Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 183

Văn bản gốc(Tây Tạng)

Trang 2 / 19 (50.000 ký tự/trang)
དྲ་བ་ལས་མིང་ལ་སོགས་པ་རྟོགས་ན་དོན་ལ་འཁྲུལ་པས་འཇུག་པར་འགྱུར་བ་སྟེ། དོན་ནི་ཕྱི་རོལ་ལོ། །དཔེར་ན་མཚེ་མ་དག་གཅིག་བརྗོད་ན་འདྲ་བའི་ཕྱིར་ཅིག་ཤོས་ལ་རྨོངས་ནས་འཇུག་པར་བྱེད་དོ་ཞེ་ན། དེ་ནི་མ་ཡིན་ཏེ། གལ་ཏེ་མིང་དང་རྒྱུ་མཚན་འཛིན་པའི་སྒྲ་ལས་བྱུང་
བའི་ཤེས་པ་ཇི་ལྟར་འཁྲུལ་པར་འགྱུར། འོན་ཏེ་འཁྲུལ་པ་ཡིན་ན་ཡང་ཡུལ་མེད་པ་ཅན་དུ་འགྱུར་རོ། །དེ་ལྟ་ན་མིང་ལ་སོགས་པ་འཛིན་པ་པོར་མི་རུང་སྟེ། མིང་ལ་སོགས་པའི་ངོ་བོ་ཉིད་མི་འཛིན་པའི་ཕྱིར་རོ། །རང་གི་ངོ་བོ་ཉིད་སྣང་བ་ན་ཤེས་པ་དངོས་པོ་འཛིན་པ་ཡིན་གྱི་གཞན་དུ་ནི་མ་ཡིན་
ནོ། །འོན་ཏེ་མིང་ལ་སོགས་པ་ཡང་མིང་གཞན་གྱི་རྒྱུས་གཏོགས་པ་དེ་ལྟ་ན་ནི་མིང་ལ་སོགས་པའི་འཕྲེང་བ་རིང་པོར་འགྱུར་རོ། །དེས་ན་མཚེ་མ་དག་ལ་ཡང་མིང་ལ་སོགས་པ་འཛིན་པའི་ཤེས་པ་འཁྲུལ་པའི་དཔེ་མ་གྲུབ་པ་ཡིན་ནོ། །དེར་ཡང་སྒྲ་ལས་མིང་ལ་སོགས་པ་ཉིད་རྟོགས་པ་སྟེ།
མིང་ལ་སོགས་པ་རྟོགས་པས་ཀྱང་ཇི་ལྟར་མཚེ་མ་ལ་སོགས་པ་དོན་གྱི་ངོ་བོ་ཉིད་ལ་འཇུག་པར་འགྱུར། དེའི་ཕྱིར་བརྩད་པ་མཚུངས་པ་ཡིན་པའི་ཕྱིར་ཇི་ལྟར་མཚེ་མ་ལ་སོགས་པ་དཔེ་ཡིན། ཁས་བླངས་ནས་ཀྱང་བརྗོད་པ་ཚུལ་འདྲ་བ་ལས་འཁྲུལ་པས་འཇུག་པ་ཡིན་མོད་ཀྱི། འོན་ཀྱང་ཐམས་
ཅད་དུ་མ་ཡིན་ཏེ། མཚེ་མ་དག་གཅིག་ཏུ་ངེས་ཀྱང་གཞན་ཁོ་ན་ལ་ཐམས་ཅད་དུ་འཇུག་པ་མ་ཡིན་པ་སྟེ། སྐུལ་བ་ཉིད་ལ་འཇུག་པ་མཐོང་བའི་ཕྱིར་རོ། །ལུས་ཅན་དང་ལུས་ཅན་མ་ཡིན་པ་དག་ལ་འདྲ་བ་ཡོད་པ་མ་ཡིན་ལ་ཚུལ་འདྲ་བ་མེད་ན་ཡང་ཇི་ལྟར་འཁྲུལ་པ་ཡིན་ཏེ། འདི་ལྟར་གཟུགས་
ལ་སོགས་པའི་ངོ་བོ་ཉིད་ནི་ཕྱི་རོལ་པ་ཡིན་ལ། མིང་ལ་སོགས་པ་ནི་ལུས་མེད་པ་སྟེ། གཞན་དུ་ན་ཇི་ལྟར་ལྡན་པ་མ་ཡིན་པའི་འདུ་བྱེད་དེའི་ཡིན། གཞན་ཡང་ཡུལ་ལ་འཁྲུལ་པར་ཡང་མི་འགྱུར་ཏེ། སྨྲ་བ་པོ་དང་ཉན་པ་པོའི་ཡུལ་དུ་མིང་ལ་སོགས་པས་བསྐུལ་ན། ཇི་ལྟར་དོན་གྱི་ཕྱོགས་སུ་

ཤེས་པར་འགྱུར། ཡུལ་སོ་སོར་ངེས་པའི་མཚེ་མ་ལ་བརྗོད་པ་ན། ཡུལ་གཞན་ན་གནས་པའི་དེ་དང་འདྲ་བ་རྟོགས་པ་ནི་མ་ཡིན་པའི་ཕྱིར་རོ། །འོན་ཏེ་སྨྲ་བ་པོའི་ཡུལ་ལ་ཡང་ངོ་བོ་ཉིད་བརྗོད་པ་མེད་ཀྱི། འོན་ཀྱང་མིང་གི་ཚུལ་ལས་ཡིན་པས། ཡུལ་དུ་ཡང་འཁྲུལ་པས་རྟོགས་པའོ་ཞེ་ན།
འོ་ན་ནི་ཡུལ་མ་བརྗོད་པའི་ཕྱིར་ཇི་ལྟར་དོན་གྱི་ཕྱོགས་ལ་འཇུག་སྟེ། ཡུལ་མེད་པའི་མིང་བརྗོད་པ་ན་ཡུལ་དང་འབྲེལ་པའི་གཟུགས་ལ་སོགས་པ་ལ་སུ་ཡང་འཇུག་པ་མ་ཡིན་ནོ། །འོན་ཏེ་མིང་དང་གཟུགས་དག་གཅིག་ཏུ་ཞེན་ནས་ཕྱི་རོལ་ལ་འཇུག་ན་ནི། དེ་ལ་ཡང་ཅི་མིང་ལ་སོགས་པ་ཕྱི་རོལ་
དུ་འདོགས་པ་ཡིན་ནམ། ཡང་ན་ཕྱི་རོལ་པ་མིང་ལ་སོགས་པར་འདོགས་པ་གཉིས་སུ་བརྟག་ན། གལ་ཏེ་མིང་ལ་སོགས་པའི་ངོ་བོ་ཉིད་ཕྱི་རོལ་དུ་འདོགས་ན་ནི་དེ་ལྟ་ན་ནི་མིང་ལ་སོགས་པ་ཉིད་རྟོགས་པ་མ་ཡིན་ནམ། ཇི་ལྟར་ཕྱི་རོལ་ལ་འཇུག་པ་ཡིན། གང་དུ་ཤེས་པ་སྣང་བ་གང་ཡིན་པ་དེ་ཉིད་དུ་
འཇུག་པར་རིགས་ཀྱི། གཞན་དུ་ནི་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །འོན་ཏེ་དོན་གྱི་ངོ་བོ་ཉིད་ལ་མིང་ལ་སོགས་པར་འདོགས་ན་ནི། ཕྱི་རོལ་ཉིད་རྟོགས་པར་འགྱུར་གྱི་མིང་ལ་སོགས་པ་ནི་མ་ཡིན་ནོ། །ཕྱི་རོལ་དུ་བརྟགས་པ་གང་ཡིན་པ་དེ་ཉིད་ཤེས་པའི་ཡུལ་ཡིན་ཏེ། ཡུལ་དུ་
མ་བྱས་པར་གདགས་པར་མི་ནུས་པའི་ཕྱིར་རོ། །འོན་ཏེ་གང་གི་ཤེས་པའི་རྣམ་པ་ཉིད་སྒྲ་ལས་རྟོགས་ཀྱི། དོན་ལ་མི་རེག་པར་འདོད་པ་དེའི་ཡང་ཕྱི་རོལ་ལ་ཇི་ལྟར་འཇུག་པར་འགྱུར་ཞེ་ན། སྨྲས་པ། ཤེས་མཚུངས་མིན། རྣམ་པ་དེ་ལྟའི་བློ་ཉིད་ནི། །སྐྱེ་ཕྱིར་ཞེས་བྱ་སྟེ། ཤེས་པ་སྟེ་ཤེས་
པའི་རྣམ་པ་བརྗོད་པར་བྱ་བ་ལ་ནི་འཇུག་པར་མི་འགྱུར་བའི་སྐྱོན་མཚུངས་པ་མ་ཡིན་ཏེ། བློ་དེ་ལྟ་བུའི་རྣམ་པ་སྟེ་ཡུལ་གྱི་རྣམ་པ་ཅན་སྐྱེ་བའི་ཕྱིར་རོ། །འདི་ལྟར་བག་ཆགས་སད་པ་ལས་བློ་སྐྱེ་བར་འགྱུར་བ་ནི་རང་གི་རྣམ་པ་ཉིད་ཁྱད་པར་ཅན་གྱི་ཡུལ་དུ་དོན་བྱ་བ་བྱེད་པར་སེམས་པས་སྐྱེ་བོ་འཇུག་
པར་མཐོང་བའི་ཕྱིར་ཅུང་ཟད་ཀྱང་འགལ་བ་མེད་དོ། །འོན་ཏེ་བྱེ་བྲག་ཏུ་སྨྲ་བའི་སྒྲ་ལས་བྱུང་བའི་ཤེས་པ་མིང་དང་རྒྱུ་མཚན་གྱི་རྣམ་པ་ཅན་ཡང་མིང་དང་རྒྱུ་མཚན་དེ་ཉིད་ལ་ཕྱི་རོལ་དུ་ཞེན་ནས་འཇུག་གོ་སྙམ་དུ་སེམས་ན། སྨྲས་པ། གཞན་ལ་དེ་མིན་ཏེ། བློ་ལ་ཁས་མི་ལེན་ཕྱིར་རོ། །ཕྱི་རོལ་

དོན་དུ་སྣང་བ་ཅན། །ཁས་ལེན་ན་ཡང་ཤེས་པ་ལས། །ཐ་དད་པ་ནི་ཚད་ཅན་མིན། །ལྡོག་པ་གྲུབ་པ་མེད་ཕྱིར་རོ། །ཞེས་བྱ་བ་ལ། མིང་ལ་སོགས་པ་བརྗོད་བྱར་འདོད་པ་གཞན་ལ། རྣམ་པ་དང་བཅས་པའི་ཤེས་པ་དེ་མེད་ན། ཅི་སྟེ་འཁྲུལ་པས་འཇུག་པ་ཡིན། ཅིའི་
ཕྱིར་ཞེ་ན་བློ་དེ་ལྟ་བུའི་རྣམ་པ་ཅན་ཕྱི་རོལ་གྱི་དོན་དུ་སྣང་བ་ཁས་མི་ལེན་པའི་ཕྱིར་རོ། །ཤེས་པ་རྣམ་པ་མེད་པ་ཉིད་ཡིན་ལ་ཕྱི་རོལ་གྱི་དོན་ནི་རྣམ་པ་དང་བཅས་པའི་ཕྱིར་རོ། །མིང་དང་རྒྱུ་མཚན་དག་དོན་ལ་སྒྲོ་བཏགས་པ་ཡང་མ་ཡིན་ཏེ། འདི་ལྟར་མིང་ལ་སོགས་པའམ། མ་རྟོགས་པར་དོན་གྱི་ངོ་བོ་
ཉིད་དུ་ཞེན་པར་འགྱུར་གྲང་ན། དེ་ལ་གལ་ཏེ་སྒྲ་ལས་བྱུང་བའི་ཤེས་པས་མིང་ལ་སོགས་པ་ངོ་བོ་ཉིད་དུ་འཛིན་ན་ནི། ཇི་ལྟར་དོན་གྱི་ངོ་བོ་ཉིད་དུ་ཞེན་པ་ཡིན། རང་གི་ངོ་བོ་ཉིད་དུ་འཛིན་པ་གཞན་གྱི་ངོ་བོ་ཉིད་དུ་རྟོགས་པའོ་ཞེས་བརྗོད་པར་རིགས་པ་མ་ཡིན་ནོ། །མིང་ལ་སོགས་པ་མ་རྟོགས་ན་ཡང་དོན་
གྱི་རྣམ་པ་ཉིད་དུ་ཇི་ལྟར་རྟོགས་པར་འཐད་དེ། ཐལ་ཆེས་པའི་ཕྱིར་རོ། །འདི་ལྟར་ཐམས་ཅད་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱིས་རྟོགས་པར་འགྱུར་རོ། །འོན་ཏེ་ཤེས་པ་མིང་དང་རྒྱུ་མཚན་གྱི་རྣམ་པ་ཅན་དུ་འདོད་དེ། རྣམ་པ་དང་བཅས་པའི་ཤེས་པར་སྨྲ་བ་ཚད་མའི་སྟོབས་ལས་འོངས་པའི་ཕྱིར་རོ་ཞེ་ན།
འདིར་སྨྲས་པ། ཁས་ལེན་ན་སྟེ་རྣམ་པ་དང་བཅས་པའི་ཤེས་པ་ཁས་ལེན་ན། མིང་ལ་སོགས་པ་མིང་དང་རྒྱུ་མཚན་ལ་དམིགས་པ་ཅན་གྱི་ཤེས་པ་ལས་ཐ་དད་པའི་ཚད་མ་མེད་པ་ནི་འདི་ཡིན་ཏེ། ཚད་མས་འཛིན་པ་ཡོད་པ་མ་ཡིན་པས་ཚད་མ་མེད་པ་སྟེ་དེའི་ངོ་བོ་ཉིད་ལ་ཚད་མ་མེད་པ་ཅན་ནོ། །
འདིར་སྒྲ་ལས་སྐྱེས་པའི་ཤེས་པ་ཡུལ་གྱི་རྣམ་པ་ཅན་ཉིད་སྣང་བ་ཡིན་གྱི། དེ་ལས་གཞན་པའི་མིང་ལ་སོགས་པ་འཛིན་པ་ནི་མ་ཡིན་ནོ། །དེ་བས་ན་མ་རྟོགས་པའི་མིང་ལ་སོགས་པར་རྟོགས་པ་ནི་ལེགས་པ་མ་ཡིན་ནོ། །འོ་ན་ཇི་ལྟར་མིག་གི་ཤེས་པ་ལ་དེའི་བདག་ཉིད་དུ་གྱུར་པའི་སྔོན་པོ་
ཉིད་སྣང་བ་ཡིན་གྱི། ཕྱི་རོལ་གྱི་དོན་སྣང་བ་ནི་མ་ཡིན་གྱི། འོན་ཀྱང་ཕྱི་རོལ་གྱི་དོན་ཡོད་པའོ། །དེ་བཞིན་དུ་སྒྲ་ལས་བྱུང་བའི་ཤེས་པ་ལ་མིང་ལ་སོགས་པ་དེའི་བདག་ཉིད་དུ་གྱུར་པ་སྣང་བ་ལ། མིང་གི་རྣམ་པ་ཅན་གྱི་ཤེས་པ་ལ་ཕན་འདོགས་པའི་མིང་ལ་སོགས་པ་གཞན་ཡོད་དོ་ཞེ་ན། དེ་ནི་

མི་འཐད་དེ། མིག་ལ་སོགས་པའི་ཤེས་པའི་ལྡོག་པ་གྲུབ་པའི་ཕྱིར་རོ། །མིག་ལ་སོགས་པའི་ཤེས་པ་མིག་ལ་སོགས་པ་ཡོད་ན་ཡང་སོ་སོར་ངེས་པའི་ཡུལ་དང་དུས་སུ་འབྱུང་བར་རྟོགས་པའི་ཕྱིར། རེས་འགའ་བའི་ཤེས་པས་དེའི་རྣམ་པ་ཅན་གྱི་ཤེས་པ་ལ་ཕན་འདོགས་པ་ཕྱི་རོལ་གྲུབ་པ་སྟེ།
སྒྲ་ལས་འབྱུང་བའི་ཤེས་པ་ནི་བརྡ་རྩོལ་བ་ཙམ་གྱིས་སྐྱེ་བར་འགྱུར་བའི་ཕྱིར། དེ་ལ་ཤེས་པ་ལས་ཐ་དད་པའི་མིང་ལ་སོགས་པར་བརྟགས་པ་ནི་ཡོད་པ་མ་ཡིན་ནོ། །གལ་ཏེ་ཤེས་ཀུན་དོན་ལྡན་ན། །རྨི་སོགས་ན་གཞན་དུ་མཐོང་ཕྱིར། །རིགས་མིན་ཞེས་བྱ་བ་ནི་ཤེས་པ་ཐམས་ཅད་རྣམ་པ་
མེད་པ་ཉིད་མ་ཡིན་ནམ། །དེ་ལ་རྣམ་པ་ནི་སྔོན་པོ་ལ་སོགས་པར་སྣང་བའོ། །དེ་བས་ན་ཤེས་བྱ་སྔོན་པོ་ལ་སོགས་པའི་རྣམ་པ་ཐམས་ཅད་དོན་གྱི་ཡིན་ཏེ། ཤེས་པའི་ནི་མ་ཡིན་ནོ། །དེས་ན་ཤེས་པ་ཐམས་ཅད་དོན་དང་ལྡན་པ་ཡིན་གྱི། ཅུང་ཟད་ཀྱང་རང་གི་རྣམ་པ་ཅན་ནི་མ་ཡིན་པའི་ཕྱིར་
ཇི་ལྟར་འཁྲུལ་པ་ཡིན། ཤེས་པའི་རྣམ་པ་ཕྱི་རོལ་གྱི་ཚུལ་དུ་སྣང་བ་ནི་མ་ཡིན་ཏེ། དེས་ན་སྒྲ་ལས་བྱུང་བའི་ཤེས་པ་ཡང་དམིགས་པ་དང་བཅས་པ་ཉིད་ཀྱི་ཕྱིར། ཇི་ལྟར་མིང་ལ་སོགས་པ་ཚད་མ་མེད་པ་ཅན་ཡིན་ཞེ་ན། འདི་ལ་སྨྲས་པ། ཤེས་པ་ཐམས་ཅད་དམིགས་པ་དང་བཅས་པའོ་ཞེས་བྱ་བའི་ཁྱབ་
པ་ཅིས་ཤེས་ཏེ། མདུན་ན་གནས་པའི་རྣམ་པ་མྱོང་བ་ཉིད་དོན་དུ་ཡོད་པ་ནི་མ་ཡིན་ནོ། །དེ་ལྟ་ན་ནི་འཁྲུལ་པ་དང་མ་འཁྲུལ་པའི་ཆ་མེད་པར་འགྱུར་ཏེ་ཐམས་ཅད་དོན་དང་ལྡན་པའི་ཕྱིར་རོ། །འོན་ཏེ་ཤེས་པ་དོན་དང་ལྡན་ན་ཡང་དོན་བྱེད་པ་དང་མི་ཕྲད་པས་འཁྲུལ་པར་གནས་པའོ་ཞེ་ན། དོན་བྱེད་པ་དང་བྲལ་
བས་དམིགས་པ་མེད་པ་ཉིད་དུ་ཇི་ལྟར་མི་འགྱུར་ན། ཅི་སྟེ་དོན་མེད་པ་མ་ཡིན། གཞན་ཡང་དེ་རྨི་ལམ་ལ་སོགས་པ་ན་དམིགས་པ་མེད་པ་ཅན་མཐོང་བའི་ཕྱིར་ཡུལ་མེད་པ་ཉིད་དུ་རིགས་པའོ། །འོན་ཏེ་རྨི་ལམ་གྱི་ཤེས་པ་ལ་དམིགས་པ་དང་བཅས་པར་འདོད་ན་ནི་མ་ཡིན་ཏེ། དེ་ལ་མ་གྲུབ་པའི་ཕྱིར་ཏེ།
དམིགས་པ་དང་བཅས་པ་འགའ་ཞིག་ཏུ་ཡང་མ་གྲུབ་པའི་ཕྱིར་རོ། །སད་པའི་ཤེས་པ་ལ་ཡོད་པ་མ་ཡིན་ནམ་ཞེ་ན། དེ་ལྟ་ན་ཡང་སད་པའི་གནས་སྐབས་རྨི་ལམ་ན་མེད་པའི་ཕྱིར་རྨི་ལམ་གྱི་ཤེས་པ་དམིགས་པ་མེད་པའོ། །དེའི་ཕྱིར་རྨི་ལམ་དང་ཟླ་བ་གཉིས་སུ་སྣང་བའི་ཤེས་པ་ལ་སོགས་

