Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 183

Văn bản gốc(Tây Tạng)

Trang 7 / 19 (50.000 ký tự/trang)
ཕྲ་རབ་ལ་རགས་པའི་རྣམ་པར་སྣང་བ་ཡིན་ལ། ཤེས་པ་ནི་བདེན་པའི་རྣམ་པ་ཅན་ཁོ་ན་ཡིན་པའི་ཕྱིར། ཇི་ལྟར་
ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་ཞེ་ན། འདིར་སྨྲས་པ། དེའི་ཕྱིར་དོན་དང་ཤེས་པ་ལ། །རགས་པ་སྣང་མིན་དེའི་བདག་ཉིད། །གཅིག་ལ་བཀག་པ་ཁོ་ནའི་ཕྱིར། །མང་པོ་ལ་ཡང་ཡོད་མ་ཡིན། །ཞེས་བྱ་བ་ལ། རགས་པ་ཉིད་ཡིན་པ་དེའི་ཕྱིར། རྡུལ་ཕྲ་རབ་ཀྱི་དོན་ནམ་ཡན་ལག་ཅན་ལ་རགས་
པར་སྣང་བ་མ་ཡིན་ཞིང་། ཤེས་པའི་ངོ་བོ་ཉིད་ཀྱང་རགས་པར་སྣང་བ་མ་ཡིན་ཏེ། འདི་ལྟར་རགས་པ་ནི་ཕྱོགས་ཆ་ཐ་དད་པ་དང་འབྲེལ་པའི་ཕྱིར་དང་། ཕྱོགས་ཐ་དད་པ་ཡང་ཕན་ཚུན་དབེན་པའི་གནས་སྐབས་ཡིན་པའི་ཕྱིར་གཅིག་མ་ཡིན་ནོ། །དེའི་ཕྱིར་དེའི་བདག་ཉིད་དེ་རགས་པའི་རྫས་ཉིད་དམ།
རྡུལ་ཕྲ་རབ་ལ་རགས་པ་ཡོད་པར་སྨྲ་བ་ནི་བཀག་པ་ཡིན་ནོ། །ཡང་ན་ལེའུ་གཉིས་པར་བཀག་པའི་ཕྱིར། རགས་པ་རྫས་གཅིག་པ་ནི་མ་ཡིན་ནོ། །འོན་ཏེ་རྡུལ་ཕྲ་རབ་མང་པོ་ལ་རགས་པར་སྣང་བ་ཡིན་ཏེ། འདི་ལྟར་རིགས་མཚུངས་པའི་རྡུལ་ཕྲ་རབ་མང་པོ་གཞན་གྱིས་མ་ཆོད་པར་སྣང་བར་གྱུར་པ་
རགས་པ་ཉིད་དུ་བརྗོད་དོ་ཞེ་ན། འདི་ལ་སྨྲས་པ། རྡུལ་ཕྲ་རབ་མང་པོ་ལ་ཡང་རགས་པའི་བདག་ཉིད་ཡོད་པ་མ་ཡིན་ཏེ། རྡུལ་ཕྲ་རབ་སོ་སོ་བ་ལ་རགས་པ་ཉིད་མེད་པའི་ཕྱིར་དང་། འདུས་པའི་ཐ་དད་པ་ཡང་ཡོད་པ་མ་ཡིན་པའི་ཕྱིར་རོ། །གང་ཡང་བདེ་བའི་རྣམ་པ་ཅན་གྱི་ཤེས་པ་རགས་པ་མ་ཡིན་

ནོ་ཞེས་ཟེར་བ་དེ་ལ་སྨྲས་པ། ལུས་ལས་ཐ་དད་པའི་བདེ་བའི་རྣམ་པ་ཅན་གཞན་གང་ཞིག་སྣང་བར་འགྱུར་ཏེ། སྣང་བར་གྱུར་པ་ནི་ལུས་ཉིད་ཡིན་པའི་ཕྱིར་ནང་གི་བདེ་བའི་རྣམ་པ་ཅན་ནམ། གདུང་བའི་རྣམ་པ་ཅན་དུ་སྣང་བའི་ཕྱིར། རགས་པའི་རྣམ་པ་ཅན་ལས་མ་གཏོགས་པའི་ཤེས་པ་མེད་དེ་དེ་ཤིན་
ཏུ་ཉམས་སུ་མ་མྱོང་བའི་ཕྱིར་རོ། །རགས་པ་ནི་ཤེས་པ་གཅིག་ཏུ་རིགས་པ་མ་ཡིན་ཏེ། ཕྱོགས་ཆ་ཐ་དད་པའི་ཕྱིར་རོ། །རགས་པར་སྣང་བའི་རིག་པ་ནི་དུ་མ་ཡིན་ན་ཡང་ཕན་ཚུན་ཐ་དད་པར་སྣང་བ་མ་ཡིན་པའི་ཕྱིར། ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་ནོ། །འོ་ན་གལ་ཏེ་སྣང་བ་ཙམ་དུ་གནས་
པ་ཅན་དངོས་པོ་ཐམས་ཅད་ཡིན་ན། དེ་ལྟ་ན་ཡང་། དེ་ཉིད་རྣམ་པར་རིག་པ་ཙམ་གྱི་ལྟ་བ་འདིར་འགྱུར་བའི་ཕྱིར། ཇི་ལྟར་ཆོས་ཐམས་ཅད་རང་བཞིན་མེད་པ་ཡིན་ཞེ་ན། འདིར་སྨྲས་པ། ཡོངས་སུ་བཅད་པའི་སྣང་ལས་གཞན། །ཕྱི་རོལ་གྱི་ཆ་ལྟར་གནས་པ། །ཐ་དད་མེད་ཤེས་ཐ་དད་དུ། །རབ་ཏུ་
སྣང་བ་བསླད་པ་ཡིན། །ཞེས་བྱ་བ་ལ། ཤེས་པ་རང་རིག་པའི་ངོ་བོ་ཉིད་རང་གི་ངོ་བོ་ཙམ་ལ་གནས་པའི་ཕྱིར། ཐ་དད་པར་སྣང་བ་མི་རུང་སྟེ། རང་གི་ངོ་བོ་ཉིད་སྣང་བ་ལ། གཞན་སྣང་བ་མེད་པའི་ཕྱིར་རོ། །དེས་ན་ཐ་དད་པར་རིག་པ་མ་ཡིན་ནོ། །འོན་ཏེ་རིག་པ་གཉིས་ཕན་ཚུན་སྣང་བའི་ཕྱིར། ཐ་དད་པ་ཡིན་
ནོ་ཞེ་ན། གལ་ཏེ་ཤེས་པ་གཉིས་ཀྱིས་རང་གི་ངོ་བོ་དང་གཞན་གྱི་ངོ་བོ་གསལ་བར་བྱེད་པ་ཉིད་ཡིན་ན། དེ་ལྟ་ན་ཡང་རང་དང་གཞན་དུ་སྣང་བའི་རྣམ་པ་གཉིས་རང་རིག་པར་འགྱུར་བ་མ་ཡིན་ནམ། ཤེས་པ་གཅིག་རིག་པ་ཤེས་པ་གཞན་རིག་པ་ནི་མ་ཡིན་ནོ། །ཤེས་པའི་རང་གི་ངོ་བོ་ཉིད་རིག་ན་གཞན་རིག་
པ་བདག་ཉིད་དུ་བྱེད་པ་ནི་མ་ཡིན་ནོ། །འོན་ཏེ་ཤེས་པ་རང་རིག་པ་མ་ཡིན་གྱི། འོན་ཀྱང་གཞན་ཁོ་ནའི་རིག་པ་པོ་ཡིན་པའི་ཕྱིར། ཤེས་པ་གཉིས་ཕན་ཚུན་དུ་ཐ་དད་པར་འཛིན་ཏོ་ཞེ་ན། དེ་ལྟ་ན་ནི་སྣ་ཚོགས་ཡན་ལག་དང་། སྣ་ཚོགས་དཔའ་བོ་ཡོངས་སུ་གཅོད་པ་བཞིན་ཤེས་པ་གཉིས་ཀྱང་མཐོང་
བར་མི་འགྱུར་བ་མ་ཡིན་ནམ། གཞན་ཡང་བདག་གིས་འདི་དག་མཐོང་ངོ་ཞེས་བྱ་བའི་ཤེས་པ་མེད་པར་འགྱུར་ཏེ། བདག་ཉིད་མངོན་སུམ་དུ་མི་བྱེད་པའི་ཕྱིར་རོ། །དེ་བས་ན་ཤེས་པ་དེ་ཉིད་ལ། རང་རིག་པ་ཡོད་པར་མི་འགྱུར་རོ། །དེ་ལྟ་ན་ནི་མི་གཞན་གྱི་སེམས་མི་མཐོང་བཞིན་དུ་ཤེས་པ་

གཉིས་མཐོང་བ་མེད་པར་འགྱུར་རོ། །འོན་ཏེ་ཤེས་པ་གཉིས་རིག་པར་བྱེད་པ་བདག་ཡིན་ནོ་ཞེ་ན། འོ་ན་བདག་དེ་ཡང་རང་རིག་པ་ཉིད་ཡིན་ནམ། གཞན་རིག་པའི་ངོ་བོ་ཉིད་ཅན་ཡིན་གྲང་ན། གལ་ཏེ་བདག་རང་རིག་པའི་རང་བཞིན་ཅན་ཡིན་ན་ནི། དེ་རང་ཉིད་ཁོ་ན་ཤེས་པའི་
ཕྱིར། གཞན་ཤེས་པར་རིགས་པ་མ་ཡིན་ནོ། །འོན་ཏེ་བདག་གིས་མཐོང་བ་ཐ་དད་པ་ལ་འགལ་བ་ཅི་ཡོད་ཅེ་ན། ཕྱོགས་དེ་ལ་ཡང་བདག་གི་རང་བཞིན། གང་གིས་བདག་རིག་པའི་རང་བཞིན་དེ་ཉིད་ཀྱིས་དོན་ནམ། ཤེས་པ་རྟོགས་པར་འགྱུར་རམ། འོན་ཏེ་གཞན་གྱི་རང་བཞིན་གྱིས་ཡིན། གལ་ཏེ་
དེ་ཉིད་ཀྱི་རང་བཞིན་གྱིས་གཞན་རིག་པ་ཡིན་ནོ་ཞེ་ན། དེ་ནི་རིགས་པ་མ་ཡིན་ཏེ། བདག་གི་རང་བཞིན་ནི་བདག་གི་ངོ་བོ་ཉིད་ལ་གནས་པའི་ཕྱིར་རོ། །རང་གི་ངོ་བོ་ཉིད་ལ་གནས་པའི་རང་བཞིན་གང་ཡིན་པ་ནི་བདག་ལ་མངོན་དུ་ཕྱོགས་པ་ཁོ་ན་ཡིན་པའི་ཕྱིར་རོ། །གཞན་རིག་པར་ཇི་ལྟར་འགྱུར། འོན་ཏེ་བདག་
ལ་གཞན་འཛིན་པ་ལ་མངོན་དུ་ཕྱོགས་པའི་རང་བཞིན་ཡོད་དོ་ཞེ་ན། དེ་ལྟར་ན་འོ་ན་ནི་གཞན་འཛིན་པའི་མངོན་དུ་ཕྱོགས་པའི་རང་བཞིན་གྱིས་བདག་མི་རིག་སྟེ། དེས་ན་མི་གཞན་གྱི་ཤེས་པ་བཞིན་གཉིས་པ་རིག་པ་མ་ཡིན་ནོ། །འོན་ཏེ་བདག་ལ་རང་རིག་པ་ལ་མངོན་དུ་ཕྱོགས་པ་དང་གཞན་རིག་པ་ལ་མངོན་
དུ་ཕྱོགས་པའི་རང་བཞིན་གཉིས་ཡོད་པའི་ཕྱིར། གཅིག་པོ་དེ་རང་དང་གཞན་རིག་པར་བྱེད་པ་ཡིན་ནོ་ཞེ་ན། འོ་ན་རང་དང་གཞན་ལ་མངོན་དུ་ཕྱོགས་པ་གཉིས་སུ་གང་གིས་ཤེས་པ་ཡིན། བདག་གིས་ཤེས་སོ་ཞེ་ན། འོ་ན་མངོན་དུ་ཕྱོགས་པ་གཉིས་རིག་པར་བྱེད་པའི་མངོན་དུ་ཕྱོགས་པ་གཉིས་
པ་ཡོད་པར་འགྱུར་བས་ཐུག་པ་མེད་པར་འགྱུར་བ་མ་ཡིན་ནམ། འོན་ཏེ་མངོན་དུ་ཕྱོགས་པ་གཉིས་དང་བདག་ནི་རང་གི་ངོ་བོ་ཉིད་ཀྱིས་འཛིན་པ་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་འདི་མངོན་སུམ་རང་རིག་པ་ཡིན་ནོ་ཞེས་ཤེས་པའི་བདག་གཞན་ཞིག་ཁས་བླང་བར་བྱ་ཞིང་། དེ་ཡང་རིག་པ་པོའི་བདག་གཞན་
དགོས་པའི་ཕྱིར་དེ་ཡང་ཐུག་པ་མེད་པར་ཐལ་བར་འགྱུར་རོ། །དེའི་ཕྱིར་ཤེས་པ་དང་། དེ་རིག་པར་བྱེད་པའི་བདག་མེད་པའི་ཕྱིར་ཐ་མི་དད་པར་སྣང་བ་བཞིན་ནོ། །ཐ་དད་པ་མེད་པར་སྣང་བ་ཅན་དེའི་ཐ་དད་པ་སྣང་བ་གང་ཡིན་པ་གཞན་ནང་དུ་གྱུར་པའི་ཆ་ལས་གང་ཞིག་སྔོན་པོ་ལ་སོགས་པ་ཕྱི་རོལ་ན་

གནས་པ་ལྟ་བུར་སྣང་བ་དེ་ནི་བསླད་པ་སྟེ། མི་བདེན་པ་ཡིན་ནོ། །སྔོན་པོ་དང་། སེར་པོ་ཐ་དད་པར་སྣང་བ་དང་། བདེ་བ་དང་། སྡུག་བསྔལ་ཐ་དད་པར་སྣང་བ་འཁྲུལ་པའི་ཕྱིར་དང་། དེས་དབེན་པའི་ཤེས་པ་ཡང་མི་རྟོགས་པའི་ཕྱིར། ཆོས་ཐམས་ཅད་སྟོང་པ་ཉིད་དུ་རིག་པ་ཡིན་ནོ། །འོ་ན་ཐ་དད་པར་
སྣང་བ་བསླད་པ་ཡིན་པའི་ཕྱིར། སྔོན་པོ་དང་སེར་པོ་ལ་སོགས་པ་ཐ་དད་པ་སྤོང་བར་རིགས་པ་མ་ཡིན་ནམ། རྟོགས་པ་ཙམ་ནི་ཐམས་ཅད་དུ་ཐ་མི་དད་པའོ་ཞེ་ན། སྨྲས་པ། དེ་ལ་གཅིག་ནི་མེད་པ་ན། །གཉི་གའང་ཉམས་པར་འགྱུར་བ་སྟེ། །དེ་ཕྱིར་གཉི་ག་སྟོང་པ་ཉིད། །དེ་ནི་དེ་ཡི་དེ་ཉིད་ཡིན། །
ཞེས་བྱ་བ་ལ། དེ་ལས་ཏེ་ཤེས་པ་དང་། སྔོན་པོ་དག་གི་ནང་ནས་གཅིག་སྟེ། སྣང་བར་གྱུར་པའི་སྔོན་པོ་ཐ་མི་དད་པ་མེད་ན་ནི། སྔོན་པོ་དང་ཤེས་པ་གཉི་ག་ཡང་མེད་པར་འགྱུར་བ་ཡིན་ནོ། །ཡང་ན་ནི་ཤེས་པ་བཞིན་དུ་སྔོན་པོ་ཡང་བདེན་པར་འགྱུར་རོ། །གཉི་ག་བདེན་མོད་ཅེ་ན། མ་ཡིན་ཏེ།
ཐ་དད་པར་རྟོགས་པ་མེད་དོ་ཞེས་བསྟན་ཟིན་ཏོ། །དེའི་ཕྱིར་ཤེས་པ་དེའི་ཐ་དད་པ་དང་ཐ་མི་དད་པ་གཉིས་ཀྱིས་སྟོང་པ་དེ་ནི་དེ་ཁོ་ན་ཉིད་དེ། དེས་ན་དངོས་པོ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ནི་སྟོང་པ་ཉིད་ཡིན་ནོ། །ད་ནི་དབུ་མའི་ལུགས་ཀྱི་སྟོང་པ་ཉིད་ཀྱི་དོན་བསྡུ་བར་བྱ་བའི་ཕྱིར། དངོས་རྣམས་ཐ་དད་
གནས་པ་འདི། །དེ་ཐ་དད་བརྟེན་ངང་ཚུལ་ཅན། །དེ་ནི་བསླད་པ་ཉིད་ཡིན་ན། །ཐ་དད་དེ་དག་ཀྱང་བསླད་འགྱུར། །ཞེས་བྱ་བ་ལ། ཕྱི་རོལ་གྱི་དངོས་པོ་རྣམས་དང་འབྲེལ་པ་ཅན་གྱི་ཐ་དད་པར་རྟོགས་པ་འདི་ནི་ཤེས་པ་དེ་དག་ཐ་དད་པ་ལ་བརྟེན་པ་ངང་ཚུལ་ཅན་ཡིན་ནོ། །རང་རིག་པའི་ཐ་དད་པ་དེ་ནི་ཇི་ལྟར་
བཤད་པ་བཞིན་དུ་བསླད་པ་ཡིན་ནོ། །དངོས་པོ་རྣམས་ཀྱི་ཐ་དད་པ་དེ་དག་ཀྱང་བསླད་པ་ཁོ་ནར་འགྱུར་རོ། །དེ་བས་ན་དངོས་པོ་ཐམས་ཅད་ཡང་དག་པ་མ་ཡིན་པ་སྟེ། ཟླ་བ་གཉིས་ལ་སོགས་པ་བཞིན་སྟོང་པ་ཉིད་ཀྱི་དོན་ཡིན་གྱི། རིག་པ་ཐམས་ཅད་རྒྱུན་ཆད་པ་ནི་མ་ཡིན་ཏེ། དེ་ཉམས་སུ་མ་མྱོང་
བའི་ཕྱིར་རོ། །བག་ཆགས་དང་འབྲེལ་པའི་ཕྱིར་སྣང་བར་གྱུར་ཀྱང་། ནམ་མཁའི་མེ་ཏོག་བཞིན་དུ་ཐམས་ཅད་ཡོད་པ་མ་ཡིན་ནོ། །ཞེས་བཤད་དོ། །ད་ནི་རྣམ་པར་རིག་པ་ཙམ་གྱི་ལུགས་ཀྱི་སྟོང་པ་ཉིད་བསྟན་པར་བྱ་བའི་ཕྱིར། གཟུང་དང་འཛིན་པའི་རྣམ་པ་ལས། །ཕྱི་རོལ་མཚན་

