Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 183

Văn bản gốc(Tây Tạng)

Trang 1 / 19 (50.000 ký tự/trang)
༄༅༅། །ཚད་མ་རྣམ་འགྲེལ་གྱི་འགྲེལ་པ་ལས་ལེའུ་གསུམ་པ། བམ་པོ་དང་པོ། ད་ལྟར་ཚད་མའི་མཚན་ཉིད་ཐུན་མོང་བ་བཤད་ནས། ད་ནི་དེའི་དབྱེ་བ་བསྟན་པའི་ཕྱིར།
མངོན་སུམ་དང་ནི་རྗེས་དཔག་གིས། །ཚད་མ་གཉིས་ཏེ་འདྲ་བདག་ཉིད། །ཅེས་བྱ་བ་གསུངས་ཏེ། སླུ་བ་མེད་པའི་ཕྱིར་ཚད་མའོ། །སླུ་བ་མེད་པ་ཉིད་ཀྱང་དོན་ལས་སྐྱེས་པས་དོན་ལ་མི་འཁྲུལ་བའི་
ཕྱིར་རོ། །ཇི་སྟེ་དོན་ལ་མི་སླུ་བ་ཉིད་ཀྱང་ཇི་ལྟར་ཤེས་པར་བྱ་ཞིང་། མངོན་སུམ་དང་རྗེས་སུ་དཔག་པ་གཉིས་ཚད་མར་འགྱུར་གྱི་སྒྲ་ལས་བྱུང་བ་ལ་སོགས་པ་མ་ཡིན་ཞེ་ན། ཚད་མ་ནི་མངོན་སུམ་དང་རྗེས་
སུ་དཔག་པ་ཁོ་ན་སྟེ། འདིས་ནི་འཇིག་རྟེན་རྒྱང་པན་པའི་འདོད་པ་བཀག་པར་འགྱུར་རོ། །དེ་བས་ན་རྗེས་སུ་དཔག་པས་འཇིག་རྟེན་ཕ་རོལ་དང་ཐམས་ཅད་མཁྱེན་པ་གྲུབ་པར་ངེས་པས་དེའི་དོན་དུ་དང་པོ་ཚད་
མའི་དབྱེ་བ་བརྗོད་དོ། །ཚད་མ་གཞན་མེད་པར་ངེས་པར་གྱུར་ན་ཚད་མ་གཉིས་ཁོ་ན་ཞེས་ངེས་པར་གཟུང་བར་རིགས་ཀྱི། གཞན་དུ་ནི་མ་ཡིན་ཏེ། ཚད་མ་གཞན་འགེགས་པ་ཡང་མངོན་སུམ་དང་

རྗེས་སུ་དཔག་པ་དག་གིས་ཡིན་ནམ། ཡང་ན་ཚད་མ་གཞན་ལས་ཡིན་གྲང་ན། དེ་ལ་ཕྱོགས་དང་པོ་འཛིན་པ་དེ་ལྟ་ན་ནི་ཚད་མ་གཞན་ཁེགས་པར་ངེས་ན་ཚད་མ་གཉིས་སུ་གྲུབ་ལ། ཚད་མ་གཉིས་སུ་
གྲུབ་ན་ནི་ཚད་མ་གཞན་མེད་པར་ངེས་པའི་ཕྱིར་གཅིག་ལ་གཅིག་བརྟེན་པའི་ཉེས་པར་འགྱུར་རོ། །འོན་ཏེ་ཕྱོགས་གཉིས་པ་ཡིན་པ་དེའི་ཚེ་ཚད་མ་གཉིས་སུ་མི་འགྱུར་ཏེ། ཚད་མ་གཞན་མེད་པ་སྒྲུབ་པར་བྱེད་པའི་ཚད་མ་གཞན་
པོ་ཉིད་ཡོད་པའི་ཕྱིར་མ་ཡིན་ནམ་ཞེ་ན། དེ་བསལ་བར་བྱ་བའི་ཕྱིར་རྣམ་འགྲེལ་མཛད་པས། གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས། །དོན་བྱེད་ནུས་དང་མི་ནུས་ཕྱིར། །སྐྲ་ཤད་ལ་སོགས་དོན་མིན་ཏེ། །དོན་དུ་མོས་
པ་མེད་ཕྱིར་རོ། །ཞེས་བྱ་བ་སྨོས་ཏེ། མངོན་སུམ་དང་རྗེས་སུ་དཔག་པའི་བྱེ་བྲག་གིས་ཚད་མ་ནི་རྣམ་པ་གཉིས་ཁོ་ནར་རྟོགས་པར་བྱ་སྟེ། རྟོགས་པ་སྤྱི་དང་ཁྱད་པར་གྱི་ཚུལ་ཅན་ཡིན་པའི་ཕྱིར། དེ་ལས་གཞན་དུ་
རྟོགས་པའི་རྣམ་པ་མེད་པའི་ཕྱིར་རོ། །དེས་ན་སྤྱི་དང་ཁྱད་པར་གྱི་རྣམ་པ་ཁོང་དུ་ཆུད་པ་ཉིད་རིག་པས་ཤེས་པ་ནི། ཚད་མ་གཞན་མི་དམིགས་པའི་ཕྱིར། དེ་འགེགས་པའི་སྒྲུབ་བྱེད་ཡིན་པ་དེ་བས་ན་ཚད་མ་གཞན་དང་

ལྡན་པ་མ་ཡིན་ནོ། །འོན་ཏེ་གཞལ་བྱའི་རང་བཞིན་གཅིག་ཡིན་པའི་ཕྱིར་ཇི་ལྟར་ཡུལ་རྣམ་པ་གཉིས་ཡིན་ཏེ། རང་གི་མཚན་ཉིད་གཅིག་གཞལ་བྱ་ཞེས་འཆད་པར་འགྱུར་བའི་ཕྱིར་རོ་ཞེ་ན། འདིར་སྨྲས་པ། ཡུལ་གཅིག་ཉིད་ཡིན་ཡང་ཤེས་པའི་རྣམ་པ་གཉིས་ཀྱི་ཕྱིར་དེ་ནི་རྣམ་པ་གཉིས་
ཡིན་ཞིང་། ཉམས་སུ་མྱོང་བ་ཐ་དད་པས་ཐ་དད་པའི་ཕྱིར་ཚད་མ་ཐ་དད་པར་འགྱུར་རོ། །འོན་ཏེ་ཉམས་སུ་མྱོང་བ་ཐ་དད་པའི་བྱེ་བྲག་གིས་ཇི་ལྟར་ཡུལ་ཐ་དད་དེ། གཞན་ཐ་དད་པས་གཞན་ཐ་དད་པ་མ་ཡིན་པའི་ཕྱིར་མ་ཡིན་ནམ། རྟ་ཐ་དད་པས་བ་དཀར་པོ་ཐ་དད་པ་ནི་མ་ཡིན་ཏེ་འབྲེལ་
པ་མེད་པའི་ཕྱིར་རོ། །ཉམས་སུ་མྱོང་བའི་ཡུལ་ཡིན་ཡང་མ་འབྲེལ་བའི་ཕྱིར་རོ་ཞེ་ན། དེ་ལྟར་ནི་རིགས་པ་མ་ཡིན་ཏེ། འདི་ལྟར་དངོས་པོ་ཐམས་ཅད་ཀྱི་ཡོད་པའི་ཐ་སྙད་ནི་ཉམས་སུ་མྱོང་བ་ལ་རག་ལས་པ་སྟེ། རྟོགས་པ་ཐ་དད་པས་ཀྱང་ཡུལ་ཐ་དད་པར་ཤེས་པར་བྱའོ། །གང་གི་
ཚེ་དོན་བྱ་བ་བྱེད་པ་ནི་མངོན་དུ་བྱེད་པའི་མཚན་ཉིད་ཅན་དངོས་པོ་ནུས་པ་ཉིད་ཀྱིས་རྟོགས་པ་དེའི་ཚེ་རང་གི་རང་བཞིན་གྱིས་ཤེས་པར་བྱ་བའི་ཕྱིར་རང་གི་མཚན་ཉིད་དོ། །གང་གི་ཚེ་དངོས་པོ་བརྒྱུད་ནས་ནུས་པ་མེད་པས་རྟོགས་པར་བྱེད་པ་དེའི་ཚེ་ཐུན་མོང་གི་རང་བཞིན་གྱིས་མཚོན་པའི་
ཕྱིར་སྤྱིའི་མཚན་ཉིད་དོ། །འོན་ཏེ་ཟླ་བ་གཉིས་ལ་སོགས་པ་ནུས་པ་མེད་པ་ཉིད་ཀྱིས་རྟོགས་པར་བྱེད་པའི་ཕྱིར། སྤྱི་རུ་འགྱུར་རོ་ཞེ་ན། མ་ཡིན་ཏེ། སྐྲ་ཤད་ལ་སོགས་པ་རབ་རིབ་ཅན་གྱིས་མཐོང་བ་དང་། སྐྲ་ལས་དམིགས་པའི་དོན་མངོན་དུའམ་བརྒྱུད་ནས་ནུས་པ་ཉིད་ཀྱིས་མི་
རྟོགས་པའི་ཕྱིར་ཏེ། དོན་དུ་མོས་པ་མེད་པའི་ཕྱིར་རོ། །དོན་དུ་མེད་པར་ཡང་གནོད་པ་ཅན་གྱི་ཚད་མས་བཞག་པའོ། །འདིས་ཀྱང་གཞལ་བྱ་གཉིས་ཡིན་ཏེ། །འདྲ་དང་མི་འདྲ་ཉིད་ཕྱིར་དང་། །སྒྲ་ཡི་ཡུལ་དང་ཡུལ་མིན་ཕྱིར། །རྒྱུ་མཚན་གཞན་ནི་ཡོད་པ་ན། །བློ་ནི་ཡོད་དང་མེད་
ཕྱིར་རོ། །ཞེས་བྱ་བ་ལ། གང་ཡང་ཇི་ཞིག་ལྟར་འདྲ་བའི་རང་བཞིན་གྱིས་རྟོགས་པ་དེ་ནི་སྤྱིའི་མཚན་ཉིད་ཡིན་ལ། གང་མི་འདྲ་བའི་རང་བཞིན་གྱིས་ཁོང་དུ་ཆུད་པ་དེ་ནི་རང་གི་མཚན་ཉིད་དོ། །འོ་ན་བ་ལང་ལ་སོགས་པ་མདུན་ན་གནས་པ་ཐུན་མོང་དུ་རྟོགས་པ་དེ་ཅི་སྤྱིའི་མཚན་ཉིད་མ་

ཡིན་ནམ། དེ་བཞིན་དུ་དཔེས་ཤེས་པར་གྱུར་པ་འདི་ནི་བ་མེན་ཡིན་ནོ་སྙམ་པ་དེ་ཡང་སྤྱི་ཡིན་པར་འགྱུར་རོ་ཞེ་ན། དེ་ནི་མི་བདེན་ཏེ། འདྲ་བའི་རང་བཞིན་གྱིས་གང་ཁོ་ན་རྟོགས་པ་དེ་ནི་སྤྱི་ཡིན་གྱི། བ་མེན་ལ་སོགས་པ་ལ་ནི་ཁྱད་པར་ཤེས་པའོ། །འོན་ཏེ་འདྲ་
བའི་རང་བཞིན་གྱིས་སྣང་བ་ཉིད་ཡིན་གྱི། བ་མེན་གྱི་གཟུགས་ཐ་དད་པས་ནི་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ། འདྲ་བར་མི་ཤེས་པའི་ཕྱིར་རོ། །འོ་ན་ཇི་ལྟར་བ་མེན་འདི་ནི་བ་ལང་ལྟ་བུའོ་སྙམ་དུ་ཤེས་ཤེ་ན། ལྷག་པར་ཞེན་ཀྱང་འདྲ་བ་ལོག་པར་འཛིན་པ་མེད་པ་མ་ཡིན་ནམ། མདུན་ན་གནས་
པའི་བ་མེན་མཐོང་བ་མ་གཏོགས་པར་འདྲ་བ་ཤེས་པ་གཞན་མེད་དེ། དེ་བས་ན་བ་མེན་ལས་ཐ་དད་པའི་འདྲ་བ་ཉམས་སུ་མ་མྱོང་བའི་ཕྱིར་དམིགས་པ་མེད་པ་ཅན་ཉིད་འདྲ་བར་རྟོགས་པའོ། །རྗེས་སུ་དཔག་པ་ལ་ནི་དཔེ་དང་ཐུན་མོང་བ་མི་གསལ་བའི་ཡུལ་སྣང་བ་ཡིན་པའི་ཕྱིར།
དེའི་ཕྱིར་དེའི་ཡུལ་འདྲ་བ་ཉིད་ཡིན་ནོ། །དེ་ལྟ་ན་བརྡའི་དུས་སུ་མཐོང་བ་དྲན་པ་ཡང་སྒྲའི་ཡུལ་ཡིན་པས་སྤྱི་ཚད་མའི་ཡིན་པར་འགྱུར་བ་མ་ཡིན་ནམ་ཞེ་ན། འདི་ལ་ནི་དོན་མིན་ཏེ། དོན་དུ་མོས་པ་མེད་ཕྱིར་རོ། །ཞེས་པས་ལན་བཏབ་ཟིན་ཏོ། །སྒྲའི་ཡུལ་ནི་སྤྱིའི་མཚན་ཉིད་ཡིན་
ལ། ཡུལ་མ་ཡིན་པ་ནི་རང་གི་མཚན་ཉིད་མ་ཡིན་ནམ། འོ་ན་གལ་ཏེ་སྒྲའི་ཡུལ་སྤྱི་ཡིན་ན་ནི་སྒྲ་ཀུན་ཚད་མར་འགྱུར་ཏེ་སྤྱིའི་ཡུལ་ཅན་ཡིན་པའི་ཕྱིར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། གཞན་གྱི་དོན་གྱི་རྗེས་སུ་དཔག་པའི་སྒྲ་གང་ཡིན་པ་དེའི་ཡུལ་ནི་སྤྱི་ཡིན་ལ། སྒྲའི་ཡུལ་ནི་སྤྱི་ཉིད་དོ་ཞེས་
ངེས་པར་གཟུང་བར་མི་རུང་སྟེ། འོན་ཀྱང་སྒྲའི་ཡུལ་ཉིད་སྤྱི་ཡིན་ཞིང་། སྒྲའི་ཡུལ་མ་ཡིན་པ་ནི་སྤྱི་མ་ཡིན་ནོ། །ཞེས་ངེས་པར་བྱའོ། །དེ་བཞིན་དུ་སྒྲའི་ཡུལ་མ་ཡིན་པ་ནི་རང་གི་མཚན་ཉིད་ཁོ་ན་མ་ཡིན་ཏེ། འོན་ཀྱང་སྒྲའི་ཡུལ་མ་ཡིན་པ་ཉིད་རང་གི་མཚན་ཉིད་དོ་ཞེས་བྱ་བའི་དོན་འདོད་
པར་བྱའོ། །དེ་བས་ན་སྒྲའི་ཡུལ་ཁ་ཅིག་ནི་སྤྱི་ཡིན་ལ། ལ་ལ་ནི་དོན་མེད་པའོ། །དེ་བཞིན་དུ་སྒྲའི་ཡུལ་མ་ཡིན་པ་ཡང་ཁ་ཅིག་ནི་རང་གི་མཚན་ཉིད་ཡིན་ལ། ལ་ལ་ནི་དོན་མེད་པའོ། །གཞན་ཡང་ཡུལ་ལས་གཞན་པའི་རྒྱུ་བརྡ་དང་ཡིད་ལ་བྱེད་པ་ལ་སོགས་པ་རྣམས་ཡོད་

ན། གང་ལ་བློ་ཡོད་པ་དེ་ནི་སྤྱི་ཡིན་ཏེ། ཡང་གང་ན་མིག་ལ་སོགས་པའི་རྒྱུ་གཞན་ཡོད་ཀྱང་བློ་མེད་པ་དེ་ནི་རང་གི་མཚན་ཉིད་དོ། །ངེས་པ་ནི་སྔ་མ་བཞིན་དུ་བརྗོད་པར་བྱའོ། །ཡང་ན་མིག་ལ་སོགས་པའི་རྒྱུ་གཞན་རྣམས་ཡོད་ན་ཤེས་བྱ་གང་ལ་བློ་ཡོད་པ་དེ་ནི་རང་གི་མཚན་ཉིད་ཡིན་ལ། གང་
ལ་རྒྱུ་གཞན་རྣམས་ཡོད་ཀྱང་བློ་མེད་པ་དེ་ནི་སྤྱིའི་མཚན་ཉིད་དེ། དོན་མངོན་དུ་བྱེད་པས་ཤེས་པར་མི་ནུས་པའི་ཕྱིར་སྣང་དུ་རུང་བ་མ་ཡིན་ནོ། །དེ་ལ་རང་གི་རང་བཞིན་གྱིས་ཤེས་པས་རང་གི་མཚན་ཉིད་ཡིན་ལ། གཞན་ནི་སྤྱིའི་མཚན་ཉིད་དེ་ལྐོག་ཏུ་གྱུར་པའོ། །དེ་ལྟར་ཡིན་དུ་ཆུག་ན་
མངོན་སུམ་དང་ལྐོག་ཏུ་གྱུར་པའི་མཚན་ཉིད་ཅན་གྱི་ཡུལ་དབྱེ་བ་ཚད་མ་གང་གིས་ཤེས་ཏེ། མངོན་སུམ་གྱིས་ཤེས་སམ། ཡང་ན་རྗེས་སུ་དཔག་པས་ན། །ཚད་མ་གཞན་གྱིས་ཡིན་གྲང་ན། །དེ་ལ་གལ་ཏེ་ཚད་མ་གཞན་གྱིས་ཡུལ་གཉིས་ཤེས་ན་ནི་རྒྱུ་དང་འགལ་བ་སྟེ། ཡུལ་སྒྲུབ་
པའི་ཚད་མ་གསུམ་པ་ཡོད་པའི་ཕྱིར་རོ། །འོན་ཏེ་ཚད་མ་གཉིས་ཀྱིས་ཡུལ་གཉིས་སྒྲུབ་པ་ཡིན་ན་དེའི་ཚེ། གཞལ་བྱ་གཉིས་ཀྱིས་ཚད་མ་གཉིས་དང་། ཚད་མ་གཉིས་ཀྱིས་ཀྱང་གཞལ་བྱ་གཉིས་སྒྲུབ་པའི་ཕྱིར་གསལ་བར་ཕན་ཚུན་རྟེན་པའི་ཉེས་པར་འགྱུར་རོ། །འོན་ཏེ་རྗེས་སུ་དཔག་
པས་ཡུལ་ཐ་དད་པར་སྒྲུབ་ན་ལྐོག་ཏུ་གྱུར་པ་ཇི་ལྟར་དཔོག་སྟེ། རྗེས་སུ་དཔག་པ་དེ་ནི་མངོན་སུམ་སྔོན་དུ་འགྲོ་བ་ཡིན་པའི་ཕྱིར་རོ། །ལྐོག་ཏུ་གྱུར་པ་ལ་མངོན་སུམ་འཇུག་པ་མ་ཡིན་ལ། འཇུག་ན་ནི་རྗེས་སུ་དཔག་པ་དོན་མེད་པར་འགྱུར་རོ། །གལ་ཏེ་ཡང་མངོན་སུམ་ལྐོག་ཏུ་གྱུར་པ་
ལ་འཇུག་ན་ཇི་ལྟར་ལྐོག་ཏུ་གྱུར་པ་ཡིན་ཏེ། མངོན་སུམ་ལོག་པ་ཉིད་ཀྱི་དངོས་པོ་ནི་ལྐོག་ཏུ་གྱུར་པ་ཡིན་པའི་ཕྱིར་རོ། །ལྐོག་ཏུ་གྱུར་པ་ལ་མངོན་སུམ་མི་འཇུག་པས་དེས་དེ་ཤེས་ན་ནི་འགལ་བར་བརྗོད་པར་བྱའོ། །དེའི་ཕྱིར་མངོན་སུམ་གྱི་ཡུལ་ནི་མངོན་སུམ་གྱིས་ཉམས་སུ་མྱོང་བས་
ལྐོག་ཏུ་གྱུར་པ་ལ་ཚད་མ་མེད་པའི་ཕྱིར། གཞལ་བྱ་གཉིས་རྟོགས་པ་མེད་དོ། །དེ་བས་ན་ཡུལ་གཉིས་མ་གྲུབ་ན་ཇི་ལྟར་སྒྲུབ་བྱེད་ཡིན། གཞན་ཡང་གལ་ཏེ་ཡུལ་གཉིས་ཡིན་པ་དེ་ལྟ་ན་ཡང་ཚད་མ་གཉིས་སུ་ཇི་ལྟར་འགྱུར་ཏེ། འདི་ལྟར། འབྲེལ་པ་མ་གྲུབ་པར་རྟགས་ངེས་པར་