པ་ནའོ། །གཞན་དུ་སྟེ་ཡུལ་མེད་པར་ཡང་མདུན་དུ་མཐོང་བའི་ཕྱིར་ཤེས་པ་ཐམས་ཅད་དོན་དང་ལྡན་པའོ་ཞེས་པ་དེ་ནི་རིགས་པ་མ་ཡིན་ནོ། །རྨི་ལམ་གྱི་ཤེས་པ་ཡང་མིག་ལ་སོགས་པའི་ཡུལ་ཅན་མ་ཡིན་ནམ་དེ་བས་ན་རྨི་ལམ་གྱི་ཤེས་པ་དོན་མེད་པ་ཅན་དུ་རིགས་པ་མ་ཡིན་ནོ་ཞེ་ན། འདིར་
སྨྲས་པ། འདུ་བྱེད་ལ་མ་ཡིན། སྔོན་པོ་ལ་སོགས་སྣང་ཕྱིར་རོ། །ཞེས་བྱ་བ་ལ། རྨི་ལམ་གྱི་ཤེས་པ་ལ་སྔོན་པོ་ལ་སོགས་པ་སྣང་བ་ནི་མིང་ལ་སོགས་པའི་རྣམ་པ་དེ་དང་བྲལ་བའི་ཕྱིར་རོ། །དེས་ན་སྔོན་པོ་ལ་སོགས་པའི་རྣམ་པར་སྣང་བ་ལས་རྨི་ལམ་གྱི་ཤེས་པ་སྐྱེའི་ལྡན་པ་མ་ཡིན་པའི་འདུ་བྱེད་ལས་
སྐྱེས་པ་ནི་མ་ཡིན་ནོ། །འོན་ཏེ་རྨི་ལམ་གྱི་ཤེས་པའི་ཡུལ་སྔོན་པོ་ལ་སོགས་པ་ཉིད་མ་ཡིན་གྱི། འོན་ཀྱང་ཕྱི་རོལ་གྱི་དངོས་པོ་ཡུལ་དང་དུས་གཞན་པ་ཅན་རྨི་ལམ་གྱི་ཤེས་པའི་ཡུལ་ཡིན་ཏེ། འདི་ལྟར་རྨི་ལམ་གྱི་ཤེས་པ་ལ་སྐྱེ་བ་གཞན་གྱི་དངོས་པོ་ཡང་སྣང་བ་ཡིན་ནོ། །ཡང་ན་འདི་ཉིད་ཀྱི་ཡུལ་
ལམ་དུས་གཞན་ན་ཡོད་པའི་ཡུལ་དང་དུས་གཞན་པ་ཅན་དུ་སྣང་བར་བྱེད་དོ། །དེས་ན་རྨི་ལམ་ལ་སོགས་པ་ན་ཡང་ཕྱིན་ཅི་ལོག་ཏུ་སྣང་གི །བདག་ཉིད་ཐམས་ཅད་ཀྱིས་ཡུལ་མེད་པ་ཅན་གྱི། ཤེས་པ་ནི་མ་ཡིན་ནོ་ཞེ་ན། འདི་ལ་སྨྲས་པ། ཐོགས་མེད་ཕྱིར་ན་སྔོ་སོགས་མིན། །ཞེས་བྱ་བ་ལ།
སྔོན་པོ་ལ་སོགས་པ་རྨི་ལམ་གྱི་ཤེས་པའི་གཟུང་བར་རིགས་པ་མ་ཡིན་ཏེ། རྨི་ལམ་ན་སྣང་བ་སྔོན་པོ་ལ་སོགས་པ་དང་མི་མཐུན་པའི་ཕྱིར་རོ། །འདི་ལྟར་ཕྱི་རོལ་གྱི་དངོས་པོ་ཐོགས་པ་དང་བཅས་པ་སྟེ། རྨི་ལམ་གྱི་སྔོན་པོ་ལ་ནི་ཐོགས་པ་དང་བཅས་པ་ལ་སོགས་པ་མེད་པའི་ཕྱིར་རོ། །དེ་ལྟར་གལ་ཏེ་རྨི་
ལམ་ན་ཕྱི་རོལ་གྱི་དངོས་པོ་ཡོད་ན་ནི་ཡུལ་འདྲ་བར་གླང་པོ་ཆེའི་ཚོགས་མཐོང་བ་དང་། དེ་བཞིན་དུ་ཁང་ཆུང་ན་ཉལ་བའི་ཚེ་རྩིག་པས་ཆོད་པ་ཅན་དུ་ཡང་བདག་ཉིད་ཕྱི་རོལ་དུ་ཐོན་པར་སྣང་བ་དང་། རྨི་ལམ་ན་གླང་པོ་ཆེ་ལ་སོགས་པ་སྡོང་པོ་བསྒྱེལ་བ་ལ་སོགས་པའི་འབྲས་བུ་གཏན་དུ་བལྟར་མེད་པ་དེ་དག་ཐམས་
ཅད་རིགས་པ་མ་ཡིན་ནོ། །འོན་ཏེ་ཡུལ་དང་དུས་གཞན་གྱི་དངོས་པོ་སྣང་བ་ཡིན་པ་དེ་བས་ན་དེ་ལ་དོན་བྱེད་པ་མེད་དོ་ཞེ་ན། གལ་ཏེ་དུས་གཞན་ན་ཡོད་པའི་དངོས་པོ་དུས་གཞན་དུ་མཐོང་ན་ནི་སད་པའི་ཚེ་ཡང་རྨི་ལམ་ལ་སོགས་པ་ན་མཐོང་བའི་དུས་ན་ཡོད་པ་ཉིད་ཀྱི་དངོས་པོ་ཡང་མཐོང་བར་འགྱུར་བའི་ཕྱིར་

ཐམས་ཅད་དུ་འཁྲུགས་པར་སྣང་བར་འགྱུར་རོ། །འོན་ཏེ་སད་པའི་ཤེས་པ་ལ་གནོད་པ་ཅན་མེད་པའི་ཕྱིར། ཕྱིན་ཅི་ལོག་ཏུ་སྣང་བ་མ་ཡིན་ཞེ་ན། བཟློག་པར་སྣང་བ་ཉིད་གནོད་པ་ཅན་གྱི་དངོས་པོ་མྱོང་བ་མ་ཡིན་ནམ། འོན་ཏེ་དོན་དང་ཕྲད་པ་ཡོད་པས་ཟློག་པ་སྣང་བ་ནི་མ་ཡིན་ནོ་ཞེ་ན། དོན་དང་ཕྲད་
པ་ཕྱིན་ཅི་ལོག་ཏུ་སྣང་བ་ཉིད་ལས་ཀྱང་མ་ཡིན་ནམ། འོན་ཏེ་དོན་ཡོད་ན་ཇི་ལྟར་ཕྱིན་ཅི་ལོག་ཏུ་ཤེས་ཤེ་ན། དེ་ལྟ་ན་ནི་རྨི་ལམ་ན་དོན་འཛིན་པ་མ་ཡིན་ནམ། ཇི་ལྟར་ཕྲད་པ་མ་ཡིན། རྨི་ལམ་ན་དོན་མེད་པས་ཕྲད་པ་མེད་ཅེ་ན། དོན་མེད་ན་ཇི་ལྟར་རྨི་ལམ་ན་དོན་འཛིན་པ་ཡིན། འོན་ཏེ་དུས་གཞན་
དུ་མྱོང་བས་ཕྱི་རོལ་གྱི་དངོས་པོ་རྨི་ལམ་དུ་མྱོང་ངོ་ཞེ་ན། དེ་ལྟ་ན་ནི་དུས་གཞན་དུ་མཐོང་བ་ཇི་ལྟར་མི་ཕྲད་པ་ཡིན། འོན་ཏེ་དུས་གཞན་དུ་ཡོད་ལ་ད་ལྟ་མེད་པས་མི་ཕྲད་དོ་ཞེ་ན། དེ་ལྟ་ན་དེ་ཇི་ལྟར་མྱོང་བ་ཡིན། འོན་ཏེ་དུས་གཞན་དུ་མཐོང་བའོ་ཞེ་ན། དེ་ཐོབ་པར་ཡང་འགྱུར་རོ། །འོན་ཏེ་ཡོད་པ་མ་ཡིན་པ་ཇི་
ལྟར་ཕྲད་པར་ནུས་ཤེ་ན། མཐོང་བར་ཡང་ཇི་ལྟར་ནུས། འོན་ཏེ་རྨི་ལམ་ན་སྔོན་པོ་མྱོང་བ་ཉིད་དོ་ཞེ་ན། མི་ཤེས་པ་མ་ཡིན་ནམ། ཇི་ལྟར་སྔོན་པོ་རིག་ཅིང་ཅི་སྟེ་དེའི་རྣམ་པ་ཅན་གྱི་ཤེས་པ་མ་ཡིན། འོན་ཏེ་སྔོན་པོ་སྔོན་པོ་ཞེས་གཅིག་ཏུ་ཞེན་པས་སྔར་སྔོན་པོ་མཐོང་བ་རྨི་ལམ་དུ་གྲུབ་པོ་ཞེ་ན། དེ་ལྟ་ན་ནི་
གཅིག་ཏུ་ཞེན་པར་བྱ་བ་ཐམས་ཅད་སྔར་ཉིད་དུ་མཐོང་བ་ཉིད་ལས་ད་ལྟ་མཐོང་བ་ནི་མ་ཡིན་ནོ། །འདི་ཉིད་དྲན་པས་མོས་པ་སྟེ་དེ་ཡང་སྔར་བཟློག་ཟིན་ཏོ། །འདི་ལྟར་གལ་ཏེ་སྔར་གྱི་རྡུལ་ཉིད་ད་ལྟར་གྱི་དུས་སུ་འཛིན་ན། དེའི་ཚེ་སྔར་གྱི་རྡུལ་དང་འབྲེལ་པའི་དོན་བྱེད་པ་ཅི་སྟེ་མི་མཐོང་བ་ཡིན། དངོས་པོ་ཡོད་པ་ཡང་
དོན་བྱེད་པ་དེ་བས་ན། དོན་བྱེད་པ་དང་བྲལ་བའི་ཕྱིར་ཐམས་ཅད་འཁྲུལ་པའི་ཤེས་པའི་གཟུང་བ་སྟེ་དངོས་པོ་ནི་མ་ཡིན་ནོ། །གལ་ཏེ་ཡང་སྔར་མཐོང་བ་ཉིད་ཀྱི་དངོས་པོ་ད་ལྟར་ཡོད་པས་དྲན་པ་ཉམས་པས་སྣང་བ་ཡིན་ན་དེའི་ཚེ་ཕྱིན་ཅི་ལོག་ཏུ་སྣང་བ་ཉིད་དེ་དེའི་སྐྱོན་ཡང་བཤད་ཟིན་ཏོ། །འོན་ཏེ་སྔོན་པོ་ལ་སོགས་པ་
རྨི་ལམ་ལ་སོགས་པར་སྣང་བའི་དངོས་པོ་འཇིག་རྟེན་པ་མ་ཡིན་ཏེ། རྒྱུ་གཞན་ལས་སྐྱེས་པ་དེ་བས་ན་རྨི་ལམ་གྱི་ཤེས་པ་ནི་དངོས་པོའི་ཡུལ་ཅན་ནོ་ཞེ་ན།། །།ཚད་མ་རྣམ་འགྲེལ་གྱི་འགྲེལ་པ། བམ་པོ་གསུམ་པ། འདིར་སྨྲས་པ། །ཡུལ་རུང་ཅན་གྱིས་མི་ཤེས་པ། །རང་གིས་ཤེས་

ཕྱིར་དེ་ཤེས་ཡིན། །དེས་ནི་མིང་སོགས་བརྗོད་པ་ཡིན། །ཞེས་བྱ་བ་ལ། གལ་ཏེ་རྨི་ལམ་གྱི་སྔོན་པོ་ལ་སོགས་པ་འཇིག་རྟེན་པ་མ་ཡིན་པར་སྐྱེའོ་ཞེ་ན། དེ་ལྟ་ན་ནི་སྲོག་ཆགས་ཐམས་ཅད་ཀྱིས་ཅིའི་ཕྱིར་མི་རྟོགས། འོན་ཏེ་དེ་དག་རྨི་ལམ་དུ་སྔོན་པོ་ལ་སོགས་མྱོང་བ་ནི་
ཚོགས་པའི་རྐྱེན་མེད་པས་དམིགས་པ་མེད་པ་ཡིན་ཏེ། སྔོན་པོ་ལ་སོགས་པ་ཚོགས་པ་ནི་རྨི་ལམ་དུ་མཐོང་བའི་རྒྱུ་ཡིན་ནོ་ཞེ་ན། འདི་ལ་སྨྲས་པ། གལ་ཏེ་གཉིད་ཀྱི་སྟོབས་ཀྱིས་སྔོན་པོ་བདེན་པར་རྨི་ལམ་དུ་མཐོང་ན་ནི་དེ་ལྟ་ན་གཉིད་ལོག་པ་གཞན་དག་གིས་ཅིའི་ཕྱིར་མི་མཐོང་བ་ཡིན། འོན་ཏེ་སྔོན་
མཐོང་བའི་འདུ་བྱེད་ཀྱི་མཐུས་རྨི་ལམ་དུ་སྣང་བ་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་སྔོན་གྱི་འདུ་བྱེད་ཐ་དད་པ་ལས་གཞན་དུ་ཡང་རྨི་ལམ་ན་སྣང་བ་འབྱུང་བས་སྔར་མཐོང་བའི་འདུ་བྱེད་ཀྱིས་བསྐྱེད་པའི་ཕྱིར་སྔོན་པོ་ལ་སོགས་པ་དེ་ནི་རྨི་ལམ་གྱི་ཤེས་པ་ཉིད་དེ། འདི་ལྟར་ཡུལ་རུང་བ་ཅན་ན་གནས་པར་གཉིད་ལོག་པ་
ལས་སད་པ་ན་མི་ཤེས་པའི་སྔོན་པོ་ལ་སོགས་པ་རྨི་ལམ་ན་ཤེས་པའི་ཕྱིར་སྔོན་པོ་ལ་སོགས་པ་དེ་ཤེས་པ་ཉིད་དུ་རིགས་སོ། །འོན་ཏེ་གཟུང་བ་ཉིད་དུ་རིག་པའི་ཕྱིར་དོན་གྱི་ཤེས་པ་མ་ཡིན་ནོ་ཞེ་ན། གཟུང་བའི་ཚུལ་གྱིས་རིག་པ་ནི་མ་ཡིན་ཏེ་རང་གི་ངོ་བོ་ཉིད་དུ་འཛིན་པའི་ཕྱིར་རོ། །རང་གི་ངོ་བོ་ཉིད་ཀྱིས་སྔོན་
པོ་ལ་སོགས་པ་དེ་མྱོང་བ་ཡིན་གྱི་གཟུང་བར་ནི་མ་ཡིན་ནོ། །དེས་ན་རང་རིག་པ་ཡིན་པའི་ཕྱིར་རྨི་ལམ་ལ་སོགས་པའི་སྔོན་པོ་ནི་ཤེས་པ་ཉིད་དོ། །དེས་ན་མིང་ལ་སོགས་པ་ཡང་ཤེས་པའི་རང་བཞིན་ནོ་ཞེས་བསྟན་པ་ཡིན་ཏེ། མིང་ལ་སོགས་པ་ཡང་གཞན་གྱིས་མི་ཤེས་པས་རང་གིས་མྱོང་བ་ཡིན་པ་
དེ་བས་ན་སྒྲའི་སྟོབས་ལས་སྐྱེས་པ་ནི་ཤེས་པ་ཉིད་ཡིན་གྱི། དེ་ལ་དོན་ཡོད་པ་ནི་མ་ཡིན་ནོ། །ད་ནི་ཤེས་པའི་མདུན་དུ་བྱ་བའི་དོན་ལ་དགོས་པ་མེད་པར་བསྟན་པའི་ཕྱིར། མིག་ལ་སོགས་པའི་བློ་འདོད་པ། དེ་ཉིད་དོན་དམ་པར་ཅིས་ཤེས། །དོན་གྱི་ནུས་པ་མཐོང་ཕྱིར་ན། །དོན་མེད་ཅན་
གཞན་ཐོབ་པར་འགྱུར། །ཞེས་བྱ་བ་སྨོས་ཏེ། གང་འདི་མིག་ལ་སོགས་པའི་བློ་ཕྱིན་ཅི་མ་ལོག་པའི་སྣང་བ་ཅན་དཔེས་ཉེ་བར་བརྗོད་པ་དེ་ཉིད་དོན་དང་ལྡན་པར་ཚད་མ་གང་གིས་ཁོང་དུ་ཆུད་པ་ཡིན་ཏེ། རྨི་ལམ་དང་སད་པ་ན་མཐོང་བའི་མདུན་ན་གནས་པའི་ཡུལ་སྣང་བ་ལ་བྱེ་བྲག་མེད་པའི་ཕྱིར་རོ། །