ཉིད་ཡོད་མ་ཡིན། །དེ་ལ་མཚན་ཉིད་སྟོང་པའི་ཕྱིར། །རང་བཞིན་མེད་པར་རབ་ཏུ་བཤད། །ཅེས་བྱ་བ་སྨོས་ཏེ། གཟུང་བར་བྱ་བས་ན་གཟུང་བ་ཡིན་ལ། བྱེ་བྲག་ཏུ་ཤེས་པས་རྣམ་པར་ཤེས་པ་ནི་འཛིན་པ་སྟེ། དེ་དག་གི་རྣམ་པ་དེ་ལས་ཐ་དད་པའི་ཕྱི་རོལ་གྱི་རང་གི་མཚན་ཉིད་
ཤེས་པ་དག་པའི་མཚན་ཉིད་ཅན་གྱི་ངོ་བོ་ཡོད་པ་མ་ཡིན་ཏེ། དེ་ཉམས་སུ་མ་མྱོང་བའི་ཕྱིར་རོ། །དེ་བས་ན་གཟུང་བ་དང་འཛིན་པ་དང་བྲལ་བ་ཡོད་པའི་མཚན་ཉིད་སྟོང་པ་ཉིད་ཡིན་པའི་ཕྱིར། ཆོས་ཐམས་ཅད་རང་བཞིན་མེད་པར་བསྟན་པ་ཡིན་ནོ། །ད་ནི་ཕྱི་རོལ་པའི་ལུགས་ཀྱི་སྟོང་པ་ཉིད་བསྟན་པའི་
ཕྱིར། ཕུང་པོ་ལ་སོགས་ཐམས་ཅད་ཀྱི། །ཁྱད་པར་མཚན་ཉིད་བྱ་བ་ཡི། །ཁྱད་པར་ཅན་དེའང་དེ་ཉིད་མིན། །དེས་ནའང་དེ་དག་མཚན་ཉིད་བྲལ། །ཞེས་བྱ་བ་སྨོས་ཏེ། རང་གི་ཡུལ་དུ་གཞན་འོང་བའི་བགེགས་བྱེད་པ་ནི་གཟུགས་ཀྱི་མཚན་ཉིད་དོ། །བྱེ་བྲག་ཏུ་ཤེས་པའི་ཕྱིར། རྣམ་པར་ཤེས་པའོ་
ཞེས་བྱ་བ་ལ་སོགས་པ་བྱ་བའི་ཁྱད་པར་ཅན། ཕུང་པོ་དང་། སྐྱེ་མཆེད་དང་། ཁམས་ལ་སོགས་པ་ཐམས་ཅད་ཀྱི་བྱེ་བྲག་གི་མཚན་ཉིད་བྱ་བ་དེ་ཡང་། དེ་ཁོ་ན་ཉིད་དུ་མེད་པ་སྟེ། ཆོས་ཐམས་ཅད་བྱེད་པ་མེད་པའི་ཕྱིར་རོ། །བྱ་བ་དང་བྱེད་པའི་ཁྱད་པར་ཅན་གྱི་མཚན་ཉིད་དེས་ཀྱང་དེ་དག་སྟེ། དངོས་པོ་
ཐམས་ཅད་མཚན་ཉིད་དང་བྲལ་བ་སྟེ་སྟོང་པ་ཉིད་དོ། །འོ་ན་གལ་ཏེ་ཡང་དག་པར་ཆོས་ཐམས་ཅད་སྟོང་པ་ཡིན་ཞིང་། བཅོམ་ལྡན་འདས་དེ་ཁོ་ན་ཉིད་མཁྱེན་པ་ཡིན་ན། ཅིའི་ཕྱིར། བཅོམ་ལྡན་འདས་ཕྱི་རོལ་གྱི་དོན་དུ་གསུང་བར་མཛད་ཅེ་ན། སྨྲས་པ། ཇི་ལྟའི་རང་རྐྱེན་ལ་ལྟོས་ནས། །མ་རིག་པས་བཅོམ་
བདག་ཉིད་ཅན། །རྣམ་རིག་ཡང་དག་མིན་རྣམ་པར། །རྐྱེན་འགྱུར་རབ་རིབ་ཅན་སོགས་བཞིན། །བདེན་པ་མིན་པར་སྣང་བ་ཀུན། །དེ་ནི་དེ་ཉིད་རིག་ཅན་མིན། །གཟུང་དང་འཛིན་པའི་བསླད་པ་དག །མེད་པར་དེ་རྣམས་མེད་ཕྱིར་རོ། །དེས་དེ་ཉིད་དོན་བཏང་སྙོམས་ཅན། །གླང་ཆེན་ལྟ་སྟངས་ཉིད་མཛད་
ནས། །འཇིག་རྟེན་བློའི་ངོ་འབའ་ཞིག་ཏུ། །ཕྱི་རོལ་དཔྱད་པ་རྒྱས་པར་མཛད། །ཅེས་བྱ་བ་སྨོས་ཏེ། གང་ལ་བདག་ཉིད་ཀྱི་རྐྱེན་ཏེ་རྒྱུ་གང་ཡིན་པ་ཡོད་པ་དེ་ལ་ལྟོས་ནས་མ་རིག་པས་བསླད་པའི་བདག་ཉིད་ཅན་གང་ཡིན་པ་དེ་དག་ལས་སྔོན་པོ་དང་། བདེ་བ་ལ་སོགས་པའི་རྣམ་པ་གང་ལ་ཡོད་

པའི་རྣམ་པར་རིག་པ་དེ་སྐྱེ་བར་འགྱུར་ཏེ། རབ་རིབ་ལ་སོགས་པས་ཡང་དག་པ་མ་ཡིན་པའི་ཟླ་བ་གཉིས་ཀྱི་རྣམ་པ་མཐོང་བའི་ཤེས་པ་སྐྱེ་བ་བཞིན་ནོ། །འོ་ན་གལ་ཏེ་ཕྱིན་ཅི་ལོག་ཏུ་སྣང་བ་ཡིན་ན། གནོད་པ་ཅན་གྱི་ཤེས་པས་འཁྲུལ་པ་ཉིད་དུ་ཅི་སྟེ་མི་ཤེས་པ་ཡིན་ཞེ་ན། དེ་ནི་མ་ཡིན་ཏེ། གང་ལ་དེ་
ཁོ་ན་ཉིད་རིག་པ་མེད་པའི་ཤེས་པས་དེའི་དེ་ཁོ་ན་ཉིད་རིག་པ་ཅན་མ་ཡིན་ནོ། །འོ་ན་དེ་ཁོ་ན་ཉིད་མཐོང་བ་དེའི་དེ་ཉིད་རིག་པ་ཅན་མ་ཡིན་པར་ཤེས་སམ་ཞེ་ན། དེ་ནི་མ་ཡིན་ཏེ། འོན་ཀྱང་གཞན་དག་གང་ལ་བདེན་པ་མ་ཡིན་ཏེ། མ་དག་པར་སྣང་བ་ཡོད་པ་དེ་ཐམས་ཅད་ཀྱི་དེ་ཉིད་རིག་པ་ཅན་མ་ཡིན་
པས་མི་ཤེས་ཏེ། གཟུང་བ་དང་འཛིན་པར་སྣང་བས་བསླད་པ་མ་གཏོགས་པར་ཤེས་པ་དེ་རྣམས་མི་འབྱུང་བའི་ཕྱིར། དེའི་དེ་ཁོ་ན་ཉིད་ཤེས་པར་ནུས་པ་མ་ཡིན་ནོ། །གལ་ཏེ་སྐྱེ་བོ་སྲོག་ཆགས་རྣམས་འཁྲུལ་པ་དང་བྲལ་བར་མ་གྱུར་ན། དེའི་དེ་ཕྱིན་ཅི་ལོག་ཏུ་སྣང་བ་ལས་ཡང་དག་པ་མ་ཡིན་པར་
ཤེས་པ་ཡིན་ཏེ། ཇི་སྲིད་དུ་འཇིག་རྟེན་ཐམས་ཅད་ཕྱིན་ཅི་ལོག་ཏུ་སྣང་བ་ཅན་ཡིན་ནོ། །དེ་བས་ན་དེ་ཁོ་ན་ཉིད་དུ་གྱུར་པའི་དོན་སྟོང་པ་ཉིད་ཀྱི་མཚན་ཉིད་ཅན་ལ་ལྟོས་པར་མི་བྱེད་པའི་བཏང་སྙོམས་ཅན། དེ་བཞིན་གཤེགས་པ་གང་ཡིན་པ་དེ་དབེན་པར་མཐོང་བ་ཅན་གྱི་མགོན་པོས། གླང་པོ་ཆེའི་
གཟིགས་སྟངས་མཛད་ནས་འཇིག་རྟེན་པ་མ་དག་པའི་ཤེས་པ་ཅན་ཕྱིན་ཅི་ལོག་གི་ཤེས་པ་ལ་བརྟེན་ནས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ། ཕྱི་རོལ་གྱི་དོན་དཔྱད་པ་མཛད་པ་ཡིན་ནོ། །དེ་དག་གིས་ནི་འདི་སྐད་དུ་སྟོན་པ་ཡིན་ཏེ། ཕྱི་རོལ་གྱི་དོན་བསྟན་པར་བྱ་བའི་ཕྱིར། ཕུང་པོ་
ལ་སོགས་པ་བཅོམ་ལྡན་འདས་ཀྱིས་གསུངས་པ་མ་ཡིན་གྱི། འོན་ཀྱང་གང་ཟག་གི་བདག་མེད་དོ་ཞེས་གདམས་པར་བྱ་བའི་ཕྱིར་ཆོས་རྣམས་བསྟན་པ་ཡིན་ནོ། །འོན་ཏེ་དེ་ཁོ་ན་ཉིད་མཐོང་བ་ཕྱི་རོལ་གྱི་དོན་ཇི་ལྟར་སྟོན་པར་འགྱུར་ཏེ། །མི་སྣང་བའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ། འཇིག་རྟེན་ལ་གྲགས་
པ་ཉིད་བསྟན་པའི་ཕྱིར་དང་། འཇིག་རྟེན་པ་ལ་ཡང་མ་རིག་པ་གོམས་པས་ཕྱིན་ཅི་ལོག་ཏུ་སྣང་བའི་ཕྱིར་རོ། །འོ་ན་གལ་ཏེ་བཅོམ་ལྡན་འདས་འཇིག་རྟེན་པའི་སྣང་བ་ཡིན་ན། དེ་ཁོ་ན་ཉིད་མཐོང་བར་ཇི་ལྟར་འགྱུར་ཞེ་ན། མ་ཡིན་ཏེ། དེ་ཁོ་ན་ཉིད་མཐོང་བའི་ཚེ་ཕྱི་རོལ་གྱི་དོན་དུ་སྣང་བ་མེད་ཀྱང་

ཚོགས་བསགས་པའི་མཐུས་འཁོར་ལོ་འཁོར་བ་བཞིན་དུ་ཆོས་སྟོན་པ་འཇུག་པར་འགྱུར་རོ། །དེ་སྐད་དུ་ཡང་ཤེས་པ་སྟོང་པ་ཉིད་ལ་བརྟེན་ནས་མ་ངེས་པ་ཉིད་ལ་སུན་ཕྱུང་བ་ཡིན་ནོ། །ད་ནི་སྣ་ཚོགས་བརྟེན་ནས་ཀྱི་ལན་གདབ་པར་བྱ་སྟེ། སྣ་ཚོགས་པའི་རྣམ་པར་སྣང་བ་
ཡིན་ཡང་གཅིག་པ་ཉིད་དེ། ཐ་དད་པར་བསྟན་པར་མི་ནུས་པའི་ཕྱིར་སྙམ་བསམས་ནས་སྨྲས་པ། ཤེས་ལ་སྔོན་སོགས་སྣ་ཚོགས་པ། །ཤེས་པའི་རང་བཞིན་གཞན་བརྟེན་མིན། །མཐོང་དུས་ཅན་མིན་དེ་ལ་ནི། །འབྱེད་པས་དོན་ལ་འཇུག་པར་འགྱུར། །ཞེས་བྱ་བ་ལ། སྣ་ཚོགས་རྣམ་པ་ཅན་
གྱི་ཤེས་པ་ལ་སྔོན་པོ་ལ་སོགས་པའི་རྣམ་པ་སྒྲོ་བཏགས་པ་ཤེས་པའི་རང་བཞིན་ཏེ་ཤེས་པའི་ངོ་བོ་ཉིད་དེ་ཤེས་པའི་བདག་ཉིད་དུ་གྱུར་པ། ཤེས་པ་གཞན་ལ་བརྟེན་པ་མ་ཡིན་ཏེ། སྔོན་པོ་ལ་སོགས་པའི་དངོས་པོ་ཡན་གར་བ་མཐོང་བར་མི་ནུས་པའི་ཕྱིར་རོ། །དེ་བས་ན་འབྱེད་པར་བྱ་བར་མི་ནུས་པའི་
ཕྱིར་སྣ་ཚོགས་པར་སྣང་བ་ནི་གཅིག་པ་ཉིད་ཡིན་ནོ། །འོ་ན་གལ་ཏེ་སྣ་ཚོགས་སྣང་བ་ཡང་གཅིག་ཉིད་ཡིན་ན། ཕྱི་རོལ་གྱི་སྣ་ཚོགས་པ་ཡང་གཅིག་ཏུ་འགྱུར་རོ་ཞེ་ན། གལ་ཏེ་དབྱེ་བར་མི་ནུས་ན་གཅིག་ཉིད་ཡིན་མོད། འོན་ཏེ་ཤེས་པ་སྣ་ཚོགས་པ་ཅན་ཡང་ཇི་ལྟར་གཅིག་ཏུ་འགྱུར་ཏེ། གང་གི་ཕྱིར་ཁང་
བཟངས་ཀྱི་ལྕོག་དཀར་པོ་མཚན་མོ་ཟླ་བའི་འོད་ཟེར་ལ་མཐོང་བ་དང་། ཉིན་པར་ཉི་མའི་འོད་དང་ལྷན་ཅིག་མཐོང་བ་ནི་གཅིག་པ་མ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། སྔར་མཐོང་བ་མེད་པའི་ཕྱིར། ད་ལྟར་ནི་ཉི་མའི་འོད་ཀྱིས་གསལ་བར་གྱུར་པའི་ཁང་བཟངས་མཐོང་བའི་ཚེ་སྔར་གྱི་མི་སྣང་བའི་ཕྱིར་རོ། །འོན་
ཏེ་ཁང་བཟངས་ཀྱི་ལྕོག་མ་མཐོང་ཡང་ཡོད་པ་མ་ཡིན་ནམ་ཞེ་ན། འོ་ན་དེ་ཉིད་ཀྱི་ཤེས་པས་གཞག་པ་མ་ཡིན་ཏེ་མ་རྟོགས་པར་གྱུར་པའི་ཕྱིར་རོ། །དེ་ལྟ་ན་ནི་ཉི་མ་ལ་ཁང་བཟངས་ཀྱི་རྣམ་པ་ཅན་དང་། མཚན་མོ་སྣང་བའི་རྣམ་པ་ནི་སྒྲོན་མ་མེད་ཀྱང་ཡོད་པར་དཔྱོད་ན་དོན་ཉིད་ཁས་བླངས་པར་འགྱུར་ཏེ།
དོན་ནི་སྔོན་པོ་ལ་སོགས་པ་རིག་པ་ཡིན་པའི་ཕྱིར་རོ། །འོན་ཏེ་སྔོན་པོའི་རྣམ་པ་སྔར་སེར་པོའི་རྣམ་པ་དང་ལྷན་ཅིག་འཛིན་ལ་ད་ལྟ་ནི་ཡན་གར་བར་སྣང་བའི་ཕྱིར་འབྱེད་པར་བྱེད་པ་ཡོད་དོ་ཞེ་ན། དེ་ནི་རིགས་པ་མ་ཡིན་ཏེ། སྔར་གྱི་དུས་སུ་ནི་མཐོང་བ་འཇུག་པ་མ་ཡིན་གྱི། འོན་ཀྱང་། ཤེས་

གང་ཇི་ལྟར་སྣང་གྱུར་པ། །དེ་ནི་དེ་ལྟར་ཉམས་སུ་མྱོང་། །དེ་ལྟར་ཤེས་པར་བྱ་བ་ལ་ཤེས་པའང་དེ་ལྟར་འགྱུར་བ་ཡིན་ཏེ། སྔོན་པོ་དང་། སེར་པོའི་རྣམ་པ་གཉིས་དང་ལྡན་པ་དང་། གཞན་དུ་སྔོན་པོའི་རྣམ་པ་གཅིག་པུ་དང་ལྡན་པར་སྣང་བར་འགྱུར་བའི་ཤེས་པ་དེ་དེ་བཞིན་དུ་རྣམ་པ་གཉིས་དང་
ལྡན་པ་དང་། གཅིག་གི་རྣམ་པ་དང་ལྡན་པར་ཉམས་སུ་མྱོང་བར་འགྱུར་ཏེ། དེ་ལྟར་གཞན་དང་གཞན་ཡིན་པར་རྟོགས་པར་བྱའོ། །འདིར་སྔ་ཕྱིའི་ཤེས་པ་དག་གཅིག་མ་ཡིན་པས་ཐ་དད་པར་རིག་པར་བྱ་སྟེ། ད་ལྟར་བྱུང་བའི་ཤེས་པའི་ངོ་བོ་ཉིད་ལྐོག་ཏུ་གྱུར་པ་ལ་འཇུག་པ་མ་ཡིན་པའི་ཕྱིར་རོ། །
དེ་བས་ན་ཉམས་སུ་མྱོང་བ་ཡོད་དོ་ཞེས་སྔར་གྱི་ལ་ཤེས་པ་འཇུག་པ་མ་ཡིན་ནོ། །འོན་ཏེ་སྔར་གྱི་ཉམས་སུ་མྱོང་བས་དྲན་པས་ཤེས་པར་བྱེད་དོ་ཞེ་ན། མ་ཡིན་ཏེ། དྲན་པ་ཚད་མ་མ་ཡིན་པའི་ཕྱིར་རོ། །འོན་ཏེ་མཐོང་བ་ལས་སྐྱེས་པའི་དྲན་པ་ཚད་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ། དྲན་པ་མྱོང་བ་ལས་
སྐྱེས་པ་ཡིན་ཡང་། གཅིག་པ་ལ་ཚད་མར་མི་རུང་བའི་ཕྱིར་ཏེ། འདི་ལྟར་མྱོང་བའི་དུས་ན་དྲན་པ་མེད་པའི་ཕྱིར། མྱོང་བ་ཉིད་ཀྱི་རང་གིས་ནུས་པས་བསྐྱེད་པའི་དྲན་པ་མི་མཐོང་ལ། ཉམས་སུ་མྱོང་བས་བྱས་པའི་དྲན་པ་སྐྱེས་པས་མྱོང་བ་རྟོགས་པ་མ་ཡིན་ཏེ། དེའི་ཚེ་མྱོང་བ་མ་མཐོང་བའི་ཕྱིར་རོ། །
སྔར་ཉམས་སུ་མྱོང་བ་མཐོང་བ་ནི་དྲན་པ་དོན་མེད་པར་འགྱུར་ཏེ། མཐོང་བ་ཉིད་དེའི་ཚེ་ཡོད་པའི་ཕྱིར་རོ། །དེའི་ཕྱིར་ཐ་དད་པར་སྣང་བ་ཅན་ཤེས་པ་ལ་གནས་པའི་སྣ་ཚོགས་པ་ནི་གཅིག་པ་ཉིད་དེ། ཐ་དད་པར་བྱ་བར་མི་ནུས་པའི་ཕྱིར་རོ། །འོན་ཏེ་ཕྱི་རོལ་ཡང་ཐ་དད་པར་བསྟན་པར་མི་ནུས་པས་གཅིག་
ཏུ་འགྱུར་རོ་ཞེ་ན། གང་གི་ཚེ་ལུས་ཅན་གཅིག་གིས་སྣ་ཚོགས་མཐོང་བ་དེ་ཉིད་སྲོག་ཆགས་གཞན་ལ་མི་མཐུན་པར་སྣང་བས་ཕྱི་རོལ་མ་ཡིན་ནོ། །འོན་ཏེ་གཞན་གྱིས་གཅིག་ཏུ་གཟུང་བ་དེ་ཉིད་གཞན་ལ་སྣང་བ་ཡིན་ནོ་ཞེ་ན། དེ་ལྟ་མོད་ཀྱི་ཕྱི་རོལ་གྱི་སྣ་ཚོགས་པ་ནི་གསལ་བར་ཐ་དད་པར་བསྟན་པར་འགྱུར་
རོ། །འོན་ཏེ་སྐྱེ་བོ་གཅིག་ལ་སྣང་བར་གྱུར་པའི་སྣ་ཚོགས་པ་གཅིག་པ་ཉིད་ཡིན་ལ། རྒྱུ་གཞན་ལ་སྣང་བ་ནི་གཞན་ཡིན་ནོ་ཞེ་ན། འོ་ན་ནི་སྐྱེས་བུ་སོ་སོ་བ་ལ་ངེས་པའི་རང་རིག་པ་མཐོང་བ་ཡིན་པའི་ཕྱིར་ཤེས་པ་ཁོ་ན་ཡིན་ནོ།། །།ཚད་མ་རྣམ་འགྲེལ་གྱི་འགྲེལ་པ། བམ་པོ་བཅུ་

