ་དད་པར་སྣང་བ་ཅན་ གྱི་སྦྱོར་བ་ཡིན་ནམ། ཐ་མི་དད་པར་སྣང་བ་ཅན་གྱི་ཡིན་གྲང་ན། དེ་ལ་གལ་ཏེ་ཐ་དད་པ་མེད་པར་ཡོངས་སུ་བཅད་པའི་དོན་སྦྱོར་བ་ཡིན་ན། དེ་ལྟ་ན་ནི་ཐ་དད་པ་མེད་པར་མཐོང་བ་ཅན་དེ་གཅིག་པ་ཉིད་ཀྱི་ཕྱིར་སྦྱོར་བ་མེད་དེ། སྦྱོར་བ་ནི་དངོས་པོ་གཉིས་ལ་ལྟོས་པའི་ཕྱིར་རོ། །འོན་ ཏེ་ཐ་དད་པར་སྣང་བ་ཅན་གྱི་དོན་གཉིས་སྦྱོར་ན་ནི་དེའི་ཚེ་ཡང་ཕན་ཚུན་ཐ་དད་པར་མཐོང་བའི་ཕྱིར། ཤིན་ཏུ་ཡང་སྦྱོར་བ་མེད་པར་གསལ་བའི་ཕྱིར་སྦྱོར་བ་བདེན་པ་མ་ཡིན་ནོ། །ཡང་རྫས་ལ་སྦྱོར་བ་ཡོད་དུ་ཆུག་ཀྱང་རིགས་ལ་སོགས་པ་ལ་ནི་སོ་སོར་ཐ་དད་པར་སྣང་བ་མེད་པའི་ཕྱིར། རིགས་ དང་ལྡན་པ་ལ་སོགས་པ་རྣམས་སྦྱོར་བ་མེད་དེ། གསལ་བའི་ངོ་བོ་ཉིད་ལས་ཐ་དད་པར་རིགས་དང་ཡོན་ཏན་དང་བྱ་བ་རྣམས་ཤེས་པ་མ་ཡིན་པའི་ཕྱིར་རོ། །རིགས་དང་རིགས་དང་ལྡན་པ་ལ་སོགས་པ་ཐ་དད་པར་མ་མཐོང་བ་ཉིད་ཀྱི་ཕྱིར་སྦྱོར་བ་མ་ཡིན་ནམ་ཞེ་ན། དེ་ནི་མ་ཡིན་ཏེ། ཐ་དད་པ་དག་ ཐ་མི་དད་པར་འབྱུང་བ་མ་ཡིན་ནོ། །འོན་ཏེ་དུས་དང་ཡུལ་མཚུངས་པ་ཅན་གཅིག་ཏུ་སྣང་བའོ་ཞེ་ན། མ་ཡིན་ཏེ། དུས་དང་ཡུལ་མཚུངས་པ་ཅན་གྱི་རོ་ལ་སོགས་པ་རྣམས་ཐ་དད་པར་སྣང་བའི་ཕྱིར་རོ། །ཡུལ་ཐ་དད་པ་ཅན་ཡིན་ཡང་ངོ་བོ་ཉིད་ཐ་དད་པར་ཤེས་པ་ཉིད་ཀྱིས་ཐ་དད་པ་ཡིན་གྱི། ཡུལ་ དང་དུས་ཐ་དད་པས་ནི་མ་ཡིན་ནོ། །གལ་ཏེ་ཡང་དེ་ལ་ངོ་བོ་ཐ་དད་པར་ཁས་མི་ལེན་ན་ནི། འོ་ན་ཡུལ་ལ་སོགས་པ་ཐ་དད་ཀྱང་ཐ་དད་པར་ཤེས་པ་ནི་མ་ཡིན་ནོ། །འོ་ན་གལ་ཏེ་མཐོང་བ་དག་པས་རིགས་ལ་སོགས་པ་དག་མི་ཤེས་པ་དེ་ལྟ་ན་ཡང་མཐོང་བའི་དུས་ཕྱིས་རྗེས་སུ་འགྲོ་བ་ཅན་གྱི་ཤེས་པས་ གསལ་བའི་ངོ་བོ་ཉིད་ལས་ཐ་དད་པའི་རིགས་པ་ལ་སོགས་པ་ཤེས་པ་མ་ཡིན་ནམ། འདི་ལྟར་དཔག་ཏུ་མེད་པར་ཐ་དད་པ་ཅན་གྱི་གསལ་བ་རྣམས་ལ་བ་ལང་ཞེས་བྱ་བ་དེ་ཉིད་དུ་ཤེས་པ་ཡིན་གྱི། བ་ལང་ངོ་སྙམ་པའི་ཤེས་པས་རང་བཞིན་ཕན་ཚུན་ཐ་དད་པ་ཅན་གསལ་བ་སྟོན་པའོ་ཞེས་བརྗོད་ པར་རིགས་པ་མ་ཡིན་ཏེ། དེ་དག་ངོ་བོ་ཉིད་ཐ་དད་པའི་ཕྱིར་རོ་ཞེ་ན། སྨྲས་པ། རྗེས་འགྲོ་ཅན་གྱི་རྣམ་ཤེས་གང་། །དེ་ཡང་སྒྲ་དང་གསལ་བར་སྣང་། །ཁ་དོག་དབྱིབས་ཡིག་རྣམ་པ་ཡིས། །སྟོང་པ་བ་ལང་ཉིད་དུ་བརྗོད། །ཅེས་བྱ་བ་ལ། མཐོང་བའི་དུས་ཕྱིས་རྗེས་སུ་འགྲོ་བ་ཅན་གྱི་ ཤེས་པ་གང་ཡིན་པ་དེ་ལ་གསལ་བ་ལ་གནས་པའི་སྤྱི་གཞན་དུ་གྱུར་པ་སྣང་བ་ནི་མ་ཡིན་ནོ། །དེ་བཞིན་དུ་རྗེས་སུ་འགྲོ་བའི་ངོ་བོ་ཉིད་ཅན་རིགས་ཀྱི་ལུགས་ཀྱང་སྣང་བ་ཡིན་ནོ། །རྣམ་པར་ཤེས་པ་རྗོད་པར་བྱེད་པའི་སྒྲ་སྣང་བ་དང་། གསལ་བའི་ངོ་བོ་ཉིད་དུ་སྣང་བ་ཅན་དེ་ནི། དེ་ལ་སྒྲ་མེད་པར་ སྤྱི་གཞན་རྟོགས་པར་མི་འགྱུར་བ་མ་ཡིན་ནམ། འོན་ཏེ་སྒྲའི་ཤེས་པ་སྤྱིའི་རྣམ་པར་རྟོག་པ་ཤེས་པ་སྐྱེ་ལ། སྤྱིའི་རྣམ་པ་ནི་རིགས་ལས་ཡིན་གྱིས། གསལ་བ་ལས་ནི་མ་ཡིན་ནོ་ཞེ་ན། སྒྲས་བརྗོད་པར་བྱ་བ་སྐྱེས་པ་ཅན་གྱི་མཐོང་བ་སྐྱེས་པ་ནི་ཡོངས་སུ་མཐོང་བའི་ཁ་དོག་དང་། དབྱིབས་དང་ སྣང་བའི་རྣམ་པ་ངེས་པ་ཅན་དུ་ཤེས་པར་བྱ་བ་མ་ཡིན་ནམ། མི་གསལ་བ་དང་ཁ་དོག་དང་བྲལ་བའི་རྗེས་སུ་འབྲང་བའི་སྤྱི་གཞན་སྣང་བ་མ་ཡིན་ཏེ། ཁ་དོག་ལ་སོགས་པའི་རྣམ་པ་ཙམ་རྗེས་སུ་འབྲང་བ་ཅན་གྱི་བློ་ཉམས་སུ་མྱོང་བར་འགྱུར་རོ། །འོན་ཏེ་སྤྱི་མི་གསལ་བ་ཁ་དོག་དང་དབྱིབས་ཀྱི་ རྣམ་པ་ཅན་ཉིད་ཡིན་ན། དེ་ཇི་ལྟར་སྒྲ་དང་འབྲེལ་པའི་ཤེས་པ་སྤྱི་ངེས་པར་བྱེད་པ་མ་ཡིན་ཞེ་ན། ཁ་དོག་སྔོན་པོ་ལ་སོགས་པ་དང་། དབྱིབས་ཤེས་པར་བྱ་བའི་ཆ་བྱད་དང་། ཡི་གེ་བ་ལ་སོགས་པའི་རྣམ་པས་སྟོང་པ་རྗེས་སུ་འགྲོ་བའི་ངོ་བོ་ཉིད་ཅན་བ་ལང་ཉིད་དུ་བརྗོད་པར་བྱ་ན། དེ་ཇི་ལྟར་རྣམ་ པ་གཞན་ཅན་གྱི་གཞལ་བྱ་གཞན་གྱི་རྣམ་པ་ཅན་གྱི་ཤེས་པས་མཐོང་བར་འགྱུར། དེའི་ཕྱིར་སྤྱི་སྣང་བ་མ་ཡིན་ཏེ། རྗེས་སུ་འབྲང་བ་འདི་བ་ལང་ངོ་སྙམ་པ་ནི་མིང་ཙམ་ཡིན་ནོ། །མིང་ཉིད་ཀྱང་ཐ་མི་དད་པའི་དོན་མེད་པར་ཇི་ལྟར་འགྱུར་ཞེ་ན། མ་ཡིན་ཏེ། དོན་གཅིག་བྱེད་པར་མཚུངས་པའི་ཕྱིར། མིང་ཙམ་གཅིག་ཏུ་བྱེད་པའི་ཕྱིར་རོ་ཞེས་ལེའུ་དང་པོར་བསྟན་ཏོ།། །།ཡང་ན་ཡོངས་སུ་དཔྱོད་པའི་ཤེས་པ་ཉིད་མཚུངས་པ་ཡིན་གྱི། དོན་ལ་མཚུངས་པ་ཡོད་པ་མ་ཡིན་ནོ། །འོན་ཏེ་སྒྲའི་རྗེས་སུ་འབྲང་བ་ཅན་མཐོང་བ་སྐྱེས་པ་ནི་མི་གསལ་བའི་རྣམ་པ་མྱོང་བར་གྱུར་པ་སྤྱི་ ཡིན་མོད་ཀྱི། ཁ་དོག་ལ་སོགས་པ་དང་བྲལ་བར་བྱེ་བྲག་པས་བསྟན་པ་ནི་མ་ཡིན་ཏེ། དེ་མི་གསལ་བའི་ཕྱིར་རོ་ཞེ་ན། སྨྲས་པ། དེ་ཉིད་མཚུངས་པ་ཉིད་ཡིན་ཡང་། །མིག་གི་སྤྱོད་ཡུལ་དུ་སྣང་མིན། །སྣང་བ་གཉིས་ནི་མེད་ཕྱིར་ཡང་། །བློ་ཡི་ཐ་དད་རྙེད་པར་དཀའ། །ཞེས་བྱ་བ་ལ། གང་ཞིག་རྗེས་སུ་འགྲོ་བ་ཅན་གྱི་ཤེས་པ་ལ་སྔོན་པོ་ལ་སོགས་པའི་ངོ་བོ་ཉིད་མི་གསལ་བར་སྣང་བའི་རྣམ་པ་དེ་ཉིད་མཚུངས་པའི་ངོ་བོ་ཉིད་དུ་ཁས་ལེན་པར་གྱུར་ཀྱང་། གསལ་བའི་ངོ་བོ་ཉིད་མིག་གི་སྤྱོད་ཡུལ་དུ་མི་གསལ་བའི་རྣམ་པ་ཅན་འདི་མཐོང་བ་མ་ཡིན་ནོ། ། དེའི་ཕྱིར་མིག་གི་ཡུལ་དུ་མ་ཤེས་པའི་སྤྱིའི་རང་བཞིན་རིགས་སུ་ཇི་ལྟར་འགྱུར་ཏེ། འོན་ཀྱང་ཤེས་པ་ལས་ཐ་མི་དད་པའི་ཕྱིར་མི་གསལ་བ་ནི་ཁྱད་པར་གྱི་ངོ་བོ་ཉིད་ཡིན་ནོ། །ཅི་སྟེ་དོན་ཙམ་ཐམས་ཅད་ལ་སྤྱི་དང་ཁྱད་པར་གྱིས་མཐོང་བར་གྱུར་པ་ཐམས་ཅད་ཀྱི་བློ་ཉམས་སུ་མྱོང་བ་མ་ཡིན་ ནམ། དེ་ཡང་སྤྱི་དང་ཁྱད་པར་གྱི་རྣམ་པ་ཅན་གྱི་གཞལ་བྱ་མེད་པར་སྐྱེ་བ་ཐོབ་པར་མི་ནུས་ཏེ། དེ་ལྟ་བུ་ནི་རིག་པའི་ཆོས་ཡིན་ཏེ། གང་ཕྱི་རོལ་ན་གནས་པའི་ཡུལ་མཐོང་བའོ། །གལ་ཏེ་ཡང་རིགས་མེད་པར་དེའི་རྣམ་པ་ཅན་གྱི་བློ་སྐྱེ་ན། ཇི་ལྟར་བདག་ཉིད་ལ་གནས་པའི་ཕྱི་རོལ་དུ་སྣང་བ་སྤོང་ བར་མི་འགྱུར་ཞེ་ན། དེ་ནི་སྙིང་པོ་མེད་པ་སྟེ་གང་གི་ཕྱིར། དབང་པོ་ལས་སྐྱེས་པའམ་རྟོག་པའི་བློ་རྗེས་སུ་འགྲོ་བ་དང་ལྡོག་པའི་རྣམ་པ་ཅན་གྱི་ངོ་བོ་ཉིད་ཀྱིས་ཐ་དད་པ་རྙེད་པ་མ་ཡིན་ཏེ། སྤྱི་དང་སྤྱི་མ་ཡིན་པའི་རྣམ་པ་ཅན་གྱི་སྣང་བ་གཉིས་མེད་པའི་ཕྱིར་རོ། །འདི་ལྟར་རྣམ་པ་གཉིས་སུ་སྣང་བ་ ཅན་དབང་པོ་ལས་སྐྱེས་པའི་བློ་ཡིན་ནམ། རྟོག་པའི་བློ་ཡིན་གྲང་ན། དེ་ལ་དབང་པོ་ལས་སྐྱེས་པ་ནི་ལྡོག་པ་དང་རྗེས་སུ་འགྲོ་བ་སྣང་བ་ཅན་མ་ཡིན་ཏེ། མཐོང་བ་ནི་གསལ་བ་ཉིད་དུ་ཐུན་མོང་མ་ཡིན་པའི་རྣམ་པ་ཡོངས་སུ་གཅོད་པའི་ཕྱིར་རོ། །མིག་ལས་སྐྱེས་པའི་རིག་པ་གསལ་བའི་ངོ་བོ་ཉིད་ ལས་ལྷག་པའི་སྤྱིའི་ངོ་བོར་ཤེས་པ་མ་ཡིན་པའི་ཕྱིར་དང་མི་སྣང་བར་གྱུར་པའི་ངོ་བོ་ཉིད་ཡུལ་མ་ཡིན་ཏེ། ཐལ་ཆེས་པའི་ཕྱིར་རོ། །འོན་ཏེ་རྟོག་པའི་བློ་རྣམ་པ་གཉིས་འཛིན་པ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། དེ་ལ་མི་གསལ་བའི་ངོ་བོ་ཉིད་ཁོ་ན་ཉམས་སུ་མྱོང་བའི་ཕྱིར་རོ། །རྟོག་པ་ལ་གསལ་བའི་ རྣམ་པ་སྣང་བ་ནི་མ་ཡིན་ཏེ། དེ་བས་ན་བློ་འདི་ཡང་རྣམ་པ་གཉིས་སུ་སྣང་བ་འཛིན་པ་མ་ཡིན་ལ། དེ་ལྟ་བས་ན་གསལ་བ་ལས་ཐ་དད་པའི་རིགས་མཐོང་བ་མེད་པར་བསྟན་ཏོ། །འོན་ཏེ་འཕྲོད་པ་འདུ་བའི་སྟོབས་ཀྱིས་གསལ་བ་ལས་ཐ་དད་པའི་རིགས་ཐ་དད་པར་ཤེས་པ་མ་ཡིན་ཏེ། དཔེར་ན་ གཞི་ཁྱད་པར་གྱི་གཟུགས་ཉེ་བར་གྱུར་ན་དེའི་རང་བཞིན་ཉིད་དུ་ཤེལ་སྒོང་ལ་སྣང་བ་ཡིན་གྱི། གཞིའི་གཟུགས་ལས་ཐ་དད་པ་ཤེལ་ལ་མི་སྣང་བར་ཤེས་པ་བཞིན་ནོ་ཞེ་ན། སྨྲས་པ། དབང་པོས་འཕྲོད་འདུ་འཛིན་མེད་ཕྱིར། །འབྲེལ་པ་མཐོང་བ་མེད་པར་གནས། །ཞེས་བྱ་བ་ལ། འཕྲོད་པ་ འདུ་བ་ནི་དབང་པོའི་སྤྱོད་ཡུལ་ལས་འདས་པའི་ཕྱིར། དབང་པོས་མི་འཛིན་པའི་ཕྱིར། རིགས་ལ་སོགས་པ་རྣམས་ཀྱི་འབྲེལ་པ་མ་མཐོང་བར་ངེས་པ་སྟེ། འདི་ལྟར་འཕྲོད་པ་འདུ་བ་དབང་པོ་ལས་འདས་པར་ཕ་རོལ་གྱིས་ཁས་བླངས་པའི་ཕྱིར། མཐོང་བ་དང་རེག་པ་ལས་འདས་པའི་འཕྲོད་ པ་འདུ་བ་ཇི་ལྟར་བདག་ཉིད་ཀྱིས་རིགས་ཐ་དད་པར་སྣང་བ་འཇོམས་པར་འགྱུར། བཙོད་ལ་སོགས་པའི་ཚོན་རྩི་ནི་རང་ཉིད་མྱོང་བར་གྱུར་པས་སྣམ་བུའི་ངོ་བོ་ཉིད་ཐ་དད་པར་མཐོང་བ་འཇོམས་པར་འགྱུར་རོ། །འོན་ཏེ་གཟེགས་གཟན་གཅིག་པུ་འཕྲོད་པ་འདུ་བ་དབང་པོ་ལས་འདས་པར་འདོད་ ལ། རིགས་པ་ཅན་གྱི་དབང་པོའི་སྤྱོད་ཡུལ་དུ་འདོད་དེ། འདི་ལྟར་སྣལ་མ་ལ་སྣམ་བུའོ་སྙམ་དུ་མིག་ལས་བྱུང་བའི་ཤེས་པ་སྐྱེའོ་ཞེ་ན། དེ་ཡང་མཛེས་པ་མ་ཡིན་ཏེ། གང་གི་ཕྱིར། སྣལ་མ་འདི་ཡང་སྣམ་བུ་སོགས། །སྒྲ་འདི་རྣམས་ཀྱང་རང་གིས་བྱས། །ཞེས་བྱ་བ་ནི་འཇིག་རྟེན་ལ་སྣལ་མ་ ལ་སྣམ་བུ་དང་། ཡལ་ག་ལ་སྡོང་པོའོ་སྙམ་པའི་བློ་མེད་དེ། དེའི་ཕྱིར་བློ་འདི་ལྟ་བུ་མེད་པའི་ཕྱིར། ཇི་ལྟར་འཕྲོད་པ་འདུ་བར་ཤེས། འོ་ན་ཅི་ཞེ་ན། རིགས་པ་ཅན་རང་ཉིད་མི་བདེན་པའི་ལྟ་བ་ལ་གོམས་པ་ཁོ་ནས་སྣལ་མ་ལ་སྣམ་བུའོ་ཞེས་བྱ་བ་ལ་སོགས་པའི་སྒྲ་བྱས་པའོ། །འོ་ན་ཇི་ལྟར་ འཇིག་རྟེན་ན་གྲགས་ཤེ་ན། །འཇིག་རྟེན་བ་ལང་ལ་རྭ་ཟེར། །རྭ་ལ་བ་ལང་འཇིག་རྟེན་མིན། །ཞེས་བྱ་བ་ལ། འཇིག་རྟེན་པ་ནི་བ་ལང་ལ་རྭ་ཡོད་པ་དང་། སའི་སྟེང་ན་སྡོང་པོ་དང་འཁྲུ་ཤིང་ཡོད་དོ་ཞེས་གྲགས་པ་ཡིན་གྱི། རྭ་ལ་བ་ལང་དང་ལྕུག་མ་རྣམས་ལ་སྡོང་པོ་ཡོད་དོ་སྙམ་དུ་འཇིག་ རྟེན་པས་རྟོགས་པ་ནི་མ་ཡིན་ན། དེ་ཇི་ལྟར་རྟོགས་པ་དང་བྲལ་བར་འཕྲོད་པ་འདུ་བར་རྗེས་སུ་དཔོག་པ་ཡིན། འོན་ཏེ་བ་ལང་གི་རྭ་ཞེས་རྟོགས་པར་བྱ་བའི་རྒྱུ་ཡིན་ཏེ། རྒྱུ་མེད་ན་ཡུལ་ཐ་དད་པར་འཇུག་པ་མངོན་སུམ་དུ་རིགས་པ་མ་ཡིན་པའི་ཕྱིར། བ་ལང་འདི་ལ་རྭ་ཡོད་དོ་ཞེས་བྱ་བར་ ཡོངས་སུ་གཅོད་པའི་རྒྱུ་ཅན་འཕྲོད་པ་འདུ་བར་འགྱུར་རོ་ཞེ་ན། སྨྲས་པ། ལྷག་པའི་ཡན་ལག་པ་མིན་ཅན། །ཐ་དད་དམིགས་སུ་མེད་ཕྱིར་རོ། །ཞེས་བྱ་བ་ལ། འཕྲོད་པ་འདུ་བ་མེད་ཀྱང་འདིར་མཐོང་བ་དམིགས་པ་ཉིད་དེ། དཔེར་ན་ཉི་མ་ནུབ་པའི་ཚེ་རིའི་རྩེ་མོར་སྣང་ བྱེད་སོང་ངོ་ཞེས་བྱ་བར་རྟོགས་པ་བཞིན་ནོ། །གང་ལ་བ་ཞེས་བྱ་བའི་མིང་ཡོད་པ་དེ་ནི་རྭ་དང་ནོག་དང་ལྐོག་ཤལ་གྱི་ཡན་ལག་གི་ཁྱད་པར་དེ་དག་དང་བྲལ་བར་མི་དམིགས་པའི་ཕྱིར། བ་ལང་ལ་རྭ་ཡོད་དོ་ཞེས་བློ་སྐྱེ་བར་འགྱུར་གྱི། རྭ་ལ་སོགས་པའི་ཡན་ལག་གི་ཚོགས་ཐ་དད་པའི་བ་ལང་ཡོད་ པ་མ་ཡིན་ཏེ། གང་ལ་རྭ་གནས་པ་དེ་བ་ལང་གི་རྭ་འདི་ཡིན་ནོ་སྙམ་པ་མ་ཡིན་ནོ། །རྟེན་དང་བརྟེན་པའི་དངོས་པོ་ནི་རྟོགས་པས་བཞག་པ་ཉིད་དོ། །སྣལ་མ་དེ་དག་ལས་སྣམ་བུ་འདི་བྱས་པའོ་ཞེས་བྱ་བའི་རྟོགས་པ་རབ་ཏུ་གྲགས་པ་མ་ཡིན་ནམ། སྣམ་བུ་མཐོང་བ་ན་སྣལ་མ་ཚོགས་པ་ ལས་གཞན་པའི་སྣམ་བུ་ཡོད་པ་མ་ཡིན་ལ། གནོད་པ་ཅན་བསྟན་པ་མེད་པར་འཁྲུལ་པའི་ཤེས་པའོ་ཞེས་བརྗོད་པར་མི་ནུས་ཏེ། དེའི་ཕྱིར་རྟོགས་པ་འདིའི་ཡུལ་སྣལ་མ་དང་སྣམ་བུའི་ཁྱད་པར་ཡོད་པ་ཡིན་ནོ། །ཅིའི་ཕྱིར་སྣལ་མའི་ཚོགས་པ་སྣམ་བུ་ཡིན་ནོ་སྙམ་སེམས་ན། སྨྲས་པ། སྣལ་མ་དེ་རྣམས་ཀྱིས་སྣམ་བུ། །འདི་ཞེས་སྣལ་མ་འདུས་བྱས་ལ། །ཕྱི་མ་འབྲས་བུ་བརྗོད་པ་སྟེ། །ནམ་ཡང་དུས་གཅིག་པ་མ་ཡིན། །ཞེས་བྱ་བ་ལ། སྣལ་མའི་སྒྲས་ནི་སྣམ་བུའི་སྔོན་རོལ་གྱི་གནས་སྐབས་ལ་བརྗོད་དེ། དུས་ཕྱིས་འབྱུང་བའི་ཚེ་བགོ་བ་ལ་སོགས་པའི་དགོས་པ་བྱེད་ པ་ལ་སྣམ་བུའི་སྒྲས་བརྗོད་དོ། །དེས་ན་སྣལ་མ་དེ་རྣམས་ཀྱི་སྣམ་བུ་འདི་ཡིན་ནོ་ཞེས་བྱ་བའི་དག་ནི། ཕྱིས་སྣལ་མ་རྣམས་ཐ་ག་པ་ལ་སོགས་པས་འདུས་བྱས་པ་སྣམ་བུ་ནུས་པ་དེ་ལས་བྱུང་བ་འབྲས་བུར་བརྗོད་པ་ཡིན་གྱི། ནམ་ཡང་སྣལ་མའི་དུས་མཚུངས་པ་ཅན་དུ་སྣམ་བུ་ལ་སོགས་པ་འབྲས་བུར་ བརྗོད་པ་ནི་མ་ཡིན་ནོ། །དེ་བས་ན་སྣལ་མ་དང་སྣམ་བུ་དག་རྟེན་དང་བརྟེན་པའི་དངོས་པོ་མ་ཡིན་ནོ། །འོ་ན་གལ་ཏེ་གང་གི་ཚེ་སྣལ་མ་ཡིན་པ་དེའི་ཚེ་སྣམ་བུ་མ་ཡིན་ལ། གང་གི་ཚེ་སྣམ་བུ་ཡིན་པ་དེའི་ཚེ་སྣལ་མ་མ་ཡིན་ཏེ། རྒྱུ་དང་འབྲས་བུ་དག་དུས་ཐ་དད་པའི་ཕྱིར་རོ། །དེ་ལྟར་ན་སྣལ་མའི་དུས་ན་ སྣམ་བུ་དང་བྲལ་བའི་ཕྱིར་འདི་དག་ནི་སྣལ་མའོ་འདི་ནི་སྣམ་བུའོ་ཞེས་རྟོགས་པ་ཇི་ལྟར་འགྱུར་ཞེ་ན། དེ་ནི་བདེན་པ་མ་ཡིན་ཏེ་གང་གི་ཕྱིར། འགའ་ཞིག་སྒྲ་རྟེན་སྟོན་པ་ན། །རྒྱུ་རུ་ཉེ་བར་འདོགས་པ་འམ། །སྣལ་མ་གཅིག་ནི་གསེས་ནས་ཀྱང་། །འབྲས་ལ་སྣལ་མ་ཞེས་འཇུག་འགྱུར། །ཞེས་བྱ་བ་ ལ། སྣལ་མའི་འབྲས་བུ་ནི་སྣམ་བུ་ཉིད་དེ་དེའི་ཚེ་སྣལ་མ་མེད་དོ། །སྔར་སྣལ་མ་རྒྱུ་ཡིན་པས་བཏགས་ནས་སྣལ་མའི་ཤེས་པ་དང་སྣལ་མའི་སྒྲ་འབྲས་བུ་སྣམ་བུ་ལ་སྐྱེའོ། །འཇུག་པར་འགྱུར་ཏེ་འདི་ལྟར་སྔར་གྱི་སྣལ་མ་དྲན་ནས་འདི་དག་སྣལ་མའོ་ཞེས་རྟོགས་ཀྱི་གཞན་དུ་ནི་མ་ཡིན་ནོ། །སྣལ་ མ་རེ་རེ་ནས་གསེས་ནས་ཀྱང་སྣལ་མའོ་ཞེས་བྱ་བར་འཇུག་པར་འགྱུར་རོ། །ཅི་ཞིག་བྱ་ཞེ་ན། སྣམ་བུ་ལ། སྣལ་མའི་སྒྲའི་རྟེན་བསྟན་པར་བྱ་བའི་ཕྱིར་ཏེ། འདི་ལྟར་སྣལ་མ་དེ་ཉིད་བསྡུས་ནས་ཁྱད་པར་ཅན་གྱི་དུས་སུ་སོན་པ་ན་སྣམ་བུ་ཞེས་བརྗོད་དོ། །དེའི་ཕྱིར་དམག་དང་ནགས་བཞིན་དུ་སྣམ་བུ་ ནི་ཀུན་རྫོབ་ཏུ་ཡོད་པ་ཉིད་ཡིན་གྱི། དོན་དམ་པར་སྣལ་མ་ལས་ཐ་དད་པའི་སྣམ་བུ་ཡོད་པ་མ་ཡིན་ནོ། །འོ་ན་གལ་ཏེ་སྣལ་མ་ལས་ཐ་དད་པའི་སྣམ་བུ་མེད་ན་ཇི་ལྟར་སྣམ་བུའི་སྒྲ་འཇུག་པར་འགྱུར་ཏེ། ཕྱི་རོལ་གྱི་རྒྱུ་མཚན་མེད་པར་བརྗོད་པས་འཇུག་པར་ནུས་པ་མ་ཡིན་པའི་ཕྱིར་རོ་ཞེ་ན། དེ་ནི་རིགས་པ་མ་ཡིན་ཏེ་གང་གི་ཕྱིར། ཕན་གདགས་ཕན་འདོགས་བྱེད་ཉིད་དམ། །རིས་ཆད་མཐོང་བ་མེད་པ་ཉིད། །ཅེས་བྱ་བ་ལ། སྣམ་བུའི་སྒྲའི་རྒྱུ་མཚན་ཡིན་པར་བལྟ་བར་བྱའོ། །ཐ་ག་པ་ལ་སོགས་པའི་གྲོགས་བྱེད་པས་ཕུལ་དུ་བྱུང་བ་ཅན་གྱི་སྣལ་མ་རྣམས་ཕན་ཚུན་ཕན་གདགས་པར་བྱ་ བ་དང་ཕན་འདོགས་པར་བྱེད་པ་གང་ཡིན་པ་དེ་ནི་སྣམ་བུའི་སྒྲའི་རྒྱུ་ཡིན་པའི་ཕྱིར་སྣལ་མ་དེ་ཉིད་ཕན་གདགས་པར་བྱ་བ་དང་ཕན་འདོགས་པར་བྱེད་པའི་དངོས་པོར་གནས་པས་བགོ་བ་ལ་སོགས་པའི་དགོས་པ་ཉེ་བར་བསྒྲུབ་པ་ནི་སྣམ་བུའི་སྒྲའི་རྒྱུ་མཚན་ཡིན་ནོ། །ཡང་ན་སྣལ་མ་རྣམས་ ལ་རིས་སུ་ཆད་པ་མ་མཐོང་བ་འདི་ནི་སྣམ་བུའི་ཐ་སྙད་ཀྱི་རྒྱུ་ཡིན་ཏེ་དཔེར་ན་ཐག་བཟངས་ལ་སོགས་པ་ཕན་འདོགས་པ་མེད་ན་སྣལ་མ་དག་ཕན་ཚུན་རྣམ་པར་ཆད་ནས་ཁྱེར་བར་བྱེད་ཀྱི། སྣམ་བུའི་དུས་ན་ནི་དེ་ལྟར་མ་ཡིན་པའི་ཕྱིར་རིས་སུ་ཆད་པ་མཐོང་བ་མེད་པ་ཉིད་བུམ་པའི་སྒྲའི་རྒྱུ་ཡིན་གྱི་ དོན་གཞན་དུ་གྱུར་པའི་ཡན་ལག་ཅན་ནི་མ་ཡིན་ནོ། །དེ་ལྟར་ཡིན་དུ་ཆུག་ན་གལ་ཏེ་སྣལ་མ་དང་བྲལ་བའི་རྫས་བུམ་པའི་སྒྲའི་རྒྱུ་མེད་པ་དེ་ལྟ་ན་སྣལ་མ་ལ་བུམ་པའི་སྒྲ་ཉེ་བར་འདོགས་པར་འགྱུར་ཏེ། དཔེར་ན་སྐྱེས་བུ་ལ་སེང་གེའི་སྒྲ་བཞིན་ཏེ། རྩལ་ཆེ་བ་ལ་དཔའ་བ་ལ་སོགས་ པའི་ཡོན་ཏན་གྱི་རྒྱུ་ཡོད་ཀྱང་སེང་གེའི་སྒྲ་ནི་དངོས་སུ་མ་ཡིན་ཏེ་སེང་གེའི་རིགས་མེད་པའི་ཕྱིར་རོ། །དེ་བཞིན་དུ་ཕན་གདགས་དང་ཕན་འདོགས་པའི་དངོས་པོའི་རྒྱུ་མཚན་ཡོད་ཀྱང་སྣལ་མ་ལ་སྣམ་བུའི་སྒྲ་ནི་དངོས་སུ་མི་འགྱུར་ཏེ་དེའི་ཡན་ལག་ཅན་མེད་པའི་ཕྱིར་རོ་ཞེ་ན་འདིར་སྨྲས་པ། དང་པོ་ བརྡའི་སྤྱོད་ཡུལ་གང་། །འཁྲུལ་མེད་ཅན་གྱི་ཤེས་པ་དངོས། །ཞེས་བྱ་བ་ལ། གང་ཞིག་དང་པོའི་བརྡའི་སྤྱོད་ཡུལ་གྱི་དངོས་པོ་དེ་ནི་དངོས་ཡིན་ཏེ་འཁྲུལ་པ་མེད་པའི་ཤེས་པའི་ཡུལ་ཡིན་པའི་ཕྱིར་དངོས་པོ་གང་ལ་ཤེས་པ་མི་འཁྲུལ་པ་ཡོད་པ་དེ་ནི་དངོས་ཡིན་པར་འཇིག་རྟེན་དུ་གྲགས་ལ། གང་ ལ་དང་པོ་བརྡར་བྱས་པའི་དངོས་པོ་དང་ཆོས་མཐུན་པས་དེ་ཉིད་དུ་སྒྲོ་འདོགས་པ་ལས་རྟོགས་པ་དེ་ནི་ཉེ་བར་བཏགས་པ་སྟེ་འཁྲུལ་པའི་ཤེས་པའི་ཡུལ་ཡིན་པའི་ཕྱིར་རོ། །སྣམ་བུའི་སྒྲ་ནི་སྣལ་མ་ཉིད་བགོ་བ་ལ་སོགས་པའི་བྱ་བ་བྱེད་པ་ཉིད་དང་པོར་བརྡར་བྱས་ནས་མ་འཁྲུལ་པའི་ཤེས་པ་སྐྱེད་ པར་བྱེད་པའི་ཕྱིར་དངོས་ཡིན་ནོ། །འོན་ཏེ་དོན་དམ་པའི་དངོས་པོ་མེད་པའི་ཕྱིར་སྣམ་བུའི་སྒྲ་ཉེ་བར་བཏགས་པ་ཉིད་ཡིན་ན་ནི། དེ་ལྟ་ན་སྒྲ་རྣམས་ཐམས་ཅད་ཉེ་བར་བཏགས་པ་སྟེ་ཡོད་པའི་དངོས་པོ་ཡུལ་དུ་བྱེད་པ་མེད་པ་ཅན་ཡིན་པའི་ཕྱིར་རོ་ཞེས་ལེའུ་དང་པོར་བསྟན་ཏོ། །འོན་ཏེ་རིགས་ལ་ སོགས་པ་རྣམས་རྗེས་སུ་དཔག་པས་ཡོད་པར་ཤེས་པ་སྟེ། ཇི་ལྟར་དབྱུག་པ་ཅན་དུ་མཚུངས་པའི་རྒྱུས་སྐྱེས་བུ་ཐ་དད་པ་ལ་ཡང་དབྱུག་པ་ཅན་ཞེས་བྱ་བའི་བློ་མཚུངས་པའི་རྣམ་པ་ཅན་དུ་འགྱུར་ཞིང་། ནག་མོ་ལ་སོགས་པ་ཡང་ཕན་ཚུན་ཐ་དད་པའི་ངོ་བོ་ཉིད་ལ་བ་ལང་ཞེས་བྱ་བའི་བློ་ རྣམ་པ་མཚུངས་པ་ཅན་ཡོད་པ་དེའི་ཕྱིར་རྣམ་པར་མཚུངས་པ་ཅན་མཐོང་བས་དཔག་པར་བྱ་བར་རིགས་གསལ་བ་ཐ་དད་པ་དཔག་ཏུ་མེད་པ་ལ་ཡོད་པར་ངེས་སོ་ཞེ་ན། འདིར་སྨྲས་པ། དངོས་པོ་ལས་ནི་ཐ་དད་ཅན། །རིགས་སོགས་ལ་ནི་རྗེས་དཔོག་མེད། །དབྱུག་པ་ལ་སོགས་ ཀུན་རྫོབ་ལས། །ཐམས་ཅད་དུ་ནི་ཐ་སྙད་འདོགས། །ཞེས་བྱ་བ་ལ། དངོས་པོ་རང་གི་མཚན་ཉིད་ལས་ཐ་དད་པ་སྟེ། རིགས་དང་ཡོན་ཏན་ལ་སོགས་པ་ཡན་གར་བ་འཛིན་པའི་རྗེས་སུ་དཔག་པ་མེད་དེ། འདི་ལྟར་རྣམ་པ་གཅིག་པ་ཅན་གྱི་བརྗོད་པའམ། རིགས་པ་ཡོད་པ་ཉིད་ཀྱིས་རིགས་ བསྟན་པའོ་ཞེས་བརྗོད་དེ། བརྗོད་པ་དངོས་པོ་ཡོད་པའི་རྒྱུ་མཚན་ཅན་ནི་མ་ཡིན་ཏེ། དངོས་པོ་ཐམས་ཅད་ལ་དབྱུག་པ་ལ་སོགས་པ་ཐ་སྙད་འདོགས་པ་དབྱུག་པ་ལ་སོགས་པ་ཀུན་རྫོབ་ཁོ་ན་ལས་དབྱུག་པ་ཅན་དུ་འདོགས་སོ། །དེ་བས་ན་གལ་ཏེ་རྟོག་པས་མཐོང་བའི་སྤྱིའི་རྒྱུ་ལ་བརྟེན་ནས་ བ་ལང་གི་གསལ་བ་ལ་རྣམ་པ་མཚུངས་པ་ཅན་དུ་བརྗོད་པ་དེ་ལྟ་ན་ནི་གྲུབ་པ་ལ་སྒྲུབ་པ་ཡིན་ནོ། །འོན་ཏེ་རྒྱུ་རིགས་ལ་སོགས་པ་ཡོད་པ་ཉིད་ལ་བརྟེན་ནས་མཚུངས་པའི་རྟོགས་པ་སྒྲུབ་ན། དེ་ལྟ་ན་ནི་དཔེ་བསྒྲུབ་བྱས་སྟོང་པར་འགྱུར་ཏེ། དབྱུག་པ་ཅན་ནོ་སྙམ་པའི་རྟོགས་པ་དབྱུག་པའི་རྒྱུ་ ཅན་ཉིད་དུ་རིགས་པས་མ་ཡིན་ཏེ། དབྱུག་པ་ཅན་གྱི་སྒྲ་དབྱུག་པའི་རྒྱུ་ཅན་ཉིད་ཡིན་ན་སྲོག་ཆགས་ཐམས་ཅད་དབྱུག་པ་ཅན་དུ་འགྱུར་བའི་ཕྱིར་ཏེ། ཐ་དད་པར་ཁྱད་པར་མེད་པའི་ཕྱིར་རོ། །འོན་ཏེ་དབྱུག་པ་དང་འབྲེལ་ན་དབྱུག་པ་ཅན་ཡིན་པའི་ཕྱིར་ཐལ་ཆེས་པ་མ་ཡིན་ནོ་ཞེ་ན། འབྲེལ་ པ་ཡང་འབྲེལ་པ་ཅན་གྱི་ཤེས་པའི་ཤེས་བྱ་མ་ཡིན་པའི་ཕྱིར། འབྲེལ་པ་ལ་ཡང་འབྲེལ་བ་གཞན་རྟོགས་པར་འགྱུར་བས་དེ་བཞིན་དུ་འབྲེལ་པ་ཐུག་པ་མེད་པར་འགྱུར་རོ། །འོན་ཏེ་འབྲེལ་པ་མེད་པར་ཡང་འབྲེལ་པ་དང་འབྲེལ་པ་ཅན་དུ་ཤེས་པ་དེ་ལྟ་ན་ནི་འབྲེལ་པའི་འབྲེལ་པ་རྟོག་པས་ གཞག་པར་འགྱུར་ཏེ། དེའི་ཕྱིར་འབྲེལ་པ་གཞན་མེད་ཀྱང་འབྲེལ་པའི་འབྲེལ་པ་ཅན་རྟོག་པ་ཇི་ལྟ་བ་དེ་བཞིན་དུ་དངོས་པོ་དག་གི་འབྲེལ་པ་མེད་ཀྱང་རྟོག་པས་མཐོང་བ་ཉིད་ཀྱི་འབྲེལ་པར་འགྱུར་རོ། །དེ་བས་ན་ཀུན་རྫོབ་ཉིད་ཀྱི་རྒྱུ་མཚན་ལས་དབྱུག་པ་ཅན་ཞེས་བྱ་བའི་ཐ་སྙད་འདོགས་པའི་ ཕྱིར་ཐལ་བར་འགྱུར་བ་དེ་ཉིད་ཡོད་པ་ཡིན་ནོ། །འོན་ཏེ་དབྱུག་པ་དང་ལྡན་པ་བདེན་པ་ཉིད་ཡིན་གྱི། རྟོག་པས་བཏགས་པ་མ་ཡིན་ནོ་ཞེ་ན། དེ་ནི་བདེན་པ་མ་ཡིན་ཏེ། དབྱུག་པ་དང་སྐྱེས་བུ་ལས་མ་གཏོགས་པའི་ལྡན་པར་སྣང་བ་མ་ཡིན་པའི་ཕྱིར་དང་། དབྱུག་པ་དང་སྐྱེས་བུ་དག་ནི་མཚུངས་ པར་ལྡན་པའི་ཕྱིར། ཇི་ལྟར་སྐྱེས་བུ་དབྱུག་པ་དང་ལྡན་པའོ་སྙམ་དུ་རྟོགས་པ་དེ་བཞིན་དུ་དབྱུག་པ་སྐྱེས་བུ་ཅན་ནོ་སྙམ་དུ་ཡང་འགྱུར་བ་ཡིན་ནོ། །ཡང་ན་རྣམ་པ་གཉིས་སྣང་བ་ན་དབྱུག་པ་དང་སྐྱེས་བུ་ཕན་ཚུན་ལྡན་པའོ་ཞེས་པའི་བློ་སྐྱེ་བར་འགྱུར་བ་ལས། དེ་དག་ལ་ཁྱད་པར་ དང་ཁྱད་པར་ཅན་གྱི་དངོས་པོ་ཡོད་པ་མ་ཡིན་ནོ། །འོན་ཏེ་ཕན་འདོགས་པར་བྱེད་པས་དབྱུག་པ་གཙོ་བོའོ་ཞེ་ན། དེ་ལྟ་ན་ནི་ཕན་འདོགས་པ་དང་ཕན་གདགས་པ་བརྟགས་ཏེ་བཞག་པ་ཙམ་ཡིན་པའི་ཕྱིར། ཀུན་རྫོབ་ཉིད་དེ་ལ་དབྱུག་པ་ཅན་གྱི་སྒྲའི་རྒྱུར་འགྱུར་ཏེ། ཕན་གདགས་པ་དང་ ཕན་འདོགས་པའི་དངོས་པོ་དེ་ཡང་མཐོང་བ་དང་རེག་པ་ལས་འདས་པ་སྟེ། དེའི་ཕྱིར་དབྱུག་པས་ཁྱད་པར་ཅན་དུ་གྱུར་པའི་དུས་ན་དབང་པོའི་ཡུལ་མ་ཡིན་ནོ། །གཞན་ཡང་སྐྱེས་བུ་སོ་སོ་ལ་དབྱུག་པ་ཡང་ཐ་དད་པ་ཉིད་ཡིན་ན། དེ་ཇི་ལྟར་ཐ་དད་པའི་དབྱུག་པ་ལས་ཐ་མི་དད་པའི་རྣམ་པ་ཅན་ གྱི་དབྱུག་པ་ཅན་རྟོགས་པར་འགྱུར། དེ་བས་ན་ཐ་དད་པ་ཉིད་རྨོ་བ་དང་བཞོ་བའི་བྱ་བ་ཐ་མི་དད་པར་ཤེས་པར་གྱུར་ནས་དབྱུག་པ་བཞིན་ཐ་མི་དད་པའི་ཐ་སྙད་ཀྱི་རྒྱུར་ཡོད་པ་ཡིན་ཏེ། འདི་ལྟར་གསལ་བ་སོ་སོ་བ་ལ་འགྲོ་བའི་བྱ་བའམ། དཀར་པོའི་ཡོན་ཏན་ཐ་དད་པ་ཡིན་ཡང་རྫས་ལ་ཐ་མི་དད་པའི་ རྟོགས་པ་དཀར་པོའོ་སྙམ་པ་དང་འགྲོ་བའོ་སྙམ་དུ་གྲངས་ཇི་ལྟ་བ་བཞིན་དུ་རྟོགས་ཀྱི། དེ་ལ་རིགས་རྒྱུ་མཚན་ཅན་གྱི་ཤེས་པ་སྐྱེ་བ་ནི་མེད་དོ། །འོན་ཏེ་ཡོན་ཏན་དཀར་པོ་དང་ལས་འགྲོ་བ་དེ་ལ་དཀར་པོ་ཉིད་འགྲོ་བ་ཉིད་ཀྱི་སྤྱི་གྲངས་བཞིན་དུ་ཡོད་དེ། རྟོགས་པ་ཐ་མི་དད་པ་འདི་དེའི་རྒྱུ་མཚན་ཅན་ ཡིན་ནོ་ཞེ་ན། དེ་ནི་མེད་དེ་དཀར་པོ་ཉིད་ཀྱི་རིགས་རྫས་ལ་གནས་པ་མ་ཡིན་གྱི། འོན་ཀྱང་ཡོན་ཏན་དཀར་པོ་ལ་ཡོད་པ་ཡིན་ན་གཞན་ལ་འཇུག་པ་རིགས་ཀྱིས་སྐྱེད་པར་བྱེད་པ་མ་ཡིན་ཏེ། འབྲེལ་པ་མེད་པའི་ཕྱིར་རོ། །འོན་ཏེ་རྫས་ལ་ཡོན་ཏན་དཀར་པོ་གནས་ལ། ཡོན་ཏན་དཀར་པོ་ལ་ དཀར་པོ་ཉིད་ཀྱི་རིགས་གནས་པའི་ཕྱིར། འབྲེལ་པ་པོ་དང་འབྲེལ་པ་ལས་རྟོགས་པ་འཇུག་པར་འགྱུར་རོ་ཞེ་ན། འབྲེལ་པ་དང་འབྲེལ་པ་ལ་སོགས་པ་སྐྱེ་ན་དངོས་པོ་ཐམས་ཅད་ལ་བརྒྱུད་ནས་འབྲེལ་པ་ཡོད་པའི་ཕྱིར། ཐམས་ཅད་ཀྱི་ཐམས་ཅད་དུ་ཤེས་པ་སྐྱེད་པར་འགྱུར་བའི་ཕྱིར། འདི་དག་ ནི་ཅི་ཡང་མ་ཡིན་ནོ། །དེ་ལྟ་བས་ན་དབྱུག་པ་ལ་སོགས་པ་ལས་ཀྱང་རྟོགས་པས་བསྟན་པའི་ཐ་དད་པ་ཉིད་ལས་དབྱུག་པ་ཅན་ཞེས་ཐ་སྙད་འདོགས་ཀྱི། དོན་དམ་པར་དབྱུག་པའི་རྒྱུ་མཚན་ཅན་མ་ཡིན་པའི་ཕྱིར། དབྱུག་པ་ཅན་གྱི་དཔེ་ལ་ཐ་དད་པ་ཉིད་ཅན་གྱི་དངོས་པོའི་རྒྱུ་ཅན་གྱི་ཤེས་པ་མ་ གྲུབ་པ་དེ་བས་ན་དཔེ་བསྒྲུབ་བྱ་དང་བྲལ་བ་ཡིན་ནོ།། །།ཚད་མ་རྣམ་འགྲེལ་གྱི་འགྲེལ་པ། བམ་པོ་བརྒྱད་པ། ད་ནི་མ་ངེས་པ་ཉིད་དུ་བསྟན་པར་བྱ་བའི་ཕྱིར། སྨྲས་པ། དངོས་པོ་ཁང་བཟངས་ཕྲེང་སོགས་ཀྱི། །སྒྲ་རྣམས་ཀྱང་གཞན་ལ་ལྟོས་མིན། །ཞེས་བྱ་བ་ལ། རྫས་ལ་སོགས་པ་དངོས་པོ་དྲུག་པོ་རྣམས་ལ་དངོས་པོའི་སྒྲ་དང་། ཁང་བཟངས་ཀྱི་ཕྲེང་བ་དང་ནགས་ཀྱི་ཚོགས་ལ་སོགས་པ་ལ་སྒྲ་འཇུག་པར་འགྱུར་ཡང་། རྒྱུ་མཚན་གཞན་ལ་ལྟོས་པ་ནི་མ་ཡིན་ཏེ། རྫས་ལ་སོགས་པའི་དངོས་པོ་རྣམས་ལ་དངོས་པོ་ཉིད་ཅེས་བྱ་བའི་རིགས་གཞན་ཡོད་པ་མ་ ཡིན་པའི་ཕྱིར། རིགས་ནི་དངོས་པོ་གསུམ་ལ་འཕྲོད་པ་འདུ་བའི་ཕྱིར་རོ། །ཁང་བཟངས་ནི་རྫས་མ་ཡིན་ལ། དེ་ཇི་ལྟར་དེ་ལ་ཕྲེང་བ་ཉིད་ཀྱི་རིགས་ཡོད་པར་འགྱུར་ན། དེ་བས་ན་སྒྲ་དེ་དག་ཇི་ལྟར་གཞན་ལ་མ་ལྟོས་པར་འཇུག་པར་འགྱུར་བ་དེ་བཞིན་དུ་བ་ལང་ལ་སོགས་པའི་སྒྲ་ཡང་ཡིན་པའི་ ཕྱིར། བ་ལང་ཉིད་ཀྱི་རིགས་མེད་པའོ། །འོ་ན་གལ་ཏེ་ཁང་པའི་རྫས་མ་ཡིན་ཏེ། རིགས་མི་མཐུན་པ་ཤིང་དང་སོ་ཕག་ལ་སོགས་པ་རྣམས་རྫས་མི་རྩོམ་པའི་ཕྱིར། ཤིང་ལ་སོགས་པ་དང་ལྡན་པ་ཁང་བཟངས་ཡིན་ནོ་ཞེ་ན། དེ་སྨྲས་པ། གལ་ཏེ་ལྡན་པ་ཁང་པ་ན། །དེ་ཡི་ཕྲེང་བ་དེ་ཅི་ ཡིན། །རིགས་ཡིན་ན་ཁང་པ་གཅིག་ཀྱང་། །ཕྲེང་བ་ཞེས་བརྗོད་ཤིང་བཞིན་དུའོ། །རིགས་ལ་རིགས་ནི་མེད་པའི་ཕྱིར། །ཕྲེང་བ་ལ་དེའི་སྒྲས་ཅིར་འགྱུར། །ཞེས་བྱ་བ་ལ། ཁང་པ་ནི་ལྡན་པ་གཅིག་དང་ལྡན་པ་ནི་མ་ཡིན་ཏེ། ལྕགས་དང་ཤིང་དང་སོ་ཕག་ལ་སོགས་པའི་ལྡན་པ་མང་བའི་ཕྱིར་ རོ། །ཡང་ན་གལ་ཏེ་ཁང་པ་ལྡན་པ་གཅིག་པར་ཁས་ལེན་ན། ཁང་པ་དེ་རྣམས་ཀྱི་ཕྲེང་བ་ཅི་ཞིག་ཏུ་འགྱུར། རྫས་ནི་མ་ཡིན་ཏེ། དེའི་ཡོན་ཏན་ཁང་པ་ལ་ནི་འཇུག་པའི་ཕྱིར་རོ། །ཡོན་ཏན་མ་ཡིན་ཞིང་ལས་ཀྱང་མ་ཡིན་ཏེ། དེ་དག་རྫས་ལ་འཕྲོད་པ་འདུ་བའི་ཕྱིར་དང་། ཁང་པ་ནི་རྫས་ མ་ཡིན་པའི་ཕྱིར་རོ། །འོན་ཏེ་ཁང་བཟངས་ཀྱི་ཕྲེང་བ་རིགས་སུ་ཁས་ལེན་ཏེ། འདི་ལྟར་རིགས་ནི་དངོས་པོ་གསུམ་ལ་འཇུག་པ་ཅན་དུ་འདོད་དོ་ཞེ་ན། འོ་ན་ནི་ཁང་པ་གཅིག་ལ་ཡང་ཕྲེང་བ་ཞེས་བརྗོད་པར་འགྱུར་ཏེ། དཔེར་ན་ཤིང་གཅིག་ལ་ཤིང་གི་སྒྲར་བརྗོད་པར་ བྱ་བ་བཞིན་ནོ། །གཞན་ཡང་ཁང་བཟངས་ལ་སོགས་པའི་ཕྲེང་བ་རྣམས་མང་པོ་ལ་ཕྲེང་བ་དེའི་སྒྲ་ཕྲེང་བ་འདི་དག་གོ་ཞེས་བྱ་བ་འཇུག་པར་འགྱུར་རོ། །འོན་ཏེ་ཕྲེང་བ་ལ་ཡང་རིགས་ལ་བརྟེན་ནས་ཕྲེང་བའི་སྒྲ་འཇུག་གོ་ཞེ་ན། དེ་ཡང་མ་ཡིན་ཏེ། རིགས་ལ་རིགས་མེད་པའི་ཕྱིར་ཏེ། ཕྲེང་ བའི་རིགས་ལ་རིགས་གཞན་ཁས་ལེན་པར་མི་ནུས་པའི་ཕྱིར་རོ། །ཁས་ལེན་ན་ཡང་ཕྲེང་བའི་རིགས་ཀྱི་རིགས་ལ་ཡང་རིགས་ཀྱི་ཐ་སྙད་ཡོད་པར་འགྱུར་བའི་ཕྱིར། དེ་ལ་ཡང་རིགས་གཞན་ཡོད་པས་ཐུག་པ་མེད་པར་འགྱུར་རོ། །གལ་ཏེ་ཡང་རིགས་ཕྲེང་བ་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་ཕྲེང་ བ་ཆེན་པོའོ་ཞེས་བྱ་བར་ཇི་ལྟར་ཕྲེང་བ་ལ་སོགས་པ་ཆེན་པོར་བསྟན་པ་ཤེས་པར་འགྱུར་ཏེ། ཆེན་པོ་ནི་རྫས་ལ་འཕྲོད་པ་འདུ་བའི་ཕྱིར་རོ། །འོན་ཏེ་རྫས་དང་འཕྲོད་པ་འདུ་བའི་ཆེན་པོ་རྫས་ཉིད་ལ་བརྟེན་པས་ཉེ་བར་བཏགས་ནས་ཕྲེང་བར་སྒྲོ་འདོགས་པས་དེ་ཉིད་ཀྱི་ཕྱིར་སྐྱོན་མེད་དོ་ཞེ་ན། འདིར་སྨྲས་ པ། ཕྲེང་སོགས་ཆེན་པོ་ཉིད་སོགས་གང་། །ཉེ་བར་བཏགས་ལས་འདོད་ན་ཡང་། །དངོས་ཀྱི་ཁྱད་པར་མེད་ཤེས་པས། །གཟུང་བྱ་ཉིད་ཕྱིར་ཉེར་བཏགས་མིན། །ཞེས་བྱ་བ་སྟེ། ཕྲེང་བ་ཆེན་པོ་དང་རིང་པོ་ཞེས་པ་ཕྲེང་བའི་ཐ་སྙད་གང་ཞིག་ནགས་ཆེན་པོ་ཞེས་ནགས་ལ་ཆེན་པོ་ཉིད་ལ་སོགས་པར་ འདོད་པ་ཉེ་བར་བཏགས་པས་བྱས་པ་སྟེ། དེ་ནི་ཉེ་བར་བཏགས་པར་རིགས་པ་མ་ཡིན་ཏེ། ཕྲེང་བ་རྣམས་ལ་རིང་པོ་ཉིད་དུ་ཉེ་བར་བཏགས་པས་ཤེས་པ་མེད་པའི་ཕྱིར་རོ། །ཉེ་བར་བཏགས་པས་མི་ཤེས་པར་གྱུར་པ་ཉེ་བར་གདགས་པར་ནུས་པ་མ་ཡིན་ཏེ། བརྗོད་པ་ནི་ཤེས་པའི་རྒྱུ་ཅན་ཡིན་པའི་ཕྱིར་ རོ། །འོན་ཏེ་ཕྲེང་བ་རྣམས་ལ་ཆེན་པོ་མེད་པས་ཉེ་བར་བཏགས་པའོ་ཞེ་ན། འོ་ན་ནི་དངོས་པོ་ཐམས་ཅད་ལ་བཏགས་པར་གྱུར་ན་ཆེན་པོ་ཡོད་པ་བཟློག་པའི་ཕྱིར། དངོས་པོ་ཐམས་ཅད་ལ་ཉེ་བར་བཏགས་པར་འགྱུར་རོ། །འོན་ཏེ་དངོས་ཀྱི་རྟོགས་པ་དང་བྲལ་བའི་ཕྱིར། ཕྲེང་བ་ལ་ཉེ་བར་བཏགས་ནས་ རིང་པོ་ཉིད་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ་དངོས་ཀྱི་ཆེན་པོ་ལ་ཕྲེང་བ་ཆེན་པོ་ཤེས་པ་གང་ཡིན་པ་དེ་ལས་ཁྱད་པར་མེད་པའི་ཤེས་པའི་གཟུང་བྱ་ཡིན་པའི་ཕྱིར། དེ་ལ་འཁྲུལ་པར་རྟོགས་པ་སྐྱེ་བ་མ་ཡིན་པའི་ཕྱིར་རོ། །འོན་ཏེ་ཐ་དད་པའི་ཆེན་པོའི་རྒྱུ་མཚན་མེད་པར་ཡང་ཕྲེང་བ་ཆེན་པོའི་སྒྲ་འཇུག་པའི་ཕྱིར་ཉེ་ བར་བཏགས་པའོ་ཞེ་ན། སྨྲས་པ། རྒྱུ་མཚན་མེད་པ་ཅན་ཉིད་དེ། །དངོས་སུ་འདོད་པ་ལ་ཡང་མཚུངས། །དྲུག་པོ་རྣམས་ལ་ཚིག་དོན་སྒྲ། །རྒྱུ་མཚན་གང་ལ་ལྟོས་པར་འགྱུར། །ཞེས་བྱ་བ་ལ། ཐ་དད་པའི་རྒྱུ་མཚན་དངོས་ཡིན་ལ། ཐ་མི་དད་པའི་རྒྱུ་མཚན་ནི་བཏགས་པའོ་ཞེས་སྨྲ་བ་གང་ཡིན་པ་ དེ་ནི་མི་རིགས་ཏེ། གང་གིས་གང་དག་ལ་དངོས་ཀྱི་དོན་ཡོད་པ་དེ་དག་དངོས་སུ་མངོན་པར་འདོད་པ་སྟེ། ཡན་ལག་ཅན་ཞེས་བྱ་བའི་སྒྲ་གང་ཡིན་པ་དེ་དག་ལ་ཡང་རྒྱུ་མཚན་མེད་པའོ་ཞེས་བསྟན་མ་ཐག་པ་ཡིན་ནོ། །དེའི་ཕྱིར་རྒྱུ་མཚན་མེད་པ་ཅན་ཉིད་ནི་དངོས་ཀྱི་སྒྲ་རྣམས་ལ་ཡང་མཚུངས་པའོ། ། གཞན་ཡང་དྲུག་ལ་འཇུག་པར་འགྱུར་བའི་ཚིག་གི་དོན་གྱི་སྒྲ་ནི་ཅིའི་ཕྱིར། རྒྱུ་མཚན་སྤྱི་ཡོད་པ་ལ་ལྟོས་པར་འགྱུར་ཏེ། རིགས་དང་ཁྱད་པར་དང་འདུ་བ་རྣམས་ལ་རིགས་མེད་པའི་ཕྱིར་རོ། །འོན་ཏེ་ཚིག་གི་དོན་གྱི་སྒྲ་རང་གི་ངོ་བོས་འཇུག་པ་རྒྱུར་བྱས་ནས་དངོས་པོ་རྣམས་ལ་འཇུག་གོ་ཞེ་ན། དེ་ལྟ་ ན་ནི་བརྗོད་པ་ཐམས་ཅད་རང་གི་ངོ་བོ་བརྗོད་ནས་དོན་གྱི་རྗོད་པར་བྱེད་པར་སྟོན་པར་འགྱུར་ན་རིགས་ལ་སོགས་པས་ཅི་ཞིག་བྱ། དེའི་ཕྱིར་སྒྲ་རྒྱུ་མཚན་མེད་པ་ཅན་དུ་བསྟན་པར་འགྱུར་རོ། །འོན་ཏེ་ཐ་དད་པའི་རྒྱུ་མཚན་མ་གཏོགས་པ་ཉིད་དུ་ཚིག་གི་དོན་དྲུག་གི་སྒྲ་ཚིག་གི་དོན་དྲུག་གི་རྗོད་པར་བྱེད་པ་ ཡིན་པའི་ཕྱིར་དེ་ལ་དངོས་ཡིན་པར་འགྱུར་ལ། ཆེན་པོ་ལ་སོགས་པའི་སྒྲ་གང་ཡིན་པ་དེ་ནི་ཡོན་ཏན་གྱི་རྒྱུ་མཚན་ཡིན་པས། རྒྱུ་ཡོན་ཏན་མེད་པར་འཇུག་པར་གྱུར་པ་ནི་བཏགས་པར་འགྱུར་ཏེ། གང་ལ་བདེན་པའི་དོན་ཅན་དེར་དངོས་ཡིན་ནོ་ཞེ་ན། དེ་ནི་མི་བདེན་ཏེ། གང་གི་ཕྱིར། །གང་ཞིག་ ཇི་ལྟར་གྲགས་པ་ལས། །གྲུབ་པ་དེ་དང་མཚུངས་པའི་ཕྱིར། །གང་ལ་དེ་སྐད་བརྗོད་དངོས་བཏགས། །ཡོད་པ་ལ་ཡང་མེད་འདོགས་ཕྱིར། །ཞེས་བྱ་བ་ལ། གྲགས་པའི་དབང་གིས་ཐ་དད་པའི་རྒྱུ་མཚན་མེད་ཀྱང་། ཇི་ལྟར་རང་བཞིན་གང་ཆེན་པོ་ཉིད་ལ་སོགས་པའི་སྒྲའི་བརྗོད་པར་བྱ་ བའི་ནགས་ལ་སོགས་པ་གང་ཞིག་གྲུབ་པ་དེ་ནི་ཆེན་པོ་དེ་ཉིད་དང་ལྡན་པ་དངོས་ཡིན་གྱི། དེ་ལ་ཉེ་བར་བཏགས་པ་ཉིད་ནི་མ་ཡིན་ནོ། །སྐྱེས་བུ་ལ་སོགས་པ་ལ་སེང་གེ་དང་མཚུངས་པ་སྟེ། གྲགས་པ་ཅན་གྱི་སེང་གེའི་ཡོན་ཏན་རྟུལ་ཕོད་པ་ལ་སོགས་པ་དང་འདྲ་བ་ཡོད་པ་ ལས་དེ་བཞིན་དུ་སེང་གེའི་སྒྲས་བརྗོད་པ་དེ་ནི་དེ་ལ་བཏགས་པ་ཡིན་གྱི། མེད་པའི་དོན་ཅན་བཏགས་པའི་མཚན་ཉིད་ནི་མ་ཡིན་ཏེ། ཡོད་པ་ལ་ཡང་མེད་པར་བཏགས་པ་འཇུག་པའི་ཕྱིར་དཔེར་ན་བུ་ཡིན་ཡང་བུའི་བྱ་བ་མི་བྱེད་པའི་ཕྱིར། བུ་མེད་དོ་ཞེས་ཐ་སྙད་འདོགས་པ་ཕལ་པར་འགྱུར་བ་དང་། མེད་པ་ཡང་མེད་པའི་སྒྲས་དངོས་ཁོ་ནར་བརྗོད་པ་སྟེ། གལ་ཏེ་ཡང་དངོས་པོའི་ཡུལ་ཅན་དངོས་ཀྱི་ཐ་སྙད་ཀྱི་རྒྱུ་ཡིན་པ་དེ་ལྟ་ན་ནི་དངོས་པོའི་ཡུལ་ཅན་ནུབ་ན་མེད་པ་ལ་དངོས་ཀྱི་ཐ་སྙད་འདོགས་པར་མི་འགྱུར་རོ། །གང་ཡང་ཐ་དད་པའི་རྒྱུ་མེད་ཀྱང་ཚིག་གི་དོན་གྱི་སྒྲ་དངོས་པོ་ལ་འཇུག་པ་དེ་དེར་ དངོས་ཡིན་ནོ་ཞེས་བརྗོད་པ་དེ་ཡང་མི་རིགས་ཏེ། དེ་ལྟ་ན་ནི་ཐ་དད་པས་བྱས་པ་དངོས་མ་ཡིན་པར་འགྱུར་ཏེ། ཐ་དད་པའི་རྒྱུ་མེད་ཀྱང་ཚིག་གི་དོན་གྱི་སྒྲ་དངོས་ཡིན་པའི་ཕྱིར་རོ། །གང་མེད་ན་ཡང་འབྱུང་བ་དེ་ནི་དེའི་རྒྱུ་མཚན་ནོ་ཞེས་ཐ་སྙད་འདོགས་པར་གྲུབ་པར་མི་འགྱུར་ཏེ། ཚིག་གི་དོན་གྱི་སྒྲ་ལ་ཐ་སྙད་ པའི་རྒྱུ་ལས་འདས་ཀྱང་དངོས་པོར་འགྱུར་རོ། །དེའི་ཕྱིར་ཐ་དད་པའི་རྒྱུ་མཚན་ཅན་མ་ཡིན་ནོ། །འོ་ན་གལ་ཏེ་གྲགས་པས་བསྟན་པ་དངོས་ཡིན་ན་ནི་གྲགས་པ་དེ་ཉིད་རིགས་མེད་པར་ཇི་ལྟར་འགྱུར་ཏེ། གྲགས་པ་རྒྱུ་མེད་པ་ཅན་དུ་ངེས་པར་གནས་པ་ཅན་དུ་རིགས་པ་མ་ཡིན་པའི་ཕྱིར་རོ་ཞེ་ན། འདིར་སྨྲས་པ། གྲགས་པ་བརྡ་ཡི་རྗེས་འགྲོ་བ། །དེ་ཡང་བརྗོད་འདོད་རྗེས་འགྲོ་ཅན། །ཐ་སྙད་དོན་དུ་བྱས་པ་ཡིན། །སྡེབ་སྦྱོར་སྒྲ་ཡི་ཆའི་མིང་བཞིན། །ཞེས་བྱ་བ་ལ། གྲགས་པ་རྒྱུ་མེད་པ་ཅན་མ་ཡིན་ཞིང་། རིགས་ལ་སོགས་པའི་རྒྱུ་མཚན་ཡང་མ་ཡིན་ཏེ། འོན་ཀྱང་གང་ལ་བརྡ་ཉིད་ཀྱི་རྗེས་སུ་འགྲོ་བའི་རྒྱུ་ཡོད་པ་ དེ་ནི་བརྡའི་རྗེས་སུ་བྱེད་པ་ཅན་འདི་ཡིན་ནོ། །འོ་ན་བརྡ་དེ་ཡང་ཇི་ལྟར་ཕྱི་རོལ་གྱི་རྒྱུ་མེད་པར་སྐྱེ་ཞེ་ན་དེ་ནི་མ་ཡིན་ཏེ། གང་གི་ཕྱིར། བརྡ་དེ་ཡང་བརྗོད་པར་འདོད་པའི་རྒྱུ་མཚན་ཏེ། ཚིག་འདོད་པའི་རྗེས་སུ་བྱེད་པ་ཉིད་ནི་ལེའུ་དང་པོར་བསྟན་ཏོ། །འོ་ན་ཅིའི་ཕྱིར་བརྡ་བྱེད་ཅེ་ན། ཕྱི་རོལ་གྱི་རྒྱུ་མཚན་ མེད་པར་ཡང་ཐ་སྙད་ཀྱི་དོན་དུ་བརྡ་བྱེད་པ་ཡིན་ཏེ། སྡེབ་སྦྱོར་གྱི་མིང་དང་། སྒྲའི་ཆའི་མིང་བཞིན་ནོ། །འདི་ལྟར་སྡེབ་སྦྱོར་ནི་རྐང་ཆག་དང་། རྐྱང་པ་དང་ཚིགས་སུ་བཅད་པ་ལ་སོགས་པའི་མིང་དང་། ཚིག་གི་ཡང་ཡན་ལག་རྣམས་ངོ་བོ་ཉིད་དང་རྐྱེན་ལ་སོགས་པའི་མིང་བྱེད་པ་ལ་ཕྱི་རོལ་པའི་རྒྱུ་ཅུང་ ཟད་ཀྱང་ཡོད་པ་མ་ཡིན་ཏེ། ཇི་ལྟར་འདོད་པ་བཞིན་ངོ་བོ་ཉིད་དང་རྐྱེན་གྱི་ཆར་བཏགས་པའི་ཕྱིར་རོ། །དེ་བས་ན། དངོས་པོ་ཁང་བཟངས་ཕྲེང་སོགས་ཀྱི། །སྒྲ་རྣམས་ཀྱང་གཞན་ལ་ལྟོས་མིན། །ཞེས་བྱ་བར་གནས་པ་ཡིན་ནོ། །དེའི་ཕྱིར་མཚུངས་པར་བརྗོད་པ་མཐོང་བའི་ཕྱིར། རིགས་རྗེས་ སུ་དཔག་པར་བྱ་བ་ནི་མ་ཡིན་ནོ། །འོ་ན་ཇི་ལྟར་སངས་རྒྱས་པའི་ལུགས་ཀྱིས་ཀྱང་བློ་དང་སྒྲ་དག་རྗེས་སུ་འགྲོ་བར་སྣང་བ་ཡིན་ཞེ་ན། བློ་དང་སྒྲའི་རྗེས་སུ་འགྲོ་བ་ཕྱི་རོལ་པས་བྱས་པ་མ་ཡིན་ཏེ། འོན་ཀྱང་བག་ཆགས་ཀྱི་ས་བོན་སད་པ་ཐོབ་པས་ཕུལ་དུ་བྱུང་བ་ཅན་གྱི་བློ་ནི་རྗེས་སུ་འགྲོ་བ་མེད་པ་ཅན་ ཡིན་ཡང་རྗེས་སུ་འགྲོ་བ་ལྟར་སྣང་བ་ཡིན་ནོ། །མངོན་དུ་ཕྱོགས་པར་གྱུར་པའི་བག་ཆགས་སྨིན་པ་ཅན་ཕྱི་རོལ་ལ་ལྟོས་པ་མེད་པ་ཅན་གྱི་བློ་དེ་ཉིད་ཇི་ལྟར་ཡུལ་ཐ་དད་པ་ཅན་ཡིན་ཞེ་ན། འདིར་སྨྲས་པ། ཐ་དད་ཀྱང་དངོས་ཆོས་ཉིད་ཀྱིས། །དོན་དེ་འདྲ་བ་རྣམས་ཤེས་ཀྱི། །རྒྱུ་ཡིན་གང་ལ་ཤེས་པ་ དེ། །དེ་དག་དེ་ལྟར་རྟོགས་པར་འགྱུར། །དེ་ལྟར་ཤེས་པ་ཐ་དད་ཀྱང་། །ཐ་དད་མེད་པར་རྣམ་རྟོག་ཕྱིར། །དེ་འབྲས་ཅན་མིན་དང་བྲལ་བའི། །རྗེས་འགྲོ་དངོས་གཅིག་ལ་མ་ཡིན། །ཞེས་བྱ་བ་ལ། ཁྲ་བོ་ལ་སོགས་པའི་དོན་ནི་དངོས་པོའི་ཆོས་ཉིད་ཀྱི་ཡིན་གྱི། ཐ་དད་པའི་རིགས་ལ་སོགས་ནི་ མ་ཡིན་ཏེ། ཐ་དད་པ་མེད་པའི་རྣམ་པ་ཅན་དེ་འདྲ་བའི་ཤེས་པ་རང་གི་བདག་ཉིད་ལ་ཐ་དད་པ་ཡོད་ཀྱང་རྒྱུ་ཡིན་ནོ། །ཁྲ་བོ་ལ་སོགས་པ་གང་ལས་ཐ་མི་དད་པར་སྐྱེས་པའི་ཤེས་པ་དེ་ཐ་མི་དད་པར་སྐྱེས་པས་ཏེ། ཁྲ་བོ་ལ་སོགས་པ་དེ་དག་མཚུངས་པའི་ངོ་བོ་ཉིད་དུ་དེ་ལྟར་རྟོགས་པར་འགྱུར་རོ། ། འདིའི་དགོངས་པ་ནི་འདི་ཡིན་ཏེ། གསལ་བས་དེ་ལྟ་བུར་གྱུར་པའི་ཤེས་པ་བྱེད་པ་ཡིན་ཏེ། ཤེས་པ་གང་གིས་བག་ཆགས་ཀྱི་ས་བོན་ཡོངས་སུ་སྨིན་པའི་རིམ་པས་མཚུངས་པའི་རྣམ་པར་ཡོངས་སུ་རྟོག་པའི་ཤེས་པ་བསྐྱེད་པའོ། །དཔེར་ན་མངོན་པར་འདོད་པའི་བཙུན་མོ་མཐོང་ནས་བདེ་བའི་ བག་ཆགས་ཡོངས་སུ་སྨིན་པས་བཅད་ནས་བདེ་བ་མྱོང་བར་འགྱུར་གྱི། ནང་དུ་ཁྱད་པར་ཅན་གྱི་བདེ་བ་རིག་པ་ནི་ཕྱི་རོལ་གྱི་གསལ་བ་ལ་བདེ་བ་ཉིད་ཅེས་བྱ་བའི་རྒྱུ་མེད་དོ། །འོན་ཏེ་བདེ་བའི་རྣམ་པ་ཉིད་ཕྱི་རོལ་གསལ་བ་དང་འབྲེལ་པ་ཅན་རྟོགས་པ་ནི་མ་ཡིན་ཏེ། དེས་ན་ཕྱི་རོལ་ མ་ཡིན་ནོ་ཞེ་ན། དེ་ལྟ་བས་ན་འོ་ན་རིགས་ཀྱང་གསལ་བ་དང་འབྲེལ་པ་ཅན་དུ་མི་སྣང་བ་མ་ཡིན་ནམ། ཤེས་པ་ཉིད་འབའ་ཞིག་རྣམ་པ་མཚུངས་པ་ཅན་དུ་སྣང་བ་མ་ཡིན་ནོ། །དེའི་ཕྱིར་ཤེས་པའི་ངོ་བོ་ཉིད་ཁོ་ན་སྤྱི་ཡིན་ནོ། །འོན་ཏེ་ཤེས་པ་ཐ་དད་པ་ནི་གསལ་བ་སོ་སོར་ཐ་དད་པ་ཡིན་ན་དེ་ཇི་ ལྟར་ཤེས་པ་གཅིག་གི་འབྲས་བུ་ཅན་དུ་གསལ་བར་འགྱུར་ཞེ་ན། དེ་ནི་མི་རིགས་ཏེ། གལ་ཏེ་ཤེས་པ་ཡང་ཐ་དད་པ་ཡིན་པ་དེ་ལྟ་ན་ཡང་ཕན་ཚུན་ཐ་དད་པ་ཡིན་ཡང་ཐ་མི་དད་པར་རྟོགས་པ་སྐྱེད་པའི་རྒྱུ་ཡིན་པའི་ཕྱིར། ཤེས་པ་ལ་ཡང་ཐ་སྙད་མཚུངས་པར་འགྱུར་ཏེ། ཐ་མི་དད་པའི་རྟོགས་པའི་ རྒྱུ་མཚན་ཅན་ཡིན་པའི་ཕྱིར། དེ་ལ་རིགས་གཞན་ཡོད་པ་མ་ཡིན་ནོ། །འོན་ཏེ་འབྲས་བུ་གཅིག་པ་ཅན་དེ་གསལ་བ་ཐམས་ཅད་ཀྱི་རྗེས་སུ་འགྲོ་བ་ཅན་ཡིན་པའི་ཕྱིར། སྤྱི་ཐལ་བར་འགྱུར་རོ་ཞེ་ན། དེ་ནི་ཡོད་པ་མ་ཡིན་ཏེ། གསལ་བའི་ངོ་བོ་ཉིད་ལས་མ་གཏོགས་པའི་དེའི་འབྲས་བུ་ཅན་དུ་སྣང་བ་མ་ ཡིན་ཏེ། དེའི་ཕྱིར་དེའི་འབྲས་བུ་མེད་པ་ཅན་དག་ལས་ལོག་པའི་དངོས་པོ་རྣམས་ནི་རྗེས་སུ་འགྲོ་བར་རིགས་ཏེ། འདི་ལྟར་གཅིག་དེའི་འབྲས་བུ་ཅན་མ་ཡིན་པས་ཐ་དད་པ་དེ་བཞིན་དུ་གཉིས་པ་ཡང་ཡིན་གྱི། སྤྱི་དངོས་པོ་གཅིག་པ་ནི་ཕྱི་རོལ་གྱི་དངོས་པོ་རྣམས་ཀྱི་རྗེས་སུ་འབྲང་བ་མ་ཡིན་ནོ། །འོ་ ན་ཇི་ལྟར་རིགས་ཕྱི་རོལ་གྱི་དོན་རྣམས་ལ་རྟོགས་པར་གྱུར་པ་མེད་པ་དེ་བཞིན་དུ། ལྡོག་པ་ཡང་དངོས་པོར་ཐ་དད་པ་མེད་པའོ། །འོན་ཏེ་ཐ་དད་པའི་ལྡོག་པ་ཡོད་ན། རིགས་ཉིད་ལ་ལྡོག་པའི་སྒྲས་བརྗོད་པར་འགྱུར་རོ་ཞེ་ན། འདིར་སྨྲས་པ། དེའི་ཕྱིར་ལྡོག་པ་དངོས་ལ་ཡོད། །སྒྲ་དངོས་དེ་ཡི་ མཐར་ཐུག་ཡིན། །ཞེས་བྱ་བ་ལ། རིགས་མི་མཐུན་པ་ལས་ལྡོག་པའི་མཚན་ཉིད་ཅན་འབྲས་བུ་གཅིག་ལ་ཕྱི་རོལ་གྱི་དངོས་པོ་རྣམས་ཡོད་དོ། །གང་ཡང་ལྡོག་པ་ཐ་དད་པ་མེད་དོ་ཞེ་ན་བརྗོད་པ་དེ་ནི་འདོད་པ་ཉིད་དེ། ལོག་པ་ལས་ལྡོག་པ་གཞན་དུ་མ་ཡིན་པའི་ཕྱིར་རོ། །འོན་ཀྱང་དེ་ཉིད་རིགས་ མི་མཐུན་པ་ལས་ལྡོག་པའི་དངོས་པོར་ཡོད་པ་ཡིན་པའི་ཕྱིར། རིགས་མི་མཐུན་པ་ལས་ལོག་པ་འབྲས་བུ་གཅིག་པའི་ངོ་བོ་ཉིད་ནི་མཐར་ཐུག་པ་སྟེ། མཐས་གཏུགས་པ་གང་ཡིན་པ་དེའི་སྒྲ་ཉིད་རིགས་མི་མཐུན་པ་ལས་ལྡོག་པ་དང་ལྡན་པར་ཕྱི་རོལ་གྱི་དངོས་པོ་ལ་རྟོག་པ་ཡིན་ནོ། །འོ་ན་ གལ་ཏེ་བག་ཆགས་ལས་ཐོབ་པའི་སྐྱེ་བ་ཅན་བློ་ཡིན་ལ། ཕྱི་རོལ་གྱི་དོན་དང་འབྲེལ་པ་མ་ཡིན་པ་དེ་ལྟ་ན་ནི་ཤེས་པ་བག་ཆགས་ཀྱིས་བསྐྱེད་པའི་ཕྱིར་ཇི་ལྟར་ཕྱི་རོལ་དུ་མི་སླུ་བ་ཡིན། དེ་བས་ན་རིགས་མི་མཐུན་པ་ལས་ལོག་པའི་དངོས་པོ་ཡོངས་སུ་གཅོད་པར་སྒྲ་ལས་བྱུང་བའི་ཤེས་པས་རིགས་ པར་འགྱུར་ཏེ། རིགས་མི་མཐུན་པ་རྣམ་པར་གཅོད་པ་ནི་དོན་བྱེད་པར་ནུས་པ་ཡིན་ལ། དེ་ཡང་རྗེས་སུ་འགྲོ་བ་ཉིད་ཀྱིས་རིགས་སུ་ཁས་བླང་བར་བྱའོ། །འོན་ཀྱང་དོན་བྱེད་ནུས་པ་ནི་རང་གི་མཚན་ཉིད་ལས་གཞན་པ་ཡིན་ཏེ། དེ་བས་ན་ནུས་པ་ཡོངས་སུ་བཅད་ན་རང་གི་མཚན་ཉིད་ཤེས་པར་ འགྱུར་གྱི། ཕྱི་རོལ་སྒྲ་ཡིས་མ་ཤེས་པར་ནི་མ་ཡིན་ནོ་ཞེ་ན་སྨྲས་པ། ཕྱི་རོལ་ནུས་པ་རྣམ་གཅོད་པ། །མཐར་ཐུག་མེད་ནའང་དེའི་སྒྲ་ནི། །དེ་ཡི་མཐར་ཐུག་རྣམ་རྟོག་གི། །གཟུགས་བརྙན་ལ་ནི་སྦྱོར་བར་བྱེད། །དེ་ཕྱིར་གཞན་སེལ་མཐར་ཐུག་ཕྱིར། །སྒྲ་ནི་གཞན་སེལ་བྱེད་པར་བརྗོད། ། ཅེས་བྱ་བ་ལ། གཞན་སེལ་བ་ཕྱི་རོལ་གྱི་ངོ་བོ་ཉིད་ཅན་སྒྲ་ཡིས་སྟོན་པ་མ་ཡིན་ཏེ། དེ་ལྟ་ན་ཡང་མཐར་ཐུག་པ་དེ་མེད་ཀྱང་ཕྱི་རོལ་བ་རྣམས་དོན་གཅིག་བྱེད་པར་ནུས་པ་དེ་ཉིད་རྣམ་པར་གཅོད་པའི་མཐར་ཐུག་པ་དེ་མཐའ་ཅན་གྱི་རྒྱུ་ཡིན་ནོ། །དེའི་སྒྲ་ནི་བ་ལང་གི་སྒྲའོ། །རྣམ་པར་རྟོག་པ་ལ་ གནས་པའི་དོན་གྱི་གཟུགས་བརྙན་གང་ཡིན་པ་དེ་དག་ལ་དེའི་མཐར་ཐུག་པ་སྟེ། དེའི་རྒྱུ་མཚན་ལ་སྦྱོར་བ་ཡིན་ནོ། །ཕྱི་རོལ་གྱི་དོན་དང་འབྲེལ་པའི་རྣམ་པར་རྟོག་པའི་གཟུགས་བརྙན་ནི་ཕྱི་རོལ་གྱི་དོན་མཐོང་བ་ལས་བརྒྱུད་ནས་སྐྱེ་བའི་ཕྱིར་དོན་ལ་མི་སླུ་བ་ཡིན་ནོ། །དེ་བས་ན་ཕྱི་རོལ་གྱི་གཞན་ སེལ་བ་མཐར་ཐུག་པ་སྟེ། འཇུག་པའི་ཡུལ་གང་ཡིན་པ་དེའི་དངོས་པོ་དེའི་ཕྱིར་གཞན་སེལ་བ་སྒྲས་བྱེད་པར་བརྗོད་དོ། །སྒྲ་ནི་ཕྱི་རོལ་དུ་མཐར་ཐུག་པ་ཡིན་ཏེ། གཞན་ལས་ལོག་པའི་རྣམ་པ་ཅན་གྱི་རྟོགས་པའི་གཟུགས་བརྙན་བསྐྱེད་པའི་ཕྱིར་དང་། གཞན་ལས་ལྡོག་པ་ལ་ཡང་འཇུག་ པའི་ཕྱིར་རོ། །འདི་ལྟར་རྟོག་པས་ཕྱི་རོལ་དུ་རེག་པར་མི་བྱེད་ཀྱང་། རིགས་མི་མཐུན་པ་ལས་ལྡོག་པའི་དངོས་པོ་རྣམས་ལ་འཇུག་པར་བྱེད་པའི་ཕྱིར་སེལ་བའི་ཡུལ་ཅན་དུ་བརྗོད་དོ། །སྒྲ་དང་འབྲེལ་པའི་ཤེས་པ་ནི་ཐ་དད་པའི་ཕྱི་རོལ་པར་སྣང་བ་མ་ཡིན་ནམ། དེ་ཅི་སྟེ་ དེ་ཤེས་པའི་ངོ་བོ་ཉིད་ཅན་ཡིན་ཏེ། ཤེས་པས་དབེན་པར་ཤེས་པ་དེ་དེ་ལས་ཐ་དད་པ་མེད་པར་བརྗོད་པར་མི་ནུས་པའི་ཕྱིར་རོ། །ཐ་དད་པའི་རྒྱུ་ནི་ཤེས་པ་ཐ་དད་པ་ཡིན་ཏེ། སྣང་བ་ཐ་དད་པ་མ་གཏོགས་པར་ཐ་དད་པའི་རྒྱུ་མེད་པའི་ཕྱིར་རོ་ཞེ་ན་འདིར་སྨྲས་པ། དོན་གྱི་གཟུགས་བརྙན་ཤེས་པ་ལ། ། སྒྲ་ལས་ཐ་དད་ལྟར་སྣང་བ། །གང་དེ་དོན་གྱི་བདག་ཉིད་མིན། །དེ་འཁྲུལ་བག་ཆགས་རང་བཞིན་ཅན། །ཞེས་བྱ་བ་ལ། སྒྲ་ལས་བྱུང་བའི་ཤེས་པ་ལ་གནས་པའི་ཐ་དད་པ་བཞིན་དུ་དོན་གྱི་ཁ་དོག་དང་དབྱིབས་ལ་སོགས་པའི་གཟུགས་སྣང་བ་གང་ཡིན་པ་དེ་ནི་དོན་གྱི་བདག་ཉིད་མ་ཡིན་ཏེ། དངོས་ པོའི་ངོ་བོ་ཉིད་མ་ཡིན་ཞེས་བྱ་བའི་ཐ་ཚིག་གོ། །འོན་ཀྱང་དོན་གྱི་གཟུགས་བརྙན་ཏེ། ཤེས་པ་ལ་འཕོས་པའི་གཟུགས་བརྙན་ནི་དངོས་པོ་མ་ཡིན་པའི་ཕྱིར། མེ་ལོང་གི་དངོས་པོ་ལས་བྱུང་བའི་བཞིན་གྱི་གཟུགས་བརྙན་བཞིན་ནོ། །དེ་དོན་གྱི་གཟུགས་བརྙན་ཡིན་གྱི། དངོས་པོ་མ་ཡིན་ནོ་ ཞེས་བྱ་བ་འདི་ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་འཁྲུལ་པ་དེ་དོན་རྟོགས་པའི་བག་ཆགས་ཀྱི་རྒྱུ་ཅན་ཏེ། བག་ཆགས་ལས་སྐྱེས་པའི་ཤེས་པ་མཐོང་བ་ནི་ཕྱི་རོལ་གྱི་དངོས་པོ་མ་ཡིན་པའི་ཕྱིར། རྨི་ལམ་ན་མཐོང་བའི་རྣམ་པ་བཞིན་ནོ། །འོན་ཏེ་གང་ཅུང་ཟད་སྣང་བ་དེ་ཐམས་ཅད་དངོས་པོའོ་ཞེ་ན། མ་ ཡིན་ཏེ། སྣང་བ་ལས་དངོས་པོ་ཉིད་མེད་དོ་ཞེས་བཤད་པར་བྱའོ། །འོན་ཏེ་རྟོགས་པས་གཞག་པའི་གཟུགས་བརྙན་ཤེས་པའི་ངོ་བོ་ཉིད་སྒྲ་ཡིས་བརྗོད་པ་སྟེ། ཤེས་པའི་ངོ་བོ་ཉིད་ནི་དངོས་པོ་ཡིན་ན། དེ་ཇི་ལྟར་སྒྲའི་དོན་བསྒྲུབ་པར་མི་འགྱུར་ཞེ་ན། སྨྲས་པ། སྒྲ་རྣམས་ཀྱིས་དེ་བརྗོད་པ་ ན། །དོན་གྱི་ཆ་གང་རྟོགས་པར་འགྱུར། །དེ་མ་རྟོགས་ནའང་དེ་དོན་ཅན། །བརྡ་བྱེད་པ་ནི་དོན་མེད་འགྱུར། །ཞེས་བྱ་བ་ལ། ཤེས་པས་གཞག་པའི་རྣམ་པ་སྟེ་སྒྲ་རྣམས་ཀྱི་བརྗོད་པ་ན། སྒྲུབ་པའི་ངོ་བོ་ཉིད་ཀྱི་དོན་ཕྱི་རོལ་ལ་དོན་གྱི་ཆ་ཤས་གང་ཞིག་ཡོད་དེ་ཅི་ཡང་མེད་དེ། རྟོག་པ་ལ་བརྟེན་པའི་ གཟུགས་བརྙན་ལ་ཞེན་པའི་ཕྱིར་རོ། །འོ་ན་གལ་ཏེ་བློའི་གཟུགས་བརྙན་སྒྲ་ཡིས་རྗོད་པར་བྱེད་དོ་ཞེ་ན། དེ་ལྟ་ན་ནི་ཕྱི་རོལ་རྟོགས་པ་མ་ཡིན་པའི་ཕྱིར། བརྡའི་སྦྱོར་བ་མེད་པར་འགྱུར་རོ། །ཕྱི་རོལ་པ་དེའི་ཆ་རྟོགས་པ་མེད་པ་ཡིན་ན། བརྡའི་སྦྱོར་བ་དོན་མེད་པར་འགྱུར་ཏེ། གང་གི་ཕྱིར་དེའི་དོན་ཅན་ཏེ་ཕྱི་ རོལ་གྱི་དོན་རྟོགས་པ་དེ་དགོས་པའི་དོན་གང་ལ་བརྡ་བྱེད་པ་དེ་ཡོད་པའི་ཕྱིར་རོ། །ཕྱི་རོལ་གྱི་དོན་སྟོན་པར་བྱེད་པའི་དོན་དུ་བརྡ་བྱེད་ཀྱི་གཞན་དུ་ནི་མ་ཡིན་ནོ། །དེ་ལྟར་ནི་འདོད་མོད་ཀྱི་སྒྲའི་དོན་གཞན་སེལ་བ་ཡིན་ཞིང་འདི་ཕྱི་རོལ་གྱི་རང་བཞིན་མ་ཡིན་པ་དེའི་ཕྱིར་དེ་ལ་ཡང་བརྡ་སྦྱོར་བར་མི་འགྱུར་རོ་ཞེ་ན། འདིར་སྨྲས་པ། སྒྲས་དོན་ཆ་ཅི་བརྗོད་ཅེ་ན། །དེ་ལ་གཞན་སེལ་བརྗོད་པར་བྱ། །རྣམ་པ་དེ་ཡང་དོན་ལ་མེད། །དེ་བརྗོད་ཇི་ལྟར་དོན་བརྟེན་ཡིན། །ཞེས་བྱ་བ་ལ། དངོས་པོ་ལས་ཐ་དད་པའི་གཞན་སེལ་བ་ནི་མེད་དེ། དོན་གྱི་ཆ་འགའ་ཞིག་ཁོ་ན་གཞན་སེལ་བ་ཡིན་པའི་ཕྱིར་རོ། །འདི་ལྟར་སྒྲ་ཡིས་ དོན་གྱི་ཆ་ཤས་ཅི་ཞིག་བརྗོད་ཅེས། འདིར་འདྲི་བ་འདི་ལ་ལན་ནི་སྒྲ་ཡིས་གཞན་སེལ་བརྗོད་པར་བྱེད་དོ་ཞེས་བརྗོད་པར་བྱའོ། །དེ་ཡང་བློ་ཡིས་གཞག་པའི་རྣམ་པ་ནི་ཕྱི་རོལ་གྱི་རང་གི་མཚན་ཉིད་ལ་མེད་དེ། དེའི་བློའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ཤེས་པའི་རྣམ་པ་སྟེ་བརྗོད་པའི་སྒྲ་ནི་ཇི་ལྟར་དོན་ ལ་བརྟེན་པ་ཡིན་ཏེ། གང་ཞིག་ཕྱི་རོལ་ན་མེད་པ་དེ་དེའི་རྣམ་པ་ལ་དོན་གྱི་རྣམ་པར་ཤེས་པ་ནི་རིགས་པ་མ་ཡིན་པའི་ཕྱིར། དཔེར་ན་རབ་རིབ་ཅན་ལ་སྐྲ་ཤད་སྣང་བས་དོན་རྟོགས་པ་མ་ཡིན་པ་བཞིན་ནོ། །གཞན་ཡང་། རྗེས་འགྲོ་ཅན་སྒྲ་དོན་འབྲས་ཀྱང་། །རྗེས་འགྲོ་ཅན་འགྱུར་དེ་ཡང་ནི། ། རྗེས་འགྲོ་ཅན་མིན་དེ་བློ་ལས། །ཐ་མི་དད་ཕྱིར་མཐོང་གོམས་ཡུལ། །ཞེས་བྱ་བ་ལ། གཞན་སེལ་བ་ནི་སྤྱི་ཡིན་པར་འདོད་དེ། ཚར་པ་དང་གླང་མ་ལ་སོགས་པ་ཤིང་མ་ཡིན་པ་ལས་ལོག་པ་རྣམས་ལ་ཤིང་ཞེས་བྱ་བའི་སྒྲ་རྗེས་སུ་འགྲོ་བ་ཅན་ཡིན་པའི་ཕྱིར་རོ། །རྗེས་སུ་འགྲོ་བ་ཅན་གྱི་སྒྲ་དེའི་བརྗོད་ པར་བྱ་བའི་དོན་དགོས་པ་ཡིན་པའི་ཕྱིར་རྗེས་སུ་འགྲོ་བ་ཅན་ཡིན་པར་འགྱུར་བ་ཡིན་ལ། ཤེས་པའི་རྣམ་པ་དེ་ཡང་རྗེས་སུ་འགྲོ་བ་ཅན་མ་ཡིན་ཏེ། བློ་ལས་ཐ་དད་པ་མེད་པའི་ཕྱིར་རོ། །བློ་དེ་ཡང་དོན་སོ་སོ་བ་ལ་བརྟེན་ནས་ཐ་དད་པ་མེད་པའི་ཕྱིར་ཏེ། བློ་དེ་ལས་ཐ་དད་པ་མེད་པའི་ཕྱིར། རྣམ་པ་ཡང་ ཐ་དད་པ་ཡིན་ནོ། །འོ་ན་གལ་ཏེ་ཤེས་པའི་རྣམ་པ་ཉིད་འདི་ཡིན་ན་ཇི་ལྟར་སྔོན་པོར་སྣང་བར་འགྱུར་ཏེ། ཤེས་པ་ནི་རང་ཉིད་རྟོགས་པའི་ངོ་བོ་ཉིད་ཡིན་ན་ཇི་ལྟར་འདི་རྣམ་པ་དང་འདྲ་བ་ཡིན་ཞེ་ན། དེ་ནི་ཡོད་པ་མ་ཡིན་ཏེ། གང་གི་ཕྱིར་ཕྱི་རོལ་པ་མཐོང་བ་གོམས་པ་ཡང་དང་ཡང་དུ་འཇུག་ པ་དེས་སྤྲུལ་པའི་ཕྱིར་རོ། །དེས་ནི་ཕྱི་རོལ་བརྒྱུད་ནས་འོངས་པའི་ཕྱིར། ཤེས་པ་ཡང་བ་ལང་མི་གསལ་བ་དང་འདྲེས་པར་མཐོང་བའོ་ཞེས་བསྟན་པར་འགྱུར་རོ། །དེ་བས་ན་རྗེས་སུ་འགྲོ་བ་ཅན་མ་ཡིན་པའི་ཕྱིར་བློའི་གཟུགས་བརྙན་སྒྲའི་བརྗོད་བྱ་མ་ཡིན་ལ། ཕྱི་རོལ་གྱི་དངོས་པོ་ཡང་མ་ཡིན་ཏེ། རྟོགས་པས་གསལ་བ་གཞན་སེལ་བ་ནི་སྟོང་པའི་ངོ་བོ་ཉིད་ཡིན་པའི་ཕྱིར། དེ་ཡང་བརྗོད་པར་བྱ་བ་མ་ཡིན་ནོ། །འོ་ན་ཇི་ལྟར་སྤྱི་སྒྲའི་བརྗོད་པར་བྱ་བར་བརྗོད་དེ། བློའི་གཟུགས་བརྙན་ནི་རེ་ཞིག་སྒྲའི་བརྗོད་པར་བྱ་བ་མ་ཡིན་ཏེ། དེ་སྒྲའི་ཉེ་བར་བླང་བར་བྱ་བ་ཡིན་པའི་ཕྱིར་རོ། །སྒྲའི་བརྗོད་བྱ་ཡིན་པ་དེ་ ལྟ་ན་ཡང་གཟུགས་བརྙན་ནི་ཤེས་པ་བཞིན་དུ་ཐུན་མོང་མ་ཡིན་པའི་ཕྱིར། སྤྱིའི་ངོ་བོ་ཉིད་ནི་མ་ཡིན་ལ། ཕྱི་རོལ་གྱི་ལོག་པ་ནི་སྒྲ་ཡིས་བརྟེན་པར་བྱ་བ་མ་ཡིན་ཏེ། ལྡོག་པ་ཡོངས་སུ་བཅད་ན་ལོག་པའི་དངོས་པོ་ཉིད་དུ་ཤེས་པ་ཡིན་གྱི། དངོས་པོར་གྱུར་པ་ནི་མ་ཡིན་ནོ། །འོན་ཏེ་ཕྱི་རོལ་གྱི་ དངོས་པོ་མི་ཤེས་ན་ནི། ཇི་ལྟར་འོ་ན་དངོས་པོའི་ཆ་ཤས་སུ་གྱུར་པ་གཞན་སེལ་བ་སྒྲའི་ཡུལ་དུ་འགྱུར། དངོས་པོའི་ཆ་མ་བརྗོད་པར་ཡང་བརྡ་བྱེད་པ་དོན་མེད་པར་འགྱུར་རོ་ཞེ་ན་འདིར་སྨྲས་པ། དེ་ཡི་ངོ་བོ་སྒྲོ་འདོགས་པའི། །རྟོགས་པས་གཞན་ལས་ལོག་ཤེས་ཕྱིར། །སྒྲ་དོན་གང་ཡིན་དེ་ཉིད་ ཅེས། །བརྗོད་པ་ལ་ནི་འགལ་བ་མེད། །ཅེས་བྱ་བ་ལ། ཤེས་པ་དེའི་ངོ་བོ་ཉིད་སྔོན་པོ་ལ་སོགས་པ་གསལ་བར་སྣང་བའི་རྣམ་པ་དེ་ལ་ཕྱི་རོལ་གྱི་རང་བཞིན་དུ་སྒྲོ་འདོགས་པ་དེ་རྟོགས་པ་དེ་མྱོང་བས། གཞན་ལས་ལོག་པ་བཞིན་གཟུགས་བརྙན་རྟོགས་པའི་ཕྱིར་རམ། ཡང་ན་གཞན་ལས་ལོག་ པའི་ཕྱི་རོལ་རྟོགས་པའི་ཕྱིར་ཞེས་བྱ་བར་བལྟ་བར་བྱའོ། །ཇི་ལྟར་ཡང་ཕྱི་རོལ་གཅིག་ལས་ལོག་པ་དེ་བཞིན་དུ་གཞན་ཡང་ཡིན་པར་ཐམས་ཅད་དུ་རིགས་མཚུངས་པར་རིགས་མི་མཐུན་པ་ལས་ལྡོག་པ་མཚུངས་པར་ཤེས་ལ། བྱེ་བྲག་སོ་སོ་བ་ལ་ནི་རྟོགས་པ་མ་ཡིན་པའི་ཕྱིར། ཁྱད་པར་མི་ རྟོགས་པས་དེ་ཉིད་རིགས་མི་མཐུན་པ་ལས་ལོག་པ་ལ་རིགས་ཞེས་བརྗོད་ཀྱི། ཕྱི་རོལ་དང་ཤེས་པའི་གཟུགས་བརྙན་དག་ལ་རྗེས་སུ་འགྲོ་བ་ཅན་གྱི་རིགས་ཡོད་པ་མ་ཡིན་ཏེ། བློའི་གཟུགས་བརྙན་གལ་ཏེ་མེ་མ་ཡིན་པ་ལས་ལོག་པ་མེ་ཡིན་པ་དེ་ལྟ་ན་ཡང་མེ་མ་ཡིན་པ་ལས་ལོག་པའི་མེའི་ གཟུགས་བརྙན་མི་གསལ་བར་འདི་ན་སྣང་བའི་ཕྱིར། ངེས་པའི་སྟོབས་ཀྱིས་རིགས་མི་མཐུན་པ་ལས་ལོག་པ་ཞེས་བརྗོད་དོ། །དེ་བས་ན་དེ་ལྟར་བློའི་གཟུགས་བརྙན་དངོས་པོ་ཐམས་ཅད་ལ་སྒྲོ་བཏགས་པའི་ཕྱིར་མཚུངས་པ་ཉིད་ཡིན་ནོ། །དེའི་ཕྱིར་གཞན་ལས་ལོག་པའི་བློའི་གཟུགས་ བརྙན་ནམ་ཕྱི་རོལ་དུ་ཞེན་པའི་ཕྱིར་རོ། །སྒྲའི་དོན་གང་ཡིན་ཞེས་འདྲི་བའི་ལན་གང་ཡིན་པ་ནི། ཤེས་པའི་རྣམ་པ་དེ་ཉིད་དང་དེ་ཉིད་ཀྱི་ཕྱི་རོལ་པའོ། །བརྗོད་པ་དེ་ལ་འགལ་བ་ཅི་ཡང་མེད་དེ། གཞན་ལས་ལོག་པའི་ཕྱི་རོལ་རྟོགས་པ་ནི་རིགས་མི་མཐུན་པ་ལས་ལོག་པའི་དངོས་པོའི་ ཆོས་ཡིན་པའི་ཕྱིར། སྒྲ་ནི་དངོས་པོ་ལ་རེག་པའོ། །སྒྲ་ཡིས་བཞག་པའི་ཤེས་པ་ནི་གཟུགས་བརྙན་ཉམས་སུ་མྱོང་བར་གྱུར་པས་ཕྱི་རོལ་རིག་པ་མེད་པའི་ཕྱིར། ཇི་ལྟར་དེ་ལ་འཇུག་པར་འགྱུར། འོ་ན་གལ་ཏེ་ཕྱི་རོལ་མི་སྣང་བ་དེ་ལྟ་ན་ཡང་། ཉེར་ལེན་སྒྲ་ཡིས་བསྐྱེད་པའི་མཐོང་བས་ཤེས་ པར་བྱ་བའི་ཕྱིར། ཕྱི་རོལ་དུ་ཞེན་ནས་འཇུག་པ་མ་ཡིན་ན་ནི། ཞེན་པ་ཞེས་བྱ་བ་འདི་ཅི་ཡིན་ཏེ། གཟུང་བའི་ཆོས་ཡིན་ནམ། འཛིན་པའི་ཆོས་ཡིན་གྲང་ན། དེ་ལ་གལ་ཏེ་གཟུང་བའི་ཆོས་ཡིན་ན། དེ་ལྟ་ན་ནི་གཟུང་བ་མི་གསལ་བ་ཉིད་དུ་སྣང་བའི་ཕྱིར། གཟུང་བ་ལ་གསལ་བའི་རྣམ་པ་ཡོད་པ་ནི་ མ་ཡིན་ནོ། །འོན་ཏེ་འཛིན་པའི་ཆོས་ཞེན་པ་ཡིན་ན། དེ་ལྟ་ན་ཡང་རྟོག་པས་གཟུང་བ་མི་གསལ་བའི་རྣམ་པར་འཇུག་པ་ཉིད་ཡིན་གྱི། གསལ་བའི་རྣམ་པར་འཇུག་པ་ནི་མ་ཡིན་ནོ། །དེས་ན་འཛིན་པའི་རྣམ་པ་ཡང་གསལ་བའི་རིག་པར་བྱེད་པ་མ་ཡིན་པའི་ཕྱིར། དེའི་ཆོས་ནི་ཕྱི་རོལ་པར་ ཤེས་པ་མ་ཡིན་ནོ། །གཞན་ཡང་ཕྱི་རོལ་ལ་རྟོག་པའི་གཟུགས་བརྙན་དུ་སྒྲོ་འདོགས་པ་ཡིན་ནམ། རྟོག་པའི་གཟུགས་བརྙན་ལ་ཕྱི་རོལ་དུ་སྒྲོ་འདོགས་པ་ཡིན་གྲང་ན། དེ་ལ་གལ་ཏེ་ཕྱོགས་དང་པོ་ལ་བརྟེན་ན་དེ་ལྟ་ན་ནི་རྟོག་པའི་རྣམ་པ་དོན་བྱེད་པར་ནུས་པ་དང་བྲལ་བའི་ཕྱིར་རྟོག་པ་དེས་ཕྱི་ རོལ་གྱི་དོན་ལ་ཇི་ལྟར་འཇུག་པར་འགྱུར་ཏེ། ཕྱི་རོལ་པའི་དོན་བྱེད་པ་ནི་མི་རྟོགས་པའི་ཕྱིར་རོ། །འོན་ཏེ་རྟོགས་པའི་གཟུགས་བརྙན་ལ་ཕྱི་རོལ་དུ་སྒྲོ་འདོགས་ན་དེ་ལྟ་ན་ཡང་ཕྱི་རོལ་ཤེས་པ་མ་ཡིན་པས་ཇི་ལྟར་སྒྲོ་འདོགས་པར་ནུས་ཏེ། ཡུལ་དུ་མ་བྱས་པར་ནི་སྒྲོ་འདོགས་པར་མི་ནུས་ པའི་ཕྱིར་རོ། །གཞན་ཡང་གལ་ཏེ་ཕྱི་རོལ་ཤེས་པའི་ངོ་བོ་ཉིད་དུ་ཤེས་སོ་ཞེ་ན། དེ་ལྟ་ན་ཡང་ཤེས་པའི་ཕྱོགས་པར་འགྱུར་གྱི། ཕྱི་རོལ་གྱི་ཕྱོགས་ལ་ནི་མ་ཡིན་ཏེ་དཔེར་ན་ཆུ་རུ་སྒྲོ་འདོགས་པ་སྐྱེས་ན་སྨིག་རྒྱུ་བའི་ཕྱོགས་སུ་འཇུག་པར་འགྱུར་བ་བཞིན་ནོ། །དེ་བས་ན་རྟོག་པས་དོན་མི་འཛིན་པའི་ ཕྱིར། མི་འཇུག་པ་མ་ཡིན་ནམ་ཞེ་ན། འདིར་སྨྲས་པ། ཤེས་པའི་སྒྲ་ཡིས་ངེས་སྤྲུལ་པ། །དེ་དག་ལོག་པར་སྣང་བ་ཉིད། །དོན་གྱི་ཆ་རྗེས་འདི་འགྲོའི་ཕྱིར། །སྒྲ་ནི་གཞན་སེལ་བྱེད་པ་ཡིན། །ཞེས་བྱ་བ་ལ། སྒྲ་ཡིས་སྤྲུལ་པའི་ཤེས་པ་ལོག་པར་སྣང་བ་ཅན་ཉིད་ཡིན་པ་དེའི་ཕྱིར་ལོག་པར་ སྣང་བའི་ཕྱིར་ན། རང་གི་མཚན་ཉིད་རྟོག་པ་མེད་ཀྱང་། དོན་གྱི་ཆ་རིགས་མི་མཐུན་པ་ལས་ལོག་པའི་རྗེས་སུ་འགྲོ་བ་བཞིན་དུ་སྣང་བ་དེས་ན་ཕྱི་རོལ་དུ་འཇུག་པ་ཡིན་གྱི། དངོས་པོ་མཐོང་བས་འཇུག་པ་མ་ཡིན་ཏེ། འཁྲུལ་པའི་ཤེས་པས་མྱ་ངམ་གྱི་སྨིག་རྒྱུ་བ་ལ་སོགས་པ་ལ་འཇུག་གི །དེར་ཆུ་ དངོས་འཛིན་པ་ནི་མ་ཡིན་ལ། སྨིག་རྒྱུ་ལ་འཁྲུལ་པ་ཡང་མ་ཡིན་ནོ། །དེ་བཞིན་དུ་སྒྲ་ལས་སྐྱེས་པའི་ཤེས་པ་འདི་ལ་ཡང་གལ་ཏེ་ཕྱི་རོལ་མི་སྣང་བར་གྱུར་པ་དེ་ལྟ་ན་ཡང་འཁྲུལ་པའི་དབང་གིས་འཇུག་པར་འགྱུར་རོ། །འོ་ན་འཁྲུལ་པ་ཉིད་མེད་པ་མ་ཡིན་ནམ། འདི་ལྟར་ཕྱིན་ཅི་ལོག་ཏུ་སྒྲོ་འདོགས་ པ་ནི་འཁྲུལ་བར་ཡང་ཤེས་པའི་བདག་ཉིད་ལ་སྒྲོ་འདོགས་པ་ཡིན་ནམ། དོན་གྱི་བདག་ཉིད་ལ་ཡིན། ཅི་སྟེ་སྒྲོ་འདོགས་པ་ཞེས་བྱ་བའི་དོན་ཡང་ཅི་ཞིག་ཡིན་ཏེ། རང་བཞིན་གཞན་ལ་འཇུག་པ་ཡིན་ནམ། འོན་ཏེ་རང་བཞིན་གཞན་དུ་རྟོགས་པའི་དོན་གཞན་ཡིན་གྲང་ན། གཉི་ག་ལྟར་ཡང་སྒྲོ་ འདོགས་པ་མེད་དོ། །འོན་ཏེ་མེད་པ་ཉིད་ལ་ཡོད་པར་ཞེན་པར་གྱུར་པ་ནི་འཁྲུལ་པའོ་ཟེར་ན། མ་མཐོང་བའི་དོན་མེད་པ་ཉིད་དུ་ཇི་ལྟར་ཤེས། ཤེས་པ་གཞན་གྱིས་ཤེས་ཏེ། དེ་ལ་དམིགས་པ་མེད་པའི་ཕྱིར་རོ་སྙམ་ན། གལ་ཏེ་མཐོང་བ་གཞན་གྱི་ཡུལ་མ་ཡིན་པ་དེ་ལྟ་ན་ཡང་འདིས་ཅིར་ འགྱུར་ཏེ། ཧ་ཅང་ཐལ་ཆེས་པའི་ཕྱིར་རོ། །རང་མཐོང་བའི་ཚེ་ན་དེ་ཤེས་པའོ་ཞེས་བསམ་པར་བྱ་བ་དེ་བས་ན་སྣང་བ་ལ་འཁྲུལ་པ་ནི་མ་ཡིན་ནོ་ཞེ་ན། སྣང་བར་གྱུར་པའི་ངོ་བོ་ཉིད་ལ་འཁྲུལ་པ་མེད་པ་ནི་བདེན་ཏེ། འདི་ལྟར་རྟོག་པ་རྣམས་རང་གི་ངོ་བོ་ལ་བྱེད་པ་ཡིན་གྱི། ཕྱི་རོལ་ལ་ནི་མ་ཡིན་ཏེ། རྟོག་ པའི་རང་གི་ངོ་བོ་ནི་མེད་པ་མ་ཡིན་ཏེ། དེ་རིག་པའི་ཕྱིར་རོ། །ཕྱི་རོལ་གྱི་དངོས་པོ་ལ་ནི་རྟོག་པ་ཕྱིན་ཅི་ལོག་གིས་རྣམ་པར་མཐོང་བའི་ཕྱིར་འཁྲུལ་པ་ཡིན་གྱི། རང་གི་ངོ་བོ་ལས་ཐ་དད་པའི་ཕྱི་རོལ་དུ་རྟོག་པའི་བྱེད་པ་མེད་པ་དེ་བས་ན་དེ་ལ་བྱེད་པ་མེད་པ་ཉིད་ཀྱིས་ཕྱི་རོལ་ལ་ལྟོས་ནས་འཁྲུལ་ པ་ཉིད་ཡིན་ནོ། །དེ་ལྟ་ན་ཡང་འཇིག་རྟེན་པའི་ཞེན་པའི་དབང་གིས་ཕྱིན་ཅི་ལོག་ཏུ་འཛིན་པར་གཞག་སྟེ། གང་དུ་ཇི་ལྟར་མཐོང་བའི་དོན་བྱེད་པ་ཐོབ་པ་དེར་སླུ་བ་མེད་པར་སྐྱེ་སྟེ། གང་དུ་ཇི་ལྟར་སྣང་བའི་དོན་བྱེད་པ་མེད་པ་དེར་འཁྲུལ་པ་ཉིད་དོ། །སྒྲའི་རྗེས་སུ་འཇུག་པ་ཅན་གྱི་མཐོང་བ་སྐྱེས་ན་ མི་གསལ་བར་ཤེས་པར་གྱུར་པ་ལས་འདས་ཏེ། གསལ་བ་ཉིད་དུ་ཐོབ་པར་འགྱུར་བའི་ཕྱིར་འཁྲུལ་པ་ཉིད་དུ་རིགས་སོ། །དེའི་ཕྱིར་དེ་ལྟར་རིགས་མི་མཐུན་པ་ལས་ལྡོག་པའི་དངོས་པོ་ལ་བརྟེན་པའི་རྣམ་པར་རྟོག་པ་བསྐྱེད་པའི་ཕྱིར་དང་། དེ་ལས་གཞན་པ་སྤོང་བ་ལ་འཇུག་པའི་ཕྱིར། སྒྲ་ནི་ གཞན་སེལ་བར་བྱེད་པར་བརྗོད་པར་བྱའོ། །འོ་ན་གལ་ཏེ་རྣམ་པར་རྟོག་པའི་གཟུགས་བརྙན་གཞན་སེལ་བ་ལ་སྒྲ་འཇུག་པར་འགྱུར་ན། དེ་ལྟ་ན་ཡང་དེ་ཉིད་བརྡ་ཡང་བྱེད་པར་འགྱུར་ཏེ། ཇི་སྲིད་དུ་མཐོང་བས་གཞག་པའི་ངོ་བོ་ཉིད་འདི་བ་ལང་ཡིན་ནོ་ཞེས་བརྡ་བྱེད་པར་འགྱུར་རོ། །བརྡར་བྱས་པའི་ དོན་ཡང་སྒྲ་ཡིས་བརྗོད་པར་འགྱུར་བའི་ཕྱིར། རང་གི་མཚན་ཉིད་ཁོ་ན་སྒྲ་ཡིས་བརྗོད་པར་བྱ་བར་འགྱུར་རོ་ཞེ་ན། སྨྲས་པ། དེའི་ཕྱིར་བརྡ་ཡི་དུས་ན་ཡང་། །རང་གི་རྟོགས་པའི་འབྲས་ཅན་གྱིས། །བསྟན་པའི་དོན་དང་འབྲེལ་པ་ཡི། །གཞན་སེལ་སྒྲ་ལ་འབྲེལ་པར་འགྱུར། །ཞེས་བྱ་བ་ལ། དེའི་ཕྱིར་ མི་གསལ་བ་ཅན་གྱི་རྣམ་པར་རྟོག་པའི་གཟུགས་བརྙན་གྱི་ཤེས་པའི་རྒྱུ་སྒྲ་ཡིན་པའི་ཕྱིར། བརྡའི་དུས་སམ་ཐ་སྙད་ཀྱི་དུས་ན་ཡང་གཟུགས་བརྙན་གྱི་ངོ་བོ་ཉིད་སྒྲ་དང་འབྲེལ་པར་འགྱུར་གྱི། དངོས་པོ་རང་བཞིན་ལ་ནི་མ་ཡིན་ནོ། །འདི་བ་ལང་ཡིན་ནོ་ཞེས་བྱ་བའི་བརྡ་ནི་ཕྱི་རོལ་ཉིད་གསལ་ བར་སྣང་བ་ཡིན་གྱི། རྟོག་པའི་གཟུགས་བརྙན་མ་ཡིན་པ་མ་ཡིན་ནམ། དེ་ཇི་ལྟར་དེ་ལ་སྒྲ་འགོད་པའོ་ཞེས་བྱ་བ་འདི་ལས་རྗོད་པར་བྱེད་ཅེ་ན། དེ་ནི་མི་རིགས་པ་མ་ཡིན་ཏེ། གང་གི་ཕྱིར་གལ་ཏེ་འདི་ནི་བ་ལང་ཡིན་ནོ་ཞེས་ཕྱི་རོལ་གྱི་དོན་བསྟན་པ་དེ་ལྟ་ན་ཡང་གཟུགས་བརྙན་ ཉིད་ལ་ལྟོས་པར་བྱེད་དོ། །འདི་ལྟར་འདི་ནི་འདིའི་རྗོད་པར་བྱེད་པའོ་ཞེས་བྱ་བ་འདི་ལས་འདི་དུས་གཞན་དུ་ཤེས་པར་བྱ་བའོ། །དེའི་ཕྱིར་དུས་གཞན་ལ་ཁྱབ་པ་ཉིད་དུ་ཤེས་པ་ཡིན་ནོ། །བསྟན་པར་བྱ་བ་དང་སྟོན་པར་བྱེད་པ་གཉི་ག་ཡང་བརྡ་རུ་འདོད་པ་ཡིན་ནོ། །དུས་གཞན་གྱི་གཟུགས་ནི་དབང་ པོའི་ཡུལ་མ་ཡིན་ཏེ། དེའི་ཕྱིར་འདི་བ་ལང་ཡིན་ནོ་ཞེས་མཛུབ་མོས་བསྟན་པའི་དོན་གསལ་བ་དང་འབྲེལ་པ་ཡིན་ལ། རྟོག་པ་ནི་གཅིག་པ་ཉིད་དུ་འབྲེལ་པ་ཡིན་ནོ། །གཟུགས་བརྙན་ནི་རང་བཞིན་གཞན་སེལ་བ་ཉིད་སྒྲ་དང་འབྲེལ་པར་འགྱུར་གྱི་ཁྱད་པར་ནི་མ་ཡིན་ནོ། །འོན་ཏེ་འདིའི་རྗོད་པར་བྱེད་པ་ འདི་ཡིན་ནོ་ཞེས་པས་དུས་གཞན་དུ་ཁྱབ་པ་གསལ་བ་དང་མི་གསལ་བ་དག་གཅིག་པ་ཉིད་དུ་ཞེན་པས་ཤེས་པ་ནི་མ་ཡིན་ཏེ། འོན་ཀྱང་འདིའི་རྗོད་པར་བྱེད་པ་འདི་ཡིན་ནོ་ཞེས་རང་གི་མཚན་ཉིད་ཁོ་ན་བརྡའི་ཡུལ་ཉིད་དུ་ཤེས་པ་ཡིན་གྱི། གཟུགས་བརྙན་ནི་མ་ཡིན་ནོ་ཞེ་ན། དེ་ནི་རིགས་པ་མ་ ཡིན་ཏེ། གོམས་པ་ཕུལ་དུ་བྱུང་བ་ལས་དེ་ལྟར་རྟོགས་པའི་ཕྱིར་རོ། །གང་གི་ཚེ་ཡོངས་སུ་གཅོད་པར་བྱེད་པ་དེའི་ཚེ་གདོན་མི་ཟ་བར་གཟུགས་བརྙན་རྟོགས་པར་འགྱུར་ལ། གང་གི་ཚེ་ཡང་ཐ་སྙད་ལ་བརྟེན་ནས་སྒྲ་དང་དོན་དག་གི་འབྲེལ་པ་ཤེས་པ་དེའི་ཚེ། གདོན་མི་ཟ་བར་དུས་གཞན་དུ་ གྱུར་པའི་རང་བཞིན་ཤེས་པར་འགྱུར་རོ། །འདི་ལྟར་བུམ་པ་ཁྱེར་ལ་ཤོག་ཅེས་པའི་ཚིག་ལས་བུམ་པ་ཁྱེར་ནས་འོང་བའི་ཕྱིར། འདིའི་མིང་ནི་འདི་ཡིན་ནོ་ཞེས་རྟོགས་པར་གྱུར་ནས་ཁོ་བོས་ཀྱང་འདི་ལྟ་བུ་ཉིད་དུ་ཤེས་པར་བྱའོ་སྙམ་དུ་སེམས་པར་འགྱུར་རོ། །འོ་ན་གཟུགས་བརྙན་ལ་དོན་བྱེད་ པ་མེད་པ་མ་ཡིན་ནམ། དེའི་ཕྱིར་གཟུགས་བརྙན་ཤེས་པར་བྱ་བའི་དོན་དུ་ཇི་ལྟར་བརྡ་སྦྱོར་བ་ཡིན་ཞེ་ན། མ་ཡིན་ཏེ། རིགས་མི་མཐུན་པ་ལས་ལོག་པའི་རང་གི་རྟོགས་པའི་འབྲས་བུ་དོན་གང་ལ་ཡོད་པ་དེ་དང་འབྲེལ་པ་ནི་སྒྲ་ལ་འབྲེལ་པར་འགྱུར་གྱི། གང་གིས་བརྡ་དོན་མེད་པར་འགྱུར་བའི་ རང་རྒྱུད་པ་ནི་མ་ཡིན་ནོ། །ཡང་ན་ཉེ་བར་བསྟན་པའི་དོན་གཟུགས་བརྙན་གང་ཡིན་པ་དེ་དང་འབྲེལ་པའི་གཞན་སེལ་བ་ལྡོག་པའི་ངོ་བོ་ཉིད་ཅན་ནི་སྒྲ་དང་འབྲེལ་པར་འགྱུར་ཏེ། གཟུགས་བརྙན་པ་དེ་ཡང་ལྡོག་པ་རྟོགས་པའི་འབྲས་བུ་ཡིན་གྱི། རང་གི་ངོ་བོ་རྟོགས་པའི་ནི་མ་ཡིན་ཏེ། གཟུགས་ བརྙན་གྱི་ངོ་བོ་ཉིད་དོན་ལ་མེད་པའི་ཕྱིར་དང་། ལྡོག་པ་ཡང་ཡོད་པའི་ཕྱིར་རོ། །འོན་ཀྱང་གཞན་ལས་ལྡོག་པ་ཐ་དད་པ་མ་ཡིན་ཏེ། འོ་ན་ཡང་རྟོག་པས་གསལ་བའི་ཐ་སྙད་གདགས་པའི་ཕྱིར་ཡིན་ནོ། །གལ་ཏེ་རང་གི་མཚན་ཉིད་དམ་རིགས་ལ་བརྡ་མི་བྱེད་ཅེ་ན། སྨྲས་པ། གཞན་དུ་ མཐོང་མེད་ལ་ལྟོས་ཕྱིར། །ལ་ལར་དེ་མཐོང་ལ་ལྟོས་ཕྱིར། །གཞན་སེལ་སྒྲ་ལ་འབྲེལ་འགྱུར་གྱི། །དེ་ནི་དངོས་ལ་མི་རུང་ངོ་། །ཞེས་བྱ་བ་ལ། སྒྲ་ནི་རིགས་མི་མཐུན་པ་གཞན་ལ་མ་མཐོང་བའི་ཕྱིར་དང་། རིགས་མཐུན་པ་ལ་ལ་ལ་སྒྲ་དེ་མཐོང་བ་ལ་ལྟོས་པའི་ཕྱིར། གཞན་སེལ་བ་ཉིད་སྒྲ་ལ་འབྲེལ་ པ་ཡིན་ནོ་ཞེས་ཤེས་པར་འགྱུར་རོ། །གལ་ཏེ་ཡང་གསལ་བ་ལ་སྒྲ་སྦྱོར་བར་བྱེད་ན་རིགས་མཐུན་པ་ཐམས་ཅད་ལས་མཐོང་བ་མེད་པར་ཐལ་བར་འགྱུར་རོ། །གལ་ཏེ་སྤྱི་ལ་སྒྲ་སྦྱོར་བར་བྱེད་ན་གཞན་དུ་མ་མཐོང་བ་ལ་ལྟོས་པར་མི་འགྱུར་རོ། །གལ་ཏེ་མ་བཟུང་བ་དང་ཐ་དད་པ་ཅན་དང་འབྲེལ་པའི་རིགས་ཀྱི་ རྟོགས་པར་བྱ་བའི་ཕྱིར། རིགས་མི་མཐུན་པ་མ་མཐོང་བ་ལ་ལྟོས་པ་ཡིན་ནོ་ཞེ་ན། དེ་ལྟ་མོད་ཀྱང་རིགས་མི་མཐུན་པ་ལས་ལྡོག་པ་ཉིད་དུ་འགྱུར་བས་རིགས་བརྟགས་པས་ཅི་ཞིག་དགོས། གསལ་བ་ཉིད་ནི་རིགས་མི་མཐུན་པ་ལ་ལོག་པར་རྟོགས་པར་བྱའི། རིགས་ཀྱིས་ཅི་ཞིག །འོན་ཏེ་ངེས་པའི་ཁྱད་ པར་ཅན་གྱི་གསལ་བ་མི་ཤེས་སོ་ཞེ་ན། གསལ་བར་རྟོག་པ་མེད་ན་རིགས་ངེས་པར་གྱུར་པས་ཅི་ཞིག་བྱ། འོན་ཏེ་སྒྲའི་ཤེས་པར་གྱུར་པའི་རིགས་ཀྱིས་དོན་བྱ་བ་བྱེད་པའི་ཕྱིར་གསལ་བ་ཁོང་དུ་ཆུད་པར་བྱེད་དོ་ཞེ་ན། འདིར་དང་པོ་ནི་རིགས་ཡིན་ལ་ཕྱིས་ནི་གསལ་བར་རིགས་ཀྱི་གཉིས་སུ་ཤེས་ སམ། འོན་ཏེ་ཤེས་པ་ཉིད་ལ་དང་པོ་ནི་བ་ལང་ཙམ་ཤེས་ལ་ཕྱིས་ནི་ནག་མོ་ལ་སོགས་པར་ཤེས་པ་ཡིན་གྲང་ན། ཚིག་འདི་ནི་བཅུད་མེད་པ་ཡིན་ཏེ། བ་ལང་གི་སྒྲར་སྣང་བ་ན་ནག་མོ་ལ་སོགས་པའི་བྱེ་བྲག་ཤེས་པ་མ་ཡིན་ཏེ། འཇིག་རྟེན་པའི་ཐ་སྙད་དང་འགལ་བ་ཡིན་ནོ། །དེ་བས་ན་ཁྱད་པར་ མེད་པ་ཙམ་དུ་ཤེས་པ་ཡིན་ཏེ། དེ་ནི་སྤྱི་ཡིན་གྱི་རིགས་རྟོགས་པས་ཁྱད་པར་མཚོན་པར་ནི་རིགས་པ་མ་ཡིན་ནོ། །འོན་ཏེ་གདོན་མི་ཟ་བར་ཁྱད་པར་འགའ་ཞིག་ཡོད་པའི་ཕྱིར་མཚོན་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། འདི་ལ་བརྗོད་པ་མི་འཇུག་པའི་ཕྱིར་ཏེ། དེ་ལ་རང་གི་མཚན་ ཉིད་ཡོད་པའམ་མེད་པར་སྒྲུབ་པའི་ཚད་མ་ཡོད་པ་མ་ཡིན་ནོ། །མཚོན་པར་བྱེད་པའི་རིགས་ཀྱང་སྒྲ་ལས་བྱུང་བའི་ཤེས་པ་ལ་སྣང་བ་མ་ཡིན་ཏེ། དེའི་ཕྱིར་རྟོགས་པ་ཉིད་དངོས་པོ་ལ་རེག་པ་མེད་པར་སྒྲས་བསྐྱེད་པ་ཡིན་ནོ། །འོ་ན་གལ་ཏེ་བློ་ཉིད་ཁྱད་པར་མེད་པ་ཅན་གྱི་ཡུལ་ཅན་སྒྲ་ལས་སྐྱེས་པ་ ཡིན་ན་གཞན་སེལ་བ་ཉིད་ཇི་ལྟར་སྒྲའི་བརྗོད་པར་བྱ་བར་འགྱུར་ཞེ་ན། གཞན་སྤོང་བས་འཇུག་པའི་ཕྱིར་གཞན་སེལ་བའི་ཡུལ་ཅན་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །མཐོང་བ་དང་མ་མཐོང་བ་ལ་ལྟོས་པ་དེ་ནི་རིགས་སམ་གསལ་བའི་དངོས་པོ་བརྗོད་པར་བྱ་བར་མི་རུང་ངོ་། །སྒྲ་ནི་ཉེ་བར་མཚོན་པ་སྟེ། རྟགས་ལ་ཡང་འབྲེལ་པར་ནི་གཞན་སེལ་བ་ཡིན་ནོ་ཞེས་བསམ་པར་བྱའོ། །དེའི་ཕྱིར་རིགས་སོགས་དེ་ལྡན་དག །དོན་ལའང་ཡོད་མིན་དེ་ལའང་སྒྲ། །མི་སྦྱོར་གཞན་ལ་ལྡོག་པ་ལ། །སྒྲ་རྣམས་ཉིད་ནི་སྦྱོར་ཕྱིར་རོ། །ཞེས་བྱ་བ་ལ། དེའི་ཕྱིར་ཏེ་རིགས་ལ་སོགས་པ་ཐ་དད་པ་མ་མཐོང་ བའི་ཕྱིར་དང་། རྗེས་སུ་དཔག་པ་མེད་པའི་ཕྱིར། ཕྱི་རོལ་གྱི་དོན་ལ་རིགས་ལ་སོགས་པ་ཡོད་པ་མ་ཡིན་ལ། རིགས་ལ་སོགས་པ་དེ་རྣམས་ལ་འབྲེལ་པ་ཡང་ཡོད་པ་མ་ཡིན་ཏེ། དམིགས་པའི་རིག་བྱར་གྱུར་པ་ལས་མི་དམིགས་པའི་ཕྱིར་རོ། །རིགས་ལ་སོགས་པ་དེ་རྣམས་ལ་ཡང་སྒྲ་ སྦྱོར་བར་མི་བྱེད་དེ། གཞན་ལས་ལྡོག་པ་ཉིད་ལ་སྒྲ་རྣམས་སྦྱོར་བའི་ཕྱིར་རོ། །དེ་བས་ན་རིགས་ལ་སོགས་པ་དང་འབྲེལ་པ་སྦྱོར་བ་ནི་མ་ཡིན་ནོ། །འོན་ཏེ་མིག་གི་ཤེས་པ་ལ་རྫས་དང་སྦྱོར་བ་ཡོད་དེ་དབྱུག་པ་ལ་སོགས་པའི་ཁྱད་པར་ཐ་དད་པར་མཐོང་བའི་ཕྱིར་རོ། །ཇི་ལྟར་སྒྲ་དང་ སྦྱོར་བ་ཡང་མངོན་སུམ་གྱིས་བཟློག་པར་མི་ནུས་ཏེ། བརྡའི་དུས་ན་རྫས་ལས་ཐ་དད་པར་སྒྲར་སྣང་བ་ཡོད་པ་ཡིན་ནོ། །འོ་ན་ད་ནི་དེ་ལ་སྒྲ་ཡོད་པ་མ་ཡིན་ནོ། །དེ་ལ་གལ་ཏེ་དེའི་སྒྲ་མེད་པ་དེ་ལྟ་ན་ཡང་དྲན་པས་གཞག་པའི་བརྡའི་དུས་སུ་མཐོང་བའི་སྒྲ་ཡིས་དངོས་པོ་བཅད་ནས་འདི་ནི་བ་ ལང་ཡིན་ནོ་ཞེས་མཐོང་བར་འགྱུར་རོ། །དེ་བས་ན་རྟོག་པ་མེད་པའི་མངོན་སུམ་དུ་ཇི་ལྟར་འགྱུར་ཞེ་ན། སྨྲས་པ། བརྡ་དྲན་པ་ཡི་རྒྱུ་ཅན་གྱིས། །མཐོང་བ་བསྲེས་པའི་བདག་ཉིད་ཅན། །སྔ་ཕྱིར་རྟོགས་པས་སྟེང་བ་ཡིས། །མིག་ཤེས་ལ་དེ་ཇི་ལྟར་ཡོད། །ཅེས་བྱ་བ་ལ། རྫས་ལ་སྦྱོར་བ་ མེད་པའི་ཕྱིར། །རྣམ་པ་གཉིས་སུ་སྣང་བ་ནི་ཡོད་པ་མ་ཡིན་ནོ། །འོན་ཏེ་རྣམ་པ་གཉིས་ཉིད་དབྱུག་པ་ཅན་དུ་རྟོག་པས་ཤེས་པ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། རྟོག་པ་མེད་པའི་ཤེས་པ་ལ་ཡང་དབྱུག་པ་དང་སྐྱེས་བུའི་རྣམ་པ་སྣང་བའི་ཕྱིར། དབྱུག་པ་དང་སྐྱེས་བུ་དག་རྣམ་པར་རྟོག་པས་ཤེས་ པར་ཇི་ལྟར་འགྱུར། འོན་ཏེ་དབྱུག་པ་དང་སྐྱེས་བུའི་རྣམ་པ་མངོན་དུ་བྱེད་པ་རྟོག་པ་ཡིན་ནོ་ཞེ་ན། འོ་ན་རྣམ་པ་གཉིས་མངོན་སུམ་དུ་བྱེད་པའི་རྟོག་པར་གལ་ཏེ་བྱེད་ན་ནི། དེའི་ཚེ་འདོད་པ་ཉིད་དེ་གནོད་པ་ཅི་ཡང་མེད་དོ། །འོན་ཏེ་དབྱུག་པ་དང་སྐྱེས་བུ་དག་ལྡན་པར་སྣང་བ་དེས་ན་སྦྱོར་བ་ཡིན་ནོ་ཞེ་ན། ལྡན་པ་གལ་ཏེ་དབྱུག་པ་དང་སྐྱེས་བུ་དག་ལས་ཐ་དད་པར་སྣང་བ་མ་ཡིན་ནམ། དེ་ལྟ་ན་ནི་ལྡན་པ་དེ་ཡང་རང་གི་ངོ་བོ་ཉིད་ཀྱིས་སྣང་བའི་ཕྱིར་ཅི་ཞིག་སྦྱོར་བ་ཡིན། ལྡན་པ་ནི་ཐ་དད་པ་ནི་མ་ཡིན་ཏེ་མི་སྣང་བའི་ཕྱིར་རོ། །དབྱུག་པ་དང་སྐྱེས་བུ་གཉིས་དེ་ལྟ་བུར་གྱུར་པར་སྐྱེ་བ་མཐོང་བའི་ཡུལ་ཡིན་གྱི། ལྡན་ པ་ནི་མ་ཡིན་ནོ། །འོན་ཏེ་གང་ཐ་དད་པར་ཡོད་པ་དེ་ནི་དེ་ལྟར་ལྡན་པ་ཞེས་བྱ་བར་ཤེས་པས་ལྡན་པ་ཡོད་པ་ཡིན་ནོ་ཞེ་ན། དེ་ལྟ་མོད་ཀྱི་སྔར་གྱི་ཐ་དད་པའི་གནས་སྐབས་དྲན་ན་ལྡན་པ་རྟོགས་ཀྱི་དབང་པོ་ལས་སྐྱེས་པ་མ་ཡིན་ཏེ། སྔ་ཕྱིའི་དངོས་པོ་ལ་དབང་པོ་རྣམས་འཇུག་པ་ནི་མ་ཡིན་པའི་ཕྱིར་རོ། ། གཞན་ཡང་ལྡན་པ་ཡོད་ན་ཡང་ལག་པས་གཟུང་བའི་དབྱུག་པ་ཉིད་ཀྱིས་དབྱུག་པ་ཅན་གྱིས་ཐ་སྙད་དུ་འགྱུར་བའི་ཕྱིར་སྔར་བྱས་པའི་བརྡ་གང་ཡིན་པ་དེའི་རྒྱུ་ཅན་དུ་དབྱུག་པ་ཅན་ཞེས་བྱ་བའི་ལྡན་པ་ཡིན་པ་དེ་བཞིན་དུ། སྒྲ་སྦྱོར་བ་ཡང་བརྡ་ལས་སྐྱེས་པ་སྟེ། འདི་ལྟར་འདི་བ་ལང་ཡིན་ནོ་ཞེས་བྱ་བ་ བ་ལང་གི་སྒྲའི་བརྗོད་པར་བྱ་བ་འདི་ཡིན་ཞེས་བྱ་བའི་དོན་ཏེ། བ་ལང་གི་སྒྲས་འདི་ཤེས་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །བ་ལང་གི་སྒྲའི་བརྗོད་པར་བྱ་བ་ཡང་བརྡ་ཡིས་ཤེས་པ་ཡིན་ཏེ། བརྡ་ནི་འདས་པའི་དུས་ན་ཡོད་པ་ཡིན་པའི་ཕྱིར། བརྡ་དྲན་པ་དེ་ཉིད་ཀྱི་ཐབས་གང་ལ་ཡོད་པའི་རྫས་ ཀྱི་ཁྱད་པར་ཅན་དང་སྒྲའི་ཁྱད་པར་ཅན་འཛིན་པ་དེ་དེ་ལྟ་བུའོ། །བརྡའི་དུས་དང་ཐ་སྙད་ཀྱི་དུས་ན་མཐོང་བའི་འདྲེས་པ་འདི་ནི་བ་ལང་དེ་ཡིན་ན་ཞེས་གཅིག་ཏུ་བྱེད་པའི་བདག་གང་ལ་ཡོད་པ་དེ་རྫས་དང་སྒྲའི་ཁྱད་པར་ཅན་འཛིན་པ་མིག་གིས་ཤེས་པར་ཇི་ལྟར་འགྱུར་ཏེ་མ་ཡིན་ནོ། །ཇི་ ལྟ་བུའི་ཞིག་ཅེ་ན། སྔ་མ་དང་ཕྱི་མར་རྟོག་པ་དེ་ཡིས་སྟོང་པའོ། །དེས་ནི་གཏན་ཚིགས་བསྟན་ཏེ། མིག་གི་ཤེས་པ་ནི་རྟོག་པ་མེད་པ་ཉིད་དེ་སྔ་མ་དང་ཕྱི་མར་རྟོག་པས་སྟོང་པའི་ཕྱིར་རོ། །འདི་ལྟར་ད་ལྟར་བྱུང་བའི་དུས་དང་འབྲེལ་པའི་དོན་ལ་དབང་པོ་རྣམས་འཇུག་གི་འདས་པ་དང་། མ་འོངས་པ་ ལ་མ་ཡིན་ནོ། །མངོན་སུམ་གྱིས་ཤེས་པ་ནི་དབང་པོ་ལ་བརྟེན་པའི་དོན་ཅན་ཡིན་ནོ། །འོན་ཏེ་འདས་པ་དང་མ་འོངས་པ་དག་ལ་དབང་པོ་འཇུག་པ་ཡང་བརྡ་ལས་ཡིན་ནོ་ཞེ་ན། མ་ཡིན་ཏེ། མ་འོངས་པ་ཡང་དེ་ལ་སྔར་སྣང་བར་འགྱུར་རོ། །འོན་ཏེ་སྔར་སྒྲའི་བརྗོད་པར་བྱ་བ་ཤེས་པ་གང་ཡིན་པ་དེ་ རྟོགས་པ་ཡིན་ནོ་ཞེ་ན། སྒྲའི་བརྗོད་པར་བྱ་བ་རྟོགས་པ་ཡང་ཐ་སྙད་ཀྱི་དུས་སུ་རྟོགས་པ་མ་ཡིན་པ་མ་ཡིན་ནམ། འོན་ཏེ་རྗོད་པར་བྱེད་པའི་སྒྲ་དྲན་པ་ལས་དེའི་བརྗོད་པར་བྱ་བ་རྟོགས་པ་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་དྲན་པ་ཉིད་བརྗོད་པར་བྱ་བ་ཉིད་དུ་རྟོགས་པར་འགྱུར་བ་མ་ཡིན་ནམ། འོན་ཏེ་དྲན་པར་གྱུར་ པས་བ་ལང་གི་སྒྲའི་བརྗོད་པར་བྱ་བ་དང་ལྷན་ཅིག་སྣང་བའི་རྣམ་པ་མངོན་སུམ་གྱིས་ཤེས་པ་ཡིན་ནོ་ཞེ་ན། དྲན་པའི་ཚད་མ་མ་ཡིན་པ་མ་ཡིན་ནམ། དེས་གཞག་པ་གང་ཡིན་པ་དེ་ནི་ཡོད་པ་མ་ཡིན་ཏེ། འདི་ལྟར་དངོས་པོ་ནུབ་པར་གྱུར་ཀྱང་དྲན་པས་གཞག་པའི་གཟུགས་སྣང་བར་འགྱུར་ རོ། །དེའི་ཕྱིར་དྲན་པར་གྱུར་པའི་དོན་དང་ལྷན་ཅིག་པ་ལ་མངོན་སུམ་འཇུག་པ་ནི་མེད་པ་ཡིན་ནོ། །འོན་ཏེ་དངོས་པོ་གཞན་མཐོང་བ་ན་ཐ་དད་པའི་ཡུལ་ཅན་དེ་དྲན་པ་མི་བདེན་པ་ཡིན་གྱི་ཐ་མི་དད་པའི་ཡུལ་ཅན་དེ་ཉིད་འདི་ཡིན་ནོ་ཞེས་དྲན་པ་ནི་བདེན་པ་ཡིན་ཏེ། དོན་གྱི་བྱ་བ་བྱེད་པ་ཡིན་ནོ་ ཞེས་སེམས་པ་དང་། དེའི་སྒྲ་ཡིན་ནོ་སྙམ་སེམས་པ་ནི་མངོན་སུམ་མ་ཡིན་ནོ་ཞེ་ན། སྔར་མཐོང་བའི་དོན་བྱེད་པ་དྲན་པ་དང་། དོན་བྱེད་པ་དང་རྗོད་པར་བྱེད་པའི་སྒྲ་ལ་མངོན་སུམ་འཇུག་པ་ནི་མ་ཡིན་ནོ། །གཞན་ཡང་གལ་ཏེ་དོན་བྱེད་པ་དེ་འདིར་མཐོང་བ་དེ་ལྟ་ན་ནི་སྔར་མཐོང་བ་ཉིད་ཀྱི་དངོས་ པོར་ཇི་ལྟར་འགྱུར་ཏེ། དེ་ཉིད་ཀྱིས་དོན་བྱ་བ་བྱེད་པ་ཡིན་ནོ་ཞེས་བྱ་བར་ངེས་པ་མེད་པའི་ཕྱིར་རོ། །འོན་ཏེ་མཚམས་སྦྱོར་བས་མཚུངས་པ་ཡིན་ནོ་ཞེས་མཐོང་བ་ཡིན་ནོ་ཞེ་ན། གལ་ཏེ་སྔ་མ་དང་ཕྱི་མ་དག་ལ་གཅིག་པ་ཉིད་མེད་ན་ཇི་ལྟར་མཚམས་སྦྱོར་བར་འགྱུར་ཞིང་། མཚམས་སྦྱོར་བར་བྱེད་པ་ཡང་སུ་ ཞིག་ཡིན། མཚམས་སྦྱོར་བར་བྱེད་པ་དང་མཚམས་སྦྱོར་བར་བྱ་བའི་ཡུལ་ལ་གཅིག་པ་ཉིད་མེད་པར་གྱུར་ན་ནི་ངོ་ཤེས་པ་མེད་པར་འགྱུར་ཞེ་ན། དྲན་པ་དང་མཐོང་བ་ལས་ཐ་དད་པའི་མཚམས་སྦྱོར་བ་གཞན་མེད་པའི་ཕྱིར་དང་། མཐོང་བས་ཀྱང་སྔ་མ་དང་ཕྱི་མ་མཚམས་སྦྱོར་བ་མ་ཡིན་ཏེ། ཉེ་བ་ཙམ་ ཞིག་འཛིན་པའི་ཕྱིར་རོ། །འོན་ཏེ་ཉེ་བར་མཐོང་བ་མཚམས་སྦྱོར་བ་བདག་ཡིན་ནོ་ཞེ་ན། བདག་གིས་ཀྱང་མཐོང་བའི་སྟོབས་ཀྱིས་དོན་ཉམས་སུ་མྱོང་བ་ཡིན་གྱི། རང་རྒྱུད་པ་ནི་མ་ཡིན་ཏེ། གཉིད་ལོག་པའི་གནས་སྐབས་ན་མི་འཛིན་པའི་ཕྱིར་རོ། །མཐོང་བ་ཡང་དབང་པོ་ལ་བརྟེན་པ་ཡིན་ལ། དབང་པོ་ཡང་སྔ་མ་དང་ཕྱི་མར་འཇུག་པ་ནི་མ་ཡིན་ནོ། །འོན་ཏེ་དབང་པོའི་རྗེས་སུ་འབྲང་བ་ཅན་གྱི་ཤེས་པ་སྔ་མ་དང་ཕྱི་མའི་དངོས་པོར་འཇུག་གོ་ཞེ་ན། འོ་ན་ནི་དེ་ལྟར་དབང་པོ་ལ་བརྟེན་པ་ཉིད་དུ་ཤེས་པ་མི་འཐད་དེ། གལ་ཏེ་གང་དུ་དབང་པོ་འཇུག་པ་དང་ལྡན་པ་དེར་མངོན་སུམ་འཇུག་པར་འགྱུར་ན། དེའི་ཚེ་དབང་པོའི་རྗེས་སུ་འབྲང་བ་ཡིན་གྱི་གཞན་ནི་མ་ཡིན་ནོ། །དེ་བས་ན་དབང་པོ་ལས་སྐྱེས་པའི་ཤེས་པ་ནི་ཉེ་བ་ཙམ་ཞིག་སྣང་བ་ཡིན་གྱི། སྔ་མ་དང་ཕྱི་མར་རྟོག་པ་ནི་མ་ཡིན་པའི་ཕྱིར། བརྡ་དྲན་པ་ལ་ལྟོས་པའི་སྐྱེ་བ་དང་། ཐ་དད་པ་ཉིད་ཡིན་པའི་ཕྱིར་རྟོག་པ་མེད་པ་ཉེ་བ་ཙམ་ཞིག་ འཛིན་པར་གྲུབ་པོ། །འོན་ཏེ་རིག་པ་ཐམས་ཅད་ནི་རྟོག་པ་དང་བཅས་པར་ཉམས་སུ་མྱོང་བ་ཡིན་ནོ་ཞེ་ན་བརྡ་འཛིན་པ་མེད་ན་སྒྲའི་རྣམ་པ་ཉམས་སུ་མྱོང་བ་ཅན་མ་ཡིན་ཏེ། དེ་ནི་རྟོག་པ་མེད་པ་མ་ཡིན་ནམ། དེ་ནི་མི་རིགས་ཏེ། གལ་ཏེ་ཁྱད་པར་ཅན་གྱི་སྒྲའི་རྣམ་པ་བརྡ་མེད་པར་མི་སྣང་བ་དེ་ལྟ་ན་ ཡང་ཅི་ཡང་རུང་བ་རྗོད་པར་བྱེད་པའི་སྤྱིའི་རྣམ་པ་དང་ལྡན་པ་ཉིད་ཀྱིས་རིག་པ་ཉམས་སུ་མྱོང་བའི་ཕྱིར་རྟོག་པ་མེད་པའི་ཐ་སྙད་མི་རུང་བའི་ཕྱིར་རོ། །གཞན་ཡང་གལ་ཏེ་ཐམས་ཅད་དུ་སྒྲ་སྦྱོར་བ་མེད་པ་དེ་ལྟ་ན་ཡང་ཤེས་པ་རྟོག་པ་མེད་པ་མ་ཡིན་ཏེ། ཡུལ་དང་དུས་ལ་སོགས་པ་གཅོད་པར་ བྱེད་པ་ཐམས་ཅད་དུ་སྣང་བའི་ཕྱིར་རོ།། །།ཚད་མ་རྣམ་འགྲེལ་གྱི་འགྲེལ་པ། བམ་པོ་དགུ་པ། ཡུལ་ལ་སོགས་པ་དང་བྲལ་བའི་དངོས་པོ་ནི་ནམ་ཡང་རྟོགས་པ་མ་ཡིན་པའི་ཕྱིར་རོ་ཞེ་ན། འདིར་སྨྲས་པ། གཞན་དུ་སེམས་པ་ཅན་གྱིས་ཡང་། ། མིག་གིས་གཟུགས་དག་མཐོང་བར་འགྱུར། །དེ་བརྡ་མི་འཛིན་དེ་ཡི་ཚེ། །གསལ་བའི་ངེས་བསྐྱེད་རྟོགས་པ་ཡིན། །ཞེས་བྱ་བ་ལ། གཞན་དུ་དེ་ཡུལ་གཞན་ལ་འཇུག་པའི་སེམས་པ་གང་ལ་ཡོད་པའི་སྐྱེས་བུ་དེ་ཡང་མིག་གི་རྒྱུ་མཚན་གྱིས་བ་ལང་གི་གཟུགས་མདུན་ན་གནས་པ་ མཐོང་བར་འགྱུར་ཏེ། བ་ལང་གི་གཟུགས་གསལ་བ་སྟེ་སྣང་བར་གྱུར་པ་བ་ལང་དེ་ལ་བརྡ་མི་འཛིན་པ་ཉིད་དུ་གསལ་བར་ཤེས་པར་བྱ་སྟེ། རྟའི་ཡུལ་ལ་ཡང་བརྡ་བཟུང་བའི་ཕྱིར་རོ། །བརྡ་དེ་ལས་སྐྱེས་པ་ནི་རྟོག་པ་ཡིན་པར་འདོད་དོ། །གལ་ཏེ་ཡང་ཤེས་པ་ཐམས་ཅད་བརྗོད་པ་དང་བཅས་ པ་ཉིད་དུ་སྐྱེ་བ་དེ་ལྟ་ན་ནི་རྟར་རྟོག་པའི་དུས་སུ་བ་ལང་མཐོང་བར་ཇི་ལྟར་འགྱུར་ཏེ། རྟོག་པ་གཉིས་ཅིག་ཅར་སྐྱེ་བ་ནི་མ