འོན་ཏེ་དོན་གྱི་ནུས་པ་རྗེས་སུ་འགྲོ་བ་དང་ལྡོག་པ་དག་གིས་མཐོང་བ་སྟེ། འདི་ལྟར་སད་པ་ན་མཐོང་བའི་དོན་སྣང་བ་གང་ཡིན་པ་དེ་ནི་སྔར་གཞན་གྱིས་མཐོང་བ་དང་རང་གིས་ཀྱང་རྗེས་སུ་དཔག་པས་ཤེས་པ་དང་། ཕྱིས་ཀྱང་ཐོབ་པར་འགྱུར་བ་དེ་བས་ན་དོན་གྱི་ནུས་པར་རིགས་སོ་ཞེ་ན། དེ་ལྟར་ནི་རྨི་ལམ་གྱི་
ཤེས་པ་དང་མིང་དང་རྒྱུ་མཚན་གྱི་ཤེས་པ་གཞན་དག་དོན་མེད་པ་ཉིད་དུ་འགྱུར་ཏེ། དེ་ལ་ཕྱི་རོལ་དང་རྗེས་སུ་འགྲོ་བ་དང་ལྡོག་པ་མེད་པའི་ཕྱིར་རོ། །གཞན་ཡང་རྨི་ལམ་གྱི་ཤེས་པ་ལ་དོན་མེད་དོ་ཞེས་རྟོགས་པའི་བརྡར་བཏགས་པ་ནི་ཡོད་པ་མ་ཡིན་ནོ། །རྨི་ལམ་གྱི་ཤེས་པ་ལ་སད་པའི་ཚེ་
འཇིག་རྟེན་ལ་གྲུབ་པ་མ་ཡིན་ནོ་ཞེས་ཤེས་པ་སྐྱེ་བའི་དྲན་པ་མེད་པ་ཡིན་ནོ་ཞེ་ན། ཇི་ལྟར་རྨི་ལམ་དེ་འཇིག་རྟེན་པ་ལ་མ་གྲུབ་འཇིག་རྟེན་པས་རྟོགས་པར་གྱུར་པ་འཇིག་རྟེན་པ་ལ་མ་གྲུབ་པ་མ་ཡིན་ཏེ། ལོག་པར་སྣང་བར་ཐལ་བར་འགྱུར་བའི་ཕྱིར་རོ། །འོན་ཏེ་འཇིག་རྟེན་ལ་མེད་པ་ཉིད་འཇིག་
རྟེན་པའི་ཚུལ་དུ་ཤེས་སོ་ཞེ་ན། འོ་ན་འཇིག་རྟེན་པ་ལ་མེད་པའི་རང་བཞིན་ཐུག་པ་མེད་པར་འགྱུར་རོ། །དེའི་ཕྱིར་མིང་ལ་སོགས་པ་སྨྲ་བ་པོ་དང་འབྲེལ་པ་ཅན་དུ་འཐད་པ་མ་ཡིན་ནོ། །འོན་ཏེ་མིང་ལ་སོགས་པ་དོན་དང་འབྲེལ་པ་སྒྲས་བརྗོད་པ་དེ་བས་ན་དོན་ཁོང་དུ་ཆུད་པར་འགྱུར་རོ་ཞེ་ན། སྨྲས་པ།
འབྲེལ་མེད་ཅན་ནའང་འཇུག་པ་མེད། །གལ་ཏེ་དོན་དང་འབྲེལ་ལྡན་ན། །འདས་པ་མ་འོངས་བརྗོད་བྱ་མིན། །དོན་དང་ལྷན་ཅིག་དེ་འགགས་ཕྱིར། །ཞེས་བྱ་བ་ལ། གལ་ཏེ་མིང་ལ་སོགས་པ་ལ་འབྲེལ་པ་ཅན་ཡིན་པ་དེ་ལྟ་ན་ཡང་འདས་པ་དང་མ་འོངས་པ་བརྗོད་བྱར་མི་འགྱུར་ཏེ། མིང་ལ་སོགས་
པ་དོན་ཉིད་དང་ལྷན་ཅིག་འགགས་པ་དང་མ་སྐྱེས་པའི་ཕྱིར་རོ། །འོན་ཏེ་མིང་ལ་སོགས་པ་གང་དང་ཡང་འབྲེལ་པ་མེད་པ་ཡིན་པ་དེ་ལྟ་ན་ཡང་དོན་ལ་སོགས་པ་དང་འབྲེལ་པ་མེད་པས་ཤིན་ཏུ་གསལ་བར་འཇུག་པ་མེད་པར་འགྱུར་ཏེ། མིང་ལ་སོགས་པ་ལ་དོན་བྱེད་པ་མེད་པའི་ཕྱིར་དང་། དོན་ཀྱང་མི་
ཤེས་པའི་ཕྱིར་རོ། །སྒྲ་ཡིས་སྤྱི་ནི་འཛིན་པའི་ཕྱིར། །གལ་ཏེ་ཐལ་བར་མི་འདོད་ན། །དེ་མིན་སྤྱི་ནི་ཡན་གར་བ། །འཛིན་མེད་ཕྱིར་རོ་འཛིན་ན་ཡང་། །དེ་སྤྱི་མིན་ན་གསལ་བ་མིན། །དེས་ན་རྟག་ཏུ་དམིགས་འགྱུར་རོ། །རྟག་ཉིད་ཕྱིར་རོ་ཞེས་བྱ་བ་ལ། འོན་ཏེ་སྒྲའི་སྟོབས་ཀྱིས་སྤྱི་ཙམ་འཛིན་

པར་འགྱུར་གྱི་སྒྲའི་ཡུལ་རང་གི་མཚན་ཉིད་ནི་མ་ཡིན་པ་དེ་བས་ན་སྤྱི་འཛིན་པའི་ཕྱིར། གང་འདི་ཐལ་བར་བརྗོད་པ་དབང་པོ་རྣམས་དོན་མེད་པ་ཉིད་དོ་ཞེས་པ་དེར་མི་འགྱུར་ཏེ། འདི་ལྟར་གལ་ཏེ་སྒྲས་རང་གི་མཚན་ཉིད་བརྗོད་པ་ན་དེའི་ཚེ་སྐྱོན་འདིར་འགྱུར་གྱི་སྤྱི་ཙམ་བརྗོད་བྱ་ཡིན་པ་ལ་
ནི་མ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། སྤྱི་ཡན་གར་བ་མི་འཛིན་པའི་ཕྱིར་ཏེ་གསལ་བ་དང་བཅས་པ་ཉིད་ཀྱི་སྤྱི་སྒྲ་ལས་བྱུང་བའི་ཤེས་པ་ལ་སྣང་བའི་ཕྱིར་རོ། །འོན་ཏེ་སྤྱི་ཡན་གར་བ་ཉིད་སྒྲའི་ཤེས་པ་ཡུལ་ཡིན་པ་དེ་བས་ན་འདས་པ་ལ་སོགས་པའི་སྤྱི་ཡན་གར་བ་འཛིན་ནོ་ཞེ་ན། འདིར་སྨྲས་པ། གལ་ཏེ་
སྤྱི་ཡན་གར་བ་འཛིན་པ་དེའི་ཚེ་འདས་པ་ལ་སོགས་པའི་རྣམ་པར་གཞག་པ་མེད་དེ་སྤྱི་འདས་པ་ལ་སོགས་པའི་རང་བཞིན་མ་ཡིན་པའི་ཕྱིར་རོ། །འོན་ཏེ་སྤྱི་འདས་པའི་གསལ་བ་འབྲེལ་པས་འདས་པ་ཞེས་བརྗོད་དོ་ཞེ་ན། དེ་ལྟ་ན་ནི་གསལ་བ་དང་ལྷན་ཅིག་ཁོ་ནར་འཛིན་པའི་ཕྱིར། འདས་པ་གསལ་
བའི་རང་བཞིན་དུ་མེད་པས་ན་ཇི་ལྟར་གསལ་བ་ཞིག་པའི་སྒོ་ནས་སྤྱི་འདས་པ་ཉིད་དུ་ཤེས། ཡང་ན་སྤྱི་ཡན་གར་བ་འཛིན་ན་གསལ་བ་དེ་དག་གི་སྤྱིར་མི་འགྱུར་ཞིང་གསལ་བའི་གསལ་བྱར་ཡང་མི་འགྱུར་ཏེ། གསལ་བ་ལ་མ་ལྟོས་པར་རང་རྒྱུད་པར་གཟུང་བ་དེ་དང་འབྲེལ་པ་ཅན་དུ་མི་རིགས་པའི་ཕྱིར་དང་།
རང་ཤེས་པས་རྟོགས་པའི་རྒྱུ་ཡིན་པས་མར་མེ་ལ་སོགས་པ་གསལ་བར་བྱེད་པ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་གསལ་བ་རྟོགས་པ་མེད་པར་སྤྱི་ཤེས་ན་ནི་གསལ་བས་གསལ་བྱ་མ་ཡིན་ནོ། །དེས་ན་སྟེ་གསལ་བས་གསལ་བྱར་བྱ་བ་དང་བྲལ་བས། སྤྱི་རྟག་ཏུ་དམིགས་པར་འགྱུར་བ་སྟེ། གསལ་
བས་སྟོང་པའི་ས་ཕྱོགས་སུ་རིགས་མཐོང་བར་འགྱུར་རོ། །གང་གིས་ཐམས་ཅད་དུ་སྣང་བར་འགྱུར་བའི་སྤྱི་རྟག་ཏུ་མཐོང་བ་ཡིན་ཞེ་ན། དེའི་ཕྱིར་རྟག་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། རྟག་ཏུ་དམིགས་པར་འགྱུར་རོ་ཞེས་བྱ་བར་སྙེགས་སོ། །གསལ་བ་ལས། །མངོན་སུམ་ཉིད་དུ་གསལ་
ན་ནི། །རང་ལ་ཤེས་པ་སྐྱེད་པའི་མཐུ། །ཡོད་ན་གང་དེ་ནུས་ལྡན་ཉིད། །འོན་ཏེ་རེས་འགའ་ནུས་མེད་ན། །དེ་ནི་ཀུན་དུ་ནུས་མེད་ཡིན། །ཞེས་བྱ་བ་ལ། འོན་ཏེ་གསལ་བ་ཡོད་པ་ལས་སྤྱིའི་གསལ་བ་འབྱུང་སྟེ་མཐོང་བ་ལ་ལྟོས་ནས་སོ། །དེས་ན་ཐམས་ཅད་དུ་དེ་དམིགས་པ་མ་ཡིན་ནོ་ཞེ་ན།

སྤྱི་གང་ཡིན་པ་རང་གི་ཡུལ་ཅན་སྐྱེད་ནུས་ན་ནི་དེ་ནུས་པ་ཉིད་མ་ཡིན་ནམ། དེས་ན་རྟག་ཏུ་དམིགས་པར་འགྱུར་རོ། །འོན་ཏེ་རེས་འགའ་སྤྱི་ལ་ནུས་པ་མེད་དོ་ཞེ་ན། འོ་ན་ནི་ཐམས་ཅད་དུ་ནུས་པ་མེད་པའི་ཕྱིར་དེ་མི་དམིགས་པར་འགྱུར་རོ། །འོན་ཏེ་གསལ་བ་དང་བཅས་པའི་སྤྱིས་རང་གི་
ཤེས་པ་སྐྱེད་པར་ནུས་ཀྱི། གསལ་བ་ལ་སོགས་པའི་གྲོགས་མེད་ན་ཤེས་པ་མི་སྐྱེད་དེ། ནུས་པ་ཡང་གཅིག་པུས་འབྲས་བུ་སྐྱེད་པ་མ་ཡིན་གྱི་ཚོགས་ནས་སྐྱེད་པའི་ཕྱིར་རོ་ཞེ་ན། སྨྲས་པ། དེ་ནུས་པའམ་མི་ནུས་པར། །ངོ་བོ་ཉིད་ཀྱིས་གནས་པ་གང་། །རྟོགས་པ་ཉིད་ཕྱིར་གསོ་མིན་ན། །
དེ་ཟད་བྱ་ཕྱིར་ནུས་པ་གང་། །ཞེས་བྱ་བ་ལ། སྤྱི་དེ་ནི་ཤེས་པ་གང་ཞིག་སྐྱེད་པའི་ནུས་པའམ་ནུས་པ་མེད་པའི་ངོ་བོ་ཉིད་ནུས་པའམ་ནུས་པ་མེད་པ་དེ་ནི། མི་འགྱུར་བའི་སྤྱི་རྟག་པའི་ཕྱིར་གསལ་བ་ལ་སོགས་པ་ཕན་འདོགས་པར་བྱེད་པ་གང་ཞིག་གིས་འཇིག་པར་ནུས་ཤིང་སྐྱེད་པར་ནུས། འོན་ཏེ་གསལ་
བར་བྱེད་པ་གསལ་བ་མེད་པར་དབང་པོས་མི་འཛིན་ཏེ། དབང་པོས་གཟུང་བའི་སྤྱི་གསལ་བས་གསལ་བར་བྱ་བའི་ཕྱིར་ཇི་ལྟར་བུམ་པ་ལ་སོགས་པ་རྣ་བས་ཤེས་པ་མ་ཡིན་པས་གསལ་བ་ལ་མི་ལྟོས་ཀྱི་མིག་གིས་ཤེས་པ་ནི་སྒྲོན་མ་ལ་ལྟོས་པ་བཞིན་ནོ་ཞེ་ན། འདིར་སྨྲས་པ། །སྤྱིའི་ཤེས་པ་དེ་
ལ་ཡང་། །སྔོན་པོ་ལ་སོགས་རྣམ་པའི་ཆ། །གང་ཡིན་རྗེས་སུ་འཛིན་པར་སྣང་། །དེ་ནི་གང་གིས་དེ་རུ་སྤྲུལ། །ཞེས་བྱ་བ་ལ། གལ་ཏེ་བུམ་པ་ལ་སོགས་པ་བཞིན་དུ་སྒྲ་ལས་སྤྱི་འབའ་ཞིག་ཤེས་ན་དེའི་ཚེ་བུམ་པའི་སྒྲ་ལས་བུམ་པ་ཉིད་ཤེས་པའི་ཕྱིར། ཇི་ལྟར་བུམ་པ་དཔེར་རུང་སྟེ། རིགས་
ཕྱོགས་སུ་བྱས་པའི་ཕྱིར་རོ། །ཕྱོགས་ཉིད་དཔེར་མི་འགྱུར་ཏེ་དཔེའི་སྐྱོན་གྱིས་དངོས་པོ་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་བས་ན་གལ་ཏེ་སྒྲ་ལས་ངོ་བོ་ཉིད་ཀྱིས་སྤྱི་ཤེས་ན་དེ་ལ་དབང་པོའི་ཤེས་པས་ཅི་ཞིག་བྱ། འོན་ཏེ་དབང་པོའི་ཤེས་པ་མེད་པར་ཇི་ལྟར་སྒྲ་ལས་སྤྱི་ཤེས་པར་འགྱུར་ཏེ་འབྲེལ་པ་འཛིན་
པ་མེད་པའི་ཕྱིར་རོ་ཞེ་ན། སྒྲ་ལས་སྣང་བའི་རྣམ་པ་གང་ཡིན་པ་དེ་ནི་རིགས་ཡིན་ན། ཅི་སྟེ་རིགས་ཀྱི་རང་བཞིན་དབང་པོ་གཉིས་ཀྱི་གཟུང་བྱར་འགྱུར་ཏེ། དེ་ལ་གལ་ཏེ་སྒྲའི་ཤེས་པའི་གཟུང་བ་རིགས་ཀྱི་ངོ་བོ་ཉིད་ཡིན་ན་དེ་ཉིད་གསལ་བས་གསལ་བར་གྱུར་པའི་དབང་པོས་འཛིན་པར་འགྱུར་ཏེ། དེ་ཉིད་ཀྱི་

རང་བཞིན་གྱིས་རྟག་ཏུ་རིགས་འཛིན་པར་འགྱུར་རོ། །འོན་ཏེ་གང་མངོན་སུམ་གྱིས་ཤེས་པ་དེ་ཉིད་རིགས་ཀྱི་ངོ་བོ་ཉིད་དོ་ཞེ་ན། དེ་ལྟ་ན་ནི་རིགས་ཀྱི་ངོ་བོ་ཉིད་མངོན་སུམ་གྱིས་གཟུང་བར་ཐ་སྙད་འདོགས་ན་ཇི་ལྟར་མི་གསལ་བར་ཤེས་པ་ཡིན་ཏེ། གསལ་བའི་ངོ་བོ་ཉིད་ཀྱི་སྒྲ་ལས་
སྐྱེས་པའི་ཤེས་པས་སྣང་བར་འགྱུར་བའི་ཕྱིར་རོ། །གཞན་ཡང་སྤྱིའི་ཤེས་པ་དེ་ཡང་སྔོན་པོའི་དབྱིབས་ཀྱི་རྣམ་པའི་ཆ་མི་གསལ་བར་རྗེས་སུ་འཛིན་པ་སྟེ་མངོན་དུ་བྱེད་པར་ཤེས་པར་བྱེད་པ་དེའི་རྣམ་པ་དང་ལྡན་པའི་སྤྱིའི་ཤེས་པ་དེ་རུ་གང་གིས་སྐྱེད་པར་བྱེད། སྤྱིས་ནི་མ་ཡིན་ཏེ་སྔོན་པོའི་རྣམ་པ་དང་
བྲལ་བའི་ཕྱིར་རོ། །གསལ་བའི་རྣམ་པའོ་ཞེ་ན། གསལ་བ་མ་བཟུང་བར་དེའི་རྣམ་པའོ་ཞེས་ཇི་ལྟར་ཤེས། གསལ་བ་བསྐྱེད་པས་སོ་ཞེ་ན། མ་ཡིན་ཏེ་རིགས་མེད་པར་ཐལ་བར་འགྱུར་ཏེ་གསལ་བ་མེད་པར་མི་འཛིན་པའི་ཕྱིར་རོ། །རྗེས་སུ་སོན་པའི་རྣམ་པ་ནི་སྔོན་པོ་ལ་སོགས་པའི་རྣམ་
པ་གཞན་ལས་ཡོད་པ་མ་ཡིན་ཏེ། དེ་ནི་གསལ་བས་བྱས་པའི་ཕྱིར་རིགས་མེད་པར་འགྱུར་རོ། །མངོན་སུམ་ཤེས་པའི་དོན་ཅན་ཕྱིར། །དབང་པོ་དོན་མེད་མིན་ཞེ་ན། །དེ་ཉིད་ཚུལ་གཅིག་སྒྲ་སོགས་ལས། །ཐ་དད་སྣང་ཅན་བློ་གང་ལས། །ཞེས་བྱ་བ་ནི། གལ་ཏེ་སྤྱི་དང་ལྡན་པའི་གསལ་
བ་ཉིད་སྒྲའི་ཡུལ་ཡིན་པའམ་ཡན་གར་བ་ཡིན་ན་དེ་བས་ན་སྒྲ་ལས་བྱུང་བའི་ཤེས་པ་ལ་སྔོན་པོ་ལ་སོགས་པའི་རྣམ་པའི་ཆ་དང་བྲལ་བའི་ཐལ་བའི་སྐྱོན་འདི་མེད་དོ། །འོ་ན་གལ་ཏེ་གསལ་བ་ཉིད་སྒྲའི་བརྗོད་བྱ་ཡིན་ན་དེ་ལྟར་ན་ཡང་དབང་པོའི་ཚོགས་དོན་མེད་པར་འགྱུར་ན། དབང་པོ་རྣམས་དོན་མེད་པ་
མ་ཡིན་ཏེ་མངོན་སུམ་གྱི་ཤེས་པའི་འབྲས་བུ་ཅན་ཡིན་པའི་ཕྱིར་རོ། །སྒྲའི་ཤེས་པས་མི་གསལ་བར་བྱས་པ་འཛིན་ལ། མིག་ལ་སོགས་པ་གཟུགས་ལ་སོགས་པ་དེ་ཉིད་མངོན་དུ་འཛིན་ཏོ་ཞེ་ན། འདིར་སྨྲས་པ། དེ་ཉིད་ཐ་དད་པར་སྣང་བ་ཅན་གྱི་བློ་ཚུལ་གཅིག་པ་ཅན་སྒྲ་ལ་སོགས་པ་ལས་
ཅི་ལྟར་ཤེས་པར་འགྱུར་ཏེ། ཕྱི་རོལ་གྱི་གཟུགས་ལ་སོགས་པ་ཚུལ་གཅིག་པ་ཅན་དེ་ཉིད་ཀྱི་རང་བཞིན་ཤེས་པ་ཉིད་ནི་མངོན་སུམ་ཉིད་ཡིན་པའི་ཕྱིར་རོ། །གལ་ཏེ་སྒྲ་ལས་བྱུང་བའི་ཤེས་པ་ལ་ངོ་བོ་ཉིད་ཤེས་པ་ཡོད་ན་དབང་པོ་རྣམས་དོན་མེད་པ་ཁོ་ནར་འགྱུར་རོ། །འོན་ཏེ་མདུན་ན་ཡོད་པ་