བྱེད་པ་ནི་མ་ཡིན་ལ། འབྲེལ་པ་ཉམས་སུ་མྱོང་བ་ཡང་མངོན་སུམ་གྱི་ཚད་མ་ལས་སྐྱེས་པ་མ་ཡིན་ཏེ། གཉིས་ཉིད་ནི་སྤྱི་ཡིན་པས་ཇི་ལྟར་མངོན་སུམ་གྱིས་ཤེས་པར་འགྱུར། ཚད་མ་གཉིས་སུ་མ་གྲུབ་པར་ཡང་དེས་ཇི་ལྟར་ཚད་མ་གཉིས་སུ་འཐད་པ་ཡིན། དེའི་
ཕྱིར་མ་ངེས་པ་ཉིད་ཡིན་ནོ་ཞེ་ན། འདིར་སྨྲས་པ། མངོན་སུམ་ཁོ་ན་ཡུལ་གཉིས་གྲུབ་པ་ཡིན་ཏེ། ཤེས་པའི་ཆོས་ནི་ཐུན་མོང་དང་ཐུན་མོང་མ་ཡིན་པར་རྟོགས་པ་ཡིན་པའི་ཕྱིར། ཤེས་པའི་ཆོས་ཀྱང་རང་རིག་པའི་མངོན་སུམ་གྱིས་རྟོགས་པར་བྱའོ། །ཤེས་པ་ནི་རང་བཞིན་ལ་འཁྲུལ་
པར་རིགས་པ་མ་ཡིན་ནོ། །རྟོགས་པ་ཐ་དད་པ་ཉིད་ཡོད་དུ་ཆུག་ན་ཡང་ཚད་མ་ཐ་དད་པར་ཇི་ལྟར་འགྱུར་ཞེ་ན། འཇུག་པ་དང་ལྡོག་པའི་མཚན་ཉིད་ཅན་གྱི་ཐ་སྙད་ལས་ཚད་མར་གྲུབ་པ་སྟེ། དེ་ལྟར་ན་སྤྱིའི་མཚན་ཉིད་བསྟན་པར་བརྗོད་པ་ལ། འདིར་ནི་ཐ་དད་པའི་ཐ་སྙད་ཙམ་བསྒྲུབ་
བྱར་འགྱུར་རོ། །དེ་ལ་གང་དག་མངོན་སུམ་ནི་རྟོག་པ་དང་བཅས་པ་ཉིད་དེ། དཔེར་ན་མེ་འདི་ནི་མངོན་པར་འདོད་པའི་དོན་བྱ་བ་བྱེད་པར་ངེས་པའོ་ཞེས་སྨྲ་བ་དེའི་ངོར་ཚད་མ་གཉིས་པོ་འདི་དག་བསྟན་པར་བྱའོ། །ཤེས་པའི་རྣམ་པ་ཐ་དད་པའི་ཕྱིར་དང་སྣང་བ་ཐ་དད་པའི་ཕྱིར་ཡང་ཕྱི་རོལ་གྱི་
དངོས་པོ་ནི་ཐ་དད་པ་ཡིན་ན། ཅིའི་ཕྱིར་ཚད་མ་ཐ་དད་པ་མ་ཡིན། སྣང་བའི་རང་བཞིན་ཉིད་ཀྱི་དངོས་པོ་ལས་ཡིན་པའི་ཕྱིར་རོ། །དེ་ལ་མེའི་རང་བཞིན་སྲེག་པའི་རྣམ་པ་ཅན་མངོན་སུམ་གྱིས་གྲུབ་པ་སྟེ། མངོན་དུ་བྱེད་པའི་ཕྱིར་རོ། །མེའི་རང་བཞིན་ནི་མངོན་སུམ་སྟེ། གསལ་བར་མྱོང་བའི་
ཕྱིར་རོ། །སྔར་མཐོང་བའི་དོན་བྱེད་པ་ཉིད་དང་འདྲ་བའི་རྣམ་པ་ཅན་ཉིད་ཡིན་པར་ཁོང་དུ་ཆུད་པ་ནི་ལྐོག་ཏུ་གྱུར་པའི་ཕྱིར་རྗེས་སུ་དཔག་པའི་ཡུལ་ཡིན་ནོ། །མངོན་སུམ་ཉིད་མེ་ལ་འཇུག་པར་བྱེད་པ་སྟེ། དེ་ལས་སྐྱེས་པའི་རྗེས་སུ་དཔག་པ་ནི་མ་ཡིན་པའི་ཕྱིར། ཚད་མ་མ་ཡིན་པ་མ་ཡིན་ནམ།
དེ་ལ་ཇི་སྲིད་མངོན་སུམ་དང་ལྷན་ཅིག་པ་ཙམ་གྱིས་ཚད་མ་མ་ཡིན་ཏེ། ལུས་དང་ས་ལ་སོགས་པ་ཡང་ཚད་མར་འགྱུར་བའི་ཕྱིར་རོ་ཞེ་ན། འདིར་སྨྲས་པ། ཐམས་ཅད་དུ་རྒྱུ་དང་འབྲས་བུའི་དངོས་པོར་གནས་པ་ནི་ཡོད་པ་དང་མེད་པའི་རྗེས་སུ་འབྲང་བས་ཏེ། རྗེས་སུ་དཔག་པ་མེད་པར་མངོན་

སུམ་གཅིག་པུས་འཇུག་པ་ནི་མ་ཡིན་ནོ། །དེས་ན་གཉི་ག་ཚད་མ་སྟེ་འཇུག་པར་བྱེད་པའི་ཕྱིར་རོ། །རྗེས་སུ་དཔག་པ་མེད་པར་ཡང་མངོན་སུམ་གཅིག་པུ་གོམས་པ་ཕུལ་དུ་བྱུང་བ་ལས་འཇུག་པར་མཐོང་བ་མ་ཡིན་ནམ། རྟགས་ལས་ངེས་པར་འཛིན་པ་མེད་པའི་ཕྱིར་རོ་ཞེ་ན། འདིར་སྨྲས་པ།
དང་པོ་མངོན་སུམ་གཅིག་པུ་འཇུག་པར་བྱེད་པར་མཐོང་བ་མ་ཡིན་ཏེ། ཤིན་ཏུ་གོམས་པས་འཇུག་པ་ཡོད་དུ་ཆུག་ན་ཡང་། སྔར་རྗེས་སུ་དཔག་པ་མེད་པར་ནམ་ཡང་མངོན་སུམ་འཇུག་པ་མ་ཡིན་པའི་ཕྱིར་རྗེས་སུ་དཔག་པ་ཚད་མ་ཡིན་པར་འཐད་དོ། །གཞན་ཡང་ཇི་ལྟར་གོམས་པ་ཕུལ་
དུ་བྱུང་བའི་ཚེ་རྗེས་སུ་དཔག་པ་མེད་པར་ཡང་མངོན་སུམ་འཇུག་པར་བྱེད་པའི་ཕྱིར་ཚད་མ་མ་ཡིན་པ་དེ་བཞིན་དུ་མངོན་སུམ་མེད་པར་ཡང་དུ་བ་ལས་མེ་ལ་འཇུག་པར་མཐོང་བའི་ཕྱིར་མངོན་སུམ་ཡང་འཇུག་པར་བྱེད་པ་མིན་པར་འགྱུར་རོ། །འོན་ཏེ་རྗེས་སུ་དཔག་པ་ཚད་མ་ཉིད་མ་ཡིན་ནོ་ཞེ་ན།
འཇུག་པར་བྱེད་པ་མཚུངས་པ་མ་ཡིན་ནམ། མངོན་སུམ་ཚད་མ་མ་ཡིན་ལ་རྗེས་སུ་དཔག་པ་མ་ཡིན་ཞེས་ཇི་ལྟར་དཔྱོད་པར་བྱེད། འཇུག་པར་བྱེད་པ་ལས་གཞན་པའི་ཚད་མ་མེད་པའི་ཕྱིར། མངོན་སུམ་དང་རྗེས་སུ་དཔག་པ་གཉི་ག་ཚད་མ་ཉིད་དོ། །གཞན་ཡང་གལ་ཏེ་མངོན་སུམ་
གྱིས་ལྐོག་ཏུ་གྱུར་པའི་སྲེག་པ་ལ་སོགས་པའི་དོན་བྱེད་པ་ཉིད་ཀྱང་གྲུབ་ན། འོ་ན་ནི་ལྐོག་ཏུ་གྱུར་པ་ཐམས་ཅད་མྱོང་བར་འགྱུར་རོ། །དེས་ན་ཐམས་ཅད་ཀྱིས་ཐམས་ཅད་རིག་པར་འགྱུར་རོ། །འོན་ཏེ་མེའི་རང་བཞིན་སྲེག་པ་ལ་སོགས་པའི་བྱ་བ་བྱེད་པ་དང་འབྲེལ་པ་ཡིན་ལ། ལྐོག་ཏུ་གྱུར་
པ་གཞན་ཐམས་ཅད་ལ་ནི་མངོན་སུམ་གྱི་རང་བཞིན་དང་འབྲེལ་པ་མེད་པའི་ཕྱིར་དེ་དག་འཛིན་པ་མ་ཡིན་ནོ་ཞེ་ན། དེ་ལྟ་ཡིན་པས་ན་འབྲེལ་པ་ལས་རྟོགས་པ་ནི་རྗེས་སུ་དཔག་པ་མ་ཡིན་ནམ། འབྲེལ་པ་ལས་རིག་པ་མ་གཏོགས་པའི་རྗེས་སུ་དཔག་པ་གཞན་ནི་ཁོ་བོ་ཡང་མི་འདོད་ལ།
དེས་ན་འདྲ་བའི་ངོ་བོ་ཉིད་ཀྱིས་གང་ཁོང་དུ་ཆུད་པའི་དོན་བྱེད་པ་དེ་ནི་སྤྱིའི་མཚན་ཉིད་ཁོ་ན་སྟེ་མྱོང་བས་གྲུབ་པོ། །དེ་དག་གིས་ནི་འབྲས་བུའི་རྟགས་ཀྱི་ཡུལ་བསྟན་ནས། །སྒྲའི་ཡུལ་ཡང་སྒྲ་ལས་བྱུང་བའི་ཤེས་པས་རྟོགས་པར་བྱ་བ་ཉིད་དེ། སྒྲ་ལས་བྱུང་བའི་ཤེས་པ་དེ་ཉིད་ནི་རང་གི་སྣང་བའི་

ཡུལ་ཡིན་པར་བསྟན་ཏོ། །འདིས་ནི་རང་བཞིན་གྱི་གཏན་ཚིགས་ཀྱི་སྤྱོད་ཡུལ་བསྟན་ཏོ། །དཔེས་བ་ལང་གི་དངོས་པོ་དང་འདྲ་བར་ངེས་པ་སྟེ། བ་ལང་བ་མེན་འདྲ་ཞེས་བྱ་བ་ལྟ་བུའོ། །དེ་ལ་ཡང་ངོ་བོ་ཉིད་མངོན་སུམ་གྱིས་རྟོགས་པར་བྱ་བ་ཉིད་ཡིན་ལ། འདྲ་བ་ནི་
སྒྲ་ལས་བྱུང་བའི་ཤེས་པའི་ཡུལ་ཡིན་ནོ། །འདི་ལྟར་འདི་དང་འདྲ་བ་ནི་བ་ལང་ཡིན་ལ། དེ་དང་འདྲ་བ་ནི་འདིའོ་ཞེས་དོན་གཅིག་ལ་འདྲ་བའི་ཤེས་པ་གཉིས་ལ་དམིགས་པ་སྟེ་མངོན་སུམ་གྱིས་ནི་གཉི་ག་རྟོགས་པར་མི་ནུས་སོ། །དེས་ན་འདྲ་བ་ནི་སྒྲ་ལས་བྱུང་བའི་ཤེས་པའི་ཡུལ་ཉིད་དེ། རང་
བཞིན་གྱིས་གཏན་ཚིགས་ནི་ཐ་སྙད་སྐྱེད་པར་བྱེད་པ་སྟེ། འདི་ནི་འདྲ་བའི་ཐ་སྙད་དུ་རུང་བ་སྟེ། དེའི་རྣམ་པ་མཐོང་བའི་ཕྱིར་རོ། །བ་ལང་དང་བ་མེན་གྱི་རྣམ་པ་ཡང་སྔ་ཕྱིའི་མངོན་སུམ་ཉིད་ཀྱིས་དམིགས་པའོ། །དེ་བས་ན་སྒྲའི་ཡུལ་རང་གི་མཚན་ཉིད་མ་ཡིན་ལ། སྒྲ་བཞིན་དུ་རྟོག་པ་ཡང་
ཤེས་པར་བྱ་སྟེ། རྟོག་པའི་ཡུལ་ཞེས་བྱ་བའི་ཐ་ཚིག་གོ། །རྒྱུ་མཚན་གཞན་ནི་ཡོད་པ་ན། བློ་མེད་པའི་ཕྱིར་ཞེས་བྱ་བས་ནི་མི་དམིགས་པ་སྟོན་པ་སྟེ། གང་ན་དོན་ཡོད་པ་དང་མེད་པ་ན་ཤེས་པ་འཇུག་པ་ལ་ལར་ངེས་པའི་རྣམ་པ་ཅན་གྱི་ཕྱིར་དོན་གཞན་མྱོང་བ་མེད་པར་ཤེས་པར་བྱ་སྟེ། ཐམས་
ཅད་འཛིན་པའི་ཤེས་པ་མ་མཐོང་བའི་ཕྱིར་རོ། །དེ་བས་ན་ཚད་མ་གཉིས་སུ་སྨྲ་བས་སོ་སོར་ངེས་པའི་རྣམ་པ་མྱོང་བ་ཉིད་ལས། དེ་ལས་གཞན་པ་མེད་པར་རྟོགས་སོ། །འདིས་ཀྱང་འདྲ་བ་དང་མི་འདྲ་བ་ལ་སོགས་པ་མངོན་སུམ་དང་ལྐོག་ཏུ་གྱུར་པའི་ཡུལ་དོན་བྱེད་པར་ནུས་པ་དང་མི་ནུས་
པའོ་ཞེས་བྱ་བ་ངེས་པར་བྱེད་དེ། དེ་ནི་ཕྱི་ནས་བསྟན་པར་བྱའོ། །དེ་ལ་གང་ལྐོག་ཏུ་གྱུར་པ་ལ་མངོན་སུམ་གྱི་ཚད་མ་མི་འཇུག་ཅེས་བྱ་བ་སྨྲས་པ་དེ་ལ་བརྗོད་པར་བྱ་སྟེ། མངོན་སུམ་ནི་སོ་སོར་ངེས་པའི་རྣམ་པ་ཅན་ཏེ། དེ་ལས་གཞན་པ་ལྐོག་ཏུ་གྱུར་པར་བསྟན་པ་ཡིན་ནོ། །ལྐོག་ཏུ་གྱུར་པའི་
དོན་མངོན་སུམ་གྱིས་ཤེས་པ་མ་ཡིན་ཡང་ལྐོག་ཏུ་གྱུར་པའི་དོན་ཡོད་པ་སྟེ། དེ་ལ་མངོན་སུམ་འཇུག་པ་ནི་མ་ཡིན་ནོ། །གལ་ཏེ་མངོན་སུམ་ལྐོག་ཏུ་གྱུར་པའི་དོན་ལ་ནི་མི་འཇུག་པ་མ་ཡིན་ནམ། ལྐོག་ཏུ་གྱུར་པ་ཉིད་ཀྱི་ཆོས་དེ་ཇི་ལྟར་རྟོགས་པར་འགྱུར། ལྐོག་ཏུ་གྱུར་པ་རིག་པ་དེའི་རང་བཞིན་ལྐོག་

ཏུ་མ་གྱུར་པ་ཉིད་དུ་རྟོགས་པའི་ཕྱིར་རོ། །གལ་ཏེ་ན་ལྐོག་ཏུ་གྱུར་པ་མངོན་སུམ་གྱིས་མྱོང་བར་གྱུར་ན་ནི་ལྐོག་ཏུ་གྱུར་པ་ཉིད་ནི་ལྐོག་ཏུ་གྱུར་པའི་རང་བཞིན་ཉིད་དུ་མི་འགྱུར་ཏེ། ཐ་དད་པའི་རང་བཞིན་གྱིས་ཆོས་ཉིད་དུ་མི་རུང་བའི་ཕྱིར། དངོས་པོ་དེ་ཉིད་བཞིན་ནོ། །འོན་ཏེ་ལྐོག་ཏུ་གྱུར་པ་དང་འབྲེལ་པས་
དེའི་ཆོས་ལྐོག་ཏུ་གྱུར་པ་ཉིད་ཡིན་ན། དེ་ལྟ་ན་ནི་ལྐོག་ཏུ་གྱུར་པ་མངོན་སུམ་གྱིས་འཛིན་པར་འགྱུར་ཏེ། དེ་བས་ན་ལྐོག་ཏུ་གྱུར་པ་ཉིད་དང་འབྲེལ་པའི་དངོས་པོ་འཛིན་པའི་མངོན་སུམ་གྱིས་གདོན་མི་ཟ་བར་ལྐོག་ཏུ་གྱུར་པའི་དངོས་པོ་ཡང་གཟུང་བར་འགྱུར་བ་དེ་བས་ན་ལྐོག་ཏུ་གྱུར་པའི་དངོས་པོ་ཡང་མངོན་
སུམ་ཉིད་དུ་ཐལ་བར་འགྱུར་རོ། །དེའི་ཕྱིར་རྗེས་སུ་དཔག་པ་འཇུག་པ་མེད་པར་གྱུར་ཏེ། མངོན་སུམ་གྱིས་རིག་པ་ཉིད་རྗེས་སུ་དཔག་པ་མ་ཡིན་པའི་ཕྱིར་རོ་ཞེ་ན། འདིར་སྨྲས་པ། རང་རིག་པའི་མངོན་སུམ་གྱིས་ལྐོག་ཏུ་གྱུར་པ་ཉིད་ཤེས་ལ། ལྐོག་ཏུ་གྱུར་པའི་ཆོས་ཅན་གྱི་དངོས་པོ་ལ་དབང་པོའི་
ཤེས་པ་མི་འཇུག་སྟེ། ཆོས་དང་ཆོས་ཅན་གཉིས་ཤེས་པ་གཅིག་གིས་མི་ཤེས་སོ། །གཉིས་ཤེས་པ་ནི་འབྲེལ་པ་ཅན་ཉིད་རྟོགས་པ་དེ་བས་ན་མངོན་སུམ་གྱིས་ལྐོག་ཏུ་གྱུར་པ་ཉིད་ཤེས་ཀྱང་ངེས་པར་རྗེས་སུ་དཔག་པས་རྟོགས་པའི་ཕྱིར་རྗེས་སུ་དཔག་པ་འཇུག་པ་ཡིན་ནོ། །གཞན་ཡང་སྒྲུབ་
པའི་རང་བཞིན་གྱི་དངོས་པོ་ལས་ཐ་མི་དད་པའི་ཆོས་ནི་དངོས་པོ་འཛིན་པ་མེད་པར་རྟོགས་པར་རིག་པ་མ་ཡིན་ནོ། །དེའི་ཕྱིར་ཆོས་ཅན་དང་ལྷན་ཅིག་ཚད་མ་གཅིག་གི་ཡུལ་དུ་གྱུར་པ་ནི་དངོས་པོའི་ཆོས་སོ། །ལྐོག་ཏུ་གྱུར་པ་ཉིད་ནི་ངེས་པ་མེད་པ་སྟེ། མངོན་སུམ་ནི་ཆོས་ཅན་འཛིན་པ་ལ་
མི་ལྟོས་པ་ཡིན་ནོ། །ལྐོག་ཏུ་གྱུར་པ་ལ་མངོན་སུམ་མི་འཇུག་པ་ཡིན་ནམ། རྗེས་སུ་དཔག་པ་ཇི་ལྟར་འཇུག་ཅེ་ན། འདིར་སྨྲས་པ། རྗེས་སུ་དཔག་པས་ལྐོག་ཏུ་གྱུར་པ་ཉིད་ཀྱི་དངོས་པོ་སྒྲུབ་པ་ནི་མ་ཡིན་ན། གང་གིས་ལྐོག་ཏུ་གྱུར་པ་ལ་མངོན་སུམ་འཇུག་པར་འདོད། འོན་ཀྱང་ལྐོག་ཏུ་གྱུར་
པ་ནི་མི་གསལ་བ་མྱོང་བའི་རང་བཞིན་རང་རིག་པའི་མངོན་སུམ་གྱིས་གྲུབ་པ་ཉིད་དོ་ཞེས་བརྗོད་དོ། །མངོན་སུམ་གྱིས་ལྐོག་ཏུ་གྱུར་པ་ཉིད་གྲུབ་ཀྱང་དོན་བྱེད་པ་ནུས་པའི་སྲེག་པར་ངེས་པ་ཉིད་བསྒྲུབ་པར་བྱའོ། །དེ་ལ་ཡང་དོན་བྱེད་པ་ལ་སྔར་མངོན་སུམ་འཇུག་པ་ཉིད་ཡིན་པ་དེ་བས་ན་ཕྱིས་