གཅིག་པ། དེ་བས་སེམས་ཀྱི་རྣམ་པ་ནི། །སྣ་ཚོགས་གཅིག་གི་ངོ་བོར་འགྱུར། །ཞེས་བྱ་བ་ལ། སེམས་དང་འབྲེལ་པ་ཅན་གྱི་སྣ་ཚོགས་པའི་རྣམ་པ་གང་ཡིན་པ་དེ་ནི་གཅིག་པ་ཉིད་དུ་འགྱུར་གྱི། ཤེས་པ་ཉིད་སྤངས་ན་ནི་དབྱེར་མེད་པ་མ་ཡིན་ཏེ། དེའི་ཕྱིར་བདེ་བ་ལ་སོགས་པ་རང་ཉིད་
སྔོན་པོ་ལ་སོགས་པའི་རྣམ་པ་ཅན་སྣ་ཚོགས་མཐོང་བ་ནི་གཅིག་པ་ཉིད་ཡིན་ནོ། །ཡང་ན་སྣ་ཚོགས་སྣང་བ་མ་ཡིན་ཏེ། སྣ་ཚོགས་པ་སྣ་ཚོགས་སུ་འཇོག་པའི་ཕྱིར་རོ། །དེ་ལ་སྣ་ཚོགས་པ་དང་སྣ་ཚོགས་མ་ཡིན་པའི་དབྱེ་བ་ཡོད་པ་ནི་མ་ཡིན་པའི་ཕྱིར། རང་རིག་པ་ཉིད་གཅིག་པུ་གཉིས་སུ་མེད་པར་
གནས་སོ། །གཟུང་བ་དང་འཛིན་པའི་བྱེ་བྲག་ཇི་ལྟར་མེད་པར་འགྱུར་བ་དེ་ལྟར་འཆད་པར་འགྱུར་རོ། །འོན་ཏེ་ཁྲ་བོར་སྣང་བ་བཞིན་དུ་སྣམ་བུ་ལ་སོགས་པ་ཡང་གཅིག་པ་ཉིད་ལ་སྐྱོན་ཅི་ཡོད་ཅེ་ན། སྨྲས་པ། སྣམ་བུ་ལ་སོགས་གཟུགས་གཅིག་ན། །དེ་ཚེ་བྱེ་བྲག་མེད་པར་འགྱུར། །ཐ་དད་ཅན་ནི་
བོར་བ་ན། །ཐ་དད་མེད་ཅན་གཞན་མི་མཐོང་། །ཞེས་བྱ་བ་ལ། སྣམ་བུ་དང་ཕྱེ་མ་ལེབ་ཁྲ་བོ་ལ་སོགས་པའི་གཟུགས་གཅིག་པ་མ་ཡིན་ན་ནི། དེའི་ཤེས་པ་ལ་གནས་པའི་སྣ་ཚོགས་སུ་སྣང་བ་བཞིན་ཐ་དད་པ་མེད་པར་འགྱུར་རོ། །ཐ་དད་པར་མཐོང་བ་མེད་ན་ནི་སྣམ་བུ་ཁྲ་བོའི་གཟུགས་ཤེས་པའི་
ངོ་བོ་ཉིད་ཁོ་ནར་འགྱུར་ཏེ། ཤེས་པའི་ཆོས་དང་མཚུངས་པ་ཅན་ཡིན་པའི་ཕྱིར་རོ། །ཇི་ལྟར་ཤེས་པ་མི་གཞན་གྱིས་མཐོང་ཞིང་དུས་གཞན་དུ་སོང་བ་ཡང་མ་ཡིན་ལ། གེགས་བྱ་བར་མི་ནུས་པ་དེ་བཞིན་དུ་ཕྱི་རོལ་གྱི་དོན་ལ་ཡང་ཡིན་ནོ། །དེ་ལྟར་ན་ཤེས་པ་ཉིད་རང་རིག་པའི་ངོ་བོ་ཉིད་ཡིན་
པའི་ཕྱིར། ཡན་ལག་གི་དོན་རྣམས་ཐ་མི་དད་པར་སྣང་བ་ན། སྣམ་བུ་ཁྲ་བོའི་གཟུགས་ཐ་མི་དད་པར་འགྱུར་རོ། །དེ་སྐད་དུ་ཡང་ཤེས་པ་བཞིན་ཡན་ལག་ཅན་ཐ་མི་དད་པའི་བདག་ཉིད་ཡིན་ནོ་ཞེས་གསུངས་སོ། །འདི་ལ་སྨྲས་པ། ཡན་ལག་གི་གཟུགས་ཐ་དད་པ་ཅན་བོར་ན་གཞན་ཡན་
ལག་ཅན་གྱི་ངོ་བོ་ཉིད་ཐ་མི་དད་པ་མཐོང་བ་མ་ཡིན་ཏེ། མ་མཐོང་བར་གྱུར་པ་ནི་ཡོད་པའོ་ཞེས་ཐ་དད་པར་མི་ནུས་ལ། ཡན་ལག་ཅན་མེད་ན་ཐ་མི་དད་པའི་ཡན་ལག་ཐམས་ཅད་པའི་ཡན་ལག་ཅན་ནོ་ཞེས་བརྗོད་པར་མི་ནུས་སོ། །དེའི་ཕྱིར་ཕྱི་རོལ་ཁས་བླངས་ནས་ཅིག་ཅར་དུ་མ་མཐོང་བར་འདོད་པར་

བྱའོ། །འོ་ན་གཅིག་མཐོང་བས་ཅིག་ཅར་དུ་མ་མཐོང་བར་འགྱུར་ཏེ་ཤེས་པ་གཟུང་བར་བྱ་བ་གཅིག་ལ་འཇུག་པ་ན་དེ་ཉིད་ཀྱི་ཚེ། གཟུང་བ་གཞན་ལ་འཇུག་པར་ནུས་པ་མ་ཡིན་པའི་ཕྱིར་རོ་ཞེ་ན། འོ་ན་གལ་ཏེ་ཐ་དད་པར་མཐོང་བ་དེའི་ཚེ་ཅིག་ཅར་དུ་མ་མཐོང་བར་ཁས་བླང་བར་བྱས་ན་ཐལ་བར་འགྱུར་
བ་མ་ཡིན་ནམ། དོན་དམ་པར་རང་རིག་པ་ཙམ་ཡིན་གྱི། གཞན་གྱིས་གཞན་རིག་པ་ནི་མ་ཡིན་ནོ། །གཞན་ཡང་རྡུལ་ཕྲ་རབ་རྣམས་ཤེས་པ་ལ་སྣང་བ་ཡིན་ཏེ། དེའི་རྣམ་པ་ཅན་གྱི་ཤེས་པ་སྐྱེ་བའི་ཕྱིར་རོ། །འོན་ཏེ་ཡན་ལག་ཅན་གྱི་རྫས་མེད་ན་རྡུལ་ཕྲ་རབ་མང་པོས་ཤེས་པ་གཅིག་སྐྱེད་ཅེ་ན། སྨྲས་པ།
གལ་ཏེ་ཕུལ་བྱུང་སྐྱེད་པ་ཅན། །མང་པོ་ཅིག་ཅར་བློ་ཡི་རྒྱུར། །དབང་པོ་ལ་སོགས་བཞིན་འགྱུར་ན། །འདི་ལ་འགལ་བ་ཅི་ཞིག་ཡོད། །ཅེས་བྱ་བ་ལ། ཇི་ལྟར་དབང་པོ་དང་དོན་དང་ཡིད་ལ་བྱེད་པའམ། བདག་དང་དབང་པོ་དང་ཡིད་དང་དོན་ཕྲད་པ་ལས་དུས་དུ་མས་རྣམ་པར་ཤེས་པ་གཅིག་གི་
རྒྱུར་ཉེ་བར་གཏོད་པ་བཞིན་དུ། ཕན་ཚུན་དུ་སྣང་དུ་རུང་བའི་མཚན་ཉིད་ཅན་གྱི་ཕུལ་དུ་བྱུང་བའི་སྐྱེ་བ་གང་ལ་ཡོད་པའི་རྡུལ་ཕྲ་རབ་མང་པོ་དེ་དག་གིས་དུས་གཅིག་ཏུ་མིག་གི་བློ་གཅིག་གི་རྒྱུར་གལ་ཏེ་འགྱུར་ན་ནི་འདི་ལ་འགལ་བ་ཅི་ཞིག་ཡོད། འོན་ཏེ་རྡུལ་ཕྲ་རབ་རྣམས་རྒྱུ་ཉིད་དུ་འགྱུར་མོད་ཀྱི། མཐོང་
བས་བརྟེན་པར་བྱ་བར་རྡུལ་ཕྲ་རབ་ཇི་ལྟར་འགྱུར་ཏེ། རྒྱུ་ནི་ཐ་དད་པའི་དུས་ཅན་ཡིན་པའི་ཕྱིར་དང་། གཟུང་བ་ནི་འཛིན་པའི་དུས་ཅན་ཡིན་པའི་ཕྱིར་རོ་ཞེ་ན། དེ་སྨྲས་པ། རྒྱུ་ཡི་དངོས་པོ་མ་གཏོགས་པར། །གཟུང་བ་ཞེས་བྱ་གཞན་ཅིའང་མེད། །ཅེས་བྱ་བ་ལ། མཐོང་བའི་རྒྱུ་ཉིད་ལས་མ་གཏོགས་པར་གཟུང་བར་
བྱ་བའི་དོན་གཞན་ཅི་ཡང་ཡོད་པ་མ་ཡིན་ནོ། །འོ་ན་རྡུལ་ཕྲ་རབ་རྣམས་མཐོང་བའི་རྒྱུ་ཡིན་པའི་ཕྱིར་འཛིན་པ་ཡིན་ན་ནི། མིག་ལ་སོགས་པ་རྣམས་ཀྱང་མཐོང་བར་ཐལ་བར་འགྱུར་ཏེ། མིག་ཀྱང་བློའི་རྒྱུ་ཡིན་པའི་ཕྱིར་རོ་ཞེ་ན། སྨྲས་པ། དེ་ལ་གང་གི་རྣམ་ཅན་བློ། །དེ་ཡི་དེ་ནི་གཟུང་བར་བརྗོད། །
ཅེས་བྱ་བ་ལ། དེ་ལ་མིག་ལ་སོགས་པའི་རྒྱུ་རྣམས་ཀྱི་ནང་ནས་རྡུལ་ཕྲ་རབ་ཀྱི་རྣམ་པ་ཅན་གྱི་བློ་གང་ཞིག་གིས་བསྐྱེད་པའི་མིག་གི་བློ་དེའི་རྒྱུ་རྡུལ་ཕྲ་རབ་རྣམས་ཁོ་ན་གཟུང་བར་བྱ་བར་བརྗོད་དོ། །འོ་ན་གལ་ཏེ་རྡུལ་ཕྲ་རབ་རྣམས་མི་མཐོང་བར་གྱུར་བ་མ་ཡིན་ནམ། དེའི་རྣམ་པ་ཅན་གྱི་བློ་ཇི་ལྟར་སྐྱེད་

པ་ཡིན་ཞེ་ན། དེ་ལྟ་མ་ཡིན་ཏེ། ཤེས་པ་མི་འཐད་པའི་ཕྱིར་རྡུལ་ཕྲ་རབ་རྣམས་ཀྱི་རྣམ་པ་ཅན་ཡིན་ནོ་ཞེས་བརྗོད་པ་སྟེ། སྔོན་པོའི་རྣམ་པ་ཅན་གྱི་རྡུལ་ཕྲ་རབ་རྣམས་མ་གཏོགས་པ་ཤེས་པ་ལ་སྔོན་པོའི་རྣམ་པ་འབྱུང་བ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་ཡང་ཅིག་ཅར་དུ་མ་སྣང་བ་
མ་ཡིན་ན་སྐྱོན་འདིར་འགྱུར་ཏེ། ཇི་ལྟར་རང་གི་ཡན་ལག་བཅས། །ཅིག་ཅར་ཡན་ལག་ཅན་བཟུང་ཡིན། །ཞེས་བྱ་བ་སྨོས་པ་ལ། གལ་ཏེ་ཤེས་པས་ཅིག་ཅར་དུ་མ་འཛིན་པར་མི་འགྱུར་རོ་ཞེ་ན། འོ་ན་ཇི་ལྟར་རང་གི་ཡན་ལག་རྭ་ལ་སོགས་པ་དང་ལྷན་ཅིག་དུས་གཅིག་ཏུ་ཅིག་ཅར་ཡན་ལག་ཅན་བ་ལང་
ཉིད་གཟུང་བར་འགྱུར། འོན་ཏེ་རྭ་ལ་སོགས་པ་དང་བཅས་པའི་ཡན་ལག་ཅན་འཛིན་པ་མ་ཡིན་ཏེ། བ་ལང་གི་ཤེས་པ་ལ་དག་པའི་རྫས་སྣང་བའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ། ལྐོག་ཤལ་སོགས་སྣང་མེད་པར་ནི། །བ་ལང་ཤེས་པ་མཐོང་བ་མིན། །ཞེས་བྱ་བ་ལ། ནོག་དང་ལྐོག་ཤལ་ལ་
སོགས་པའི་ཡན་ལག་རྣམས་མཐོང་བ་མེད་པར་ནི་བ་ལང་ངོ་སྙམ་པའི་ཤེས་པ་སྐྱེ་བ་མ་ཡིན་ནོ། །དེའི་ཕྱིར་རྭ་དང་བཅས་པའི་བ་ལང་གི་རྫས་མཐོང་བ་ལ་ཡང་ཅིག་ཅར་དུ་མ་འཛིན་པ་གྲུབ་པར་འགྱུར་རོ། །གལ་ཏེ་ཡོན་ཏན་གཙོ་བོ་དག །ལྷན་ཅིག་རྟོགས་པར་འདོད་ན་ནི། །ཡན་ལག་རྫོགས་
ཅན་མི་འཛིན་ཅིང་། །ཡོན་ཏན་སོགས་ལྡན་ཅིག་ཅར་མིན། །ཞེས་བྱ་བ་ལ། འོན་ཏེ་ཡོན་ཏན་ཏེ་རྭ་ལ་སོགས་པའི་ཁྱད་པར་དང་། གཙོ་བོ་སྟེ་བ་ལང་གི་རྫས་ཁྱད་པར་ཅན་དང་ལྷན་ཅིག་བ་ལང་རྭ་ཅན་ནོ་སྙམ་དུ་འཛིན་པར་འདོད་ན་ཡང་རྡུལ་ཕྲ་རབ་རྣམས་ཕན་ཚུན་ཁྱད་པར་དང་ཁྱད་པར་ཅན་གྱི་དངོས་
པོས་གནས་པ་མ་ཡིན་པ་དེའི་ཕྱིར་དེ་དག་ཅིག་ཅར་འཛིན་པ་མ་ཡིན་ནོ་ཞེ་ན། དེ་ལྟ་ན་འོ་ན་ནི་རྭ་ལ་སོགས་པ་ཁྱད་པར་ཉིད་ཀྱིས་གནས་པའི་ཡན་ལག་དེ་ཉིད་དང་ལྷན་ཅིག་བ་ལང་འཛིན་པའི་ཕྱིར། ཡན་ལག་རྫོགས་པ་གང་ལ་ཡོད་པའི་བ་ལང་གི་རྫས་དེ་མི་སྣང་བ་ཉིད་དུ་འགྱུར་ཞིང་། དཀར་པོ་ལ་
སོགས་པའི་ཡོན་ཏན་དང་ལྡན་པའི་བ་ལང་ཡང་ཅིག་ཅར་འཛིན་པར་མི་འགྱུར་རོ། །འོན་ཏེ་རྭ་ལ་སོགས་པའི་ཡན་ལག་དང་། དཀར་པོ་ལ་སོགས་པའི་ཡོན་ཏན་གྱི་ཡན་ལག་ཐམས་ཅད་ནི་འབྲེལ་པའི་ཕྱིར་དེའི་ཁྱད་པར་ཅན་གྱི་བ་ལང་དང་ལྷན་ཅིག་ཉིད་ཅིག་ཅར་སྣང་བར་འགྱུར་རོ་ཞེ་ན། སྨྲས་པ།

ཁྱད་པར་ཅན་དང་ཁྱད་པར་དག །བརྗོད་པར་འདོད་པ་གཞན་དབང་ཕྱིར། །ཡན་ལག་ཉིད་དུ་གཟུང་བ་གང་། །དེ་ཉིད་ཀྱིས་དེ་འཛིན་པར་འགྱུར། །ཞེས་བྱ་བ་ལ། ཁྱད་པར་ཅན་དང་ཁྱད་པར་ནི་དངོས་པོ་ལ་ཡོད་པ་མ་ཡིན་ཏེ། ཁྱད་པར་དེ་ཉིད་ཁྱད་པར་ཅན་དུ་ཡང་ཤེས་པའི་ཕྱིར་རོ། །འདི་ལྟར་བ་
ལང་གི་རྭ་དང་བ་ལང་རྭ་ཅན་ཞེས་ལ་ལར་འགའ་ཞིག་གི་ཁྱད་པར་ཡང་ཁྱད་པར་ཅན་གྱི་དངོས་པོར་ཤེས་པ་ཡིན་ནོ། །ཁྱད་པར་དང་ཁྱད་པར་ཅན་དེ་དག་བརྗོད་པར་འདོད་པའི་རྒྱུ་ཡིན་པའི་ཕྱིར། ཡན་ལག་ཉིད་དུ་གྱུར་པའི་ཁྱད་པར་གང་ཡིན་པ་ཁྱད་པར་ཉིད་དུ་བརྗོད་པར་འདོད་པས་གཟུང་བའི་རྫས་གང་
ཡིན་པ་དེ་ཁྱད་པར་དེ་ཉིད་དང་ལྷན་ཅིག་འཛིན་པར་འགྱུར་གྱི། ཁྱད་པར་ཐམས་ཅད་ཅིག་ཅར་འཛིན་པ་ནི་ཡོད་པ་མ་ཡིན་ཏེ། བརྗོད་པར་འདོད་པ་རིམ་གྱིས་འཇུག་པའི་ཕྱིར་རོ། །གཞང་ཡང་། །དངོས་གཞན་རང་ཐ་དད་མེད་ཕྱིར། །ཡོན་ཏན་ལ་སོགས་འབྱེད་པ་ཡང་། །འཛིན་པ་མེད་ཕྱིར་
གཞན་དང་གཞན། །མཐོང་བ་ཡི་ཡང་བློ་གཅིག་འགྱུར། །ཞེས་བྱ་བ་ལ། གལ་ཏེ་ཅིག་ཅར་དུ་མ་མི་འཛིན་ན་དེ་ལྟ་ན་ནི་བ་ལང་གི་རྫས་རང་ཉིད་རྟ་ལ་སོགས་པའི་དངོས་པོ་གཞན་ལས་ཐ་དད་པ་མེད་པ་སྟེ། རང་ཉིད་ནི་བ་ལང་མ་ཡིན་ཞིང་བ་ལང་མ་ཡིན་པ་ཡང་མ་ཡིན་ཏེ། བ་ལང་ཉིད་དང་ལྡན་
ན་བ་ལང་ཞེས་བྱ་བ་ཡིན་ནོ། །དེ་བཞིན་དུ་རང་ཉིད་དཀར་པོ་ཡང་མ་ཡིན་ལ་དཀར་པོ་མ་ཡིན་པ་ཡང་མ་ཡིན་ཏེ། དཀར་པོ་ཉིད་དང་ལྡན་པས་དཀར་པོར་འགྱུར་བའི་ཕྱིར་རོ། །དེ་བས་ན་ཡོན་ཏན་དང་རིགས་ལ་སོགས་པ་ཐ་དད་པར་བྱེད་པ་ཡང་ཅིག་ཅར་འཛིན་པ་མེད་པའི་ཕྱིར་བ་ལང་དང་རྟ་ལ་
སོགས་པའི་དངོས་པོ་གཞན་དང་གཞན་མཐོང་བའི་སྐྱེ་བོའི་བློ་རྣམ་པ་གཅིག་པ་ཅན་དུ་འགྱུར་རོ། །གལ་ཏེ་ཡོན་ཏན་སོགས་ཐ་དད། །འཛིན་པས་སྣ་ཚོགས་རྟོགས་འགྱུར་ན། །བློ་སྟེ་དེ་ལྟའང་དེ་དག་གི། །འབྲེལ་པ་ཅན་ནི་འཆོལ་བར་འགྱུར། །ཞེས་བྱ་བ་ནི། འོན་ཏེ་དང་པོ་རྫས་གཅིག་གི་
རྣམ་པ་ཅན་ཉིད་ཡིན་ལ། ཕྱིས་ནི་ཡོན་ཏན་དང་རིགས་ལ་སོགས་པ་ཐ་དད་པ་འཛིན་པའི་ཕྱིར་བ་ལང་དང་དཀར་པོ་དང་འགྲོ་བ་ཞེས་བྱ་བ་རྫས་སྣ་ཚོགས་པར་གཏོགས་པར་འགྱུར་རོ་ཞེ་ན། དག་པར་མཐོང་བ་ལས་ཕྱིས་རིགས་དང་ཡོན་ཏན་དང་བྱ་བ་ཐ་དད་པས་གཞག་པའི་སྣ་ཚོགས་པ་རྟོགས་པ་