མངོན་སུམ་གྱིས་མི་འཛིན་པས་ངོ་བོ་ཉིད་ཤེས་པ་ནི་མ་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་སྒྲ་ནི་མདུན་ན་ཡོད་པ་མི་འཛིན་པའི་ཕྱིར་མངོན་སུམ་མ་ཡིན་པར་འགྱུར་རོ། །འོན་ཏེ་སྒྲ་ནི་བདག་ཉིད་ཐམས་ཅད་ཀྱིས་འཛིན་པའི་ཕྱིར་མངོན་སུམ་ཉིད་དོ་ཞེ་ན། འོ་ན་ནི་སྒྲ་ལས་ཀྱང་ཕྱི་རོལ་ཉིད་ཤེས་པར་འགྱུར་ཏེ་དེ་
ཉིད་དུ་བརྡ་ཤེས་པའི་ཕྱིར་རོ། །འོན་ཏེ་མིག་ལ་སོགས་པ་བདེ་བླག་ཏུ་ཤེས་པར་བྱེད་པའི་དོན་གྱིས་ཡིན་ན་ནི་བདེ་བླག་ཏུ་ཤེས་པ་ཡང་སྒྲ་ཉིད་ལས་འདོད་པས་འདི་ལྟ་བུ་བདེ་བླག་གི་དོན་མཚུངས་པ་ཡིན་ནོ། །འོན་ཏེ་འདས་པ་དང་མ་འོངས་པ་དག་ཉིད་ལ་སྒྲ་སྦྱོར་ཞིང་ཆོད་པའི་ད་ལྟར་བྱུང་བ་ལ་ཡང་
སྦྱོར་གྱི་མཐོང་བར་གྱུར་པའི་མཆོད་པ་ཉིད་ལ་ནི་སྒྲ་སྦྱོར་བ་མ་ཡིན་ཏེ་དེར་དེ་དོན་མེད་པའི་ཕྱིར་རོ། །འདས་པའི་གཟུགས་ལ་སོགས་པ་དང་ཆོད་པ་མ་མཐོང་བར་གྱུར་པ་ནི་བདེ་བླག་ཏུ་བྱེད་པ་མ་ཡིན་ཏེ། དེ་བས་ན་དབང་པོ་རྣམས་འབྲས་བུ་དང་བཅས་པའོ་ཞེ་ན། འོ་ན་ངོ་བོ་ཉིད་ཤེས་པ་ཇི་ལྟར་འདས་པ་ལ་
སོགས་པ་དང་ལྡན་པར་འགྱུར་ཏེ། དམིགས་པར་གྱུར་པ་ལས་གཞན་པའི་འདས་པ་ལ་སོགས་པའི་གཟུགས་ཤེས་པ་མེད་པའི་ཕྱིར་རོ། །མངོན་སུམ་གྱིས་ཤེས་པའི་མཆོད་པ་ནི་ངོ་བོ་ཉིད་འཛིན་པ་ཉིད་ཀྱི་ཕྱིར་བདེ་བླག་ཏུ་བྱེད་པ་མ་ཡིན་ཏེ། འདི་ལྟར་ཆོད་པའི་གླུ་སྒྲ་མངོན་དུ་བྱས་པས་བདེ་
བླག་ཏུ་ཤེས་ཤིང་དགའ་བ་སྐྱེ་བ་ཡིན་ནོ། །འོན་ཏེ་ཆུའི་རླབས་ཀྱི་ཚུལ་དུ་འོངས་པ་ཉིད་ཀྱི་མཆོད་པར་སྒྲ་ཤེས་པ་ཡིན་ནོ་ཞེ་ན། ཡུལ་ཐག་རིང་པོ་ཅན་ཤེས་པའི་ཕྱིར་ཇི་ལྟར་སྒྲ་འོང་བར་འགྱུར་ཏེ། གལ་ཏེ་ཡུལ་རིང་པོ་ཅན་གྱི་སྒྲ་ཤེས་པར་གྱུར་པ་ལུས་ཀྱི་དབང་པོ་དང་ཕྲད་ན་ནི་གཟུགས་ལ་
སོགས་པ་ཡང་ཕྲད་པར་འགྱུར་རོ། །དེའི་ཕྱིར་སྒྲ་ལས་སམ་རྗེས་སུ་དཔག་པ་ལས་ཕྱི་རོལ་པ་ཤེས་ན་ངོ་བོ་ཉིད་ཀྱང་ཤེས་པར་འགྱུར་བའི་ཕྱིར་དབང་པོ་རྣམས་དོན་མེད་པ་ཉིད་མ་ཡིན་ནམ། དེ་བས་ན། སྤྱི་ནི་དངོས་པོ་མ་ཡིན་ལ། །ཞེས་བྱ་བ་སྨོས་སོ། །འདིས་ཀྱང་སྤྱི་དངོས་པོ་མ་ཡིན་ཏེ།
གང་གི་ཕྱིར། གསལ་བའི་ངོ་བོ་གཞན་རྟེན་ཅན། །མ་གྲུབ་ཕྱིར་རོ་ཐ་དད་ན། །ལྟོས་པ་ཞེས་བྱ་འབྲས་བུར་བརྗོད། །རང་གི་རྒྱུ་ལས་གྲུབ་པའི་ཕྱིར། །འབྲས་བུ་རག་ལས་མེད་པ་ཡང་། །རྟོག་པས་འབྲེལ་པར་བྱེད་པ་སྟེ། །ནམ་ཡང་འབྲས་མིན་ཇི་ལྟར་འབྲེལ། །གཞན་ཉིད་

ཡིན་ན་དེ་འབྲེལ་མེད། དེ་ཕྱིར་རང་བཞིན་མེད་པར་གྲུབ། །ཅེས་བྱ་བ་ལ། རིགས་གསལ་བ་ལས་ཐ་དད་དམ་ཐ་མི་དད་པར་བརྟག་གྲང་ན། དེ་ལ་རེ་ཞིག་རིགས་དང་ལྡན་པ་གསལ་བའི་ངོ་བོ་ཉིད་ནི་རིགས་པ་མ་ཡིན་ཏེ། གསལ་བའི་ངོ་བོ་ཉིད་གཞན་ལ་མ་བརྟེན་པ་ཅན་
རང་རྒྱུད་པར་གྲུབ་པའི་ཕྱིར་རོ། །འདི་ལྟར་གསལ་བ་རྣམས་ཕན་ཚུན་རག་ལས་པ་མེད་པ་དང་ཐ་དད་པར་འཛིན་ཏོ། །འོན་ཏེ་གསལ་བ་ལས་སོ་སོ་ཐ་དད་པར་སྤྱི་ཁས་ལེན་ནོ་ཞེ་ན། འོ་ན་ནི་གསལ་བས་སྤྱི་བསྐྱེད་པར་བྱ་བར་འགྱུར་ཏེ། དེ་ལྟ་མ་ཡིན་ན་འབྲེལ་བར་མི་འགྱུར་རོ། །འདི་ལྟར་འབྲས་
བུ་ཉིད་ནི་ལྟོས་པའི་སྒྲས་བརྗོད་པར་བྱ་བ་ཡིན་ནོ། །གལ་ཏེ་ཡང་རིགས་གསལ་བ་ལ་ལྟོས་ན་ནི་དེའི་འབྲས་བུ་ངེས་པར་འགྱུར་རོ། །འོན་ཏེ་རིགས་འབྲས་བུར་གྱུར་པ་མ་ཡིན་གྱི་གསལ་བ་སྤྱིའི་རྟེན་ཉིད་དུ་སྣང་བའི་ཕྱིར་དེ་དང་འབྲེལ་པ་ཅན་ཏེ། དཔེར་ན་རྒྱ་ཤུག་ལ་སོགས་པ་བུམ་པ་ལ་སོགས་པ་དང་
འབྲེལ་པ་ཅན་བཞིན་ནོ་ཞེ་ན། དེ་ནི་རིགས་པ་མ་ཡིན་ཏེ། འབྲས་བུ་ནི་ཇི་སྲིད་དུ་མྱུ་གུ་ལ་སོགས་པ་རྟོགས་པས་རང་གི་རྒྱུ་དང་འབྲེལ་པར་བྱེད་པ་སྟེ། འབྲས་བུ་གྲུབ་ན་རག་ལས་པ་མེད་པའི་ཕྱིར་རོ། །ཇི་ལྟར་ཇི་སྲིད་འབྲས་བུ་མ་གྲུབ་པ་དེ་སྲིད་རྟོག་པ་ཙམ་ཉིད་དེ། སྐྱེ་བའི་ཚེ་ཡང་རྒྱུ་དང་ལྷན་ཅིག་
འབྱུང་བས་རག་ལས་པ་མེད་པ་ཡིན་ནོ། །རང་གི་རྒྱུ་ཞིག་པ་དེའི་ཚེ་ཡང་རྟོགས་པ་ཉིད་ཀྱིས་འབྲེལ་པར་བྱེད་དོ། །གང་ཡང་གང་ཅུང་ཟད་འབྲས་བུར་མ་གྱུར་པ་དེ་ཇི་ལྟར་འབྲེལ་པ་ཡིན་ཏེ། ཐལ་ཆེས་པའི་ཕྱིར་རོ། །དེ་སྟེ་དེ་བས་ན་གཞན་ཉིད་ཡིན་པའམ་སྤྱི་དེ་ཡིན་ན་ཡང་འབྲེལ་བ་མེད་པ་སྟེ། དེའི་ཕྱིར་
སྤྱི་རང་བཞིན་མེད་པར་གྲུབ་པ་སྟེ་སྤྱི་རང་རྒྱུད་པ་མི་རིགས་པའི་ཕྱིར་རོ། །འོ་ན་གལ་ཏེ་སྤྱི་རང་བཞིན་མེད་པ་མ་ཡིན་ན་འོ་ན་ནི་མེད་པ་ཡང་སྤྱིར་འགྱུར་ཏེ། དེ་ལ་ཡང་རང་བཞིན་མེད་པའི་ཕྱིར་རོ་ཞེ་ན། སྨྲས་པ། མེད་པ་རིགས་སུ་འགྱུར་མིན་ཏེ། །དེ་དག་ལྟོས་པ་མེད་པའི་ཕྱིར། །ཞེས་བྱ་བ་ལ། རི་
བོང་གི་རྭ་ཞེས་བྱ་བ་མེད་པ་ཡང་སྤྱི་ཉིད་མ་ཡིན་ཏེ། རང་གི་གསལ་བ་ལ་ལྟོས་ནས་སོ། །འོ་ན་ཡོད་པའི་སྤྱི་རུ་ཅིའི་ཕྱིར་མི་འགྱུར་ཞེ་ན། འདིར་སྨྲས་པ། ཡོད་པ་དང་མེད་པ་སྤྱི་རུ་འགྱུར་བ་མ་ཡིན་ཏེ། ཡོད་པ་དང་མེད་པ་དག་ལྟོས་པ་མེད་པའི་ཕྱིར་རོ། །སྤྱིའི་རྣམ་པ་ཅན་ནི་གསལ་

བ་ལ་ལྟོས་པའི་ཕྱིར་སྤྱི་ཡིན་ནོ། །དེའི་ཕྱིར་ངོ་བོ་མེད་པ་ནི། །ངོ་བོ་ཉིད་ལ་བརྟེན་ནས་རྟགས། །ཁྱད་པར་དེ་ལ་འཇུག་དོན་ཅན། །རིགས་དེ་སྒྲ་ཡིས་གསལ་བར་བསྟན། །ཞེས་བྱ་བ་ནི། གང་གི་ཕྱིར་དེ་ལྟར་རིགས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་ཕྱིར་རིགས་དངོས་པོ་མེད་ཅིང་རང་
བཞིན་མེད་པའོ། །གལ་ཏེ་རིགས་དངོས་པོ་མེད་པ་ཡིན་ན་རང་གི་མཚན་ཉིད་ལ་སྒྲ་སྦྱོར་བར་འགྱུར་ཏེ། རང་གི་མཚན་ཉིད་བརྗོད་པར་བྱ་བ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། རིགས་དངོས་པོ་མེད་པར་གྱུར་པ་དེ་ཉིད་སྒྲས་བསྟན་པའི་ཕྱིར། རང་གི་མཚན་ཉིད་སྒྲའི་བརྗོད་བྱ་མ་ཡིན་པར་བཤད་དོ། །འོན་
ཏེ་རང་བཞིན་མེད་པའི་རིགས་སྒྲས་བརྗོད་ན་ནི་སྒྲའི་སྦྱོར་བ་དོན་མེད་པ་ཉིད་དུ་འགྱུར་ཏེ། དོན་བྱེད་པའི་དངོས་པོ་རྟོགས་པར་བྱ་བའི་དོན་དུ་སྒྲ་འགོད་ཀྱི་གྱི་ན་ནི་མ་ཡིན་པའི་ཕྱིར་རོ། །སྤྱི་ནི་དོན་མེད་པ་མ་ཡིན་པའི་ཕྱིར་སྒྲ་སྦྱོར་བར་མི་བྱེད་དོ་ཞེ་ན། འདི་ལ་སྨྲས་པ། ཁྱད་པར་དེ་ལ་འཇུག་པའི་དོན་
ཅན་ཏེ་ཐོབ་པར་བྱ་བའི་དོན་དུ་སྒྲས་རིགས་བསྟན་པ་མ་ཡིན་ནོ། །འོན་ཏེ་རིགས་པ་བཞིན་མེད་པར་ཤེས་པས་ཇི་ལྟར་རང་གི་མཚན་ཉིད་ཐོབ་པར་འགྱུར་ཏེ། །ཆུ་མེད་པའི་སྨིག་རྒྱུ་རྟོགས་པས་བདེན་པའི་ཆུ་ཐོབ་པ་མེད་པའི་ཕྱིར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། ངོ་བོ་རྣམས་གཅིག་ནས་གཅིག་ཏུ་བརྒྱུད་པ་
ལ་བརྟེན་ནས་རིགས་དེར་ཀུན་དུ་རྟོགས་པའི་ཕྱིར་ཐོབ་པར་འགྱུར་རོ། །སྨིག་རྒྱུ་ལ་ཆུར་ཤེས་པས་ནི་ཕྱི་རོལ་བ་དང་འབྲེལ་པ་མེད་པའི་ཕྱིར་ཆུ་དང་ཕྲད་པ་མེད་དོ། །ངོ་བོ་ཉིད་རྣམས་ཀྱི་སྟོབས་ཀྱིས་རིགས་རྟོགས་པ་སྐྱེ་བ་མ་ཡིན་ནམ། རིགས་ངོ་བོ་ཉིད་ཀྱི་རྣམ་པ་ཅན་ཡིན་མོད་ཀྱི། གཅིག་པ་ཉིད་
དུ་ཇི་ལྟར་ཞེན་པ་ཡིན་ཏེ། ཕྱི་རོལ་དང་གཅིག་པ་ཉིད་དུ་མ་མཐོང་བའི་ཕྱིར་གང་གིས་གཅིག་ཏུ་མངོན་པར་ཞེན་པ་ཡིན་ཞེ་ན། སྨྲས་པ། །དེ་ཡི་ངོ་བོ་སྣང་བ་གང་། །དོན་གྱི་དེ་ཉིད་དུ་འཛིན་པ། །དེ་འཁྲུལ་ཐོག་མེད་དུས་ནས་ནི། །བརྫུན་པ་མཐོང་གོམས་སྤྲུལ་པ་ཉིད། །ཅེས་བྱ་བ་ལ། སྒྲོ་འདོགས་
པ་ནི་ཕྱི་རོལ་མཐོང་བ་ཁོ་ན་ལས་མ་ཡིན་གྱི། འཁྲུལ་པ་བརྒྱུད་པ་ལས་ཀྱང་ཡོད་པ་ཉིད་དེ་གཙོ་བོ་ལ་སོགས་པའི་རྟོགས་པ་བཞིན་ནོ། །དེས་ན་རིགས་དེའི་ངོ་བོར་སྣང་བ་གང་ཡིན་པ་མི་གསལ་བའི་ངོ་བོ་ཉིད་དེ་ནི་གསལ་བ་མཐོང་བ་ལས་ཇི་ལྟར་འགྱུར་ཏེ་འཁྲུལ་པ་ཉིད་དོ། །དོན་གྱི་དེ་ཉིད་དུ་འཛིན་

པ་གང་ཡིན་པ་དེ་ཡང་འཁྲུལ་བ་སྟེ། ས་བོན་མེད་པར་ཇི་ལྟར་འཁྲུལ་ཞེ་ན། སྨྲས་པ། དེ་ཐོག་མ་མེད་པའི་དུས་ཅན་བརྫུན་པ་མཐོང་བ་དེ་ལ་གོམས་པ་དེས་སྤྲུལ་པ་ཉིད་དོ། །ངེས་ནི་འདི་སྐད་སྟོན་ཏེ། ཐོག་མ་མེད་པའི་དུས་ནས་ཡོད་པའི་སྤྱི་མཐོང་བ་དེ་ཉིད་
ལས་སྤྱིར་འཁྲུལ་བ་ཡིན་གྱི་ཕྱི་རོལ་དང་འབྲེལ་པ་ནི་མ་ཡིན་ནོ། །འོན་ཏེ་སྤྱི་ནི་ལྡོག་པ་སྟེ། དེ་ཡང་ལོག་པའི་དོན་གྱི་ངོ་བོ་ཉིད་ཅན་ཡིན་ན་དེས་ན་ཇི་ལྟར་སྤྱི་དངོས་པོར་མི་འགྱུར་ཞེ་ན། སྨྲས་པ། དོན་རྣམས་ཀྱི་ནི་སྤྱི་གང་ཡིན། །གཞན་ལས་ལྡོག་པའི་མཚན་ཉིད་ཅན། །སྒྲ་འདི་དག་གི་མཐར་ཐུག་
གང་། །དེ་ཡི་ངོ་བོ་ཅི་ཡང་མིན། །ཞེས་བྱ་བ་ལ། ཕྱི་རོལ་གྱི་དོན་རྣམས་ཀྱི་སྤྱི་གང་ཡིན་པ་རིགས་མི་མཐུན་པ་ལས་ལྡོག་པའི་ངོ་བོ་ཉིད་ཅན་ནོ། །སྤྱི་གང་ཡིན་པ་མཐར་ཐུག་པ་སྟེ་དཔྱིས་ཕྱིན་པ་ཅན་གང་ཡིན་པའི་སྒྲ་དེ་རྣམས་ནི་སྤྱི་དེའི་ངོ་བོ་གསལ་བ་ལས་ཐ་དད་ཅི་ཡང་ཡོད་པ་མ་ཡིན་པའི་ཕྱིར་དེ་དངོས་
པོ་མེད་པར་བརྗོད་དོ། །དོན་དམ་པར་ནི་དེ་རང་གི་མཚན་ཉིད་ཀྱི་ངོ་བོ་ཉིད་ཁོ་ན་སྟེ། དཔེར་ན་བློའི་རྣམ་པ་ཕྱི་རོལ་ལ་ལྟོས་ནས་དངོས་པོ་མེད་པར་བརྗོད་པ་བཞིན་ནོ། །ཤེས་པའི་རང་བཞིན་གྱིས་དངོས་པོ་ཉིད་དོ། །ཡང་ན་སྒྲའི་གོ་བར་བྱ་བ་སྟོང་པ་གཞན་སེལ་བ་ལ་ལྟོས་ནས་གཞུང་དང་སྦྱར་བར་བྱའོ། །
འོན་ཏེ་རེ་ཞིག་སྤྱིའི་ཤེས་པ་ཡོད་ལ་དེ་ལ་དོན་གྱི་རྣམ་པ་སྣང་བ་གང་ཡིན་པའི་སྤྱི་དེ་ཡོད་པ་ཉིད་དེ། འདི་ལྟར་གལ་ཏེ་ཤེས་པའི་རྣམ་པ་ལ་དོན་གྱི་ངོ་བོ་ཉིད་མེད་དེ་འདི་གཞན་དུ་སྣང་བའི་ཕྱིར་ཡིན་ན་ནི་ཤེས་པ་ལས་ཐ་དད་པའི་སྤྱི་མེད་དོ་ཞེས་བྱ་བར་མི་རུང་སྟེ། དེ་རྣམ་པ་མེད་པའི་ཕྱིར་དང་རིགས་རྣམ་
པ་དང་བཅས་པ་ཅན་ཡིན་པའི་ཕྱིར་རོ་ཞེ་ན། འདིར་སྨྲས་པ། ངོ་བོ་མེད་ཅན་སྤྱི་བློ་ལ། །སྤྱི་ཉིད་དུ་ཡང་མཐོང་བའི་ཕྱིར། །དོན་འཁྲུལ་པ་ལ་སྤྱི་ཡིན་པར། །འདོད་པར་འགྱུར་ན་དེ་ཡང་ནི། །ངོ་བོ་ཅན་མིན་བསླད་ཕྱིར་དང་། །དོན་དངོས་དེ་ཉིད་མེད་ཕྱིར་རོ། །ཞེས་བྱ་བ་སྟེ། སྤྱིའི་བློ་
ལ་སྣང་བར་གྱུར་པ་ནི་གལ་ཏེ་བློ་ལ་རྣམ་པ་མེད་པར་གྲུབ་ན་སྤྱི་ཡིན་པར་འདོད་དེ། དེའི་ཚེ་བློ་ལས་དེ་ཐ་དད་པར་ངེས་པར་བརྗོད་པར་བྱ་བའི་ཕྱིར་སྤྱི་ཡིན་པར་འགྱུར་ཏེ་དེའི་ངོ་བོ་ཉིད་ཐུན་མོང་བའི་ངོ་བོར་མཐོང་བའི་ཕྱིར་རོ། །འོན་ཀྱང་དོན་དེ་འཁྲུལ་པ་སྟེ། ཇི་ལྟར་བློའི་ངོ་བོ་ཉིད་སྤྱི་རུ་རྟོགས་པ་དེ་

