Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 183
Văn bản gốc(Tây Tạng)
Trang 9 / 19 (50.000 ký tự/trang)
ལ། ཕྲད་པ་དེ་དབྱེར་མེད་ཀྱང་རྟོགས་པ་འདི་གསལ་བ་དང་མི་གསལ་བའི་ངོ་བོ་ཉིད་ཐ་དད་པའི་རྣམ་པ་གང་ལས་གྲུབ་པ་དེ་ཉིད་ཚད་མ་ཉིད་དུ་འཐད་དོ། །སྦྱངས་ལས་ཡིན་ན་ དེར་སྣང་བ། །མེད་ན་དེར་ཡང་གཞག་པ་མེད། །ཅེས་བྱ་བ་ནི། འོན་ཏེ་རྣམ་པ་མེད་པའི་ཤེས་པ་ཡང་འདུས་བྱ་བའི་ཁྱད་པར་གྱིས་དོན་སོ་སོར་ངེས་པ་ཐ་དད་པར་འགྱུར་རོ་ཞེ་ན། དེ་ནི་རིགས་པ་མ་ཡིན་ཏེ། སྦྱངས་པས་དེ་ལྟར་གཞག་པ་མེད་པའི་ཕྱིར་རོ། །ཤེས་པ་དེར་སྣང་བ་མེད་པ་སྟེ་རྣམ་པ་ མེད་པ་ཉིད་ཡིན་ན་ཡང་། སྦྱངས་པ་ངེས་པས་ངེས་པའི་དེན་མཐོང་བ་ལས་སྐྱེས་ནས་སོ་སོར་ངེས་པ་དྲན་པར་བྱེད་དེ། རང་ཉིད་ངེས་པར་གྱུར་ནའོ། །དོན་ངེས་པར་མཐོང་བ་ནི་རྣམ་པ་མེད་ན་གྲུབ་པ་མ་ཡིན་ཏེ། ངེས་པར་མཐོང་བ་མེད་ན་ཡང་འདུ་བྱེད་པ་མ་ཡིན་ལ། དེ་མེད་ན་ཡང་ངེས་པ་མ་ཡིན་ནོ། །གལ་ ཏེ་བྱ་བྱེད་གཅིག་ཡིན་པར། །འགལ་ལོ་ཞེ་ན་མི་བདེན་ཏེ། ཆོས་ཐ་དད་པར་ཁས་ལེན་ཕྱིར། །དངོས་པོ་ཐ་དད་མེད་པར་འདོད། །ཅེས་བྱ་བ་ནི། འོ་ན་གལ་ཏེ་ཤེས་པའི་རྣམ་པ་ཚད་མ་ཡིན་ལ། དོན་རྟོགས་པ་འབྲས་བུ་ཡིན་ན་ནི། །དེ་ལྟ་ན་ཡང་བྱ་བ་དང་བྱེད་པ་དེ་དག་གཅིག་པར་འགྱུར་ན། དེ་ནི་ འགལ་བ་སྟེ། ཟོར་བ་ཉིད་གཅོད་པ་མ་ཡིན་པའི་ཕྱིར་རོ་ཞེ་ན། དེ་ནི་མི་བདེན་ཏེ། ཤེས་པ་ཐ་དད་པ་མེད་པའི་ཆོས་རྣམ་པ་ལ་སོགས་པ་ཐ་དད་པའི་ཕྱིར་ཏེ། རྣམ་པ་མེད་པ་ལས་ལོག་པ་ནི་རྣམ་པ་དང་བཅས་པའི་ཤེས་པ་དང་། མ་རྟོགས་པ་ལས་ལོག་པ་ནི་རྟོགས་པའི་ངོ་བོ་ཉིད་དེ་དངོས་པོ་སྟེ། ཤེས་པའི་མཚན་ཉིད་དུ་ཐ་མི་དད་པར་འདོད་དོ། །སྔོན་པོ་ལ་སོགས་པའི་རྣམ་པ་མེད་ན་སྔོན་པོ་ཉམས་སུ་མྱོང་བར་མི་འགྱུར་ཏེ། ཉམས་སུ་མྱོང་བར་ཡང་སྔོན་པོ་ལ་སོགས་པ་མེད་པའི་ཕྱིར་སྔོན་པོའི་ཉིད་དང་ཤེས་པ་ནི་གཅིག་པ་ཉིད་དོ། །བྱ་བ་དང་བྱེད་པ་དག་དངོས་པོ་ཉིད་ཀྱི་ཐ་དད་པར་མཐོང་ བ་མ་ཡིན་ནམ། ཟོར་བ་དང་གཅོད་པ་བཞིན་ནོ་ཞེ་ན། སྨྲས་པ། བྱ་བ་བྱེད་པར་གནས་པ་ནི། །ཐམས་ཅད་དེ་ལྟའི་རྣམ་པ་ཅན། །དངོས་རྣམས་ཐ་དད་འདོད་པ་ལ། །སྒྲོ་འདོགས་པ་ཡིས་འཇུག་ཕྱིར་རོ། །ཞེས་བྱ་བ་ནི། གཅོད་པའི་བྱ་བ་དང་ཟོར་བ་ལ་སོགས་པའི་བྱེད་པ་པོར་གནས་ པར་འཇོག་པ་དེ་ལྟ་བུའི་རྣམ་པ་ཐམས་ཅད་ལྡོག་པའི་རྒྱུ་མཚན་གྱི་ཆོས་ཐ་དད་པས་གཞག་པ་སྟེ། ཟོར་བ་ལ་སོགས་པའི་དངོས་པོ་རྣམས་ཐ་དད་པར་འདོད་པ་ལ་བྱ་བ་དང་བྱེད་པའི་རྣམ་པར་གཞག་པ་ནི་དངོས་པོ་ཉིད་མ་ཡིན་ཏེ། རྟོག་པས་སྒྲོ་བཏགས་ནས་འཇུག་པའི་ཕྱིར་རོ། །འདི་ལྟར་སྔར་བཅད་ པར་མ་མཐོང་བའི་ཤིང་ཟོར་བའི་ཁ་དང་འཇོག་པས་བཅད་པར་མཐོང་བས་བྱ་བ་ཐ་དད་པར་བརྟགས་ཏེ། ངོ་ཤེས་པའི་དབང་གིས་སྔ་ཕྱི་གཅིག་པར་ཤེས་པ་དེ་ནི་ཚད་མར་བརྗོད་པ་མ་ཡིན་ནོ། །དེའི་ཕྱིར་སྔར་གྱི་ཤིང་ཡང་གཞན་ཡིན་ལ། ཟོར་བ་ལ་སོགས་པ་དང་འཇོག་པ་ཡང་གཞན་ཉིད་ཡིན་གྱི། དེ་ལ་བྱ་བ་མ་གཏོགས་པ་དམིགས་པར་མི་འགྱུར་བའི་ཕྱིར། བྱ་བ་འདི་ནི་རྟོག་པས་གཞག་པ་ཉིད་དེ། དེས་ན་བྱ་བ་དང་བྱེད་པ་པོར་རྣམ་པར་འཇོག་ཅིང་སྒྲོ་འདོགས་པར་བྱེད་དོ། །དེ་བཞིན་དུ་རྣམ་པར་རིག་པ་ལས་ཐ་དད་པར་བརྟག་པར་བྱ་སྟེ། རྣམ་པ་ནི་རིག་པ་ཐམས་ཅད་ལ་ཁྱབ་པར་བྱེད་པ་མ་ ཡིན་པའི་ཕྱིར་དང་། རིགས་ནི་རྣམ་པ་ཐམས་ཅད་ལ་ཁྱབ་པར་བྱེད་པའི་ཕྱིར། ཐ་དད་པ་ཡིན་ཏེ་དོན་དམ་པར་སྣང་བཞིན་པའི་རྣམ་པ་ཉིད་རིག་པ་ཡིན་པའི་ཕྱིར། ཚད་མ་ལས་འབྲས་བུ་ཐ་མི་དད་པ་ཁོ་ན་ཡིན་ནོ། །དེ་སྐད་དུ་ཡང་སློབ་དཔོན་གྱི་བྱ་བ་དང་བཅས་པར་རྟོགས་པའི་ཕྱིར་ཚད་མ་ཡིན་ལ། རིགས་པ་ཉིད་ནི་འབྲས་བུ་ཡིན་ནོ་ཞེས་གསུངས་སོ། །ཡང་ན་རང་རིག་པ་ནི་འདིར་འབྲས་བུ་སྟེ། གཉི་གའི་ཤེས་པའི་ཡང་རང་རིག་པ་ཉིད་འབྲས་བུ་ཡིན་ནོ། །དོན་རིག་པར་འབྲས་བུ་འཐད་པ་མ་ཡིན་ནམ། འཇིག་རྟེན་པ་དོན་འདོད་ཅིང་གཉེར་བའི་ཕྱིར་རོ་ཞེ་ན། འཇིག་རྟེན་དོན་དུ་གཉེར་བ་ ཅན་ཉིད་དུ་མ་མཐོང་སྟེ། གང་གི་ཚེ་དོན་མ་མཐོང་བ་དེའི་ཚེ་དོན་མ་མཐོང་བ་དོན་དུ་གཉེར་བ་མི་སྲིད་པའི་ཕྱིར་རོ། །མ་མཐོང་ཡང་དོན་དུ་གཉེར་བ་ཐོས་པ་ན་འབྱུང་བ་མ་མཐོང་ངམ་ཞེ་ན། མ་ཡིན་ཏེ། ཐོས་པ་ནི་བརྒྱུད་ནས་མཐོང་བའི་ཕྱིར་རོ། །འོན་ཏེ་སེར་པོ་ལ་སོགས་པའི་དོན་ རིག་པ་ཉིད་ན། དོན་མི་རིག་པར་དེ་ལྟར་འགྱུར་ཞེ་ན། འདི་ལ་དྲིས་པ། དོན་རིག་གང་ཡིན་མངོན་སུམ་དུ། །སོ་སོར་མྱོང་བ་གང་ཡིན་འདིའོ། །དོན་རིག་པ་དེ་གང་གིས་ཡིན། །དེ་འདྲ་ཡིན་ན་འཁྲུལ་པར་འགྱུར། །ཞེས་བྱ་བ་ལ་ཕྱི་རོལ་གྱི་དོན་དང་འབྲེལ་པ་ཅན་གྱི་དོན་རིག་པ་གང་ཡིན་པ་ དེ། ཅི་རྣམ་པ་མེད་པ་ཡིན། འོན་ཏེ་རྣམ་པ་དང་བཅས་པ་ཡིན། རྣམ་པ་ལ་མ་གཏོགས་པའི་དོན་རིག་པ་མེད་དོ་ཞེས་བཤད་ཟིན་ཏོ། །འོན་ཀྱང་གང་གི་ཚེ་རིག་པ་འདི་དོན་གྱི་རྣམ་པ་ཅན་དུ་མངོན་སུམ་གྱིས་ཉམས་སུ་མྱོང་བས་དོན་རིག་པ་དེ་ཡོད་ན་ནི། རིག་པ་འདི་ནི་མངོན་སུམ་ཡིན་ལ། རིག་ པ་དེ་ཡང་དོན་དང་འབྲེལ་པ་ཅན་དུ་རྒྱུ་གང་གིས་ཤེས། དེ་དག་གིས་འདི་སྐད་དུ་སྟོན་ཏེ། སྔོན་པོ་ལ་སོགས་པའི་རྣམ་པ་རིག་པ་ནི་ཤེས་པ་ཉིད་དོན་རིག་པའོ་ཞེས་བྱ་བ་ནི་ཚིག་ཙམ་ཡིན་གྱི། དོན་རིག་པ་ནི་མ་ཡིན་ནོ། །འོན་ཏེ་འདྲ་བ་ལས་དོན་རིག་པར་གྲུབ་པ་སྟེ། དོན་གྱི་ཕྱི་རོལ་པ་མེད་པར་དེའི་ རྣམ་པ་ཅན་མེད་པའི་ཕྱིར་རོ་ཞེ་ན། དེ་དང་འདྲ་བ་ལས་འཁྲུལ་པར་འགྱུར་བ་སྟེ། རབ་རིབ་ཅན་གྱི་སྐྲ་ཤད་དང་སྦྲང་མ་ལ་སོགས་པ་རྣམས་ནི་ཕྱི་རོལ་གྱི་དོན་མེད་ཀྱང་སྐྲ་ཤད་འཛིངས་པ་ལ་སོགས་པའི་རྣམ་པ་ཡོད་པའི་ཕྱིར་རོ། །དེ་ཇི་ལྟར་དེ་དང་འདྲ་བ་ལས་དོན་རིག་པར་འགྱུར། འོན་ཏེ་འདི་མྱོང་ དེ་གང་ལས། །དེ་ཉིད་འདི་ནི་དཔྱད་པར་བྱ། །ཞེས་བྱ་བ་ལ། གལ་ཏེ་དོན་མེད་ན་དེའི་ཚེ་ཤེས་པ་འདིའི་ཉམས་སུ་མྱོང་བ་དེ་ཡུལ་གང་ལས་ཡིན། ཉམས་སུ་མྱོང་བ་ནི་ཉམས་སུ་མྱོང་བར་གྱུར་པའི་དོན་གྱི་རྒྱུ་ཅན་ཡིན་པའི་ཕྱིར་རོ། །དོན་མེད་ན་དེ་ཡང་མེད་པར་འགྱུར་རོ་ཞེ་ན། འོ་ན་ཇི་ལྟར་རབ་ རིབ་ཅན་གྱིས་ཟླ་བ་གཉིས་སུ་མྱོང་བར་འགྱུར། འོན་ཏེ་འགའ་ཞིག་ཉམས་སུ་མྱོང་བའི་དོན་ངེས་པར་རྟོགས་སོ་ཞེ་ན། འོ་ན་དེ་ཉིད་ཉམས་སུ་མྱོང་བའི་དོན་ལ་གནས་པ་འདི་ནི་དཔྱད་པར་བྱ་སྟེ། དོན་མ་མཐོང་བར་ཇི་ལྟར་ཉམས་སུ་མྱོང་བའི་དོན་ལ་གནས་པ་ཡིན། འོན་ཏེ་དོན་ལས་སྐྱེས་པའི་ཕྱིར་དོན་ ཉམས་སུ་མྱོང་བའོ་ཞེ་ན། འོ་ན་མིག་ཀྱང་རིག་པར་འགྱུར་ཏེ། དེ་ལས་ཉམས་སུ་མྱོང་བ་སྐྱེ་བའི་ཕྱིར་རོ། །འོན་ཏེ་མིག་གི་རྣམ་པ་ཅན་ཤེས་པ་མ་ཡིན་པས་ཕྱི་རོལ་གྱི་དོན་དེའི་རྣམ་པ་ཅན་དུ་བརྟག་གོ་ཞེ་ན། མིག་ཉིད་དེའི་རྣམ་པ་ཅན་དུ་བརྟག་པར་བྱ་བ་མ་ཡིན་ནམ། འོན་ཏེ་ཕྱི་རོལ་གྱི་རྣམ་ པས་ཕྱི་རོལ་གྱི་དོན་བརྟག་གོ་ཞེ་ན། དེ་ལྟ་ན་ནི་མེ་ལོང་གི་ངོས་ལ་བཞིན་གྱི་གཟུགས་བརྙན་ཡོད་པས་ཕྱི་རོལ་པ་ཉིད་དུ་བཞིན་བརྟག་པར་བྱའོ། །དེ་བས་ན་ཐམས་ཅད་བདག་ཉིད་ལ་གནས་པ་སྟེ། བྱད་ཀྱི་བཞིན་དུ་གཟུགས་བརྙན་གྱི་ཆོས་སུ་སྣང་བའོ་ཞེས་བྱ་བར་འཐད་པ་ཡིན་ ནོ།། །།ཚད་མ་རྣམ་འགྲེལ་གྱི་འགྲེལ་པ། བམ་པོ་བཅུ་བཞི་པ། དེ་ལྟར་ན་རེ་ཞིག་འདྲི་བ་འཁྲུལ་པ་ཡིན་པས་དོན་རྣམ་པར་འཇོག་པ་མ་ཡིན་ནོ་ཞེས་བསྟན་ནས། ད་ནི་འདྲ་བ་མེད་པར་བསྟན་པའི་ཕྱིར། སྨྲས་པ། རྡུལ་ཕྲན་དེ་དག་གང་གིས་ན། །རགས་པར་སྣང་དང་འདྲ་བར་ འགྱུར། །ཞེས་བྱ་བ་ལ། གང་ལ་རགས་པར་སྣང་བའི་ཤེས་པ་དེ་ལ་ཕྲ་བའི་རྡུལ་ཕྲ་རབ་དེ་དག་འདྲ་བར་བྱེད་པར་ཚད་མ་གང་གིས་གོ་བ་ཡིན་ཏེ། མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །རགས་པ་དང་ཕྲ་བའི་རྣམ་པ་དག་འགལ་བའི་ཕྱིར་རོ། །ཡན་ལག་ཅན་གྱི་འདྲ་བ་ཡང་མེད་དོ་ཞེས་ལེའུ་གཉིས་ པར་བསྟན་ཏོ། །འོན་ཏེ་དོན་སྔོན་པོ་ལ་སོགས་པའི་རྣམ་པ་དང་ཤེས་པ་འདྲ་བའོ་ཞེ་ན། མ་ཡིན་ཏེ། སྔོན་པོ་ལ་སོགས་པའི་རྣམ་པ་མ་རྟོགས་པར་དབྱིབས་མེད་པའི་ཕྱིར་དང་། དབྱིབས་མ་རྟོགས་པར་ཡང་སྔོན་པོ་ལ་སོགས་པ་མེད་པའི་ཕྱིར། སྔོན་པོ་ལ་སོགས་པའི་ངོ་བོ་ཉིད་ཤེས་པ་ ཡིན་ན་རགས་པ་ཉིད་ཐོབ་པར་འགྱུར་རོ། །ཉེ་བར་བསྡུ་བར་བྱ་བའི་ཕྱིར། །དེ་ནི་དེ་ཡི་དོན་དངོས་མེད། །ཡོད་ན་འཁྲུལ་པ་ཅན་དུ་འགྱུར། །དེ་མྱོང་བ་ཡི་ངོ་བོ་ནི། །སྒྲུབ་པར་བྱེད་པར་ནུས་མ་ཡིན། །ཞེས་བྱ་བ་སྨོས་ཏེ། དེའི་ཕྱིར་དེ་ནི་ཤེས་པ་དེ་ལ་དོན་གྱི་ངོ་བོ་ཉིད་མེད་དེ། དོན་གྱི་ངོ་བོ་ཉིད་དེ་ཡོད་ ན་ཡང་དེ་འཁྲུལ་བ་ཅན་དུ་འགྱུར་རོ། །སྐྲ་ཤད་དང་སྦྲང་མ་ལ་སོགས་པ་ལ་དེའི་དོན་མྱོང་བའི་དངོས་པོ་དེ་རབ་ཏུ་བསྒྲུབ་པར་མི་རིགས་ཏེ། འཁྲུལ་པ་ཉིད་ཀྱི་དོན་གཞན་སྒྲུབ་པ་མ་ཡིན་པའི་ཕྱིར་རོ། །འོན་ཏེ་འདྲ་བ་ཙམ་གྱིས་དོན་སྒྲུབ་པར་བྱེད་པ་མ་ཡིན་ཏེ་སྐྲ་ཤད་ལ་སོགས་པས་འཁྲུལ་པའི་ཕྱིར་རོ། ། ཤེས་པ་སྐྱེད་པའི་ཕྱིར་དོན་རིག་ན་ཡང་མིག་ཀྱང་འཛིན་པར་ཐལ་བར་འགྱུར་བའི་ཕྱིར་རོ། །འོན་ཀྱང་དེའི་རྣམ་པ་ཅན་དང་དེ་ལས་སྐྱེས་པའི་ཤེས་པས་དོན་རིག་གོ་ཞེ་ན་སྨྲས་པ། དེ་འདྲ་བ་དང་དེ་ལས་སྐྱེས། །གལ་ཏེ་མྱོང་བའི་མཚན་ཉིད་ན། །དོན་མཚུངས་ཅན་གྱི་ཤེས་པ་ནི། །མཚུངས་ པ་དེ་མ་ཐག་མྱོང་འགྱུར། །ཞེས་བྱ་བ་ལ། གལ་ཏེ་དོན་དེ་ལས་སྐྱེས་པ་དང་དེའི་རྣམ་པ་ཅན་ཉིད་དོན་རིག་པའི་མཚན་ཉིད་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་གང་ལ་དོན་མཚུངས་པ་ཡོད་པའི་ཤེས་པ་དེ་མ་ཐག་པ་དེ་ཤེས་པ་ཕྱི་མས་རིག་པར་འགྱུར་རོ། །གང་གི་ཚེ་སྔ་མ་ནི་སྔོན་པོའི་རྣམ་པ་ཅན་ཡིན་ལ། ཕྱི་ནས་ ཀྱང་སྔོན་པོའི་རྣམ་པ་ཅན་དུ་སྐྱེས་པ་དེའི་ཚེ་སྔ་མ་དང་འདྲ་བའི་ཕྱིར་དང་རྒྱུ་ཡིན་པའི་ཕྱིར་ཡུལ་དུ་འགྱུར་རོ། །འོན་ཏེ་གང་ལས་རྣམ་པར་སྐྱེས་པ་དེ་ཤེས་པའི་ཡུལ་ཡིན་ལ་མཚུངས་པ་དེ་མ་ཐག་པའི་ཤེས་པའི་རྣམ་པ་གང་ཡིན་པའི་རྣམ་པ་ཅན་དེ་ཉིད་དུ་ཤེས་པ་ཕྱི་མ་མི་སྐྱེ་སྟེ། སྔོན་པོའི་རྣམ་པ་ཅན་གྱི་ཤེས་ པའི་རྗེས་ལ་སེར་པོའི་རྣམ་པར་སྣང་བ་སྐྱེ་བའི་ཕྱིར་རོ་ཞེ་ན། འདི་ལ་སྨྲས་པ་གོམས་པའི་དབང་གིས་གསལ་བར་སྣང་བ་ཅན་གྱི་ཤེས་པ་སྐྱེ་བ་གང་ཡིན་པ་དེ་མཐོང་བ་ནི་སྔར་གོམས་པའི་ཤེས་པ་ཡུལ་དུ་འགྱུར་རོ། །ཇི་ལྟར་དེའི་དེ་མ་ཐག་པར་འགྱུར་ཞེ་ན། རིགས་མཚུངས་པའི་ཤེས་པ་གཞན་གྱི་བར་དུ་ གནས་པ་མེད་པའི་ཕྱིར་རོ། །འོན་ཏེ་སྔར་གོམས་པའི་ཤེས་པ་རིགས་མི་མཐུན་པའི་ཤེས་པས་ཆོད་པ་ཇི་ལྟར་དུས་ཕྱིས་གསལ་བར་སྣང་བ་ཅན་གྱི་ཤེས་པའི་རྒྱུར་འགྱུར་ཞིང་གང་གིས་ན་ཡུལ་དུ་འགྱུར་ཞེ་ན། འདི་ལ་སྨྲས་པ། དེ་མ་ཐག་པ་ཙམ་གྱི་རྒྱུ་ཉིད་མ་ཡིན་ཏེ། །འཇིག་རྟེན་གསུམ་ཡང་ཕན་ ཚུན་དུ་རྒྱུར་འགྱུར་བའི་ཕྱིར་རོ། །འོན་ཀྱང་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པས་ཁ་ཅིག་ཁོ་ན་དེ་མ་ཐག་པའི་རྒྱུར་འགྱུར་རོ། །ཡོད་པ་དང་མེད་པའི་རྗེས་སུ་བྱེད་པ་ཡང་གོམས་པའི་ཤེས་པ་ཕྱིས་གསལ་བར་སྣང་བ་ཡོད་དེ། འདི་ལྟར་སྔར་གོམས་པའི་རྗེས་སུ་མཐུན་པར་ཕྱི་མར་ འབྱུང་བའི་དོན་སྣང་བའི་ཕྱིར་ཆོད་པ་གོམས་པའི་ཤེས་པ་ཡང་རིགས་མི་མཐུན་པའི་ཤེས་པས་ཆོད་པས་དུས་ཕྱིས་ཀྱི་གསལ་བར་སྣང་བའི་རྒྱུ་མ་ཡིན་པར་ཇི་ལྟར་འགྱུར་ཏེ། ཕྱིན་ཅི་ལོག་ཏུ་མཐོང་བའི་ཡུལ་དུ་འགྱུར་རོ། །ཡང་ན་གོམས་པའི་སྟོབས་ཀྱིས་རྟོགས་པའི་རྣམ་པ་གསལ་བར་སྣང་ བའི་རྒྱུ་ཡིན་པ་དེའི་ཕྱིར་གསལ་བའི་རྣམ་པ་ཅན་ཡིན་པའི་ཕྱིར་དོན་རིག་པ་མ་ཡིན་ནོ། །གོམས་པའི་སྟོབས་ཉིད་ཀྱིས་གསལ་བར་སྣང་བ་ཐམས་ཅད་དོན་གྱི་རྣམ་པ་ཅན་ཏེ། བདེན་པའི་རྣམ་པ་ཅན་བཞིན་ནོ། །ཡང་དག་པ་མ་ཡིན་པའི་འདོད་པས་བསླད་པའི་བུད་མེད་མཐོང་བཞིན་དོན་ རྣམ་པར་གཞག་པར་རིགས་པ་མ་ཡིན་ནོ། །འདི་མཐོང་འདི་ཐོས་ཞེས་བྱ་བའི། །བློ་ནི་གང་དུ་ངེས་པ་དེ། །དེས་མྱོང་ཡིན་ན་དེ་ཉིད་ནི། །གང་གིས་དེ་ཡི་མཐོང་འདོད་པ། །སྣང་དང་མཐོང་བ་དེ་དག་གི །ཉེ་བ་ཉིད་ནི་དཔྱད་པར་བྱ། །ཉེ་བ་ཉིད་དུ་དཔྱད་བྱས་ན། །དེ་དག་ འབྲེལ་པ་ལ་བརྟེན་ནས། །ལྟ་བ་པོ་ཡི་ལས་འདི་ཡིན། །ཞེས་བྱ་བ་ནི། འདི་ནི་གཟུགས་སྡུ་གུ་མཐོང་བའོ། །འདི་ནི་ལེགས་པར་གསུངས་པ་ཐོས་པའོ་ཞེས་བྱ་བ་དེ་ལྟ་བུའི་ངོ་བོ་ཉིད་ནི། གང་ལ་གཟུགས་དང་སྒྲའི་ཤེས་བྱ་ངེས་པར་བྱེད་པའི་བློ་སྐྱེ་བ་དེ་ནི་ཉམས་སུ་མྱོང་བ་མཐོང་བ་དང་ཐོས་ པའི་ངོ་བོ་ཉིད་དེ། གཟུགས་དང་སྒྲ་འབྲེལ་པ་ཅན་དེ་མཚུངས་པ་དེ་མ་ཐག་པའི་རྐྱེན་མ་ཡིན་ཏེ། དེ་ལ་ཞེན་པ་མེད་པའི་ཕྱིར། མཚུངས་པ་དེ་མ་ཐག་པའི་རྐྱེན་ལས་སྐྱེས་པར་མཐོང་བར་ངེས་པ་མེད་པའི་ཕྱིར་རོ། །སྣང་བ་དང་མཐོང་བ་དེ་དག་ཉེ་བ་ཉིད་དེ་འབྲེལ་པ་ནི་དཔྱད་པར་བྱ་བ་མ་ཡིན་ནམ། ། གཏན་ཚིགས་གང་གིས་དེ་དེའི་མཐོང་བ་པོར་འདོད་པའོ། །འདིའི་དགོངས་པ་འདི་ཡིན་ཏེ། མཐོང་བ་ལས་དོན་རིག་པ་མ་ཡིན་ལ། དེའི་རྗེས་སུ་འབྲེལ་པ་ཅན་གྱི་ཞེན་པས་དོན་རྟོགས་པར་ནི་རིགས་པ་མ་ཡིན་ནོ། །འདི་ལྟར་མངོན་སུམ་དུ་དོན་ལས་སྐྱེས་པའི་མཐོང་བས་ནི་དོན་རྣམ་པར་འཇོག་པ་ ཡིན་ན། དེའི་རྗེས་སུ་འབྲེལ་པའི་ངེས་པར་ཇི་ལྟར་རྣམ་པར་གཞག་པར་བྱ། མཐོང་བ་དང་སྣང་བ་དེ་དག་འབྲེལ་པ་ལ་བརྟེན་ནས་ལྟ་བ་པོའི་ངེས་པ་འདི་ཡིན་ན། གང་གི་ཚེ་དོན་སྣང་བ་དང་མཐོང་བ་དག་འབྲེལ་པ་ཉིད་མི་འགྲུབ་སྟེ། དོན་མི་མཐོང་བའི་ཕྱིར་རོ། །དེའི་ཚེ་ཇི་ལྟར་ཉམས་སུ་མ་མྱོང་ བའི་ངེས་པར་འགྱུར། འོན་ཏེ་དོན་ཡིན་ནོ་ཞེས་ངེས་པ་ཡོད་དོ་ཞེ་ན། མ་ཡིན་ཏེ་དོན་བྱེད་པའི་འབྲས་བུས་དོན་ངེས་པའི་ཕྱིར་རོ། །དོན་བྱེད་པ་དེ་ཡང་ཤེས་པ་གཞན་ཁོ་ན་སྟེ། དེ་བས་ན་ཕྱི་རོལ་ངེས་པ་ནི་ཡོད་པ་མ་ཡིན་ནོ། །དེ་བས་ན་དོན་རྣམ་པར་གཞག་པ་མ་ཡིན་ནོ། །འོན་ཏེ་མྱོང་བ་འདི་ གང་ལ་ཞེས་པ་དེ་ལ་ལན་བཏབ་པ། །དེ་མྱོང་བ་ནི་དེ་བདག་ཉིད། །དེ་ནི་གཞན་གང་གི་ཡང་མིན། །མངོན་སུམ་སོ་སོར་མྱོང་ཉིད་ཀྱང་། །དེ་ཡང་དེ་ཡི་བདག་ཉིད་ཡིན། །ཞེས་བྱ་བ་ནི། ཤེས་པ་དེའི་ཉམས་སུ་མྱོང་བ་ནི་བདག་ཉིད་ཡིན་ན། དེའི་ཉམས་སུ་མྱོང་བ་གང་ལ་ཞེས་དྲི་བར་རིགས་པ་ མ་ཡིན་ཏེ། ཇི་ལྟར་དོན་གང་ལ་ཡིན་ཞེས་དྲིས་པ་དེ་ལ་ཡང་ལན་ནི་རྟེན་ཡིན་ནོ་ཞེས་གདབ་པར་བྱའོ། །རྟེན་དེ་ཡང་གང་ལ་ཡིན་ཞེ་ན། རང་གི་ངོ་བོ་ཉིད་ལའོ་ཞེས་བརྗོད་པར་བྱའོ། །དེ་ལྟར་ན་དོན་ཉམས་སུ་མྱོང་བ་ཡང་རང་གི་ངོ་བོ་ཉིད་ལ་གནས་པ་ཉིད་དུ་མཐོང་ན། གཞི་བཙལ་ཏེ་ཅི་ཞིག་བྱ། གང་ ཡང་དོན་མེད་ན་དོན་གྱི་མྱོང་བ་ཞེས་བྱ་བ་དྲུག་པར་མི་འགྱུར་རོ་ཞེས་བརྩད་པ་དེ་གསལ་བའི་ཕྱིར་སྨྲས་པ། ཉམས་སུ་མྱོང་བ་དེ་ནི་དོན་དང་འབྲེལ་པ་ཅན་གཞན་གང་གི་ཡང་མ་ཡིན་ནོ། །འོན་ཀྱང་ཇི་ལྟར་མངོན་སུམ་གྱིས་རིག་པའི་དོན་གསལ་བར་ནུས་པ་མ་ཡིན་ཏེ། འདི་ལྟར་སྐྱེ་བོ་ཐམས་ཅད་ཀྱིས་ སྔོན་པོ་མཐོང་བ་ནི་ཕྱི་རོལ་པའི་གཟུང་བ་ནི་མ་ཡིན་ནོ་ཞེས་བསྟན་ཏོ། །སྔོན་པོའི་རྣམ་པ་ཉིད་ཀྱང་མངོན་སུམ་གྱི་རིག་པར་བྱ་བ་ཡིན་གྱི། དོན་གཞན་ནི་མ་ཡིན་ནོ། །དེའི་ཕྱིར་སྔོན་པོ་ལ་སོགས་པ་འདི་མངོན་སུམ་གྱིས་སོ་སོར་རིག་པར་བྱ་བ་ཡིན་པས་ན། མངོན་སུམ་ནི་རང་རིག་པའི་བདག་ ཉིད་ཁོ་ན་ཡིན་ནོ། །སྔོན་པོའི་ཉམས་སུ་མྱོང་བ་ཞེས་བྱ་བའི་དྲུག་པ་ཡང་རྟོགས་པས་སྒྲོ་བཏགས་པ་ཉིད་དེ། དཔེར་ན་མཆི་གུའི་ལུས་བཞིན་ནོ། །འོན་ཏེ་མྱོང་བར་བྱ་བའི་ཕྱིར་དོན་ཐ་དད་པ་འཇལ་བའི་སྐབས་སུ་ཤེས་པའི་བདག་ཉིད་དོ་ཞེས་ཟེར་བ་ནི་རིགས་པ་མ་ཡིན་ཏེ། དོན་ནི་ཉམས་སུ་ མྱང་བའི་ཡུལ་དུ་ཡོད་པ་དེ་ནི་ཉམས་སུ་མྱོང་བ་ནི་དོན་གྱི་ཡུལ་ཅན་ནོ་ཞེ་ན། སྨྲས་པ། བློ་ཡིས་མྱོང་བྱ་གཞན་མེད་དེ། །དེ་མྱོང་བ་ཡང་གཞན་མེད་ན། །དེ་ལའང་བརྩད་པ་མཚུངས་པའི་ཕྱིར། །དེ་ཕྱིར་དེ་ནི་རང་ཉིད་གསལ། །ཞེས་བྱ་བ་ལ། དེ་བས་ན་ཉམས་སུ་མྱོང་བ་དེ་ཡིས་མྱོང་བར་བྱ་བའི་དོན་ གཞན་ནི་མེད་དེ། ཉམས་སུ་མྱོང་བ་རྣམ་པ་མེད་པས་དོན་དང་འབྲེལ་པ་མི་རུང་ངོ་ཞེས་བསྟན་ཏོ། །འོན་ཏེ་ཉམས་སུ་མྱོང་བ་དེའི་རིག་པར་བྱེད་པ་མྱོང་བ་གཞན་ཡོད་དོ་ཞེ་ན། མྱོང་བ་དེའི་རིག་པར་བྱེད་པའི་མྱོང་བ་གཞན་པ་ནི་མེད་དེ། མྱོང་བ་དེའི་འཛིན་པར་བྱེད་པའི་མྱོང་བ་ལ་ཡང་བརྩད་པ་མཚུངས་ པའི་ཕྱིར་རོ། །ཉམས་སུ་མྱོང་བ་ནི་ངོ་བོ་ཉིད་ལ་ཐིམ་པ་ཡིན་ན། ཇི་ལྟར་གཞན་གྱིས་རིག་པར་བྱེད་པར་འགྱུར། མངོན་སུམ་དུ་བྱེད་པ་ནི་རང་གི་ངོ་བོ་ཉིད་ཁོ་ན་ཡིན་པ་དེ་ཡང་ཐ་དད་པ་ཡིན་ན། ཕན་ཚུན་རྗེས་སུ་འཇུག་པས་ཤེས་པ་དག་གཅིག་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་བས་ ན་དོན་དང་ཤེས་པ་ནི་གཞན་གྱིས་རིག་པ་མ་ཡིན་ཏེ། དེའི་ཕྱིར་ཤེས་པ་དེ་ནི་རང་ཉིད་ཁོ་ནས་གསལ་བར་འགྱུར་རོ། །འོ་ན་གལ་ཏེ་ཐམས་ཅད་རང་རིག་པ་ཉིད་ཡིན་ན་དེ་ལྟ་ན་ནི་རང་གི་ངོ་བོ་ཉིད་མྱོང་བར་འགྱུར་ན། སྔོན་པོ་ཉམས་སུ་མྱོང་བའོ་ཞེས་ཇི་ལྟར་ཐ་སྙད་འདོགས་ཏེ། སྔོན་པོ་ ཉམས་སུ་མ་མྱོང་བའི་ཕྱིར་རོ་ཞེ་ན། སྨྲས་པ། དེ་ཡི་སྔོ་སོགས་ངོ་བོ་ནི། །རང་བཞིན་ཡིན་ཏེ་ཉམས་སུ་མྱོང་དེའང་། །རང་གི་ངོ་བོ་མྱོང་གྱུར་པའི་ང་། །སྔོ་སོགས་མྱོང་བར་གྲགས་པ་ཉིད། །ཅེས་བྱ་བ་ལ། ཤེས་པ་དེའི་ཉམས་སུ་མྱོང་བ་འདི་ནི་སྔོན་པོ་ལ་སོགས་པའི་ངོ་བོ་ཉིད་ཡིན་ལ། སྔོན་པོ་ལ་ སོགས་པ་དེ་ཡང་ཉམས་སུ་མྱོང་བའི་རང་བཞིན་ཡིན་ཏེ། མྱོང་བ་དག་ལ་མེད་པའི་ཕྱིར་རོ། །དེའི་ཕྱིར་རང་གི་ངོ་བོ་ཉིད་ཡིན་ཡང་སྔོན་པོ་ལ་སོགས་པ་མྱོང་བར་གྲགས་པ་ཡིན་གྱི། སྔོན་པོ་ཐ་དད་པར་རིག་པས་སྔོན་པོ་མྱོང་བར་བརྗོད་པ་ནི་མ་ཡིན་ཏེ། སྔོན་པོ་དང་མྱོང་བ་དག་ཐ་དད་མི་འཛིན་པའི་ཕྱིར་རོ། ། དེས་ན་སྔོན་པོ་ནི་རང་རིག་པ་ཉིད་དོ། །འོ་ན་སྔོན་པོའི་རྣམ་པ་ཅན་གྱི་བློ་ཇི་ལྟར་བདག་ཉིད་གསལ་བར་འགྱུར་ཏེ། རང་གི་བདག་ཉིད་ལ་བྱེད་པ་འགལ་བའི་ཕྱིར་རོ། །རལ་གྲིའི་སོ་དེ་ཉིད་ཀྱིས་རང་ཉིད་གཅོད་པ་མ་ཡིན་པ་མ་ཡིན་ནམ། གཞན་ཡང་སྔོན་པོ་ལ་སོགས་པ་སྒྲོན་མ་ལ་སོགས་པས་ གསལ་བ་ཡིན་ན། ཇི་ལྟར་རང་རིག་པར་བྱ་བ་ཡིན་ཞེ་ན། སྨྲས་པ། གསལ་བྱེད་རང་གི་ངོ་བོ་ཡིས། །གསལ་བ་ཡིན་ཏེ་བདག་ཉིད་ཕྱིར། །ཇི་ལྟར་གསལ་བར་མངོན་འདོད་པ། །དེ་ལྟར་བློ་བདག་རིག་ཅན་ཡིན། །ཞེས་བྱ་བ་ལ། ཇི་ལྟར་གསལ་བའི་སྒྲོན་མ་སྣང་བར་གྱུར་པ་དེའི་བདག་ ཉིད་ཡིན་པའི་ཕྱིར་ཏེ། གསལ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར། རང་གི་ངོ་བོ་ཉིད་ཀྱིས་གསལ་བར་མངོན་པར་འདོད་པ་དེ་བཞིན་དུ་སྔོན་པོ་ལ་སོགས་པའི་ངོ་བོ་ཉིད་ཅན་གྱི་གསལ་བའི་བདག་ཉིད་རིག་པ་ཡིན་ཏེ། རང་གི་བདག་ཉིད་ལ་བྱེད་པ་འགལ་བར་ཡང་ཚད་མ་གང་གིས་ཤེས་པ་ཡིན། རལ་གྲིའི་སོའི་དཔེ་ཙམ་གྱིས་ནི་དོན་འགྲུབ་པ་མ་ཡིན་ཏེ། དཔེ་ནི་སྒྲུབ་བྱེད་མ་ཡིན་པའི་ཕྱིར་རོ། །གལ་ཏེ་རལ་གྲིའི་སོ་དེའི་དཔེ་ཡིས་རང་ལ་བྱེད་པ་འགལ་བར་སྟོན་པ་དེ་ལྟ་ན་ནི། རང་ཉིད་གསལ་བའི་སྒྲོན་མ་ཡང་ཡོད་པའི་ཕྱིར། སྔོན་པོ་ལ་སོགས་པའི་བློ་ཡང་རང་རིག་པར་འགྱུར་རོ། ། འོན་ཏེ་སྒྲོན་མས་བུམ་པ་གསལ་བ་བཞིན་ལ། སྒྲོན་མ་རང་ཉིད་མིག་གིས་འཛིན་པ་དེའི་ཕྱིར། སྒྲོན་མ་བདག་ཉིད་གསལ་བར་བྱེད་པ་མ་ཡིན་ན། ཇི་ལྟར་དཔེར་འགྱུར་ཞེ་ན། འོ་ན་སྒྲོན་མའི་དུས་ན་མཐོང་བར་གྱུར་པའི་བུམ་པ་ཇི་ལྟར་སྒྲོན་མས་མངོན་པར་གསལ་བར་བྱ་བ་ཡིན། སྒྲོན་མའི་སྔོན་ དུ་མ་མཐོང་བ་ཕྱིས་མཐོང་བར་གྱུར་པའི་ཕྱིར། སྒྲོན་མས་གསལ་བར་བྱ་བའོ་ཞེ་ན། མ་ཡིན་ཏེ། བུམ་པ་གསལ་བཞིན་པའི་ལུས་ཅན་དེ་ཉིད་ཀྱི་ཚེ་སྐྱེས་པའི་ཕྱིར། སྔོན་གྱི་དུས་སུ་ནི་ཚད་མ་མེད་པའི་ཕྱིར་རོ། །དེ་བས་ན་བུམ་པ་དང་སྒྲོན་མ་ལྷན་ཅིག་དམིགས་པས་གསལ་བར་བྱ་བ་དང་གསལ་ བར་བྱེད་པའི་དངོས་པོ་མ་ཡིན་ཏེ། སྔོན་པོ་དང་སེར་པོ་དག་བཞིན་ནོ། །འོན་ཏེ་སྒྲོན་མ་མིག་གིས་གསལ་ལོ་ཞེ་ན། མ་ཡིན་ཏེ། མིག་དང་དུས་མཉམ་པས་གསལ་བར་བྱེད་པ་མི་སྲིད་པའི་ཕྱིར་རོ། །འོན་ཏེ་སྒྲོན་མ་ལ་མངོན་དུ་ཕྱོགས་པའི་མིག་གསལ་བར་བྱེད་པའོ་ཞེ་ན། མངོན་དུ་ཕྱོགས་པ་ ཞེས་བྱ་བ་དེ་ཅི་ཞིག་ཡིན་ཏེ། རང་གི་ངོ་བོ་ཉིད་ཡིན་ནམ། གལ་ཏེ་ངོ་བོ་ཉིད་ཡིན་པ་དེའི་ཚེ་མིག་ཀྱང་རང་གི་ངོ་བོ་ལ་གནས་པ་ཉིད་དེ་གང་གི་ཡང་གསལ་བར་བྱེད་པ་མ་ཡིན་ནོ། །འོན་ཏེ་མངོན་པར་ཕྱོགས་པ་ཐ་དད་པ་ཡིན་ན། དེ་ལྟ་ན་ཡང་དེ་རང་གི་ངོ་བོ་ཉིད་ལ་ཐིམ་པའི་ཕྱིར་གང་གི་ཡང་བྱ་བ་མ་ཡིན་ནོ། ། དེའི་ཕྱིར་སྔོན་པོ་དང་སྒྲོན་མ་ལ་སོགས་པ་རྣམས་རང་གསལ་བའི་ངོ་བོ་ཉིད་དེ། ཁྱད་པར་ནི་ཁྱད་པར་ཅན་གྱི་དངོས་པོར་འབྲེལ་པའོ། །དེས་ནི་དེ་ཉིད་ཀྱི་བདག་ཉིད་ཀྱིས་སྐྱེད་པའི་ཕྱིར་འགལ་བ་ཡིན་ཏེ། རང་ལ་བྱེད་པ་འགལ་བར་དེ་ལ་རིགས་པར་འགྱུར་ན། རང་རིག་པ་ནི་དེའི་རང་གི་ངོ་བོ་ཉིད་ཁོ་ན་ཡིན་ ན། ཇི་ལྟར་བདག་ཉིད་དང་འགལ་བར་འགྱུར། དེ་བས་སེར་པོ་ལ་སོགས་པ་ནི་རང་གི་ངོ་བོ་ཉིད་མྱོང་བའོ་ཞེས་བྱ་བ་འདི་གནས་པ་ཡིན་ནོ། །གཞན་ཡང་། དེས་ནི་དོན་གཞན་རིག་ན་ཡང་། །རིག་བྱ་རིག་བྱེད་དག་མི་འཐད། །ཅེས་བྱ་བ་ལ། བློ་དེ་ཡིས་ཕྱི་རོལ་གྱི་དོན་གཞན་རིག་ན་ནི། རིག་བྱ་ དང་རིག་པར་བྱེད་པ་འཐད་པ་མ་ཡིན་ཏེ། འདི་ལྟར་གལ་ཏེ་བློ་རང་ཉིད་གསལ་ན་དེའི་ཚེ་བློའི་དུས་ན་ཕྱི་རོལ་གྱི་དོན་གསལ་བའམ། མི་གསལ་བར་འགྱུར་གྲང་ན། བློའི་དུས་ན་དོན་གསལ་བར་གྱུར་པ་དེ་ནི་ཇི་ལྟར་བློ་འདིས་གསལ་བར་བརྗོད་པར་བྱ་སྟེ། དེའི་ཚེ་བློ་དང་སྔོན་པོ་ལ་སོགས་པ་ལ་ཐ་དད་ པ་ཅི་ཡང་མེད་པའི་ཕྱིར་རོ། །ཁྱད་པར་མེད་པར་ཡང་གལ་ཏེ་བློས་སྔོན་པོ་གསལ་བར་བྱེད་ན། སྔོན་པོ་ཉིད་བློའི་གསལ་བར་བྱེད་པར་ཅི་སྟེ་མི་འགྱུར། འོན་ཏེ་སྔོན་པོ་མི་གསལ་བར་འགྱུར་བ་ཡིན་པ་དེ་ལྟ་ན་གང་དུ་སྔོན་པོའི་རང་གི་ངོ་བོ་ལ་གནས་པར་སྣང་བ་དེ་ཇི་ལྟར་སྔོན་པོ་ ཐ་དད་པའི་ཤེས་པའི་རིག་པར་བྱ་བར་བརྗོད་དེ། གསལ་བ་ནི་གསལ་བའི་ངོ་བོ་མ་རྟོགས་པར་དེ་ལ་ལྟོས་པའི་གསལ་བ་རྟོགས་པ་མེད་པའི་ཕྱིར་རོ། །འོན་ཏེ་སྔོན་པོར་སྣང་བ་དེ་བཞིན་དུ་མི་འཐད་པའི་ཕྱིར། འཛིན་པར་ཤེས་སོ་ཞེ་ན། འོ་ན་སྔོན་པོར་གསལ་བ་བློ་ཡིན་ནམ། འོན་ཏེ་སྔོན་པོ་ཡིན་ གྲང་ན། གལ་ཏེ་གསལ་བ་དེ་བློ་ཡིན་ན། འོ་ན་ནི་ཤེས་པ་ཉིད་སྔོན་པོར་འགྱུར་ཏེ། རང་གསལ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །འོན་ཏེ་སྔོན་པོ་ཡིན་ན། འོ་ན་ནི་དེ་རྟོགས་པར་མི་འགྱུར་ཏེ། སྔོན་པོ་གསལ་བ་མ་ཡིན་ནོ། །སྣང་བ་ལྐོག་ཏུ་གྱུར་པ་ཡིན་ན་སྔོན་པོར་སྣང་བའོ་ཞེས་བརྗོད་པར་མི་ནུས་ཏེ། དེས་ན་སྔོན་པོ་ལ་སོགས་པ་རང་རིག་པའི་ངོ་བོ་ཉིད་དུ་གནས་སོ། །འོ་ན་གལ་ཏེ་རང་རིག་པ་ཉིད་ཐམས་ཅད་ཡིན་ན། ཇི་ལྟར་བདག་གིས་འདི་ཤེས་སོ་ཞེས་གཟུང་བ་དང་འཛིན་པར་སྣང་ཞེ་ན། སྨྲས་པ། རིག་བྱ་རིག་བྱེད་རྣམ་ཅན་མེད། །ཇི་ལྟར་འཁྲུལ་པར་མཐོང་གྱུར་པ། །རྣམ་པར་ཕྱེ་བའི་ མཚན་ཉིད་ནི། །གཟུང་འཛིན་རྣམ་པར་བསླད་པ་ཡིན། །དེ་ལྟར་རྣམ་གཞག་བྱས་པ་འདི། །གང་ཚེ་སྐྲ་སོགས་ཤེས་ཐ་དད། །དེ་ཚེ་གཟུང་དང་འཛིན་པ་ཡིན། །མཚན་ཉིད་ཅན་ལས་བརྩད་པ་མིན། །ཞེས་བྱ་བ་ལ། གང་ལ་རིག་པར་བྱ་བ་དང་རིག་པར་བྱེད་པ་ཡོད་པ་མ་ཡིན་པའི་རྣམ་ པར་རིག་བྱེད་དེ་ནི་ཇི་ལྟར་དེ་རྣམ་པ་གང་ཞིག་གིས་སྐྱེ་བོ་འཁྲུལ་པ་རྣམས་ཀྱིས་མཐོང་བར་གྱུར་པའི་རྣམ་པ་དེ་ཉིད་བསྟན་པའི་ཕྱིར། ཐ་དད་པའི་མཚན་ཉིད་དེ་ཐ་དད་པའི་ངོ་བོ་ཉིད་གཟུང་བ་དང་འཛིན་པས་བསླད་པའི་ཤེས་པ་གང་ལ་ཡོད་པ་དེ་ནི། དེ་ལྟར་དེ་རྣམ་པ་དེ་ཡིས་གཟུང་བ་དང་འཛིན་ པའི་ངོ་བོ་ཉིད་དུ་རྣམ་པར་གཞག་པར་བྱས་པ་གང་ཡིན་པ་དེ་ནི་རྣམ་པར་རིག་བྱེད་དེ། གང་གི་ཚེ་སྟེ་གང་དུ་སྐྲ་ཤད་ལ་སོགས་པའི་ཤེས་པ་བཞིན་ཡོད་པ་མ་ཡིན་པའི་གཟུང་བ་དང་འཛིན་པའི་རྣམ་པ་ཅན་དུ་སྣང་བ། དེའི་ཚེ་སྟེ་དེ་རུ་གཟུང་བ་དང་འཛིན་པའི་མཚན་ཉིད་ཅན་དུ་ངེས་པར་དེ་ལ་ བརྩད་པར་མི་བྱའོ། །དེ་ནི་འདི་སྐད་དུ་སྟོན་ཏེ། རྟོག་པ་མེད་པས་མཐོང་བ་ལ་གཟུང་བ་དང་འཛིན་པར་སྣང་བ་ནི་མ་ཡིན་ཏེ། རང་གི་ངོ་བོ་ཁོ་ན་མྱོང་བའི་ཕྱིར་རོ། །རྣམ་པར་རྟོག་པ་སྣང་བ་ནི་གཟུང་བ་དང་འཛིན་པའི་དངོས་པོ་སྐྲ་ཤད་ལ་སོགས་པ་བཞིན་ནོ། །དེའི་ཕྱིར་བདེན་པ་མ་ཡིན་ནོ། །འོན་ ཏེ་སྐྲ་ཤད་དང་སྦྲང་བུ་ལ་སོགས་པ་ལ་གནོད་པ་ཅན་སྣང་བས། གཟུང་བ་དང་འཛིན་པ་ཐ་དད་པ་མེད་པ་ཡིན་གྱི། སྔོན་པོ་ལ་སོགས་པ་འདི་ལ་ནི་གནོད་པ་མེད་པའི་ཕྱིར། ཡོད་པ་ཉིད་ཡིན་ནོ་ཞེ་ན། རྟོག་པ་མེད་པས་ཉམས་སུ་མྱོང་བ་ལས་རང་རྒྱུད་པའི་སྔོན་པོ་ལ་སོགས་པ་དང་བདེ་བ་ལ་ སོགས་པ་ལ་རྣམ་པ་ཅན་ཉིད་མྱོང་བ་ནི་རྟོག་པས་གཞག་པའི་ཕྱིར་གཟུང་བ་དང་འཛིན་པའི་དངོས་པོར་ཡོད་པ་ཉིད་ལ་གནོད་པ་ཅན་ཡིན་ནོ། །འདི་ལྟར་དངུལ་གྱི་ཤེས་པས་མཐོང་བའི་དོན་ཕྱིན་ཅི་ལོག་ཏུ་ཞེན་པའི་གནོད་པ་ཅན་ཉ་ཕྱིས་ཀྱི་ཤེས་པ་ཡིན་ནོ། །འདིར་ཡང་རྟོག་པས་གཞག་པའི་ གཟུང་བ་དང་འཛིན་པའི་དངོས་པོ་ཕྱིན་ཅི་ལོག་དངོས་པོ་གཉིས་རིག་པ་དེའི་ཕྱིར་ཐ་དད་པའི་གཟུང་བ་དང་འཛིན་པ་ནི་ཡོད་པ་མ་ཡིན་པའི་ཕྱིར། ཤེས་པ་ཐ་དད་པ་ལ་དམིགས་པ་ཅན་ནི་མ་ཡིན་ནོ། །དེའི་ཕྱིར་ཤེས་པ་ཐམས་ཅད་དམིགས་པ་མེད་པ་ཅན་ཉིད་དོ། །དེ་ལས་གཞན་རིག་མེད་པའི་ཕྱིར། ། རང་རིག་འབྲས་བུ་ཡིན་པར་འདོད། །ཅེས་བྱ་བ་ནི། ཤེས་པ་དེ་ལས་གཞན་པའི་ཕྱི་རོལ་རིག་པ་མེད་པའི་ཕྱིར། རང་རིག་པ་འབྲས་བུར་རིགས་ཏེ། ཐ་དད་པར་རིག་པའི་གནས་པ་དང་བྲལ་བའི་ཕྱིར་དང་མཐོང་བ་མེད་པའི་དོན་རིག་པ་དང་བྲལ་བའོ། །འདི་ལ་བརྩད་པ། གལ་ཏེ་ཕྱི་རོལ་མྱོང་གྱུར་ན། ། ཉེས་པ་ཅིར་འགྱུར་ཅི་ཡང་མེད། །ཕྱི་རོལ་དོན་དེ་མྱོང་གྱུར་པ། །འདི་ཉིད་ཀྱིས་ཇི་བསྟན་པར་འགྱུར། །ཞེས་བྱ་བ་ནི། དེ་ལ་གལ་ཏེ་ཕྱི་རོལ་གྱི་དོན་ཉམས་སུ་མྱོང་བར་གྱུར་པ་འདིས་ཉེས་པ་ཅི་ཞིག་ཏུ་འགྱུར་ཏེ། གང་གིས་ཕྱི་རོལ་མྱོང་བ་མེད་པས་ཕྱི་རོལ་རིག་པ་མེད་དོ་ཞེས་ངལ་བར་བྱེད་དེ། ཇི་ལྟར་འཇིག་རྟེན་པས་ཐ་སྙད་བཏགས་པ་དེ་ལྟར་ཡོད་པའོ། །འཇིག་རྟེན་ན་དམིགས་པའི་ཐ་སྙད་ཡོད་པ་དེའི་ཕྱིར། དེ་མེད་པ་མ་ཡིན་པས་མཐོང་བའི་ཐ་སྙད་ཇི་སྙེད་པ་ཡོད་པ་ཡིན་ནོ་ཞེ་ན། འོན་ཀྱང་ཕྱི་རོལ་གྱི་དོན་དེ་མྱོང་བར་གྱུར་བ་འདི་ཉིད་ཀྱིས་ཅི་ཞིག་བསྟན་པར་འགྱུར་ཏེ། འདི་ལྟར་ཕྱི་རོལ་གྱི་དོན་མྱོང་བར་གྱུར་པ་ན། ཅི་མྱོང་བ་ཤེས་པས་གཞག་པས་ཡིན་ནམ། དོན་གྱིས་བཞག་པས་ཡིན། དེ་ལ་གལ་ཏེ་ཉམས་སུ་མྱོང་བ་ཤེས་པས་བཞག་པས་དོན་མྱོང་བ་ཡིན་ནོ་ཞེ་ན། དེའི་ཕྱིར་འདི་སྐད་དུ། གལ་ཏེ་བློ་དེའི་རྣམ་ཅན་ན། །རྣམ་པའི་ཁྱད་ པར་ཅན་དེ་ཡོད། །དེ་ནི་ཕྱིའམ་གཞན་ལས་ཞེས། །དཔྱད་པ་འདི་ནི་མི་འོས་སམ། །ཞེས་བྱ་བ་སྨོས་ཏེ། གལ་ཏེ་བློ་དེའི་རྣམ་པ་ཅན་གྱི་བློ་དེ་ཡོད་ན་ནི་རྣམ་པའི་ཁྱད་པར་ཅན་སྣང་ན་དོན་དུ་འགྱུར་རོ། །འོན་ཀྱང་བློ་དེ་ཕྱི་རོལ་གྱི་དོན་ལས་སྐྱེའམ། གཞན་གོམས་པའི་བག་ཆགས་ལས་ཡིན་ ཞེས་དཔྱད་པར་འོས་པ་ཡིན་ནོ། །འོ་ན་གལ་ཏེ་ཕྱི་རོལ་གྱི་རྣམ་པ་ཅན་གྱི་བློ་ཡིན་པ་དེ་ལྟར་ན་ཕྱི་རོལ་ཡོད་པར་འགྱུར་ཏེ། དེ་མེད་ན་དེའི་རྣམ་པ་ཅན་རིག་པ་ཉིད་དུ་མི་རུང་བའི་ཕྱིར་རོ་ཞེ་ན། འདི་ཉིད་དཔྱད་པར་བྱ་སྟེ། ཕྱི་རོལ་གྱི་རྣམ་པ་ཅན་བྱ་བ་ཅིའི་ཕྱིར་འཐད་དེ། ཕྱི་རོལ་རིག་པ་མེད་པར་དེའི་ རྣམ་པ་ཅན་གྱི་རིག་པ་མི་འགྲུབ་པ་མ་ཡིན་ནམ། དེའི་ཕྱིར་ཕྱི་རོལ་མཐོང་བ་བཞིན་དུ་ཁས་བླང་བར་བྱ་ན། དེ་ལ་ཡང་ཕྱི་རོལ་མཐོང་བ་གཞན་དེའི་རྣམ་པ་ཅན་ཉིད་ཡིན་པས་ཐུག་པ་མེད་པར་འགྱུར་རོ། །འོན་ཏེ་རྣམ་པ་མེད་པའི་མིག་གིས་མཐོང་བའི་དོན་ཡོད་དོ་ཞེ་ན། དེ་ལ་ཡང་སྨྲས་པ། མཐོང་བའི་ཁྱད་པར་དང་བྲལ་བ། །མི་འཛིན་དེ་འཛིན་ན་འཛིན་ཕྱིར། །མཐོང་བ་སྔོན་པོར་སྣང་བ་ཡིན། །ཕྱི་རོལ་ཡན་གར་དོན་ཡོད་མིན། །ཞེས་བྱ་བ་ལ། མཐོང་བ་ཉིད་ཀྱི་ཁྱད་པར་དེ་དང་བྲལ་བར་སྔོན་པོ་མི་འཛིན་པའི་ཕྱིར་དང་། དེ་བཞིན་དུ་སྔོན་པོ་དང་བྲལ་བའི་མཐོང་བ་མི་འཛིན་པའི་ཕྱིར་དང་། སྔོན་པོ་དེ་འཛིན་པ་ན་མཐོང་བ་ཡང་སྔོན་པོའི་བདག་ཉིད་ཅན་དུ་འཛིན་པའི་ཕྱིར་དང་དེ་བཞིན་དུ་སྔོན་པོར་མཐོང་བ་དེ་འཛིན་པ་ན་སྔོན་པོར་མཐོང་བའི་བདག་ཉིད་དུ་འཛིན་པའི་ཕྱིར། མཐོང་བ་ནི་སྔོན་པོར་སྣང་བ་ཅན་ཡིན་གྱི། རྣམ་པ་མེད་པ་ནི་མ་ཡིན་ནོ། །དེ་བཞིན་དུ་སྔོན་པོར་མཐོང་བ་ནི་ཕྱི་ རོལ་པ་མ་ཡིན་པ་དེའི་ཕྱིར། མཐོང་བ་ལས་ཐ་དད་པའི་དོན་མེད་དེ། །འདི་ལྟར་གང་ཇི་ལྟར་མཐོང་བ་དེ་དེ་བཞིན་དུ་ཁས་བླང་བར་བྱ་སྟེ། དཔེར་ན་སྔོན་པོ་སེར་པོས་དབེན་པ་བཞིན་ནོ། །མཐོང་བའི་ཁོངས་སུ་ཆུད་པ་ཉིད་སྔོན་པོར་སྣང་གི །ཐ་དད་པ་ནི་མ་ཡིན་ཏེ། དེའི་ཕྱིར་ཕྱི་རོལ་པར་ ཁས་བླང་བར་བྱ་བ་མ་ཡིན་ནོ། །འོན་ཏེ་མཐོང་བ་ནི་ནང་ན་སྣང་བ་ཡིན་ལ། ཕྱི་རོལ་ན་སྔོན་པོར་སྣང་བ་དོན་དེ་དང་ཉེ་བ་ཡིན་ནོ་ཞེ་ན་མ་ཡིན་ཏེ། གཞན་ཡོད་པས་སྔོན་པོར་སྣང་བར་མི་རུང་ངོ་ཞེས་བསྟན་ཏོ། །གཞན་ཡོད་པར་གྱུར་ཀྱང་དོན་གཞན་མངོན་དུ་བྱེད་པར་མི་རིགས་ཏེ། དོན་དེ་རང་གི་ངོ་བོ་ཉིད་ཀྱིས་ ལྐོག་ཏུ་གྱུར་པའི་ཕྱིར་རོ། །འོན་ཏེ་སྔོན་པོ་ལ་སོགས་པ་རང་གི་ངོ་བོ་ཉིད་ཀྱིས་ལྐོག་ཏུ་གྱུར་པ་མ་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་རྟོགས་པའི་ངོ་བོ་ཉིད་དུ་འགྱུར་ཏེ། ལྐོག་ཏུ་གྱུར་པ་མ་ཡིན་པ་མེད་ན། རྟོགས་པ་ཉམས་སུ་མ་མྱོང་བའི་ཕྱིར་རོ། །དེ་བས་ན་སྔོན་པོའི་ཤེས་པ་རང་གསལ་བའི་རང་བཞིན་ནོ་ཞེས་ བྱ་བར་གནས་སོ། །འོ་ན་གལ་ཏེ་མཐོང་བ་ལས་ཐ་དད་པའི་དོན་མེད་ན་སྔོན་པོ་དང་སེར་པོ་ལ་སོགས་པར་སྣང་བ་གང་ལས་ཐ་དད་པ་ཡིན། འོན་ཏེ་མིག་ཉིད་ཀྱིས་མཐོང་བ་ཐ་དད་པར་བྱེད་དེ། སྐྲ་ཤད་ལ་སོགས་པ་བཞིན་ཡིན་ན། གཅིག་གི་ངོ་བོ་ཉིད་དུ་མཐོང་བར་འགྱུར་ཏེ། དཔེར་ན་རབ་རིབ་ཀྱིས་ བསླད་པའི་མིག་ནམ་མཁའ་ལ་སྐྲ་ཤད་དུ་སྣང་བ་འཇོག་པ་བཞིན་ནོ། །སྔོན་པོ་ལ་སོགས་པ་སྣ་ཚོགས་པའི་ངོ་བོ་ཉིད་དག་པའི་མིག་གི་ཤེས་པའི་སྣང་བ་ཡིན་པ་དེའི་ཕྱིར། དོན་སྣ་ཚོགས་པའི་ངོ་བོ་ཉིད་ཤེས་པ་ཐ་དད་པར་བྱེད་པ་ཡིན་ནོ་ཞེ་ན། སྨྲས་པ། དེ་ཕྱིར་འགའ་ཞིག་ལ་ལ་ནི། །ནང་གི་ བག་ཆགས་སད་པར་བྱེད། །དེ་ཕྱིར་བློ་ནི་རྣམ་ངེས་ཀྱི། །ཕྱི་རོལ་དོན་ལ་ལྟོས་མ་ཡིན། །ཞེས་བྱ་བ་ལ། སྔོན་པོ་མཐོང་བ་སྐྱེས་པ་ལ་འགའ་ཞིག་ཡུལ་ལ་སོགས་པ་ནང་གི་བག་ཆགས་སད་པར་བྱེད་པ་འགའ་ཞིག་གིས་ཡིན་ཏེ། བག་ཆགས་སད་པར་བྱེད་པ་དེ་ལས་ཡུལ་དང་དུས་ཀྱི་ རྣམ་པ་ངེས་པ་ཡིན་གྱི། ཕྱི་རོལ་གྱི་དོན་ལ་ལྟོས་པ་ནི་མ་ཡིན་ནོ། །དེ་བཞིན་དུ་འདོད་ཆགས་ལ་སོགས་པ་ཡང་བག་ཆགས་སད་པའི་བྱེ་བྲག་གིས་ཡུལ་དང་དུས་ངེས་པ་ཅན་གྱི་རྣམ་པ་སྟེ། ཇི་ལྟར་ཡང་མི་བདེན་པར་སྣང་བའི་རྟོག་པས་སྔར་གྱི་ཡུལ་སྤྱོད་པའི་དྲན་པ་ཡུལ་སོ་སོ་ངེས་ པའི་ཆ་ཉིད་ཡིན་གྱི། དོན་ལ་ལྟོས་པ་ཅན་ནི་མ་ཡིན་ནོ། །རྨི་ལམ་ལ་སོགས་པའི་ཤེས་པ་རྒྱུ་ངེས་པ་དེ་བཞིན་དུ་བག་ཆགས་ཐ་དད་པས་སྔོན་པོ་ལ་སོགས་པ་རིག་པ་སད་པའི་ཚེ་ན་ཡང་ངེས་པ་ཡིན་གྱི། ཕྱི་རོལ་གྱི་དོན་དང་འབྲེལ་པའི་ཤེས་པ་ནི་གང་དུ་ཡང་མཐོང་བ་མ་ཡིན་ནོ། ། དེ་བས་ན་ཤེས་པའི་རྣམ་པ་མཐོང་བ་ལས་དོན་དུ་རྟོགས་པ་མ་ཡིན་ནོ། །ཉེ་བར་བསྡུ་བར་བྱ་བའི་ཕྱིར། །དེ་ཕྱིར་ཚུལ་གཉིས་ཅན་གཅིག་ཡོད། །གང་ཞིག་དེ་ལྟར་ཉམས་མྱོང་དང་། །དྲན་པའི་རྣམ་པ་ཅན་འདི་གཉིས། །ཉམས་སུ་མྱོང་བ་འབྲས་བུ་ཡིན། །ཞེས་ བྱ་བ་སྨོས་ཏེ། སྔོན་པོའི་རྣམ་པ་དང་རྟོགས་པའི་རྣམ་པའི་ཚུལ་གཉིས་པ་ཅན་གྱི་ཤེས་པ་གཅིག་ཉིད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་གང་ཞིག་ལས་དེ་ལྟར་སྔོན་པོའི་རང་བཞིན་དང་། རྟོགས་པའི་རང་བཞིན་ཉམས་སུ་མྱོང་བར་གྱུར་བ་དང་། དྲན་པར་གྱུར་པ་དེ་ལས་སྔོན་པོ་དང་རྟོགས་ པའི་རྣམ་པ་གཉིས་ཅན་གྱི་ཤེས་པ་ཉམས་སུ་མྱོང་བ་འདི་ནི་འབྲས་བུ་ཡིན་ཏེ་དོན་ཉམས་སུ་མྱོང་བ་མེད་པའི་ཕྱིར་རོ། །ཕྱི་རོལ་རིག་པས་ཉམས་སུ་མྱོང་བར་རྟོགས་པར་བྱེད་པ་མ་ཡིན་ནམ། ཇི་ལྟར་རང་རིག་པ་ཡིན་ཞེ་ན། སྨྲས་པ། གང་ཚེ་འདོད་པའམ་མི་འདོད་པའམ། །དེ་དངོས་གྲུབ་ན་ གཞན་དག་ནི། །རྣམ་རིག་རྒྱུ་ཡི་ཡུལ་དག་ཀྱང་། །དེ་ཡིས་དེ་ལྟར་མྱོང་བ་ཡིན། །ཞེས་བྱ་བ་ལ། གང་གི་ཚེ་རྒྱུ་ལས་འདོད་པ་དང་མི་འདོད་པ་ལ་སོགས་པའི་རང་བཞིན་གྱི་དངོས་པོར་གྲུབ་པ་ན། འདོད་པའམ་མི་འདོད་པའི་དོན་གཞན་གང་ཞིག་རྣམ་པར་རིག་པའི་རྒྱུ་ཡུལ་ཡིན་ཏེ། གང་གི་ཕྱིར་ཐ་དད་པའི་སྔོན་པོ་མེད་པ་དེའི་ཚེ་རྣམ་པར་རིག་པ་དེ་དེ་བཞིན་དུ་སྔོན་པོ་ལ་སོགས་པ་ཉིད་དུ་ཉམས་སུ་མྱོང་བའི་ཕྱིར་རང་རིག་པ་ཉིད་འབྲས་བུ་ཡིན་ལ། དོན་རིག་པ་ནི་མངོན་པར་ཞེན་པ་སྟེ་རྨི་ལམ་བཞིན་ནོ། །ཡང་ན་རྣམ་པར་ཤེས་པར་སྨྲ་བས་གཞལ་བྱ་རིག་པ་ཉིད་འབྲས་བུ་ཡིན་ནོ་ ཞེས་བསྟན་པའི་ཕྱིར། ཤེས་པའི་ཆ་དོན་རྣམ་འཇོག་ཕྱིར། །གང་ཚེ་ཡུལ་དང་བཅས་ཤེས་པ། །དེ་ཚེ་བདག་ཉིད་མྱོང་བ་གང་། །དེ་ཉིད་དོན་དུ་རྣམ་པར་ངེས། །ཞེས་བྱ་བ་སྨོས་ཏེ། གང་གི་ཚེ་ཡུལ་དང་ལྷན་ཅིག་པའི་ཕྱིར་ཡུལ་དང་བཅས་པ་སྟེ་ཡུལ་གྱི་རྣམ་པ་ཅན་ཤེས་པ་ཉིད་ཅེས་ བྱ་བའི་ཐ་ཚིག་གོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་པའི་ཆ་སྔོན་པོའི་རྣམ་པ་ལ་དོན་དུ་རྣམ་པར་ཞེན་པའི་ཕྱིར་རོ། །དེའི་ཚེ་ཤེས་པའི་བདག་ཉིད་སྔོན་པོའི་རྣམ་པ་ཅན་ཉམས་སུ་མྱོང་བ་གང་ཡིན་པ་དེ་ཉིད་བག་ཆགས་ཀྱི་སྟོབས་ཀྱིས་དོན་ཡིན་ནོ་ཞེས་ངེས་པའི་ཕྱིར། རྣམ་པར་ཤེས་པར་སྨྲ་བས་ ཀྱང་ངེས་པའི་སྟོབས་ཀྱིས་གཞལ་བྱ་རིག་པ་ནི་འབྲས་བུ་སྟེ། གཟུང་བའི་རྣམ་པ་ནི་གཞལ་བྱ་ཡིན་ལ། འཛིན་པའི་རྣམ་པ་འབྲས་བུ་ཡིན་ནོ། །གཞན་ཡང་ཕྱི་རོལ་གྱི་དོན་དུ་སྨྲ་བས་ཀྱང་རང་རིག་པ་ཉིད་འབྲས་བུར་ཁས་བླང་བར་བྱ་སྟེ། འདི་ལྟར། གལ་ཏེ་འདོད་པའམ་མི་འདོད་པའི། །རྣམ་པའི་ བདག་ཉིད་མྱོང་གྱུར་ན། །འདོད་པའམ་མི་འདོད་པ་དེས་ཀྱང་། །དོན་རིག་པར་ནི་འགྱུར་བ་ཡིན། །ཞེས་བྱ་བ་ནི། གལ་ཏེ་ཤེས་པའི་འདོད་པའི་རྣམ་པའམ། གཞན་དུ་མི་འདོད་པའི་རྣམ་པའི་བདག་ཉིད་མྱོང་བར་གྱུར་པ་དེའི་ཚེ། དོན་འདོད་པའམ་མི་འདོད་པ་སྟེ་ཡིད་དུ་འོང་བའི་རྣམ་པའམ་ ཡིད་དུ་མི་འོང་བའི་རྣམ་པར་རིག་པར་འགྱུར་རོ། །རིག་པ་གཞན་པའི་རྣམ་པ་ཅན་ཡིན་ན། དངོས་པོ་ཉིད་ཀྱང་གཞན་གྱི་རྣམ་པ་ཅན་དུ་རིག་པར་ནུས་པ་མ་ཡིན་ནམ། དེའི་ཕྱིར་མྱོང་བའི་རྗེས་སུ་དོན་རྣམ་པར་འཇོག་པའི་ཕྱིར། རང་རིག་པ་ཉིད་འབྲས་བུར་འགྱུར་རོ། །དོན་ཡོད་ན་དོན་ རིག་པ་འབྲས་བུར་འཐད་པ་མ་ཡིན་ནམ། དོན་མེད་ཀྱང་རང་རིག་པའི་གླགས་སྐབས་མེད་དོ་ཞེ་ན། སྨྲས་པ། ཕྱི་རོལ་དོན་དག་ཡོད་ན་ཡང་། །ཇི་ལྟར་ཉམས་སུ་མྱོང་བ་ཉིད། །དེ་ངེས་བདག་ཉིད་ངོ་བོས་མིན། །དུ་མར་ཐལ་བའི་སྐྱོན་ཡོད་ཕྱིར། །ཞེས་བྱ་བ་ལ། རྣམ་པར་རིག་ པར་སྨྲ་བ་ལ་རང་རིག་པས་གཞན་ཡིན་པར་ཁས་ལེན་པ་ནི་མ་ཡིན་ཏེ། འོན་ཀྱང་རང་རིག་པ་ཉིད་ཡོད་པའི་ཕྱིར་རོ། །དེ་ལ་ཕྱི་རོལ་གྱི་དོན་ཡོད་ཀྱང་ཇི་ལྟར་མྱོང་བ་དེ་རང་རིག་པ་དེ་ཉིད་དོན་ངེས་པའི་བདག་ཉིད་ཡིན་གྱི། རང་གི་ངོ་བོ་ཉིད་ཀྱིས་ནི་མ་ཡིན་པའི་ཕྱིར། རང་རིག་པ་ཉིད་ཐམས་ཅད་ དུ་འཐད་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དུ་མའི་བདག་ཉིད་དུ་འགྱུར་བའི་སྐྱོན་ཡོད་པའི་ཕྱིར་ཏེ། དངོས་པོ་གཅིག་ཁོ་ན་ལ་གཅིག་འདོད་ལ་གཞན་མི་འདོད་པའོ་ཞེས་རྣམ་པ་དུ་མ་མྱོང་བར་རིགས་པ་མ་ཡིན་ནོ། །འོན་ཏེ་འདོད་པ་དང་མི་འདོད་པ་ལ་སོགས་པའི་རྣམ་པ་དུ་མའི་ངོ་བོ་ཉིད་ཅན་ གྱི་དོན་ཁས་ལེན་ནོ་ཞེ་ན། དེ་ལ་སྨྲས་པ། ཐ་དད་པ་རུ་ཁས་བླངས་ཀྱང་། །མྱོང་བ་གཉིས་སུ་འགྱུར་མ་ཡིན། །ཞེས་བྱ་བ་ལ། དོན་དུ་མའི་རང་བཞིན་ཅན་དུ་ཁས་བླངས་ཀྱང་སྐྱེས་བུ་གཉིས་ཀྱིས་ཅིག་ཅར་བལྟས་ན་གཅིག་གིས་འདོད་པའི་རྣམ་པར་རིག་ལ་གཞན་གྱིས་རྣམ་པ་གཞན་ དུ་མཐོང་བ་དེ་བཞིན་དུ་ཐ་དད་པར་མི་འགྱུར་ཏེ། འདྲེས་པའི་ངོ་བོ་ཉིད་ཅན་གྱི་ཡུལ་མ་རྟོགས་པ་འདྲེན་མར་འགྱུར་བའི་ཕྱིར་རོ། །འོན་ཏེ་དོན་གཅིག་ལ་རྣམ་པ་གཉིས་ཉམས་སུ་མྱོང་བར་མི་འགྱུར་ཏེ། བདག་གིས་མཐོང་བ་དང་གཞན་གྱིས་མཐོང་བ་གཅིག་ཉིད་ཡིན་ པའི་ཕྱིར་རོ། །གལ་ཏེ་འདོད་པའི་རྣམ་པ་ལ་མི་འདོད་པའི་རྣམ་པ་རྗེས་སུ་ཞུགས་པར་སྣང་བ་ཡིན་ན་ནི། དེའི་ཚེ་འདོད་པ་དང་མི་འདོད་པའི་དོན་གཅིག་ཡིན་པའི་ཕྱིར། གཅིག་ཏུ་རྟོགས་པར་འགྱུར་རོ། །གལ་ཏེ་མཐོང་བས་བསྒྲིབས་པ་ན། །དོན་གྱི་དབང་གིས་རྟོགས་མི་འགྱུར། །ཞེས་ བྱ་བ་ནི། འོན་ཏེ་འདོད་པ་དང་མི་འདོད་པའི་དོན་སྣ་ཚོགས་པའི་ངོ་བོ་ཉིད་ཅན་ཡིན་ཡང་ཅིག་ཅར་རྣམ་པ་གཉིས་མི་མཐོང་སྟེ། རྣམ་པ་གཅིག་ལ་མ་མཐོང་བའི་ལས་ཀྱིས་བསྒྲིབས་པའི་ཕྱིར་རོ། །དེའི་ཕྱིར་མ་བསྒྲིབས་པའི་འདོད་པའམ་མི་འདོད་པའི་རང་བཞིན་གཅིག་འཛིན་པར་འགྱུར་རོ་ཞེ་ན། དེ་ལྟ་ན་ནི་ཇི་ལྟར་ལས་ཀྱིས་དོན་རྟོགས་པ་ནི་དོན་གྱི་སྟོབས་ཀྱིས་རྟོགས་པ་ནི་མ་ཡིན་པ་ཉིད་དེ། དོན་རྣམ་པ་དུ་མ་ཅན་ཡིན་པའི་ཕྱིར་དང་། རྟོགས་པ་ནི་ངོ་བོ་ཉིད་གཅིག་པའི་ཕྱིར། དེ་དོན་ཇི་ལྟ་བ་བཞིན་རྟོགས་པ་མ་ཡིན་ནོ། །ཡང་ན་མ་མཐོང་བ་ཡིས་བསྒྲིབས་པ་ཞེས་བྱ་བ་ནི། གལ་ཏེ་རྣམ་ པ་གཉིས་སུ་མཐོང་བ་མ་ཡིན་ནོ་ཞེ་ན། དེ་ལྟ་མོད་ཀྱི་མཐོང་བ་ཉིད་ཀྱིས་རྟོགས་པ་གཅིག་ཉིད་དུ་རྟོག་པ་བསལ་བའི་ཕྱིར། ཇི་ལྟར་རྣམ་པ་གཉིས་གཅིག་པ་ཡིན། གཞན་ཡང་རབ་རིབ་བཞིན་མ་མཐོང་བ་ཡིན་ཏེ། ཇི་ལྟར་རབ་རིབ་ཀྱིས་ཟླ་བ་གཅིག་ཏུ་སྣང་བ་ཟློག་པ་དེ་བཞིན་དུ་མ་མཐོང་ བས་ཀྱང་རྣམ་པ་གཉིས་དང་ལྡན་པའི་དོན་ཡོད་པར་རྟོག་པ་བསལ་བའི་ཕྱིར། དོན་གྱི་དབང་གིས་རྟོགས་པ་ནི་མ་ཡིན་ནོ། །དེ་བས་ན་མ་མཐོང་བ་ཉིད་ཀྱིས་དོན་གྱིས་སྟོང་པའི་ཤེས་པ་འཇོག་པའོ་ཞེས་ཅིའི་ཕྱིར་ཁས་མི་ལེན། འོན་ཏེ་མ་མཐོང་བས་དོན་གྱིས་སྟོང་པའི་ཤེས་པ་སྐྱེད་པར་ བྱེད་པར་ནུས་པ་མེད་དེ། འོན་ཀྱང་རུང་བའི་ཡུལ་ལ་གནས་པར་སྣང་བ་ལ་སྒྲིབ་པར་ནུས་སོ་ཞེ་ན། སྨྲས་པ། དུ་མའི་བདག་ཉིད་ཅན་དངོས་ཏེ། །གཅིག་གི་བདག་ཉིད་དུ་མཐོང་བས། །མ་མཐོང་བ་དེ་ཇི་ལྟར་ན། །དོན་མཐོང་བྱེད་པ་ཉིད་དུ་འགྱུར། །ཞེས་བྱ་བ་ལ། ཕྱི་རོལ་གྱི་དངོས་པོ་ དེ་འདོད་པ་དང་མི་འདོད་པ་ལ་སོགས་པའི་ངོ་བོ་ཉིད་ཀྱིས་དུ་མའི་བདག་ཉིད་ཅན་འདོད་པའམ་མི་འདོད་པའི་རང་བཞིན་གཅིག་གི་བདག་ཉིད་དུ་མཐོང་བས། མ་མཐོང་བ་དེ་ཕྱི་རོལ་གྱི་དོན་གྱི་གསལ་བར་བྱེད་པར་ཇི་ལྟར་འགྱུར་ཏེ་མི་འགྱུར་རོ། །དཔེར་ན་རབ་རིབ་ཅན་ནི་ཟླ་བ་གཅིག་ལ་དུ་མའི་ངོ་བོ་ཉིད་ ཅན་དུ་མཐོང་བ་ཡིན་གྱི། དོན་མཐོང་བར་བྱེད་པ་ནི་མ་ཡིན་ནོ། །གལ་ཏེ་འདོད་དང་མི་འདོད་པར། །སྣང་ཅན་རྟོག་ཡིན་དབང་བློ་མིན། །འཆི་ལྟས་ལ་སོགས་དེ་ལ་ཡང་། །སེམས་ཀྱི་མཚམས་སྦྱོར་མེད་མཐོང་ཕྱིར། །ཞེས་བྱ་བ་ལ། གང་ལ་འདོད་པ་དང་མི་འདོད་པ་དག་ཏུ་སྣང་བའི་བློ་ རྣམས་ཡོད་པ་དེ་རྟོག་པ་ཉིད་ཡིན་གྱི། དབང་པོའི་བློ་ནི་མ་ཡིན་ཏེ། དབང་པོའི་བློ་རྣམས་ནི་དོན་ཇི་ལྟ་བ་བཞིན་དུ་རྣམ་པར་འཇོག་པའི་སྐབས་ཡིན་གྱི། རྟོག་པའི་བློ་རྣམས་ཀྱི་ནི་མ་ཡིན་ནོ་ཞེ་ན་དབང་པོ་ལས་སྐྱེས་པ་དེ་ལ་ཡང་སེམས་པ་དང་ལས་ཀྱིས་འཆི་ལྟས་དང་མིག་སར་ལ་སོགས་ པས་དོན་དང་མཚམས་སྦྱོར་བ་མེད་པ་སྟེ། རྗེས་སུ་བྱེད་པ་མ་ཡིན་པས་དོན་མེད་པར་ཡང་ཡོད་ཅེས་བྱ་བའི་ཐ་ཚིག་གོ། །ཡང་ན་འཆི་ལྟས་ལ་སོགས་པ་སྲོག་ཆགས་དེ་ཉིད་ལ་བདེ་བ་དང་མཚམས་མི་སྦྱོར་བ་དབང་པོའི་ཤེས་པ་ལ་མཐོང་བ་སྟེ། སྲོག་ཆགས་ཀྱི་ཁྱད་པར་རྣམས་གཅིག་ལ་ ཡང་བདེ་བ་དང་སྡུག་བསྔལ་བའི་རྣམ་པ་ཅན་དབང་པོ་ལས་སྐྱེས་པ་འབྱུང་ངོ་། །ཉེ་བར་བསྡུ་བར་བྱ་བའི་ཕྱིར། །དེ་ཕྱིར་ཕྱི་རོལ་གཞལ་བྱ་ལའང་། །རང་ཉིད་མྱོང་བ་འབྲས་བུར་རིགས། །གང་ཕྱིར་འདི་དངོས་ཇི་ལྟ་བ། །དེ་ལྟར་དོན་ནི་རྣམ་པར་ངེས། །ཞེས་བྱ་བ་སྨོས་ཏེ། གང་གི་ ཕྱིར། དོན་ཇི་ལྟ་བ་བཞིན་དུ་དོན་རིག་པ་མ་ཡིན་པའི་ཕྱིར་ཕྱི་རོལ་གྱི་གཞལ་བྱ་ལ་ཡང་རང་ཉིད་ཉམས་སུ་མྱོང་བ་སྟེ། རང་རིག་པ་ཉིད་འབྲས་བུར་རིགས་ཏེ། གང་གི་ཕྱིར་ཉམས་སུ་མྱོང་བ་འདི་ཇི་ལྟར་འདོད་པ་དང་མི་འདོད་པར་སྣང་བའི་ངོ་བོ་ཉིད་དེ་བཞིན་དུ་འདོད་པ་དང་མི་འདོད་པའི་ རང་བཞིན་དུ་དོན་ངེས་པའི་མ་ཡིན་ནོ། །དེའི་ཕྱིར་རང་རིག་པ་ཉིད་འབྲས་བུ་ཡིན་ནོ། །འོ་ན་གལ་ཏེ་ཕྱི་རོལ་གྱི་དོན་ལ་རང་རིག་པ་འབྲས་བུ་ཡིན་ན། འཛིན་པའི་རྣམ་པ་ཅན་ཚད་མར་འགྱུར་གྱི། ཕྱི་རོལ་གྱི་དོན་ལ་དོན་གྱི་རྣམ་པ་ཅན་ཉིད་ཚད་མར་འདོད་དེ། སློབ་དཔོན་གྱིས་གང་ གི་ཚེ་ཕྱི་རོལ་གྱི་དོན་གཞལ་བྱ་ཡིན་ན་དེའི་ཚེ་ཡུལ་དུ་སྣང་བ་ཅན་ཉིད་འདི་ནི་ཚད་མར་འགྱུར་རོ་ཞེས་གང་གསུངས་པ་དེ་ཅི་ཡིན་ཞེ་ན། འདིར་སྨྲས་པ། དེའི་དོན་སྣང་བ་ཅན་འདི་ནི། །ཚད་ཡིན་འཛིན་པའི་བདག་ཡོད་ཀྱང་། །ཕྱི་རོལ་དོན་ལ་ལྟོས་མེད་དེ། །གཞན་གྱི་དོན་ ཙན་མ་ཡིན་ཕྱིར། །ཞེས་བྱ་བ་ལ། དོན་གྱི་རྣམ་པ་ཅན་ཉིད་ཀྱི་ཤེས་པ་འདིའི་ཕྱི་རོལ་དོན་ལ་ཚད་མ་ཡིན་གྱི། འཛིན་པའི་བདག་ཉིད་ཡོད་ཀྱང་ཕྱི་རོལ་གྱི་དོན་ལ་ཚད་མ་ཉིད་དུ་འགྱུར་བ་མ་ཡིན་ཏེ། གཞན་གྱི་དོན་ཅན་མ་ཡིན་པ་སྟེ་བདག་གི་དོན་ཅན་ཡིན་པའི་ཕྱིར་རོ། །རིག་པའི་ངོ་བོ་ཉིད་ནི་ གཞན་གྱི་དོན་ཅན་མཐོང་བ་མ་ཡིན་ཏེ། རྟོགས་པའི་རང་བཞིན་ཤེས་བྱ་ཐམས་ཅད་ལ་ཐུན་མོང་བ་མ་ཡིན་པའི་ཕྱིར་རོ། །འོ་ན་དོན་ཇི་ལྟར་ཁོང་དུ་ཆུད་པར་འདྲ་བ་ལས་འགྱུར་ཞེ་ན། གང་ཕྱིར་ཇི་ལྟར་དོན་གྱི་བདག །ཤེས་ལ་གནས་པ་དེ་བཞིན་དུ། །གནས་པར་འདི་ངེས་དེ་ལྟར་ཡང་། ། བདག་ཉིད་རིག་པའི་ཕྱིར་ནའོ། །དོན་གྱི་བདག་ཉིད་མཐོང་མིན་ཕྱིར། །དེ་ཉིད་དོན་རིག་ཉིད་དུ་འདོད། །ཅེས་བྱ་བ་སྨོས་ཏེ། གང་གི་ཕྱིར་ཤེས་པ་ལ་ཇི་ལྟར་སྔོན་པོ་དང་སེར་པོ་ལ་སོགས་པའི་ཤེས་པ་ལ་བདག་ཉིད་སྔོན་པོ་ལ་སོགས་པ་འཕོས་ནས་སྣང་བར་འགྱུར་བ་དེ་བཞིན་དུ། སྔོན་པོ་དང་སེར་ པོ་ལ་སོགས་པའི་རྣམ་པས་ཕྱི་རོལ་གྱི་བདག་ཉིད་ངེས་པར་བྱེད་པ་དེ་བས་ན་རྣམ་པ་ཉིད་དོན་དུ་རྟོགས་པའི་རྒྱུ་མཚན་ཡིན་ལ། དེ་ཉིད་ཕྱི་རོལ་གྱི་དོན་ལ་ཚད་མ་ཡིན་ནོ། །དེ་ལྟ་ན་འོ་ན་ནི་ཕྱི་རོལ་གྱི་རིག་པ་ཉིད་འབྲས་བུ་ཡིན་ན། རང་རིག་པས་ཅི་ཞིག་དགོས་ཤེ་ན། དེ་ནི་མ་ཡིན་ཏེ། གང་ གི་ཕྱིར་གཞལ་བྱ་ལ་གནས་པའི་དོན་གྱི་རྣམ་པ་འདི་བཞིན་དུ་སྔོན་པོ་དང་སེར་པོ་ལ་སོགས་པའི་ངོ་བོ་ཉིད་ཀྱིས་སམ། འདོད་པ་ལ་སོགས་པའི་ངོ་བོ་ཉིད་ཀྱིས་བདག་རིག་པ་ལས་ངེས་པར་འགྱུར་བའི་ཕྱིར་དོན་ཕྱི་རོལ་རིག་པ་ཉིད་རང་རིག་པར་འདོད་དོ། །དེ་དག་གིས་ནི་འདི་སྐད་སྟོན་ ཏེ། དོན་ལ་རྟོག་པ་ནི་རང་གི་རྣམ་པའི་རྗེས་སུ་འབྲངས་ནས་ཡིན་པའི་ཕྱིར་རང་རིག་པ་ཉིད་འབྲས་བུ་ཡིན་ནོ། །འོ་ན་དོན་མཐོང་བ་ཉིད་མངོན་དུ་ཡོད་དོ་ཞེ་ན། དེ་ནི་མ་ཡིན་ཏེ་དོན་གྱི་བདག་ཉིད་ཕྱི་རོལ་པ་མེད་པའི་ཕྱིར། མཐོང་བར་མ་གྱུར་ན་མངོན་སུམ་གྱི་གཞལ་བྱ་མ་ཡིན་ཏེ། མངོན་ སུམ་གྱི་འབྲས་བུ་སེམས་པའི་སྐབས་ཡིན་པ་དེའི་ཕྱིར། མངོན་སུམ་ནི་རང་གི་ངོ་བོ་མྱོང་བའི་ཕྱིར་དང་། དོན་གཞན་མ་མྱོང་བའི་ཕྱིར། རང་རིག་པ་ཉིད་འབྲས་བུའོ། །བློ་ལ་གནས་པ་ཅན་དོན་ཏེ། །སྒྲུབ་བྱེད་ཡིན་དེའི་བྱ་བ་དེ། །ཞེས་བྱ་བ་ལ། དོན་རིག་པའི་ངོ་བོ་ཉིད་རང་རིག་པ་དེ་ བློ་ལ་གནས་པ་ཅན་གྱི་རྣམ་པ་ཉིད་སྒྲུབ་བྱེད་ཡིན་ཏེ། དེའི་ཕྱིར་རྣམ་པ་དེའི་རང་རིག་པའི་བྱ་བ་དེ་ནི། གང་ཕྱིར་ཇི་ལྟར་གནས་དོན་ཏེ། །དེ་བཞིན་དེ་ནི་གསལ་བ་ཡིན། །ཞེས་བྱ་བ་ནི། གང་གི་ཕྱིར་རྟོགས་པ་ལ་ཇི་ལྟར་སྔོན་པོ་ལ་སོགས་པ་འདོད་པའི་རྣམ་པས་སྔོན་པོ་ལ་སོགས་པའི་དོན་དེ་ གནས་པ་སྟེ་འཕོས་པར་སྣང་བ་དེ་བཞིན་དུ་དོན་དེ་རིག་པའི་རང་བཞིན་རང་རིག་པ་གསལ་བར་སྣང་བ་ཡིན་ནོ། །དེ་བས་ན་རྣམ་པ་ཉིད་ཚད་མའོ་ཞེས་ཉེ་བར་བསྡུ་བར་བྱའོ། །འོ་ན་གལ་ཏེ་རྣམ་པ་ཚད་མ་ཡིན་པ་དེའི་ཕྱིར་ཕྱི་རོལ་གྱི་དོན་ལ་རྣམ་པ་ཚད་མར་འགྱུར་ལ་ཤེས་པའི་ངོ་བོ་ཉིད་ལ་ནི་རང་རིག་ པ་འབྲས་བུ་འཇུག་པར་འགྱུར་བའི་ཕྱིར་ཡུལ་ཐ་དད་པར་འགྱུར་རོ་ཞེ་ན། སྨྲས་པ། དོན་གནས་དེ་ཡི་བདག་ཉིད་ཕྱིར། །རང་རིག་ཡིན་ནའང་དོན་རིག་འདོད། །དེ་ཕྱིར་ཡུལ་ཐ་དད་པའང་མིན། །རང་གི་ངོ་བོ་དཔྱོད་པ་ན། །རང་རིག་འབྲས་བུ་ཡིན་པར་བཤད། །དོན་མྱོང་དེའི་བདག་ཉིད་ཕྱིར་ རོ། །ཞེས་བྱ་བ་ལ། དོན་དམ་པར་རང་རིག་པ་ཡིན་ཡང་ཐ་སྙད་དུ་དོན་རིག་པར་འདོད་དོ། །ཅིའི་ཕྱིར་ཞེ་ན། དོན་གྱི་རྣམ་པ་དེའི་བདག་ཉིད་ཡིན་པའི་ཕྱིར་ཏེ། རང་རིག་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །དེ་བས་ན་ཚད་མ་དང་འབྲས་བུ་དག་ལ་ཡུལ་ཐ་དད་པ་ཡང་མེད་དེ། ཕྱི་རོལ་ཉིད་ དུ་ཞེན་པའི་འབྲས་བུར་འཇུག་ཅིང་ཚད་མ་ཡང་དེ་ཉིད་དུ་ཡིན་པ་དེའི་ཕྱིར་ཡུལ་ཐ་དད་པ་ཡོད་པ་མ་ཡིན་ནོ། །དེ་ལྟ་མོད་ཀྱི་འོ་ན་ཕྱི་རོལ་གྱི་དོན་ལ་ཚད་མ་དང་འབྲས་བུར་རིག་པར་ཞེན་པར་གྱུར་པ་ཕྱི་རོལ་རང་རིག་པར་བརྗོད་དེ། འབྲས་བུ་ནི་ཞེན་པ་ལ་ལྟོས་པའི་ཕྱིར་རོ་ཞེ་ན། རང་རིག་པ་འབྲས་ བུར་བརྗོད་པ་ཞེན་པ་ལ་ལྟོས་ནས་མ་ཡིན་གྱི། འོན་ཀྱང་དོན་རིག་པར་ཞེན་པར་གྱུར་པ་ན་ངོ་བོ་ཉིད་ཅི་ཡིན་ཞེས་རང་བཞིན་དཔྱོད་པས་རང་རིག་པ་འབྲས་བུར་བརྗོད་དེ། དོན་རིག་པ་དེའི་བདག་ཉིད་དེ་རང་རིག་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་དོན་དམ་པ་ལ་ལྟོས་ནས་རང་རིག་པ་ཉིད་ ཡིན་ལ། ཐ་སྙད་ལ་ལྟོས་ནས་ནི་དོན་རིག་པའི་ཕྱིར། ཤེས་པའི་རྣམ་པ་ཉམས་སུ་མྱོང་བར་གྱུར་པ་ཚད་མ་སྟེ། རང་རིག་ནི་འབྲས་བུ་ཡིན་ལ། ཚད་མ་ནི་གཞན་བྱའོ་ཞེས་བྱ་བ་འདི་གནས་པ་ཡིན་ནོ། །འོ་ན་གལ་ཏེ་དོན་གྱི་ངོ་བོ་ཉིད་ཀྱིས་མི་སྣང་གི །འོན་ཀྱང་ ཤེས་པ་ཉིད་སྔོན་པོ་ལ་སོགས་པའི་རྣམ་པ་ཅན་དུ་སྣང་བ་དེ་ལྟ་ན། ཇི་ལྟར་དོན་གཞལ་བྱར་འགྱུར། འོན་ཏེ་དོན་ནི་ཤེས་པ་དང་འདྲ་བར་ངོ་བོ་ཉིད་ཡིན་པའི་ཕྱིར། གཞལ་བྱ་ཡིན་ན་ནི་དོན་མ་མཐོང་བ་ཤེས་པ་དང་འདྲ་བར་ཇི་ལྟར་ཤེས་ཤེ་ན། འདིར་སྨྲས་པ། དེ་འདྲ་བ་འམ་མི་འདྲ་བའི། ། དེ་ལྟར་སྣང་བར་གྱུར་པ་ཡིས། །ཤེས་པའི་རྒྱུ་ནི་དོན་ཡིན་ཏེ། །དོན་དེ་གཞལ་བྱར་འདོད་པའོ། །ཞེས་བྱ་བ་ལ། དོན་སྣང་བའི་ཕྱིར་གཞལ་བ་ཉིད་དུ་འཇོག་པ་ནི་མ་ཡིན་ཞིང་། ཤེས་པ་དང་འདྲ་བའི་ཕྱིར་ཡང་མ་ཡིན་ཏེ། འོན་ཀྱང་དེ་སྔོན་པོ་དང་སེར་པོ་ལ་སོགས་པའི་རྣམ་པར་སྣང་ བར་གྱུར་པ་ལ་དེ་དང་འདྲ་བའམ་མི་འདྲ་བའི་ཤེས་པའི་དོན་ནི་རྒྱུ་ཡིན་ནོ་ཞེས་བྱ་བ་དེ་ཙམ་ཞིག་གཞལ་བྱའི་དོན་དུ་ཁས་བླང་བར་བྱའོ། །འདིར་བརྩད་པ། གལ་ཏེ་ཇི་ཞིག་ལྟར་དེ་ཡིས། །དོན་དངོས་སྤངས་ནས་སྣང་བ་ཅན། །ཇི་ལྟར་དོན་འཛིན་ཅེ་ན། །ཞེས་བྱ་བ་ནི། ཇི་ལྟར་ཡང་ཇི་ ཞིག་ལྟར་འདོད་པ་དང་མི་འདོད་པའི་རྣམ་པས་ཤེས་པ་རང་རིག་པར་སྣང་བ་ཅན་དེའི་དོན་གྱི་རང་བཞིན་སྔོན་པོ་ལ་སོགས་པའི་རྣམ་པ་ཅན་ཉིད་སྤངས་ནས་ཕྱི་རོལ་གྱི་དོན་འཛིན་པར་ཇི་ལྟར་འགྱུར་ཏེ་མ་ཡིན་ནོ། །འདི་ལྟར་ཡུལ་ཉེ་བའི་དོན་མེད་ཀྱང་ཡུལ་དུ་སྣང་བ་ཅན་སྨིག་རྒྱུ་ལ་ཆུར་ཤེས་པ་མཐོང་ བ་དེའི་ཕྱིར་སྣང་བ་ཙམ་གྱིས་དོན་འཛིན་པར་རིགས་པ་མ་ཡིན་ནོ། །འོན་ཏེ་ཡུལ་དང་དུས་གཞན་གྱི་ཆུ་ལ་དམིགས་ནས་སྨིག་རྒྱུ་ལ་ཆུར་ཤེས་པར་འདོད་ན། ཡུལ་དང་དུས་གཞན་གྱི་ཆུ་སྨིག་རྒྱུ་ལ་ཆུར་ཤེས་པའི་ཡུལ་ཡིན་པར་གང་གིས་ཤེས་པར་འགྱུར་ཏེ། སྔར་གྱི་ཆུར་སྣང་བས་ནི་སྔར་ མཐོང་བ་དེའི་ཡུལ་དང་དུས་ལ་དམིགས་པའི་ཕྱིར་ཡིན་གྱི་ད་ལྟར་མཐོང་བས་ནི་མ་ཡིན་ཏེ། དེ་ད་ལྟར་བྱུང་བའི་དུས་དང་ཡུལ་གྱི་ཆུ་ལ་དམིགས་པའི་ཕྱིར་རོ། །དེའི་ཕྱིར་སྔར་ཉམས་སུ་མྱོང་བའི་ཆུ་ནི་སྨིག་རྒྱུ་ལ་ཆུར་ཤེས་པའི་ཡུལ་མ་ཡིན་པའི་ཕྱིར་དོན་གྱིས་སྟོང་པར་བརྗོད་དོ། །འོན་ཏེ་ གནོད་པ་ཅན་གྱི་ཤེས་པས་སྔར་གྱི་ཤེས་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། ཆུ་མེད་པར་ཡང་སྟོན་པར་བྱེད་པའི་ཕྱིར་རོ། །གཞན་ཡང་དོན་གྱིས་སྟོང་པར་མ་གྱུར་ཅིག་སྙམ་ནས་ཤེས་པའི་ཡུལ་སྟོན་པར་བྱེད་ན། གལ་ཏེ་ཡང་ཡུལ་དེ་དང་དུས་དེར་དོན་མེད་པ་དེའི་ཚེ་ཡུལ་དང་དུས་དེའི་རྣམ་པ་ཅན་དུ་སྣང་ བ་ནི་དོན་གྱིས་སྟོང་པ་ཉིད་དོ། །གཞན་ཡང་གང་གི་ཚེ་ཡུལ་གང་དུས་གཞན་གྱི་ཆུ་རྟོགས་པ་དེའི་ཚེ་ཐམས་ཅད་ཀྱིས་ཐམས་ཅད་མཐོང་བ་ཅན་དུ་འགྱུར་ཏེ། དཔེར་ན་སྔར་མཐོང་བའམ་སྐྱེ་བ་གཞན་དུ་སོན་པའི་རྨི་ལམ་ལ་སོགས་པར་མཐོང་བ་སྣང་བ་དེ་བཞིན་དུ། སྔར་མ་མཐོང་བའི་ཡུལ་ གཞན་དང་དུས་གཞན་དུ་སོན་པ་ཡང་མཐོང་བར་འགྱུར་རོ། །དེས་ན་ཡུལ་དང་དུས་གཞན་ལ་སོགས་པའི་དངོས་པོ་སྣང་བ་མ་ཡིན་པའི་ཕྱིར། ཇི་ལྟར་ཡུལ་འཛིན་པར་འགྱུར། འཁྲུལ་པའི་ཤེས་པ་ལ་དོན་མེད་ཀྱང་དེའི་རྣམ་པ་ཅན་དུ་སྣང་བའི་ཕྱིར་རོ་ཞེ་ན་བདེན། དེ་འདྲ་ཁོ་བོས་ཀྱང་མི་ ཤེས། །ཞེས་བྱ་བ་ལ། དོན་འཛིན་པ་དེ་འདྲ་མི་ཤེས་ཏེ་དེའི་དོན་ངོ་བོ་ཉིད་ཀྱིས་མི་མཐོང་བའི་ཕྱིར་རོ། །དེའི་ཕྱིར་ཐམས་ཅད་རང་རིག་པ་ཁོ་ནའོ། །འོ་ན་གལ་ཏེ་གཟུང་བ་དང་འཛིན་པའི་རྣམ་པ་ཅན་མེད་ན་ཇི་ལྟར་འཇིག་རྟེན་པ་དེ་ལྟར་ཞེན་པ་ཡིན་ཞེ་ན། བློ་ཡི་བདག་ཉིད་ཆ་མེད་ཀྱང་། ། ཕྱིན་ཅི་ལོག་ཏུ་མཐོང་བ་ཡིས། །གཟུང་དང་འཛིན་པར་རིག་པ་དག །ཐ་དད་བཞིན་དུ་མཚོན་པར་འགྱུར། །ཇི་ལྟར་སྔགས་སོགས་ཀྱིས་དཀྲུགས་པས། །དབང་པོ་རྣམས་ལ་འཇིམ་དུམ་སོགས། །དེ་ཡིས་གཟུགས་དང་བྲལ་བ་ཡང་། །རྣམ་པ་གཞན་དུ་སྣང་བར་འགྱུར། །ཞེས་ བྱ་བ་སྨོས་ཏེ། གཟུང་བ་དང་འཛིན་པར་ཞེན་པ་ནི་ཡོད་པ་མ་ཡིན་ཏེ། ཞེན་པ་ཉིད་རང་རིག་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ཐ་སྙད་བཏགས་པ་ཡང་ཤེས་པ་ཉིད་དེ། ཤེས་པ་དེའི་ངོ་བོ་དཔྱིས་ཕྱིན་པ་ཡིན་ནོ་ཞེས་བསྟན་ཏོ།། །།ཚད་མ་རྣམ་འགྲེལ་གྱི་འགྲེལ་པ། བམ་པོ་བཅོ་ལྔ་པ། དེའི་ཕྱིར་བློའི་བདག་ཉིད་གཟུང་བ་དང་འཛིན་པའི་ཆ་དང་བྲལ་བ་ཡིན་ཡང་གང་དག་ཕྱིན་ཅི་ལོག་ཏུ་མཐོང་བའི་སྐྱེ་བོ་དེ་དག་གིས་གཟུང་བ་དང་འཛིན་པ་དང་མྱོང་བ་དེ་དག་ཐ་དད་པ་བཞིན་དུ་སྣང་བའི་ཕྱིར། དེ་ཉིད་དུ་ཤེས་པར་འགྱུར་ཏེ། ཤེས་པ་ལ་སྣང་བ་ཅན་གྱི་ སྔོན་པོ་ལ་ཡོད་པར་སྒྲོ་བཏགས་པ་དེའི་གཟུང་བ་ཉིད་དུ་སེམས་པ་ཡིན་གྱི། མཐོང་བ་ནི་གདོན་མི་ཟ་བར་དངོས་པོ་མེད་པ་ཡིན་པ་དེ་བས་ན་དེའི་དོན་དུ་སྐྱེ་བོ་རྣམས་སེམས་པ་ཡིན་པས་མཐོང་བ་དང་མཐུན་པའི་སྔོན་པོ་ཅིའི་ཕྱིར་ཚད་མ་མ་ཡིན་ཞེས་དེ་ལྟར་དཔྱད་པར་བྱ་བ་ནི་མ་ ཡིན་ནོ། །འོ་ན་གལ་ཏེ་རང་གིས་མཐོང་བ་མདུན་ན་མེད་ཀྱང་གཞན་གྱིས་དེ་མཐོང་བས། དེའི་ཕྱིར་དེ་མཐོང་བ་ལས་དོན་ཡོད་པ་ཉིད་དུ་ཤེས་པ་ཡིན་ནོ་ཞེ་ན། གཞན་གྱིས་དོན་མཐོང་བ་ཡོད་པ་ཡང་ཚད་མ་ཅིས་གྲུབ་སྟེ། གཞན་གྱིས་མཐོང་བར་ཉམས་སུ་མ་མྱོང་བའི་ཕྱིར་རོ། །འོན་ཏེ་མིག་ ཕྱེ་བ་ལས་ཕན་ཚུན་གྱི་ཐ་སྙད་མཐོང་བའི་ཕྱིར་རང་དང་གཞན་གྱིས་མཐོང་བའི་དོན་གཅིག་པ་མ་ཡིན་ནམ་ཞེ་ན། ཐ་སྙད་མཐོང་བ་ལས་རང་དང་མཚུངས་པར་གཞན་གྱི་རྒྱུད་མཐོང་བ་དང་མཐུན་པར་རྗེས་སུ་དཔག་པར་བྱ་བ་མ་ཡིན་ནམ། ཕྱི་རོལ་པ་ནི་གཅིག་པ་ཉིད་དུ་དཔག་པར་རུང་བ་མ་ཡིན་ཏེ། དུ་བ་མཐོང་བ་ལས་ཚང་བང་ཡོད་པས་རིའི་ཕྱོགས་གཅིག་ཏུ་ཚང་བང་ཉིད་དཔོག་པ་མ་ཡིན་པའི་ཕྱིར་རོ། །གཞན་ཡང་གལ་ཏེ་འདྲ་བའི་ཐ་སྙད་མཐོང་བ་ལས་རང་དང་གཞན་གྱི་མཐོང་བ་གཅིག་རྗེས་སུ་དཔག་པར་བྱ་བ་ཡིན་པ་དེ་ལྟ་ན་ཡང་བྱད་ཀྱི་དཀྱིལ་འཁོར་མཐོང་བ་ལས་གཞན་གྱི་རྒྱུད་ལ་ བདེ་བ་ཡོད་པས་རང་གི་རྒྱུད་ཀྱི་བདེ་བ་དང་ལྷན་ཅིག་གཅིག་པ་ཉིད་དུ་རྗེས་སུ་དཔག་པར་འགྱུར་རོ། །དེའི་ཕྱིར་བདག་ཏུ་མཐོང་བས་གཞག་པའི་སྔོན་པོ་ལ་སོགས་པ་གཟུང་བའི་རྣམ་པ་ཅན་བཞིན་དུ་གཞན་གྱི་ཤེས་པའི་སྤྱོད་ཡུལ་མ་ཡིན་ནོ། །འོན་ཀྱང་གཞན་གྱིས་མཐོང་བ་དང་ཐ་དད་པ་ ཉིད་ཡིན་ནོ། །དེ་བས་ན་གཟུང་བ་ལ་སོགས་པའི་ཆ་ཤས་མེད་དོ་ཞེས་ཟེར་བ་ནི་རྨོངས་པའི་ཤེས་པ་ཡིན་ནོ། །དཔེར་ན་སྔགས་དང་མིག་ནད་ལ་སོགས་པས་དཀྲུགས་པའི་དབང་པོ་གང་ལ་ཡོད་པའི་སྐྱེས་བུ་དེ་རྣམས་འཇིམ་པའི་དུམ་བུ་ལ་སོགས་པ་ལ་རྣམ་པ་གཞན་དུ་རྟ་དང་གླང་པོ་ ལ་སོགས་པར་སྣང་བར་འགྱུར་ཏེ། དེ་བས་ན་གླང་པོ་ལ་སོགས་པའི་གཟུགས་དེ་དང་བྲལ་བ་ཡིན་ཡང་དེ་ལྟར་སྣང་བར་འགྱུར་རོ། །དེ་བཞིན་དུ་གཟུང་བ་དང་བྲལ་བ་ལ་སོགས་པའི་ཤེས་པ་ཡང་དེ་ལྟར་སྣང་བ་ཡིན་ནོ། །འོན་ཏེ་སྔགས་ལ་སོགས་པས་བསྐྱེད་པའི་གླང་པོ་ཆེ་ལ་སོགས་པ་ཡོད་ པ་ཉིད་སྣང་བ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། དེ་ལྟར་མ་དཀྲུགས་མིག་ཅན་ལ། །དེ་དག་མཐོང་བ་མེད་ཕྱིར་རོ། །དཔེར་ན་ཐག་རིང་མྱ་ངམ་ན། །ཆུང་ངུའང་ཆེན་པོར་སྣང་བ་བཞིན། །ཞེས་བྱ་བ་ལ། དཔེར་ན་སྔགས་ལ་སོགས་པས་དཀྲུགས་པའི་མིག་ཅན་གྱི་སྐྱེས་བུས་རྟ་ལ་སོགས་པ་མཐོང་བ་ དེ་བཞིན་དུ་དེ་ལྟ་བུ་ཉིད་དེ་གླང་པོ་ཆེ་ལ་སོགས་པའི་རྣམ་པར་སྔགས་ལ་སོགས་པས་མ་དཀྲུགས་པའི་མིག་ཅན་གྱི་སྐྱེས་བུས་འཇིམ་པའི་དུམ་བུ་ལ་སོགས་པ་དེ་དག་ཏུ་མ་མཐོང་བའི་ཕྱིར་རྟ་དང་གླང་པོའི་ངོ་བོ་ཉིད་ནི་མེད་པ་ཡིན་ནོ། །གལ་ཏེ་ཡང་སྔགས་ལ་སོགས་པའི་མཐུ་བསམ་གྱིས་ མི་ཁྱབ་པས་གླང་པོ་ཆེ་ལ་སོགས་པ་སྐྱེད་པའི་ནུས་པ་ཡོད་པ་སྲིད་ན། འདི་ལ་ཇི་ལྟར་གཞག་པར་བྱ་སྟེ། འདི་ལྟར་མྱ་ངམ་གྱི་ཐང་ལ་ཐག་རིང་ན་གནས་པའི་སྡོང་པོ་ལ་སོགས་པ་ཆུང་ངུ་ཡང་རི་ཙམ་དང་ཆེན་པོ་དང་རིང་པོར་སྣང་བ་བཞིན་ནོ། །འོ་ན་གལ་ཏེ་གཟུང་བ་ལ་སོགས་པའི་ཆ་ཤས་ མེད་ན་ཇི་ལྟར་གཞལ་བྱ་དང་ཚད་མ་དང་ཚད་མའི་འབྲས་བུ་རྣམ་པར་གཞག་པར་བྱ་ཞེ་ན། གཞལ་བྱ་འཇལ་བྱེད་འབྲས་གནས་པ། །ཡོད་པ་མིན་ཡང་གཟུང་བ་དང་། །འཛིན་པ་རིག་པ་ཇི་ལྟ་བར། །རྗེས་སུ་སྣང་བཞིན་འདི་བྱས་སོ། །ཞེས་བྱ་བ་སྨོས་ཏེ། དང་པོ་ཆ་ཤས་མེད་པའི་ སྔོན་པོ་མཐོང་བ་དེའི་རྗེས་སུ་སྣང་བ་ནི་ཞེན་པ་སྟེ། མཐོང་བའི་རྗེས་སུ་འབྲང་བའི་རྣམ་པར་རྟོག་པ་ཡིན་ནོ། །དེ་ལས་མ་འདས་བཞིན་དུ་ཡང་གཞལ་བྱ་དང་འཇལ་བྱེད་དང་འབྲས་བུ་དེ་དག་ཐ་དད་པར་གནས་པར་བྱེད་དེ། གང་རྣམས་རྟོག་པས་བཞག་པའི་གཟུང་བ་དང་འཛིན་པའི་རིག་པ་ནི་ གཟུང་བའི་རྣམ་པ་གཞལ་བར་བྱ་བ་ཡིན་ལ། ངེས་པར་ནུས་པ་ཚད་མ་ཡིན་ཞིང་། རིག་པ་ནི་འབྲས་བུ་ཡིན་ནོ། །འོན་ཏེ་བདག་ཡོངས་སུ་གྱུར་པའི་རང་བཞིན་ཅན་གཟུང་བ་ལ་སོགས་པ་དང་། སྔོན་པོ་ལ་སོགས་པའི་བྱེ་བྲག་དག་ཐམས་ཅད་ཡིན་པར་གྱུར་པའི་ཕྱིར་བདག་གཉིས་སུ་ མེད་པར་རིག་པ་ཡིན་ནོ་ཞེ་ན། འདིར་སྨྲས་པ། དེ་ལྟ་མིན་ན་སྣ་ཚོགས་ཀྱི། །ངོ་བོ་སྣང་ཅན་དངོས་གཅིག་ལ། །ཇི་ལྟར་རྣམ་པ་བདེན་འགྱུར་ཏེ། །གཅིག་པ་ཉིད་དེ་ཉམས་ཕྱིར་རོ། །ཞེས་བྱ་བ་ནི། གཞན་དུ་ན་གལ་ཏེ་གཟུང་བ་ལ་སོགས་པ་བདེན་པ་ཡིན་ན། དེའི་ཚེ་བདག་གཅིག་ པུའམ་རྣམ་པར་ཤེས་པའི་བདག་ཉིད་དུ་གྱུར་པ་སྣ་ཚོགས་ཀྱི་ངོ་བོ་ཉིད་ཅན་གྱི་རྣམ་པ་གཟུང་བ་ལ་སོགས་པ་བདེན་པར་ཇི་ལྟར་འགྱུར་ཏེ་མི་འགྱུར་རོ། །བདག་དང་ཤེས་པ་དེའི་གཅིག་པ་ཉམས་པའི་ཕྱིར་རོ། །སྣ་ཚོགས་སུ་སྣང་བར་གྱུར་པས་དེའི་ཚེ་གཅིག་པ་ ཉམས་པ་ཡིན་ནོ། །གཞན་གྱིས་གཞན་ཉིད་ཉམས་ཕྱིར་དང་། །ཞེས་བྱ་བ་ནི། རྣམ་པ་བདེན་པར་ཇི་ལྟར་འགྱུར་ཏེ། གཞན་གྱིས་གཞན་ཉིད་ཅེས་བྱ་བ་ན་ཐ་དད་པར་མཐོང་བ་དེ་ཙམ་ཡིན་ཏེ། དེ་ལྟ་མ་ཡིན་ན་གཞན་གྱིས་གཞན་ཉིད་དུ་མི་འགྱུར་རོ། །འོན་ཏེ་སྣ་ཚོགས་ཚངས་པའི་ ངོ་བོ་ཉིད་ཡིན་པའི་ཕྱིར། ཐ་དད་པ་མེད་དོ་ཞེ་ན། འདིར་སྨྲས་པ། དངོས་མ་མཐོང་ཕྱིར་ཐ་དད་ཡིན། །དངོས་པོ་ཐ་དད་མེད་མཐོང་བློས། །ཐ་དད་མེད་པར་ངེས་པ་ཡིན། །ཞེས་བྱ་བ་ལ། གཟུང་བ་ལ་སོགས་པ་ཐ་དད་པས་སྔོན་པོ་ལ་སོགས་པ་ཐ་དད་པ་ནི་ཐ་དད་པ་མ་ཡིན་པར་རིགས་ པ་མ་ཡིན་ཏེ། ཐ་མི་དད་པའི་དངོས་པོ་མ་མཐོང་བའི་ཕྱིར་རོ། །གལ་ཏེ་སྣ་ཚོགས་པ་ཐམས་ཅད་གཅིག་གི་ངོ་བོ་ཉིད་དུ་སྣང་བ་ཡིན་ན། དེའི་ཚེ་གཅིག་པ་ཉིད་དུ་ཁས་བླངས་ན་ལེགས་སོ། །གང་གི་ཕྱིར་དངོས་པོ་ཐ་དད་པ་མེད་པར་མཐོང་བའི་བློས་ནི་ཐ་དད་པ་མེད་པར་ངེས་པར་བྱེད་ པ་ཡིན་གྱི། སྔོན་པོ་ལ་སོགས་པ་རྣམས་དང་བདེ་བ་ལ་སོགས་པ་ཐ་དད་པ་རྣམས་ཐ་མི་དད་པར་སྣང་བ་ནི་མ་ཡིན་པ་དེའི་ཕྱིར་འགྲོ་བ་ཐམས་ཅད་བདག་ཡོངས་སུ་གྱུར་པ་ནི་མ་ཡིན་ནོ། །གཞན་ཡང་གལ་ཏེ་སྔོན་པོ་ལ་སོགས་པ་ཐ་དད་པ་རང་གསལ་བ་ཡིན་ན། དེ་ལྟ་ན་ནི་དེ་དག་བདེན་ པར་འགྱུར་རོ། །འོན་ཏེ་གསལ་བའི་ངོ་བོ་ཉིད་མ་ཡིན་ན་ནི་ཇི་ལྟར་གསལ་བ་མ་ཡིན་པར་གྱུར་པ་གསལ་བའི་བདག་ཉིད་ལས་ཐ་དད་པར་མི་འགྱུར། གསལ་བའི་ངོ་བོ་ཉིད་ཡིན་ན་ནི་བདག་ཉིད་བཞིན་དུ་སྔོན་པོ་ལ་སོགས་པ་ཐམས་ཅད་ཀྱང་བདེན་པར་འགྱུར་རོ། །དེ་ལྟར་གྱུར་ན་ སྔོན་པོ་ལ་སོགས་པའི་རྟོག་པའི་ངོ་བོ་ཉིད་ལས་ཐ་དད་པ་མ་ཡིན་པས་ཇི་ལྟར་གཅིག་ཡོངས་སུ་གྱུར་པ་ཡིན། འོན་ཏེ་སྣ་ཚོགས་པའི་རང་བཞིན་ཅན་ཉིད་འཁྲུལ་པ་ཡིན་པ་དེ་ལྟ་ན་ཡང་ཐ་མི་དད་པར་མི་སྣང་བའི་ཕྱིར་ཐམས་ཅད་སྟོང་པར་འགྱུར་རོ་ཞེ་ན། གང་གིས་དངོས་པོ་རྣམ་དཔྱད་ན། དེ་ཉིད་དུ་དེའི་རང་བཞིན་མེད། །གང་གི་ཕྱིར་ན་དེ་དག་ལ། །གཅིག་དང་དུ་མའི་དངོས་མེད་ཕྱིར། །ཞེས་བྱ་བ་ལ། དེའི་ཕྱིར་ཕྱི་རོལ་དང་ནང་གི་དངོས་པོ་རྣམས་གཅིག་གི་ངོ་བོ་ཉིད་གང་གིས་རྣམ་པར་དཔྱད་ན། དེ་ཁོ་ན་ཉིད་དུ་གཅིག་དང་དུ་མར་དེའི་དངོས་པོ་མེད་དེ་གང་གི་ཕྱིར། དེ་དག་ལ་ གཅིག་གི་ངོ་བོ་ཉིད་མེད་དེ་དུ་མ་ཉིད་དུ་སྣང་བའི་ཕྱིར་རོ། །དུ་མའི་ངོ་བོ་ཉིད་ཀྱང་མེད་དེ་རང་རིག་པས་དུ་མ་ཉིད་དུ་མི་ཤེས་པའི་ཕྱིར་རོ། །གཞན་རིག་པས་ཀྱང་སྣ་ཚོགས་པ་ཉིད་དུ་རྟོགས་པ་མ་ཡིན་ནོ་ཞེས་བསྟན་པ་དང་། གཞན་རིག་པ་ཡང་མེད་དོ་ཞེས་བསྟན་ཟིན་ཏོ། །དེ་བས་ན་ཐ་ དད་པའི་ངོ་བོ་དང་ཐ་མི་དད་པའི་ངོ་བོ་ཉིད་ཐམས་ཅད་རྗེས་སུ་མཐུན་པའི་ངོ་བོ་ཉིད་གོམས་པའི་དབང་གིས་སྣང་བ་ཡིན་ནོ། །ཕྱིན་ཅི་ལོག་ཏུ་སྣང་བ་ནི་ཡོད་པ་ལོག་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་མི་བདེན་པའོ། །ཅི་སྟེ་ཆོས་མཐུན་པ་ཉིད་མཐོང་བ་ལས། དེ་བདག་མིན་ལ་དེ་བདག་ཏུ། ། ཞེན་པའི་འཇིག་རྟེན་པ་དག་ནི། །འཁྲུལ་སྐྱེ་འདི་ལ་དེ་མེད་དེ། །འཇིག་རྟེན་འདི་རུ་དེ་བདག་ཉིད། །གཅིག་ཀྱང་མཐོང་བ་མེད་ཕྱིར་རོ། །ཞེས་བྱ་བ་ནི། འཇིག་རྟེན་པ་དག་གི་ཆོས་མཐུན་པ་ཉིད་མཐོང་བ་ལས་འཁྲུལ་པ་སྐྱེ་བར་འགྱུར་རོ། །འཁྲུལ་པ་ཇི་ལྟ་བུ་ཞིག་ཅེ་ན། དེའི་བདག་ཉིད་མ་ ཡིན་པ་སྟེ་ཆུའི་བདག་ཉིད་མ་ཡིན་པ་ལ་ཆུའི་བདག་ཉིད་དུ་ཞེན་པའོ། །ཞེན་པ་ནི་རྣམ་པར་ཤེས་པར་སྨྲ་བ་འདི་ལ་ཆོས་མཐུན་པ་ཉིད་མཐོང་བ་འཁྲུལ་པའི་རྒྱུ་དེ་མེད་དེ། འཇིག་རྟེན་འདི་ན་གཟུང་བ་དང་འཛིན་པའི་བདག་ཉིད་ཕྱི་རོལ་པ་ཉིད་དུ་མཐོང་བ་མེད་པའི་ཕྱིར། དེ་ཅིའི་ཕྱིར། འཁྲུལ་ པར་སྐྱེ་བ་ཡིན་ཞེ་ན། འདི་ལ་ལན་བཏབ་པ། འདི་ཡོད་ཀྱང་ནི་ནང་ངོ་བོས། །བསླད་པ་ལས་སྐྱེས་ཅན་གང་དེ། །ཉེས་པ་ལས་སྐྱེས་ཅན་དངོས་ཀྱིས། །ཕྱིན་ཅི་ལོག་ཏུ་སྣང་བ་ཅན། །མཐོང་སོགས་ཆོས་མཐུན་ཅན་ཉིད་ལ། །ལྟོས་མེད་རབ་རིབ་ལ་སོགས་བཞིན། །ཞེས་བྱ་བ་ཡིན་ཏེ། ཆོས་མཐུན་པ་མཐོང་བ་ཉིད་ལས་འཁྲུལ་པ་འབྱུང་བ་མ་ཡིན་ཏེ། འོན་ཀྱང་ནང་གིས་བསླད་པ་མ་རིག་པ་དང་རབ་རིབ་ལ་སོགས་པ་འདི་ལས་སྐྱེས་པ་གང་ལ་ཡོད་པ་དེ་ནི་ཡོད་པ་སྟེ། གང་ལ་ནང་གིས་བསླད་པ་ལས་སྐྱེས་པའི་འཁྲུལ་པ་ཡོད་པ་དེ་ནི་མ་རིག་པ་ལ་སོགས་པའི་ཉེས་པ་ ལས་སྐྱེས་པས་ངོ་བོ་ཉིད་ཀྱིས་ཡང་དག་པ་མ་ཡིན་པར་སྣང་བ་ཅན་ཡིན་གྱི་ཆོས་མཐུན་པ་མཐོང་བ་ལ་ལྟོས་པ་མེད་པ་གང་ལ་ཡོད་པ་དེ་ནི་འཁྲུལ་པ་སྟེ། སོགས་པའི་སྒྲས་འདྲ་བའི་དངོས་པོ་གཟུང་ངོ་། །དེ་ཡང་དཔེར་ན་རབ་རིབ་ཅན་ལ་སོགས་པའི་ཤེས་པ་དངོས་ཀྱིས་ སྐྲ་ཤད་ལ་སོགས་པ་མཐོང་བ་དང་ཆོས་མཐུན་པར་སྣང་བ་ལ་ལྟོས་པར་འགྱུར་བ་མ་ཡིན་གྱི། འོན་ཀྱང་ནང་གི་རབ་རིབ་ལས་ཡིན་ནོ། །རབ་རིབ་ལས་སྐྱེས་པར་གྱུར་པའི་སྐྲ་ཤད་ལ་སོགས་པའི་ཤེས་པ་དངོས་པོའི་སྟོབས་ཉིད་ལས་སྐྱེས་པ་མ་ཡིན་ནམ། ཇི་ལྟར་རབ་རིབ་ཀྱི་ཤེས་པ་ དཔེར་འཇོག་ཅེ་ན། མ་ཡིན་ཏེ། ནང་གི་རྒྱུ་ཙམ་ལས་སྣང་བར་འདོད་པའི་ཕྱིར་ཏེ། ནང་གི་རྒྱུ་ཡང་བག་ཆགས་ཁོ་ནས་ཡུལ་ཐམས་ཅད་ལ་ཁྱབ་པ་ཡིན་གྱི། རབ་རིབ་ནི་མ་ཡིན་ནོ། །བག་ཆགས་དེ་ཡང་ཤེས་པ་གཞན་སྔོན་དུ་འགྲོ་བ་ཅན་ཡིན་ལ། དེ་ལ་ཡང་ཤེས་པ་གཞན་སྔོན་ དུ་འགྲོ་བའི་ཕྱིར་མཐར་ཐུག་པ་མེད་པས་ཡོད་པ་མ་ཡིན་པའི་ཤེས་པའི་བག་ཆགས་བརྒྱུད་པར་འགྱུར་རོ། །རྣམ་པར་རིག་པར་སྨྲ་བའི་ཚད་མ་བསྟན་པར་བྱ་བའི་ཕྱིར། དེ་ལ་བློ་ནི་ཡོངས་གཅོད་པ། །འཛིན་པའི་རྣམ་པར་འདོད་པ་ཡིན། །དེ་བདག་ཉིད་ཕྱིར་བདག་རིག་སྟེ། ། དེ་ཕྱིར་དེ་ནི་སྒྲུབ་བྱེད་ཡིན། །ཞེས་བྱ་བ་སྨོས་ཏེ། རྣམ་པར་རིག་པར་སྨྲ་བ་དེ་ལ་སྔོན་པོ་ལ་སོགས་པ་སྣང་བའི་བློ་གང་ཞིག་ཡོངས་སུ་གཅོད་པ་ཇི་ལྟ་བུ་ཡིན་ཞེ་ན། འཛིན་པའི་རྣམ་པར་འདོད་པ་དེའི་བདག་ཉིད་ཀྱི་ཕྱིར་ཏེ། ཡོངས་སུ་གཅོད་པའི་རང་བཞིན་གྱི་ཕྱིར་བདག་རིག་པ་སྟེ། ཉམས་སུ་མྱོང་བའོ། །དེའི་ཕྱིར་འཛིན་པའི་རྣམ་པ་དེ་བདག་རིག་པ་དེའི་སྒྲུབ་པར་བྱེད་པའི་ཚད་མ་ཡིན་ནོ། །ཕྱི་རོལ་གྱི་དོན་ལ་ཤེས་པའི་རྣམ་པ་ཚད་མ་ཡིན་ལ་ཕྱི་རོལ་གྱི་དོན་གཞལ་བར་བྱ་བ་ཡིན་པའི་ཕྱིར། གཞལ་བར་བྱ་བ་དང་འཇལ་བར་བྱེད་པར་གནས་པར་རིག་པ་མ་ཡིན་ནམ། རྣམ་པར་རིག་པར་སྨྲ་བ་འདི་ལ་ནི་ཤེས་པ་ཉིད་དོན་གྱིས་སྟོང་པ་ཡིན་གྱི། ཕྱི་རོལ་གྱི་དོན་ལ་ཡོད་པ་མ་ཡིན་ན། དེ་ཇི་ལྟར་ཚད་མ་ལ་སོགས་པ་ཉིད་དུ་རྣམ་པར་གཞག་པར་བྱ་ཞེ་ན། སྨྲས་པ། དེ་ལ་བདག་ཡུལ་ཅན་འཇལ་བ། །དཔེར་ན་ཆགས་སོགས་རིགས་པ་བཞིན། །གཞལ་བྱ་ འཇལ་བྱེད་འབྲས་གཞག་པ། །འདི་ནི་ཀུན་དུ་སྦྱར་བར་བྱ། །ཞེས་བྱ་བ་ལ། ཕྱི་རོལ་དུ་སྨྲ་བ་དེ་ལ་ཇི་ལྟར་རང་ཉིད་ཡུལ་དུ་བྱེད་པའི་ཚད་མ་དེ་ལ་འདོད་ཆགས་ལ་སོགས་པའི་བློ་ནི་འབྲས་བུ་ཡིན་ལ། རང་གི་གཞལ་བར་བྱ་བ་ཡིན་པ་དེ་བཞིན་དུ་གཞལ་བྱ་དང་འཇལ་བྱེད་དང་འབྲས་ བུའི་རྣམ་པར་གཞག་པ་འདི་ནི་སྔོན་པོ་ལ་སོགས་པ་ཐམས་ཅད་ལ་སྦྱར་བར་བྱ་སྟེ། སྔོན་པོའི་རྣམ་པར་གཞལ་བར་བྱ་བ་ཡིན་ལ། སྔོན་པོ་ངེས་པར་ནུས་པའི་ངོ་བོ་ཉིད་ཀྱི་ཚད་མ་ཡིན་པ་དེའི་ཕྱིར། ཁྱད་པར་གྱི་བདེ་བ་དང་སྔོན་པོ་རྟོགས་པ་རང་ཉིད་ཀྱིས་རིག་པའི་ཕྱིར། ཐམས་ཅད་རང་རིག་ པ་ཉིད་ཡིན་ནོ། །སྔོན་པོ་ལ་སོགས་པ་རྣམས་འཛིན་པའི་རྣམ་པ་ནི་བདག་ཉིད་དུ་མ་གྱུར་པ་ཡིན་ལ། བདེ་བ་ལ་སོགས་པ་བདག་ཉིད་དུ་གྱུར་པ་མ་ཡིན་ནམ། དེ་ཇི་ལྟར་བདེ་བ་ལ་སོགས་པ་དཔེར་སྦྱོར་ཞེ་ན། སྨྲས་པ། དེ་ལའང་ཉམས་མྱོང་བདག་ཉིད་ཕྱིར། །དེ་དག་རང་བདག་མྱོང་བར་ རུང་། །དེ་ལྟར་རུང་ཉིད་དེ་དཔོག་བདག །གཞལ་བྱ་རང་རིག་འབྲས་བུ་ཡིན། །ཞེས་བྱ་བ་ལ། གལ་ཏེ་བདེ་བ་ལ་སོགས་པ་རྣམས་གསལ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་བདག་ཉིད་རིག་པ་ཡིན་ན་གསལ་བའི་ངོ་བོ་ཉིད་ཅེས་བྱ་བ་འདི་ཅི་ཞིག་ཡིན། ལྐོག་ཏུ་མ་གྱུར་པའི་ངོ་བོ་ཉིད་དོ་ཞེ་ན། གལ་ཏེ་དེ་ལྟ་ན་ནི་སྔོན་པོ་ལ་སོགས་པ་ཡང་ལྐོག་ཏུ་མ་གྱུར་པའི་རང་བཞིན་ཡིན་པའི་ཕྱིར། ཉམས་སུ་མྱོང་བའི་བདག་ཉིད་ཡིན་ནོ། །དེ་ལ་ཡང་སྔོན་པོའི་དོན་ཉམས་སུ་མྱོང་བའི་རང་བཞིན་ཡིན་པའི་ཕྱིར། དེ་རང་གི་བདག་ཉིད་རིག་པར་རུང་བ་སྟེ། རྟོགས་པའི་ངོ་བོ་ཉིད་དེ་རུང་བ་ ཉིད་ནི་དཔོག་པའི་ཚད་མ་ཡིན་ལ། སྔོན་པོ་ལ་སོགས་པའི་བདག་ཉིད་གཞལ་བར་བྱ་བ་ཡིན་ཞིང་། རང་རིག་པ་ནི་འབྲས་བུ་ཡིན་ནོ། །འོ་ན་སློབ་དཔོན་གྱིས་འདོད་ཆགས་ལ་སོགས་པ་རང་རིག་པའི་ཚད་མར་གསུངས་པ་མ་ཡིན་ནམ། ཁྱེད་ཀྱིས་འཛིན་པའི་རྣམ་པ་སྒྲུབ་བྱེད་དུ་སྨྲས་ པ་དེ་ཇི་ལྟར་འགལ་བར་མི་འགྱུར་སྙམ་དུ་སེམས་ན། བདག་ལ་འཛིན་པའི་རྣམ་པ་ཞེས། །ཡོངས་སུ་གཅོད་པའི་བདག་ཉིད་དེ། །རུང་ཉིད་ཅེས་བྱ་ཚད་མ་དང་། །རང་རིག་ཅེས་ནི་བྱ་བར་བཤད། །ཅེས་བྱ་བ་ལ། འཛིན་པའི་རྣམ་པ་ཞེས་བརྗོད་པ་བདག་ཉིད་ཡོངས་སུ་གཅོད་ པར་རུང་བ་ཉིད་ཅེས་བྱ་བ་དེ་ལྟར་མཛད་ནས་སློབ་དཔོན་གྱིས་བདག་རིག་པའི་ཚད་མ་རྟོག་པ་མེད་པའི་རང་རིག་པའོ་ཞེས་གསུངས་ཏེ། བྱེད་པར་བསྒྲུབ་པར་བྱས་ནས་འཛིན་པའི་རྣམ་པ་ཉིད་གཞུང་དེར་བསྟན་པ་དེའི་ཕྱིར་འགལ་བ་མེད་དོ། །དེ་བས་ན་ཕྱི་རོལ་གྱི་དོན་ལ་རང་ རིག་པ་འབྲས་བུ་ཡིན་ལ། དེའི་རྣམ་པ་ནི་ཚད་མའོ། །རྣམ་པ་དང་བཅས་པའི་ཤེས་པ་མི་འཐད་པ་མ་ཡིན་ནམ། འདི་ལྟར་གལ་ཏེ་དོན་གྱི་རྣམ་པས་བསྒྱུར་བ་དང་ལྡན་པའི་ཤེས་པ་དང་བ་ཡིན་ཏེ། དཔེར་ན་མེ་ལོང་གི་ངོས་བཞིན་ནོ། །དེ་ལྟར་ན་མིག་ལ་སོགས་པ་ཡང་སྣང་ བར་འགྱུར་ཏེ། དཔེར་ན་མེ་ལོང་དང་ཉེ་བར་གྱུར་ན་ཐམས་ཅད་སྣང་བ་བཞིན་དུ་འགྱུར་ཐང་བ་ལས་མིག་ལ་སོགས་པ་སྣང་བ་ནི་མ་ཡིན་ནོ། །འོན་ཏེ་མིག་ནི་སྣང་བའི་རྒྱུ་ཡིན་ཏེ་དཔེར་ན་མེ་ལོང་བཞིན་ནོ་ཟེར་ན། འོ་ན་ནི་གཟུགས་ལ་སོགས་པ་མཐོང་བ་མིག་ལ་འཆར་བར་འགྱུར་ཏེ། དཔེར་ན་སྣང་བ་ཐམས་ཅད་མེ་ལོང་ལ་འཆར་བ་བཞིན་ནོ། །འོན་ཏེ་མེ་ལོང་བཞིན་ཤེས་པ་དང་བ་ལ་དོན་སྣང་བ་མ་ཡིན་གྱི། འོན་ཀྱང་དོན་རུང་བའི་ཡུལ་ལ་གནས་པས་ཤེས་པ་དོན་གྱི་རྣམ་པ་ཅན་དུ་སྐྱེ་བ་སྟེ། དོན་དེ་ལས་སྐྱེས་པའི་ཕྱིར་རོ་ཟེར་ན་ནི། དེ་ལྟ་ན་ནི་ཤེས་པ་མིག་ ལས་སྐྱེས་པའི་ཕྱིར་མིག་གི་རྣམ་པ་ཅན་ཉིད་དུ་འགྱུར་བ་མ་ཡིན་ནམ། དེ་བས་ན་མིག་ཀྱང་རིག་པར་འགྱུར་རོ་ཞེ་ན། འདིར་ལན་བཏབ་པ། གང་ཕྱིར་རྣམ་པར་ཤེས་པ་ཀུན། །ཡུལ་རྣམས་ལས་ནི་འབྱུང་བའི་ཕྱིར། །དེ་ལས་གཞན་རྒྱུ་ཡོད་ན་ཡང་། །རྣམ་འགས་ཡུལ་གྱིས་བྱས་པ་ཅན། ། ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་རྣམ་པར་ཤེས་པ་ཐམས་ཅད་ཇི་ལྟ་བུའི་ཡུལ་རྣམས་ལས་སྐྱེས་པའི་ཕྱིར་རོ། །རྣམ་པ་ཇིས་ཀྱང་ཡུལ་གྱིས་བྱས་པ་ཡིན་ཏེ། དེ་ལྟ་བུ་ཡུལ་དེ་ལས་གཞན་པ་དབང་པོ་ལ་སོགས་པ་རྒྱུ་ཡིན་ཡང་དེའི་རྣམ་པ་ཅན་དུ་མ་ཡིན་ཞིང་། སྐྱེས་པ་ཙམ་གྱིས་དེའི་ རྣམ་པ་ཅན་དུ་མི་འགྱུར་རོ། །འདི་ལྟར། དཔེར་ན་ཟས་དང་དུས་ལ་སོགས། །བུ་སྐྱེ་བ་ཡི་རྒྱུ་ཡིན་ཡང་། །ཕ་མའི་ཆ་བྱད་འཛིན་བྱེད་ཀྱི། །གཞན་ཡང་རུང་བའི་མ་ཡིན་བཞིན། །ཞེས་བྱ་བ་ལ། བུ་སྐྱེ་བའི་རྒྱུ་ཟས་དང་དུས་ལ་སོགས་པ་ཡིན་ཡང་། ཕ་དང་མ་དེ་དག་གི་ནང་ནས་ གང་ཡང་རུང་བ་གཅིག་གི་འབྲེལ་པའི་ཆ་བྱད་བུ་ཡིས་འཛིན་གྱི། ཁ་ཟས་ལ་སོགས་པ་གཞན་གྱི་མ་ཡིན་ལ། ཕ་མ་གཉི་གའི་ཡང་གཟུགས་འཛིན་པ་མ་ཡིན་ནོ། །དེ་བཞིན་དུ་ཤེས་པ་ཡང་དོན་གྱི་རྣམ་པ་ཉིད་ཡིན་གྱི། གཞན་གྱི་མ་ཡིན་ནོ། །འོན་ཏེ་ཤེས་པ་ཡུལ་གྱི་རྣམ་པ་ཅན་ཡིན་མོད་ ཀྱི། མིག་གི་རྣམ་པ་ཅན་ནི་མ་ཡིན་པ་དེ་ལྟར་ན་ཡང་སྨིག་རྒྱུ་ཡིན་པའི་ཕྱིར་རིག་པར་འགྱུར་རོ་ཞེ་ན། ཡུལ་དང་དེ་ལས་གཞན་པ་དག །དེ་རྒྱུ་ཉིད་དུ་མཚུངས་ན་ཡང་། །དེའི་ཆ་ཡུལ་ཉིད་དུ་འདོད་དེ། །དེ་མེད་ན་དེ་འབྱུང་མི་འགྱུར། །ཞེས་བྱ་བ་སྨོས་ཏེ། ཡུལ་དང་ཡུལ་དེ་ལས་གཞན་པ་ལས་ རྣམ་པར་ཤེས་པ་དེའི་རྒྱུ་ཉིད་དུ་མཚུངས་ན་ཡང་། དམིགས་པ་ཁོ་ན་ཡུལ་དུ་འདོད་དེ། དེའི་རྗེས་སུ་བྱེད་པའི་ཆ་མེད་པ་ཡུལ་ཉིད་དུ་དམིགས་པ་ལ་སོགས་པ་མི་འགྱུར་ཏེ། དེའི་རྣམ་པ་ཅན་གྱི་ཤེས་པའི་རྒྱུ་ཡུལ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འོན་ཏེ་སྣང་བ་ཤེས་པ་མ་ཡིན་ཏེ། རང་རིག་ པ་མེད་པའི་ཕྱིར་རོ། །དྲན་པར་བྱེད་པ་ཡང་རང་རིག་པ་མ་ཡིན་ཏེ་དོན་གྱི་རྣམ་པ་ཉིད་དྲན་པའི་ཕྱིར་རོ། །དེའི་ཕྱིར་དོན་ཉམས་སུ་མྱོང་བ་ཡིན་པར་བརྟག་པར་བྱ་སྟེ། །དོན་སྣང་བའི་ཕྱིར་དང་དྲན་པའི་ཕྱིར་རོ། །ཤེས་པ་ནི་ཉམས་སུ་མྱོང་བ་མ་ཡིན་ཞིང་དྲན་པ་མ་ཡིན་ཏེ་དོན་ཉིད་རིག་པའི་ཕྱིར་རོ། ། དེ་བས་ན་རང་དྲན་པར་མི་འཐད་པས་རང་རིག་པར་གྱུར་པའི་ཤེས་པ་ཡོད་པ་མ་ཡིན་ཞིང་། དེའི་དོན་གྱི་རྣམ་པ་ཅན་ཡང་མེད་དེ། དེའི་ཕྱིར་ཤེས་པ་ཚུལ་གཉིས་པ་ཅན་སྒྲུབ་པའི་ཕྱོགས་ལ་མངོན་སུམ་གྱིས་གནོད་ཅིང་། རྗེས་སུ་དཔག་པས་ཀྱང་ཚུལ་གཉིས་པ་ཅན་སྒྲུབ་པར་ནུས་པ་ མ་ཡིན་ཏེ། མངོན་སུམ་གྱིས་གནོད་པ་ཉིད་ཕྱོགས་མ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང་དཔེ་ལས་འབྲེལ་པ་འཛིན་པ་ལ་ལྟོས་ནས་རྗེས་སུ་དཔོག་པ་འཇུག་པ་ཡིན་ན། རྣམ་པ་དང་བཅས་པའི་ཤེས་པ་སྒྲུབ་པ་ལ་དཔེ་མེད་དེ་གང་དུ་ཡང་རྣམ་པ་གྲུབ་པ་མེད་པའི་ ཕྱིར་རོ་ཞེ་ན། དོན་དང་ལྡན་པའི་སེམས་ལ་ནི། །དོན་གྱི་རྣམ་པར་མེད་པར་དོགས། །འདས་པའི་དོན་ནི་འཛིན་པ་ན། །ཚུལ་གཉིས་རང་རིག་གྲུབ་པ་ཡིན། །ཞེས་བྱ་བ་སྨོས་ཏེ། དོན་དང་ལྡན་པའི་མིག་གི་ཤེས་པ་ལ་དོན་གྱི་རྣམ་པ་མེད་པ་ཅན་དུ་དོགས་པར་འགྱུར་བ་སྲིད་དེ། ཡོད་པར་གྱུར་པའི་རྣམ་པ་དོན་གྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དོན་དང་མི་ལྡན་པའི་སེམས་སྐྲ་ཤད་ལ་སོགས་པ་དང་འདས་པའི་དོན་འཛིན་པ་ལ་ནི་དྲན་པ་ཡོད་པས་ཚུལ་གཉིས་པ་ཅན་དང་རང་རིག་པ་གྲུབ་པ་ཡིན་ཏེ། འདས་པའི་དོན་འཛིན་པ་ལ་སོགས་པའི་ ཤེས་པ་ནི་མི་གསལ་བར་གྱུར་པའོ་ཞེས་ཟེར་བ་ཉིད་ལ་མངོན་སུམ་གྱིས་གནོད་པ་ཡིན་ནོ། །འདས་པ་ལ་སོགས་པ་འཛིན་པ་ན་དེའི་རང་གི་ངོ་བོ་ཉིད་དུ་གྱུར་པ་སྣང་བ་ཡིན་ཏེ། དེ་ལྟ་བས་ན་ཤེས་པ་ཐམས་ཅད་ལ་རང་གི་བདག་ཉིད་དུ་གྱུར་པ་སྣང་བ་ཡིན་ནོ། །འདས་པ་ལ་སོགས་པ་ འཛིན་པ་ན་ཡང་རིགས་ཞེས་བྱ་བའི་དོན་ཉིད་ཡོད་དོ་ཞེ་ན། སྨྲས་པ། སྔོ་སོགས་སྣང་བ་ཐ་དད་ཕྱིར། །དེ་ལྡན་མེད་པའི་རིགས་དོན་མིན། །རིགས་དེའང་མི་རྟག་པ་མིན་ཞིང་། །རྟག་ན་ཇི་ལྟར་སྐྱེད་བྱེད་འགྱུར། །ཞེས་བྱ་བ་ལ། འདས་པ་ལ་སོགས་པ་འཛིན་པ་ནི་སྔོན་པོ་དང་དབྱིབས་ ལ་སོགས་པར་སྣང་བའི་ཕྱིར། དེ་དང་མི་ལྡན་པ་སྟེ་སྔོན་པོ་ལ་སོགས་པའི་ངོ་བོ་ཉིད་དང་བྲལ་བའི་རིགས་ཀྱི་དོན་དེ་ཡུལ་དུ་འགྱུར་བ་མ་ཡིན་ནོ། །གཞན་ཡང་རིགས་དེ་ཤེས་པའི་རྒྱུ་ཡིན་པའི་ཕྱིར་མི་རྟག་ན་རིགས་ཉིད་དུ་མི་འགྱུར་རོ། །འོན་ཏེ་རྟག་པ་དེ་ལྟ་ན་ཡང་སྐྱེད་པར་བྱེད་པ་ ཉིད་མ་ཡིན་པར་བསྟན་ཏོ། །དོན་ཏེ་འདས་པ་ལ་སོགས་པ་འཛིན་པའི་ཡུལ་རིགས་པ་མ་ཡིན་ཏེ། འོ་ན་ཅི་ཞེ་ན། མིང་དང་རྒྱུ་མཚན་ལྡན་པ་མ་ཡིན་པའི་འདུ་བྱེད་ལ་དེའི་ཚེ་དམིགས་པ་ཡིན་ནོ་ཞེ་ན། སྨྲས་པ། མིང་སོགས་སྔར་ནི་བཀག་ཟིན་ན། །འདི་ནི་དོན་ལྡན་གོ་རིམས་ མིན། །འདོད་ཙམ་རྗེས་འབྲེལ་ཅན་ཉིད་ཕྱིར། །དོན་གྱི་ནུས་པ་གྲུབ་མི་འགྱུར། །ཞེས་བྱ་བ་ལ། འདས་པ་འཛིན་པའི་གཟུང་བར་བྱ་བ་མིང་དང་རྒྱུ་མཚན་མ་ཡིན་པར་སྔར་བཀག་ཟིན་པས་འདིར་མི་བརྗོད་དོ། །འདི་ནི་དོན་དང་ལྡན་པའི་ཤེས་པའི་གོ་རིམས་མ་ཡིན་ཏེ། གང་འདི་ འདོད་པ་ཙམ་གྱིས་སྐྱེད་པའི་ཕྱིར། །དེ་དག་ཀྱང་མི་འཐད་པ་ཡིན་ནོ། །འོན་ཏེ་འདས་པ་ལ་སོགས་པའི་ཤེས་པ་དོན་དང་འབྲེལ་པ་ཉིད་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། གང་གི་ཕྱིར་འདས་པ་ལ་སོགས་པའི་ཤེས་པ་འདོད་པ་ཙམ་གྱི་རྗེས་སུ་འབྲེལ་པའི་ཕྱིར། དེ་ལ་དོན་གྱི་ནུས་པ་གྲུབ་ པ་ནི་མ་ཡིན་ནོ། །འོན་ཏེ་འདོད་པ་ལ་སོགས་པའི་ཤེས་པ་ཡུལ་གྱི་རྣམ་པ་ཅན་ཡིན་མོད་ཀྱི་ཉམས་སུ་མྱོང་བ་ནི་རྣམ་པ་མེད་པ་ཡིན་ཏེ། དེས་སྨྲས་པ། ཤེས་པ་འདི་འདྲ་དྲན་པ་ན། །དེ་ཡང་མྱོང་བ་ཡོད་ན་འབྱུང་། །དེ་ཡང་དོན་གྱི་རྣམ་པས་སྟོང་། །དེ་ཡང་དེ་ལྡན་ཇི་ལྟར་འགྱུར། །ཞེས་ བྱ་བ་ལ། འདས་པ་འཛིན་པའི་ཤེས་པ་འདི་ལྟ་བུ་ནི་དྲན་པ་སྟེ། དྲན་པ་དེ་ཡང་ཉམས་སུ་མྱོང་བ་ལས་སྐྱེ་བར་འགྱུར་ལ། ཉམས་སུ་མྱོང་བ་དེ་ཡང་དོན་གྱི་རྣམ་པས་དབེན་པ་སྟེ་ཉམས་སུ་མྱོང་བ་རྣམ་པ་མེད་པ་དེ་ལས་སྐྱེས་པར་གྱུར་པའི་དྲན་པ་དེ་དོན་མེད་ན་སྔོན་པོ་ལ་སོགས་པ་དེ་དང་ ལྡན་པ་སྟེ། སྔོན་པོ་ལ་སོགས་པའི་རྣམ་པ་དང་ལྡན་པར་ཇི་ལྟར་འགྱུར་ཏེ་མ་ཡིན་ཏོ། །དཔེར་ན་སྣམ་བུའི་རྣམ་པ་དང་བྲལ་བར་བུམ་པ་མཐོང་བ་ལས་སྐྱེས་པའི་བུམ་པ་དྲན་པ་ནི་སྣམ་བུའི་རྣམ་པ་དང་བྲལ་བ་དང་། དེ་བཞིན་དུ་བུམ་པ་དང་བྲལ་བར་སྣམ་བུ་མཐོང་བ་ལས་སྐྱེས་ པའི་སྣམ་བུ་དྲན་པ་ནི་བུམ་པའི་རྣམ་པ་བྲལ་བར་འགྱུར་རོ། །འ