ཡིན་ཡང་བླ་སྟེ། དེ་ལྟ་ན་ཡང་དང་པོ་དག་པར་སྣང་བས་གཅིག་པ་ཉིད་དུ་རྫས་མཐོང་བ་ན་ཕྱིས་གཟུགས་ལ་སོགས་པ་འཛིན་པའི་ཕྱིར་གཟུགས་ལ་སོགས་པ་དེ་དག་འབྲེལ་པ་ཅན་གྱི་རྫས་འཆོལ་བར་འགྱུར་ཏེ། འདི་ལྟར་གཅིག་པར་གཟུང་བའི་དངོས་པོ་ཕྱིས་ཡོན་ཏན་ལ་སོགས་པ་
དུ་མ་ཉིད་དུ་སྦྱོར་བའི་ཕྱིར། ཁྱད་པར་དུ་མ་ཡང་གཅིག་ཏུ་འགྱུར་རོ། །དེ་བས་ན་དུ་མ་གཅིག་པ་ཉིད་དུ་མཐོང་བར་འགྱུར་རོ། །གཞན་ཡང་དུས་ཕྱིས་གང་གི་ཁྱད་པར་ཅན་ཞེས་ཁྱད་པར་འཛིན་མི་ཤེས་ཏེ། ཁྱད་པར་འཛིན་པའི་དུས་ན་རྫས་མི་འཛིན་པའི་ཕྱིར་དང་། རྫས་མི་འཛིན་པ་ཡང་ཅིག་ཅར་
དུ་མ་འཛིན་པ་མ་ཡིན་པའི་ཕྱིར་རོ། །དེ་ལྟར་ཡོན་ཏན་དང་ཡོན་ཏན་ཐ་དད་པར་སྨྲ་བ་ལ། ཅིག་ཅར་དུ་མ་འཛིན་པར་འགྱུར། །ཞེས་བརྗོད་ནས་གྲངས་ཅན་གྱི་ལྟ་བ་ལ་ཡང་བརྗོད་པར་བྱ་བའི་ཕྱིར། སྒྲ་སོགས་དུ་མ་ཉིད་ཡིན་ཕྱིར། །ཅིག་ཅར་དུ་མ་འཛིན་པར་གྲུབ། །བཀོད་པ་འཛིན་པ་མི་རུང་བས། །
བཀོད་པ་ཅན་འཛིན་མི་འགྱུར་རོ། །ཞེས་བྱ་བ་སྨོས་ཏེ། གཟུགས་དང་། རོ་དང་། དྲི་དང་། རེག་བྱ་དང་། སྒྲ་ལྔ་རྣམས་དང་། དེ་ཙམ་རྣམས་ཀྱི་བཀོད་པའི་ཁྱད་པར་ཏེ། བུམ་པ་ལ་སོགས་པའི་དངོས་པོ་ཐམས་ཅད་དམ་བདེ་བ་དང་སྡུག་བསྔལ་དང་། རྨོངས་པའི་བདག་ཉིད་ཅན་གྱི་ཁྱད་པར་ཡིན་ནོ། །
དེ་ལྟ་བས་ན་སྒྲ་ལ་སོགས་པ་རྣམས་བདེ་བ་ལ་སོགས་པའི་ངོ་བོ་ཉིད་ཀྱིས་དུ་མ་ཡིན་པའི་ཕྱིར། སྒྲ་ལ་སོགས་པ་འཛིན་པ་ན་བདེ་བ་ལ་སོགས་པ་དུ་མ་ཅིག་ཅར་འཛིན་པ་གྲུབ་པར་འགྱུར་བའམ། དེ་ཙམ་ལྔ་ཡང་བུམ་པ་ལ་སོགས་པར་སྣང་བ་ལ་གྲུབ་པ་ཡིན་ནོ། །དེ་ལྟར་ཡིན་དུ་ཆུག་ན་བདེ་བ་ལ་
སོགས་པ་མི་འཛིན་ཏེ། དེའི་བཀོད་པ་སྒྲ་ལ་སོགས་པ་འཛིན་པའི་ཕྱིར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། བདེ་བ་ལ་སོགས་པའི་བཀོད་པ་སྒྲ་ལ་སོགས་པ་འཛིན་པ་དང་མི་ལྡན་པའི་ཕྱིར། བདེ་བ་ལ་སོགས་པའི་བཀོད་པ་རྣམས་མི་འཛིན་ན་དེ་མི་སྲིད་དེ། སོར་མོ་མཐོང་བ་མ་ཡིན་ན་ཁུ་ཚུར་མཐོང་བ་
འབྱུང་བ་མ་ཡིན་པའི་ཕྱིར་རོ། །བདེ་བ་ལ་སོགས་པའི་རྒྱུ་མེད་པར་སྒྲ་ལ་སོགས་པའི་འབྲས་བུ་འཛིན་ན་གྲངས་ཅན་ལ་ཡོད་པ་མ་ཡིན་ཏེ། འབྲས་བུ་འཛིན་པ་ནི་རྒྱུ་འཛིན་པ་མེད་ན་མི་འབྱུང་བའི་ཕྱིར་རོ། །དེའི་ཕྱིར་སྒྲ་ལ་སོགས་པ་ཡོངས་སུ་གཅོད་པ་ན་གདོན་མི་ཟ་བར་བདེ་བ་དང་སྡུག་བསྔལ་

དང་རྨོངས་པར་སྣང་བ་ཡིན་ནོ། །དེ་བས་ན་ཅིག་ཅར་དུ་མ་མཐོང་བ་གྲུབ་པ་ཡིན་ནོ། །དེ་ལ་ཡང་ཕན་ཚུན་ཐ་དད་པའི་རྡུལ་ཕྲ་རབ་སྣང་བར་འགྱུར་གྱི། ཁྱད་པར་དང་ཁྱད་པར་ཅན་གྱི་དངོས་པོ་སྦྱོར་བ་ནི་མ་ཡིན་པའི་ཕྱིར། མངོན་སུམ་རྟོག་པ་མེད་པར་གྲུབ་པ་ཡིན་ནོ། །འོ་ན་གལ་ཏེ་མངོན་སུམ་རྟོག་པ་མེད་
པ་ཡིན་ན་འོ་ན་ཇི་ལྟར་ཆོས་དང་ཆོས་ཅན་གྱི་འབྲེལ་པ་མངོན་སུམ་གྱིས་འཛིན་པར་འགྱུར། མངོན་སུམ་གྱིས་ཆོས་ལ་སོགས་པ་མ་བཟུང་བར་རྗེས་སུ་དཔག་པ་མེད་པར་འགྱུར་རོ། །འོན་ཏེ་རྗེས་སུ་དཔག་པས་ཆོས་ལ་སོགས་པ་འཛིན་ནོ་ཞེ་ན། རྗེས་སུ་དཔག་པ་དེ་ལ་ཡང་ཆོས་ཅན་གཞན་ཞིག་
དགོས་པས། ཆོས་དང་ཆོས་ཅན་མཐས་གཏུགས་པ་མེད་པ་ཅན་དུ་འགྱུར་རོ། །དེ་བས་ན་ཆོས་ཅན་མངོན་སུམ་གྱིས་ཤེས་པར་བྱ་བ་ཡིན་ལ། དེ་ཡང་ཆོས་དུ་མའི་རྟེན་དུ་གྱུར་པར་འཛིན་ན། ཇི་ལྟར་མངོན་སུམ་རྟོག་པ་མེད་པ་ཡིན་ཞེ་ན། འདིར་མདོ་མཛད་པས་ལན་གསུངས་པ། ཆོས་ཅན་དུ་མའི་
ཚུལ་ཅན་དེ། །རྣམ་པ་ཀུན་དུ་དབང་པོས་མིན། །རང་རིག་བསྟན་དུ་མེད་པའི་དངོས། །དངོས་པོའི་ཤེས་པའི་སྤྱོད་ཡུལ་ཡིན། །ཞེས་བྱ་བ་སྟེ། ཆོས་ཅན་བུམ་པ་ལ་སོགས་པ་ཚུལ་དུ་མ་ལ་སོགས་པའི་ངོ་བོ་ཉིད་ཅན་ནི་དབང་པོས་རྣམ་པ་ཐམས་ཅད་དུ་རྟོགས་པ་མ་ཡིན་ཏེ། འོན་ཀྱང་རང་ཉིད་ཀྱི་ངོ་
བོ་ཉིད་ཀྱིས་བྱེད་པ་པོ་རིགས་པ་ཡིན་ཏེ། ཚུལ་དེ་ཉིད་མངོན་སུམ་གྱི་སྤྱོད་ཡུལ་ཡིན་ནོ། །གཟུགས་དང་རོ་ལ་སོགས་པའི་ཆོས་ཅན་དབང་པོའི་ཤེས་པ་ལ་སྣང་བ་མ་ཡིན་ཏེ། གཟུགས་ལ་སོགས་པ་ཕན་ཚུན་ཐ་དད་པ་ཉིད་དུ་སྣང་བའི་ཕྱིར་རོ། །ཐ་དད་པ་འདུས་པ་ཡང་ཡོད་པ་མ་ཡིན་ཏེ།
དེ་ལ་གནས་པའི་དོན་གཟུགས་ལ་སོགས་པ་མངོན་སུམ་གྱི་ཡུལ་ཡིན་པའི་ཕྱིར་རོ། །འོན་ཏེ་བུམ་པ་ལ་སོགས་པ་གང་ཞིག་ཁོ་བོས་མཐོང་བ་དེ་ཉིད་ལ་རེག་པའོ་སྙམ་ངོ་ཤེས་པ་འབྱུང་བའི་ཕྱིར། གཟུགས་ལ་སོགས་པ་གཞི་གཅིག་པ་ཉིད་ཅན་དུ་གྲུབ་པར་འགྱུར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། ངོ་
ཤེས་པ་མངོན་སུམ་མ་ཡིན་པའི་ཕྱིར་རོ་ཞེས་བསྟན་ཏོ། །འོ་ན་གལ་ཏེ་རང་རིག་པ་བསྟན་དུ་མེད་པའི་ངོ་བོ་ཉིད་དབང་པོའི་ཤེས་པའི་ཡུལ་ཡིན་ན་ནི། ཇི་ལྟར་ཆོས་དང་ཆོས་ཅན་ཐ་དད་པར་འགྱུར་ཞེ་ན། སྨྲས་པ། ཀུན་ལས་ལོག་པའི་ཆོས་ཅན་ནི། །གང་དང་གང་ལས་ལྡོག་དེ་ལས། །ཐ་དད་རྟོགས་

པའི་ཐ་དད་ཅན། །དེ་ནི་དུ་མའི་ཚུལ་ཅན་ཉིད། །ཅེས་བྱ་བ་ལ། རིགས་མཐུན་པ་དང་རིགས་མི་མཐུན་པ་ཐམས་ཅད་ལས་ལོག་པའི་བ་ལང་གི་གོང་བུ་མཐོང་ན་ནི། བ་ལང་གི་རྫས་མ་ཡིན་པ་དག་དང་དཀར་པོ་མ་ཡིན་པ་གང་ལས་ལྡོག་པའི་ལོག་པ་དེ་ལས་ཐ་དད་པ་དེ་ཡིས་
གཞག་པའི་རྟོག་པ་གང་ལས་ཡོད་པ་དུ་མའི་ཚུལ་ཅན་དེ་ཡིན་ནོ། །དེས་ནི་འདི་སྐད་དུ་བསྟན་པར་འགྱུར་ཏེ། ཆོས་ཅན་གྱིས་བྱས་པ་ཉིད་ལ་སོགས་པའི་ངོ་བོ་ཉིད་ཅན་གྱིས་དུ་མའི་ཚུལ་ཅན་དུ་ལྡོག་པའི་བྱས་པའི་ཐ་དད་པར་བརྟགས་པ་སྟེ། འདི་ལྟར་གསེར་གྱི་གདུ་བུ་མཐོང་བའི་ཚེ་ན་རིགས་དང་།
དབྱིབས་ཐ་དད་པར་སྣང་བ་ནི་མ་ཡིན་གྱི། འོན་ཀྱང་དབྱིབས་དང་ཁ་དོག་གི་བདག་ཉིད་ཅན་གྱིས་གསེར་དུ་སྣང་བའི་ཡུལ་ཅན་ཡིན་པའི་ཕྱིར། ཆོས་ཅན་ཐ་དད་པ་ནི་རྟོགས་པས་གཞག་པ་ཉིད་ཡིན་ནོ། །འོན་ཏེ་ཆོས་དང་ཆོས་ཅན་ཐ་དད་པར་རྟོགས་པས་གཞག་པ་ནི་མངོན་སུམ་གྱིས་གཟུང་བ་ཡིན་
པའི་ཕྱིར། མངོན་སུམ་རྟོག་པ་མེད་པ་མ་ཡིན་ནོ་ཞེ་ན། འདིར་སྨྲས་པ། དེ་ནི་ངོ་བོ་ཐ་དད་བརྟགས། །རྣམ་པར་རྟོག་པ་མེད་པའི་སེམས། །སྣ་ཚོགས་མིན་པའི་རེས་འགའ་བ། །སྣ་ཚོགས་སྣང་བའི་སྤྱོད་ཡུལ་ཅན། །ཞེས་བྱ་བ་ལ། ཆོས་དང་ཆོས་ཅན་གྱི་ཁྱད་པར་དེ་ནི་ངོ་བོ་ཐ་དད་པར་བརྟགས་པས་
གཞག་པ་ཡིན་ཏེ། རྟོག་པ་མེད་པ་མངོན་སུམ་གྱིས་སེམས་རེས་འགའ་བ་སྣ་ཚོགས་མ་ཡིན་པར་སྣང་བ་ནི་རྟོག་པའི་ཤེས་པའི་སྣ་ཚོགས་སྣང་བ་ནི་མཐོང་བའི་ཡུལ་མ་ཡིན་ཏེ། མངོན་སུམ་ནི་མངོན་དུ་བྱེད་པའི་རྣམ་པ་ཅན་ཡིན་གྱི། དེ་རྟོག་པས་བཞག་པ་རྣམས་འཛིན་པ་ཅན་དུ་རིག་པ་ནི་མ་ཡིན་ནོ། །དོན་དང་འབྲེལ་
པས་ཀྱང་མངོན་སུམ་རེས་འགའ་བ་ཉིད་ཀྱིས་བརྟགས་པའི་རང་བཞིན་ཐ་དད་པའི་རེས་འགའ་བ་ནི་མཐོང་བ་མ་ཡིན་ནོ། །མངོན་སུམ་ནི་དངོས་པོའི་རྣམ་པ་ཅན་ཡིན་ཏེ། དུ་མའི་རྣམ་པ་ཅན་གྱི་ཆོས་ཐ་དད་པའི་ཕྱིར་རོ། །དེའི་ཕྱིར་རྟོག་པ་དང་མཐོང་བ་དག་ནི་རྒྱུ་ཐ་དད་པའི་ཕྱིར་དང་། རྣམ་པ་ཐ་དད་པའི་ཕྱིར་
ཐ་དད་པ་ནི་དོན་དམ་པ་ཡིན་ནོ། །འོ་ན་དཀར་པོ་ལ་སོགས་པའི་ཆོས་ཐ་དད་པ་རྟོག་པ་དང་བྲལ་བ་ཡང་ཡོད་པ་མ་ཡིན་ནམ། མངོན་སུམ་གྱི་ཡུལ་ཡིན་ནོ་ཞེ་ན། སྨྲས་པ། གལ་ཏེའང་དཀར་པོ་ཉིད་ལ་སོགས། །ཇི་ལྟར་དབང་པོའི་ཡུལ་ཡིན་པས། །ཤེས་པའི་ངོ་བོ་ཐ་དད་ཕྱིར། །དེ་ནི་སྒྲ་ཡི་བརྗོད་བྱ་