བཞིན་དུ་འཁྲུལ་པ་ཡིན་ཡང་རྟོགས་པ་ཉིད་དུ་འགྱུར་རོ། །དེ་བས་ན་སྤྱི་དེ་ནི་ཤེས་པ་ཡིན་ཏེ་སྤྱིའི་བློ་ལ་སྤྱིའི་རྣམ་པར་ངོ་བོ་མེད་པ་ཡང་མཐོང་བའི་ཕྱིར་རོ། །ཤེས་པ་ཤེས་པ་གཞན་དང་ཐ་མི་དད་པ་ནི་མ་ཡིན་ཏེ། དེས་ན་དེར་རིགས་སྣང་བ་ནི་འཁྲུལ་པ་ཉིད་ཡིན་ནོ། །འོ་ན་རིགས་འཁྲུལ་པ་ཅིས་
ཤེས་ཤེ་ན། གང་གི་ཕྱིར་ངོ་བོ་མེད་པ་ཅན་དེ་ཡང་བསླད་པའི་ཕྱིར་དང་དོན་གྱི་དངོས་པོ་ཅན་དེ་དོན་གྱི་དངོས་པོ་དེ་ཉིད་མེད་པའི་ཕྱིར་རོ། །དེ་བས་ན་སྤྱི་ནི་ཕྱི་རོལ་པ་མ་ཡིན་ནོ། །འོན་ཏེ་སྤྱི་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་ཀྱང་དངོས་པོར་འགྱུར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། གང་གི་ཕྱིར། ངོ་བོ་མེད་
པས་བརྗོད་བྱ་མིན། །རྣམ་འགས་བརྗོད་ཕྱིར་བརྗོད་བྱ་སྟེ། །དངོས་པོ་འདོད་ན་དངོས་པོ་རྣམས། །ཅིས་ཀྱང་བརྗོད་བྱ་མིན་པ་མིན། །ཞེས་བྱ་བ་ལ། གང་ཞིག་དེ་ཉིད་དང་གཞན་དུ་བརྗོད་པར་བྱ་བ་མ་ཡིན་པ་དེ་ནི་ངོ་བོ་མེད་པ་སྟེ། དངོས་པོ་ཡིན་ན་གདོན་མི་ཟ་བར་ཐ་དད་པའམ་ཐ་དད་པ་མེད་པར་
ཡོད་པར་འགྱུར་བའི་ཕྱིར་རོ་ཞེས་ལེའུ་དང་པོར་གཏན་ལ་ཕབ་པོ། །དེ་བས་ན་སྤྱི་དངོས་པོ་མེད་པའི་ཕྱིར་སྤྱི་དེ་བརྗོད་པར་བྱ་བ་མ་ཡིན་ནོ། །འོ་ན་གལ་ཏེ་སྤྱི་གཞན་ལ་གཞན་ཡིན་བརྗོད་པར་བྱ་བ་ཉིད་ཡིན་པའི་ཕྱིར་སྤྱི་གཞན་རྣམ་པ་འགའ་ཞིག་གིས་ཐ་དད་པར་བརྗོད་པར་བྱ་བ་ཡིན་པས་སྤྱི་དེ་དངོས་པོར་
འདོད་ཅེ་ན། འདི་ལ་སྨྲས་པ། དངོས་པོ་རྣམས་ཅིས་ཀྱང་སྟེ། རྣམ་པ་གང་གིས་ཀྱང་བརྗོད་པར་མི་བྱ་བར་མི་རུང་སྟེ། གསལ་བ་ལས་ནི་དེ་ཉིད་དང་གཞན་ཉིད་དུ་བརྗོད་པར་བྱ་བར་འགྱུར་རོ། །འོ་ན་གལ་ཏེ་སྤྱི་དངོས་པོ་མ་ཡིན་ན་དེའི་ཚེ་ཇི་ལྟར་ཡང་བརྗོད་པར་བྱ་བར་མི་འགྱུར་རོ་ཞེ་ན། །འདིར་སྨྲས་པ།
ཉེར་ལེན་ཐ་དད་པས་ཐ་དད། །ཉེ་བར་བཏགས་ཕྱིར་བརྗོད་བྱ་མིན། །ཞེས་བྱ་བ་ལ། སྤྱི་ནི་སྤྱི་སྒྲ་གཞན་ལས་གཞན་པ་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་ནོ། །འོ་ན་ཇི་ལྟར་རིགས་ཐ་དད་པར་ཤེས་ཤེ་ན། གཟུགས་ལ་སོགས་པ་ཉེ་བར་ལེན་པ་རྣམས་ཕན་ཚུན་ཐ་དད་པས་དེས་བསྐྱེད་པའི་རྣམ་པ་ཐ་དད་པ་
ལ་ཉེ་བར་བཏགས་ནས་སྤྱི་ཐ་དད་པར་ཤེས་པ་ཡིན་གྱི། དོན་དམ་པ་ཉིད་ཀྱི་ཐ་དད་པ་ནི་མ་ཡིན་ནོ། །འདི་ལྟར་བོང་བུའི་རྭ་ལ་སོགས་པ་ཕན་ཚུན་ཐ་དད་པར་ཞེན་པ་སྟེ། དེས་ན་དེ་དག་ཐ་དད་པ་ཡིན་ནོ། །འོན་ཏེ་དེ་ལ་ནི་དེ་ཤེས་པ་ཉིད་ཐ་དད་པའི་རྣམ་པ་ཅན་ཏེ་དོན་ཐ་དད་པ་ནི་མ་ཡིན་ནོ། །སྤྱི་འདི་ལ་

ཡང་བློ་ཐ་དད་པའི་རྣམ་པ་ཅན་ཡོད་པ་ཅིའི་ཕྱིར་ཁས་ལེན་པར་མི་བྱེད། གཞན་ཡང་གལ་ཏེ་རིགས་སམ། གསལ་བ་བརྗོད་བྱར་གྱུར་ན་འདས་པ་དང་མ་འོངས་པ་བརྗོད་བྱར་མི་འགྱུར་ན། དེ་ལྟ་ནི་མ་ཡིན་ནོ། །གང་གི་ཕྱིར། འདས་པ་དང་ནི་མ་འོངས་པའི། །དོན་ལ་ཡང་སྤྱིའི་རྒྱུ་ཅན་གྱི། །སྒྲ་རྣམས་འཇུག་པར་འགྱུར་བ་ན། །
ཡོད་པ་མེད་ཆོས་ཇི་ལྟར་འགྱུར། །ཞེས་བྱ་བ་ལ། འདས་པ་དང་མ་འོངས་པའི་དོན་ལ་སྤྱིའི་རྒྱུ་མཚན་ཅན་བུམ་པ་ལ་སོགས་པའི་སྒྲ་འཇུག་པར་འགྱུར་ན། སྒྲ་དེ་རྣམས་ཀྱིས་འདས་པ་ལ་སོགས་པའི་ཆོས་ཉིད་དུ་ཅི་ཤེས་པར་འགྱུར་བ་དེའི་ཚེ་མེད་པའི་ཆོས་སུ་རིགས་ཡོད་པར་གྱུར་པ་ཇི་ལྟར་འགྱུར་ཏེ། མེད་པའི་ཆོས་ཡོད་པར་མི་རུང་བའི་ཕྱིར་རོ། །
ཡོད་པ་ཉིད་ཀྱི་གསལ་བ་གཞན་གྱི་ཆོས་ཡིན་ནོ་ཞེ་ན། འོ་ན་ཡོད་པའི་ཆོས་ཉིད་དུ་ཤེས་པ་ཇི་ལྟར་འདས་པ་ཉིད་དུ་འགྱུར་ཏེ། འདས་པའི་གསལ་བའི་ཆོས་ཉིད་དུ་ཤེས་པར་གྱུར་པའི་སྤྱི་འདས་པར་རིགས་ཀྱི་ད་ལྟར་ལས་ནི་མ་ཡིན་ནོ། །དེ་བས་ན་འདས་པ་དང་འབྲེལ་པ་ཅན་གྱི་རིགས་འདས་པ་ཉིད་ཡིན་པའི་ཕྱིར་གདོན་མི་ཟ་བར་རིགས་མེད་པའི་ཆོས་
ཡིན་ནོ། །གང་མེད་པའི་ཆོས་དེ་ནི་ཡོད་པ་མ་ཡིན་ཏེ། དཔེར་ན་ནམ་མཁའི་མེ་ཏོག་གམ་མེད་པ་ཉིད་བཞིན་ནོ། །འོན་ཏེ་འདས་པ་དང་མ་འོངས་པ་ཡོད་པ་ཉིད་ཤེས་པ་སྟེ། ཆོས་དེ་ཡོད་པའི་ཕྱིར་རོ་ཞེ་ན། གལ་ཏེ་ཡོད་ན་ཇི་ལྟར་འདས་པ་ཉིད་ཡིན། འཛིན་པ་འདས་པའི་ཕྱིར་རོ་ཞེ་ན། འཛིན་པ་ཡང་ཤེས་པ་ཉིད་མ་ཡིན་ནམ། འོན་ཏེ་མངོན་
སུམ་མ་ཡིན་པར་རྟོགས་པའི་ཕྱིར་ལྐོག་ཏུ་གྱུར་པའོ་ཞེ་ན། མངོན་སུམ་མ་ཡིན་པ་ཉིད་ཀྱང་མངོན་སུམ་དུ་སྒྲ་ལས་ཤེས་པ་མ་ཡིན་ནམ། དེས་ན་ཅིའི་ཕྱིར་ལྐོག་ཏུ་གྱུར་པ་ཉིད་དུ་འགྱུར། དེ་བས་ན་འདས་པ་ནི་ཡོད་པ་མ་ཡིན་ན་དེའི་ཆོས་རིགས་ཀྱང་ཡོད་པ་མ་ཡིན་ནོ། །ཉེ་བར་བཏགས་ལས་དེ་འདོད་ན། །སྣམ་བུ་སོགས་ལས་མེད་གང་
ཡིན། །ད་ལྟར་བ་ཡི་བུམ་པ་ཡི། །མེད་པ་དང་ནི་ཉེ་བ་གང་། །ཞེས་བྱ་བ་ནི། འོན་ཏེ་མེད་པའི་ཆོས་ཉིད་སྤྱི་ལ་མ་གྲུབ་སྟེ་ཉེ་བར་བཏགས་ནས་མེད་པའི་ཆོས་དེ་འདོད་ཀྱི་དོན་དམ་པར་ནི་མ་ཡིན་ནོ། །ཉེ་བར་བཏགས་པ་གང་ཡིན་པ་དེ་དངོས་པོ་ཉིད་དུ་མེད་པའི་ཕྱིར་འདས་པ་དང་མ་འོངས་པ་དེ་ལ་སྤྱི་མེད་པས་དེའི་ཆོས་ཉིད་
ཅེས་པའི་གཏན་ཚིགས་མ་གྲུབ་པའོ་ཞེ་ན། འདི་ལ་སྨྲས་པ། འདས་པ་ལ་སོགས་པ་དེ་ལ་སྤྱིའི་ཉེ་བར་འདོགས་སམ་སྒྲ་ཡིན་ནམ་གསལ་བ་ཡིན་ཞེས་བརྟག་གྲང་ན། གལ་ཏེ་རིགས་ཉེ་བར་འདོགས་ན་དེ་ནི་མི་རིགས་ཏེ་ད་ལྟར་བའི་བུམ་པའི་སྤྱི་གང་ཡིན་པ་དེ་འདས་པ་ལ་ཉེ་བར་འདོགས་པ་འབྲེལ་པ་ལས་ཡིན་ནམ། འདྲ་བ་ལས་འདོགས་

གྲང་ན་ཉེ་བ་མེད་པར་ཉེ་བར་འདོགས་ན་ནི་ཐམས་ཅད་ལ་ཐམས་ཅད་ཉེ་བར་འདོགས་པར་འགྱུར་རོ། །འདས་པ་དང་ད་ལྟར་བྱུང་བའི་བུམ་པའི་རིགས་ལ་འབྲེལ་པ་འམ་འདྲ་བ་མེད་དེ་འདས་པ་ལ་སོགས་པ་ཡང་ཡོད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །འོན་ཏེ་སྒྲ་འདོགས་ན་དེ་ཡང་མི་རུང་སྟེ་དོན་མེད་པར་སྒྲ་མི་འཇུག་བའི་ཕྱིར་རོ། །
འཇུག་ན་ཡང་མེད་པ་ལ་སྒྲ་འཇུག་པར་འགྱུར་རོ་ཞེས་བྱ་བ་འཐོབ་བོ། །དེ་ལྟ་ན་ནི་སྤྱི་དངོས་པོ་མེད་པ་ཉིད་དུ་འགྱུར་རོ། །སྒྲ་དང་འདས་པ་ལ་སོགས་པ་གང་གིས་ཉེ་བར་གདགས་པར་འགྱུར་བའི་ཉེ་བ་ཡང་བརྗོད་དགོས་སོ། །འོན་ཏེ་གསལ་བ་འདོགས་ན་དེ་ཡང་མི་རིགས་ཏེ་འདི་ལྟར་ད་ལྟར་བྱུང་བའི་བུམ་པ་ཡང་འདས་པ་ལ་
ཉེ་བ་གང་ཡིན་པ་དང་སྣམ་བུ་ལ་སོགས་པ་ལ་ཉེ་བ་མེད་པ་གང་ཡིན་པའི་རྒྱུ་གང་ཞིག་གིས་ཉེ་བར་གདགས་པའི་གསལ་པ་འམ་རིགས་སམ། བརྗོད་པ་འདས་པའི་བུམ་པ་ལ་འཇུག་གི་སྣམ་བུ་ལ་སོགས་པ་ལ་མ་ཡིན། ཉེ་བ་མེད་པར་ཉེ་བར་གདགས་པར་མི་རུང་ངོ་། །འོན་ཏེ་ད་ལྟར་བྱུང་བའི་བུམ་པ་ལ་སོགས་པ་ལ་ཐ་
དད་པར་འཇུག་པའི་རྒྱུ་སྤྱི་ཡོད་པས་ཐ་དད་པར་འཇུག་པའི་རྒྱུ་ཅན་གང་ཡིན་པ་དེ་ནི་དངོས་ཡིན་ལ་འདས་པ་ལ་སོགས་པ་ལ་སྒྲ་ཉེ་བར་བཏགས་པའོ་ཞེ་ན། སྨྲས་པ། རྟག་ཏུ་དངོས་དང་བཏགས་པ་ནི། །བློ་ཡི་དྲང་མི་དྲང་འཇུག་ཡིན། །སེང་གེ་དང་ནི་བྲམ་ཟེའི་ཁྱེའུ། །དེ་ལྟར་འཇིག་རྟེན་པ་ལ་གྲགས། །ཞེས་བྱ་བ་ལ། ཐ་དད་པའི་
ཁྱད་པར་ཅན་ནི་དངོས་མ་ཡིན་གྱི་འོན་ཀྱང་བློ་ཉིད་ཀྱི་དྲང་པོར་འཇུག་པ་དང་དྲང་པོ་མ་ཡིན་པར་འཇུག་པ་ནི་དངོས་དང་བཏགས་པའི་རྒྱུ་ཡིན་ཏེ། རིམ་པ་བཞིན་དུ་སེང་གེ་དང་བྲམ་ཟེའི་ཁྱེའུ་ལ་སེང་གེའི་སྒྲ་བཞིན་ནོ། །བྲམ་ཟེའི་ཁྱེའུ་ལ་ནི་དྲང་པོ་མ་ཡིན་པར་རྟོགས་པའི་ཕྱིར་དེ་ལ་སེང་གེ་ཉིད་དུ་བཏགས་པ་སྟེ། གཞན་དུ་སེང་གེ་ཉིད་ལ་དེ་བཞིན་དུ་
བརྗོད་པའི་ཕྱིར་དངོས་ཡིན་ནོ། །བུམ་པ་ལ་སོགས་པ་ལ་ནི་འདས་པ་དང་ད་ལྟར་བ་ནི་འཁྲུལ་པར་ཤེས་པའི་ཡུལ་མེད་པའི་ཕྱིར་ཉེ་བར་གདགས་པ་མ་ཡིན་ནོ། །འོན་ཏེ་འབྲེལ་བ་མེད་པའི་སྒྲ་ནི་བཏགས་པ་ཡིན་ལ་ད་ལྟར་བའི་བུམ་པ་ལ་སོགས་པ་དང་འབྲེལ་པ་ཅན་ནི་དངོས་ཡིན་ནོ་ཞེ་ན། སྨྲས་པ། གང་ལ་གྲགས་པས་དོན་ཅན་ལའང་། །
འགྲོ་བ་རྣམས་ཀྱི་སྒྲ་འགོད་པ། །དེ་དེར་དངོས་ཡིན་དེ་མཚུངས་ཕྱིར། །འཁྲུལ་རྟོག་ཅན་གཞན་བཏགས་པ་ཡིན། །ཇི་ལྟར་ཡོད་པ་འང་མེད་བརྗོད་པའམ། །ཇི་ལྟར་བརྟགས་པ་བཞིན་དུ་ནི། །ནུས་པའམ་མི་ནུས་གཙོ་སོགས་པའི། །སྒྲ་ནི་སྐྱེ་བོས་བྱས་པ་ཡིན། །ཞེས་བྱ་བ་ལ། ཡུལ་གང་ལ་གྲགས་པས་ཡུལ་མེད་པ་ཅན་གྱི་སྒྲ་སྐྱེ་བོས་