རྗེས་སུ་དཔག་པ་འཇུག་པ་ཡིན་ནོ། །གཞན་ཡང་རྗེས་སུ་དཔག་པས་རང་གི་མཚན་ཉིད་མངོན་དུ་བྱེད་མི་ནུས་པ་ནི་ལྐོག་ཏུ་གྱུར་པ་ཉིད་དེ། དེ་ནི་རྗེས་སུ་དཔོག་པའི་ཚེ་ཡིན་ནོ། །དེས་ན་སྔར་མངོན་སུམ་འཇུག་པར་འདོད་པ་ནི་མ་ཡིན་ནོ། །ལྐོག་ཏུ་གྱུར་པ་ཉིད་ལ་ནི་
སུ་ཡང་དོན་དུ་གཉེར་བ་མ་ཡིན་ཏེ། གང་གིས་དེ་ལ་མངོན་སུམ་འཇུག་པར་འགྱུར། དེ་མི་འདོད་ཀྱང་རང་གི་མཚན་ཉིད་ཡིན་ཏེ་མྱོང་བའི་ཕྱིར་རོ། །དེ་དག་གིས་ནི་ཚད་མའི་ངེས་པ་ཡང་བརྗོད་པ་སྟེ། ལྐོག་ཏུ་གྱུར་པའི་དངོས་པོ་ངེས་པར་གྱུར་པས་ཚད་མ་དེ་གྲུབ་པ་ཡིན་ནོ། །ལྐོག་ཏུ་གྱུར་པའི་
དངོས་པོ་དང་འབྲེལ་པ་ཉིད་ཙམ་ལ་ཚད་མ་ཞེས་བརྗོད་དོ། །ལྐོག་ཏུ་གྱུར་པའི་དངོས་པོ་ཡོད་པར་ནི་རྟགས་ལས་ཤེས་པའོ། །འོ་ན་ཡུལ་གཉིས་ཡིན་པས་ཚད་མ་གཉིས་སུ་ཇི་ལྟར་འགྱུར་ཏེ། ཡུལ་ནི་རྒྱུ་ཡིན་ལ་ཚད་མ་གཉིས་ནི་འབྲས་བུ་ཡིན་པས་རྒྱུ་ལས་འབྲས་བུ་ངེས་པ་ནི་མ་ཡིན་ཏེ། འདི་
ལྟར་རྒྱུ་ནི་གདོན་མི་ཟ་བར་འབྲས་བུ་དང་ལྡན་པ་མ་ཡིན་ནོ་ཞེ་ན། འདིར་སྨྲས་པ། གཞལ་བྱ་གཉིས་ཀྱིས་ཚད་མ་གཉིས་སྒྲུབ་པ་ནི་མ་ཡིན་ཏེ། འོན་ཀྱང་ཚོགས་པ་སྲིད་པའི་ཕྱིར་ཚད་མ་གཉིས་ཞེས་བརྗོད་དོ། །ཚོགས་པ་སྲིད་པ་ཡང་འོག་ནས་བཤད་པར་བྱའོ། །ཡུལ་གཉིས་ངེས་པར་
གྲུབ་ན་ཚད་མ་གཉིས་སུ་བསྟན་པར་བྱ་སྟེ། འདི་ལྟར་ཤེས་པ་གང་ཡང་ཡུལ་གཉིས་གྲུབ་པ་དེ་ཁོ་ན་ཚད་མ་ཡིན་གྱི། ཚད་མ་གཅིག་ལས་ཡུལ་གཉིས་གྲུབ་པ་ནི་མ་ཡིན་ནོ་ཞེས་བསྟན་ཏོ། །གང་གི་ཚེ་ཡང་ཚད་མ་གཞན་དགག་པའི་དོན་དུ་ཡུལ་གཉིས་བསྟན་པ་དེའི་ཚེ་ཡུལ་གཞན་མེད་པས་ཚད་མ་
གཞན་ལྡོག་པར་ཁྱབ་པར་བྱེད་པ་མི་དམིགས་པ་བསྒྲུབ་པར་བྱ་སྟེ། ཡུལ་མེད་པའི་ཚད་མ་རིགས་པ་མ་ཡིན་པའི་ཕྱིར་ཏེ། གཞལ་བྱ་རང་གི་ངོ་བོ་ཉིད་དམ་གཞན་གྱི་ངོ་བོ་ཉིད་མེད་པས་ཉམས་སུ་མྱོང་བ་ཉིད་མེད་པའི་ཕྱིར་ཇི་ལྟར་ཚད་མར་འགྱུར། ཡང་ན་ཡུལ་གཉིས་ནི་ཤེས་པ་ལས་ཐ་དད་པ་མ་
ཡིན་ཏེ། གསལ་བ་དང་མི་གསལ་བའི་རྣམ་པ་མྱོང་བ་ལས་མ་གཏོགས་པ་གཞན་ཐ་དད་པའི་གཞལ་བྱ་མེད་པའི་ཕྱིར་རོ། །གང་ཡང་ཕྱི་རོལ་གྱི་རང་གི་མཚན་ཉིད་ནི་གཅིག་པ་ཁོ་ན་སྟེ། དེས་ན་ཡུལ་གཉིས་ཞེས་བྱ་བའི་དོན་ནི་རྣམ་པ་གཉིས་ཞེས་བྱ་བའི་ཐ་ཚིག་གོ། །ཅི་སྟེ་མངོན་སུམ་གྱི་

ཡུལ་ནི་དོན་དམ་པར་ན་སྤྱིའི་མཚན་ཉིད་ཁོ་ན་སྟེ། འདི་ལྟར་རྫས་ལ་སོགས་པ་རྣམས་ཡོད་པ་དང་འབྲེལ་པས་ཡོད་པར་ཁས་ལེན་པ་མ་ཡིན་ནམ། དངོས་པོ་གསུམ་ཡོད་པར་བྱེད་པས་ཡོད་པ་ཞེས་རྗོད་པར་བྱེད་པའི་ཕྱིར་རོ། །རིག་བྱེད་ཀྱི་མཐར་སྨྲ་བ་ན་རེ་ཡོད་པ་ཉིད་དོན་དམ་པ་སྟེ། མངོན་
སུམ་གྱི་ཡུལ་ཡིན་ལ་ཁྱད་པར་ནི་འཁྲུལ་པའོ། །དེའི་ཕྱིར་ཇི་ལྟར་ཁྱད་པར་གྱི་ཡུལ་ཅན་ཡིན་ཞེ་ན། དོན་གྱི་བྱ་བ་བྱེད་ནུས་གང་། །དེ་འདིར་དོན་དམ་ཡོད་པ་སྟེ། །གཞན་ནི་ཀུན་རྫོབ་ཡོད་པ་ཡིན། །དེ་དག་རང་སྤྱིའི་མཚན་ཉིད་བཤད། །ཅེས་བྱ་བ་སྨོས་ཏེ། དོན་བྱ་བ་བྱེད་ནུས་པ་གང་ཡིན་
པ་དེ་ནི་རང་གི་མཚན་ཉིད་ཡིན་པའི་ཕྱིར་དེ་ཉིད་ནི་དོན་དམ་པ་སྟེ་མ་བཅོས་པའི་རང་བཞིན་གྱིས་དངོས་པོར་ཡོད་པའོ། །གང་ཞིག་དོན་བྱེད་མི་ནུས་པ་དེ་ནི་གཞན་ཏེ་ཀུན་རྫོབ་བརྟགས་ནས་ཡོད་པ་ཞེས་བརྗོད་དོ། །དོན་དམ་པ་དང་ཀུན་རྫོབ་ཏུ་ཡོད་པ་དེ་དག་ཁོ་ན་ལ་སློབ་དཔོན་གྱིས་རང་གི་མཚན་
ཉིད་དང་སྤྱིའི་མཚན་ཉིད་དུ་བཤད་དེ། དོན་དམ་པར་ཡོད་པ་ནི་རང་གི་མཚན་ཉིད་ཡིན་ལ། ཀུན་རྫོབ་ཏུ་ཡོད་པ་ནི་སྤྱིའི་མཚན་ཉིད་ཡིན་ནོ་ཞེས་སོ། །ཡོད་པ་དོན་དམ་པ་སྟེ། དེ་དང་འདུ་བས་འབྲེལ་བས་དངོས་པོ་རྣམས་ཡོད་པ་ཞེས་གང་བརྗོད་པ་དེ་དཔྱད་པར་བྱ་སྟེ། ཡོད་པ་དང་འབྲེལ་
པས་ཡོད་པ་མ་ཡིན་ཏེ། ཡོད་པ་ཉིད་མེད་དེ་མི་དམིགས་པའི་ཕྱིར་རོ། །གཞན་ཡང་ཡོད་པ་ཡོད་པ་དང་འབྲེལ་པ་ཡིན་ནམ། ཡོད་པ་དང་འབྲེལ་པས་ཡོད་པ་ཡིན་གྲང་ན། དེ་ལ་ཕྱོགས་དང་པོ་ཡིན་ན་དེའི་ཚེ་ཡོད་པ་དང་འབྲེལ་པ་ལས་སྔོན་རོལ་ཉིད་དུ་ཡོད་པའི་ཕྱིར། ངོ་བོ་ཉིད་ཀྱིས་
ཡོད་པར་འགྱུར་རོ། །འོན་ཏེ་ཕྱོགས་གཉིས་པ་ལ་བརྟེན་པ་དེའི་ཚེ་ཡོད་པ་དང་འབྲེལ་པ་ལས་རི་བོང་གི་རྭ་ལ་སོགས་པ་ཡང་ཡོད་པར་འགྱུར་རོ། །འོན་ཏེ་དོན་བྱེད་པ་དང་བྲལ་བས་ངོ་བོ་ཉིད་ཀྱིས་མེད་པའི་རི་བོང་གི་རྭ་ལ་སོགས་པ་མེད་པ་ཡིན་ན། འོ་ན་ནི་གང་དོན་བྱེད་པ་ཡོད་པ་དེ་ནི་ཡོད་
པའི་ཕྱིར། ཡོད་པའི་མཚན་ཉིད་དོན་བྱེད་པ་ཡིན་པར་འགྱུར་རོ། །གཞན་ཡང་གལ་ཏེ་ཡོད་པ་དང་འབྲེལ་པས་ཡོད་པ་ཡིན་ན། སྤྱི་ལ་སོགས་པ་ནི་ཡོད་པར་མི་འགྱུར་རོ། །འོན་ཏེ་ཡོད་པ་ཡང་ཡོད་པ་གཞན་དང་འབྲེལ་པས་ཡོད་ན་དེ་ལྟ་ན་ནི་ཡོད་པ་གཞན་པོ་ཡང་ཡོད་པ་གཞན་དང་

འབྲེལ་པས་ཡོད་པར་འགྱུར་བའི་ཕྱིར་ཐུག་པ་མེད་པར་འགྱུར་རོ། །འོན་ཏེ་ཡོད་པ་ངོ་བོ་ཉིད་ཀྱིས་ཡོད་ན་ནི། དེ་ལྟ་ན་རང་གི་མཚན་ཉིད་ཀྱང་ངོ་བོ་ཉིད་ཀྱིས་ཡོད་པར་ཅི་སྟེ་ཁས་མི་ལེན། འོན་ཏེ་ཡོད་པ་རྟག་ཅིང་ངོ་བོ་ཉིད་ཀྱིས་ཡོད་པ་ཡིན་ལ། རང་གི་མཚན་ཉིད་ནི་
རྟག་པ་མ་ཡིན་པའི་ཕྱིར་ཡོད་པ་དང་འབྲེལ་པས་ཡོད་པར་ཁས་ལེན་ན། རང་གི་མཚན་ཉིད་འབྲས་བུ་ཡིན་པས་རྒྱུ་ལས་སྐྱེས་པའི་ཕྱིར་ཡོད་པ་ཡིན་ལ། སྤྱིའི་མཚན་ཉིད་ནི་འབྲས་བུ་མ་ཡིན་པའི་ཕྱིར། རྒྱུ་མེད་པ་ཇི་ལྟར་ཡོད་པ་ཡིན། རྒྱུ་མེད་པར་གང་ཡང་ཡོད་པ་མ་ཡིན་ནོ་ཞེས་ལེའུ་དང་པོར་
བསྟན་ཟིན་པ་མ་ཡིན་ནམ། དེའི་ཕྱིར་དོན་གྱི་བྱ་བ་བྱེད་པའི་རང་གི་མཚན་ཉིད་ཁོ་ན་ཡོད་པ་སྟེ། སྤྱིའི་མཚན་ཉིད་ནི་མ་ཡིན་ནོ། །ཡོད་པ་ཉིད་མངོན་སུམ་ལ་སྣང་གི། ཁྱད་པར་ནི་མངོན་སུམ་གྱི་ཡུལ་མ་ཡིན་ནོ་ཞེས་གང་རྗོད་པར་བྱེད་པ་དེ་ལ་སྨྲས་པ། མངོན་སུམ་ལ་སྣང་བ་གང་ཡིན་པ་དེ་ནི་དེའི་
ཡུལ་ཏེ། རང་གི་མཚན་ཉིད་ཁོ་ན་སོ་སོར་ངེས་པར་ཉམས་སུ་མྱོང་བ་ཡིན་གྱི། དེ་ལས་ཐ་དད་པའམ་ཐ་མི་དད་པའི་ཡོད་པ་ནི་མ་ཡིན་ཏེ། དེ་ཉམས་སུ་མ་མྱོང་བར་ཇི་ལྟར་མངོན་སུམ་གྱི་ཡུལ་ཡིན། དེ་བས་ན་མངོན་སུམ་ལ་ཐུན་མོང་མ་ཡིན་པ་དང་དོན་བྱེད་པའི་དངོས་པོ་གང་སྣང་བ་དེ་ཉིད་དོན་དམ་
པར་ཡོད་པ་ཡིན་ལ། སྤྱི་ནི་རྟོགས་པས་སྒྲོ་བཏགས་ཁོ་ནར་ཡོད་པའོ། །དེ་ལྟ་མོད་ཀྱི་དངོས་པོ་དོན་བྱ་བ་བྱེད་ནུས་པ་ཅུང་ཟད་ཀྱང་སྣང་བ་མེད་ན། དེ་ཇི་ལྟར་དོན་བྱེད་ནུས་པ་དངོས་པོའི་མཚན་ཉིད་ཡིན། འདི་ལྟར་རྟག་པའི་མ་ཡིན་ལ། མི་རྟག་པའི་ཡང་མ་ཡིན། ཡུལ་གྱི་ཡང་མ་ཡིན་ཞིང་།
ཤེས་པའི་ཡང་མ་ཡིན་པས། དོན་བྱེད་ནུས་པ་དང་། དོན་བྱ་བ་བྱེད་པ་ནི་མེད་དོ། །དོན་ཡང་མངོན་སུམ་གྱིས་སམ། རྗེས་སུ་དཔག་པས་ཤེས་པ་མ་ཡིན་ནོ། །དེ་ལ་རེ་ཞིག་རྟག་པ་ལ་ནི་དོན་བྱེད་ནུས་པ་མེད་དེ། ཐ་དད་མེད་པའི་ཕྱིར་རོ། །རྟག་པ་ནི་ཁྱབ་པ་སྟེ་འབྲས་བུ་གང་ལ་ཡང་ནུས་
པ་དང་བྲལ་བའི་ཕྱིར་ནུས་པ་མེད་པ་སྟེ། ཧ་ཅང་ཐལ་ཆེས་སོ་ཞེས་ལེའུ་གཉིས་ཀར་བསྟན་ཏོ། །འོན་ཏེ་ཁྱབ་པ་ནུས་པར་མ་གྱུར་མོད་ཀྱི། མ་ཁྱབ་པའི་ཡིན་ནོ་ཞེ་ན་དེ་ནི་མ་ཡིན་ཏེ། ཡུལ་ཐམས་ཅད་ལ་མ་ཁྱབ་ན་རྟག་པ་ཡོད་པར་ཇི་ལྟར་ཤེས། མ་རྟོགས་པས་སོ་ཞེ་ན། འོ་ན་རྟག་པ་