མིན། །ཞེས་བྱ་བ་ལ། གལ་ཏེ་དཀར་པོ་ཉིད་ལ་སོགས་པ་དབང་པོའི་སྤྱོད་ཡུལ་ཡིན་པ་དེ་ལྟ་ན་ཡང་། ཇི་ལྟ་བུའི་དཀར་པོ་གསལ་བ་དབང་པོའི་སྤྱོད་ཡུལ་ཡིན་པའི་དཀར་པོ་ཉིད་ལ་སོགས་པ་དེ་ནི་སྒྲ་ཡི་བརྗོད་བྱ་མ་ཡིན་ཏེ། འདི་ལྟར་དབང་པོས་དཀར་པོ་ཆོས་ཅན་གྱི་ཚུལ་ནས་ཤེས་པ་མ་ཡིན་
ཞིང་། དབྱིབས་ལས་ཐ་དད་པར་ཤེས་པ་མ་ཡིན་ནོ། །སྒྲ་ཡིས་ནི་དབྱིབས་ལས་ཐ་དད་པ་དང་མི་གསལ་བར་སྣང་བའི་ཆོས་ཉིད་ཀྱིས་མཐོང་བ་འཛིན་པ་ཡིན་ནོ། །དེ་སྨྲས་པ། མངོན་སུམ་དང་སྒྲ་ལས་སྐྱེས་པའི་ཤེས་པ་དག་གི་ངོ་བོ་ཉིད་གསལ་བ་དང་མི་གསལ་བའི་བྱེ་བྲག་ཐ་དད་པ་ཡིན་པ། སྒྲ་
ལས་སྐྱེས་པའི་བློ་དབང་པོའི་ཡུལ་ལ་འཇུག་པ་མ་ཡིན་ནོ། །གལ་ཏེ་དོན་གཅིག་ཅན་ཡིན་ཡང་། །བློ་རྣམས་སྣ་ཚོགས་རྟེན་ཅན་ཉིད། །ད་ནི་རྣ་བ་ལ་སོགས་སེམས། །ཐ་དད་དོན་ཅན་དེ་དག་ལས། །ཞེས་བྱ་བ་ནི། མངོན་སུམ་དང་ལྷན་ཅིག་པ་ཅན་ཡིན་ནའང་། སྒྲས་བསྐྱེད་པའི་བློ་རྣམས་
རྒྱུ་དུ་མ་ཅན་ཉིད་དེ་དེ་སྣང་བ་ཐ་དད་པ་ཡིན་ནོ། །འདི་ལྟར་མིག་སེར་གྱིས་ཁེབས་པའི་ཤེས་པས་དཀར་པོ་ཡང་སེར་པོར་རྟེན་ཐ་དད་པས་མཐོང་བ་ཡིན་ལ། རབ་རིབ་ཀྱིས་བསྒྲིབས་པའི་མིག་གིས་ཀྱང་མི་གསལ་བར་མཐོང་བ་ཡིན་ནོ། །དེ་བཞིན་དུ་འདིར་ཡང་མིག་གི་ཉེ་བར་ལེན་པ་ལས་སྐྱེས་པའི་ཤེས་
པས་གསལ་བའི་ངོ་བོ་ཉིད་ཡོངས་སུ་གཅོད་ལ་སྒྲའི་རྗེས་སུ་འབྲང་བའི་ཤེས་པ་སྐྱེས་པས་ནི་མི་གསལ་བར་འཛིན་པ་ཡིན་ནོ་ཞེ་ན། དེ་ལྟ་ན་འོ་ན་ད་ནི་རྟེན་ཐ་དད་པས་སྣང་བ་ཐ་དད་པར་ཁས་ལེན་ན། རྣ་བའི་རྣམ་པར་ཤེས་པ་ལ་སོགས་པ་ཐ་དད་པའི་ཡུལ་ཅན་ཡིན་ནོ་ཞེས་བྱ་བ་ཇི་ལྟར་ཤེས། དེ་བས་ན་ཐ་
དད་པར་རྣམ་པར་གཞག་པ་ཉམས་པར་འགྱུར་རོ། །འདི་ལྟར་སྒྲ་ལ་སོགས་པ་ལ་ཡང་རྟེན་ཐ་དད་པ་ཉིད་ཀྱིས་སྣང་བ་ཐ་དད་པར་བརྗོད་པར་ནུས་ལ། དུང་ལ་སེར་པོར་སྣང་བ་ནི་ཡང་དག་པ་མ་ཡིན་པ་སྟེ། དེ་བཞིན་དུ་སྒྲ་ལས་སྐྱེས་པའི་ཤེས་པ་ཡང་གཞན་གྱི་རྣམ་པ་ཅན་ཡིན་པས་འཁྲུལ་པར་
འགྱུར་རོ། །གཞན་ཡང་། སེམས་ཀྱི་རྟེན་ནི་གཞན་དང་གཞན། །སྐྱེ་བ་ཡིན་ན་དངོས་གཅིག་པོ། །དེ་ཉིད་ཀྱི་གཟུགས་དེ་ཐ་དད། །རྣམ་པ་སྣང་བ་ཅན་གང་ལས། །ཞེས་བྱ་བ་ལ། མངོན་སུམ་གྱི་སེམས་དང་སྒྲའི་སེམས་ཀྱི་རྟེན་དེ་རྒྱུ་གཞན་དང་གཞན་ལས་སྐྱེ་བ་ཡིན་མོད་ཀྱི། མིག་ལ་སོགས་

པ་འགའ་ཞིག་ཏུ་ཡིན་ལ། གཞན་དུ་སྒྲ་དང་རྩོལ་བ་ལ་སོགས་པ་དེ་སོ་སོར་ངེས་པའི་དངོས་པོ་གཅིག་ཉིད་རྣམ་པ་དུ་མ་རུ་སྣང་བ་གང་ལ་ཡོད་པའི་རང་བཞིན་དེ་གང་ལས་ཡིན་ཏེ། རྒྱུ་ཐ་དད་པས་ཤེས་པ་ཐ་དད་པར་འགྱུར་གྱི། དོན་ཐ་དད་པ་ནི་མ་ཡིན་ནོ། །སྔོན་པོ་ལ་སོགས་པའི་
དོན་ནི་གཅིག་ཁོ་ན་ཡིན་ལ། དེ་ནི་སྒྲ་ཤེས་པས་གཅིག་གི་ཚུལ་དུ་འཛིན་པ་ཡིན་ཏེ། དོན་ལ་མི་གསལ་བའི་རྣམ་པ་ཡོད་པ་མ་ཡིན་པའི་ཕྱིར་སྣང་བར་རིགས་པ་ཡིན་ནོ། །དེ་བས་ན་དབང་པོའི་ཤེས་པའི་ཡུལ་རང་གི་མཚན་ཉིད་བསྟན་དུ་མེད་པ་ཉིད་ཡིན་པའི་ཕྱིར། མངོན་སུམ་རྟོག་པ་མེད་པ་ཡིན་ནོ། །
རྟོག་པ་མེད་པའི་མངོན་སུམ་ལས་ཀུན་རྫོབ་ཏུ་ཆོས་དང་ཆོས་ཅན་དང་འབྲེལ་པ་འཛིན་པའི་ཕྱིར། རྗེས་སུ་དཔག་པ་འཇུག་པ་ཡིན་ནོ་ཞེས་སྔར་བསྟན་པ་ཡིན་ནོ། །འོ་ན་གལ་ཏེ་དབང་པོའི་ཡུལ་གསལ་བར་སྣང་བ་ཡིན་ལ། སྒྲའི་ཡུལ་ནི་མི་གསལ་བར་སྣང་བ་ཡིན་ཡང་མཐོང་བའི་རྗེས་ཐོགས་སུ་དེ་
ཉིད་འདི་ཡིན་ནོ་ཞེས་ངོ་ཤེས་པས་གཅིག་པ་ཉིད་དོ་ཞེ་ན། འདིར་སྨྲས་པ། མཐོང་བ་རྟོགས་པ་མེད་པར་ནི། །བརྗོད་པ་རྣམ་རྟོག་དག་འཇུག་ཕྱིར། །བ་ལང་ལ་སོགས་ངོ་ཤེས་པ། །མཐོང་བ་ལས་ནི་བཟློག་པ་ཡིན། །ཞེས་བྱ་བ་ལ། བ་ལང་ལ་སོགས་པ་མཐོང་བའི་རྗེས་ལ་ངོ་ཤེས་པ་སྐྱེ་བ་གང་
ཡིན་པ་དེ་ཡང་བཟློག་པ་ཡིན་ཏེ། ཅི་ལྟར་ཞེ་ན། བརྗོད་པ་དང་རྟོག་པ་དག་མཐོང་བའི་དོན་ལ་རྟོག་པ་མེད་པ་སྟེ། འཛིན་པ་མེད་པར་འཇུག་པའི་ཕྱིར་རོ་ཞེས་ད་ལྟ་ཉིད་དུ་དེ་དག་བསྟན་ཏོ། །དེ་བས་ན་ངོ་ཤེས་པ་དངོས་པོ་འཛིན་པར་ཇི་ལྟར་འགྱུར། འོན་ཏེ་སྒྲ་དང་ཤེས་པ་རྗེས་སུ་འགྲོ་བ་མཐོང་བས་རིགས་རྗེས་
སུ་དཔག་པར་བྱའོ་ཞེ་ན། དེའི་ཕྱིར། བ་ལང་ལ་སོགས་མཐོང་ལ་རིགས། །བརྗོད་དང་རྣམ་པར་རྟོག་པ་དག །རྗེས་སུ་འགྲོ་ལས་རྗེས་དཔོག་གང་། །དེ་ཡང་དེས་ནི་སུན་འབྱིན་ཏོ། །ཞེས་བྱ་བ་སྨོས་ཏེ། བརྗོད་པ་དང་རྣམ་པར་རྟོག་པ་དེ་དག་རྗེས་སུ་འགྲོ་བ་ལས་མཐོང་བའི་བ་ལང་ལ་སོགས་པའི་གོང་
བུ་ལ་རིགས་དང་ཡོན་ཏན་ལ་སོགས་པ་གང་ཡིན་པའི་རྗེས་སུ་དཔག་པ་དེ་ཡང་། དེས་ནི་སྟེ་བརྗོད་པ་དང་རྟོག་པ་དག་མཐོང་བ་འཛིན་པ་མེད་པར་འཇུག་པ་ཞེས་བྱ་བ་འདིས་སུན་ཕྱུང་བ་ཡིན་ནོ། །བརྗོད་པ་དང་རྟོག་པ་དག་དངོས་པོ་འཛིན་པ་ནི་མ་ཡིན་ཏེ། སྣང་བ་ཐ་དད་པའི་ཕྱིར་རོ། །དེ་བས་ན་བརྗོད་

པ་ཙམ་རྗེས་སུ་འགྲོ་བ་ཡང་དེས་དོན་གྲུབ་པ་ནི་མ་ཡིན་ནོ། །འོ་ན་གལ་ཏེ་རིགས་ཡོད་པ་མ་ཡིན་ན་བ་ལང་དེ་ཉིད་འདི་ཡིན་ནོ་ཞེས་བྱ་བ་འདི་དག་ཇི་ལྟར་ཡོད་པར་འགྱུར་ཞེ་ན་འདིར་སྨྲས་པ། མཐོང་བ་ཉིད་ནི་ཐ་དད་ཀྱང་། །ངོ་ཤེས་པ་ཞེས་བྱ་བ་ཡི། །རྟོག་པ་གཅིག་ནི་རང་བཞིན་གྱིས། །བྱེད་པ་ཡིན་ཞེས་བཤད་
ཟིན་ཏོ། །ཞེས་བྱ་བ་ལ། ཕན་ཚུན་ཐ་དད་པར་འཛིན་པའི་ཤེས་པ་ཐ་དད་པ་ཡིན་ཡང་ངོ་ཤེས་པ་ཞེས་བྱ་བའི་རྟོག་པ་གཅིག་ཏུ་བྱེད་པ་བཞིན་དུ་རང་བཞིན་གྱིས་ཏེ་རིགས་དང་ལྡན་པས་ནི་མ་ཡིན་ནོ། །འདི་ནི་སྔར། དེ་ལྟར་ཤེས་པ་ཐ་དད་ཀྱང་། །ཐ་དད་མེད་པའི་རྟོག་པ་སྐྱེད། །ཅེས་བྱ་བ་བསྟན་ཏོ། །
དེའི་ཕྱིར་རྟོག་པའི་བག་ཆགས་སད་པ་ལས་སྐྱེས་པ་ཅན་གྱི་རིགས་ལ་སོགས་པ་སྟོན་པ་ཡིན་ལ། མངོན་སུམ་ནི་བརྗོད་དུ་མེད་པའི་ཡུལ་ཅན་ཡིན་ནོ་ཞེས་བྱ་བར་གནས་སོ། །ཡིད་ཀྱང་དོན་དང་འདོད་ཆགས་སོགས། །རིག་པ་རྟོག་པ་མེད་པ་ཉིད། །ཅེས་བྱ་བའི་མདོ་དེའི་རྣམ་པར་བཤད་པ་ནི།
ཡིད་ཀྱང་དོན་དང་འདོད་ཆགས་ལ་སོགས་པའི་ངོ་བོ་རིག་པ་སྟེ་རྟོག་པ་མེད་པའི་མངོན་སུམ་ཡིན་ཏེ། ཉམས་སུ་མྱོང་བའི་རྣམ་པ་འཇུག་པའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །དེའི་དོན་ནི་འདི་ཡིན་ཏེ། ཡིད་ཀྱི་མངོན་སུམ་ཡང་དབང་པོའི་ཤེས་པ་འབའ་ཞིག་ནི་མ་ཡིན་གྱི། དོན་སྔོན་པོ་ལ་སོགས་
པ་དང་འདོད་ཆགས་ལ་སོགས་པའི་ངོ་བོ་ཉིད་རིག་པ་ནི་ཡིད་ཡིན་ཏེ། ཉམས་སུ་མྱོང་བའི་རྣམ་པས་འཇུག་པའི་ཕྱིར་རྟོག་པ་མེད་པའོ། །རྟོག་པ་མེད་པའི་ཕྱིར་མངོན་སུམ་ཡིན་ནོ། །གསུང་རབ་ལས་ནི་ཡིད་ཀྱི་མངོན་སུམ་གསུངས་ཏེ། འདི་ལྟར་གཟུགས་ནི་རྣམ་པར་ཤེས་པ་ན་གཉིས་ཀྱིས་
ཤེས་པར་བྱ་བ་སྟེ། མིག་གི་རྣམ་པར་ཤེས་པ་དང་དེས་དྲངས་པའི་ཡིད་ཀྱི་རྣམ་པར་ཤེས་པས་སོ་ཞེས་གསུངས་སོ། །དེ་ལ་འདིར་རྩོད་པར་བྱེད་དེ། མིག་ལ་སོགས་པའི་རྣམ་པར་ཤེས་པ་ཉིད་ཉམས་སུ་མྱོང་བའི་རྣམ་པར་འཇུག་པས་ཤེས་པར་བྱ་བ་ནི། གང་མིག་ལ་སོགས་པས་བྱས་པ་དེ་ཐམས་
ཅད་དབང་པོའི་ཤེས་པ་ཁོ་ན་ཡིན་ནོ། །འོན་ཏེ་དབང་པོའི་ཤེས་པ་ཉིད་ལས་ཡིད་སྐྱེས་ན་ནི། དེ་ལྟ་མོད་ཀྱི་ཡིད་ཀྱིས་སྔར་མཐོང་བའི་དོན་འཛིན་པར་འགྱུར་རོ། །དེའི་ཕྱིར། སྔར་མྱོང་བ་ནི་འཛིན་པ་ན། །ཡིད་ནི་ཚད་མ་ཉིད་མ་ཡིན། །ཞེས་བྱ་བ་ལ། སྔར་དབང་པོའི་ཤེས་པས་ཉམས་སུ་མྱོང་བའི་དོན་འཛིན་པའི་

ཡིད་ཀྱི་མངོན་སུམ་ནི་ཚད་མ་མ་ཡིན་པ་ཉིད་དེ། གཟུང་བ་འཛིན་པ་ཚད་མ་མ་ཡིན་པའི་ཕྱིར། དྲན་པ་དང་འདོད་པ་ལ་སོགས་པ་བཞིན་ནོ། །འོན་ཏེ་མཐོང་བའི་ཤེས་པས་མ་མཐོང་བའི་དོན་ཡིད་ཀྱིས་འཛིན་ན་ནི། དེ་ལ་ཡང་། མ་མཐོང་འཛིན་ནའང་ལོང་བ་ལས། །སོགས་
པས་ཀྱང་དོན་མཐོང་བར་འགྱུར། །ཞེས་བྱ་བ་ལ། དབང་པོའི་ཤེས་པ་དེས་མ་མཐོང་བའི་དོན་ཡིད་ཀྱིས་འཛིན་ན། འོན་པ་དང་ལོང་བ་ལ་སོགས་པས་ཀྱང་གྲངས་བཞིན་དུ་སྒྲ་དང་གཟུགས་ཀྱི་དོན་མཐོང་བར་འགྱུར་ཏེ། དེའི་ཕྱིར་འོན་པ་དང་ལོང་བ་མེད་པར་འགྱུར་རོ། །གཟུང་བ་འཛིན་པར་ཁས་
བླངས་ན་ནི་ཡིད་ཚད་མ་ཉིད་མ་ཡིན་པར་འགྱུར་རོ། །ད་ནི་གཟུང་བ་འཛིན་པ་མ་ཡིན་པར་བསྟན་པའི་ཕྱིར། སྐད་ཅིག་ཉིད་ཕྱིར་འདས་པ་ཡི། །མཐོང་བ་ཡོད་པ་མ་ཡིན་ཞིང་། །སྐད་ཅིག་མིན་ན་མཚན་ཉིད་ནི། །ཁྱད་པར་དང་བཅས་བརྗོད་བྱར་འགྱུར། །ཞེས་བྱ་བ་ལ། དབང་པོའི་ཤེས་པས་མཐོང་
བའི་དོན་སྐད་ཅིག་མ་ཡིན་པའི་ཕྱིར། འདས་པ་ཡིན་པས་ཡིད་ཀྱིས་མཐོང་བའི་དུས་ན་ཡོད་པ་མ་ཡིན་ནོ། །གང་གི་གཟུང་ཟིན་པ་ཉིད་མཐོང་བར་བྱེད་པས་དེ་ཇི་ལྟར་འཛིན་པ་ཡིན། །འོན་ཏེ་སྐད་ཅིག་མ་མ་ཡིན་པར་འདོད་ན། འོ་ན་ནི་སྐད་ཅིག་མ་ཉིད་མ་ཡིན་ན་ཡང་མཐོང་བས་ཡོངས་སུ་བཅད་
པ་འཛིན་པའི་ཕྱིར་ཚད་མར་མི་འགྱུར་རོ་སྙམ་ནས་ཁྱད་པར་དང་བཅས་པར་འཇུག་པའི་མཚན་ཉིད་བརྗོད་པར་བྱ་སྟེ། གང་གི་ཁྱད་པར་དང་བཅས་པའི་དངོས་པོ་འཛིན་པའི་ཕྱིར། ཡིད་ཚད་མ་ཡིན་ཏེ། རྗེས་སུ་དཔག་པ་བཞིན་ནོ། །གཞན་ཡང་། བྱ་བ་གྲུབ་ཅན་ལས་ལ་ནི། །ཁྱད་པར་ཅུང་ཟད་མི་བྱེད་
པའི། །དབང་པོ་ཅན་ནམ་གཞན་དག་གི། །སྒྲུབ་པར་བྱེད་པར་ཅི་ཕྱིར་འདོད། །ཅེས་བྱ་བ་ལ། རྟོགས་པའི་མཚན་ཉིད་ཀྱི་བྱ་བ་གང་ལ་ཡོད་པའི་བྱ་བ་གྲུབ་པའི་ལས་དེ་ལ་ཅུང་ཟད་སྔ་ན་མེད་པ་འཛིན་པའི་ངོ་བོ་ཉིད་དབང་པོ་ཅན་སྒྲུབ་པར་བྱེད་པའམ། གཞན་ཞིག་འཛིན་པར་འདོད་པ་ཡིན། འོན་ཏེ་
སྔར་ཡོངས་སུ་བཅད་པའི་ངོ་བོ་ཉིད་ཁོ་ན་ཚད་མ་ཕྱི་མས་ཡོངས་སུ་གཅོད་དོ་ཞེ་ན། འོ་ན་ཡོངས་སུ་བཅད་པའི་དངོས་པོ་མ་ཡིན་ནམ། ཡང་གཅོད་ཅེས་བྱ་བའི་དོན་ཅི་ཞིག་ཡིན། འོ་ན་ཁྱེད་ཀྱི་ཡང་མ་མཐོང་བའི་དངོས་པོ་ལ་མཐོང་ཞེས་བྱ་བའི་དོན་གཅིག་ཡིན་ཞེ་ན། རང་གི་ངོ་བོར་སྣང་བས་མཐོང་བ་