འགོད་པའི་ཡུལ་དེ་ལ་སྒྲ་དངོས་སུ་ཡིན་ནོ། །དངོས་དེ་དང་མཚུངས་པའི་ཕྱིར་གྲགས་པ་ལས་ཐ་དད་པའི་ཡུལ་གཞན་ལ་གལ་ཏེ་སྦྱོར་བ་དེའི་ཚེ་བརྟགས་པ་སྟེ། འཁྲུལ་པའི་རྟོག་པ་ཅན་ཡིན་པའི་ཕྱིར་ཏེ་འཁྲུལ་པའི་རྟོག་པ་ཅན་འདི་ཡིན་ནོ། །ཇི་ལྟར་བུ་ལ་སོགས་པ་ཡོད་ཀྱང་བུའི་བྱ་བ་བྱེད་མི་ནུས་པ་མེད་པ་དང་འདྲ་ཞེས་
སྐྱེ་བོས་རྗོད་པར་བྱེད་དེ་བུ་ནི་བུ་མ་ཡིན་ཞེས་བྱ་བའི་སྒྲ་དེ་ནི་དེ་ལ་དངོས་པོའི་ཡུལ་ཅན་ཡིན་པའི་ཕྱིར་དངོས་སུ་འགྱུར་རོ། །སྐྱེས་བུ་བྱ་བ་བྱེད་ནུས་པ་ཡང་ཇི་ལྟར་བཏགས་པ་ནི་བཏགས་པ་ལས་མ་འདས་པར་དེ་འདྲ་བའི་ངོ་བོ་ཉིད་བཏགས་ནས་གང་ཞིག་གཙོ་བོའི་སྒྲ་སྐྱེ་བོས་སྦྱོར་བ་དེ་ཡང་དངོས་སུ་དེ་ལ་དངོས་སུ་འགྱུར་ཏེ་དངོས་པའི་ཡུལ་ཅན་མ་
ཡིན་པའི་ཕྱིར་རོ། །གྲངས་ཅན་གྱིས་བཏགས་པའི་གཙོ་བོའམ་སྐྱེས་བུ་ནི་ཡོད་པ་མ་ཡིན་པའི་ཕྱིར་གཙོ་བོ་དང་སྐྱེས་བུས་སྒྲ་དངོས་སུ་མི་འགྱུར་རོ། །འཇིག་རྟེན་པ་ནི་དེ་ཉིད་ལ་དངོས་སུ་ཐ་སྙད་འདོགས་སོ། །དེ་བས་དངོས་པོ་གང་ཞིག་འཁྲུལ་པ་མེད་པར་རྟོགས་པ་ཅན་གྱི་ཤེས་པའི་ཡུལ་ཡིན་པ་དེ་ནི་གཙོ་བོ་ཡིན་ལ་ཅིག་ཤོས་ནི་ཉེ་བར་
བཏགས་པ་ཞེས་བྱའོ། །འོན་ཏེ་འདས་པ་ལ་སོགས་པའི་ཡུལ་ཅན་གྱི་ཤེས་པ་ཡུལ་མེད་པ་ཅན་ཡིན་ཡང་། ད་ལྟར་བྱུང་བ་ལ་ནི་སྒྲ་ལས་སྐྱེས་པའི་ཤེས་པ་གང་ཡིན་པ་དེ་དངོས་པོའི་ཡུལ་ཅན་ཏེ་གཅིག་འཁྲུལ་བ་ལས་ཐམས་ཅད་དེ་ལྟར་འགྱུར་བ་མ་ཡིན་པའི་ཕྱིར་དང་རབ་རིབ་ཅན་གྱི་ཤེས་པ་འཁྲུལ་ཞེས་ཏེ་གཟུགས་ལ་སོགས་
པའི་ཤེས་པ་ཐམས་ཅད་དང་བའི་མིག་ལས་སྐྱེས་པ་འཁྲུལ་པ་མ་ཡིན་པའི་ཕྱིར་རོ་ཞེ་ན། སྨྲས་པ། ཞིག་ལ་སྒྲ་ལས་བློ་ཅི་འདྲ། །སྣང་བ་དེ་འདྲ་མ་ཞིག་ལའང་། །རྣ་བ་ལ་སོགས་པ་ཡི་སེམས། །དོན་ཡོད་ཅན་ལ་དེ་ལྟ་མིན། །ཞེས་བྱ་བ་ལ། སྒྲ་རྣམས་ལས་སྔོན་པོར་སྣང་བ་དང་མི་གསལ་བའི་བློ་ཞིག་པའི་དངོས་པོ་ལ་རིག་པར་
འགྱུར་བ་དེ་ཁོ་ན་ལྟར་ཏེ་སྔོན་པོའི་རྣམ་པ་མི་གསལ་བའི་མ་ཞིག་པའི་དངོས་པོ་ལ་ཡང་མཐོང་བར་འགྱུར་རོ། །དེ་ལྟར་མེད་པའི་དོན་སྣང་བ་དང་ཁྱད་པར་མ་ཡིན་པར་སྣང་བ་ནི་བདེན་པ་དང་ཡོད་པའི་ཡུལ་གང་ཡིན་པ་ཅན་རྣ་བ་ལ་སོགས་པའི་རྣམ་པར་ཤེས་པ་རྣམས་ལ་ཡོད་པ་མ་ཡིན་ཏེ། འདི་ལྟར་རབ་རིབ་ཅན་གྱིས་སྐྲ་ཤད་མཐོང་བ་ཐམས་
ཅད་དུ་འཇུག་པ་དང་སླུ་བ་ཡིན་གྱི། མིག་དག་པའི་རྣམ་པར་ཤེས་པ་ནི་ཡུལ་སོ་སོར་ངེས་པ་ཉིད་ལ་སྔོན་པོ་ལ་སོགས་པར་སྣང་བ་ཅན་དང་མི་སླུ་བ་སྐྱེ་ཞིང་སྒྲ་ལས་ན་ཞིག་པ་དང་མ་ཞིག་པ་ལ་རྣམ་པ་གཅིག་པ་ཅན་ཡིན་པའི་ཕྱིར་དངོས་པོ་འཛིན་པ་མ་ཡིན་ནོ། །སྤྱི་ཙམ་འཛིན་པར་བྱེད་པའི་ཕྱིར། །སེམས་གཉིས་མཚུངས་པ་ཡིན་ཞེ་ན། །དེ་ནི་ཡན་

གར་བ་ཉིད་དུ། །འཛིན་པ་སྔོན་དུ་བཟློག་པ་ཡིན། །ཞེས་བྱ་བ་ལ། འོན་ཏེ་སྒྲ་ལས་གསལ་བ་དང་བྲལ་བ་སྤྱི་འཛིན་པ་སྟེ་དེའི་ཕྱིར་ཞིག་པ་དང་མ་ཞིག་པ་ལ་དམིགས་པ་ཅན་གྱི་ཤེས་པ་གཉིས་སྣང་བ་མཚུངས་པ་ཉིད་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། གང་གི་ཕྱིར་སྤྱི་དེ་གསལ་བ་དང་བྲལ་བར་འཛིན་པ་དེ་ནི་སྔོན་དུ་དེ་སྤྱི་མིན་དང་གསལ་བ་མིན་ཞེས་བྱ་བར་བཀག་
ཟིན་ཏོ། །དེའི་ཕྱིར་སྒྲ་ལས་བྱུང་བའི་ཤེས་པ་ནི་དངོས་པོ་མེད་པའི་ཡུལ་ཅན་ཡིན་ནོ། །ཇི་སྟེ་དངོས་པོ་མེད་པ་ལ་སྒྲ་ལས་བྱུང་བའི་ཤེས་པ་འཇུག་པར་ཅིས་ཤེས། འོན་ཏེ་རྟོགས་པ་ཉིད་དངོས་པོ་མེད་པ་ལ་ནི་འཇུག་ན་ནི་ཞིག་པ་མ་ཤེས་པར་སྣང་བ་ཐ་དད་པའི་མེད་པ་ཤེས་པ་མེད་པ་ཉིད་མ་ཡིན་ནམ། ཇི་ལྟ་བ་ཞིག་པ་རྟོགས་པ་འདི་བཞིན་
དུ་མ་ཞིག་པ་ཡང་ཡིན་ནོ། །དེས་ན་འདི་ལྟར་རྟོགས་པས་ཞིག་པར་ངེས་པར་བྱེད། འོན་ཏེ་ཐེ་ཚོམ་ཡོད་དེ་མེད་པར་ངེས་པ་ནི་མ་ཡིན་ནོ་ཟེར་ན། འོ་ན་གལ་ཏེ་སྒྲ་ལས་དངོས་པོ་རྟོགས་ན་ཇི་ལྟར་ཐེ་ཚོམ་ཟ་བ་ཡིན་ཏེ། སྣང་བར་གྱུར་ན་ཐེ་ཚོམ་ཟ་བར་མི་རུང་བའི་ཕྱིར་རོ། །སྣང་བར་གྱུར་ཀྱང་འདྲ་བ་ལས་ཐེ་ཚོམ་ཟའོ་ཞེ་ན། དེ་ཡང་མ་
ཡིན་ཏེ་ཐ་དད་པར་མཐོང་བ་དག་ལ་འདྲ་བར་བརྗོད་པར་རང་གི་ཐ་དད་པར་མི་སྣང་ན་ནི་གཅིག་པ་ཉིད་དེ་འདྲ་བ་ནི་མ་ཡིན་ནོ། །འོན་ཏེ་དུས་ཐ་དད་པས་ཐ་དད་དོ་ཞེ་ན། དུས་ཐ་དད་པས་དངོས་པོ་ཐ་དད་པ་དང་དེ་ཉིད་ཡིན་པར་ཇི་ལྟར་ཤེས་ཏེ་ཡོད་པའི་ཡུལ་ཅན་ཡིན་ཡང་སྔ་ཕྱིའི་ཤེས་པ་དག་དུས་ཐ་དད་པ་ཉིད་ཡིན་གྱི་དངོས་པོ་ཐ་མི་དད་པ་མ་ཡིན་ནམ་ཞེ་ན། དེ་ལྟ་ན་འོ་ན་ནི་
འདས་པ་ལ་སོགས་པ་ཡང་དུས་ཐ་དད་པ་མ་ཡིན་ཏེ་དངོས་པོ་ཐ་དད་པ་མ་ཡིན་པ་དེ་བས་ན། གལ་དེ་སྒྲ་ལས་སྐྱེས་པའི་ཤེས་པ་དངོས་པོའི་ཡུལ་ཅན་ཡིན་ན་འདས་པ་ལ་སོགས་པའི་རྣམ་པར་གཞག་པ་མི་འཐད་དོ། །དེའི་ཕྱིར་སྒྲ་ལས་བྱུང་བའི་ཤེས་པ་ནི་གདོན་མི་ཟ་བར་དངོས་པོའི་ཡུལ་ཅན་མ་ཡིན་ནོ། །འོན་ཏེ་རང་གི་མཚན་ཉིད་ཁོ་ན་ཁྱད་པར་མེད་པར་རྟོགས་
པར་གྱུར་པ་སྤྱི་ཡིན་ནོ། །དེའི་ཕྱིར་སྒྲ་ལས་བྱུང་བ་དང་རྗེས་སུ་དཔག་པའི་ཤེས་པ་དངོས་པོའི་ཡུལ་ཅན་ཡིན་ཞེ་ན། སྨྲས་པ། ཕན་ཚུན་ཁྱད་པར་ཅན་རྣམས་དངོས། །ཁྱད་པར་མེད་པར་ཇི་ལྟར་འགྱུར། །ངོ་བོ་ཉིད་གཉིས་ཡོད་ན་ཡང་། །དེ་དངོས་གཅིག་ཏུ་ཇི་ལྟར་འགྱུར། །ཞེས་བྱ་བ་ལ། གང་རྗེས་སུ་དཔག་པས་ཁྱད་པར་མེད་པར་གཟུང་བ་
དེ་གལ་ཏེ་ཤེས་པའི་རང་བཞིན་ཡིན་ན་ནི་རྗེས་སུ་དཔག་པ་དངོས་པོའི་ཡུལ་ཅན་མ་ཡིན་ནོ། །འོན་ཏེ་དངོས་པོ་ཉིད་ཀྱི་རྗེས་སུ་འགྲོ་བའི་ངོ་བོ་ཉིད་ཡིན་ནོ་ཞེ་ན། དེ་ལྟ་ན་ཡང་ཁྱད་པར་ཅན་གྱི་ངོ་བོ་ཉིད་ཕྱི་རོལ་པ་རྣམས་ཕན་ཚུན་ཁྱད་པར་མེད་པའི་ངོ་བོ་ཉིད་དུ་ཇི་ལྟར་རུང་སྟེ། ཁྱད་པར་ཅན་དང་ཁྱད་པར་མེད་པའི་རང་བཞིན་གང་གཅིག་པ་ཉིད་དུ་འགལ་

བའི་ཕྱིར་རོ། །འོན་ཏེ་རྗེས་སུ་འགྲོ་བ་དང་ལྡོག་པ་ཅན་གྱི་ངོ་བོ་ཉིད་ལ་བ་ལང་ལ་སོགས་པ་མངོན་སུམ་ཉིད་ཀྱིས་མཐོང་བ་སྟེ་དེ་བས་ན་སྤྱི་ཁྱད་པར་གྱི་བདག་ཉིད་ཅན་ནི་དངོས་པོའོ་ཞེ་ན། འདི་ལ་སྨྲས་པ། རྗེས་སུ་འགྲོ་བ་དང་ལྡོག་པའི་ངོ་བོ་ཉིད་ཀྱིས་ངོ་བོ་ཉིད་གཉིས་སུ་འགྱུར་ན་ནི་སྤྱི་ཁྱད་པར་གྱི་བདག་ཉིད་ཅན་གྱི་དངོས་པོ་དེ་
ངོ་བོ་གཅིག་ཏུ་ཇི་ལྟར་འགྱུར། དེ་ལྟར་ཤེས་པ་ལས་གཉིས་ཀྱི་བདག་ཉིད་ཀྱི་དངོས་པོ་ཡིན་ནོ་ཞེ་ན། མིང་གི་རང་བཞིན་ཅན་གང་ཞིག་བ་ལང་ཞེས་བྱ་བ་ནི་རྗེས་སུ་འགྲོ་བ་ཉིད་དུ་ཤེས་པ་མ་ཡིན་ནམ། འདི་ཅི་ཞིག་ཡིན། དབང་པོའི་ཤེས་པ་ལ་ནི་རྗེས་སུ་འགྲོ་བར་མི་སྣང་བ་ཉིད་ཡིན་ཏེ་ཁྱད་པར་ཅན་གྱི་ངོ་བོ་ཉིད་སྣང་བའི་ཕྱིར་རོ། །རྟོགས་པ་དང་
བཅས་པའི་ཤེས་པས་མི་གསལ་བར་ཉམས་སུ་མྱོང་བ་ཉིད་ཡིན་གྱི་གསལ་བའི་རྣམ་པ་འཛིན་པ་ནི་མ་ཡིན་ནོ། །དྲན་པ་དང་མངོན་སུམ་ལས་གཞན་པའི་རིག་པ་ནི་ཡོད་པ་མ་ཡིན་པའི་ཕྱིར། ཇི་ལྟར་སྤྱི་ཁྱད་པར་གྱི་བདག་ཉིད་ཅན་དངོས་པོར་འགྱུར། དེ་དག་ལས་གཞན་གྱུར་བ་དེ། །དེ་དག་ངོ་བོ་མཚུངས་ན་ནི། །དེ་དག་གི་ཞེས་འབྲེལ་
བ་མེད། །ལྡོག་པ་ལ་ནི་ཉེས་པ་མེད། །ཅེས་བྱ་བ་ལ། འོན་ཏེ་ཁྲ་བོ་དང་ནག་པོ་དེ་དག་ལས་སྤྱི་ཐ་དད་པ་ཉིད་མཚུངས་པར་ཁྲ་བོ་དང་ནག་པོ་ལ་ཡོད་པར་འདོད་དོ་ཞེ་ན། གལ་ཏེ་དེ་ལྟ་ན་དེ་དག་གི་དེ་སྤྱི་ཞེས་བྱ་བར་འབྲེལ་བར་མི་འགྱུར་ཏེ་དོན་གཞན་དུ་གྱུར་པའི་ཕྱིར་རོ། །དེ་བས་ན་སྤྱི་མ་ཡིན་ཏེ་ཀ་བ་བུམ་པའི་སྤྱི་མ་ཡིན་པ་བཞིན་ནོ། །འོན་
ཏེ་སྤྱི་ཁྱད་པར་གྱི་བདག་ཉིད་ཅན་ཡིན་པའི་ཕྱིར་བུམ་པའི་སྤྱི་ཀ་བ་ཡིན་ནོ་ཞེ་ན། སྤྱིའི་བདག་ཉིད་ཀྱིས་བ་ལང་ཉིད་ཡིན་ན་སྤྱི་ཁོ་ནར་འགྱུར་བ་མ་ཡིན་ནམ། དེ་ལ་ཁྱད་པར་དང་འབྲལ་བར་ཅི་ལྟར་ཤེས། འོན་ཏེ་ཁྱད་པར་དང་འབྲེལ་པ་ཅན་གྱི་རང་བཞིན་ཉིད་སྤྱི་ཡིན་ནོ་ཞེ་ན། དེ་ལྟ་ན་ཡང་ཁྱད་པར་ཐམས་ཅད་སྣང་བར་འགྱུར་ཏེ། སྤྱི་
ཁྱད་པར་ཐམས་ཅད་དང་འབྲེལ་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་དང་དེ་ཡང་མངོན་སུམ་གྱིས་འཛིན་པའི་ཕྱིར་རོ། །འོན་ཏེ་སྤྱིའི་ངོ་བོ་ཉིད་འཛིན་པ་ཁྱད་པར་གསལ་བ་དང་འབྲེལ་པ་ཅན་ཉིད་ནི་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ་གསལ་བ་དང་འབྲེལ་པ་ཉིད་ལས་ཐ་དད་པར་སྤྱིའི་རང་བཞིན་མེད་པའི་ཕྱིར་རོ། །འོན་ཏེ་སྤྱིའི་རྣམ་པ་ཅན་རིགས་ཀྱི་ངོ་བོ་ཉིད་
ཡིན་གྱི་དེ་དང་འབྲེལ་པ་ཉིད་ནི་མ་ཡིན་ནོ་ཞེ་ན། སྤྱིའི་རྣམ་པ་ཅན་ཉིད་ཅེས་བྱ་བ་གསལ་བ་དང་འབྲེལ་བ་ཉིད་དུ་བརྗོད་པ་མ་ཡིན་ནམ། གསལ་བ་ལ་ལྟོས་ནས་སྤྱིའི་རྣམ་པ་ཅན་ཉིད་ཡིན་གྱི་ངོ་བོ་ཉིད་ལ་ལྟོས་ནས་ནི་མ་ཡིན་པའི་ཕྱིར་ཏེ། དེ་རང་གི་ངོ་བོ་ཉིད་ལ་གནས་པས་ཐུན་མོང་མ་ཡིན་པ་ཉིད་དོ། །གསལ་བ་ལ་ལྟོས་ནས་སྤྱི་ཉིད་