ཉིད་ཀྱི་དངོས་པོ་མི་འགྱུར་རོ། །ཇི་ལྟར་དངོས་པོ་ཡུལ་ཐམས་ཅད་དུ་ཁྱབ་པ་ཉིད་མ་ཤེས་པའི་ཕྱིར་དེ་ལྟར་དུས་ཐམས་ཅད་དང་འབྲེལ་པ་ཅན་ཉིད་དུ་ཡང་མི་ཤེས་པས་ཇི་ལྟར་རྟག་པ་ཡིན། དངོས་པོ་མི་རྟག་པའི་ཡང་སྐད་ཅིག་མ་ཉིད་ཀྱིས་ཇི་ལྟར་དོན་བྱེད་དེ། འདི་ལྟར་སྐད་ཅིག་ཙམ་ཡོད་
པར་གནས་ཀྱི་བྱེད་པ་མེད་དོ། །འོ་ན་དེ་སྐད་ཅིག་མའི་དེ་མ་ཐག་པའི་དངོས་པོ་གཞན་ནུས་པར་བརྗོད་ན་ནི་དེའི་རྗེས་ཐོགས་སུ་དངོས་པོ་གཞན་ཡོད་པ་ཡིན་ཡང་དེའི་འབྲས་བུ་མ་ཡིན་པར་འགྱུར་བ་མ་ཡིན་ནམ། ཇི་ལྟར་དངོས་པོ་ཐམས་ཅད་ཀྱི་སྐད་ཅིག་རྣམས་ནི་ཕྱི་མའི་དངོས་པོ་ཀུན་
ལ་ལྟོས་ནས་སྔ་མ་ཉིད་དེ། དེ་ནས་སྔ་མར་གྱུར་པ་ཙམ་གྱིས་ནུས་པ་ཡིན་ན་ཐམས་ཅད་དུ་རྒྱུ་དང་འབྲས་བུའི་དངོས་པོར་འགྱུར་རོ། །འོན་ཏེ་སོ་སོར་ངེས་པའི་དངོས་པོ་ཡོད་ན་དངོས་པོ་གཞན་སྐྱེ་བས་ཐལ་ཆེས་པ་མེད་དོ་ཞེ་ན། སྐད་ཅིག་མའི་འབྲས་བུ་ནི་དངོས་པོ་སྔ་མ་མེད་ན་ཕྱིས་
འབྱུང་བའི་དོགས་པ་ཅི་ལྟར་ཡོད་དེ། དེའི་ཚེ་ཉིད་དེ་ཡོད་པའི་ཕྱིར་ལ། གཞན་གྱི་ཚེ་ནི་ནམ་ཡང་མེད་པའི་ཕྱིར་རོ། །འོན་ཏེ་རྒྱུན་ལ་རྒྱུ་དང་འབྲས་བུ་འཇོག་པ་དེ་བས་ཐལ་ཆེས་པ་མེད་དོ་ཞེ་ན། མ་ཡིན་ཏེ། སྐད་ཅིག་མ་མ་གཏོགས་པའི་རྒྱུན་མེད་པའི་ཕྱིར་རོ། །འོན་ཏེ་རྒྱུན་ནི་མེད་པ་ཡིན་
ན་ནི་དེའི་ཚེ་རྒྱུ་དང་འབྲས་བུའི་དངོས་པོ་དེ་ཉིད་ལ་ཡིན་པར་འགྱུར་ལ། སྐད་ཅིག་མ་རྣམས་ནི་ནུས་པ་མེད་པའི་ཕྱིར་མེད་པར་ཐལ་བར་འགྱུར་རོ། །འོན་ཏེ་སྐད་ཅིག་མ་དང་འབྲེལ་པའི་རྒྱུན་ལ་རྒྱུ་དང་འབྲས་བུའི་དངོས་པོ་ཡོད་པས་དེ་དག་ལ་ཡང་རྒྱུན་དང་འབྲས་བུ་ཡོད་དོ་ཞེ་ན། མ་ཡིན་ཏེ།
རྒྱུན་ཐ་དད་པ་ལ་རྒྱུ་དང་འབྲས་བུ་ཡོད་པས་གཞན་ལ་ནི་མེད་དེ་འབྲེལ་པ་མེད་པའི་ཕྱིར་རོ། །རྒྱུན་ཡང་སྐད་ཅིག་མ་རྣམས་ཀྱི་ཁོངས་སུ་འདུས་པའི་ཕྱིར། ཐམས་ཅད་ཀྱི་འབྲས་བུར་འགྱུར་རོ། །རྒྱུན་ཡང་རྟག་པ་ཡིན་ན་འབྲས་བུ་མ་ཡིན་པར་འགྱུར་ཏེ། ཐ་དད་པ་མེད་པའི་ཕྱིར་རོ། །སྐད་ཅིག་
མ་ཡིན་ན་ཡང་བྱེད་པ་མེད་པས་སྐྱེད་པར་བྱེད་པ་མ་ཡིན་པའི་ཕྱིར་སྔར་བརྗོད་པའི་སྐྱོན་ཡོད་པ་ཡིན་ནོ། །གཞན་ཡང་རྒྱུན་ལ་འབྲས་བུ་ཉིད་དུ་འཇོག་ན་སྐད་ཅིག་མ་ཉིད་རྒྱུན་གཞན་དུ་ཐལ་བར་འགྱུར་རོ། །དེ་ཡང་སྐད་ཅིག་མ་ཡིན་པས་རྒྱུ་གཞན་ཡོད་པར་འགྱུར་བའི་ཕྱིར་ཐུག་པ་མེད་པར་འགྱུར་རོ། །

གཞན་ཡང་གལ་ཏེ་ཤེས་པ་ལས་ཐ་དད་པའི་འབྲས་བུ་ཡིན་པས་རྒྱུ་ཡོད་པ་ཡིན་ན། དེའི་ཚེ་དོན་བྱེད་པ་ཡང་རྒྱུ་གཞན་ལས་ཡོད་པའི་ཕྱིར། ཐུག་པ་མེད་པར་འགྱུར་རོ། །དེའི་ཕྱིར་དང་པོའི་རྒྱུ་ཇི་ལྟར་ཡོད་པ་ཡིན། ཤེས་པས་ནི་ཐམས་ཅད་ཡོད་པར་རིགས་ཏེ། འོན་ཀྱང་
ཤེས་པ་ལ་ནི་ཤེས་བྱ་དང་འབྲེལ་པ་མི་རྟོགས་པའི་ཕྱིར། ཇི་ལྟར་ཤེས་པ་ལས་ཤེས་བྱ་རྣམ་པར་གཞག་པར་བྱ། གཞན་ཡང་ཤེས་པས་དངོས་པོ་དག་རྒྱུ་དང་འབྲས་བུའི་དངོས་པོར་རྟོགས་པར་མི་འགྱུར་ཏེ། མདུན་ན་གནས་པ་ཉིད་ཀྱི་གཉི་ག་མི་འཛིན་པའི་ཕྱིར་རོ། །ཤེས་པའི་
སྐྱེད་པ་དེ། འོན་ཀྱང་ཤེས་པ་འདི་ཉིད་ཀྱིས་ཤེས་སམ། འོན་ཏེ་ཤེས་པ་གཞན་གྱིས་ཡིན་གྲང་ན། དེ་ལ་རེ་ཞིག་ཤེས་པ་གཞན་གྱིས་ཤེས་པ་འབྲས་བུ་ཉིད་དུ་ཤེས་པ་ནི་མ་ཡིན་ཏེ། ཤེས་པ་རང་གི་རིག་པའི་རང་བཞིན་ཡིན་པའི་ཕྱིར་རོ། །ཤེས་པ་དེ་ཉིད་ཀྱིས་མངོན་སུམ་དུ་གྱུར་པས་
འབྲས་བུ་ཉིད་དུ་རྟོགས་པ་ནི་མ་ཡིན་ཏེ། མངོན་སུམ་སྔོན་དུ་མི་འཇུག་པའི་ཕྱིར་རོ། །འཇུག་ན་ཡང་ཤེས་པ་དེ་ཉིད་ཀྱི་འབྲས་བུར་འགྱུར་ཏེ། དེ་ཡང་སྔར་འཇུག་པ་ནི་མ་ཡིན་ནོ། །ཡང་སྔར་འཇུག་པ་ན་ཡང་ཐུག་པ་མེད་པར་འགྱུར་བས་ཇི་ལྟར་འབྲས་བུ་ཉིད་ཡིན། ཅི་སྟེ་རྒྱུ་དང་འབྲས་བུ་
ཉིད་དུས་མཚུངས་པ་ཉིད་ཡིན་ཞེ་ན། དེ་ལྟ་ན་འོ་ན་ནི་བུམ་པ་དང་སྣམ་བུ་ཡང་རྒྱུ་དང་འབྲས་བུ་ཉིད་དུ་འགྱུར་རོ། །འོན་ཏེ་བུམ་པ་མེད་པར་སྣམ་བུ་མཐོང་བའི་ཕྱིར་དེ་ལ་འབྲས་བུ་ཉིད་མེད་དོ་ཞེ་ན། འོ་ན་ནི་ཤེས་པ་ཡང་རྨི་ལམ་ལ་སོགས་པར་ཤེས་བྱ་དང་བྲལ་བ་མཐོང་བའི་ཕྱིར་ཤེས་བྱའི་
འབྲས་བུ་ཉིད་ནི་མ་ཡིན་ནོ། །འོན་ཏེ་འཁྲུལ་པའི་ཤེས་པ་ནི་གཞན་ཉིད་དེ། དེས་འཁྲུལ་པ་ནི་མ་ཡིན་ནོ་ཞེ་ན། དེ་ལྟ་ན་སྣམ་བུ་ཡང་བུམ་པ་དང་བྲལ་བར་དམིགས་པས་དེ་ཡང་གཞན་ཉིད་དུ་འགྱུར་རོ། །འོན་ཏེ་སྣམ་བུ་དེ་ཉིད་ཡིན་པར་ངོ་ཤེས་པ་ཡིན་ན་ནི་ཤེས་པ་ཡང་ཤེས་པ་འདི་ཉིད་
དོ་ཞེས་ངོ་ཤེས་པར་མཚུངས་པའི་ཕྱིར། ཤེས་པ་ཐམས་ཅད་གཅིག་པར་འགྱུར་ཞིང་། གལ་ཏེ་ངོ་ཤེས་པ་ཚད་མ་ཡིན་ན་སྣམ་བུ་རྟག་པར་འགྱུར་རོ། །གཅིག་གིས་དངོས་པོ་སྔ་ཕྱིའི་རང་བཞིན་དུ་ཤེས་པ་མ་ཡིན་ཏེ། སྔར་གྱི་ཤེས་པས་སྔ་མ་ཙམ་ཞིག་འཛིན་ལ། ད་ལྟའི་ཤེས་

པས་ཀྱང་ད་ལྟར་བ་མྱོང་བའི་ཕྱིར་དེ་དག་ཉིད་དུ་ཤེས་པ་ནི་མ་ཡིན་ནོ། །དྲན་པ་ནི་སྔ་ཕྱི་དག་ལ་འཇུག་སྟེ། དེ་ཚད་མ་ནི་མ་ཡིན་ནོ། །གཞན་ཡང་སྔ་ཕྱིའི་ཤེས་པ་དག་ཕན་ཚུན་འདྲེ་བ་མེད་ན། དྲན་པ་ཉམས་སུ་མྱོང་བའི་རྗེས་སུ་འབྲངས་པས་གཅིག་པ་ཉིད་ཇི་ལྟར་སྒྲུབ་པ་ཡིན། འོན་
ཏེ་བུམ་པ་ལ་སོགས་པ་གཅིག་པ་ཉིད་དུ་རིག་པ་ནི་བདག་ཡིན་ཞེ་ན། དེ་ལ་གལ་ཏེ་བདག་གཅིག་པུ་ཡིན་དུ་ཆུག་ན་ཡང་ཇི་ལྟར་གཅིག་ཉིད་རིག་པར་བྱེད། དེ་ཡང་མངོན་སུམ་ལ་སོགས་པའི་ཚད་མས་དངོས་པོ་ཤེས་པར་བྱེད་དོ། །འོན་ཏེ་བདག་ཡོད་པའི་ཤེས་པ་ཐམས་ཅད་ཚད་
མའོ་ཞེ་ན། གལ་ཏེ་བདག་ཡོད་དུ་ཆུག་ན་ཡང་གང་སུ་ཡང་རུང་བའི་ཤེས་པ་ཚད་མ་ཡིན་པ་མ་ཡིན་ནམ། དེ་ལྟ་ན་ནི་ཟླ་བ་གཉིས་སུ་མཐོང་བ་ཡང་ཡོད་པ་ཉིད་དུ་འགྱུར་རོ། །དེ་བས་ན་བདག་ཡོད་ཀྱང་མངོན་སུམ་དང་རྗེས་སུ་དཔག་པ་དག་ཉིད་ཚད་མ་ཡིན་ནོ། །དེ་དག་གིས་ཀྱང་རྟག་
པ་ཤེས་པ་ནི་མ་ཡིན་ཏེ། འདི་ལྟར་བདག་ཉིད་དམ། གཞན་གྱི་སྔ་ཕྱིའི་རང་བཞིན་དེའི་བདག་ཉིད་དམ་ཤེས་པ་གཞན་གྱིས་རྟག་པར་ཤེས་པ་ནི་མ་ཡིན་ཏེ། དེ་བས་ན་ཤེས་པའམ་ཤེས་བྱའི་འབྲས་བུ་ཉིད་མི་ཤེས་སོ། །ཤེས་པས་ངོ་བོ་ཉིད་རིག་ཅིང་དེ་ཉིད་གཟུང་བའོ། །དེས་ན་
སྔ་ཕྱིར་མངོན་སུམ་འཇུག་པ་ནི་མ་ཡིན་ནོ། །དེ་མེད་པར་ཡང་རྒྱུ་དང་འབྲས་བུའི་དངོས་པོ་རྟོགས་པར་ཇི་ལྟར་འགྱུར། འོན་ཏེ་རྗེས་སུ་དཔག་པས་རྒྱུ་འབྲས་བུ་ལས་སྔ་མ་ཉིད་དུ་དཔོག་པའམ། རྒྱུ་དཔག་པས་དེ་ལས་འབྲས་བུ་སྐྱེ་བ་ཉིད་དུ་ཤེས་སོ་ཞེ་ན། མངོན་སུམ་གྱིས་རིག་པ་མ་
གཏོགས་པར་རྗེས་སུ་དཔག་པ་སྐྱེ་བ་མ་ཡིན་ནོ་ཞེས་སྔ་མ་ཉིད་དུ་བརྗོད་པ་མ་ཡིན་ནམ། སྔར་གྱི་མངོན་སུམ་ཚད་མ་མ་ཡིན་ན་རྗེས་སུ་དཔག་པ་ཇི་ལྟར་ཚད་མ་ཡིན། འོན་ཏེ་རྒྱུ་སྔ་མ་རྗེས་སུ་དཔག་པས་ཤེས་ནས་ཡང་དཔོག་ན་ནི་དེ་ལྟ་ན་ཐུག་པ་མེད་པར་འགྱུར་རོ། །གཞན་ཡང་ཕྱི་
རོལ་པ་མེད་པའི་ཕྱིར། དེ་ལ་དོན་བྱེད་པའི་ནུས་པ་དང་ལྡན་པས་ནི་མ་ཡིན་ཏེ། ཕྱི་རོལ་པ་ཇི་ལྟར་མེད་པ་དེ་བཞིན་དུ་བསྟན་པར་བྱའོ། །འོན་ཏེ་ཕྱི་རོལ་མེད་ཀྱང་ཤེས་པ་ཉིད་ལ་ཕན་ཚུན་རྒྱུ་དང་འབྲས་བུ་ཡོད་པའི་ཕྱིར། ནུས་པའི་མཚན་ཉིད་དོན་དམ་པར་ཡོད་པ་བརྗོད་པར་བྱའོ་ཞེ་ན།

དེ་ནི་མ་ཡིན་ཏེ། མངོན་སུམ་ནི་རང་རིག་པ་ཙམ་གྱི་ཕྱིར་དེས་ཇི་ལྟར་འབྲས་བུ་ཉིད་དུ་གོ་བར་འགྱུར། གང་གི་ཚེ་འབྲས་བུའི་ཤེས་པ་ཡོད་པ་དེའི་ཚེ་རྒྱུའི་ཤེས་པ་མེད་པས། དེས་ཇི་ལྟར་རྒྱུ་དང་འབྲས་བུའི་དངོས་པོ་རིག་པ་ཡིན། འོན་ཏེ་རྗེས་སུ་དཔག་པས་རྒྱུའི་ཤེས་པ་རྟོགས་
ན་ནི་འོ་ན་ནི་དེ་མེད་པའི་ཕྱིར། དེ་ཇི་ལྟར་རྗེས་སུ་དཔོག་པར་བྱེད། འོན་ཏེ་སྔ་མ་ཉིད་དུ་རྗེས་སུ་དཔག་པས་ཤེས་ཤིང་རང་གི་ངོ་བོ་ཉིད་ནི་རང་རིག་པས་ཤེས་སོ་ཞེ་ན། དེ་ནི་མི་བདེན་ཏེ། སྔ་མ་ཉིད་ནི་ཤེས་པའི་རང་བཞིན་མ་ཡིན་ཏེ། དེ་ལ་མངོན་སུམ་གྱིས་གནོད་པའི་ཕྱིར་ཏེ། འདི་ལྟར་ཇི་སྲིད་ཤེས་
པ་ཉམས་སུ་མྱོང་བ་དེ་སྲིད་དུ་ད་ལྟར་བྱུང་བ་ཉིད་དེ། སྔ་མ་དང་ཕྱི་མ་ཉིད་དུ་ཉམས་སུ་མྱོང་བ་མེད་པའི་ཕྱིར་རོ། །དེ་ལ་དྲན་པ་ཙམ་གྱིས་ཀྱང་འཇུག་པར་བྱེད་དེ་དེ་ཚད་མ་ནི་མ་ཡིན་ནོ། །དྲན་པ་ཡང་དོན་དམ་པར་རང་རིག་པ་ཙམ་ཉིད་ཡིན་པ་དེ་བས་རང་རིག་པ་ལ་ངོ་བོ་ཉིད་མྱོང་བ་ཁོ་ན་སྟེ། དེ་ཇི་ལྟར་
ཕ་རོལ་མི་རིག་པར་དེའི་འབྲས་བུ་གྲུབ་པ་ཡིན་པའི་ཕྱིར་ཤེས་པའམ་ཤེས་བྱ་ལ་དོན་བྱ་བ་བྱེད་པ་ཡོད་པ་མ་ཡིན་ནོ། །གཞན་ཡང་འབྲས་བུ་ཡོད་པ་ལ་རྒྱུ་རིགས་པ་མ་ཡིན་ཞིང་། མེད་པ་ལ་ཡང་མི་རིགས་ཏེ། འདི་ལྟར་གལ་ཏེ་འབྲས་བུ་མེད་པའི་རྒྱུ་ཡིན་ན། རི་བོང་གི་རྭ་ལ་ཡང་རྒྱུ་
ཡོད་པར་འགྱུར་རོ། །འོན་ཏེ་གཏན་མེད་པས་དེ་ལ་རྒྱུ་མེད་ལ། འབྲས་བུ་ནི་སྔ་ན་མེད་པ་སྟེ། ཕྱིས་མེད་པ་ནི་མ་ཡིན་ནོ་ཞེ་ན། འབྲས་བུ་ནི་སྔ་ན་མེད་ལ། ཕྱི་ནས་ཡོད་པར་ཇི་ལྟར་འགྱུར་ཏེ། རི་བོང་གི་རྭ་མེད་ལ་སྔ་ན་མེད་པ་མེད་པའི་ཕྱིར་རོ། །འོན་ཏེ་ཕྱིས་མཐོང་བས་སྔ་ན་མེད་པར་
ཤེས་ན་ནི་དེ་ནི་གཅིག་ལ་གཅིག་བརྟེན་པའོ། །ཇི་སྲིད་སྔ་ན་མེད་པ་མེད་པ་དེ་སྲིད་ཕྱིས་ཀྱི་འབྲས་བུ་མ་ཡིན་ཏེ། ཇི་སྲིད་མ་སྐྱེས་པ་དེ་སྲིད་དུ་སྔ་ན་མེད་པར་ཇི་ལྟར་གནས། རྒྱུ་ལ་འབྲས་བུ་སྟོང་པ་ཉིད་སྔ་ན་མེད་པ་ཡིན་ནོ་ཞེ་ན། འབྲས་བུ་སྟོང་པ་དེ་ནི་རྒྱུ་མེད་པ་ལ་ཡང་ཡོད་པ་མ་ཡིན་
ནམ། དེ་བས་ན་དེ་ལ་ཡང་རྒྱུ་ཡོད་པར་འགྱུར་ཏེ། འདི་ལྟར་སྔ་ན་མེད་པ་དང་འབྲེལ་པས་འབྲས་བུ་ཉིད་ཡིན་ལ། སྔ་ན་མེད་པ་ནི་འབྲས་བུས་སྟོང་པའི་དངོས་པོ་གཞན་ཡིན་ནོ། །འབྲས་བུས་སྟོང་པ་སྟེ། འབྲས་བུ་ལས་ཐ་དད་པ་ཐམས་ཅད་སྔ་ན་མེད་པའི་ངོ་བོར་འགྱུར་རོ། །དེ་དང་