ཡིན་ནོ། །འོ་ན་མཐོང་བའི་དངོས་པོ་ཡང་སླར་སྣང་བ་ན་མཐོང་བར་འགྱུར་བ་ཡིན་ནོ་ཞེ་ན། ཇི་ལྟར་དངོས་པོ་དེ་མཐོང་བར་གྱུར་པ་དེ་བཞིན་དུ་དེ་མཐོང་བ་ཡང་མ་ཡིན་ནམ། ད་ནི་གཞན་འཛིན་པས་ཅི་ཞིག་བྱ། །འོན་ཏེ་སྔར་མཐོང་བ་འདས་པའོ་ཞེ་ན། འོ་ན་ཇི་ལྟར་སྔར་མཐོང་བ་མ་གཏོགས་པར་དེས་བཟུང་
བའི་དངོས་པོ་ཡོད་པ་ཡིན་ཏེ། གང་གིས་ན་གཟུང་བ་འཛིན་པར་ཤེས་པ་གཞན་གྱིས་འགྱུར་བ་ཡིན། འོན་ཏེ་སྔར་མཐོང་བ་ཉིད་དུས་གཞན་དུ་ཡོད་པར་ཤེས་སོ་ཞེ་ན། མ་ཡིན་ཏེ། མཐོང་བའི་དུས་སུ་བཅད་པའི་དོན་ཉིད་འཛིན་པའི་ཕྱིར། ཤེས་པ་གང་གི་དུས་ཇི་སྲིད་པ་ཅན་གྱིས་དོན་དེ་ཙམ་ཉམས་
སུ་མྱོང་བར་འགྱུར་ཏེ། མཐོང་བ་འགགས་ན་ནི་དོན་ཡོད་ཅེས་སྒྲུབ་པའི་ཚད་མ་མེད་དོ། །དངོས་དེ་ལས་སྐྱེས་ཅན་བློ་ནི། །ཐམས་ཅད་ཅིག་ཅར་འབྱུང་བར་འགྱུར། །གཞན་གྱི་འབྲས་མིན་ཁྱད་པར་ཅན། །དེ་ལ་ལྟོས་པ་འགལ་ཕྱིར་རོ། །ཞེས་བྱ་བ་ལ། གལ་ཏེ་དངོས་པོ་རྟག་པ་ཡིན་པ་དེའི་ཚེ། དོན་དེ་
ལས་སྐྱེས་པའི་བློ་གང་ཡིན་པ་དེ་རྣམས་ཐམས་ཅད་ཅིག་ཅར་འབྱུང་ཞིང་སྐྱེ་བར་འགྱུར་རོ། །དེའི་ཕྱིར་རྟག་པ་ལ་འཇུག་པའི་ཤེས་པའི་དངོས་པོ་དུས་མཚུངས་པ་ཅན་དུས་ཐ་དད་པ་ཉིད་དུ་རྟག་པ་འཛིན་པར་མི་འགྱུར་ཏེ། དེ་བས་ན་ཇི་སྲིད་དུ་དངོས་པོ་ཡོད་པ་དེ་སྲིད་དུ་དེ་ཉིད་མཐོང་བ་འཇུག་པའི་ཕྱིར།
གཞན་གྱིས་འཛིན་པ་དོན་མེད་པར་འགྱུར་རོ། །འོན་ཏེ་དངོས་པོའི་དུས་ན་བློ་སྐྱེ་བ་མ་ཡིན་ཏེ། རྒྱུ་གཞན་ལས་སྐྱེ་བའི་ཕྱིར་རོ་ཞེ་ན། དེ་ནི་མི་རིགས་ཏེ། གྲོགས་བྱེད་པ་གཞན་གྱིས་འབྲས་བུ་མ་ཡིན་པའི་ཁྱད་པར་ཏེ་གང་ལ་ཕུལ་དུ་མ་བྱུང་བ་ཡོད་པ་དེ་ནི། དེ་ལ་ལྟོས་པར་འགལ་བ་སྟེ། དེའི་ཕྱིར་ཕན་
འདོགས་པ་གཞན་གྱིས་རྟག་པའི་དོན་ལས་རིམ་གྱིས་ཤེས་པ་སྐྱེ་བ་མ་ཡིན་ནོ། །ཉམས་སུ་མྱོང་བའི་རྣམ་པ་ཅན་མཐོང་བ་ལས་ཐ་དད་པའི་ཡིད་སྣང་བར་མི་འགྱུར་ཏེ། དེས་ན་མི་དམིགས་པས་ཡིད་ཀྱི་མངོན་སུམ་མེད་པ་མ་ཡིན་ནམ་ཞེ་ན། འདི་ལ་སྨྲས་པ། ཡིད་ནི་མངོན་སུམ་ལས་ཐ་དད་པར་གསུང་
རབ་ལས་བརྗོད་པ་མ་ཡིན་ཞིང་། ཐ་མི་དད་པར་ཡང་མ་ཡིན་ཏེ། འདི་ལྟར་གཟུགས་ནི་ཤེས་པ་གཉིས་པོ་དག་གིས་ཤེས་པའོ་ཞེས་གསུངས་པའི་ཕྱིར། དེར་ཡིད་ལོག་པར་བསྟན་པ་ནི་མ་ཡིན་ཏེ། མངོན་སུམ་དང་རྗེས་སུ་དཔག་པ་དག་ཏུ་བསྟན་པའི་ཕྱིར་རོ། །ཡང་ན་མཐོང་བ་དང་དྲན་པ་དག་ཏུ་

དེ་བསྟན་པའི་ཕྱིར་རོ། །རེས་འགའ་དབང་པོའི་ཤེས་པས་གཟུགས་ཤེས་ལ་རེས་འགའ་མྱོང་བ་ལས་སྐྱེས་པའི་དྲན་པས་གཟུགས་ཤེས་པ་ཡིན་ཏེ། མངོན་སུམ་དུ་བྱེད་པ་དང་མངོན་སུམ་དུ་མི་བྱེད་པའི་རིག་པའི་མ་གཏོགས་པར་གཟུགས་རྟོགས་པ་ཁྱད་པར་མེད་པའི་ཕྱིར་
རོ། །དེ་བས་ན་ཡིད་ནི་མངོན་སུམ་ལས་ལོག་པར་མདོ་ལས་འདོད་པ་མ་ཡིན་ནོ། །ཡིད་ཀྱི་མངོན་སུམ་ཡིན་མོད། དེ་ལྟ་ན་ཡང་གཞན་གྱིས་བརྩད་པའི་སྐབས་ཡོད་དོ་ཞེ་ན། སྨྲས་པ། དེའི་ཕྱིར་དབང་པོའི་རྣམ་པར་ཤེས། །དེ་མ་ཐག་རྐྱེན་ལས་བྱུང་ཅན། །ཡིད་ནི་ཡུལ་གཞན་ཉིད་འཛིན་བྱེད། །
དེ་ཕྱིར་ལོང་བས་མཐོང་བ་མིན། །ཞེས་བྱ་བ་ལ། དབང་པོའི་རྣམ་པར་ཤེས་པ་ཉིད་དེ་མ་ཐག་པའི་རྐྱེན་ཏེ། ཉེ་བར་ལེན་པའི་རྒྱུ་ཡིན་པ་དེ་ལས་སྐྱེ་བ་གང་ལ་ཡོད་པའི་ཡིད་དེ་ནི་གཞན་ཉིད་དེ་དབང་པོའི་ཤེས་པའི་ཡུལ་ལས་ཐ་དད་པ་ཉིད་དེ། རང་གི་ཡུལ་གྱི་སྐད་ཅིག་མ་གཉིས་པ་འཛིན་པར་བྱེད་དོ། །གང་
གི་ཕྱིར་དབང་པོའི་ཤེས་པ་ལས་སྐྱེས་པའི་ཡིད་ཡིན་པ་དེའི་ཕྱིར་ལོང་བ་ལ་སོགས་པས་མཐོང་བས་ཏེ་རྟོགས་པར་མི་འགྱུར་རོ། །འོ་ན་གལ་ཏེ་དབང་པོའི་ཤེས་པ་ལས་ཐ་དད་པའི་ཡུལ་ཡིད་ཀྱིས་འཛིན་པ་དེ་ལྟ་ན་ནི། གཟུགས་མཐོང་བའི་དེ་མ་ཐག་པའི་ཡིད་སྒྲ་ལ་སོགས་པ་ཡོངས་སུ་གཅོད་པར་འགྱུར་རོ་
ཞེ་ན། སྨྲས་པ། རང་དོན་རྗེས་འགྲོ་དོན་ལྟོས་ཅན། །དབང་སྐྱེས་བློ་ནི་རྒྱུ་ཡིན་ནོ། །དེ་ཕྱིར་གཞན་འཛིན་ཡིན་ཡང་དེ། །ངེས་པར་འཛིན་པར་འདོད་པ་ཡིན། །ཞེས་བྱ་བ་ལ། རང་གི་དོན་ནི་དབང་པོའི་ཤེས་པའི་གཟུང་བ་སྐད་ཅིག་དང་པོ་སྟེ། དེ་ཉིད་ཀྱི་རྗེས་སུ་འགྲོ་བའི་རྒྱུ་གང་ལ་ཡོད་པ་དེའི་དོན་དེ་ལ་
ལྟོས་པ་ཅན་གྱི་དབང་པོ་ལས་སྐྱེས་པའི་བློ་ནི་ཡིད་ཀྱི་རྒྱུ་ཡིན་ནོ། །དེའི་ཕྱིར་རང་གི་དོན་གྱི་རྗེས་སུ་འགྲོ་བ་ཅན་གྱི་དོན་ལ་ལྟོས་པའི་དབང་པོའི་ཤེས་པས་བསྐྱེད་པའི་ཕྱིར། ཡིད་དེ་དབང་པོའི་གཟུང་བ་ལས་གཞན་པའི་དོན་འཛིན་ཡང་ངེས་པར་འཛིན་པ་གང་ལ་ཡོད་པ་དེའི་དངོས་པོར་དེ་འདོད་པ་ཉིད་དོ། །
སྐད་ཅིག་སྔ་མའི་རྗེས་ཐོགས་པའི་སྐད་ཅིག་གཉིས་པ་འཛིན་པ་ནི་ཡིད་ཀྱི་རྣམ་པར་ཤེས་པ་ཡིན་གྱི། ཡུལ་གཞན་འཛིན་པ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ལ་རྩོད་པར་བྱེད་དེ། །གལ་ཏེ་དབང་པོའི་སེམས་ཉིད་ནི། །དེ་དང་དུས་མཚུངས་བྱེད་མེད་ཅན། །རང་ཤེས་དུས་ཅན་དོན་དག་ན། །

ལྷན་ཅིག་བྱེད་པར་ཇི་ལྟར་འགྱུར། །ཞེས་བྱ་བ་ལ། གལ་ཏེ་དབང་པོའི་ཤེས་པ་དེ་ཡིད་གང་གི་ཡུལ་དང་དུས་མི་མཚུངས་པ་གང་ལ་ཡོད་པའི་ཡིད་ཀྱི་རྣམ་པར་ཤེས་པ་བཟུང་བའི་དོན་དེ་ཇི་ལྟར་དབང་པོའི་སེམས་ཀྱི་ལྷན་ཅིག་བྱེད་པར་འགྱུར་ཏེ། ཡིད་སྐྱེད་པ་ལ་དོན་གཅིག་བྱེད་པར་འགྱུར་གྱི། དབང་
པོའི་སེམས་དང་དུས་མཚུངས་པ་ཅན་མེད་པ་ཅན་གྱི་དོན་ལྷན་ཅིག་བྱེད་པ་ནི་མ་ཡིན་ནོ། །ཇི་ལྟར་དུས་མཚུངས་པ་མེད་པར་བྱ་བ་བྱེད་པའི་དུས་ཅན་གྱི་དོན་ཡིན། གང་གི་ཕྱིར་རང་གི་ཤེས་པ་ཡིན་གྱི་རྣམ་པར་ཤེས་པའི་དུས་དེ་གང་ལ་ཡོད་པ་སྟེ། ཡིད་ཀྱི་རྣམ་པར་ཤེས་པའི་ཡུལ་གྱི་དོན་རང་གི་ཤེས་པ་དང་
དུས་མཚུངས་པ་ཅན། སྔར་མཐོང་བའི་ཚེ་ཡོད་པ་མ་ཡིན་ན་ཇི་ལྟར་ཤེས་པ་ལྷན་ཅིག་བྱེད་པའི་རྐྱེན་ཡིན་ཞེ་ན། འདི་ལ་ལན་འདེབས་པས། སྔར་མེད་ནུས་པ་མེད་ཕྱིར་དང་། །ཕྱིས་ནི་དགོས་པ་མེད་པའི་ཕྱིར། །དེ་ཕྱིར་རྒྱུ་ཀུན་སྔར་ཡོད་པས། །དོན་དང་རང་བློ་ལྷན་ཅིག་མིན། །ཞེས་བྱ་བ་
སྨོས་ཏེ། ཡིད་ཀྱི་རྣམ་པར་ཤེས་པ་ལ་དུས་མཚུངས་པ་ཅན་གྱི་དོན་ཡོད་པ་མ་ཡིན་ཏེ། དོན་ནི་ཡིད་ཀྱི་རྣམ་པར་ཤེས་པ་ལས་དུས་སྔ་མ་ཅན་ཡིན་པའི་ཕྱིར་རོ། །ཡིད་ཀྱི་ཤེས་པའི་རྒྱུ་ཡུལ་ཡིན་ལ། རྒྱུར་གྱུར་པའི་ཡུལ་ཤེས་པ་དང་དུས་མཚུངས་པ་ཅན་ནི་མ་ཡིན་ཏེ། དུས་མཚུངས་ན་ནི་སྔར་
མེད་པར་འགྱུར་ལ། ཡིད་ཀྱི་རྣམ་པར་ཤེས་པ་ནི་སྔར་མེད་པའི་དོན་ལས་སྐྱེ་བ་མ་ཡིན་ཏེ། ནུས་པ་མེད་པའི་ཕྱིར་རོ། །ཕྱིས་ཡིད་སྐྱེས་པའི་དུས་ཀྱི་དོན་ཡོད་པ་ལ་ནི་དགོས་པ་མེད་པའི་ཡུལ་ཏེ་འབྲས་བུ་གྲུབ་པའི་ཕྱིར་རོ། །རྒྱུ་ཐམས་ཅད་ནི་འབྲས་བུ་སྐྱེ་བ་ལས་སྔ་བར་ཡོད་པ་དེ་བས་ན་ཡིད་ཀྱི་རྣམ་
པར་ཤེས་པའི་དོན་ཏེ། ཡུལ་རང་གི་འཛིན་པར་བྱེད་པའི་བློ་དང་ལྷན་ཅིག་དུས་མཚུངས་པ་ཅན་དུ་མི་འགྱུར་རོ། །ཐ་དད་དུས་ཅན་ཇི་ལྟར་ན། །གཟུང་བར་འགྱུར་ཞེ་ན་རྒྱུ་ཉིད། །ཤེས་ལ་རྣམ་པར་གཏོང་ནུས་པ། །རིགས་པ་ཤེས་པས་གཟུང་བར་འདོད། །ཅེས་བྱ་བ་ལ། འོན་ཏེ་ཡིད་ཀྱི་རྣམ་པར་
ཤེས་པ་ལས་ཐ་དད་པའི་དུས་ཅན་དབང་པོའི་ཤེས་པའི་ལྷན་ཅིག་བྱེད་པའི་དངོས་པོ་ནི་ཡིད་ཀྱིས་གཟུང་བར་ཇི་ལྟར་འགྱུར་ཞེ་ན། འདི་ལ་སྨྲས་པ། རིགས་པ་ཤེས་པ་སྟེ་མཁས་པས་བཟུང་བ་ནི་རྒྱུ་ཉིད་དུ་འདོད་པ་ཡིན་ཏེ། ཤེས་པ་རང་གི་རྣམ་པར་གཏོད་པར་ནུས་པ་དེ་ལ་འདོད་ཀྱི། སྐམ་

པས་ལྕགས་གོང་བཟུང་བ་བཞིན་གཟུང་བ་དང་འཛིན་པའི་དངོས་པོ་ནི་མ་ཡིན་ནོ། །འོ་ན་རང་གི་ངོ་བོ་ཉིད་ཀྱི་རྣམ་པར་ཤེས་པ་ལ་སྣང་བ་གཟུང་བ་ཉིད་མ་ཡིན་ནམ། དེའི་རྣམ་པ་ཅན་སྐྱེད་པ་ནི་མ་ཡིན་ན། རང་གི་ཤེས་པ་ལ་སྣང་བ་ནི་དུས་མཚུངས་པ་ཅན་ཡིན་པ་དེའི་ཕྱིར་ཇི་ལྟར་རྒྱུ་
ཉིད་གཟུང་བར་འགྱུར་ཞེ་ན། འོན་ཏེ་སྣང་བ་ཞེས་བྱ་བ་འདི་ཅི་ཡིན་ཏེ། ཅི་དོན་གྱི་ངོ་བོ་ཉིད་ཡིན་ནམ། འོན་ཏེ་ཤེས་པའི་ངོ་བོ་ཉིད་ཡིན་གྲང་ན། གལ་ཏེ་སྣང་བ་དངོས་ཀྱི་ངོ་བོ་ཉིད་ཡིན་པ་དེ་ལྟ་ན་ནི། སྔོན་པོ་ལ་སོགས་པའི་ངོ་བོ་ཉིད་བཞིན་ནམ། ཡང་སྣང་བ་ཡང་བྲལ་བར་མི་འགྱུར་ཏེ། དངོས་པོའི་ངོ་བོ་
ཉིད་ཡིན་པའི་ཕྱིར་རྟག་ཏུ་སྣང་བར་ཐལ་བར་འགྱུར་རོ། །འོན་ཏེ་ཤེས་པ་རྒྱུན་འཇིག་པས་སྣང་བ་འགག་གོ་ཞེ་ན། ཤེས་པས་སྣང་བ་བྱས་པ་མ་ཡིན་པ་མ་ཡིན་ནམ། དེ་ནི་སྔ་ནས་ཡོད་པ་སྟེ་དངོས་པོའི་ངོ་བོ་ཉིད་ཡིན་པའི་ཕྱིར། དེ་ལ་ཤེས་པ་ཅི་ཞིག་བྱ། །འོན་ཏེ་ཤེས་པ་ཡོད་ན་མཐོང་གི་གཞན་དུ་མ་ཡིན་
ནོ་ཞེ་ན། འོ་ན་སྣང་བའི་བྱེད་པ་པོ་ཤེས་པ་ཡིན་ནམ། དེ་ལྟར་རོ་ཞེ་ན། མ་ཡིན་ཏེ། སྣང་བ་ནི་ཤེས་པ་དང་དུས་མཚུངས་པ་ཅན་ཉིད་ཡིན་པའི་ཕྱིར་རོ། །འོན་ཏེ་སྣང་བ་ཤེས་པ་ཡིན་པ་དེ་ལྟ་ན་ཡང་། དོན་གྱི་ངོ་བོ་ཉིད་སྣང་བ་མ་ཡིན་གྱི། འོན་ཀྱང་ཤེས་པ་ཉིད་ཡུལ་གྱི་རྣམ་པ་ཅན་དུ་སྣང་བ་ཡིན་ནོ། །
འོན་ཏེ་མིག་གི་རྣམ་པར་ཤེས་པ་མིག་ལ་སོགས་པ་སྣ་ཚོགས་པའི་རྒྱུའི་ཐུན་མོང་ཅན་ཡིན་ན། ཇི་ལྟར་ངེས་པ་ཅན་དུ་དོན་ཁོ་ན་འཛིན་པ་ཡིན་ཞེ་ན། སྨྲས་པ། རྒྱུ་ནི་དུ་མ་ཡོད་ཉིད་ན་འང་། །འབྲས་བུ་རྗེས་མཐུན་སྐྱེད་པ་གང་། །དེ་ནི་དེས་གཞན་ངོ་བོ་ཅན། །དེ་གཟུང་བ་ཞེས་བརྗོད་པ་ཡིན། །ཞེས་
བྱ་བ་ལ། གང་གི་ཕྱིར་འབྲས་བུ་ཞེས་པའི་རྒྱུ་མིག་ལ་སོགས་པ་དུ་མ་ཡིན་ཡང་། རྒྱུ་གང་ཞིག་གི་རྗེས་སུ་བྱེད་པ་ཅན་དུ་སྐྱེ་བའི་འབྲས་བུ་དེ་ནི་རྒྱུ་དེས་བཞག་པ་སྟེ། རྒྱུ་དེའི་ངོ་བོ་ཉིད་འབྲས་བུ་གང་ལ་གཏོད་པའི་ཕྱིར། འབྲས་བུ་དེས་ཀྱང་རྒྱུ་རྣམ་པ་འཇུག་ནུས་པ་དེ་འཛིན་ནོ་ཞེས་བྱ་བར་བརྗོད་དོ། །དཔེར་ན་བུ་ནི་
ཕའི་གཟུགས་འཛིན་ནོ་ཞེས་ཐ་སྙད་འདོགས་པ་བཞིན་ནོ། །དེ་ལྟར་དབང་པོའི་ཤེས་པ་ལས་ཡིད་ཀྱི་མངོན་སུམ་ཐ་དད་པར་ཁས་ལེན་པར་བྱེད་ན་གཞན་གྱི་སྐྱོན་གྱི་སྐབས་མེད་དེ། བདེ་བ་ལ་སོགས་པ་རང་རིག་པ་ཡང་ཡིད་ཀྱི་མངོན་སུམ་བཞིན་མངོན་སུམ་ཡིན་ནོ། །འོ་ན་རྣམ་པར་རྟོག་པའི་རང་བཞིན་