ཡིན་ན་ཡང་དེ་བཟུང་བས་གསལ་བ་ཐམས་ཅད་གཟུང་བར་འགྱུར་རོ། །སྤྱི་ལྡོག་པའི་མཚན་ཉིད་ཅན་མ་ཡིན་ནམ་ཁྱེད་ལ་ཡང་སྐྱོན་འདི་ཇི་ལྟར་མེད་དེ། འདི་ལྟར་ལྡོག་པ་སྤྱིར་འདོད་པས་ཀྱང་ཕན་ཚུན་ཁྱད་པར་ཅན་དུ་གྱུར་པའི་ངོ་བོ་ཉིད་དུ་ཇི་ལྟར་འགྱུར། ཐ་དད་ན་ཡང་དེའི་ལྡོག་པའོ་ཞེས་འབྲེལ་པར་མི་འགྱུར་རོ་ཞེ་ན། འདི་ལ་སྨྲས་པ། ལྡོག་པའི་སྤྱི་ལ་
ཉེས་པ་མེད་དེ་ཕན་ཚུན་ཁྱད་པར་ཅན་དུ་གྱུར་པ་རྣམས་གཞན་ལས་ལྡོག་པ་ཡོད་པའི་ཕྱིར་རོ། །འདི་ལྟར་རིས་མི་མཐུན་པ་ལས་གཅིག་ལོག་པ་དེ་བཞིན་དུ་གཞན་དག་ཀྱང་ཡིན་ཏེ་སྤྱིའི་རྣམ་པ་ཅན་གྱི་ཤེས་པ་ལྡོག་པའི་རྒྱུ་ཅན་ཡིན་པའི་ཕྱིར་འགལ་བ་མེད་པ་ཉིད་དོ། །སྣ་ཚོགས་མ་མཐོང་བ་ཅན་གྱི་མཚུངས་པའི་ངོ་བོ་ཉིད་ཅིས་ཟློག་པར་
བྱེད། འོན་ཏེ་ཁྱད་པར་རྣམས་ལ་ཅི་ལྟར་སྤྱི་རྟོགས་པ་ཡིན། སྤྱི་རྟོགས་པ་ཉིད་ལས་སྤྱི་ཉིད་མ་ཡིན་ནམ། སྤྱི་རྣམ་པ་ཅན་གྱི་ཤེས་པ་ལས་ཐ་དད་པའི་སྤྱི་གཞན་གྱི་རང་བཞིན་མི་སྣང་བའི་ཕྱིར་དེ་ལ་སྤྱི་མ་ཡིན་པ་རྣམས་ལ་སྤྱིའི་བློར་ཇི་ལྟར་འགྱུར། འདྲི་བ་འདིའི་དོན་ནི་སྤྱི་མ་ཡིན་པའི་ཡུལ་ཅན་གྱི་ཤེས་པ་ཇི་ལྟར་སྤྱིའི་བློར་འགྱུར་ཞིང་སྤྱི་བློའི་ཡུལ་
མ་ཡིན་པར་མི་འགྲུབ་སྟེ་སྤྱིའི་བློ་མྱོང་བའི་ཕྱིར་རོ་ཞེ་ན། དེ་ཡི་ཕྱིར་ན་མཚུངས་པ་ཉིད། །སྤྱི་འདི་དངོས་མེད་མཚན་ཉིད་ཡིན། །འབྲས་བུ་ཡིན་ན་དེ་དུ་མར། །འགྱུར་ཞིང་འཇིག་རྟེན་འདི་མི་འདོད། །འཇིག་པ་དངོས་པོ་ཙམ་དང་ནི། །རྗེས་འབྲེལ་ཕྱིར་རྟག་པ་ཉིད་མིན། །རིགས་རྣམས་འབྲེལ་བ་མེད་ན་ཡང་། །ངོ་བོ་ཉིད་མེད་འབྲས་མིན་ཕྱིར། །ཞེས་
བྱ་བ་ལ། སྤྱིའི་རྣམ་པ་ཅན་ཉིད་ནི་འཁྲུལ་པའི་ངོ་བོ་ལས་ཐ་དད་པར་བསྟན་པར་མི་ནུས་པ་དེའི་ཕྱིར་འདི་མཚུངས་པའི་ངོ་བོ་ཉིད་ཀྱིས་དངོས་པོ་མེད་པའི་མཚན་ཉིད་དེ་ངོ་བོ་ཉིད་ཡིན་ནོ། །འོན་ཏེ་སྤྱིའི་རྣམ་པ་ཅན་ཉིད་གསལ་བ་ཇི་ལྟར་ཡོད་པ་བཞིན་ཡོད་དེ། གང་ན་གཉིས་ཡོད་པ་དེ་ན་གཉིས་ཀྱི་རྣམ་པ་དང་། གང་གསུམ་ཡིན་པ་དེ་ན་གསུམ་གྱི་རྣམ་པ་
ཉིད་ཡོད་དོ་ཞེ་ན། དེ་ལྟ་ན་འོ་ན་ནི་གསལ་བ་གཞན་དུ་སྐྱེ་བ་ན་སྤྱི་འཕེལ་བར་འགྱུར་བ་ཅན་ཏེ་གསལ་བ་ཡོད་པ་དང་མེད་པའི་རྗེས་སུ་བྱེད་པའི་ཕྱིར་འབྲས་བུ་ཉིད་ཡིན་ནོ། །འོན་ཏེ་གསལ་བའི་འབྲས་བུ་སྤྱི་ཡིན་ནོ་ཞེ་ན། དེ་ལྟ་ན་ཡང་གསལ་བ་བཞིན་སྤྱི་དེ་དུ་མ་ཉིད་དུ་ཐལ་བར་འགྱུར་རོ། །འོན་ཏེ་ངོ་ཤེས་པ་ཡིན་པའི་ཕྱིར་རིགས་
གཅིག་པའོ་ཞེ་ན། དེ་ལྟ་ན་ཡང་རིགས་ལ་ཡང་ཐ་དད་པའི་མཚུངས་པའི་རྣམ་པ་ཅན་ཡོད་པར་འགྱུར་བའི་ཕྱིར་རིགས་ཐུག་པ་མེད་པར་འགྱུར་རོ། །འོན་ཏེ་རིགས་ལས་རིགས་གཞན་མི་རྟོགས་སོ་ཞེ་ན། གསལ་བ་ལ་ཡང་རིགས་རྟོགས་པ་མེད་པའི་ཕྱིར་བརྩད་པ་མཚུངས་པ་ཡིན་ནོ། །འོན་ཏེ་ངོ་ཤེས་པས་གསལ་བའི་རིགས་ཁོང་

དུ་ཆུད་དོ་ཞེ་ན། རིགས་ལ་ཡང་རིགས་གཞན་ངོ་ཤེས་པས་རྟོགས་སུ་རུང་བའི་ཕྱིར་རིགས་ཐུག་པ་མེད་པར་འགྱུར་རོ། །གཞན་ཡང་སྤྱི་དེ་མི་འདོད་པའི་འཇིག་པའི་ངང་ཚུལ་ཅན་དུ་འགྱུར་ཏེ་གསལ་བ་ཞིག་ན་འཇིག་པའི་ཕྱིར་དང་། དངོས་པོ་ཡིན་པའི་ཕྱིར་ཡང་རིགས་འཇིག་པའི་ངང་ཚུལ་ཅན་དུ་འགྱུར་གྱི་རྟག་པ་ཉིད་
ནི་མ་ཡིན་ཏེ། འཇིག་པ་ནི་ཡོད་པ་ཙམ་དང་འབྲེལ་པ་ཅན་ཡིན་པའི་ཕྱིར་དངོས་པོར་གྱུར་ན་གདོན་མི་ཟ་བར་འཇིག་པར་འགྱུར་རོ། །འོན་ཏེ་རིགས་འབྲས་བུ་མ་ཡིན་པ་ཉིད་དུ་འདོད་ན། དེ་ལྟ་ན་ཡང་རིགས་གསལ་བའི་འབྲས་བུ་མ་ཡིན་པས་དེ་དང་འབྲེལ་པ་མེད་པའི་ཕྱིར་མཚུངས་པའི་ངོ་བོ་ཉིད་དུ་མི་འགྱུར་ཏེ་སྤྱི་ནི་གསལ་བ་དང་འབྲེལ་
པ་ཡིན་གྱི་རང་རྒྱུད་པ་མ་ཡིན་པའི་ཕྱིར་རོ། །གཞན་ཡང་རིགས་བརྡའི་སྟོབས་ཀྱིས་སྒྲའི་ཤེས་པ་ལ་སྣང་བ་དེ་ལྟ་ན་ཡང་དངོས་པོ་མ་ཡིན་ཏེ། འདི་ལྟར། དངོས་པོའི་སྟོབས་ལས་སྐྱེས་པ་ཡི། །ཤེས་པ་གང་དེ་བརྡ་དག་ལ། །ལྟོས་པ་མ་ཡིན་སྤྱི་ཡི་ནི། །བློ་ལ་དེ་དག་སྣང་མི་འགྱུར། །ཞེས་བྱ་བ་ལ། ཤེས་པ་གང་ཞིག་དངོས་
པོའི་སྟོབས་ཏེ་ནུས་པ་ལས་སྐྱེས་པའི་ཤེས་པ་དེ་ནི་བརྡ་ལ་ལྟོས་པ་མ་ཡིན་ཏེ། དངོས་པོ་ཉེ་བའི་སྟོབས་ཁོ་ན་ལས་སྐྱེ་བའི་ཕྱིར་རོ། །དབང་པོའི་ཤེས་པ་བརྡ་དྲན་པ་ལ་ལྟོས་ནས་གཟུགས་ལ་སོགས་པ་ལ་འཇུག་པ་མ་ཡིན་ཏེ་བརྡ་མ་བཟུང་བར་ཡང་གཟུགས་མཐོང་བ་སྐྱེ་བའི་ཕྱིར་རོ། །གལ་ཏེ་ཡང་མིག་གི་ཤེས་པ་བརྡ་ལ་
ལྟོས་པ་ཉིད་ཡིན་ན་དངོས་པོ་དང་འབྲེལ་པར་མི་འགྱུར་ཏེ། འདི་ལྟར་བརྡ་སྦྱོར་བ་ནི་ཉེ་བ་ཙམ་ལས་འདས་ནས་བྱེད་ལ་བརྡ་ལ་ལྟས་ནས་ཤེས་པ་ནི་སྒྲོ་བཏགས་པའི་སྤྱོད་ཡུལ་ཅན་ཉིད་དོ། །འོན་ཏེ་བརྡ་ཡང་དངོས་པོ་ཉེ་བར་གྱུར་པ་ལ་སྦྱོར་བ་མ་ཡིན་ནམ་ཞེ་ན། གལ་ཏེ་སྔ་ཕྱིར་སྒྲོ་འདོགས་པ་མེད་པར་བརྡ་སྦྱོར་བ་མེད་པ་དེ་ལྟ་ན་མི་ནུས་
པར་འགྱུར་བས་བརྡ་ལས་དངོས་པོ་རྟོགས་པར་མི་འགྱུར་བ་ཉིད་ཡིན་ནོ། །འོན་ཏེ་སྒྲའི་སྟོབས་ཉིད་ལས་བརྡ་མེད་པར་ཡང་ཐ་སྙད་ཀྱི་དུས་སུ་ཤེས་པར་འགྱུར་རོ་ཞེ་ན།། །།ཚད་མ་རྣམ་འགྲེལ་གྱི་འགྲེལ་པ། བམ་པོ་བཞི་པ། མ་ཡིན་ཏེ། སྔ་ཕྱི་གཅིག་ཏུ་སྲེ་བ་མེད་ན་རྟོགས་པ་མ་མཐོང་སྟེ། གཞན་དུ་ན་བརྡ་མ་བཟུང་བར་ཡང་
སྒྲའི་ཤེས་པ་སྐྱེ་བར་འགྱུར་རོ། །སྤྱིའི་བློ་ནི་བརྡ་འཛིན་པ་མེད་པར་དེ་དངོས་པོའི་དངོས་ལས་སྐྱེ་བ་མ་ཡིན་ནོ། །འོན་ཏེ་སྤྱིའི་བློ་ནི་བརྡ་འཛིན་པ་མེད་པར་གསལ་བ་གཞན་མཐོང་བ་ལས་འབྱུང་ངོ་ཞེ་ན། སྤྱིའི་ཐ་སྙད་བསྒྲུབ་པར་བྱ་བ་དེ་ལ་ཡང་གསལ་བ་གཞན་དེ་ཉིད་རྟགས་མ་ཡིན་ནམ། བརྡ་འཛིན་པ་ནི་ཉེ་བར་མཚོན་པ་ཙམ་ཡིན་གྱི་རྟགས་ཅན་གྱི་

ཤེས་པ་ནི་དངོས་པོ་ལ་ལྟོས་པ་མ་ཡིན་ཏེ་དེས་ཀྱང་སྔ་ཕྱི་སྲེ་བར་བསྐྱེད་ཀྱི་ཉེ་བ་ཙམ་འཛིན་པ་ནི་མ་ཡིན་ནོ། །གཞན་ཡང་ཧ་ལན་ཏའི་རིགས་དང་བྲམ་ཟེའི་རིགས་ལ་སོགས་པ་ནི་བརྡ་ཙམ་དང་འབྲེལ་པ་ཡིན་གྱི་དངོས་པོ་དང་འབྲེལ་པ་ནི་མ་ཡིན་ཏེ་གང་གི་ཧ་ལན་ཏ་ལ་སོགས་པའི་ཐ་སྙད་འཛིན་པ་དེས་དེ་ཉིད་ཀྱིས་ཧ་ལན་ཏ་ལ་སོགས་པ་ཤེས་པ་
ཡིན་ནོ། །འོན་ཏེ་ཁྲ་བོ་ལ་སོགས་པ་ཉེ་བར་གྱུར་ན་བརྡ་འཛིན་པ་མེད་པར་ཡང་བ་ལང་བ་ལང་ཞེས་བྱ་བའི་ཤེས་པ་མཐོང་བ་མ་ཡིན་ནམ། བརྡ་ལ་མ་ལྟོས་པའི་ཤེས་པའི་ཡུལ་ཡིན་པའི་ཕྱིར་སྤྱི་དངོས་པོ་ཡིན་ཏེ་སྔོན་པོ་ལ་སོགས་པའི་ཤེས་པ་བཞིན་ནོ་ཞེ་ན། སྨྲས་པ། དངོས་གཉིས་མཐོང་ལ་བློ་འགའ་ཞིག །བརྡ་མེད་ན་ཡང་མི་ཕྱེད་
པའི། །རྗེས་སུ་འཇུག་པ་གང་ཡིན་ཏེ། །དོན་ཉེ་བ་ཡི་རྒྱུ་ཅན་ཡིན། །ཞེས་བྱ་བ་ལ། གལ་ཏེ་ཧ་ལེན་ཏ་ལ་སོགས་པའི་རིགས་བཞིན་བ་ལང་ཉིད་ལ་སོགས་པ་དངོས་པོ་མ་ཡིན་ན་དེ་ལ་ནི་ཉེ་བ་ཅི་ཡང་མེད་དོ། །འོན་ཏེ་རྣམ་པ་གཅིག་པ་ཅན་གྱི་བློ་ས་བོན་མེད་པར་ཇི་ལྟར་འགྱུར་ཞེ་ན། ཧ་ལན་ཏ་ལ་སོགས་པ་ཡང་སྤྱི་མེད་པར་གཅིག་གི་རང་
བཞིན་དུ་ཇི་ལྟར་ཤེས། འོན་ཏེ་དེ་ལ་ཡང་ཧ་ལན་ཏ་ཉིད་ཅེས་བྱ་བ་དེ་དག་གི་སྤྱིར་འདོད་ན་ནི་དེ་ལྟ་ན་བརྡ་མ་བཟུང་བ་ཅན་རྣམས་ཀྱིས་ཀྱང་ཇི་ལྟར་མི་ཤེས་པ་ཡིན། དེ་དེ་དག་ལ་བརྡ་གསལ་བར་བྱེད་པ་མེད་པས་མ་རྟོགས་སོ་ཞེ་ན། དེ་ལྟ་ན་ཡང་རྟག་པ་དང་མི་རྟག་པའི་རྣམ་པ་ཅན་ཕན་ཚུན་འགལ་བ་དང་དངོས་པོ་དང་དངོས་པོ་མེད་པ་དེ་བཞིན་ཏེ་
བརྡ་མེད་པར་མི་ཤེས་པའི་ཕྱིར་ཅི་ཡང་བྱེད་པ་ཉིད་དུ་མི་འགྱུར་རོ། །གལ་ཏེ་ཧ་ལན་ཏ་ལ་སོགས་པའི་བློ་བརྡ་ཙམ་དུ་ཡོད་ཀྱི་རིགས་ནི་མ་ཡིན་ནོ་ཞེ་ན། དེ་ལྟ་ན་འོ་ན་ནི་དཔེ་དེ་ཉིད་ཀྱིས་བ་ལང་ལ་སོགས་པ་ལ་ཡང་བློ་ཉིད་ཡོད་ཀྱི་རིགས་ནི་མ་ཡིན་ནོ། །མི་ཕྱེད་པའི་རྣམ་པ་ཅན་གྱི་བློ་གང་ཡིན་པ་བརྡ་མེད་ན་ཡང་དངོས་པོ་གཉིས་མཐོང་བ་ན་ཡོད་པར་
འགྱུར་བའི་བློ་དེ་དོན་རྣམས་ཉེ་བ་སྟེ་བྱ་བ་གཅིག་ནུས་པ་དེའི་རྒྱུ་མཚན་ཅན་ཡིན་ནོ། །འོན་ཏེ་རིགས་མེད་པར་གཅིག་གི་རྣམ་པ་ཅན་གྱི་ཤེས་པའི་འབྲས་བུ་སྐྱེད་ནུས་པའི་མཚན་ཉིད་ཅན་དེ་ཉིད་ཉེ་བར་ཇི་ལྟར་འགྱུར་ཞེ་ན། དེ་ནི་མི་བདེན་ཏེ། ཇི་ལྟར་རིགས་མེད་པར་ཤེས་པ། །འབྲས་ཅན་མིག་སོགས་ཉེ་བར་འདོད། །གང་གིས་རྣམ་པར་ཕྱེ་བ་
ཡིས། །རིགས་ནི་རྣམ་པར་གསལ་བར་བྱེད། །ཅེས་བྱ་བ་ལ། གཅིག་གི་རྣམ་པ་ཅན་གྱི་རྟོགས་པ་སྐྱེད་པ་ན་ཁྲ་བོ་ལ་སོགས་པ་རྣམས་ལ་རིགས་བ་ལང་ཉིད་མ་རྟོགས་པར་ཡང་ཉེ་བར་ཡོད་དོ། །ཇི་ལྟར་མིག་ལ་སོགས་པ་རྣམས་མིག་ལ་སོགས་པའི་རིགས་པ་བསྐྱེད་པ་རྣམས་ལ་ཉེ་བར་འདོད་དེ། མིག་གི་རྣམ་པར་ཤེས་པ་སྐྱེད་པར་

བྱེད་པ་ནའོ། །འོན་ཏེ་ལྷན་ཅིག་བྱེད་པའི་གྲོགས་རྣམས་ཐ་དད་ཀྱང་འབྲས་བུ་གཅིག་བསྐྱེད་དོ་ཞེ་ན། དངོས་པོ་གཉིས་མཐོང་བའི་དུས་ན་ཡང་བློ་གཅིག་སྐྱེད་པ་ན་ལྷན་ཅིག་བྱེད་པའི་གྲོགས་ཉིད་དུ་འགྱུར་བ་མ་ཡིན་ནམ། འོན་ཏེ་ཁྲ་བོ་ལ་སོགས་པ་ཐ་དད་པ་རྣམས་བློ་གཅིག་གི་
ཡུལ་དུ་ཇི་ལྟར་འགྱུར་ཞེ་ན། སྤྱིའི་ཤེས་པ་ལ་ཁྲ་བོ་ལ་སོགས་པ་གསལ་བར་སྣང་བ་མ་ཡིན་གྱི། འོན་ཀྱང་ཕྱི་རོལ་ལ་བརྟེན་ནས་གཅིག་གི་རྣམ་པ་ཅན་གྱི་བློ་དང་དེས་བསྐྱེད་པ་དེ་ཉིད་ཕྱི་རོལ་གྱི་ནུས་པ་ཅན་ཡིན་ནོ། །ཡང་ན་རིགས་ཉིད་གང་གིས་ཐ་དད་པས་ཉེ་བ་ལ་འཇུག་པ་སྟེ། འདི་ལྟར་བ་ལང་
ཉིད་ཁྲ་བོ་ལ་སོགས་པ་ལ་འཇུག་གི་རྟ་ཁྲ་བོ་ལ་སོགས་པ་ལ་ནི་མ་ཡིན་པའི་ཕྱིར་ངེས་པར་དངོས་པོ་ཉིད་དུ་ཁས་བླང་བར་བྱའོ། །འོན་ཏེ་བརྡ་ལས་མ་སྐྱེས་པའི་ཤེས་པ་ཉིད་ལ་རིགས་སྣང་བར་འགྱུར་ན། ཇི་ལྟར་རིགས་དེ་མེད་པར་འགྱུར། འོན་ཏེ་རྟོག་པ་མེད་པའི་ཤེས་པ་ལ་རིགས་མི་སྣང་བར་འདོད་ན་ནི་
རྟོག་པ་མེད་པའི་ཤེས་པ་རིགས་འཛིན་པར་མི་འགྱུར་བ་མ་ཡིན་ནམ། མཐོང་བ་ལས་དུས་ཕྱིས་ཀྱི་ཤེས་པ་རྟོགས་པ་དང་བཅས་པས་རིགས་མཐོང་བ་ཡིན་ནོ། །མྱོང་བར་གྱུར་པ་མེད་པར་མི་རུང་སྟེ། རང་གི་མཚན་ཉིད་ཀྱང་མེད་པར་ཐལ་བར་འགྱུར་རོ། །དེ་བས་ན་ཐ་དད་པ་མེད་པའི་རྗེས་སུ་
འགྲོ་བའི་བློ་དངོས་པོའི་རྒྱུ་ཅན་ཁོ་ནའོ་ཞེས་ཟེར་བ་དེ་ནི་རིགས་པ་མ་ཡིན་ཏེ་རྗེས་སུ་འགྲོ་བའི་གཞལ་བྱ་སྣང་བའི་ཕྱིར་རོ་ཞེ་ན། སྨྲས་པ། རྣམ་པ་འགས་ཀྱང་རྣམ་ཤེས་ལ། །དེ་དངོས་སྣང་བ་མེད་ཕྱིར་རོ། །གལ་ཏེ་དབང་རྣམས་ལྟ་བོར་འགྱུར། །དེ་ཡི་ལུས་ནི་སྣང་འགྱུར་ཏེ། །དངོས་ལྡན་ཕྱིར་རོ་
རིགས་མིན་ཏེ། །ཡན་གར་མཐོང་བ་མེད་པའི་ཕྱིར། །གསལ་འཛིན་ཚེ་ན་དེ་སྒྲ་དང་། །ངོ་བོ་ལས་གཞན་སྣང་བ་མེད། །ཅེས་བྱ་བ་ལ། གལ་ཏེ་སྤྱི་ཡོད་པར་གྱུར་ན་རྟོག་པའི་ཤེས་པའམ་རྟོག་པ་མེད་པའི་ཤེས་པ་ལ་སྣང་བར་འགྱུར་བ་ཞིག་ན། ཇི་སྲིད་དུ་ཤེས་པ་འགའ་ཞིག་ལ་རྣམ་པ་འགའ་ཞིག་གིས་
རིགས་དེའི་དངོས་པོ་སྣང་བ་མེད་པའི་ཕྱིར། རིགས་ཡོད་པ་མ་ཡིན་ནོ། །རིགས་ཀྱི་རང་བཞིན་ནི་ཁ་དོག་དང་དབྱིབས་ཀྱི་རྣམ་པ་དང་བྲལ་བ་ཡིན་ཏེ། རྟོག་པ་དང་བཅས་པའི་ཤེས་པ་ནི་མདུན་ན་སྣང་བའི་སྔོན་པོ་ལ་སོགས་པའི་ངོ་བོ་ལ་ཞེ་ན། དེ་ཇི་ལྟར་རྣམ་པ་གཞན་དུ་མྱོང་བས་རིགས་རྣམ་པ་གཞན་