འབྲེལ་པ་ལས་དངོས་པོའི་འབྲས་བུར་གྱུར་པ་ནི་མ་ལུས་པའི་འབྲས་བུ་ཉིད་དུ་འགྱུར་རོ། །འོན་ཏེ་རྗེས་སུ་འགྲོ་བ་དང་ལྡོག་པ་མེད་པས་ཐམས་ཅད་རྒྱུ་མ་ཡིན་ནོ་ཞེ་ན། འདི་ལ་ལན་བཏབ་ཟིན་ཏོ། །སྔ་ན་མེད་པ་ཞེས་བྱ་བ་ནི་མངོན་སུམ་ལ་སོགས་པས་མྱོང་བ་ནི་མ་ཡིན་ཏེ། དངོས་པོ་ཉིད་
མྱོང་བར་བྱེད་དོ། །འོན་ཏེ་དངོས་པོ་ཡོད་པ་ཉིད་ཀྱི་འབྲས་བུ་ཉིད་དེ། ཡོད་པའི་འབྲས་བུ་ལ་རྒྱུའི་བྱ་བ་ཡོད་པའི་ཕྱིར་ཏེ། མེད་པ་ཡུལ་མེད་པ་ཅན་ལ་ནི་ཇི་ལྟར་བྱེད་ཅེ་ན། འོ་ན་གལ་ཏེ་ཡོད་པར་གྱུར་པ་ཉིད་འབྲས་བུ་མ་ཡིན་ཏེ་བྱས་པ་ལ་བྱེད་པ་མེད་པའི་ཕྱིར་རོ། །འོན་ཏེ་མི་གསལ་བ་
གསལ་བར་བྱེད་ན་ནི་དེ་ཡང་མེད་པ་མ་ཡིན་ནམ་ཇི་ལྟར་བྱ་བར་ནུས་པ་ཡིན། འོན་ཏེ་ཡོད་པ་ཡིན་ན་ཡང་དེ་ལ་ཅི་ཞིག་བྱ། འོན་ཏེ་དེ་ཡང་གཞན་གྱིས་གསལ་བར་བྱེད་ན། འོ་ན་ནི་ཐུག་པ་མེད་པར་འགྱུར་རོ། །གཞན་ཡང་རྒྱུ་མེད་པ་ལ་འབྲས་བུ་སྐྱེ་འམ་ཡོད་པ་ལས་ཡིན། དེ་ལ་གལ་
ཏེ་རྒྱུ་མེད་པ་ལས་འབྲས་བུ་འབྱུང་ན། དེའི་ཚེ་ནམ་མཁའི་མེ་ཏོག་ལ་སོགས་པ་ལས་ཀྱང་སྐྱེ་བར་འགྱུར་ཏེ། སྔ་ན་མེད་པ་དང་གཏན་མེད་པ་ལ་བྱེ་བྲག་ཅི་ཞིག་ཡོད། །འོན་ཏེ་ཡོད་པའི་ཕྱིར་རྒྱུའི་དངོས་པོ་ཡིན་ནོ་ཞེ་ན། གང་གི་ཚེ་ཡོད་པ་དེའི་ཚེ་རྒྱུ་མ་ཡིན་ལ། གཞན་གྱི་ཚེ་རྒྱུ་ཡིན་
ནོ་ཞེས་ལེགས་པར་སྨྲས་སོ། །མེད་པའི་དུས་སུ་རྒྱུ་ཉིད་ཡིན་ན་མེད་པ་ཐམས་ཅད་རྒྱུར་འགྱུར་བ་མ་ཡིན་ནམ། ཡོད་པ་དང་མེད་པ་ལ་བྱེད་པ་མ་མཐོང་ངོ་། །ཅི་སྟེ་ཡོད་པ་ལ་བྱེད་པ་ཡོད་པས་རྒྱུ་ཉིད་དུ་འགྱུར་བ་མ་ཡིན་ནམ་ཞེ་ན། འོ་ན་བྱེད་པ་དེ་ཉིད་བྱེད་པ་གཞན་ལས་ཡིན་ནམ། རང་
གི་ངོ་བོ་ཉིད་ལས་ཡིན་གྲང་། དེ་ལ་བྱེད་པ་བྱེད་པ་གཞན་ལས་ཡིན་ན་དེའི་ཚེ། དེ་ཡང་བྱེད་པ་གཞན་སྔོན་དུ་འགྲོ་བའི་ཕྱིར་བྱེད་པའི་རྒྱུན་རིང་པོར་འགྱུར་རོ། །འོན་ཏེ་རང་གི་ངོ་བོ་ཉིད་ཀྱིས་བྱེད་པ་ཡིན་ན། དེའི་ཚེ་འབྲས་བུ་ཡང་རང་གི་ངོ་བོས་རྒྱུར་འགྱུར་བས་བྱེད་པ་གཞན་བརྟགས་ཏེ་ཅི་ཞིག་བྱ། རང་
གི་ངོ་བོ་ཉིད་རྒྱུ་ཡིན་ན་ཐམས་ཅད་ཐམས་ཅད་ཀྱི་རྒྱུར་འགྱུར་རོ་ཞེས་བཤད་དོ། །འོན་ཏེ་རྒྱུ་ཡོད་པ་ཉིད་ལས་འབྲས་བུ་སྐྱེ་ན། འོ་ན་ནི་དུས་མཚུངས་པ་ཉིད་ཀྱི་ཕྱིར། རྒྱུ་དང་འབྲས་བུའི་དངོས་པོ་མེད་དེ། ཀ་བ་དང་བུམ་པ་བཞིན་ནོ་ཞེས་བཤད་དོ། །ཤེས་པའི་རྒྱུ་དོན་ཡིན་པས་རྗེས་སུ་དཔག་པས་

རྟོགས་པ་མ་ཡིན་ནམ་ཞེ་ན། དེ་ནི་མི་བདེན་ཏེ། འདི་ལྟར་གལ་ཏེ་རྗེས་སུ་དཔག་པས་ཁོང་དུ་ཆུད་པའི་སྔར་ཡོད་པ་གྲུབ་ཏུ་ཆུག་ཀྱང་། ཉམས་སུ་མྱོང་བས་དེའི་དངོས་པོ་རྒྱུར་ཇི་ལྟར་ཤེས་ཏེ། རྗེས་སུ་དཔག་པས་གྲུབ་པའི་དངོས་པོ་ནི་མངོན་སུམ་གྱི་རྒྱུར་མི་འགྱུར་
ལ། མངོན་སུམ་གྱིས་མཐོང་བའི་དངོས་པོ་རྗེས་སུ་དཔག་པའི་རྒྱུར་རྟོགས་པ་ནི་རིགས་པ་མ་ཡིན་པའི་ཕྱིར་རོ། །མངོན་དུ་བྱས་པ་ལ་རྗེས་སུ་དཔག་པ་མི་འཇུག་སྟེ། དེའི་ཡུལ་ལྐོག་ཏུ་གྱུར་པའི་ཕྱིར་རོ། །མངོན་སུམ་ཡང་ལྐོག་ཏུ་གྱུར་པ་ལ་མི་འཇུག་སྟེ། ལྐོག་ཏུ་གྱུར་པ་མ་ཡིན་པའི་ཡུལ་
ཅན་ཡིན་པའི་ཕྱིར་རོ། །འོན་ཏེ་མངོན་དུ་བྱས་པ་ཉིད་ལྐོག་ཏུ་གྱུར་པས་ཤེས་པའི་ཕྱིར་ལྐོག་ཏུ་གྱུར་པ་ཡིན་ཞེ་ན། དེ་ནི་མ་ཡིན་ཏེ། གལ་ཏེ་ངོ་བོ་ཉིད་རྟོགས་ན་ནི་ལྐོག་ཏུ་གྱུར་པ་གཞན་ཅི་ཞིག་ཡོད། །འོན་ཏེ་མི་གསལ་བར་སྣང་བའི་རྣམ་པ་ནི་ལྐོག་ཏུ་གྱུར་པ་ཡིན་ན། འོ་ན་མངོན་སུམ་ཉིད་
ལ་མི་གསལ་བར་སྣང་བའི་རྣམ་པ་ཅིའི་ཕྱིར། ཁས་ལེན་པར་མི་བྱེད་དེ། འདི་ལྟར་གསལ་བ་དང་མི་གསལ་བར་སྣང་བའི་རང་བཞིན་གཉིས་མངོན་སུམ་ལ་ཡོད་པ་མ་ཡིན་ནམ། དཔེར་ན་ཀ་བ་ལ་ཚུ་རོལ་གྱི་ཆ་དང་ཕ་རོལ་གྱི་ཆ་མྱོང་བའི་རིམ་གྱིས་མངོན་སུམ་ཉིད་ཡིན་པ་བཞིན་ནོ། །གལ་ཏེ་
ཡང་གསལ་བ་དང་མི་གསལ་བ་གཉིས་ཀྱི་རང་བཞིན་གྱི་དངོས་པོ་མངོན་སུམ་གྱིས་ཅིག་ཅར་མ་མྱོང་ན། དེའི་ཚེ་འཇིག་རྟེན་གསུམ་ན་རང་བཞིན་གཉིས་པ་ཉིད་མེད་པར་འགྱུར་རོ། །འོན་ཏེ་ཁྱད་པར་ཅན་གྱི་དབང་གིས་གསལ་བ་དང་མི་གསལ་བ་ཉིད་ཡིན་ལ། སྔོན་པོ་ཉིད་ནི་དངོས་པོའི་ངོ་བོ་
ཉིད་དོ་ཞེ་ན། འོ་ན་གལ་ཏེ་ཁྱད་པར་ཅན་ཉིད་ཐ་དད་ཀྱི་དངོས་པོ་ལ་མིན་པ་དེ་ལྟ་ན་ནི་དངོས་པོ་མངོན་སུམ་ཉིད་དུ་མི་འགྱུར་ཏེ། གསལ་བ་དང་མི་གསལ་བ་ནི་ཁྱད་པར་ཅན་ལས་གཞན་པ་ཁོ་ནར་མྱོང་བར་སྐྱེ་ལ། སྔོན་པོ་ལ་སོགས་པའི་རང་བཞིན་དེར་མི་སྣང་བའི་ཕྱིར་རོ། །འོན་ཏེ་སྔོན་
པོ་ལ་སོགས་པ་མྱོང་བ་མངོན་སུམ་དུ་བརྗོད་ན། འོ་ན་ནི་རྗེས་སུ་དཔག་པ་ཡང་སྔོན་པོའི་རང་བཞིན་མྱོང་བས་མངོན་སུམ་དུ་འགྱུར་རོ། །འོན་ཏེ་དབང་པོ་དང་སྦྱོར་བ་མེད་པས་རྗེས་སུ་དཔག་པ་མངོན་སུམ་མ་ཡིན་ནོ། །འོ་ན་དབང་པོ་དང་འབྲེལ་པ་ཡང་རྗེས་སུ་དཔག་པ་ལ་ཇི་སྟེ་མེད།

འདི་ལྟར་རྗེས་སུ་དཔག་པ་ནི་དངོས་པོའི་ངོ་བོ་ཉིད་རིག་པ་པོ་ཡིན་པས་དབང་པོ་དང་འབྲེལ་བར་སྟོན་པར་འདོད་དོ། །འོན་ཏེ་དངོས་པོ་མེད་པ་ཉིད་ཀྱིས་རྗེས་སུ་དཔག་པ་ནི་དབང་པོ་དང་སྦྱོར་བ་མེད་དོ་ཞེ་ན། རྗེས་སུ་དཔག་པ་དངོས་པོ་མི་འཛིན་པ་ཡིན་ན་སྣང་བར་ཇི་ལྟར་འགྱུར། གལ་ཏེ་རྗེས་
སུ་དཔག་པ་ལ་སྣང་བའི་དངོས་པོ་མེད་པ་ཉིད་ཡིན་ན་ནི་རྗེས་སུ་དཔག་པ་ཡུལ་མེད་པ་ཅན་དུ་འགྱུར་བ་དེ་བས་ན་རྗེས་སུ་དཔག་པས་རྒྱུ་དང་འབྲས་བུའི་དངོས་པོ་རྟོགས་པ་མེད་དོ། །དེ་ཉིད་ཀྱི་ཕྱིར། ཐམས་ཅད་ནུས་པ་མེད་ཅེ་ན། །ཞེས་བྱ་བ་སྨོས་སོ། །འདི་ལ་ལན་སྨྲས་པ། ས་བོན་སོགས་
ལ་མྱུ་གུ་སོགས་པའི། །ནུས་མཐོང་ཞེས་བྱ་བ་ལ། ས་བོན་ལ་སོགས་པ་ལས་མྱུ་གུ་སྐྱེ་བར་འཇིག་རྟེན་ཐམས་ཅད་ལ་གྲགས་ཏེ་དཔྱད་པ་མེད་པར་སྣང་བ་ཡིན་ནོ། །འདི་ལྟར་སྔོན་པོ་མཐོང་ངོ་ཞེས་རྟོགས་པའི་སྟོབས་ཀྱིས་སྔོན་པོར་རྣམ་པར་འཇོག་པ་དེ་ལྟ་བས་ན་རྒྱུ་དང་འབྲས་བུའི་དངོས་
པོ་མཐོང་བ་ལ་ལྷག་པར་ཞེན་པའོ། །དེས་ན་མྱུ་གུ་ལ་སོགས་པའི་འབྲས་བུ་རྣམས་ཀྱི་ནུས་པ་རྒྱུ་ས་བོན་ལ་སོགས་པ་ལ་མཐོང་བའི་ཕྱིར་ཇི་ལྟར་དེ་མེད་པ་ཡིན། འདིར་བརྗོད་པ་གལ་ཏེ་དེ་ཀུན་རྫོབ་འདོད་ན་ཞེས་བྱ་བ་ལ། འདིར་འདིའི་དོན་ནི་ཚད་མས་དངོས་པོའི་དེ་ཁོ་ན་ཉིད་རྣམ་པར་གཞག་
པ་ལས་མ་གཏོགས་པར་བརྡར་བཏགས་པ་གོམས་པ་ལ་ལྷག་པར་མོས་པའི་ཕྱིར་ཀུན་རྫོབ་ཙམ་སྟེ། མ་བརྟགས་པར་ཤེས་པའི་དོན་ནི་ཀུན་རྫོབ་ཀྱི་དོན་ཏོ། །ཇི་ལྟར་འགའ་ཞིག་ཏུ་སྔོན་པོ་ལ་སོགས་པ་མ་མཐོང་བར་ཡང་མཐོང་བར་མངོན་པའི་ང་རྒྱལ་བྱེད་པ་དེ་ནི་བརྟགས་ན་ལྡོག་པར་འགྱུར་
རོ། །དེ་བཞིན་དུ་འཇིག་རྟེན་པའི་ཐ་སྙད་ཀྱང་དོན་དམ་པ་མ་ཡིན་པའི་ཕྱིར་སྣ་ཚོགས་འདི་ཀུན་རྫོབ་ཙམ་སྟེ། ཚད་མ་མེད་པར་ཤེས་པའི་མངོན་པའི་ང་རྒྱལ་ཙམ་ནི་ཀུན་རྫོབ་བོ། །འདི་ལྟར་རྒྱུ་འབྲས་ཀྱི་དངོས་པོ་རྗེས་སུ་འགྲོ་ལྡོག་དག་གིས་རྟོགས་པ་སྟེ། ཡོད་པ་དང་མེད་པ་ཡང་མངོན་
སུམ་དང་མི་དམིགས་པས་གྲུབ་པར་ཁས་ལེན་ན། མངོན་སུམ་གྱིས་ནི་འདི་ལས་འདི་འབྱུང་ངོ་ཞེས་རྗེས་སུ་འགྲོ་བ་མྱོང་བ་མ་ཡིན་ཏེ། མདུན་ན་གནས་པའི་དངོས་པོ་གཉིས་མངོན་དུ་མི་བྱེད་པའི་ཕྱིར་འདིའི་རྗེས་ལ་འདི་དག་སྐྱེ་བོ་ཞེས་མངོན་སུམ་གྱིས་ཁོང་དུ་ཆུད་པ་མ་ཡིན་ནོ།། །།

ཚད་མ་རྣམ་འགྲེལ་གྱི་འགྲེལ་པ། བམ་པོ་གཉིས་པ། འདི་ལྟར་འདི་ལས་འབྱུང་ཞེས་བྱ་བའི་དོན་ཅི་ཡིན་ཏེ། ཅི་དེ་ཉིད་ལས་ཡིན་ནམ། ཡང་ན་འདི་ཡོད་པས་ཡོད་པ་ཉིད་ཡིན་ནམ། འོན་ཏེ་འདི་ལས་འབྱུང་བར་བརྟག་གྲང་ན། །དེ་ལ་གལ་ཏེ་དེ་ཉིད་
ལས་འབྱུང་ངོ་ཞེས་ངེས་པར་བྱེད་ན། དེའི་ཚེ་ཅི་ད་ལྟ་ཉིད་དུ་འམ། འོན་ཏེ་གཞན་གྱི་ཚེ་དེ་ཉིད་ལས་འབྱུང་བ་ཡིན། དེ་ལ་གལ་ཏེ་ད་ལྟ་དེ་ཉིད་ལས་འབྱུང་བ་ཡིན་ན་ནི། འོ་ན་དུས་གཞན་དུ་གཞན་ལས་ཀྱང་འབྱུང་བར་འགྱུར་རོ། །དེ་ལྟར་ཡང་ཡུལ་གཞན་དུ་དུ་བ་གཞན་ལས་འབྱུང་བ་མ་ཡིན་
ནོ་ཞེས་ཇི་ལྟར་ངེས་པར་ཤེས། འོན་ཏེ་དུས་གཞན་དུ་དེ་ཉིད་ལས་འབྱུང་གི་གཞན་ལས་མ་ཡིན་ཞེ་ན། འོ་ན་དུས་གཞན་དུ་ནི་དེ་ཁོ་ན་ལས་འབྱུང་ཞེས་བྱ་བ་འདི་ལ་ཚད་མ་མེད་དེ། མངོན་སུམ་ནི་ད་ལྟར་བའི་ཡུལ་ཅན་ཡིན་པའི་ཕྱིར་ད་ལྟར་བའི་དངོས་པོ་འཛིན་པར་ནུས་ཀྱི། དུས་དང་ཡུལ་
ཐམས་ཅད་ཀྱི་མེ་དང་དུ་བ་དང་མངོན་སུམ་གྱིས་ངེས་པར་འཛིན་ན་ནི་དེའི་ཚེ་རྗེས་སུ་དཔག་པ་དོན་མེད་པར་འགྱུར་རོ། །འདི་ཡོད་པས་ཡོད་པ་ཉིད་ཅེས་ངེས་པར་གཟུང་བར་མི་རུང་སྟེ། རེས་འགའ་ཡུལ་གཞན་ལ་སོགས་པར་རྒྱུ་ཡོད་ཀྱང་འབྲས་བུ་མི་འབྱུང་བའི་ཕྱིར་ཇི་ལྟར་རྗེས་སུ་འགྲོ་བ་
རྟོགས། འོན་ཏེ་འདི་ལས་འབྱུང་ཞེས་ཟེར་ན། དེ་ལྟ་ན་ནི་རང་ཉིད་དང་གཞན་ལས་ཀྱང་འབྲས་བུ་འབྱུང་བར་ཁས་བླངས་པའི་ཕྱིར་ཇི་ལྟར་རྒྱུ་འབྲས་ཀྱི་དངོས་པོ་ངེས་པ་ཡིན། དེའི་ཕྱིར་མངོན་སུམ་གྱིས་རྗེས་སུ་འགྲོ་བ་རྟོགས་པ་ནི་མ་ཡིན་ནོ། །ལྡོག་པ་ཡང་མི་དམིགས་པས་གྲུབ་པ་ནི་མ་
ཡིན་ཏེ། ཅི་སྟེ་མི་དམིགས་པ་མངོན་སུམ་ཡིན་ནམ། རྗེས་སུ་དཔག་པར་བརྟག་གྲང་ན། དེ་ལ་གལ་ཏེ་མི་དམིགས་པ་རྗེས་སུ་དཔག་པ་ཡིན་པ་དེ་ལྟ་ན་ནི་མི་དམིགས་པ་དེ་ཡང་ལྡོག་པ་ལ་ལྟོས་ཤིང་ལྡོག་པ་ཡང་མི་དམིགས་པ་ལ་ལྟོས་པའི་ཕྱིར་གཅིག་ལ་གཅིག་བརྟེན་པར་འགྱུར་རོ། །
འོན་ཏེ་མི་དམིགས་པའི་ལྡོག་པ་རྗེས་སུ་དཔག་པ་གཞན་གྱིས་སྒྲུབ་ན། དེའི་ཚེ་རྗེས་སུ་དཔག་པ་དེའི་ལྡོག་པ་ཡང་རྗེས་སུ་དཔག་པ་གཞན་གྱིས་སྒྲུབ་པ་ཉིད་ཀྱི་ཕྱིར་རྗེས་སུ་དཔག་པ་དེ་ཉིད་མཐའ་མེད་པར་འགྱུར་རོ། །འོན་ཏེ་མངོན་སུམ་ཉིད་རྗེས་སུ་དཔག་པ་ཡིན་ན་ནི་དེ་ལྟ་ན་མིང་ཙམ་ཐ་