མངོན་སུམ་མ་ཡིན་པར་འགྱུར་བ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། སེམས་དང་སེམས་ལས་བྱུང་བ་ཐམས་ཅད་བདག་ཉིད་རིག་པའི་མངོན་སུམ་ཡིན་པའི་ཕྱིར་རོ། །བདེ་བ་ལ་སོགས་པ་འཛིན་པའི་དོན་དུའོ། །འདི་ལ་རྩོད་པར་བྱེད་དེ། རྟོག་པ་ལ་རྟོག་པ་དང་བྲལ་བ་ཉིད་མེད་པའི་ཕྱིར་ཇི་ལྟར་མངོན་སུམ་ཉིད་
དུ་རུང་སྟེ། རྣམ་པར་རྟོག་པའི་ངོ་བོ་ཉིད་རྟོག་པ་མེད་པ་མ་ཡིན་པའི་ཕྱིར། །འོན་ཏེ་ཤེས་པ་དོན་ལ་རྟོག་པ་ཡིན་གྱི། རང་གི་ངོ་བོ་ལ་མ་ཡིན་ན་ནི། གལ་ཏེ་དོན་ལ་རྟོག་པ་རང་གི་ངོ་བོ་ལ་ཡང་རྟོག་པར་འགྱུར་བ་མ་ཡིན་ནམ། དོན་གྱི་ངོ་བོ་ཉིད་ལ་རྟོག་པ་མ་གཏོགས་པར་རྟོག་པའི་ངོ་བོ་ཉིད་མེད་པའི་ཕྱིར་རོ་ཞེ་ན།
འདིར་ལན་བཏབ་པ། བདེ་སོགས་བདག་ཉིད་གཞན་མི་བརྟན། །བརྡ་བྱེད་པར་ནི་ནུས་མེད་ཅན། །དེ་ཕྱིར་དེ་དག་རང་རིག་སྟེ། །བརྗོད་དང་རྗེས་འབྲེལ་ཅན་མ་ཡིན། །ཞེས་བྱ་བ་ལ། བདེ་བ་ལ་སོགས་པའི་བདག་ཉིད་གང་ཞིག་ལ་བརྡ་བྱེད་པར་མི་ནུས་པ་ཡོད་པ་དེ་ནི་དེའི་བདག་ཉིད་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་
ན། གང་གི་ཕྱིར་གཞན་ལ་མི་བརྟེན་པ་སྟེ་ཐུན་མོང་མ་ཡིན་པ་རང་རིག་པའི་ཡུལ་ཡིན་པས་ཏེ། བདེ་བའི་ངོ་བོ་བོར་ན་བདེ་བ་རིག་པ་མེད་པའི་ཕྱིར་རོ། །དེ་ལྟ་བུར་གྱུར་པའི་བདེ་བའི་བདག་ཉིད་དེ་ལ་བརྗོད་པ་དང་འབྲེལ་པར་འཇུག་པ་ག་ལ་ཡོད། འོན་ཏེ་སྔར་བདེ་བ་རིག་པ་ཡིན་ལ། ཕྱིས་བརྗོད་པ་དང་
སྦྱོར་བར་ཤེས་པ་གཞན་གྱིས་བྱེད་དོ་ཞེ་ན། མ་ཡིན་ཏེ། ཤེས་པ་གཞན་སྐྱེས་པའི་ཚེ་བདེ་བ་ལ་སོགས་པ་རྣམས་མེད་པའི་ཕྱིར་ཏེ། སྔོན་གྱི་དུས་ཅན་ཉིད་དུ་ཤེས་པ་གཞན་གྱིས་བདེ་བ་རིག་པའི་ཕྱིར་རོ། །དེའི་ཚེ་བདེ་བ་རིག་པ་ཉིད་དུ་མི་འགྱུར་ཏེ། བདེ་བ་ལ་སོགས་པ་སྔོན་གྱི་ངོ་བོའི་རྣམ་པ་ཅན་དུ་རིག་
པར་བྱ་བའི་ཕྱིར། གཞན་གྱི་བདེ་བ་རིག་པ་བཞིན་ནོ། །འོན་ཏེ་བདེ་བ་དང་དུས་མཚུངས་པ་ཅན་དུ་འགྱུར་བའི་ཤེས་པ་གཞན་གྱིས་བརྗོད་པ་སྦྱོར་བ་ཡིན་ནོ་ཞེ་ན། དེའི་ཚེ་སྐྱེས་པའི་བདེ་བ་རང་ལ་མངོན་སུམ་དུ་བྱེད་པ་མ་ཡིན་ནམ། ཅི་ལ་སྒྲ་སྦྱོར་བ་ཡིན། འོན་ཏེ་བརྗོད་པ་དང་འདྲེར་རུང་བ་འཛིན་པའི་ཕྱིར་
བདེ་བ་རིག་པ་ནི་རྟོག་པ་དང་བཅས་པའོ་ཞེ་ན། བདེ་བ་བརྗོད་པས་དབེན་པ་ཉིད་མ་ཡིན་ནམ། ཇི་ལྟར་འདྲེར་རུང་བར་ཤེས་པ་ཡིན་པ་བདེ་བ་དང་སྒྲའི་རྣམ་པ་དག་ནི་དུས་མཚུངས་པར་སྣང་བས་འདྲེར་རུང་བར་སྣང་བ་མ་ཡིན་ན། དེས་ན་ད་ལྟར་བྱུང་བའི་དུས་ཉིད་དུ་བདེ་བ་ལ་སོགས་པ་འཛིན་པ་ནི་གསལ་བ་ཉིད་ཀྱིས་

རྟོག་པ་མེད་པ་ཉིད་མྱོང་བ་ཡིན་ནོ། །འོན་ཏེ་ཡིད་ཀྱི་རྣམ་པར་ཤེས་པ་རྟོག་པ་དང་བཅས་པར་ཤེས་པར་བྱ་བའོ་ཞེ་ན། མ་ཡིན་ཏེ། ཡིད་ཀྱི་རྣམ་པར་ཤེས་པའི་ངོ་བོ་ཉིད་ཀྱང་རང་རིག་པ་ལ་རྟོག་པ་མེད་པ་སྟེ། ཕྱི་རོལ་གྱི་རྣམ་པ་ནི་མ་ཡིན་ནོ། །དེ་བས་ན་རིག་པའི་དུས་སུ་སྐྱེ་བའི་ཕྱིར།
ཇི་ལྟར་རྟོག་པའི་ཡུལ་དུ་འགྱུར། དེའི་ཕྱིར་སེམས་དང་སེམས་ལས་བྱུང་བ་ཐམས་ཅད་རང་རིག་པ་རྟོག་པ་མེད་པ་ཡིན་ནོ། །འོ་ན་དེ་ལྟ་ན་དོན་ལ་ཡང་ཤེས་པ་རྟོག་པར་ཇི་ལྟར་འགྱུར་ཏེ། རྟོག་པས་དོན་མི་མཐོང་བའི་ཕྱིར་རོ། །གལ་ཏེ་ཡང་རྟོག་པ་དོན་འཛིན་པ་ཅན་ཡིན་པ་ད་ལྟ་ན་ཡང་དོན་གྱི་ངོ་བོ་ཉིད་མྱོང་
བའི་ཕྱིར། ཇི་ལྟར་རྟོག་པར་འགྱུར། འོན་ཏེ་ཤེས་པའི་རྣམ་པ་ལ་དོན་གྱི་རྣམ་པར་སྒྲོ་འདོགས་པས་རྟོག་པ་དང་བཅས་པ་ཉིད་དུ་བརྗོད་ན་ནི། འཛིན་པ་དང་མི་འཛིན་པ་བོར་ན་སྒྲོ་འདོགས་པའི་སྒྲའི་དོན་ཡོད་པ་མ་ཡིན་ཏེ། འཛིན་པ་དང་མི་འཛིན་པའི་ཕྱོགས་གཉིས་ནི་རྟོག་པ་མེད་པ་ཉིད་དུ་བརྗོད་དོ་ཞེ་ན། འདི་ལ་
སྨྲས་པ། མངོན་དུ་མི་བྱེད་པའི་རྣམ་པ་ལ་ཞེན་པའི་ཤེས་པ་གང་ལ་ཡོད་པ་དེ་རྟོག་པའོ་ཞེས་འཇིག་རྟེན་པ་འདོད་ལ། མངོན་དུ་བྱེད་པའི་མངོན་པའི་ང་རྒྱལ་ཤེས་པ་གང་ལ་ཡོད་པ་དེ་ནི་མངོན་སུམ་དུ་བརྗོད་དོ། །དོན་དམ་པར་ནི་རིག་པ་ཐམས་ཅད་རྟོག་པ་མེད་པ་སྟེ། རང་རིག་པ་ཉིད་ལ་རྟོག་པ་མེད་པའི་ཕྱིར་
རོ། །གཞན་ཡང་བག་ཆགས་ཀྱི་དབང་གིས་སྔར་མཐོང་བའི་རྗེས་སུ་འབྲང་བའི་ཤེས་པ་འགའ་ཞིག་དོན་ལ་སྐྱེ་བ་དེ་ནི་རྟོག་པ་དང་བཅས་པ་སྟེ། མཐོང་བ་ནི་དོན་དང་འབྲེལ་ནས་སྐྱེ་བ་ཅན་དུ་འཇུག་ཅིང་ཉེ་བའི་རང་བཞིན་གྱི་རྗེས་སུ་འབྲང་བ་ཡིན་པའི་ཕྱིར་རྟོག་པ་མེད་པའོ། །བདེ་བའི་རྣམ་པ་ཡང་རང་རིག་པ་སྟེ།
རྟོག་པ་དང་བྲལ་བས་རྟོག་པ་མེད་པ་ཡིན་ནོ། །གང་གི་ཕྱིར་བདེ་བ་ལ་སོགས་པའི་བདག་ཉིད་བརྡ་བྱེད་པར་མི་ནུས་པའི་ཕྱིར། བདེ་བ་ལ་སོགས་པ་དེ་དག་རང་རིག་པ་སྟེ། མངོན་པར་བརྗོད་པ་དང་རྗེས་སུ་འབྲེལ་པ་རྗོད་པར་བྱེད་པའི་སྒྲ་དང་འབྲེལ་པར་ཡིན་ནོ། །གཞན་གྱིས་སྨྲས་པ། དེ་དག་གཞན་རིག་
བྱེད་མིན་ན། །རང་གི་ངོ་བོ་ཇི་ལྟར་རིག །དོན་གཅིག་རྟེན་ཅན་རྣམ་ཤེས་ཀྱིས། །རིག་པ་ཡིན་ཞེས་ཁ་ཅིག་ཟེར། །ཞེས་བྱ་བ་ལ། རེ་ཞིག་ཤེས་པ་གང་ཞིག་གཞན་གྱི་རིག་པར་བྱེད་པ་དེས་ཀྱང་ཇི་སྲིད་རང་གི་ངོ་བོ་ཤེས་པ་མ་ཡིན་ན་ཡང་བདེ་བ་ལ་སོགས་པ་དེ་གཞན་གྱི་རིག་པར་བྱེད་པ་པོ་མ་ཡིན་

པས་རང་གི་ངོ་བོ་སྟེ་བདག་ཉིད་ཀྱི་རང་བཞིན་ཇི་ལྟར་རིག་པར་འགྱུར། འོན་ཏེ་རིག་པར་བྱ་བ་ཡིན་པས་བདེ་བ་ལ་སོགས་པས་རང་རིག་པའོ་ཞེ་ན། མ་ཡིན་ཏེ། རང་རིག་པ་མ་གྲུབ་པའི་ཕྱིར་རོ། །འོ་ན་འདི་ལྟར་དེ་དག་རིག་པ་ཡིན་པས་ཤེས་པ་གཞན་གྱི་བདེ་བ་ལ་སོགས་པ་དག་རིག་པ་ཡིན་ཏེ། བུམ་པ་ལ་
སོགས་པ་བཞིན་ནོ་ཞེ་ན། དེ་ལྟ་ན་འོ་ན་ནི་བུམ་པ་ལ་སོགས་པ་ཉིད་བཞིན་ཕྱི་རོལ་གྱི་རྣམ་པ་ཅན་ཉིད་བདེ་བ་ལ་སོགས་པ་སྣང་བར་འགྱུར་རོ་ཞེ་ན། དོན་གཅིག་ལ་བདག་ལ་བརྟེན་པ་གང་ལ་ཡོད་པའི་ཤེས་པ་དེས་བདེ་བ་ལ་སོགས་པ་དག་རིག་པ་ཡིན་པའི་ཕྱིར། དེ་དག་ཕྱི་རོལ་དུ་སྣང་བ་མ་ཡིན་ལ། བུམ་
པ་ལ་སོགས་པ་ནི་དོན་གཅིག་ལ་འདུ་བའི་ཤེས་པས་ཤེས་པར་བྱ་བ་མ་ཡིན་ནོ། །དེ་བས་ན་དེ་དག་ཆོད་པར་སྣང་བའོ་ཞེས་བྱེ་བྲག་པ་ཁ་ཅིག་ཟེར་བ་འདི་ལ་ལན་བཏབ་པ། དེ་དང་དེ་མིན་དངོས་ཚུལ་ཅན། །དེ་དང་དེ་མིན་དངོས་རྒྱུས་བསྐྱེད། །ཤེས་ལས་ཐ་དད་མིན་སྐྱེས་རྒྱུ། །བདེ་སོགས་ཅི་སྟེ་མི་
ཤེས་ཡིན། །ཞེས་བྱ་བ་ལ། དེའི་དངོས་པོའི་ཚུལ་ཅན་ནི་སཱ་ལུའི་མྱུ་གུའོ། །དེ་རྣམས་དེ་དང་དེ་མ་ཡིན་པའི་ངོ་བོ་ཉིད་ཀྱིས་བསྐྱེད་པ་སྟེ། སཱ་ལུའི་མྱུ་གུའི་རྒྱུ་ས་བོན་ལ་སོགས་པ་ལས་སྐྱེས་པ་ནི་སཱ་ལུའི་མྱུ་གུ་ཡིན་ལ། ནས་ཀྱི་མྱུ་གུའི་རྒྱུ་ས་བོན་ལ་སོགས་པ་རྣམས་ལས་སྐྱེས་པ་ནི་ནས་ཀྱི་མྱུ་གུའོ། །
གང་གི་ཕྱིར་ཐམས་ཅད་དུ་འབྲས་བུ་ཐ་དད་པར་བྱེད་པ་ནི་རྒྱུ་ཐ་དད་པ་ཡིན་ཏེ། དེའི་ཕྱིར་བདེ་བ་ལ་སོགས་པ་ཤེས་པ་དང་ཐ་མི་དད་པའི་རྒྱུ་མིག་ལ་སོགས་པ་ལས་སྐྱེས་ན། ཅིའི་ཕྱིར་མི་ཤེས་པ་ཡིན། འདིའི་དགོངས་པ་ནི་འདི་ཡིན་ཏེ། རྣམ་པར་ཤེས་པ་ལས་ཐ་དད་པར་བདེ་བ་ལ་སོགས་པ་འཛིན་
པ་མ་ཡིན་པ་དེ་བས་ན་མངོན་སུམ་ནི་ཐ་དད་པར་བསྒྲུབ་པ་མ་ཡིན་ནོ། །འོན་ཏེ་རྗེས་སུ་དཔག་པས་བདེ་བ་ལ་སོགས་པ་ཤེས་པ་ལས་ཐ་དད་པར་རྟོགས་སོ་ཞེ་ན། གལ་ཏེ་འདིར་བདེ་བ་ལ་སོགས་པ་རྒྱུ་ཐ་དད་པའི་རྟགས་བསྟན་པར་ནུས་ན་རྗེས་སུ་དཔག་པར་ནུས་ཏེ། ངེས་པར་འབྲས་བུ་ཐ་དད་པ་
ནི་རྒྱུ་ཐ་དད་པ་མ་ཡིན་པའི་ཕྱིར་རོ། །འོན་ཏེ་འབྲས་བུ་ཐ་དད་པས་བདེ་བ་ལ་སོགས་པའི་རྒྱུ་ཐ་དད་པར་ཤེས་སོ་ཞེ་ན། འབྲས་བུ་ཐ་དད་པ་ཙམ་ནི་རྒྱུ་ཐ་དད་པར་སྒྲུབ་པ་མ་ཡིན་ཏེ། རྒྱུ་གཅིག་ལས་འབྲས་བུ་ཐ་དད་པར་མཐོང་བའི་ཕྱིར་ཐལ་བ་དང་དུ་བ་བཞིན་ནོ། །བདེ་བ་དང་ཤེས་པ་ཐ་དད་པ་སྒྲུབ་པའི་