པོ་འཛིན་པར་འགྱུར། དེ་བས་ན་སྣང་བ་མེད་པར་གྲུབ་པ་ཡིན་ནོ། །འོ་ན་གལ་ཏེ་རིགས་སྣང་བར་མ་གྱུར་པས་མེད་ན་དབང་པོ་ཡང་མི་སྣང་བའི་ཕྱིར་མེད་པར་འགྱུར་རོ། །དེ་བས་ན་དབང་པོའི་ཤེས་པ་རྒྱུ་མེད་པ་ཅན་ཉིད་དུ་དོན་ལས་ཀྱང་སྐྱེ་བར་འགྱུར་རོ་ཞེ་ན། འདིར་སྨྲས་པ། གལ་ཏེ་དབང་པོ་རྣམས་
ལྟ་བ་པོར་རྣལ་འབྱོར་པ་ཁ་ཅིག་ལ་ཡོད་ན་ནི་དབང་པོ་དེ་དག་གི་ལུས་ཀྱང་སྣང་བར་འགྱུར་ཏེ། དངོས་པོ་དང་ལྡན་པ་ཉིད་ཀྱིས་མངོན་སུམ་དུ་བྱེད་པ་སྲིད་པའི་ཕྱིར་རོ། །བདག་ཅག་ལ་སོགས་པས་ནི་མིག་ལ་སོགས་པ་མི་མཐོང་སྟེ། དབང་པོ་ལས་འདས་པའི་ཕྱིར་རོ། །འོ་ན་དེ་ལྟར་རིགས་ཀྱང་མ་ཡིན་ནམ་
ཞེ་ན། མ་ཡིན་ཏེ། བལྟར་རུང་བར་འདོད་པའི་ཕྱིར་རོ། །ཡང་ན་རིགས་གཅིག་པུ་ནི་སྣང་བ་མ་ཡིན་ཏེ། གསལ་བ་དང་བྲལ་བར་རིགས་དེ་དག་ཡན་གར་བ་མཐོང་བ་མེད་པའི་ཕྱིར་རོ། །འོན་ཏེ་རྣལ་འབྱོར་པ་འབའ་ཞིག་གིས་མིག་ལ་སོགས་པ་བཞིན་དུ་རིགས་ཡན་གར་བ་མཐོང་ངོ་ཞེ་ན། གལ་ཏེ་རྣལ་འབྱོར་
པས་རིགས་ཡན་གར་བ་མཐོང་ན་དེ་ནི་རིགས་སུ་མི་འགྱུར་རོ། །འོན་ཏེ་སྤྱིའི་རྣམ་པ་ཅན་གྱི་བློ་སྐྱེ་བ་མ་ཡིན་ནམ། དེ་རིགས་ཀྱི་རྒྱུ་ཡིན་པས་ཡན་གར་བར་མི་འཛིན་ཏེ་དེ་མེད་པའི་ཕྱིར། རྟག་ཏུ་རིགས་ནི་གསལ་བ་ལ་བརྟེན་པ་ཉིད་ཀྱི་ཕྱིར་རོ་ཞེ་ན། གསལ་བ་འཛིན་པའི་ཚེ་གསལ་བ་དང་སྒྲ་སྟེ་རྗོད་བྱེད་དང་ངོ་བོ་ཉིད་
དེ་དག་ལས་གཞན་པའི་སྤྱི་མི་འཛིན་ཏེ། འདི་ལྟར་གསལ་བའི་རང་བཞིན་ལ་ཞེན་པ་དང་ནང་གི་བརྗོད་པའི་བདག་ཉིད་མིང་གི་རྣམ་པ་ཅན་དུ་སྣང་བའི་ཕྱིར་མ་ཡིན་ནམ། རིགས་དེ་ལས་ཐ་དད་པའི་རྟེན་མེད་པ་ཅན་དུ་སྣང་བ་མ་ཡིན་ནོ། །རིགས་དེ་སྣང་དུ་མི་རུང་བའི་ཕྱིར། མི་སྣང་བ་མ་ཡིན་ནམ། དེ་མེད་པར་
མི་དམིགས་པས་ཇི་ལྟར་ཤེས་པར་བྱེད་དེ་བརྗོད་པ་དང་ཤེས་པའི་རྒྱུ་ཡིན་པའི་ཕྱིར་རོ་ཞེ་ན། འདིར་སྨྲས་པ། །དེ་ཕྱིར་དེ་ནི་ཤེས་ཙམ་གྱི། །དོན་བྱེད་པར་ཡང་མི་ཤེས་སོ། །མི་རུང་ཕྱིར་དེ་ངོ་བོ་མེད། །དེ་ནི་དངོས་མེད་མཚན་ཉིད་ཡིན། །ཞེས་བྱ་བ་ལ། མི་སྣང་བ་དེ་ཉིད་ཀྱི་ཕྱིར་སྤྱི་དེ་ནི་ཤེས་པ་ཙམ་སྐྱེད་
པར་བྱེད་པར་མི་ནུས་སོ། །མི་སྣང་བའི་རང་བཞིན་གང་ཡིན་པ་དེ་ནི་དེའི་རྣམ་པ་ཅན་གྱི་ཤེས་པ་སྐྱེད་པ་ལ་ཡང་ནུས་པ་མེད་པ་ཉིད་ཡིན་ནོ། །འོན་ཏེ་མིག་ལ་སོགས་པ་ཤེས་པ་བཞིན་དུ་ཤེས་པ་ཙམ་སྐྱེད་པའི་རྒྱུར་འགྱུར་རོ་ཞེ་ན། མ་ཡིན་ཏེ་རིགས་ལ་རྗེས་སུ་འགྲོ་བ་དང་ལྡོག་པ་དག་མ་མཐོང་བའི་ཕྱིར་རོ། །

ཤེས་པ་ཙམ་དེ་ལ་ཡང་ནུས་པ་མེད་པའི་ཕྱིར་སྤྱི་དེ་མི་ནུས་པ་ནི་མེད་པས་ངོ་བོ་མེད་པ་སྟེ་གང་གི་ཕྱིར་མི་ནུས་པ་དེ་ནི་དངོས་པོ་མེད་པའི་མཚན་ཉིད་དེ་ངོ་བོ་མེད་པ་ཉིད་དོ། །ཇི་སྐད་བཤད་ལས་བཟློག་གང་ཡིན། །དེ་ནི་རང་གི་མཚན་ཉིད་འདོད། །ཅེས་བྱ་བ་ནི། གང་ཡང་ངོ་བོ་ཉིད་
ཀྱིས་མི་སྣང་བ་དེ་ནི་ཡོད་པ་དང་མེད་པའི་རྗེས་སུ་བྱེད་པར་ནུས་པ་མ་ཡིན་པས་དེ་ནི་དོན་དམ་པར་ཡོད་པའི་རང་གི་མཚན་ཉིད་མ་ཡིན་ནོ། །ཇི་སྐད་འདས་མ་ཐག་པར་དངོས་པོ་མེད་པར་སྟོན་པའི་རྣམ་པ་དག་བཤད་པ་ལས་བཟློག་པ་གང་ཡིན་པ་དེ་ནི་རང་གི་ངོ་བོ་ཉིད་ཀྱིས་ཤེས་པའི་ཕྱིར་རོ། །འདི་ལྟར་རང་གི་
ངོ་བོ་ཉིད་ཀྱི་མཚན་ཉིད་འདི་ཡིན་པའི་ཕྱིར་རང་གི་མཚན་ཉིད་ཅེས་བརྗོད་དོ། །འོ་ན་རང་གི་ངོ་བོ་དེ་ཉིད་ཡིན་ན་དེའི་མཚན་ཉིད་དུ་ཇི་ལྟར་འགྱུར་ཞེ་ན། མ་ཡིན་ཏེ། མཚན་གཞིའི་མཚན་ཉིད་དངོས་པོ་ནི་བརྟགས་པའི་ཕྱིར་རོ་ཞེས་འཆད་པར་འགྱུར་རོ། །འོ་ན་སྤྱི་དངོས་པོ་མེད་པ་ཉིད་དུ་གྱུར་ན་མི་དམིགས་པ་དང་འབྲས་
བུ་དང་རང་བཞིན་གྱི་གཏན་ཚིགས་ཇི་ལྟར་ཐ་དད་པར་འགྱུར་ཏེ། མངོན་སུམ་དང་རྗེས་སུ་དཔག་པ་ནི་ཡུལ་ཐ་དད་པས་ཐ་དད་པར་རིགས་ཀྱི་མི་དམིགས་པ་ལ་སོགས་པ་ནི་ཡུལ་ཐ་དད་པ་མ་ཡིན་ཏེ། སྤྱི་དངོས་པོ་མེད་པའི་ཕྱིར་རོ་ཐ་དད་པ་ནི་དངོས་པོ་དང་དངོས་པོ་མེད་པའི་རྒྱུ་ཅན་ཡིན་ནོ། །འོན་ཏེ་རྟགས་
ཐ་དད་པར་མཐོང་བས་སོ་ཞེ་ན། དེ་ལྟ་ན་ཡང་གཏན་ཚིགས་རྣམ་པ་དྲུག་མཐོང་བའི་ཕྱིར་མཛེས་པ་མ་ཡིན་ནོ། །རྒྱུ་དང་འབྲས་བུ་འགལ་བ་དང་། །ལྡན་པ་དང་ནི་འདུ་བ་དང་། །དོན་གཅིག་ལ་ནི་འདུ་བ་སྟེ། །གཏན་ཚིགས་རྣམ་པ་དྲུག་ཏུ་འདོད། །དེའི་ཕྱིར་དྲུག་ཏུ་འགྱུར་རོ། །ཡང་ན། །ཡོད་
མེད་གཉི་ག་ལ་བརྟེན་པའི། །སྒྲ་དོན་ཆོས་ནི་རྣམ་པ་གསུམ། །ཞེས་བསྟན་པ་དེ་ལ་ཡོད་པ་སྟེ། །འབྲས་བུ་དང་རང་བཞིན་གྱི་གཏན་ཚིགས་ཀྱི་ཡུལ་ཡིན་ལ། མེད་པ་ནི་མི་དམིགས་པའི་ཡུལ་ཡིན་ཞིང་གཉི་གའི་རང་བཞིན་ཅན་ནི་སྣང་དུ་མི་རུང་བའི་མི་དམིགས་པའི་ཡུལ་ཡིན་ནོ། །སྤྱིའི་
དངོས་པོ་མེད་པར་གྱུར་ན་དབྱེ་བ་འདི་དག་མི་རུང་ངོ་། །ཡང་ན་གཉིས་ནི་དངོས་པོ་གྲུབ་པ་ཡིན་ལ་གཅིག་ནི་དགག་པ་སྒྲུབ་བོ་ཞེས་གང་བསྟན་པ་དེ་ལ། དངོས་པོ་ཉིད་དུ་མཚུངས་ན་ཇི་ལྟར་དངོས་པོ་དང་དངོས་པོ་མེད་པར་དབྱེ་བར་བྱ་ཞེ་ན། འདིར་སྨྲས་པ། །ཡོད་མེད་གཉི་ག་ལ་བརྟེན་ཕྱིར། །སྤྱི་དེ་ཡང་

རྣམ་གསུམ་ཡིན་ནོ། །ཞེས་བྱ་བ་ལ། སྤྱི་ལ་ངོ་བོ་ཉིད་ཀྱི་དབྱེ་བ་མེད་དེ་དངོས་པོ་མེད་པའི་ཕྱིར་རོ། །ཡོད་པ་དང་མེད་པ་དང་གཉི་ག་ལ་བརྟེན་པའི་ཕྱིར། སྤྱི་ཤེས་པའི་ངོ་བོ་ཉིད་ཅན་དེ་རྣམ་པ་གསུམ་ཡིན་ནོ། །དེ་བས་ན་དེའི་རྒྱུ་ཡང་འབྲས་བུ་དང་རང་བཞིན་དང་མི་དམིགས་པ་དག་ཐ་དད་པ་ཡིན་ཏེ།
འདི་ལྟར་ཡོད་པར་མངོན་པར་ཞེན་པའི་རྟོག་པ་ནི་རང་བཞིན་གྱི་གཏན་ཚིགས་ཀྱིས་བསྐྱེད་ལ། མེད་པར་ཞེན་པ་ནི་མི་དམིགས་པས་ཡིན་ནོ། །གཉི་ག་འཛིན་པའི་རྣམ་པར་རྟོག་པ་ནི་འབྲས་བུའི་གཏན་ཚིགས་ཀྱིས་བསྐྱེད་པ་སྟེ། སྒྲུབ་བྱེད་ཐ་དད་པ་ཅན་ནི་ཡོད་པ་དང་མེད་པ་ཐ་དད་པར་བྱེད་པ་འབྲས་བུའི་
གཏན་ཚིགས་ཡིན་ཏེ། འབྲས་བུ་ལ་ལྟོས་ནས་མེད་པ་ཡིན་ལ་ངོ་བོ་ཉིད་ལ་ལྟོས་ནས་ཡོད་པ་སྟེ། གཏན་ཚིགས་དང་ཐ་དད་པའི་བསྒྲུབ་བྱ་ཡིན་པའི་ཕྱིར་རོ། །ཡང་ན་དངོས་པོ་མེད་པ་ཡིན་ཡང་ཡོད་པ་དང་མེད་པ་དང་གཉི་གའི་ཉེ་བར་ལེན་པ་ཅན་ཡིན་པའི་ཕྱིར་ཐ་དད་པ་ལ་བརྟེན་ནས་རྗེས་སུ་དཔག་
པའི་ཡུལ་ཐ་དད་པ་ཡིན་ཏེ། ཡོད་པ་ཉིད་ཀྱང་གཉིས་ཏེ་ཐ་དད་པ་དང་ཐ་མི་དད་པ་འབྲས་བུ་དང་རང་བཞིན་གྱི་གཏན་ཚིགས་ཀྱི་ཡུལ་ཡིན་ནོ། །མེད་པ་ནི་མི་དམིགས་པའི་ཡུལ་ཡིན་ནོ། །གཉི་ག་ལ་བརྟེན་པའི་ཆོས་ནི་མི་སྣང་བ་མི་དམིགས་པའི་ཡུལ་ཡིན་ན། །དེའི་ཕྱིར་གཞུང་དང་ཇི་ལྟར་འགལ་བ་
ཡིན། གལ་ཏེ་ཡོད་དང་རྗེས་འབྲེལ་ཕྱིར། །ཡོད་ཤེས་དངོས་པོའི་རྟེན་ཅན་ནི། །མིན་ཏེ་ལན་བཏབ་ཟིན་ཕྱིར་དང་། །འདས་སོགས་གཞན་དུའང་མཐོང་ཕྱིར་རོ། །ཞེས་བྱ་བ་ལ། འོ་ན་གལ་ཏེ་ཤེས་པ་ཡོད་པ་ལ་བརྟེན་པ་ཡིན་ན་དངོས་པོ་ཡོད་ན་འབྱུང་སྟེ་ཡོད་པ་དང་འབྲེལ་བའི་ཕྱིར་མངོན་
སུམ་བཞིན་ནོ་ཞེ་ན། ཡོད་པ་ལ་བརྟེན་པའི་ཤེས་པ་ཡིན་ཞེས་ཏེ་ཡོད་པ་ཡིན་ན་འབྱུང་བ་མ་ཡིན་ཏེ། ཡོད་པའི་ཡུལ་ཅན་ཉིད་ནི་ཡོད་པའི་ངོ་བོ་ཉིད་འཛིན་པའི་ཕྱིར་ཡིན་གྱི། རྟོག་པ་སྤྱིའི་ཡུལ་ཅན་ཡོད་པ་འཛིན་པ་མ་ཡིན་ཏེ། དབང་ཚོགས་འབྲས་མེད་ཐལ་ཕྱིར་རོ། །ཞེས་བྱ་བས་ལན་བཏབ་
ཟིན་པའི་ཕྱིར་རོ། །འོན་ཏེ་ཡོད་པ་ཡིན་ན་འབྱུང་བའི་ཕྱིར་ཡོད་པའི་ཡུལ་ཅན་དུ་བརྗོད་དོ་ཞེ་ན། དེ་ནི་རིགས་པ་མ་ཡིན་ཏེ། གཞན་དུ་ཡང་སྟེ་ཡོད་པ་མ་གཏོགས་པར་འདས་པ་ལ་སོགས་པ་ལ་མཐོང་བའི་ཕྱིར་རོ། །གལ་ཏེ་སྤྱི་འམ་གསལ་བ་ལ་ཤེས་པ་འཇུག་ན་དེའི་ཚེ་འདས་པ་ལ་སོགས་པའི་

ཡུལ་ཅན་དུ་སྒྲ་མི་འགྱུར་ཏེ། ཡོད་པ་ནི་ངོ་བོ་ཉིད་ཀྱིས་སྣང་བ་ཡིན་ན་འདས་པ་ལ་སོགས་པ་ཉིད་ལ་མི་འཐད་པའི་ཕྱིར་རོ། །གལ་ཏེ་དེ་ལྟར་མེད་པའམ་མེད་པ་རྟོགས་པས་མཐོང་ན་ནི་དེའི་ཚེ་སྤྱིའི་ཡོད་པའི་ཆོས་ཉིད་ཉམས་པར་འགྱུར་རོ། །དེ་སྨྲས་པ། །དངོས་ཆོས་ཉིད་ཉམས་འགྱུར་
ཞེ་ན། །དངོས་པོར་འཛིན་པ་སྔོན་འགྲོ་ཅན། །དེ་ཤེས་