དད་པར་བྱས་པར་འགྱུར་བས་མངོན་སུམ་ནི་ཡུལ་དང་དུས་ཐམས་ཅད་དུ་ལྡོག་པ་སྒྲུབ་པ་མ་ཡིན་ཏེ། དེ་དག་ལ་མི་འཇུག་པའི་ཕྱིར་རོ། །འོན་ཏེ་གྲགས་པའི་ཚད་མས་གོ་བ་རྒྱུ་དང་འབྲས་བུའི་དངོས་པོ་ཡིན་ན། འབྲེལ་པ་འཛིན་པ་མེད་པར་མ་མཐོང་བའི་དོན་ཤེས་པ་ནི་གྲགས་པར་
བརྗོད་ཀྱི། མངོན་སུམ་གྱིས་དངོས་པོ་གཉིས་རྟོགས་པར་མི་འགྱུར་བས་རྒྱུ་དང་འབྲས་བུའི་དངོས་པོ་དེ་དག་འབྲེལ་བར་མངོན་སུམ་གྱིས་རྟོགས་པ་མ་ཡིན་ནོ། །དེའི་ཕྱིར་འདི་དག་ནི་འབྲས་བུ་འདི་དག་ནི་རྒྱུའོ་ཞེས་ཤེས་པ་འདི་ནི་བརྟགས་པ་ཙམ་མོ། །ཡང་ན་དོན་གྱིས་གོ་བས་སོ་སོར་ངེས་
པའི་འབྲས་བུ་ཤེས་པ་སྟེ། གལ་ཏེ་མྱུ་གུ་ས་བོན་གྱིས་བསྐྱེད་པ་མ་ཡིན་ན། དེའི་རྗེས་ཐོགས་སུ་ཡོད་པར་མི་རིགས་པའི་ཕྱིར་མ་མཐོང་བའི་དོན་རྟོགས་པ་ནི་དོན་གྱིས་གོ་བའོ་ཞེ་ན། དེ་ནི་མ་ཡིན་ཏེ། གལ་ཏེ་རྒྱུ་དང་འབྲས་བུའི་དངོས་པོ་ཤེས་པ་མྱོང་བ་ཡིན་པ་ན་དོན་གྱིས་གོ་བས་སམ། གྲགས་
པས་བརྗོད་པར་རིགས་པར་འགྱུར་བ་ལས། གང་གི་ཕྱིར་རྒྱུ་དང་འབྲས་བུའི་དངོས་པོ་རྟོགས་པ་མེད་ཅེས་བརྗོད་པ་མ་ཡིན་ནམ། ངེས་པར་འདི་ལས་འབྱུང་ངོ་ཞེས་བྱ་བར་ཤེས་པ་ནི་མེད་དེ། སོ་སོར་ངེས་པའི་དུས་ཉིད་དུ་འདིའི་འབྲས་བུ་ཉིད་དུ་རྟོགས་པས་དུས་གཞན་དུ་དེ་ཉིད་ལས་འབྱུང་བར་ཇི་
ལྟར་ཤེས་པ་ཡིན། འོན་ཏེ་དོན་གྱིས་གོ་བ་ལས་སམ་གྲགས་པ་ལས་དུས་གཞན་དུ་ཡང་དེ་ཉིད་ལས་འབྱུང་བར་རྟོགས་པར་བྱེད་དེ། འདི་ལྟར་ད་ལྟར་ན་ནི་དེའི་དེ་མ་ཐག་པར་དམིགས་ལ། གཞན་གྱི་ཚེ་ན་ཡང་དེ་ལས་མི་འབྱུང་ན་ནི་ལན་ཅིག་ཀྱང་དེའི་རྗེས་ཐོགས་སུ་དམིགས་པར་མི་འགྱུར་རོ་ཞེ་ན།
དེ་ལྟ་ན་ནི་ཀ་བ་ཡང་རྩིག་པའི་དེ་མ་ཐག་ཏུ་མཐོང་བར་འགྱུར་བས་དེ་ཡང་དེས་བསྐྱེད་པར་འགྱུར་བ་མ་ཡིན་ནམ། འོན་ཏེ་ཀ་བ་ལ་སོགས་པ་ལ་འཁྲུལ་པར་མཐོང་ཞེ་ན། འོ་ན་ནི་རིགས་པ་འདིས་མྱུ་གུ་ལ་སོགས་པ་ཡང་ས་བོན་ལ་སོགས་པ་ལས་འཁྲུལ་པར་འགྱུར་རོ། །འོན་ཏེ་དེ་ལ་འཁྲུལ་པར་ཤེས་
པ་མ་ཡིན་པར་འཇིག་རྟེན་པ་ཡིད་རྟོན་པར་བྱེད་དོ་ཞེ་ན། འོ་ན་ནི་འཇིག་རྟེན་པའི་གྲགས་པ་ཉིད་ལ་རྒྱུ་དང་འབྲས་བུ་རྣམ་པར་གཞག་པ་ཡོད་དེ། འཇིག་རྟེན་ལ་གྲགས་པ་ཡང་མ་བརྟགས་ན་ཉམས་དགའ་བའི་ཀུན་རྫོབ་ཙམ་ཡིན་གྱི་དོན་དམ་པ་ཉིད་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དེ་ཀུན་

རྫོབ་ཏུ་འདོད་ན་ཞེས་བྱ་བ་སྨོས་སོ། །འདིར་སྨྲས་པ། ཇི་ལྟར་དེ་ལྟར་འགྱུར་ཞེས་བྱ་བ་སྟེ། ཀུན་རྫོབ་བམ་དོན་དམ་པར་ས་བོན་ལ་སོགས་པ་ལ་མྱུ་གུ་ལ་སོགས་པའི་ནུས་པ་ཡོད་པར་འཇིག་རྟེན་ཐམས་ཅད་ལ་གྲགས་པའོ། །འཇིག་རྟེན་གྱི་ཐ་སྙད་ཀྱང་དོན་དམ་པའི་རྒྱུ་
མཚན་ཅན་ནི་མ་ཡིན་ནོ། །དོན་དམ་པ་ལ་ཐ་སྙད་མེད་པའི་ཕྱིར་རོ། །མོས་པ་ཙམ་གྱིས་ཐ་སྙད་གྲུབ་སྟེ། རྨི་ལམ་ན་ངེས་པའི་ཐ་སྙད་བཞིན་རྒྱུ་ལ་སོགས་པའི་ཐ་སྙད་ཀྱང་ངེས་པ་ཁོ་ན་ཡིན་ལ། ཐ་སྙད་དེ་ཡང་ཐོག་མ་མེད་པའི་ངེས་པའི་བག་ཆགས་རྒྱུ་ཡིན་གྱི་ཕྱི་རོལ་གྱི་དོན་ནི་མ་ཡིན་ནོ། །བག་
ཆགས་མེད་པར་ཡང་ཤེས་པ་དམིགས་པ་དང་དམིགས་པ་མེད་པའི་ཤེས་པའི་ཆ་ཉིད་མེད་པར་འགྱུར་རོ། །ཅི་སྟེ་ཀུན་རྫོབ་ནི་ཅི་ཡིན་ཏེ། གལ་ཏེ་བདེན་པ་ཡིན་ན་ཇི་ལྟར་ཀུན་རྫོབ་ཡིན། འོན་ཏེ་མི་བདེན་ཞིང་ལོག་པ་ཀུན་རྫོབ་ཡིན་ན། དེ་ལྟ་ན་ཀུན་རྫོབ་ཏུ་བདེན་པ་ཞེས་བྱ་བ་ཅི་ཡིན་ཏེ། བདེན་པ་
དང་ཀུན་རྫོབ་ནི་འགལ་བ་མ་ཡིན་ནམ་ཞེ་ན། འདིར་སྨྲས་པ། ཀུན་རྫོབ་ཅེས་བྱ་བ་ནི་ལོག་པའི་ཤེས་པ་ལ་སྣང་བ་ཙམ་ལྷག་པར་མོས་པའི་རང་བཞིན་ཏེ། དེ་ཡང་ཐོག་མ་མེད་པའི་བག་ཆགས་ལས་བྱུང་བ་སྟེ། དེས་ན་ཐོག་མ་མེད་པའི་བག་ཆགས་ལས་སྐྱེས་པ་སྣང་བ་ཉིད་འབའ་ཞིག་ཙམ་མོ། །
འོན་ཏེ་སྔོན་པོ་ལ་སོགས་པ་རྟོགས་པར་གྱུར་པ་ཇི་ལྟར་མི་བདེན་ཞེ་ན། གོམས་པའི་སྟོབས་ལས་རིག་པའི་ཕྱིར་ཏེ། འདི་ལྟར་རྨི་ལམ་ལ་སོགས་པ་ན་ཡང་སྔོན་པོ་ལ་སོགས་པ་མྱོང་བ་དེ་ནི་བདེན་པ་མ་ཡིན་ལ། སད་པའི་ཚེ་ན་ཡང་སྔོན་པོ་ལ་སོགས་པ་མྱོང་བར་གྱུར་པ་ནི་བདེན་པ་མ་ཡིན་
ཏེ། སྔོན་པོ་ལ་སོགས་པ་མ་རྟོགས་པར་དེ་མྱོང་བར་མ་མཐོང་བ་དེའི་ཕྱིར་དོན་དམ་པར་ཤེས་པ་ཡང་མ་ཡིན་ལ་ཤེས་བྱ་ཡང་མ་ཡིན་ནོ། །འཇིག་རྟེན་པའི་ཐ་སྙད་ཀྱང་ཆད་པར་མི་འགྱུར་ཏེ། ཕན་འདོགས་པ་ཡོད་པའི་ཕྱིར་རོ། །དེ་ལྟར་ན་ཀུན་རྫོབ་ཀྱི་བདེན་པ་ཞེས་བྱ་བ་ལ་འགལ་བ་མེད་དེ།
དོན་དམ་པར་ནི་དོན་ཐམས་ཅད་ཀྱི་དབེན་པ་ཁོ་ནའོ་ཞེས་བྱ་བ་སྐབས་ཇི་ལྟ་བར་དཔྱད་པར་བྱའོ། །འོན་ཏེ་སྐྱེ་བ་ལ་སོགས་པའི་རང་བཞིན་ཉིད་ཀུན་རྫོབ་སྟེ། ཚད་མས་མི་འཛིན་པའི་ཕྱིར་རོ། །ཤེས་པ་ཉིད་མངོན་སུམ་དུ་བྱེད་པ་ཡིན་གྱི་སྐྱེ་བ་ལ་སོགས་པ་ནི་མ་ཡིན་པ་དེ་བས་ན་ཀུན་རྫོབ་

ཏུ་སྐྱེ་བ་སྟེ། དེ་ཉིད་སྐྱེ་བ་ལ་སོགས་པར་ཚད་མས་ཁོང་དུ་མི་ཆུད་པའི་ཕྱིར་རོ། །ཀུན་རྫོབ་ཅེས་བྱ་བ་ནུས་པ་མེད་པ་མ་ཡིན་ནམ། སྐྱེ་བ་ནི་ནུས་པའོ་ཞེ་ན། དེ་ནི་མི་བདེན་ཏེ། ཀུན་རྫོབ་ནི་དོན་དམ་པར་ནུས་པ་མེད་པས་དོན་དམ་པར་སྐྱེ་བ་ཡོད་པ་མ་ཡིན་ཏེ། སྐྱེ་བ་ཞེས་བྱ་བའི་ནུས་
པ་ནི་རྟོག་པ་ཙམ་གྱིས་ཡིན་ཏེ། རྟོག་པས་ཀྱང་སྐྱེ་བ་ཡོད་པ་ཉིད་དོ། །དེས་ན་རྟོག་པས་ནི་སྐྱེ་བ་སྟེ། དེའི་ཕྱིར་ནང་གི་ནུས་པ་ཡོད་ཀྱི། དོན་དམ་པར་ནི་ནུས་པ་མེད་པ་དེ་བས་ན། སྐྱེ་བ་མེད་པ་ཡིན་ནོ། །ཇི་ལྟར་འདས་པ་སྐྱེད་པར་བྱེད་པ་ཡིན་ཏེ། རིང་དུ་ཞིག་པ་ཡང་སྐྱེ་བར་ཐལ་བར་
འགྱུར་རོ་ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ཐམས་ཅད་སྐབས་བཞིན་དུ་དགག་པར་བྱའོ། །རྟོག་པའི་ཡུལ་ནི་དཔྱད་པར་མི་བྱའོ་ཞེས་བྱ་བ་བསྟན་པ་གང་ཡིན་པའི་དོན་ནི་དེར་ཡང་དཔྱད་པ་ནི་ཚད་མར་བརྗོད་པ་སྟེ། དེས་ན་རྟོག་པའི་ཡུལ་ནི་ཚད་མའི་དོན་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །
སྒྱུ་མའི་དོན་ནི་ཚད་མས་རྟོགས་པའི་དོན་མ་ཡིན་པ་ཁོ་ནའོ་ཞེས་བྱ་སྟེ། འགྲོ་བ་ཐམས་ཅད་སྒྱུ་མ་ཁོ་ནའོ། །དེ་ལྟར་ཡང་དེ་ལ་ཀུན་རྫོབ་ཀྱི་བདེན་པ་གང་ཞེ་ན། ཇི་སྲིད་འཇིག་རྟེན་གྱི་ཐ་སྙད་དོ་ཞེས་གསུངས་སོ། །ཚད་མ་དང་ཚད་མ་མ་ཡིན་པའི་ཆ་ནི་ཐ་སྙད་དུ་ཡིན་གྱི་དོན་དམ་པར་ནི་མ་ཡིན་ཏེ།
འདིར་རང་ལས་རང་གི་ངོ་བོ་རྟོགས་ཞེས་བྱ་བར་བསྟན་ཏོ། །ཀུན་ལ་དེ་ཡོད་ཅེ་ན་མིན། །སྤྱི་ཡི་མཚན་ཉིད་དང་བློ་ལ། །རྗེས་སུ་འགྲོ་ལྡོག་མ་མཐོང་ཕྱིར། །མིག་དང་གཟུགས་སོགས་བློ་བཞིན་ནོ། །ཞེས་བྱ་བ་ལ། གལ་ཏེ་ཀུན་རྫོབ་ཀྱིས་དོན་བྱེད་པར་ནུས་ན་སྤྱི་ལ་སོགས་པ་ལ་ཡང་ཡོད་
པ་མ་ཡིན་ནམ། དེ་དག་ཀྱང་དོན་དམ་པར་ཡོད་པར་འགྱུར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། སྤྱི་དང་བློ་ལ་རྗེས་སུ་འགྲོ་བ་དང་ལྡོག་པ་མ་མཐོང་བའི་ཕྱིར། དཔེར་ན་མིག་ལ་སོགས་པའི་བློ་ནི་གཟུགས་ལ་སོགས་པ་ཡོད་པ་དང་མེད་པ་ལ་རག་ལས་པ་བཞིན་ནོ། །མིག་ལ་སོགས་པའི་ཤེས་པ་ཉིད་ལ་སྔོན་
པོ་ལ་སོགས་པའི་རྣམ་པ་སྣང་བ་ཡིན་ནམ། དོན་ལ་ནི་མ་ཡིན་ཏེ། དེ་ཇི་ལྟར་དོན་གྱི་རྗེས་སུ་འགྲོ་བར་འཛིན་པ་ཡིན་ཞེ་ན། འདིར་སྨྲས་པ། གལ་ཏེ་ཤེས་པ་ལས་སྔར་དོན་ཡོད་པར་མི་རྟོགས་པ་དེ་ལྟ་ན་ཡང་མིག་གི་རྣམ་པར་ཤེས་པ་མེད་པར་མཐོང་བའི་ཕྱིར། ཕྱི་རོལ་ཡོད་པར་ཤེས་སོ། །

གལ་ཏེ་ཕྱི་རོལ་མེད་པར་རྣམ་པར་ཤེས་པ་སྐྱེ་ན་ནི་དེའི་ཚེ་གང་དང་གང་ན་མིག་ཕྱེ་བ་དེ་དང་དེར་སྔོན་པོ་སྣང་བ་ཙམ་གྱི་ཤེས་པ་སྐྱེ་བར་འགྱུར་ཏེ། དཔེར་ན་མིག་རབ་རིབ་ཀྱིས་ཉམས་པ་ལ་སྐྲ་ཤད་འཛིངས་པར་མཐོང་བ་བཞིན་ནོ། །མིག་གི་ཤེས་པ་ནི་དེ་ལྟར་ཐམས་ཅད་དུ་སྐྱེ་བ་མ་
ཡིན་པ་དེ་བས་ན་དོན་ཡོད་པར་རྟོགས་པར་རིགས་སོ། །དེའི་ཕྱིར་རྗེས་སུ་འགྲོ་བ་དང་ལྡོག་པ་ལ་ལྟོས་ནས་མིག་ལ་སོགས་པའི་བློ་དག་ལ་གཟུགས་ལ་སོགས་པའི་ནུས་པ་ཉིད་མཐོང་བར་འགྱུར་རོ། །སྤྱི་དང་བློ་ནི་ཕྱི་རོལ་གྱི་རྗེས་སུ་འགྲོ་བ་དང་ལྡོག་པ་ལ་བརྟེན་པ་མ་ཡིན་ཏེ། ནང་གི་རྒྱུ་ཙམ་
ལས་ཡོད་པའི་ཕྱིར་རོ། །འོན་ཏེ་བ་ལང་ཉིད་ཀྱི་བློ་རྟ་ལས་མ་ཡིན་ན་དེ་ཇི་ལྟར་ལྡོག་པ་མ་ཡིན་ཞེ་ན། དེ་ནི་བ་ལང་ཉིད་མེད་པར་རྟ་ལས་བ་ལང་གི་བློ་མེད་དོ་ཞེས་བྱ་བ་ནི་མི་རུང་སྟེ། འོན་ཏེ་བ་ལང་གི་རྟོགས་པའི་རྒྱུ་བག་ཆགས་སད་པའི་ནུས་པ་མེད་པའི་ཕྱིར། རྟ་ལ་བ་ལང་གི་བློ་ཡོད་པ་མ་ཡིན་ནོ། །
གཞན་ཡང་ཤེས་པ་ལས་མ་གཏོགས་པའི་སྤྱི་སྣང་བ་ནི་མ་ཡིན་ཏེ། །གང་གིས་སྤྱི་ཡོད་པ་དང་མེད་པར་འཇལ་བ་དེས་མཚུངས་པ་ཉིད་ཀྱི་རྣམ་པར་ཤེས་པ་གཅིག་པུ་སྤྱི་ཡིན་གྱི། ཕྱི་རོལ་གྱི་དངོས་པོ་ནི་མ་ཡིན་ནོ། །དེ་ལྟ་ན་འོ་ན་ནི་སྤྱི་མེད་པར་རྟ་དང་བ་ལང་ཉིད་ཕན་ཚུན་ཐ་དད་པར་འགྱུར་ཞེ་ན། མ་
ཡིན་ཏེ། བརྟགས་པ་ཉིད་ཀྱིས་ཐ་དད་པའི་ཕྱིར་དང་། གསལ་བ་རྣམས་ཐ་དད་པའི་ཕྱིར་གྱི་དེར་སྤྱི་མཚན་ཉིད་མི་མཐུན་པ་མི་དམིགས་སོ། །གལ་ཏེ་ཡང་བརྡ་ལ་རྩོལ་བ་ཙམ་གྱིས་བུམ་པས་དབེན་པའི་ཡུལ་དུ་ཡང་བུམ་པའི་ཤེས་པ་མེད་ན་ནི་སྤྱིའི་ནུས་པར་འགྱུར་རོ། །འོན་ཏེ་སྤྱིས་ཁྱབ་
པ་ཡིན་པས་གསལ་བས་སྟོང་པར་ཡང་བ་ལང་གི་བློ་འབྱུང་བར་རིགས་ཤེ་ན། མིག་རབ་རིབ་ཀྱིས་ཉམས་པ་ལ་དམིགས་པའི་སྐྲ་ཤད་ལ་སོགས་པ་ལ་ཡང་ཅིའི་ཕྱིར་མ་ཁྱབ་པ་ཡིན། འོན་ཏེ་མི་གཞན་གྱིས་མ་མཐོང་བའི་ཕྱིར། དེ་རྣམས་མེད་པ་ཉིད་ཡིན་ན་ནི་སྤྱི་ཡང་བརྡ་རྩོལ་བ་མེད་པས་
མི་ཤེས་པ་མ་ཡིན་ནམ། དེ་བས་ན་དེ་ཡང་མེད་པའོ། །བརྡ་རྩོལ་བ་ལས་སྤྱི་ཤེས་པ་ཡིན་ནོ་ཞེ་ན། སྐྲ་ཤད་ལ་སོགས་པ་ཡང་ནམ་མཁའི་ངོས་ལ་རབ་རིབ་ཡོད་པས་མཐོང་བ་མ་ཡིན་ནམ། །དེས་ན་ཇི་ལྟར་མེད་པ་ཡིན། འོན་ཏེ་རབ་རིབ་ཀྱིས་ཉམས་པ་ལས་སྐྲ་ཤད་མེད་ཀྱང་མིག་