འབྲས་བུ་ཐ་དད་པ་མ་མཐོང་བ་དེའི་ཕྱིར་རྒྱུ་ཐ་དད་པ་ཉིད་བདེ་བ་ལ་སོགས་པ་ཐ་དད་པ་སྒྲུབ་བྱེད་ཡིན་ལ་རྒྱུ་ཐ་དད་པ་ནི་མེད་པ་དེ་བས་ན་རྒྱུ་ཐ་མི་དད་པ་ཅན་དང་ངོ་བོ་ཉིད་ཐ་མི་དད་པ་ཅན་དུ་བདེ་བ་ལ་སོགས་པ་རྣམ་པར་ཤེས་པ་ལས་ཐ་དད་པ་མེད་པར་ཤེས་པར་བྱའོ།། །།ཚད་མ་རྣམ་
འགྲེལ་གྱི་འགྲེལ་པ། བམ་པོ་བཅུ་གཉིས་པ། རྒྱུ་མཚུངས་པ་ཅན་ཉིད་དུ་བསྟན་པའི་ཕྱིར། རང་གི་དོན་དང་དབང་པོ་དང་། །སེམས་པ་ཇི་ལྟར་རང་ནུས་པས། །བདེ་བ་ལ་སོགས་སྐྱེ་བར་སྣང་། །ཡིད་ཀྱང་དེ་དང་མཚུངས་པ་ཡིན། །ཞེས་བྱ་བ་ལ། རང་གི་དོན་ནི་རང་གི་ཡུལ་ཡིད་འཕྲོག་པ་ཡོད་ཅིང་། མིག་
ལ་སོགས་པའི་དབང་པོ་མྱ་ངན་ལ་སོགས་པའི་དངོས་པོ་མ་ཉམས་པ་དང་། ཇི་ལྟར་རང་རང་སྐྱེ་བའི་ནུས་པ་ཅན་གྱི་སེམས་པ་བདེ་བ་ལ་སོགས་པ་སྐྱེ་བར་སྣང་བ་དང་། མིག་ལ་སོགས་པས་སྐྱེད་པའི་ཡིད་དེ་ཡང་མཚུངས་པ་ཡིན་ནོ། །དེའི་ཕྱིར་རྒྱུ་ཐ་དད་པས་ཐ་དད་པ་མ་ཡིན་ནོ། །འོན་ཏེ་ཆོས་དང་ཆོས་
མ་ཡིན་པའི་སྟོབས་ཀྱིས་བདེ་བ་ལ་སོགས་པ་འབྱུང་གི །རྣམ་པར་ཤེས་པ་རྒྱུ་མིག་ལ་སོགས་པས་སྐྱེད་པ་ཡིན་ན། དེ་ཇི་ལྟར་རྒྱུ་ཐ་དད་པ་མ་ཡིན་ཞེ་ན། དེ་དག་ཡོད་དང་མེད་པ་ན། །ལ་ལར་སྐྱེ་ཞིང་མི་སྐྱེ་བའི། །བདེ་སོགས་སམ་ནི་བློ་སྣང་བ། །དེས་དེ་ལས་གཞན་པ་སྐྱེད་མིན། །ཞེས་བྱ་བ་སྨྲས་ཏེ།
མིག་ལ་སོགས་པ་དེ་དག་ཡོད་ན་བདེ་བ་ལ་སོགས་པ་ནི་སྐྱེ་བར་མི་སྣང་ཞིང་། མིག་ལ་སོགས་པ་མེད་ན་ནི་བདེ་བ་ལ་སོགས་པ་སྐྱེ་བར་མི་སྣང་བ་ཡིན་ལ། མིག་གི་བློ་ཡང་མ་ཡིན་ཏེ། མིག་ལ་སོགས་པ་ཡོད་ན་བདེ་བ་ལ་སོགས་པའམ་བློ་སྐྱེ་བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེས་ཏེ་དེའི་ཕྱིར་རྣམ་པར་ཤེས་པའི་རྒྱུ་དེ་ལས་
གཞན་པའི་རྒྱུ་ལས་བདེ་བ་ལ་སོགས་པ་དེ་དག་མི་འབྱུང་ངོ་། །ཆོས་ལ་སོགས་པ་ལ་བདེ་བ་སྐྱེད་པའི་ནུས་པ་མེད་དེ། འདོད་པ་དང་མི་འདོད་པའི་སྒྲུབ་པ་ཐོབ་པ་ཉིད་ལས་ཆོས་ལ་སོགས་པའི་བྱ་བ་མི་འབྱུང་བའི་ཕྱིར་རོ། །གལ་ཏེ་བདེ་བ་ལ་སོགས་པའི་རྒྱུ་ཆོས་ལ་སོགས་པ་ཉིད་ཡིན་ན། ཕྲེང་བ་
དང་བྱུག་པ་སྟེར་བ་ལ་སོགས་པ་མེད་པར་ཡང་བདེ་བ་ལ་སོགས་པ་འབྱུང་བར་འགྱུར་རོ། །འོན་ཏེ་བྱུག་པ་འབུལ་བ་ལ་སོགས་པ་བདེ་བའི་སྒྲུབ་པ་ཡོད་ན་ཡང་མྱ་ངན་གྱིས་བསླད་ན་ཡིད་བདེ་བར་སྐྱེ་བ་མ་ཡིན་ཏེ། དེའི་ཕྱིར་ཆོས་ཉིད་བདེ་བའི་རྒྱུ་ཡིན་གྱི། །ཕྱི་རོལ་པ་ནི་མ་ཡིན་ནོ་ཞེ་ན། ཆོས་མ་

ཡིན་པ་ཉིད་མྱ་ངན་ལ་སོགས་པའི་རྒྱུ་མ་ཡིན་ནམ། དེ་ལས་སྡུག་བསྔལ་སྐྱེ་བ་ཡིན་ནོ། །དེའི་ཕྱིར་ཐ་དད་པ་མེད་པར་ཆོས་ལ་སོགས་པ་རྣམས་བདེ་བ་ལ་སོགས་པ་སྐྱེ་བའི་རྒྱུ་མ་ཡིན་ནོ། །ཡང་ན་ཤེས་པ་ནི་ཆོས་ལ་སོགས་པ་ཐ་དད་པར་ཇི་ལྟར་འགྱུར་ཞེ་ན། སྨྲས་པ། དེ་དག་ཉིད་ཀྱི་ཁྱད་པར་ལས། །
བདེ་སྡུག་ལ་སོགས་ཐ་དད་དེ། །དཔེར་ན་བློ་དེ་ཉིད་ཀྱིས་ནི། །གསལ་དང་མི་གསལ་ཐེ་ཚོམ་བཞིན། །ཞེས་བྱ་བ་སྟེ། མིག་དང་གཟུགས་དང་ཡིད་ལ་བྱེད་པ་དེ་དག་ཉིད་ནང་གི་ཁྱད་པར་ལས་རྟོགས་པའི་ངོ་བོར་མཚུངས་ཀྱང་། བདེ་བ་དང་སྡུག་བསྔལ་ལ་སོགས་པའི་ཁྱད་པར་སྐྱེ་སྟེ། དཔེར་ན་བློ་དེ་ཉིད་གོམས་
པའི་བྱེ་བྲག་གིས་གསལ་བ་དང་མི་གསལ་བ་དང་ཐེ་ཚོམ་ཟ་བའི་ཁྱད་པར་བཞིན་ནོ། །ཤེས་རབ་ལ་སོགས་པའི་ཆོས་བློ་ལས་ཐ་དད་པ་མ་ཡིན་ནོ། །དེ་བཞིན་དུ་བདེ་བ་ལ་སོགས་པ་བློའི་བྱེ་བྲག་ཡིན་ནོ། །འོན་ཏེ་བདེ་བ་ལ་སོགས་པ་རྟོགས་པའི་ངོ་བོ་ཉིད་ཡིན་མོད་ཀྱི། དེ་ལྟ་ན་ཡང་རང་རིག་པ་ཉིད་
མ་ཡིན་ནོ། །འོ་ན་ཇི་ལྟར་རྗེས་སུ་འཛིན་པ་དང་གནོད་པར་བྱེད་པར་འགྱུར། དོན་གཅིག་ལ་འདུ་བའི་རྣམ་པར་ཤེས་པས་བདེ་བ་ལ་སོགས་པ་རིག་པར་བྱ་བ་རྗེས་སུ་འཛིན་པར་འགྱུར་རོ་ཞེ་ན། སྨྲས་པ། དོན་གང་ཉེ་བས་བློ་དང་ནི། །བདེ་སོགས་དེ་དག་སྐྱེད་པ་ནི། །དེ་བོར་ནས་ནི་དེས་བདེ་སོགས། །ཇི་
ལྟར་རྟོགས་པར་འགྱུར་བ་ཡིན། །ཞེས་བྱ་བ་ལ། ཤེས་པ་གཞན་གྱིས་བདེ་བ་ལ་སོགས་པ་རིག་པ་ན་ཤེས་པ་དེ་དབང་པོ་ལས་སྐྱེས་པ་ཡིན་ནམ། འོན་ཏེ་ཤེས་པ་གཞན་ཞིག་ཡིན། གལ་ཏེ་བདེ་བ་ལ་སོགས་པ་རིག་པར་བྱེད་པ་དབང་པོ་ལས་སྐྱེས་པ་ཉིད་ཡིན་ན་ནི། ཕྱི་རོལ་གྱི་དོན་གང་ཞིག་
ཉེ་བས་བདེ་བ་ལ་སོགས་པར་སྣང་བ་ཉིད་དེ་ཡང་དབང་པོ་ལས་སྐྱེ་བ་ཡིན་ན། གཟུགས་ལ་སོགས་པ་སྣང་བ་ཅན་གྱི་བློ་དེས་དོན་དེ་བོར་ནས་བདེ་བ་ལ་སོགས་པ་ཇི་ལྟར་རྟོགས་པར་འགྱུར་ཏེ། མིག་གིས་བདེ་བ་མྱོང་བ་སྐྱེད་པ་མ་ཡིན་ཏེ། གཟུགས་མཐོང་བ་ཉིད་དུ་ངེས་པར་བྱེད་པའི་ཕྱིར་རོ། །
གཟུགས་ལ་འཇུག་པའི་མིག་བདེ་བ་ལ་ཤེས་པ་སྐྱེད་པ་ནི་མ་ཡིན་ཏེ། རྗེས་སུ་དཔག་པ་ཡང་མིག་ལས་སྐྱེ་བར་ཐལ་བར་འགྱུར་རོ་ཞེས་བསྟན་ཏོ། །འོན་ཏེ་བདག་དང་ཡིད་འདུས་པས་བསྐྱེད་པའི་ཤེས་པ་བདེ་བ་ལ་སོགས་པའི་རིག་པར་བྱེད་པ་ཡིན་གྱི། མིག་ལས་སྐྱེས་པ་ནི་མ་ཡིན་ནོ་ཞེ་ན།

དེ་ལྟ་ན་ནི་ཕྱི་རོལ་དང་བདེ་བ་དག་རིམ་གྱིས་མཐོང་བར་འགྱུར་ཏེ། ཤེས་པ་ཅིག་ཅར་མི་སྐྱེ་བའི་ཕྱིར་རོ། །དེ་བས་ན། རིམ་གྱིས་འཛིན་ན་དེ་མྱོང་བ། །བར་ཆད་མེད་པར་སྣང་མི་འགྱུར། །ཞེས་བྱ་བ་ལ། བདེ་བ་ལ་སོགས་པ་དེ་དག་མྱོང་བ་རིམ་གྱིས་འཛིན་པ་ཡིན་ན། དོན་སྣང་བ་དེ་དང་
ལྷན་ཅིག་བར་ཆད་མེད་པར་སྣང་བར་མི་འགྱུར་ཏེ། གང་ཅིག་ཅར་མཐོང་བ་སྐྱེ་བ་མེད་པ་འདི་ནི་རིམ་པ་ཡིན་པའི་ཕྱིར་རོ། །དེ་མྱུར་ཞེ་ན་དེ་མཚུངས་ཕྱིར། །ཉམས་མྱོང་མིན་པ་ཅི་སྟེ་མིན། །ཞེས་བྱ་བ་ལ། དོན་མཐོང་བ་དང་ལྷན་ཅིག་བདེ་བ་མྱོང་བའི་ཕྱིར། བར་མེད་པར་སྣང་བ་དེ་རིག་པ་མྱུར་བ་ལས་ཡིན་ནོ་ཞེ་ན། མྱུར་བ་
དེ་ཉིད་བདེ་བ་ལ་སོགས་པ་མི་འཛིན་པར་མཚུངས་པའི་ཕྱིར། བདེ་བ་དང་གཟུགས་དག་མྱོང་བ་མེད་པ་ཉིད་དུ་འགྱུར་ཏེ། དེའི་ཕྱིར་གཟུགས་མཐོང་བའི་ཚེ་ནང་དུ་ཉམས་སུ་མྱོང་བར་གྱུར་པའི་བདེ་བ་རང་རིག་པ་ཁོ་ན་ཡིན་ནོ། །འོན་ཏེ་དབང་པོའི་ཤེས་པ་གཅིག་པུ་ཉིད་དང་བདེ་བ་ལ་སོགས་པ་འཛིན་པ་ལ་འཇུག་པར་
འགྱུར་བའི་ཕྱིར་རིམ་གྱིས་འཛིན་པའི་སྐྱོན་མེད་དོ་ཞེ་ན། སྨྲས་པ། དབང་པོའི་སེམས་ནི་ཡུལ་ངེས་ཕྱིར། །གཅིག་གིས་གཉིས་ཤེས་མ་ཡིན་ཏེ། །བདེ་སོགས་མེད་ནའང་དོན་དག་ལས། །སྐྱེ་བས་དེའི་ནུས་མ་གྲུབ་ཕྱིར། །ཞེས་བྱ་བ་ལ། གཞན་གྱི་ལུགས་ཀྱིས་དབང་པོའི་ཤེས་པ་བདེ་བ་ལ་སོགས་པའི་
འཛིན་པར་བྱེད་པ་མ་ཡིན་ཏེ། བདག་དང་ཡིད་ཕྲད་པ་ལས་སྐྱེས་པའི་ཤེས་པས་བདེ་བ་ལ་སོགས་པ་རིག་པར་འདོད་པའི་ཕྱིར་རོ། །འོན་ཏེ་ཁ་ཅིག་ཁས་ལེན་པར་བྱེད་ན་དེ་ལ་ཡང་སྨྲས་པ། དབང་པོའི་ཤེས་པ་གཅིག་གིས་གཟུགས་དང་བདེ་བ་གཉིས་འཛིན་པ་མ་ཡིན་ཏེ། དབང་པོའི་སེམས་ནི་གཟུགས་
ལ་སོགས་པ་ཡུལ་ངེས་པ་ཅན་ཡིན་པའི་ཕྱིར། བདེ་བ་ལ་མིག་འཇུག་པར་ནི་འགའ་ཞིག་གིས་ཀྱང་ཤེས་པ་མ་ཡིན་པའི་ཕྱིར་རོ། །གཞན་ཡང་བདེ་བ་ལ་སོགས་པ་མེད་ན་ཡང་ཕྱི་རོལ་གྱི་དོན་ལས་དབང་པོའི་བློ་སྐྱེ་བའི་ཕྱིར། བདེ་བ་ལ་སོགས་པ་དེ་དག་གི་ནུས་པ་དབང་པོའི་བློ་ལ་གྲུབ་པ་མ་ཡིན་ཏེ། གང་
གང་ཞིག་མེད་པར་སྐྱེ་བ་དེ་ནི་དེའི་རྒྱུ་ཅན་དུ་འཐད་པ་མ་ཡིན་པའི་ཕྱིར་རོ། །དབང་པོའི་བློ་ནི་བདེ་བ་ལ་སོགས་པ་མེད་པར་ཡང་ཡོད་པའི་ཕྱིར། བདེ་བ་ལ་སོགས་པའི་འཛིན་པ་མ་ཡིན་ནོ། །འོ་ན་གང་གི་ཚེ་སེར་པོ་དང་ལྷན་ཅིག་སྔོན་པོའི་ཤེས་པ་ལ་སྣང་བ་དེའི་ཚེ་སྔོན་པོའི་ནུས་པ་མ་ཡིན་ཏེ། སྔོན་པོ་མེད་

པར་ཡང་སེར་པོ་ལས་སྐྱེ་བའི་ཕྱིར་རོ། །དེ་བཞིན་དུ་སེར་པོ་ལ་ཡང་ནུས་པ་མེད་དེ། སེར་པོ་མེད་པ་ཡང་སྔོན་པོ་ལས་སྐྱེ་བའི་ཕྱིར་རོ། །འོན་ཏེ་སྔོན་པོ་དང་སེར་པོ་གཉིས་ཀྱིས་རང་རང་དུ་སྣང་བ་ཅན་གྱི་ཤེས་པ་སྐྱེད་ན། འོ་ན་ནི་བདེ་བ་དང་གཟུགས་ཀྱང་དབང་པོའི་ཤེས་པ་སྐྱེད་པ་ཡིན་ནོ་ཞེ་ན། སྨྲས་པ།
སྔོ་སོགས་བཞིན་དུ་གཉི་ག་ཡིས། །སོ་སོ་སོ་སོར་ནུས་ན་ནི། །བདེ་བ་འབའ་ཞིག་འཛིན་པར་འགྱུར། །དེ་རྒྱུ་དོན་ནི་མི་འཛིན་པ། །དེ་ཡི་མྱོང་བ་མི་རིགས་སོ། །ཞེས་བྱ་བ་ལ། བདེ་བ་དང་གཟུགས་དག་དབང་པོའི་ཤེས་པ་སྐྱེད་པ་ནུས་པ་སོ་སོ་སོ་སོར་ཡོད་ན་ནི། ཡུལ་དང་བྲལ་བར་བདེ་བ་གཅིག་
པུ་འཛིན་པར་འགྱུར་ཏེ། སེར་པོ་དང་བྲལ་བར་སྔོན་པོ་ཤེས་པ་བཞིན་ནོ། །འོན་ཏེ་ཡན་གར་བ་འཛིན་པ་ཉིད་ཡིན་ནོ་ཞེ་ན། དེ་ནི་ཡོད་པ་མ་ཡིན་ཏེ། བདེ་བ་དེའི་རྒྱུ་དོན་གཟུགས་ལ་སོགས་པ་མི་འཛིན་པར་བདེ་བ་དེ་མྱོང་བ་མི་རྟོགས་པའི་ཕྱིར་རོ། །འགྲོ་བ་བཟང་མོ་ལ་རེག་པ་དང་མཐོང་བ་མེད་པར་
འདོད་པ་པོ་ལ་དེ་ཡིས་བསྐྱེད་པའི་བདེ་བ་མི་འབྱུང་བ་བཞིན་ནོ། །འོན་ཏེ་ཡུལ་དང་བཅས་པའི་བདེ་བ་དབང་པོའི་ཤེས་པས་འཛིན་ནོ་ཞེ་ན། འདིར་སྨྲས་པ། དོན་དང་ལྷན་ཅིག་འཛིན་ན་ནི། །བློ་དེ་ལས་སྐྱེ་མི་འདོད་ཕྱིར། །བདེ་སོགས་ནུས་པ་ཅི་ཞིག་ཡིན། །ཞེས་བྱ་བ་ལ། གཟུགས་ལ་སོགས་
པའི་དོན་དང་ལྷན་ཅིག་བདེ་བ་ལ་སོགས་པ་འཛིན་ན་ནི། མིག་གི་རྣམ་པར་ཤེས་པ་སྐྱེད་པ་ལ་བདེ་བ་ལ་སོགས་པ་ལ་ནུས་པ་ཅི་ཞིག་ཡོད་དེ་མེད་པ་ཉིད་དེ། རྗེས་སུ་འགྲོ་བ་དང་ལྡོག་པ་མེད་པར་ནུས་པ་གྲུབ་པ་ནི་མ་ཡིན་པའི་ཕྱིར་དང་། གང་གི་ཕྱིར་བདེ་བ་ལ་སོགས་པ་དེ་ལས་སྐྱེས་པའི་བློ་མི་འདོད་པའི་
ཕྱིར་རོ། །མིག་གི་བློ་ལ་གཟུགས་ཉིད་ཕན་འདོགས་པར་ཁས་ལེན་པའི་ཕྱིར་རོ། །འོན་ཏེ་བདེ་བ་དོན་ལས་སྐྱེས་པ་མ་ཡིན་པར་འདོད་ཀྱང་། དོན་ཉིད་དང་ལྷན་ཅིག་འཛིན་པ་ཡིན་ཏེ། འོན་ཀྱང་བདེ་བ་རྟག་པ་དང་འབའ་ཞིག་པ་མྱོང་བ་ཡིན་ནོ། །དེའི་ཕྱིར་རྣམ་པར་ཤེས་པ་བདེ་བ་དང་འབྲེལ་པ་ནི་མ་ཡིན་ནོ་
ཞེ་ན། སྨྲས་པ། དོན་མེད་པར་ནི་བདེ་ལ