གིས་མཐོང་བ་ཡིན་ནོ་ཞེ་ན། སྐྲ་ཤད་ལ་སོགས་པ་འདི་རྟོགས་པར་གྱུར་པ་མ་ཡིན་ནམ། ཅིའི་ཕྱིར་མེད་པ་ཡིན། མིག་ཉམས་པའི་གཟུང་བྱ་ཡིན་པས་སོ་ཞེ་ན། འདི་ཅི་སྟེ་ཉམས་པ་ཡིན། མེད་པ་དམིགས་པས་སོ་ཞེ་ན། དེ་ལྟ་ན་གཅིག་ལ་གཅིག་བརྟེན་པ་མ་ཡིན་ནམ། གལ་ཏེ་ཡང་རབ་
རིབ་ཀྱིས་བསྒྱུར་བའི་མིག་གཟུང་བར་བྱ་བས་སྐྲ་ཤད་ལ་སོགས་པ་བརྫུན་པ་ཡིན་ན། འོ་ན་ནི་སྤྱི་ཡང་ཕྱིན་ཅི་ལོག་གི་འདུ་བྱེད་པ་ལ་སད་པ་ལ་སྣང་བའི་ཕྱིར་མེད་པར་འགྱུར་རོ། །དེས་བརྡ་རྩོལ་བ་ལ་སོགས་པ། །ནང་གི་ཡན་ལག་ངོར་འཇུག་ཕྱིར། །བུམ་པ་དང་ནི་འདེགས་དང་སྤྱི། །
གྲངས་སོགས་བློ་ཡང་བཤད་པ་ཡིན། །ཞེས་བྱ་བ་ལ། གཟུགས་ལ་སོགས་པའི་ཡོན་ཏན་གྱི་རྟེན་བུམ་པ་ནི་ཡན་ལག་ཅན་གྱི་རྫས་སོ། །ལས་ནི་འདེགས་པའོ། །གྲངས་ནི་ཡོན་ཏན་ནོ། །སོགས་པའི་སྒྲས་ནི་འདུ་བ་སྟེ། འདི་ནི་བློའི་གཟུང་བའོ། །དེ་དག་གི་བློ་གང་ཡིན་པ་ནི་
བློ་སྟེ། དེ་དག་གིས་ཕྱི་རོལ་ལ་རྗེས་སུ་འགྲོ་བ་དང་ལྡོག་པ་མེད་པར་བསྟན་པའི་ཕྱིར་བཤད་པ་ནི་བཤད་པའོ། །དེ་དག་ཀྱང་ཕྱི་རོལ་གྱི་རྫས་ལ་བརྟེན་ནས་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་གང་ལས་ཤེས་ཤེ་ན། བརྡ་ལ་རྩོལ་བ་ཉིད་ནང་གི་རྒྱུ་སྟེ། དེ་ལས་འཇུག་པའི་ཕྱིར་རོ། །སོགས་
པའི་སྒྲས་ནི་དྲན་པ་གཟུང་ངོ་། །འདི་ལྟར་བུམ་པའི་བློ་ནི་བུམ་པ་དང་འབྲེལ་པ་མ་ཡིན་ཏེ། གཟུགས་ལ་སོགས་པ་ཕན་ཚུན་ཐ་དད་པ་ཉིད་མིག་ལ་སོགས་པའི་བློ་རྣམས་ཀྱིས་དམིགས་པའི་ཕྱིར་རོ། །གཟུགས་དང་རེག་བྱ་དམིགས་ན་ཡང་ཐོག་མ་མེད་པའི་བག་ཆགས་ཀྱི་སྟོབས་ཀྱིས་དུས་ཕྱིས་གཅིག་པ་
ཉིད་དུ་ལྷག་པར་ཞེན་ནས་བུམ་པའོ་སྙམ་པའི་ཤེས་པ་སྐྱེའོ། །ཅི་སྟེ་མིག་གིས་རྟོགས་པའི་ཡན་ལག་ཅན་གྱི་རྫས་གང་ཡིན་པ་དེ་ཉིད་རེག་པས་ཀྱང་རྟོགས་པ་སྟེ། མཐོང་བ་དང་རེག་པའི་སྒོ་ནས་རྫས་གཉིས་སོ་ཞེ་ན། དེ་ནི་མ་ཡིན་ཏེ། གཟུགས་ལ་སོགས་པ་མ་རྟོགས་པར་ཁ་དོག་ལ་སོགས་པ་
མེད་དེ། །ཡན་ལག་ཅན་གྱི་རྫས་མི་སྣང་བའི་ཕྱིར་རོ། །དེ་མྱོང་བ་ཡང་གཟུགས་ཀྱི་རྣམ་པ་མ་ཡིན་པ་འཛིན་པར་འགྱུར་ན། མིག་གི་ཤེས་པས་གཉིས་སུ་རྟོགས་པ་ནི་མ་ཡིན་ནོ། །འོན་ཏེ་བུམ་པའོ་སྙམ་དུ་ཤེས་པ་ཡིན་གྱི་གཟུགས་སོ་ཞེས་ནི་མ་ཡིན་ན། དེ་ཇི་ལྟར་བུམ་པ་དང་གཟུགས་

དག་ཐ་དད་པར་མྱོང་། འདི་ལྟར་བུམ་པ་དམར་པོ་དང་། བུམ་པ་རིག་པས་རྟོགས་པ་འཁྲུལ་པ་མེད་པའོ་ཞེ་ན། དེ་ནི་མ་ཡིན་ཏེ། གང་གི་ཕྱིར་བུམ་པ་དང་སྣམ་བུའི་དངོས་པོའི་དམར་པོ་ཉིད་རྟོགས་པ་དང་། དམར་པོ་དང་དམར་པོ་མ་ཡིན་པའི་དངོས་པོ་བུམ་པའོ་སྙམ་དུ་རྟོགས་
པ་དེའི་ཕྱིར་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་བུམ་པ་དང་དམར་པོ་དག་རྟོགས་པ་ཐ་དད་པ་ཡིན་གྱི། དོན་དམ་པར་ནི་མ་ཡིན་ནོ། །འོ་ན་གལ་ཏེ་ཡན་ལག་ཅན་མེད་ཀྱི་གཟུགས་ལ་སོགས་པ་ཉིད་ཐ་དད་པ་ཡིན་ན། ཇི་ལྟར་གང་ན་གཟུགས་ཡོད་པ་དེ་ཉིད་ན་རེག་པ་ཡོད་པར་རྟོགས་ཤེ་ན། དེ་ནི་
མི་རིགས་ཏེ། ཚོགས་པ་གཅིག་ལ་རག་ལས་པས་བསྡུས་ནས་རྟོགས་པ་སྟེ། དཔེར་ན་དཔུང་གི་ཚོགས་ལ་གང་ན་རྒྱལ་པོ་བཞུགས་པ་དེ་ཉིད་དུ་སྐྱེས་བུ་ལ་སོགས་པ་རྣམས་ཡོད་པར་ཐ་སྙད་དུ་གྲགས་ཀྱི། སྐྱེས་བུ་ལ་སོགས་པ་མེད་ན་དཔུང་རང་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་གཟུགས་
དང་རེག་བྱ་དག་ཚོགས་པ་གཅིག་ལ་རག་ལས་པས་མི་འཁྲུལ་པ་ཡིན་གྱི། དེ་ལ་ཡན་ལག་ཅན་ནི་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་འདེགས་པ་ལ་སོགས་པའི་བློ་ཡུལ་གཞན་དང་གཞན་དུ་འབྱུང་བའི་ལག་པ་ལ་སོགས་པའི་སྐད་ཅིག་ཉིད་འདེགས་པ་ཞེས་བྱ་བས་ན། བསྡུས་པ་ལ་
དམིགས་པ་ཡིན་གྱི། དངོས་པོའི་སྟོབས་ལས་འོངས་པ་ནི་མ་ཡིན་ནོ། །དེ་བཞིན་དུ་གྲངས་ལ་སོགས་པའི་བློ་ལ་ཡང་བལྟ་བར་བྱའོ། །གལ་ཏེ་སྤྱི་དོན་བྱེད་ནུས་པ་མེད་པ་མ་ཡིན་ནམ། དེ་ལྟ་ན་ནི་སྐྲ་ཤད་ལ་སོགས་པ་རབ་རིབ་ཅན་གྱིས་མཐོང་བ་ཡང་དོན་བྱེད་མི་ནུས་པའི་ཕྱིར་སྤྱི་ཡིན་པར་
འགྱུར་རོ་སྙམ་དུ་སེམས་ན། སྐྲ་ཤད་སོགས་ནི་སྤྱི་མིན་ཏེ། །དོན་དུ་ཞེན་པ་མེད་ཕྱིར་རོ། །ཤེས་བྱར་འཛིན་ཕྱིར་མེད་པ་ལ། །ཐལ་བའི་ཉེས་པ་ཡོད་མ་ཡིན། །ཞེས་བྱ་བ་སྨོས་ཏེ། རབ་རིབ་ཅན་གྱིས་དམིགས་པའི་སྐྲ་ཤད་དང་ཟླ་བ་གཉིས་ལ་སོགས་པ་ནི་སྤྱི་མ་ཡིན་ཏེ། དོན་གྱི་ངོ་བོ་ཉིད་དུ་
ཞེན་པ་མེད་པའི་ཕྱིར་རོ། །དོན་ཉིད་སྤྱིའི་རང་བཞིན་གྱིས་རང་གི་མཚན་ཉིད་ཀྱི་བདག་ཉིད་ཤེས་པ་ནི་སྤྱིའོ། །གལ་ཏེ་རང་གི་མཚན་ཉིད་ཡིན་ན་དེའི་ཚེ་དོན་བྱ་བ་བྱེད་པའི་ཕྱིར་ཇི་ལྟར་སྤྱི་ཡིན་ཏེ། སྤྱི་ནི་དོན་མི་བྱེད་པའི་ཕྱིར་མ་ཡིན་ནམ། འོན་ཏེ་དོན་བྱེད་པ་དང་བྲལ་བ་ལས་སྤྱི་ཡིན་ན་དེའི་ཚེ་ཇི་

ལྟར་དོན་ཡིན་དོན་ནི་དོན་བྱེད་པའོ། །དེས་ན་དོན་ཉིད་སྤྱི་ཡིན་ནོ་ཞེས་ཟེར་བ་ནི་འགལ་པའོ་སྙམ་དུ་སེམས་ན། འདིར་སྨྲས་པ། རང་གི་མཚན་ཉིད་མངོན་སུམ་དུ་དོན་བྱེད་ནུས་པ་ཡིན་ལ། བརྒྱུད་ནས་ནུས་པས་དེ་ཉིད་སྤྱི་ཡིན་པའི་ཕྱིར་ཇི་ལྟར་འགལ། གལ་ཏེ་དོན་ཉིད་སྤྱི་ཡིན་ན་མེད་པ་ཡང་
དོན་ཉིད་ཡིན་པའི་ཕྱིར། སྤྱིའི་ངོ་བོ་ཉིད་ཀྱང་ཡོད་པར་འགྱུར་རོ། །དེ་བས་ན་མི་དམིགས་པ་ནི་རྗེས་སུ་དཔག་པར་མི་འགྱུར་ཏེ། ཡུལ་ཕྱི་མ་ཡིན་པའི་ཕྱིར་མ་ཡིན་ནམ་ཞེ་ན། འདིར་སྨྲས་པ། ཤེས་བྱ་ཉིད་དུ་འཛིན་པའི་ཕྱིར་ཏེ། མེད་པ་སྟེ་ཞིག་ན་མེད་པ་ལ་སོགས་པ་རྣམས་ཀྱི་རང་བཞིན་
ལ། སྤྱི་མེད་པའི་སྐྱོན་དུ་ཐལ་བ་མེད་དེ། མེད་པ་ནི་མ་ཡིན་པར་འགག་པའི་སྒོ་ནས་དངོས་པོ་གཞན་གྱི་ངོ་བོ་ཉིད་ཡིན་པར་མངོན་དུ་བྱེད་པའི་ཕྱིར་དོན་ཁོ་ན་ཡིན་ནོ། །གཞན་གྱི་དངོས་པོ་ཡང་དོན་བྱེད་ནུས་པ་ཉིད་དོ། །ཡང་ན་གཏན་མེད་པ་ཡང་གལ་ཏེ་ཚད་མས་གཅོད་པ་ཉིད་ཀྱང་
དགོས་པ་དང་ལྡན་པའི་ཕྱིར་འདི་ནི་དོན་ཡིན་ཏེ། མེད་པ་ལ་ཡང་འགྲོ་བ་ལ་དོགས་པ་མེད་པའི་དགོས་པ་ཡོད་པ་ཉིད་དོ། །དེ་བས་ན་མེད་པར་ངེས་པར་ཤེས་པས་དེ་ལ་དོན་ཉིད་དུ་རིགས་པ་ཁོ་ནའོ། །ཅི་སྟེ་སྐྲ་ཤད་ལ་སོགས་པ་ཡང་མེད་པའོ་སྙམ་པའམ། སྐྲ་ཤད་དངོས་ལྟ་བུའོ་ཞེས་ཤེས་པ་
མ་ཡིན་ནམ། དེ་ལ་ཡང་མེད་པར་ཤེས་པ་ལས་འགྲོ་བ་དང་འོང་བ་ལ་སོགས་པའི་ཡོད་པ་དེ་བས་ན་སྐྲ་ཤད་ལ་སོགས་པ་རྣམས་ལ་ཡང་ཚད་མའི་ཡུལ་ཉིད་ཡོད་པའོ་སྙམ་དུ་སེམས་ན། དེ་དག་ཀྱང་དེ་ལྟར་འགྱུར་ན། །བཀག་པ་མེད་ཕྱིར་གསལ་སྣང་ཉིད། །ཤེས་པའི་ངོ་བོ་ཉིད་དོན་ཕྱིར། །
སྐྲ་སོགས་ཤེས་བྱའི་བློ་དག་ཀྱང་། །སྤྱི་ཡི་ཡུལ་ཅན་ཉིད་ཡིན་ལ། །སྐྲར་སྣང་དོན་མེད་ཅན་ཡིན་ནོ། །ཞེས་བྱ་བ་སྨོས་ཏེ། གལ་ཏེ་སྐྲ་ཤད་ལ་སོགས་པ་ནི་མེད་པའོ་ཞེས་བྱ་བར་ཡོངས་སུ་གཅོད་ན། དེའི་ཚེ་མེད་པ་ཞེས་བྱ་བ་སྤྱི་ཅིས་མ་ཡིན་ཏེ། དོན་བྱེད་པའི་ཤེས་པས་སམ། སྐྱེས་བུ་གཞན་
གྱིས་མི་དམིགས་པ་དེ་བས་ན་ཡུལ་དང་དུས་དང་སྐྱེས་བུ་གཞན་གྱིས་མ་མཐོང་བའི་ཕྱིར། མེད་པ་སྤྱིར་བཀག་པ་མེད་པ་ཉིད་དོ། །དེ་དག་སྟེ་སྐྲ་ཤད་ལ་སོགས་པ་རྣམས་སོ། །གང་གི་ཚེ་ཡང་སྐྲ་ཤད་དངོས་བཞིན་ནོ་སྙམ་ཤེས་པར་བྱེད་པ་དེའི་ཚེ་སྐྲ་ཤད་ཀྱི་ཤེས་པའི་ངོ་བོ་ལ་འདྲ་བའི་ཐ་སྙད་འདོགས་

སོ། །དེ་ལྟར་འགྱུར་བ་སྟེ་སྐྲ་ཤད་དང་འདྲ་བ་སྐྲ་ཤད་དུ་གྱུར་པའོ་ཞེས་ཤེས་པ་ན་སྐྲ་ཤད་ལ་སོགས་པ་རྣམས་ལ་སྤྱིའི་ངོ་བོ་ཉིད་བཀག་པ་མེད་པ་ཁོ་ནའོ། །ཅི་སྟེ་སྤྱིའི་ངོ་བོ་ཉིད་ཀྱིས་ཡོངས་སུ་གཅོད་ན་སྐྲ་ཤད་ལ་སོགས་པ་གསལ་བར་མི་འགྱུར་བ་ལས་སྐྲ་ཤད་ཀྱི་ཤེས་པ་ནི་ཤིན་
ཏུ་གསལ་བ་མ་ཡིན་ནམ་ཞེ་ན། དེ་ལ་ཡང་སྨྲས་པ། སྐྲ་ཤད་རྣམས་གསལ་བ་ཉིད་ནི། ཤེས་པའི་ངོ་བོ་ཉིད་ཀྱི་དོན་ཡིན་པའི་ཕྱིར། སྐྲ་ཤད་ལ་སོགས་པ་དེ་ནི་རང་གི་མཚན་ཉིད་ཁོ་ནའོ། །གསལ་བ་ཉིད་ཀྱིས་དོན་ཉིད་ཡིན་པས་རང་གི་མཚན་ཉིད་སྣང་བ་ཡིན་ན་ཇི་ལྟར་སྐྲ་ཤད་ལ་སོགས་པ་
དོན་མེད་པ་ཡིན། དེས་ན་སྐྲ་ཤད་ལ་སོགས་པ་རྣམས་སྤྱིའི་ངོ་བོ་ཉིད་དུ་མི་འགྱུར་བ་མ་ཡིན་ནམ་ཞེ་ན། འདིར་སྨྲས་པ། སྐྲ་ཤད་ལ་སོགས་པ་རང་རིག་པ་ཉིད་ཀྱིས་ཉམས་སུ་མྱོང་བའི་སྐྲ་ཤད་ལ་སོགས་པའི་སྙམ་དུ་རྟོགས་པ་གང་ཡིན་པའི་བློ་སྐྱེ་བ་དེ་ནི་སྤྱིའི་ཡུལ་ཅན་ཏེ། འདྲ་བའི་ངོ་བོ་ཉིད་ཀྱིས་
ཡུལ་དུ་བྱེད་པའི་ཕྱིར་རོ། །འདི་ལྟར་སྐྲ་ཤད་ལ་སོགས་པ་བརྫུན་པར་རམ། སྐྲ་ཤད་དངོས་འདྲ་བར་ཤེས་པ་ནི་བརྟགས་པའི་རང་བཞིན་ཏེ་བདེན་པ་ལས་བཟློག་པའོ། །དེ་དང་འདྲ་བ་ཉིད་ཡང་སྔར་གྱི་རང་བཞིན་གྱི་རྗེས་སུ་འབྲངས་ནས་རྟོགས་པ་སྟེ། སྔ་ཕྱིའི་ངོ་བོ་ཉིད་ལས་མངོན་སུམ་འཇུག་
པ་ནི་མ་ཡིན་པ་དེ་བས་ན་ངེས་པའི་ཤེས་པ་ནི་སྤྱིའི་ཡུལ་ཅན་ནོ། །གལ་ཏེ་དེ་ལྟར་ན་རང་རིག་པ་རང་གི་མཚན་ཉིད་ཀྱི་ཡུལ་ཅན་དང་རྟོག་པ་དང་བཅས་པའི་ཤེས་པ་སྤྱིའི་ཡུལ་ཅན་ཡིན་ན། འོ་ན་ནི་འཁྲུལ་པ་གང་ཞིག་ཡིན་ཞེ་ན། དེ་ལ་སྨྲས་པ། སྐྲ་ཤད་དུ་སྣང་བ་སྟེ། དབང་པོའི་ཤེས་པ་
ནི་དོན་མེད་པ་ཅན་ཡིན་ནོ། །རང་རིག་པ་ནི་མངོན་སུམ་ཡིན་ལ། རྟོག་པའི་ཤེས་པ་ནི་རྗེས་སུ་དཔག་པ་སྟེ། དབང་པོའི་ཤེས་པ་ནི་དོན་མེད་པའོ་ཞེས་ཆས་དབྱེ་བར་བྱའོ། །ཅི་སྟེ་དབང་པོའི་ཤེས་པ་ཉིད་རང་རིག་པ་ཡིན་ལ། རང་རིག་པ་ལས་གཞན་པའི་དབང་པོ་ལས་སྐྱེས་པའི་ཤེས་པ་
ནི་མེད་དེ། མིག་ལ་སོགས་པའི་སྟབས་ཀྱིས་རང་རིག་པ་སྐྱེ་བའི་ཕྱིར་རོ་ཞེ་ན། དབང་པོའི་ཤེས་པ་དོན་བྱེད་པ་ལས་བྱུང་བ་མ་ཡིན་ནམ། རང་གི་ངོ་བོ་ཉིད་ཡོངས་སུ་གསལ་བར་མྱོང་བ་ནི་དབང་པོ་ལས་འཇུག་པ་མ་ཡིན་ནོ། །འོན་ཏེ་གསལ་བར་མྱོང་བ་དབང་པོ་མེད་པར་མི་འཇུག་ན་ནི། མྱོང་བ་

ཐམས་ཅད་གསལ་བ་ཉིད་ཡིན་ལ། དོན་ནི་ཅུང་ཟད་གསལ་ཞིང་ཅུང་ཟད་མི་གསལ་བ་མ་ཡིན་ནམ། འོན་ཏེ་མིག་མེད་པར་ཇི་ལྟར་གསལ་བ་ཉིད་ཡིན་ཞེ་ན། རྨི་ལམ་གྱི་ཤེས་པ་དབང་པོ་མེད་ཀྱང་གསལ་བའི་རང་བཞིན་མ་ཡིན་ནམ། དེ་བས་ན་དབང་པོའི་ཤེས་པ་ནི་དོན་ལ་འཇུག་ཅིང་། དོན་
མེད་ན་ནི་དོན་མེད་པ་ཅན་ཏེ། དེ་ལ་དོན་ཐོབ་པ་མེད་པའི་ཕྱིར་རོ། །སྤྱི་ཡང་ཤེས་པའི་རང་བཞིན་ཕྱིར། །དོན་དུ་ཐལ་བར་འགྱུར་ཞེ་ན། །དེ་ལྟར་འདོད་ཕྱིར་སྐྱོན་མེད་དེ། །དོན་གྱི་ངོ་བོ་ཉིད་ཀྱི་སྤྱི། །ཞེས་བྱ་བ་ལ། སྐྲ་ཤད་ལ་སོགས་རྣམས་ཤེས་པའི་ངོ་བོ་ཉིད་ཀྱིས་དོན་ཡིན་ན། སྤྱི་
ཡང་དོན་གྱི་ངོ་བོ་ཉིད་དང་གསལ་བའི་ངོ་བོ་ཉིད་དུ་ཐལ་བར་འགྱུར་རོ་ཞེ་ན། འདིར་སྨྲས་པ། དེ་ལྟར་ཏེ་ཤེས་པའི་རང་བཞིན་གྱིས་དོན་ཉིད་དང་གསལ་བ་ཉིད་དུ་སྤྱི་ཡང་འདོད་པ་ཁོ་ནའོ། །དེའི་ཕྱིར་སྐྱོན་འདི་མེད་དེ། འདི་ལྟར་སྤྱིའི་ཤེས་པ་ཡོངས་སུ་གསལ་བར་མྱོང་ཞིང་། རང་གི་མཚན་
ཉིད་ཀྱང་ཡིན་ནོ། །འོ་ན་གལ་ཏེ་སྤྱི་ཤེས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར། རང་གི་མཚན་ཉིད་དང་གསལ་བ་ཡིན་ནོ། །ཇི་ལྟར་སྤྱི་མི་གསལ་བར་སྣང་བ་ཡིན་ཞེ་ན། སྨྲས་པ། དོན་དེ་ཕྱི་རོལ་གྱི་ངོ་བོ་ཉིད་ཀྱིས་སྤྱི་ཉིད་དོ། །འཇལ་བས་ངོ་བོ་ཉིད་དེ་དཔྱོད་པའོ་ཞེས་བྱ་བའི་དོན་ཏོ། །དོན་ལ་
དཔྱོད་པས་སྤྱི་ཉིད་དང་མི་གསལ་བ་ཉིད་དོ། །འོ་ན་གལ་ཏེ་ཤེས་པ་ཉིད་སྤྱིའི་རྣམ་པར་སྣང་བ་ཡིན་ན་ནི་ཤེས་པ་བཞིན་དེའི་རྣམ་པ་ཡང་ཐ་དད་པའི་ཕྱིར་ཇི་ལྟར་སྤྱིར་འགྱུར། ཤེས་པའི་རྣམ་པ་རིག་པ་ལ་ཡང་ཕྱི་རོལ་གྱི་དོན་དང་ཇི་ལྟར་ཕྲད་ཅིང་། ཕྱི་རོལ་གྱི་སྤྱི་མེད་པར་ས་བོན་མེད་ན། ཇི་ལྟར་སྤྱི་ཡིན་
ཞེ་ན། སྨྲས་པ། ཀུན་ལ་མཚུངས་པའི་ངོ་བོའི་ཕྱིར། །དེ་ལྡོག་པ་ལ་བརྟེན་པའི་ཕྱིར་ཞེས་བྱ་བ་ཡིན་ཏེ། ཁྲ་བོ་དང་ནག་པོ་ལ་སོགས་པ་ཐམས་ཅད་ལ་བ་ལང་གི་རྣམ་པ་མཚུངས་པའི་ངོ་བོ་ཉིད་སྣང་བར་འགྱུར་ཏེ། དེའི་ཕྱིར་མཐོང་བ་དང་རྟོགས་པའི་རྣམ་པའི་དོན་གཅིག་ཏུ་བྱས་པ་ལས་ཕྱི་རོལ་པ་
རྣམས་ལ་ནུས་པ་ཞེས་བརྗོད་དོ། །ཕྱི་རོལ་པ་དེ་རྣམས་ཀྱང་རིགས་མི་མཐུན་པ་ལས་ལོག་པ་གང་ཡིན་པ་དེ་ལ་བརྟེན་ནས་སྐྱེས་པའི་ཕྱིར་རམ། བརྒྱུད་ནས་ཕྱི་རོལ་གྱི་དངོས་པོའི་སྟོབས་ཀྱིས་རྟོགས་པ་སྐྱེ་བའི་ཕྱིར། རྟོག་པ་དེ་ཡང་ལོག་པའི་དངོས་པོ་རྣམས་ལ་འཇུག་པ་སྟེ། དེས་ན་མི་བསླུ་

བ་ཞེས་བྱའོ། །རྣམ་པ་ལ་སྤྱིར་ཇི་ལྟར་རྟོག་པར་བྱེད་དེ། གང་གི་ཕྱིར་གཟུགས་ལ་སོགས་པ་ཉིད་ཁྱད་པར་མེད་པ་ནི་སྤྱི་སྟེ་རྗེས་སུ་དཔག་པའི་ཡུལ་མ་ཡིན་ནམ། འདི་ལྟར་གདོན་མི་ཟ་བར་རང་གི་མཚན་ཉིད་རྗེས་སུ་དཔག་པའི་ཡུལ་ཡིན་ཏེ། དེ་ལྟར་མ་ཡིན་ན་རྗེས་སུ་
དཔག་པ་ཚད་མ་མ་ཡིན་པར་འགྱུར་རོ། །ཇི་ལྟར་གང་ཚེ་རྗེས་སུ་དཔག་པས་རྣམ་པ་ཙམ་ཡུལ་དུ་བྱེད་ན་དེའི་ཚེ་རང་གི་མཚན་ཉིད་མི་ཤེས་པས་འཇུག་པར་མི་འགྱུར་ལ། རྗེས་སུ་དཔག་པས་སྤྱི་འཛིན་པར་བྱེད་ཀྱང་ཕྱི་རོལ་གྱི་དོན་ལ་འཇུག་པ་ནི་མ་ཡིན་ནོ། །དེས་ན་ཤེས་པའི་རྣམ་པས་སམ།
སྤྱི་ལས་གསལ་བ་རྣམས་ཁོང་དུ་ཆུད་པར་ཁས་བླང་བར་མི་བྱའོ། །འོན་ཏེ་དང་པོ་རྗེས་སུ་དཔག་པས་སྤྱི་ཉིད་རྟོགས་ཤིང་། སྤྱི་ཉིད་ཀྱིས་མཚོན་ནས་ཤེས་པའི་ཕྱིར་གསལ་བ་རྟོགས་པར་འགྱུར་གྱི། ཁྱད་པར་གྱི་ངོ་བོ་ཉིད་ནི་མ་ཡིན་ན་ནི། སྤྱིས་ཀྱང་གསལ་བ་རྟོགས་པ་མ་ཡིན་ཏེ། དེར་ཡང་
གསལ་བ་ཉིད་སྤྱིར་སྣང་བ་མ་ཡིན་ནམ། འོན་ཏེ་མཚོན་ནས་ཤེས་པའི་ཕྱིར་སྤྱི་རྟོགས་པ་ཡིན་ན་ནི། སྤྱི་འདི་ལྟ་བུ་དག་སྣང་བ་བརྒྱུད་པ་ནི་མེད་པ་ཉིད་ཡིན་ནོ། །གཞན་ཡང་རིགས་ལས་རིགས་གཞན་རྗེས་སུ་དཔོག་པ་ན། དེ་ཡང་རིགས་གཞན་རྗེས་སུ་དཔོག་པའི་ཕྱིར། ཐུག་པ་མེད་པར་
འགྱུར་རོ། །དེའི་ཕྱིར་མཐར་གསལ་བ་དག་ངེས་པར་བྱ་བའི་ཕྱིར་གཟུགས་ལ་སོགས་པ་ཉིད་སྤྱི་ཡིན་པར་རིགས་སོ་ཞེ་ན། དེ་ལ་སྨྲས་པ། བརྗོད་བྱ་ཉིད་ཕྱིར་དེ་དངོས་མིན། །དབང་ཚོགས་འབྲས་བཅས་ཉིད་ཕྱིར་རོ། །ཞེས་བྱ་བ་ལ། གཟུགས་ལ་སོགས་པའི་དངོས་པོ་ཉིད་སྤྱི་ནི་མ་ཡིན་ཏེ།
གལ་ཏེ་གཟུགས་ལ་སོགས་པ་ཉིད་སྤྱིའི་ཤེས་པས་རྟོགས་ན་ནི་དེའི་ཚེ་སྒྲ་ལས་སྐྱེས་པའི་ཤེས་པ་སྤྱིའི་རྣམ་པ་ཅན་གང་ཡིན་པ་དེས་ན། གཟུགས་ལ་སོགས་པ་མ་ལུས་པ་གསལ་བའི་ངོ་བོ་ཉིད་ཀྱིས་མྱོང་བའི་ཕྱིར། དབང་པོའི་ཚོགས་འབྲས་བུ་མེད་པར་འགྱུར་རོ། །གཟུགས་ལ་སོགས་པ་
འཛིན་པའི་དོན་དུ་མིག་ལ་སོགས་པའི་ཚོགས་འདོད་ན། གཟུགས་ལ་སོགས་པ་རྟོགས་པ་དེ་ཡང་དབང་པོ་མེད་པར་སྒྲ་ལ་སོགས་པ་ལས་སྐྱེ་བས། ད་ནི་དབང་པོས་ཅི་ཞིག་བྱ། འོན་ཏེ་དབང་པོས་ནི་བདེ་བླག་ཏུ་བྱེད་དེ། འདི་ལྟར་དབང་པོ་ཡོད་པའི་དགའ་བ་གང་ཡིན་པ་དེ་ལྟ་བུ་མིག་

དང་བྲལ་བ་ཅན་ལ་ནི་མ་ཡིན་ནོ་ཞེ་ན། བདེ་བ་ལ་སོགས་པ་ལ་ཡང་སྒྲ་ལས་ཤེས་པ་མ་ཡིན་ནམ། དེས་ན་སྒྲ་ཉིད་ལས་བདེ་བ་རྟོགས་ན་ཡོངས་སུ་དགའ་བའི་ཕྱིར་དབང་པོས་ཅི་ཞིག་བྱ། གཞན་ཡང་དབང་པོ་མེད་པ་ལས་སྡུག་བསྔལ་སྐྱེ་བ་གང་ཡིན་པ་དེ་ནི་གཟུགས་ལ་སོགས་པ། མཐོང་བ་
མེད་ན་ཡང་ཡོད་པས་སོ། །གལ་ཏེ་ཡང་མིག་ལ་སོགས་པ་མེད་པར་སྒྲ་ཉིད་ལས་གསལ་བར་མཐོང་བ་སྐྱེ་ན་ནི། དེའི་ཚེ་ལོང་བས་ཀྱང་ཤིན་ཏུ་གསལ་བ་ཁོ་ནར་སྒྲ་ལས་བྱུང་བའི་ཤེས་པ་ལ་གཟུགས་ལ་སོགས་པ་སྣང་བར་འགྱུར་བའི་ཕྱིར། སྡུག་བསྔལ་བའི་སྐབས་ཅི་ཞིག་ཡོད། འོན་ཏེ་
ལས་ཀྱི་སྟོབས་ཀྱིས་དབང་པོ་ལ་སོགས་པའི་རྒྱུན་འབྲས་བུ་མེད་ཀྱང་སྐྱེ་སྟེ། དངོས་པོ་རྣམས་རྟོག་པ་སྔོན་དུ་བཏང་བ་ནི་མ་ཡིན་ཏེ། གང་གིས་ན་འབྲས་བུ་མེད་པས་སྐྱེ་བ་མེད་པ་ཡིན་ཞེ་ན། དབང་པོའི་ཚོགས་སྐྱེ་རུ་ཆུག་ན། དེ་ཡང་འབྲས་བུ་མེད་པར་དཔོག་པར་བྱེད་དོ། །དེ་ལྟ་ན་ཡང་སྒྲ་
ལས་གཟུགས་ལ་སོགས་པ་རྟོགས་པ་ནི་མ་ཡིན་ནོ། །དེ་བས་ན་བརྗོད་པར་བྱ་བའི་ཕྱིར་སྤྱི་ནི་གཟུགས་ལ་སོགས་པའི་ངོ་བོ་ཉིད་མ་ཡིན་ནོ། །འོན་ཏེ་མིང་དང་རྒྱུ་མཚན་གྱི་ངོ་བོ་ཉིད་སྤྱི་སྟེ་སྒྲའི་བརྗོད་པར་བྱ་བ་ཡིན་ལ། གཟུགས་ལ་སོགས་པ་ནི་མིག་ལ་སོགས་པའི་ཡུལ་ཡིན་པའི་ཕྱིར་དབང་
པོའི་ཚོགས་དོན་མེད་པ་ཉིད་མ་ཡིན་ནོ་ཞེ་ན། འདིར་སྨྲས་པ། མིང་སོགས་བརྗོད་ཡིན་ན་སྨྲ་པོ། །ཉན་པོ་བརྗོད་བྱ་རྗེས་འབྲེལ་ཅན། །མིང་སོགས་འབྲེལ་པ་མེད་པ་ན། །དོན་ལ་འཇུག་པར་མི་འགྱུར་རོ། །ཞེས་བྱ་བ་ལ། ངག་མིང་ལ་འཇུག་ལ་མིང་རྒྱུ་མཚན་ལའོ། །རྒྱུ་མཚན་གྱིས་དོན་
གསལ་བར་བྱེད་པའི་ཕྱིར། དེ་ལྟར་མིང་ལ་སོགས་པ་བརྗོད་པར་ཁས་ལེན་ན་ནི་མིང་ལ་སོགས་པ་ལྡན་པ་ཡིན་པའི་འདུ་བྱེད་ཅེས་བྱ་བ་སྟེ། གང་གི་ཚེ་ན་སྨྲ་བ་པོ་དང་འབྲེལ་པ་ཡིན་ནམ། ཉན་པ་པོ་དང་འབྲེལ་ཏམ། ཡང་ན་དོན་དང་འབྲེལ་པ་ཅན་ཡིན་ནམ། ནམ་ཡང་གང་དང་ཡང་འབྲེལ་པ་
མེད་པ་ཅན་བཞིར་བརྟག་གྲང་ན། དེ་ལ་གལ་ཏེ་ཉན་པ་དང་། སྨྲ་བ་པོ་དང་འབྲེལ་བའི་མིང་ལ་སོགས་པ་སྒྲས་བརྗོད་པར་འདོད་ན་ནི་དེ་ལྟ་ན་ཕྱི་རོལ་གྱི་དོན་ལ་འཇུག་པར་མི་འགྱུར་ཏེ། མིང་ལ་སོགས་པ་ཉན་པ་དང་སྨྲ་བ་པོ་དང་འབྲེལ་པ་ཅན་ཤེས་པའི་ཕྱིར། ཐ་དད་པའི་ཡུལ་ཐ་དད་པ་ཅན་རྟོགས་པར་

མི་འགྱུར་ཏེ། མི་རྟོགས་པར་འཇུག་ན་ནི་ཐམས་ཅད་ལ་འཇུག་པར་འགྱུར་བ་དང་། ངེས་པ་ཡང་དོན་མེད་པར་འགྱུར་རོ། །གལ་ཏེ་དོན་ལ་ཚུལ་འདྲ་ལས། །འཁྲུལ་པས་འཇུག་ན་ཀུན་དུ་མིན། །ཡུལ་ལ་འཁྲུལ་མིན་ཞེས་བྱ་བ་ནི། །འོན་ཏེ་མིང་ལ་སོགས་པ་གང་དོན་གང་
ལ། དེ་དག་ཚུལ་འ