Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 183
Văn bản gốc(Tây Tạng)
Trang 6 / 19 (50.000 ký tự/trang)
་ཡིན་ཏེ། རྟ་རུ་རྟོག་པའི་ཚེ་ན་བ་ལང་གི་རྟོག་པ་སྐྱེ་བ་དམིགས་པ་ནི་མ་ཡིན་ལ། བ་ལང་གི་སྒྲ་ཡིས་གཞག་པའི་ངེས་པ་ནི་བ་ལང་མཐོང་བ་དེ་ལ་ཡོད་པ་མ་ཡིན་ཞིང་རྟོགས་པར་ གྱུར་པ་མ་ཡིན་ལ། རྟོགས་པར་གྱུར་པ་མ་ཡིན་པ་ཙམ་གྱིས་རྟོགས་པ་ནི་ཡོད་པར་རྟོག་ནུས་པ་མ་ཡིན་ཏེ། བ་ལང་མཐོང་བ་ན་ཁམས་གསུམ་ཐམས་ཅད་རྟོགས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་བས་ན་བ་ལང་མཐོང་བ་ནི་མིང་དུ་བཏགས་པ་ལས་འདས་པ་ཡིན་ནོ། །གང་ཡང་གང་ གི་ཚེ་བརྡ་མི་འཛིན་པ་དེའི་ཚེ་ཅི་ཡང་རུང་བའི་སྤྱི་རྟོགས་པ་ཡོད་དོ་ཞེས་གང་སྨྲས་པ། དེ་ཡང་རིགས་པ་མ་ཡིན་ཏེ། གལ་ཏེ་ཅི་ཡང་རུང་བའི་སྤྱི་རྟོགས་པ་དེ་ལ་ཡོད་པ་དེ་ལྟ་ན་ཡང་དེའི་ཁྱད་པར་དེའི་ཡུལ་དུ་མི་འགྱུར་ཏེ། དེ་ཁྱད་པར་ཅན་དུ་མི་སྣང་བའི་ཕྱིར་རོ། །སྣང་བའི་རང་བཞིན་ནི་རྣམ་ པར་རྟོག་པའི་ཡུལ་ཡིན་ནོ་ཞེས་སྔར་བསྟན་ཟིན་ཏོ། །དེ་བས་ན་སོ་སོར་ངེས་པའི་ཁྱད་པར་ཅན་གྱི་རྣམ་པ་རྗོད་པར་བྱེད་པའི་སྒྲ་མི་འཛིན་པའི་ཕྱིར་རྟོག་པ་མེད་པ་ཉིད་འཛིན་པ་ཡིན་ནོ། །གང་ཡང་ཡུལ་ལ་སོགས་པ་ངེས་པའི་དངོས་པོ་ཐམས་ཅད་འཛིན་པའི་ཕྱིར་རྟོག་པ་མེད་པའི་ཤེས་པ་ མ་ཡིན་ནོ་ཞེས་ཟེར་བ་དེ་ཡང་མཛེས་པ་མ་ཡིན་ཏེ། འདི་ལྟར་རྩིག་པ་ལ་སོགས་པ་མཐོང་བ་ན་ཡུལ་ཉེ་བར་བསྒྲིབས་པ་གཅོད་པར་བྱེད་པར་སྣང་བ་མ་ཡིན་ཏེ། དེར་རྩིག་པ་ལ་གནས་པའི་བརྟན་པ་མཐོང་ནས་རྗེས་སུ་དཔོག་པར་བྱེད་དོ། །གང་ཞིག་ཡུལ་སྣང་བ་དེ་རྩིག་པ་ཡོངས་སུ་གཅོད་ པ་མ་ཡིན་པའི་ཕྱིར། རང་གི་ངོ་བོ་ཉིད་ཙམ་ཁོ་ན་མངོན་སུམ་དུ་སྣང་གི་ཡོངས་སུ་གཅོད་པར་བྱེད་པ་ནི་མ་ཡིན་ནོ། །དུས་ནི་དབང་པོ་ལས་འདས་པའི་ཕྱིར། ཡོངས་སུ་གཅོད་པར་བྱེད་པ་མ་ཡིན་ནོ། །སྔོན་པོའི་རྣམ་པ་ཉིད་ལས་ཐ་དད་པའི་དུས་སྣང་བ་ནི་མ་ཡིན་ནོ། །དེ་བས་ན་ཡོངས་སུ་ གཅོད་པས་དབེན་པར་སྔོན་པོ་ལ་སོགས་པའི་ངོ་བོ་ཉིད་མངོན་སུམ་ཡིན་པར་བརྗོད་ཀྱི། གཅད་པར་བྱ་བ་དང་གཅོད་པར་བྱེད་པའི་དངོས་པོ་ནི་རྟོག་པས་བསྟན་པ་ཡིན་ནོ། །དེའི་ཕྱིར་རྟོག་པ་གཞན་ཡོད་ཀྱང་བ་ལང་མཐོང་བ་ལས་མངོན་སུམ་རྟོག་པ་དང་བྲལ་བར་བསྒྲུབ་པ་ཡིན་ནོ། །གལ་ཏེ་ ཡང་རྗོད་པར་བྱེད་པའི་སྒྲའི་དྲན་པས་གྲོགས་བྱེད་པ་ཅན་གྱི་དབང་པོས་རང་གི་ངོ་བོ་སྣང་བར་བྱེད་ན། དེ་ལྟ་ན་ནི་རྟའི་རྟོག་པ་ཡོད་ན་བ་ལང་མཐོང་བར་མི་འགྱུར་ཏེ། གྲོགས་བྱེད་པའི་རྒྱུ་མེད་པར་རྒྱུ་རང་གི་འབྲས་བུ་ལ་འཇུག་པ་མ་ཡིན་པའི་ཕྱིར། དཔེར་ན་ས་བོན་ས་ལ་སོགས་པ་དང་བྲལ་ན་མྱུ་གུ་མི་སྐྱེད་ པ་བཞིན་ནོ། །འོན་ཏེ་ཤེས་པ་ཐམས་ཅད་ཀྱི་གྲོགས་བྱེད་པ་མིང་གི་དྲན་པ་མ་ཡིན་ཏེ། འོན་ཀྱང་མིང་གི་ཁྱད་པར་ཅན་གྱི་དོན་འཛིན་པ་ནི་མ་ཡིན་ནོ་ཞེ་ན། དེ་ནི་མི་རུང་སྟེ། འདི་ལྟར་གལ་ཏེ་དྲན་པས་གྲོགས་བྱེད་པ་ཅན་གྱི་དབང་པོ་དང་ཐ་དད་པ་ནི་མིང་དུ་སྣང་བ་ཅན་ཡིན་པར་བྱེད་ཅིང་གསལ་བར་སྣང་ བ་གཞན་ཉིད་ཡིན་ལ། དེའི་ཚེ་ཐ་དད་པར་རྟོག་པའི་རྟོག་པ་དང་ལྷན་ཅིག་པར་མངོན་སུམ་འདོད་པ་ཉིད་ཡིན་གྱི། མངོན་སུམ་གྱི་རང་གི་ངོ་བོ་ཉིད་ནི་རྟོག་པ་ཡིན་པར་འགེགས་པ་ཡིན་ནོ། །འོན་ཏེ་གསལ་བའི་ངོ་བོ་ཉིད་འཛིན་པ་ཅན་དང་རྟོགས་པ་དང་བཅས་པའི་ཤེས་པ་གཅིག་ཉིད་ཡིན་གྱི། མཐོང་བ་དང་རྟོག་པ་ཐ་དད་པ་ནི་མ་ཡིན་ནོ་ཞེ་ན། དེ་ལྟ་ན་འོ་ན་ནི་པདྨ་མཐོང་བ་པདྨ་དྲི་ཞིམ་པོ་ཡིན་ནོ་སྙམ་པའི་རྟོག་པ་སྐྱེ་བར་འགྱུར་ལ། དེ་ཡང་པདྨ་དྲི་ཞིམ་པོར་དྲན་པའི་གྲོགས་ཅན་གྱི་མིག་གིས་པདྨའི་གཟུགས་གསལ་བར་འཛིན་པར་བྱེད་དོ་ཞེས་ཁས་ལེན་པར་ཅི་སྟེ་མི་བྱེད་དེ། མིག་ནི་ དྲི་དྲན་པའི་གྲོགས་བྱེད་པ་ཅན་པདྨའི་དྲི་ལ་འཇུག་པ་ལ་སྐྱོན་ཅི་ཡང་མེད་པའི་ཕྱིར་རོ། །འོན་ཏེ་དྲན་པ་ཡོད་ཀྱང་མིག་དྲི་ལ་འཇུག་པ་མ་ཡིན་ཏེ་ཡུལ་མ་ཡིན་པའི་ཕྱིར་རོ་ཞེ་ན། དེ་ལྟ་ན་ཡང་ཡུལ་མ་ཡིན་པའི་ཕྱིར་དྲན་པ་ཡོད་ཀྱང་སྒྲ་ལ་མིག་མི་འཇུག་པའི་ཕྱིར། སྒྲ་ལ་སོགས་ པ་དང་བྲལ་བར་མིག་གི་ཤེས་པས་དོན་འཛིན་པ་ཅན་ནོ། །གཞན་ཡང་། །གང་ལ་སྒྲ་ནི་ངེས་འགོད་པ། །དེ་ལ་རྣམ་རྟོག་སྐྱེ་བར་འགྱུར། །དེས་ན་དབང་སྐྱེས་འདོད་པ་ལས། །འཇུག་འགྱུར་ཕྱི་རོལ་མཐོང་མ་ཡིན། །ཞེས་བྱ་བ་ལ། ལྐོག་ཏུ་གྱུར་པའི་དོན་གང་ཞིག་ལ་སྒྲ་ངེས་པར་འགོད་པའི་ ཡུལ་དེ་ལ་རྟོག་པ་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པ་ཅན་གྱི་རྟོགས་པ་སྐྱེ་བར་འགྱུར་ཏེ། དེ་ལྟ་ན་ཡུལ་གཞན་ལ་སྒྲ་འགོད་པ་དང་དོན་གཞན་ལ་རྟོག་པ་སྐྱེ་བར་འགྱུར་ན་སྒྲའི་ཁྱད་པར་ཅན་གྱི་དོན་སྣང་བ་ཅན་མ་ཡིན་ནོ། །སྒྲའི་ཡུལ་ཅན་གྱི་བློ་འདོད་པའི་རྗེས་སུ་འཇུག་པ་ཅན་ཡིན་པ་དེ་བས་ན་མངོན་སུམ་རྟོག་ པ་དང་བཅས་པ་ཡིན་ན་དབང་པོའི་ཤེས་པ་འདོད་པའི་སྟོབས་ཀྱིས་འཇུག་པ་སྟེ་སྒྲ་བཞིན་ནོ། །ཕྱི་རོལ་གྱི་དོན་ལ་ཡང་ལྟོས་པ་མ་ཡིན་ཏེ་སྒྲ་བཞིན་ནོ། །སྒྲ་དང་སྒྲ་ལས་སྐྱེས་པའི་ཤེས་པ་ཕྱི་རོལ་མཐོང་བ་མ་ཡིན་པའི་ཕྱིར་རོ། །འོན་ཏེ་དོན་ཡོད་པ་ཉིད་ལ་སྒྲ་འགོད་པ་དེའི་ཕྱི་རོལ་ལ་ལྟོས་པ་ཅན་ ཡིན་ནོ་ཞེ་ན། དེ་ལྟ་ན་ནི་ཇི་ལྟར་འདོད་པས་སྒྲའི་ཤེས་པ་འཇུག་པར་འགྱུར་བ་དེ་བཞིན་དུ་དབང་པོ་ལས་སྐྱེས་པའི་རྟོགས་པ་ཡང་འདོད་པའི་རྗེས་སུ་འཇུག་པ་ཅན་ཡིན་པའི་ཕྱིར་དམིགས་པ་མེད་པ་ཅན་དུ་འགྱུར་རོ། །འོན་ཏེ་འདོད་པའི་རྗེས་སུ་མི་འཇུག་པ་ཅན་ཏེ། འོན་ཀྱང་ཕྱི་རོལ་གྱི་དོན་ལ་ལྟོས་པ་ ཅན་དབང་པོའི་ཤེས་པ་དམིགས་པ་དང་བཅས་པའོ་ཞེ་ན། གལ་ཏེ་དེ་ལྟ་ན་ཕྱི་རོལ་གྱི་རྗེས་སུ་འགྲོ་བ་ཅན་མངོན་སུམ་ནི་ཉེ་བ་ཙམ་འཛིན་པའི་ཕྱིར་རྟོག་པ་མེད་པ་ཉིད་དུ་འགྱུར་ཀྱི། སྒྲ་ཡིས་གཞག་པ་ནི་འདོད་པ་ལ་རག་ལས་པའི་ཕྱིར་དབང་པོ་ལས་སྐྱེས་པ་མ་ཡིན་ནོ། །འོ་ན་གལ་ཏེ་མངོན་ སུམ་སྒྲ་ཡིས་གཞག་པ་ལས་འདས་པ་ཡིན་ན། དེ་ལྟ་ན་ནི་མངོན་སུམ་གསལ་བའི་ངོ་བོ་ཉིད་གཅོད་པ་ཉིད་དུ་འགྱུར་ཏེ། འདི་ལྟར་གསལ་བ་ནི་སྒྲའི་ངོ་བོ་ཉིད་ཅན་རྟག་པ་ཡིན་ལ་སྒྲ་དེ་ནུབ་པར་གྱུར་ན་གསལ་བ་མ་མཐོང་བའི་ཕྱིར་རོ། །སྒྲའི་ངོ་བོ་ཉིད་གལ་ཏེ་མངོན་སུམ་མ་ཡིན་ན་དེའི་ངོ་ བོ་ཉིད་ཅི་ཞིག་ཡིན་ཞེ་ན། འདིར་སྨྲས་པ། གཟུགས་ནི་གཟུགས་ཞེས་མཐོང་ན་ནི། །དེ་ཡིས་བློ་ཞེས་ཇི་ལྟར་མཐོང་། །དེ་ཡི་ཉམས་མྱོང་ཡོད་ན་ཡང་། །དེ་ནི་ཇི་ལྟར་རྟོག་མེད་འགྱུར། །ཞེས་བྱ་བ་ལ། སྒྲའི་ངོ་བོ་ཉིད་ནུབ་པར་གྱུར་ཀྱང་གསལ་བའི་དངོས་པོ་ཡིན་ཏེ། གང་གི་ཕྱིར་སྐྱེ་བོ་ གཞན་དུ་སོན་པའི་སེམས་དང་ལྡན་པའི་སྐྱེ་བོ་ལ་གཟུགས་གསལ་བར་སྣང་བ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་འདི་དག་ནི་བསྟན་ཟིན་ཏོ། །གཞན་ཡང་ཤེས་པ་ཐམས་ཅད་རྟོག་པ་དང་བཅས་པར་སྨྲས་བས། གཟུགས་སོ་སྙམ་པའི་རྟོག་པས་གཟུགས་མཐོང་བ་ཡིན་ཡང་། གཟུགས་དེའི་བློ་ཡིན་ པར་ཇི་ལྟར་མཐོང་བར་འགྱུར་ཏེ། གཟུགས་མཐོང་ངོ་སྙམ་པའི་རྟོག་པ་གཟུགས་ངེས་པའི་དུས་དེ་ན་དེ་མེད་པའི་ཕྱིར་རོ། །འོན་ཏེ་གཟུགས་ཉིད་ཤེས་པ་ཡིན་གྱི། གཟུགས་སུ་སྣང་བ་ཤེས་པ་ནི་མ་ཡིན་ནོ་ཞེ་ན། འོ་ན་གཟུགས་ཀྱི་བློ་དེའི་ཉམས་སུ་མྱོང་བ་ཡོད་དེ། བློ་མྱོང་བ་མེད་ན་ ཉམས་སུ་མྱོང་བར་གྱུར་བའི་ངོ་བོ་ཉིད་ཤེས་པ་མེད་པར་འགྱུར་ཏེ། གཟུགས་ཉམས་སུ་མྱོང་བ་མངོན་དུ་བྱེད་པ་མེད་པར་དོན་ཉམས་སུ་མྱོང་བ་ཉིད་རྟོགས་པ་མ་ཡིན་པའི་ཕྱིར་རོ། །གཞན་ཡང་འགྲོ་བ་བཟང་མོ་མཐོང་བའི་ཚེ་བདེ་བ་ལ་སོགས་པ་མྱོང་བར་འགྱུར་གྱི། བདེ་བའོ་སྙམ་དུ་རྟོག་ པ་སྐྱེ་བ་ནི་མ་ཡིན་པའི་ཕྱིར་རོ། །བློའི་ཉམས་སུ་མྱོང་བ་ནི་རྟོག་པ་མེད་པ་ཉིད་དོ། །འོན་ཏེ་རྟོག་པ་མེད་ན་བློ་ཉམས་སུ་མྱོང་བ་ཡིན་ཞེ་ན། འོ་ན་གལ་ཏེ་རིག་པ་ཐམས་ཅད་རྟོག་པ་དང་བཅས་པ་ཡིན་ན་ནི། བློའི་ཉམས་སུ་མྱོང་བ་དེ་ངེས་པ་མེད་པར་ཇི་ལྟར་འགྱུར། དེའི་ཕྱིར་འདིས་ནི་རྟོག་པ་ དང་བཅས་པར་སྨྲ་བས་གསལ་བ་ལ་རང་ཉམས་སུ་མྱོང་བ་མེད་པར་བསྟན་པར་འགྱུར་རོ། །འོན་ཏེ་གཟུགས་ཀྱི་བློའི་ཉམས་སུ་མྱོང་བ་རྟོག་པ་དང་བཅས་པ་ཉིད་དེ། བློ་ཡོད་པའོ་སྙམ་དུ་ཕྱིས་ངེས་པའི་ཕྱིར་རོ་ཞེ་ན། སྨྲས་པ། དེ་ཉིད་ཀྱིས་མྱོང་མ་ཡིན་ན། །རྟོག་གཉིས་ཅིག་ཅར་མཐོང་བ་ མེད། །ཅེས་བྱ་བ་ལ། གཟུགས་ཀྱི་བློའི་མྱོང་བ་ནི་བློ་དེ་ཉིད་ཀྱིས་ཡིན་ནམ། བློ་གཞན་གྱིས་ཡིན་ཞེས་རྣམ་པ་གཉིས་སུ་བརྟག་གྲང་ན། དེ་ལ་གཟུགས་དེ་ཉིད་ཀྱི་བློས་ཡིན་གྱི་བློ་ཉམས་སུ་མྱོང་བར་ཁས་ལེན་ན་ནི་མཐོང་བའི་རྟོགས་པ་དང་གཟུགས་ཀྱི་རྟོག་པ་གཉིས་ཅིག་ཅར་སྐྱེ་བར་ ཐལ་བར་འགྱུར་ཏེ། རྟོག་པ་གཉིས་ཅིག་ཅར་མཐོང་བ་ནི་མ་ཡིན་ནོ། །འོན་ཏེ་གཟུགས་མཐོང་བ་ཉིད་ཀྱིས་རང་གི་ངོ་བོ་དང་། གཟུགས་རིམ་གྱིས་མཐོང་བར་འདོད་ན་ནི། གལ་ཏེ་མཐོང་བ་གཅིག་ཡིན་ན་ཇི་ལྟར་རིམ་པ་མཐོང་བར་འགྱུར་ཏེ། འདི་ལྟར་རིམ་པ་ཡང་བློ་ལས་ ཐ་མི་དད་པས་རིམ་པ་མེད་པ་ཉིད་དུ་འགྱུར་རོ། །འོན་ཏེ་རིམ་པ་ཡང་རིམ་པར་བློ་ཡིས་མཐོང་ངོ་ཞེ་ན། འོ་ན་ནི་ཐུག་པ་མེད་པར་འགྱུར་ཏེ། འདི་ལྟར་རིམ་པ་ཡང་རིམ་པ་གང་གིས་མཐོང་བ་དེ་ཡང་བློ་ལས་ཐ་མི་དད་པ་ཉིད་ཀྱི་ཕྱིར། རིམ་པ་མེད་པར་འགྱུར་ལ། དེ་ལ་ཡང་རིམ་པ་མཐོང་བ་གཞན་བསྟན་ དགོས་པར་ཐལ་བར་འགྱུར་རོ། །གཞན་ཡང་མངོན་པར་ཞེན་པ་ཉིད་བློ་ཡིན་ལ། མངོན་པར་ཞེན་པ་ནི་རང་གི་ངོ་བོ་ཉིད་ཡིན་པའི་ཕྱིར། བློ་ཐ་དད་པའོ་སྙམ་པ་ཡང་ཐ་དད་པ་མེད་པ་ཡིན་ཏེ། དེས་བློ་གཅིག་ལ་རིམ་པ་ཅི་ཞིག་ཡོད། །འོན་ཏེ་མངོན་པར་ཞེན་པ་ཐ་དད་ལ། ཞེན་པར་གྱུར་པ་ནི་ཐ་དད་ པ་མེད་དོ་ཞེ་ན། མངོན་པར་ཞེན་པ་དེ་ཡང་རང་གི་ངོ་བོ་ཉིད་མངོན་པར་ཞེན་པ་མ་ཡིན་ནམ། ཉམས་སུ་མྱོང་བ་གཞན་གྱིས་མྱོང་བར་བྱ་བ་ཡིན་པའི་ཕྱིར། དེ་ཉིད་ཐུག་པ་མེད་པར་འགྱུར་རོ། །འོ་ན་གཟུགས་མཐོང་བ་གཞན་གྱིས་མྱོང་བ་མ་ཡིན་ནམ་ཞེ་ན། ཕྱོགས་དེ་ལ་ཡང་ཅི་དུས་མཚུངས་ པར་གྱུར་པའི་ཤེས་པ་གཞན་གྱིས་གཟུགས་ཀྱི་བློ་མྱོང་བ་ཡིན་ནམ། འོན་ཏེ་དུས་ཐ་དད་པར་གྱུར་པས་ཡིན་ཞེས་ཕྱོགས་གཉིས་སུ་བརྟག་གྲང་ན། དེ་ལ་ཕྱོགས་དང་པོ་ལ་འདི་སྨྲས་པ། དེ་ནི་དུས་མཚུངས་ཅན་ཤེས་པ། །གཞན་གྱིས་མྱོང་མེད་བཤད་པ་ཡིན། །ཞེས་བྱ་བ་ལ། དེས་ ནི་སྟེ། རྟོག་གཉིས་ཅིག་ཅར་མཐོང་བ་མེད། །ཅེས་བྱ་བ་འདིས་གཟུགས་ཀྱི་བློ་དང་དུས་མཚུངས་པ་གང་ལ་ཡོད་པའི་ཤེས་པ་གཞན་དེས་གཟུགས་ཀྱི་བློ་ཉམས་སུ་མྱོང་བ་ཡང་བཤད་པ་སྟེ་གསལ་བ་ཡིན་ནོ། །དུས་མཚུངས་པ་ཅན་གྱི་ཤེས་པ་གཞན་གྱིས་མྱོང་ཡང་རྟོག་པ་གཉིས་ཅིག་ ཅར་སྐྱེ་བར་ཐལ་བར་འགྱུར་བ་སོ་ན་འདུག་གོ། །གཟུགས་ཀྱི་བློའི་ཡུལ་ཅན་གྱི་ཤེས་པ་ལ་ཡང་རྟོག་པ་གཞན་གྱིས་མྱོང་བར་བྱ་བའི་ཕྱིར་རྟོག་པའི་ཕྲེང་བ་རིང་པོར་འགྱུར་རོ། །འོན་ཏེ་དུས་ཕྱིས་འབྱུང་བའི་ཤེས་པ་གཞན་གྱི་གཟུགས་ཀྱི་བློ་མྱོང་བར་འགྱུར་རོ་ཞེ་ན། སྨྲས་པ། འདས་པ་ དེ་ནི་དྲན་འགྱུར་ན། །དེ་མ་བཟུང་བ་ཇི་ལྟར་འགྱུར། །ཐ་དད་མེད་ཅན་རང་བློ་དང་། །གཞན་བློ་ཡོངས་གཅོད་མཚུངས་པར་འགྱུར། །ཞེས་བྱ་བ་ལ། རྗེས་ལ་ཐོབ་པའི་དུས་སུ་འབྱུང་བར་འགྱུར་བ་ཞེས་པ་ནི་འདས་པའི་གཟུགས་དྲན་པར་འགྱུར་གྱི། མངོན་སུམ་ནི་མ་ཡིན་ཏེ། དེའི་ཡུལ་ཉེ་བ་ཡིན་ པའི་ཕྱིར་རོ། །འོན་ཏེ་ཤེས་པ་གཞན་གྱི་དུས་ན་གཟུགས་ཀྱི་བློ་ཡོད་དོ་ཞེ་ན། འོ་ན་ནི་གཟུགས་སུ་སྣང་བ་དང་བྲལ་བ་མ་ཡིན་པའི་ཕྱིར། དེ་ཉིད་རྟོག་པ་གཉིས་སུ་ཐལ་བར་འགྱུར་རོ། །འོན་ཏེ་འདས་པའི་གཟུགས་མཐོང་བ་ལ་ཤེས་པ་གཞན་འཇུག་པ་དེ་དྲན་པ་ཉིད་ཡིན་ནོ་ཞེ་ན། དྲན་པ་དེས་ སྔར་གྱི་གཟུགས་མ་མཐོང་བར་ཇི་ལྟར་དྲན་པས་འཛིན་པར་འགྱུར། དེའི་ཕྱིར་གཟུགས་ཀྱི་བློ་འཛིན་པའི་ནུས་པ་མེད་པ་ཉིད་དུ་འགྱུར་བ་ཡིན་ནོ། །འོན་ཏེ་མངོན་སུམ་གྱི་དོན་གཞན་དུ་མི་འཐད་པའི་ཕྱིར། གཟུགས་མཐོང་བར་སྐྱེའོ་སྙམ་དུ་ཤེས་སོ་ཞེ་ན། དེ་ལྟ་ན་ནི་སྐྱེས་བུ་གཞན་གྱི་བློ་དེ་ ཡོངས་སུ་གཅོད་པ་དེ་དང་ཐ་མི་དད་པ་གང་ལ་ཡོད་པའི་རང་གི་རྒྱུད་ཀྱི་བློ་རྟོགས་པ་དེ་ནི་རང་གི་བློ་འཛིན་པ་ཅན་ཏེ། རང་སྟེ་བདག་ཉིད་ཀྱི་བློ་དེ་འཛིན་པར་བྱེད་པའི་བློ་ཡིན་པར་མི་འགྱུར་རོ། །དེས་ནི་འདི་སྐད་དུ་སྟོན་པར་འགྱུར་ཏེ། མངོན་སུམ་གྱིས་དོན་སྐྱེ་བོ་ཐམས་ཅད་ཀྱི་ཐུན་མོང་ཡིན་པའི་ ཕྱིར་རོ། །རང་གི་བློའི་སྒྲུབ་བྱེད་མ་ཡིན་པའི་ཕྱིར། འདས་པའི་ངོ་བོ་ཉིད་དུ་སྣང་བ་ལྐོག་ཏུ་གྱུར་པ་ཡིན་པས། རྒྱུད་གཞན་གྱི་ཤེས་པ་ཡོངས་སུ་གཅོད་པ་ལས་བྱེ་བྲག་མེད་པ་ཉིད་དུ་བརྗོད་དོ། །གལ་ཏེ་རང་རིག་པས་མངོན་དུ་སྣང་བ་ཡིན་ལ། གཞན་རིག་པ་ནི་མངོན་དུ་སྣང་བ་མ་ཡིན་ན། དེའི་ཚེ་རང་དང་གཞན་རིག་པ་ཐ་དད་པར་འགྱུར་ཏེ། རང་རིག་པས་མངོན་དུ་བྱེད་པ་ནི་འདས་པ་ཉིད་མ་ཡིན་པ་སྟེ། མངོན་དུ་སྣང་བར་གྱུར་པ་ནི་ད་ལྟར་བྱུང་བ་ཡིན་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་འདས་པའི་ཤེས་པ་དབང་པོ་ལས་འདས་པ་ནི་དྲན་པས་ཤེས་པར་བྱ་བ་ཁོ་ན་སྟེ། འདི་ལྟར་དྲན་པས་ གཞག་པའི་རྣམ་པར་རིག་པས་འདས་པའི་ཐ་སྙད་འདོགས་པ་ཡོད་པའི་ཕྱིར་རོ། །དེས་ན་རང་གི་བློ་དང་གཞན་གྱི་བློ་མཚུངས་པ་ཉིད་ཡིན་ནོ། །འོ་ན་ལྐོག་ཏུ་གྱུར་པའི་རང་གི་ནི་བདག་ཉིད་དང་འབྲེལ་པས་ཤེས་པ་ཡིན་གྱི། རྗེས་སུ་དཔག་པ་ལས་ནི་མ་ཡིན་ལ། གཞན་གྱི་བློ་ཡང་གཞན་དང་ འབྲེལ་པ་ཉིད་ཀྱི་ཤེས་པ་ཡིན་ན། དེ་ཉིད་ཀྱི་ཕྱིར་ཇི་ལྟར་ཁྱད་པར་མེད་པར་འགྱུར་ཞེ་ན། འདིར་སྨྲས་པ། འདས་པ་ཡིན་ན་དཔེ་མེད་ཅིང་། །རྟགས་མེད་པར་ནི་དོན་རིག་པ། །དེ་དག་གིས་གྲུབ་དེ་ལ་ནི། །མངོན་སུམ་མ་ཡིན་རྟགས་ཅན་མིན། །ཞེས་བྱ་བ་ལ། རང་གི་བློ་ མངོན་དུ་བྱེད་པ་མ་ཡིན་གྱི། མངོན་སུམ་སྔོན་དུ་སོང་བའི་རྗེས་སུ་དཔག་པ་རང་གི་བློའི་སྒྲུབ་བྱེད་དུ་འགྱུར་ཏེ། ཅི་སྟེ་ཡང་འདས་པའི་དོན་རིག་པ་ནི་དཔེས་ཤེས་པ་ཡིན་ན། འདས་པ་རིག་པ་ལ་དཔེ་ཡོད་པ་མ་ཡིན་ཏེ། མངོན་སུམ་ལས་འདས་པའི་ཕྱིར་རོ། །དཔེ་མེད་པ་ཉིད་ཀྱིས་རྟགས་ ཀྱང་ཡོད་པ་མ་ཡིན་ན། དེ་མཐོང་བ་ཚད་མ་གང་གིས་སྒྲུབ་ཅིང་། བདག་དང་འབྲེལ་པ་ཅན་ཉིད་ཀྱང་གང་གིས་སྒྲུབ་པར་འགྱུར། དོན་རིག་པ་དེ་ལ་ནི་རང་དང་འབྲེལ་པ་ཅན་དུ་མངོན་སུམ་འཇུག་པ་ཅན་མ་ཡིན་ཞིང་རྗེས་སུ་དཔག་པ་ལ་ཡང་མ་ཡིན་ཏེ། གལ་ཏེ་མངོན་སུམ་གྱི་རིག་པའི་དོན་ཡིན་ན་ འདས་པ་མ་ཡིན་པར་འགྱུར་རོ། །མངོན་སུམ་མེད་པར་ཡང་རྟགས་དང་རྟགས་ཅན་འབྲེལ་པ་འཛིན་པ་མེད་པར་རང་གི་བློ་ལ་རྗེས་སུ་དཔོག་པ་ཡང་མེད་པའི་ཕྱིར། བློ་ཙམ་ཞིག་ཡོངས་སུ་གཅོད་པ་ཡིན་གྱི། བདག་དང་གཞན་འབྲེལ་པ་ཅན་ཉིད་རྟོགས་པ་ནི་མ་ཡིན་ཏེ། རང་རིག་པའི་ངོ་བོ་ ཉིད་ཅན་མཐོང་ན་ནི། གང་གི་རང་རིག་པར་སྣང་བ་དེ་ནི་དེའི་བདག་ཉིད་མཐོང་བ་ཡིན་པའི་ཕྱིར། རང་གི་བློ་ཡོངས་སུ་གཅོད་པར་རིགས་པ་མ་ཡིན་ནོ། །གལ་ཏེ་དེ་ཡི་རང་ངོ་བོར། །སྣང་བ་ཅན་བློ་དེ་མ་ཐག །གཟུགས་སོགས་བཞིན་དུ་འཛིན་འགྱུར་ན། །སྔར་གྱི་བློ་དེ་འཛིན་མི་འགྱུར། ། ཞེས་བྱ་བ་ནི། གལ་ཏེ་དོན་མཐོང་བ་དེའི་རང་གི་ངོ་བོར་སྣང་བ་དེ་ནི་དེའི་རྣམ་པ་ཅན་ཉིད་དེ། གང་ལ་དེ་ཡོད་པའི་བློ་དེ་ཡིས་གཟུགས་མཐོང་བའི་དེ་མ་ཐག་ཏུ་གཟུགས་སུ་སྣང་བར་འཛིན་པར་འགྱུར་རོ། །དཔེར་ན་གཟུགས་ཀྱི་རྣམ་པ་ཅན་གྱི་བློས་གཟུགས་ལ་སོགས་པ་འདས་པ་འཛིན་པ་ བཞིན་ནོ་ཞེས་ཁས་ལེན་པར་བྱེད་ན་ནི། ཕྱོགས་དེ་ལ་ཡང་བློ་འཛིན་པའི་བློ་དེ་ནི་སྔར་གྱི་བློ་གང་ཡིན་པ་དོན་འཛིན་པ་ཅན་དེ་འཛིན་པར་མི་འགྱུར་ཏེ། འདི་ལྟར་གཟུགས་ནི་སྔར་གྱི་གཟུགས་སྣང་བ་མ་ཡིན་ཏེ། མཐོང་བ་ལ་གནས་པའི་གཟུགས་ཀྱི་གཟུགས་བརྙན་ལ་གཟུགས་སོ་སྙམ་དུ་ ཤེས་པ་ཡིན་ལ། ཤེས་པ་གནས་པའི་གཟུགས་བརྙན་མཐོང་བ་ལ་གཟུགས་མཐོང་བ་ཉིད་དུ་བརྗོད་ཀྱི། གཟུགས་མངོན་དུ་བྱེད་པ་ནི་མ་ཡིན་ནོ། །དེ་ལྟར་ན་མཐོང་བའི་རྣམ་པ་ཅན་གྱི་རིག་པ་མཐོང་བའི་རིག་པ་པོ་མ་ཡིན་ཏེ། གཟུགས་མཐོང་བའི་རྣམ་པ་ཅན་གྱི་རིག་པ་རྟོག་པ་མེད་ པའི་ཕྱིར་རོ། །འོན་ཏེ་གཟུགས་སུ་སྣང་བའི་རྣམ་པ་ཅན་གྱི་རིག་པ་ཡང་རིག་པར་འགྱུར་རོ་ཞེ་ན། འོ་ན་ནི་རིག་པ་དེ་ཡང་རིག་པ་གཞན་གྱིས་གཟུང་བར་བྱ་བ་ཡིན་པའི་ཕྱིར། ཐུག་པ་མེད་པར་འགྱུར་རོ། །འོན་ཏེ་གཟུགས་སུ་སྣང་བའི་རྣམ་པ་ཅན་གྱི་རིག་པས་མི་འཛིན་ནོ་ཞེ་ན། དེ་ལྟ་ན་ནི་ ཤེས་པ་གཞན་ལ་གནས་པའི་གཟུགས་མཐོང་བ་མི་རིགས་པའི་ཕྱིར། རང་རིག་པས་རིགས་པ་མ་ཡིན་ནོ། །འོ་ན་གལ་ཏེ་གཟུགས་སུ་སྣང་བའི་ངོ་བོ་ཉིད་རང་རིག་པས་ཡུལ་དུ་བྱེད་པ་ནི་རྟོག་པ་མེད་པར་སྣང་བའི་ཕྱིར། རང་རིག་པ་རྟོག་པ་མེད་པ་ཉིད་ཡིན་ཡང་། གཟུགས་ལ་སོགས་པ་ ཐ་དད་པ་རྣམ་པར་རྟོག་པ་དང་བཅས་པ་ལ་སྣང་བ་ལ་འགལ་བ་ཅི་ཞིག་ཡོད་ཅེ་ན་སྨྲས་པ། ཇི་ལྟར་རང་ཡུལ་ཅན་ཤེས་པ། །ཉམས་མྱོང་དེ་ནི་རྟོག་མེད་ཡིན། །དེ་བཞིན་རྣམ་རྟོག་མེད་གཞན་ཡང་། །བརྡ་བྱས་ནུས་པ་མ་ཡིན་ཕྱིར། །ཞེས་བྱ་བ་ལ། ཇི་ལྟར་རང་སྟེ་བདག་ཉིད་ཀྱི་ཡུལ་གང་ལ་ ཡོད་པའི་ཤེས་པ་ཉམས་སུ་མྱོང་བ་དེ་ནི་མི་རྟོག་པ་སྟེ། དེ་བཞིན་དུ་གཟུགས་འཛིན་པ་གཞན་ཡང་རྟོག་པ་མེད་པ་ཡིན་ཏེ། བརྡར་བྱ་བར་མི་ནུས་པའི་ཕྱིར་རོ། །གཟུགས་འཛིན་པ་གང་ལ་བརྡར་བྱ་བར་མི་ནུས་པ་ཡོད་པ་དེ་དེ་ལྟར་ཡིན་ནོ། །འདིའི་དགོངས་པ་ནི་འདི་ཡིན་ཏེ། མཐོང་བའི་རང་གི་ངོ་བོ་ཉིད་ མྱོང་བ་ཅིའི་ཕྱིར་རྟོག་པ་མེད་པ་ཡིན་ཞེས་བརྩད་པའི་ལན་ནི་འདི་ཡིན་ཏེ། རང་གི་ངོ་བོ་ཉིད་སྣང་བར་གྱུར་པ་ལ་རང་གི་ངོ་བོ་དང་ལྷན་ཅིག་སྒྲ་སྦྱོར་བ་མེད་པའི་ཕྱིར་རོ། །དེ་ལྟ་ཡིན་པས་ཕྱི་རོལ་ཡང་མཐོང་བ་ལ་སྒྲ་སྦྱོར་བར་ནུས་པ་མ་ཡིན་ཏེ། མངོན་དུ་སྣང་བར་གྱུར་པ་ལ་སྦྱོར་བ་དང་བྲལ་བའི་ཕྱིར། གཟུགས་ལ་སོགས་པའི་རང་གི་ངོ་བོ་ཉིད་སྣང་བར་གྱུར་པ་ལ་སྒྲའི་རྣམ་པ་མ་མཐོང་བའི་ཕྱིར་རོ། །དེ་བས་ན་དེ་ཉམས་སུ་མྱོང་བ་རྟོག་པ་མེད་པའོ། །འོ་ན་གལ་ཏེ་གཟུགས་མཐོང་བའི་ཚེ་སྒྲའི་རྣམ་པ་གསལ་བར་སྣང་བ་མ་ཡིན་པ་དེ་ལྟ་ན་ཡང་སྒྲའི་སྤྱི་དྲན་པར་གྱུར་པ་ཡོད་དེ། དེ་ཡིས་ཡོངས་སུ་ བཅད་པའི་སྔོན་པོ་ལ་སོགས་པ་ཤེས་པའི་ཕྱིར། ཕྱི་རོལ་འཛིན་པ་ཅི་སྟེ་རྟོག་པ་མེད་པ་ཡིན་ཞེ་ན། འདི་ལ་རྟ་རུ་རྟོག་པས་བ་ལང་མཐོང་བའི་ཕྱིར་ཞེས་བྱ་བས་ལན་བཏབ་ཟིན་ཏོ། །གཞན་ཡང་། །མི་བརྗོད་ངང་ཚུལ་ཅན་སྒྲ་དང་། །དེ་དང་དོན་གཅིག་ཅན་རྟོག་པ། །རྟོག་པ་ མེད་པ་མེད་ན་ནི། །ཁྱད་པར་ཇི་ལྟར་རྟོགས་པར་འགྱུར། །ཞེས་བྱ་བ་ལ། དཔྱོད་པ་པ་གང་ཞིག་གི་སྤྱི་བརྗོད་པའི་ངང་ཚུལ་གང་ལ་ཡོད་པའི་སྒྲ་རྣམས་དེ་ནི་དེ་ལྟ་བུ་དང་། སྒྲ་དང་ལྷན་ཅིག་དོན་གཅིག་པ་གང་ལ་ཡོད་པའི་རྟོག་པ་དེ་ནི་དེ་ལྟ་བུ་སྟེ། རྒོལ་བ་དེ་ཡིས་རྟོག་པ་མེད་པར་སྣང་བ་མེད་ན། ཁྱད་ པར་རྟོག་པ་ཡོད་པར་ཇི་ལྟར་འགྱུར། འོན་ཏེ་སྒྲ་དང་ལྷན་ཅིག་དོན་གཅིག་པ་ཅན་རྟོག་པ་མ་ཡིན་ཏེ། འོ་ན་ཅི་ཞེ་ན། ཁྱད་པར་ཤེས་པ་ཅན་རྟོག་པ་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་སྒྲ་ཡིས་བཅད་པ་ནི་ཁྱད་པར་ཤེས་པ་མ་ཡིན་པའི་ཕྱིར། འདི་བ་ལང་ཡིན་ནོ་ཞེས་བྱ་བ་ཁྱད་པར་མཐོང་བར་མི་འགྱུར་ཏེ། སྒྲ་སྦྱོར་བའི་ངོ་བོ་ཉིད་བློ་ཡང་གཞན་ཡིན་ཞིང་། ཁྱད་པར་འཛིན་པ་ཡང་གཞན་ཡིན་པའི་ཕྱིར་གསལ་བ་དང་མི་གསལ་བའི་རྣམ་པ་ཐ་དད་པའི་ཕྱིར་དང་། རྒྱུ་ཐ་དད་པའི་ཕྱིར་རོ། །འདི་ལྟར་སྒྲའི་རྣམ་པ་ཅན་ཉིད་ཀྱི་རྒྱུ་བག་ཆགས་ཡིན་ལ། གསལ་བའི་རང་བཞིན་མྱོང་བའི་རྒྱུ་ནི་མིག་ཡིན་ཏེ། འདི་ལྟར་མཐོང་བ་མ་རྟོགས་པར་སྔར་མྱོང་བས་བཞག་པའི་བག་ཆགས་སད་པ་ཉིད་སྒྲའི་སྣང་བ་ཡིན་ནོ། །མིག་ཕྱེ་བ་ན་རྗོད་པར་བྱེད་པ་དྲན་པའི་གཏོད་པ་མེད་ཀྱང་གཟུགས་མཐོང་བའི་དུས་སུ་རྟོག་པ་སྐྱེ་བ་ནི་མ་ཡིན་ནོ། །འོན་ཏེ་རྟོག་པ་མིག་དང་འབྲེལ་པ་ངེས་པ་མེད་ན་གསལ་བའི་ངོ་བོ་ ཉིད་བ་ལང་དེ་ཉིད་འདི་ཡིན་ཞེས་བྱ་བ་གཞི་མཐུན་པའི་སྒྲའི་རྣམ་པ་ཅན་དུ་མི་འགྱུར་རོ་ཞེ་ན། དེ་ནི་ཡོད་པ་མ་ཡིན་ཏེ། མཐོང་བ་དང་གཞི་མཐུན་པ་ཅན་སྒྲ་ཡིས་གཞག་པ་ཤེས་པ་ཙམ་ལས་མཐོང་བ་དང་རྟོག་པ་དག་ལ་རྒྱུ་གཅིག་པ་ཅན་ཉིད་མི་འགྲུབ་པ་སྟེ། རྗེས་སུ་དཔག་པས་ཤེས་པའི་མེ་ དང་མཐོང་བས་གཞག་པའི་གཟུགས་ལ་རི་འདི་ནི་མེ་དང་ལྡན་པའོ་ཞེས་བྱ་བའི་གཞི་མཐུན་པ་ཅན་ཡོད་པའི་ཕྱིར་རོ། །གཞན་ཡང་སྒྲའི་རྣམ་པ་ཅན་ཉིད་རྟོག་པ་ལ་སྣང་བ་ཡིན་ལ། མཐོང་བ་ནི་གསལ་བའི་ངོ་བོ་ཉིད་ཡིན་ན། དེ་ལ་གཞི་མཐུན་པ་ཅན་གང་ཞིག་ཡོད། འོ་ན་ཇི་ལྟར་གཞི་ མཐུན་པའི་ཐ་སྙད་བ་ལང་དེ་ཉིད་འདི་ཡིན་ནོ་ཞེས་བྱ་བར་འགྱུར་ཏེ། ངོ་བོ་གཉིས་རིག་པ་ནི་ཐ་དད་པའི་རྟེན་ཅན་གྱི་དངོས་པོ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། དོན་གཅིག་བྱེད་པ་ན་གཞི་མཐུན་པ་ཅན་གྱི་ཐ་སྙད་ཡིན་པའི་ཕྱིར། དོན་དམ་པར་ནི་གཞི་མཐུན་པ་ཅན་མེད་དོ། འདི་ལྟར་དེ་འདི་ཡིན་ནོ་སྙམ་ པའི་ལྐོག་ཏུ་གྱུར་པ་དང་། ད་ལྟར་བྱུང་བར་སྣང་བ་ཅན་གྱི་ཤེས་པ་གཉིས་ཁོ་ན་ཡིན་ནོ། །གལ་ཏེ་རྟོག་མེད་འགའ་ཞིག་ཀྱང་། །ཡོད་ན་དེ་དང་མཚུངས་རྒྱུ་ཅན། །ཐམས་ཅད་དེ་བཞིན་འབྲས་ཐ་དད། །རྒྱུ་ཡི་ཐ་དད་ལས་འགྱུར་ཕྱིར། །ཞེས་བྱ་བ་ལ། འོན་ཏེ་རྣམ་པར་རྟོག་པ་མེད་པ་ཡང་དང་པོ་ འགའ་ཞིག་མཐོང་བ་ཡོད་པ་དེས་ཁྱད་པར་རྟོགས་སོ་ཞེ་ན། དེ་ལྟ་ན་ནི་རྟོག་པ་མེད་པ་དེ་དང་ལྷན་ཅིག་མཚུངས་པའི་རྒྱུ་མིག་དང་དོན་དག་ཤེས་པ་གཞན་གང་ཞིག་ལ་ཡོད་པ་དེ་དེ་བཞིན་དུ་ཤེས་པ་ཐམས་ཅད་རྟོག་པ་མེད་པར་འགྱུར་ཏེ། གང་གི་ཕྱིར་རྒྱུ་ཐ་དད་པས་འབྲས་བུ་རྟོག་པ་མེད་པའི་ ཤེས་པ་རྣམས་ཐ་དད་པའི་ཕྱིར་རོ། །དེ་བས་ན་མིག་ལ་སོགས་པ་ལས་སྐྱེས་པ་ཐམས་ཅད་རྟོག་པ་མེད་པ་ཁོ་ནའོ། །འོན་ཏེ་དོན་གྱིས་ཕན་བཏགས་པ་ཉིད་དུ་རྟོག་པ་རིག་པ་ཡིན་ཏེ། འདི་བ་ལང་ཡིན་ནོ་སྙམ་པའོ། །དེའི་ཕྱིར་རྟོག་པ་དང་མཐོང་བའི་རྒྱུ་ཐ་དད་པར་གྲུབ་པ་མེད་དོ་ཞེ་ན། སྨྲས་ པ། བརྡ་དྲན་ཕྱིར་ན་སྦྱོར་བ་ནི། །ཕྱི་རོལ་དོན་ལ་ལྟོས་མེད་ཅན། །དེ་བཞིན་བརྡ་ལ་ལྟོས་མེད་པར། །དངོས་ནུས་ཉིད་ཀྱིས་མིག་བློར་འགྱུར། །ཞེས་བྱ་བ་ལ། ཕྱི་རོལ་གྱི་དོན་ལ་ལྟོས་པ་མེད་པ་གང་ཡིན་པའི་སྒྲ་སྦྱོར་བ་དེ་ནི་སྔར་ཉམས་སུ་མྱོང་བའི་སྒྲའི་བརྡ་དྲན་པ་ཉིད་ཀྱི་རྒྱུ་ལས་འབྱུང་བ་ཡིན་ལ། མིག་གི་བློ་ནི་སྒྲའི་བརྡ་ལ་མི་ལྟོས་པ་ཉིད་དུ་ཡུལ་རུང་བ་ན་གནས་པའི་དངོས་པོའི་ནུས་པ་དང་མིག་གིས་བསྐྱེད་པ་སྟེ། དེ་བས་ན་མིག་གི་བློ་ལ་རྟོག་པའི་རྒྱུ་བརྡ་དྲན་པ་མེད་པའི་ཕྱིར་སྒྲའི་རྣམ་པ་ཅན་ནི་མ་ཡིན་ཏེ། རྒྱུ་ལས་འདས་ནས་འབྲས་བུ་སྐྱེ་བ་མེད་པའི་ཕྱིར་རོ། །གལ་ཏེ་དབང་པོ་དང་ གཟུགས་ཀྱི། །སེམས་ནི་བརྡ་དྲན་ལ་ལྟོས་ཅན། །ལྟོས་མེད་མ་ཡིན་རྟགས་བཞིན་དུ། །དྲན་པ་ཉིད་ལས་ནུས་པ་ཡིན། །ཞེས་བྱ་བ་ལ། འོ་ན་བ་ལང་ངོ་སྙམ་པའི་རྟོག་པ་དང་བཅས་པ་དབང་པོའི་སེམས་བརྡ་དྲན་པ་དེ་ལ་ལྟོས་པ་ཅན་གྱི་གཟུགས་དང་དབང་པོ་ནུས་པ་ཅན་ཡིན་གྱི། བརྡ་ དྲན་པ་ལ་ལྟོས་པ་མེད་པར་གཟུགས་འགའ་ཞིག་རྟོག་པ་དང་བཅས་པའི་ཤེས་པ་ལ་ནུས་པ་ཡོད་པ་མ་ཡིན་ནོ་ཞེས་ཁས་བླང་བར་བྱའོ་ཞེ་ན། འདིར་སྨྲས་པ། རྗོད་པར་བྱེད་པའི་བརྡ་དྲན་པའི་ངོ་བོ་ཉིད་ལ་ནུས་པ་ཅན་ཡིན་གྱི། དབང་པོའི་སེམས་ལ་མ་ཡིན་ཏེ། འདི་ལྟར་ ངེས་པའི་སྒྲ་དྲན་པ་མེད་ན་སྒྲ་སྦྱོར་བ་མ་ཡིན་ཞིང་། ངེས་པའི་དོན་མཐོང་བ་མེད་ན་ཡང་ངེས་པའི་ཚིག་དྲན་པ་སྐྱེ་བ་མ་ཡིན་ནོ། །དེ་བས་ན་བ་ལང་མཐོང་བ་ཡོད་ན་བ་ལང་གི་སྒྲ་དྲན་པར་འགྱུར་ལ་བ་ལང་གི་སྒྲ་དྲན་པར་གྱུར་ན་ཡང་བ་ལང་ངོ་སྙམ་དུ་རྟོག་པ་སྐྱེ་བར་འགྱུར་བ་དེའི་ཕྱིར་མཐོང་བའི་རྣམ་པ་ ནི་རྗོད་པར་བྱེད་པ་དྲན་པའི་རྟགས་ཉིད་དུ་རིགས་ཏེ། དེ་བས་ན་སྦྱོར་བས་རྟོགས་པ་ཐམས་ཅད་ནི་རྟགས་ཅན་ཡིན་ནོ། །འོན་ཏེ་རིགས་མ་མཐོང་ན་ཇི་ལྟར་རྟགས་ལས་ཤེས་པར་འགྱུར་ཞེ་ན། མ་ཡིན་ཏེ། ཡན་ལག་མཚུངས་པ་ཉིད་རིགས་ཡིན་པའི་ཕྱིར་རོ། །ཡན་ལག་མཚུངས་པ་ནི་སྔར་ མཐོང་བ་དེ་ད་ལྟར་དྲན་པ་ཡིན་ཏེ་ཡན་ལག་དང་ལྡན་པ་ཅན་གྱི་འདྲ་བ་གཞན་ཡིན་ནོ། །མཚུངས་པའི་ཐ་སྙད་ཀྱི་ཡུལ་ཅན་གྱི་ཤེས་པ་རྣམས་ལ་འདྲ་བ་ཉིད་དེ། བློ་མཚུངས་པར་རྟོགས་པའི་ཕྱིར་བློ་ཡང་མཚུངས་པ་ཉིད་ཡིན་ལ། རྟོགས་པ་མཚུངས་པའི་ཕྱིར་རྟོགས་པ་ཐ་དད་པ་མེད་པར་བག་ ཆགས་ཐོག་མ་མེད་པའི་སྟོབས་ཀྱིས་བསྐྱེད་པ་ཡིན་ནོ། །དེ་བས་ན་སྒྲ་སྦྱོར་བ་དང་རིགས་སྦྱོར་བ་ནི་རྟགས་ཁོ་ན་ལས་ཡིན་གྱི། དབང་པོ་ལས་སྐྱེ་བ་མ་ཡིན་ནོ། །རྟགས་ནི་དེ་དང་འདྲ་བའི་རང་བཞིན་མཐོང་བ་ཡིན་ནོ། །འོན་ཏེ་དབང་པོའི་སྟོབས་ལས་སྐྱེས་པའི་སྦྱོར་བ་མངོན་སུམ་ཉིད་ དུ་བརྗོད་དོ་ཞེ་ན། དེ་ལྟ་ན་ནི་རྗེས་སུ་དཔག་པ་ཐམས་ཅད་དབང་པོ་ལས་སྐྱེས་པ་ཡིན་པའི་ཕྱིར་མངོན་སུམ་ཉིད་དུ་འགྱུར་ཏེ། རི་ལ་མེ་ཡོད་དོ་ཞེས་རི་དང་མེ་སྦྱོར་བ་ནི་དབང་པོའི་བྱེད་པ་མེད་ན་མི་འབྱུང་བའི་ཕྱིར། མངོན་སུམ་ཉིད་དུ་འགྱུར་རོ། །འོན་ཏེ་མེ་ལ་ནི་རྗེས་སུ་དཔོག་པ་ཡིན་གྱི་མེ་དང་ སྦྱོར་བ་ནི་མངོན་སུམ་ཉིད་ཡིན་ནོ་ཞེ་ན། འོ་ན་ས་ཕྱོགས་ནི་མངོན་སུམ་ཡིན་ལ་མེར་རྟོག་པ་ནི་རྗེས་སུ་དཔག་པ་ཡིན་ནོ་ཞེས་བྱ་བར་ཡང་བརྗོད་པར་ནུས་པ་མ་ཡིན་ནམ། མེ་ལ་ནི་མཐོང་བ་ཡོད་པ་མ་ཡིན་ལ། མ་མཐོང་བ་ཡང་སྦྱོར་བ་ནི་མི་རུང་ངོ་། །དེ་བས་ན་རྗེས་སུ་དཔག་པས་ཉེ་བར་ བླང་བར་བྱ་བ་ཉིད་སྦྱོར་བ་དེ་རྟོགས་པ་ཡིན་གྱི། མངོན་སུམ་ནི་སྦྱོར་བ་དང་བྲལ་བ་ཡིན་ནོ། །འོན་ཏེ་དྲན་པས་དྲངས་པའི་མིང་ལ་སོགས་པ་ལྐོག་ཏུ་གྱུར་པ་ལ་ཡང་མངོན་སུམ་འཇུག་པར་འགྱུར་བའི་ཕྱིར། མངོན་སུམ་གྱིས་སྦྱོར་བར་བྱེད་པ་ཡིན་ནོ་ཞེ་ན། འདིར་སྨྲས་པ། །དེ་དག་འདུས་པས་དེ་ སྐྱེད་ཕྱིར། །དྲན་ལས་དབང་པོའི་བློར་འགྱུར་བའམ། །མིན་ཏེ་དེ་ལས་དུས་གཞན་འགྱུར། །ལ་ལར་རྣམ་གཡེང་སྲིད་ཕྱིར་རོ། །ཞེས་བྱ་བ་ལ། དྲན་པ་དེ་དག་འདུས་པ་ལས་ཏེ་ཉེ་བར་གྱུར་པ་ལས་དབང་པོའི་བློ་དེ་སྐྱེད་པའི་རྒྱུའི་ཕྱིར། དྲན་པ་ལས་དབང་པོའི་བློར་འགྱུར་གྱི་དོན་ཉེ་བ་ལ་ལྟོས་པ་ ནི་མ་ཡིན་ནོ། །གལ་ཏེ་དྲན་པར་གྱུར་པའི་མིང་ལ་སོགས་པ་ལ་འཇུག་པར་འགྱུར་རོ། །འོན་ཏེ་དོན་ཉེ་བར་གྱུར་པ་ལ་རྟེན་པར་བྱེད་དོ་ཞེ་ན། མ་ཡིན་ཏེ། དབང་པོའི་བློ་དྲན་པ་ལས་སྐྱེ་བ་མ་ཡིན་ཏེ། དོན་མངོན་དུ་བྱེད་པ་ནི་དྲན་པ་མ་ཡིན་པའི་ཕྱིར་རོ། །གཞན་ཡང་དུས་གཞན་དུ་ཡང་མིང་ལ་ སོགས་པ་དྲན་པ་དེ་ལས་དབང་པོའི་བློར་འགྱུར་ཏེ། ཡུལ་ལ་ལར་རྣམ་པར་གཡེངས་པ་ཡང་ཕྱིས་དེའི་ངོ་བོ་ཉིད་ཀྱི་རྣམ་པའི་དྲན་པ་དེ་སྲིད་པའི་ཕྱིར་རོ། །དེ་བས་ན་དབང་པོའི་ཤེས་པ་དུས་གཞན་དུ་དྲན་པའི་ངོ་བོ་ཉིད་ཅན་དུ་འགྱུར་རོ། །གལ་ཏེ་ཡང་དོན་རྟོག་པ་མེད་པའི་ཤེས་པའི་རྒྱུ་ ཡིན་པས་རྟག་ཏུ་རྟོག་པ་མེད་པའི་ཤེས་པ་སྐྱེ་བའི་རྒྱུ་དོན་ཡིན་པའི་ཕྱིར་རྟོག་པ་དང་བྲལ་བ་ཉིད་མངོན་སུམ་ཡིན་ནོ། །རིམ་གྱིས་གཉི་གའི་རྒྱུར་འགྱུར་ན། །ཐ་དད་མེད་ཕྱིར་སྔོན་ཉིད་འགྱུར། །ཞེས་བྱ་བ་ནི། རིམ་གྱིས་དོན་ནི་ཤེས་པ་གཉི་གའི་རྒྱུར་འགྱུར་ཏེ། དང་པོ་ནི་རྟོག་པ་མེད་པའི་ཤེས་པ་སྐྱེད་ པར་བྱེད་ལ། ཕྱི་ནས་ནི་རྟོག་པའོ་ཞེ་ན། དྲན་པ་ལས་སྔ་མའི་ཤེས་པའི་དུས་ཉིད་དུ་རྣམ་པར་རྟོག་པའི་ཤེས་པ་ཐ་དད་པ་མེད་པའི་དོན་གྱི་རྒྱུ་ལས་སྐྱེ་བར་འགྱུར་རོ། །འོན་ཏེ་དྲན་པའི་གྲོགས་ཅན་དབང་པོ་དང་དོན་གྱི་རྟོག་པ་སྐྱེད་པ་ཡིན་ནོ་ཞེ་ན། མིག་གི་སྐྱེ་མཆེད་གྲོགས་བྱེད་པ་ཅན་གྱིས་དྲན་ པ་མ་མཐོང་བ་མ་ཡིན་ནམ། དབང་པོ་རྣམས་སྔ་ཕྱིར་མིང་ལ་སོགས་པ་ལ་མི་འཇུག་པའི་ཕྱིར་རོ། །དྲན་པའི་གྲོགས་བྱེད་པ་ཐོབ་པ་ཙམ་གྱིས་ཡུལ་མ་ཡིན་པ་ལ་མིག་འཇུག་པ་མ་ཡིན་ཏེ། དྲན་པ་དང་ཉི་མ་ཤར་བར་གྱུར་ཀྱང་མིག་ཉམས་པར་གྱུར་པ་ཅན་གྱི་སྐྱེས་བུས་གཟུགས་འཛིན་ པར་སྐྱེ་བ་ནི་མ་ཡིན་ནོ། །གཟུགས་གསལ་བར་གྱུར་ན་དྲན་པའི་གྲོགས་བྱེད་པ་མེད་ཀྱང་མིག་འཇུག་པར་འགྱུར་ཏེ། དྲན་པ་མེད་པར་གྱུར་ཀྱང་གསལ་བའི་རང་བཞིན་དུ་སྐྱེ་བའི་ཕྱིར་རོ། །འོན་ཏེ་མཐོང་བས་གཞག་པའི་སྒྲའི་རྣམ་པས་དྲན་པ་སྐྱེད་དོ་ཞེ་ན། དེ་ནི་མ་ཡིན་ཏེ། གལ་ཏེ་སྒྲའི་རྣམ་པ་གསལ་བའི་ངོ་བོ་ཉིད་ཀྱི་སྤྱོད་ཡུལ་ཅན་ཡིན་ན་དང་པོ་ཉིད་དུ་འགྱུར་བ་ཡིན་ཏེ། དེ་མཐོང་བར་ཐ་དད་པ་མེད་པའི་ཕྱིར་རོ། །འོན་ཏེ་གསལ་བའི་རྣམ་པ་ཅན་ལས་ལྷག་པར་གྱུར་པ་མིང་གིས་ཤེས་པ་སྣང་བར་འགྱུར་རོ་ཞེ་ན། དེ་ལྟ་ན་འོ་ན་གསལ་བའི་རྣམ་པ་ལས་རྣམ་པ་གཞན་ སྣང་བ་ཅན་དུ་འཛིན་པའི་ཤེས་པ་གཞན་ཉིད་དུ་འགྱུར་ཏེ། མིང་ལ་སོགས་པའི་ཤེས་པ་ལ་མཐོང་བའི་བྱེད་པ་མེད་པའི་ཕྱིར་རོ། །དབང་བློའི་རྒྱུ་ནི་གཞན་ཡིན་ན། །དེ་ལ་དྲན་པ་དོན་མེད་འགྱུར། །ཞེས་བྱ་བ་ལ། འོན་ཏེ་དྲན་པར་གྱུར་པའི་རྣམ་པ་ལས་གཞན་པ་ཉིད་ཀྱིས་གསལ་བའི་རྣམ་པ་ ཅན་གྱི་དོན་དབང་པོའི་བློའི་རྒྱུ་ཡིན་པ་དེ་བས་ན་དེ་ཉིད་ཡུལ་དུ་འགྱུར་རོ་ཞེ་ན། དེ་ལྟ་ན་འོ་ན་གསལ་བའི་རྣམ་པ་ཅན་དེ་ལ་དྲན་པ་དོན་མེད་པར་འགྱུར་ཏེ། གསལ་བར་འཛིན་པ་དེ་ལ་དྲན་པ་ནི་བྱེད་པ་དང་ལྡན་པ་མ་ཡིན་པའི་ཕྱིར་དྲན་པ་མེད་པ་ཡང་གསལ་བའི་རྣམ་པ་ཅན་རྟོགས་པའི་ཕྱིར་རོ། །ཇི་ ལྟར་བརྡར་བྱས་གྲུབ་བྱའི་ཕྱིར། །བརྡ་ནི་དྲན་པར་འདོད་པ་དང་། །ཐ་དད་བརྡར་བཏགས་མེད་འཛིན་ན། །དེ་ལ་དྲན་པའི་དོན་ཅན་གང་། །ཞེས་བྱ་བ་ནི། གལ་ཏེ་དྲན་པའི་གྲོགས་ཅན་གྱི་དབང་པོ་གཟུགས་ལ་སོགས་པ་ལ་འཇུག་ན་མིང་ལ་སོགས་པ་དྲན་པ་མེད་ན་གཟུགས་སྣང་བར་མི་འགྱུར་ ཏེ། ཇི་ལྟར་འདི་ཡིན་ནོ་ཞེས་ཉེ་བར་འཇོག་པ་མེད་པའི་ཕྱིར་མི་འགྱུར་ན་འདི་ཡིན་ནོ་སྙམ་དུ་སེམས་པའི་ཉེ་བར་འཇོག་པ་མེད་ཀྱང་གཟུགས་མཐོང་བ་ཡོད་པ་ཡིན་ནོ། །སྒྲ་ཡིས་ཉེ་བར་གཞག་པ་ལས་སྐྱེས་པའི་ཤེས་པ་ལ་ཕུལ་དུ་བྱུང་བ་མེད་པའི་ཕྱིར། དེ་ལ་ཉེ་བར་འཇོག་པས་དགོས་པ་ཅི་ཞིག་ ཡོད། འོན་ཏེ་ཉེ་བར་འཇོག་པ་ཡོད་ན་གཟུགས་ལ་སོགས་པ་ལ་འཇུག་པར་ངེས་ཏེ། དེ་དང་འདིའི་ཞེས་བདེ་བ་དང་སྡུག་བསྔལ་གྱིས་སྒྲུབ་པ་ལ་འཇུག་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། ཉེ་བར་འཇོག་པ་མེད་ཀྱང་འཇུག་པའི་ཕྱིར་རོ། །རྟོག་པ་མེད་པ་ལས་ཀྱང་སྔར་གོམས་པའི་སྟོབས་ ཀྱིས་འཇུག་པར་མཐོང་བ་ཡིན་ཏེ། འདི་ལྟར་རྟའི་རྟོག་པ་ནི་བ་ལང་མཐོང་བ་ཉིད་ལས་ཀྱང་འཇུག་པའི་ཕྱིར་རོ། །དེ་བས་ན་འཇུག་པར་འགྱུར་བ་ལ་ཡང་ངེས་པའི་བྱེད་པ་ཡོད་པ་མ་ཡིན་ནོ། །འོ་ན་གལ་ཏེ་གོམས་པས་མཐོང་བ་ཉིད་ལ་འཇུག་པ་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་མིང་ལ་སོགས་པ་དྲན་པ་ མེད་པར་ཡང་དང་པོའི་དུས་སུ་འཇུག་པར་མི་འགྱུར་བ་ཡིན་ནོ། །དེ་བས་ན་དང་པོ་འཇུག་པའི་དོན་དུ་འཇུག་པ་ལ་དྲན་པ་ཡོད་པ་ཡིན་ནོ་ཞེ་ན། འདི་ལ་སྨྲས་པ། གསལ་བའི་རྣམ་པ་ཅན་གྱི་ཐ་དད་པ་བརྡར་བཏགས་པ་མེད་པ་སྟེ། སྒྲ་ཡིས་མ་སྦྱར་བ་ཉིད་ཀྱིས་གཟུང་བར་བྱ་བ་ཐ་དད་པ་དེ་ལ་དྲན་པ་ གཞན་ཅིའི་ཕྱིར་བྱེད་དེ་དོན་མེད་པ་ཡིན་ནོ། །ཇི་ལྟར་བརྡར་བཏགས་པ་ནི་ཐ་སྙད་འགྲུབ་པར་བྱ་བའི་དོན་དུ་བརྡ་དྲན་པར་འདོད་དེ། ཐ་དད་པ་སྒྲ་ཡིས་ཁྱད་པར་འཛིན་པ་ནི་མ་ཡིན་པའི་ཕྱིར། གསལ་བའི་ངོ་བོ་ཉིད་རྟོགས་པ་ལ་མིང་ལ་སོགས་པ་དྲན་པ་ལ་དགོས་པ་དང་ལྡན་པ་ནི་མ་ཡིན་ནོ། །དང་པོར་ འཇུག་པ་ནི་རྗེས་སུ་དཔག་པ་ལས་འགྱུར་བ་ཡིན་པའི་ཕྱིར། གཟུགས་མཐོང་བ་ལ་སྒྲའི་ཉེ་བར་འཇོག་པའི་བྱེད་པ་མ་ཡིན་ཞིང་། འཇུག་པ་ལ་ཡང་མ་ཡིན་ནོ། །སྒྲའི་དོན་ལ་གོམས་པ་ནི་དོན་མེད་པ་ཉིད་ཡིན་ཡང་རྟོག་པ་འཇུག་པར་འགྱུར་རོ། །འོ་ན་དབང་པོའི་ཤེས་པ་ལ་སྣང་བ་ནི་སྤྱི་ཉིད་ཡིན་ ཏེ། སྔར་མཐོང་བའི་ཐ་དད་པ་ནི་མ་ཡིན་ནོ་ཞེ་ན། །སྤྱི་ཙམ་འཛིན་པ་ཡིན་ན་ནི། །ཁྱད་པར་ལ་ལྟོས་མི་རུང་ངོ་། །དེ་བས་མིག་དང་གཟུགས་དག་ལ། །བརྟེན་ནས་མིག་གི་བློ་སྐྱེར་འགྱུར། །ཞེས་བྱ་བ་ལ། མངོན་སུམ་གྱིས་ཁྱད་པར་དང་བྲལ་བའི་སྤྱི་ཙམ་ཞིག་འཛིན་པ་ཡིན་ན་ནི་ཁྱད་པར་དུ་སྣང་བ་ འདོད་པ་ཐོབ་པར་མི་འགྱུར་བ་ལས་ཁྱད་པར་འདོད་པ་ཡང་ཡིན་ཏེ། འདི་ལྟར་ཤིང་ཞེས་བྱ་བའི་སྤྱི་ཙམ་འཛིན་པ་ཡིན་ན་ཡང་ཤིང་ཇི་ལྟ་བུ་ཡིན་ཞེས་ཚར་པ་ལ་སོགས་པ་འདོད་པར་སྣང་བའི་ཕྱིར། སྔ་ཕྱི་དྲན་པ་མ་རྟོགས་པར་སྤྱི་འཛིན་པ་ཡོད་པ་མ་ཡིན་ཞིང་རྗོད་པར་བྱེད་པའི་སྒྲ་དྲན་པ་ནི་མཐོང་བ་ ལ་བྱེད་པ་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་མིག་དང་གཟུགས་ལ་བརྟེན་ནས་མིག་གི་བློ་སྐྱེ་བར་འགྱུར་ཏེ། འདི་ལྟར་ཕྱི་རོལ་ན་གནས་པའི་གཟུགས་ཙམ་ལ་མིག་འཇུག་པ་མཐོང་བ་ཡིན་ན། ཇི་ལྟར་སྒྲ་དང་སྤྱིའི་ཡུལ་ཅན་དུ་འགྱུར། དེ་བས་ན་དྲན་པའི་སྔར་ཕྱིས་མིག་གི་རིག་པས་སྔ་མ་དང་ཕྱི་མ་ འཛིན་པ་མ་ཡིན་ཏེ། རྟོག་པ་མེད་པ་ནི་ཉེ་བ་ཙམ་ཞིག་སྣང་བ་ཡིན་པའི་ཕྱིར་རོ། །སྒྲ་ཡིས་ཉེ་བར་གཞག་པ་ནི་བརྡ་དྲན་པས་བླང་བར་བྱ་བའི་སྐྱེ་བ་ཅན་ཡིན་པའི་སྔ་མ་དང་ཕྱི་མ་ལ་རྟོག་པ་ཅན་གྱི་ཡིད་ཉིད་ཡིན་ནོ། །དེའི་ཕྱིར་མངོན་སུམ་རྟོག་པ་དང་བྲལ་བར་གྲུབ་པ་ཡིན་ནོ། ། འོ་ན་ཅིའི་ཕྱིར་གཉིས་ལ་རག་ལས་ནས་སྐྱེ་བ་དབང་པོ་ལ་བརྟེན་པར་བརྗོད་ཀྱི་ཡུལ་ལ་བརྟེན་པར་མ་ཡིན་ནོ་ཞེས་བྱ་བ་སློབ་དཔོན་གྱི་གཞུང་འདིའི་དོན་ནི་འདི་ཡིན་ཏེ། མིག་ལ་རག་ལས་པ་དང་ཡུལ་ལ་རག་ལས་པ་ནས་མངོན་སུམ་སྐྱེ་བ་ཡིན་ན། ཅིའི་ཕྱིར་དབང་པོ་ལ་བརྟེན་པ་ཞེས་བྱའི། ཡུལ་ ལ་བརྟེན་པ་ཞེས་མི་བྱ་ཞེས་བྱ་བའི་ཐ་ཚིག་གོ། །གཟུགས་ལ་སོགས་པའི་ཡུལ་གྱི་སྒོ་ནས་ཀྱང་བརྗོད་པར་རིགས་ཀྱི་དབང་པོ་འབའ་ཞིག་ལས་མ་ཡིན་ཏེ། དབང་པོ་ལས་སྐྱེས་པ་ཁོ་ནས་མངོན་སུམ་མ་ཡིན་ཏེ། རབ་རིབ་ཀྱིས་བཅོམ་པའི་མིག་ལས་སྐྱེས་པས་ཟླ་བ་གཉིས་སུ་མཐོང་བ་ མངོན་སུམ་མ་ཡིན་པའི་ཕྱིར་རོ། །ཡུལ་གྱི་རྣམ་པ་ཅན་གྱི་མཐོང་བ་ལ་འཇུག་པ་ནི་ཐམས་ཅད་མངོན་སུམ་ཁོ་ན་ཡིན་པ་དེ་བས་ན། ཡུལ་ལ་མི་འཁྲུལ་པ་ཅན་ནི་མངོན་སུམ་ཡིན་ལ། བརྗོད་པ་ཡང་འཁྲུལ་པ་མེད་པར་རིགས་པ་ཡིན་ནོ་ཞེ་ན། འོ་ན་ཡུལ་གྱི་ཕན་བཏགས་པའི་ཟླ་བ་ གཉིས་སུ་སྣང་བ་འཁྲུལ་པ་ཉིད་མ་ཡིན་ནམ། དེའི་ཕྱིར་ཡུལ་གྱི་སྟོབས་ཀྱིས་བསྐྱེད་པ་ཡིན་ན་ཡང་ཐམས་ཅད་ཕྱིན་ཅི་མ་ལོག་པ་མ་ཡིན་ནོ། །འོན་ཏེ་ཟླ་བ་ནི་ཟླ་བ་གཉིས་སུ་སྣང་བའི་ཤེས་པའི་ཡུལ་མ་ཡིན་ཏེ་ཤེས་པ་ལ་དྲན་པ་འཇོག་པར་ནུས་པ་མེད་པའི་ཕྱིར། དེ་ཡུལ་མ་ཡིན་ནོ་ཞེ་ན། དེ་ ལྟ་ན་འོ་ན་ནི་ཕྱིན་ཅི་ལོག་ཏུ་སྣང་བའི་རྒྱུ་དབང་པོ་ཉིད་མ་ཡིན་ཏེ། རྣམ་པ་རབ་རིབ་ཀྱིས་བཅོམ་པའི་རྒྱུ་ཅན་ཡིན་པའི་ཕྱིར། ཉེ་བར་བཅོམ་པའི་དབང་པོ་ནི་དབང་པོ་ལྟར་སྣང་བ་ཡིན་ནོ། །དེ་ལྟ་བས་ན་མིག་དང་ཡུལ་དག་མཚུངས་པ་ཡིན་ན་བརྩད་པར་རིགས་ཏེ། ཡུལ་ཡང་དབང་པོ་བཞིན་མངོན་ སུམ། །ཤེས་པ་སྐྱེད་པར་ནུས་ན་ནི། །འོ་ན་ཅིའི་ཕྱིར་གཉིས་ལྟོས་པའི། །སྐྱེ་བ་དེ་ནི་དེས་མི་བརྗོད། །ཅེས་བྱ་བ་ལ། འོ་ན་གལ་ཏེ་མངོན་སུམ་གྱི་ཤེས་པ་སྐྱེད་པ་ལ་ཡུལ་ལ་ནུས་པ་མངོན་དུ་ཡོད་དེ་དབང་པོ་བཞིན་ཡིན་ན་ནི། དེ་ལྟ་ན་ནི་དབང་པོ་དང་ཡུལ་གཉིས་ལ་རག་ལས་ནས་མངོན་སུམ་ སྐྱེ་བ་དེ་ནི། ཡུལ་དེའི་སྒོ་ནས་ཡུལ་ལ་བརྟེན་པའོ་ཞེས་ཅིའི་ཕྱིར་མི་བརྗོད་ཅེ་ན་འདིར་སྨྲས་པ། རྟོགས་པར་བྱེད་པ་ཉིད་དཔྱད་ནས། །ཐ་སྙད་ངེས་པར་སྦྱོར་བར་བྱེད། །ད་ཡང་དབང་པོའི་མིང་ལ་ཡོད། །དེ་ཡི་ཆོས་ཀྱང་ངེས་སྦྱོར་ཡིན། །ཞེས་བྱ་བ་ལ། ཐ་སྙད་ཐམས་ཅད་ནི་བརྗོད་པར་འདོད་ པའི་དངོས་པོ་སྟོན་པ་ན། རྟོགས་པར་བྱེད་པ་དཔྱད་ནས་སྦྱོར་བར་བྱེད་དེ། གང་ལ་གོ་བར་བྱེད་པ་མེད་པའི་སྒྲ་དེ་ནི་སྦྱོར་བ་མ་ཡིན་ནོ། །མངོན་སུམ་གྱི་རང་གི་ངོ་བོ་གོ་བར་བྱེད་པ་ཡང་དབང་པོ་ལ་བརྟེན་པའི་མིང་གིས་ནུས་པ་སྟེ། གང་དབང་པོ་ལ་བརྟེན་པ་དེ་མངོན་སུམ་ཡིན་ལ། ཉེ་བར་བཅོམ་པའི་ དབང་པོས་མ་ངེས་པ་ནི་གསལ་བ་ཡིན་ནོ། །རྟོགས་པར་བྱེད་པ་དེའི་ཆོས་ཀྱང་ངེས་པར་སྦྱར་བར་འོས་པ་ཡིན་ཏེ། དེས་ན་དབང་པོའི་སྒོ་ནས་མངོན་སུམ་ཞེས་བྱ་བས་བརྡར་བཏགས་པ་ཡིན་ནོ། །འོན་ཏེ་ཡུལ་དང་ལྷན་ཅིག་འཁྲུལ་པ་མེད་དེ། ཟླ་བ་ནི་འཁྲུལ་པའི་ཤེས་པའི་ཡུལ་མ་ཡིན་པའི་ཕྱིར་རོ་ ཞེ་ན། དེ་ནི་མ་ཡིན་ཏེ། གལ་ཏེ་ཟླ་བ་ཡུལ་མ་ཡིན་ན་སྐྱེས་བུ་གཞན་གྱི་མངོན་སུམ་གྱི་ཡུལ་དུ་འདི་ཇི་ལྟར་འགྱུར། དབང་པོ་ལས་སྐྱེས་པ་ཉིད་ནི་དབང་པོ་གཅིག་ཡོད་པ་དང་མེད་པའི་རྗེས་སུ་འབྲེལ་བའི་ཕྱིར། དབང་པོའི་ནི་ཐུན་མོང་མ་ཡིན་པའི་རྒྱུ་ཡིན་པའི་ཕྱིར། ཐ་སྙད་གདགས་པའི་རྒྱུ་མཚན་ཡིན་ གྱི། ཡུལ་ནི་མ་ཡིན་ཏེ། དེ་ནི་སྐྱེ་བོ་ཐམས་ཅད་ཀྱི་ཐུན་མོང་བ་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ནས་ཀྱི་མྱུ་གུ་ཞེས་བྱ་བ་ནི་ཐུན་མོང་མ་ཡིན་པའི་ཐ་སྙད་དུ་སྣང་བ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །འོན་ཏེ་ཡུལ་ལ་བརྟེན་པ་ཞེས་བྱ་བ་ཡུལ་གྱི་བདག་ཉིད་ཅན་ཤེས་པ་ཡིན་པར་འདོད་དོ་ཞེ་ན། དེ་ལྟ་ ན་ནི་རང་རིག་པ་ཉིད་མངོན་སུམ་དུ་འགྱུར་གྱི། དབང་པོ་ལས་སྐྱེས་པ་ནི་གོ་བར་བྱེད་པར་མི་འགྱུར་རོ། །འོན་ཏེ་འཇིག་རྟེན་ལ་གྲགས་པས་ཡུལ་འཛིན་པར་བརྗོད་དོ་ཞེ་ན། མ་ཡིན་ཏེ། མངོན་སུམ་ཞེས་བྱ་བ་ཉིད་འཇིག་རྟེན་ལ་གྲགས་པས་འདི་ཉིད་ཀྱིས་ཆོག་མོད། བརྗོད་པ་གཞན་གྱིས་ཅི་ཞིག་ བྱ། བྱེ་བྲག་ཏུ་སྨྲ་བའི་ལྟ་བ་ལ་ཡང་ཡིད་ཀྱི་རྣམ་པར་ཤེས་པ་མངོན་སུམ་དུ་འགྱུར་ཏེ་ཡུལ་འཛིན་པའི་ཕྱིར་རོ། །དེ་ལྟར་ཡང་ཡུལ་ནི་ཐུན་མོང་བ་ཡིན་ཏེ། ཡིད་ཀྱི་རྣམ་པར་ཤེས་པ་དང་གཞན་གྱི་རྒྱུ་ལ་ཡོད་པའི་ཤེས་པའི་རྒྱུ་ཡིན་པའི་ཕྱིར་རོ། །དེ་བས་ན་དབང་པོའི་སྒྲ་ཡིས་བརྗོད་པས་མངོན་ སུམ་ནི་རྟོག་པ་དང་བྲལ་བའི་ངོ་བོ་ཉིད་དུ་མཚོན་པར་ནུས་ཀྱི། ཡུལ་གྱི་སྒྲ་ཡིས་བརྗོད་པ་ལས་ནི་མ་ཡིན་ནོ། །འོན་ཏེ་ཡུལ་བརྗོད་པས་ཀྱང་རྟོག་པ་དང་བྲལ་བར་སྟོན་པར་ནུས་ཏེ། འདི་ལྟར་དོན་གྱི་སྟོབས་ཀྱིས་སྐྱེ་བའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ། ཟླ་བ་གཉིས་སྣང་བ་ན་དོན་ལས་ སྐྱེ་བ་མེད་པའི་ཕྱིར་རོ། །དེས་ན་དེ་རྟོག་པ་མེད་པར་མི་འགྱུར་རོ། །འོན་ཏེ་དོན་གྱི་སྟོབས་ཀྱིས་སྐྱེས་པ་ཕྱིན་ཅི་ལོག་གི་ཤེས་པ་ལ་མེད་དོ་ཞེ་ན། དེ་ལྟ་ན་འོ་ན་མངོན་སུམ་ཐམས་ཅད་དོན་ལས་སྐྱེས་པའི་ཕྱིར། རྟོག་པ་མེད་པ་ཉིད་དུ་བརྗོད་པར་ནུས་པ་མ་ཡིན་ཏེ། དེའི་ཕྱིར་དབང་པོ་ཉམས་ པ་ལ་སྐྱེས་པས་ཐམས་ཅད་རྟོག་པ་མེད་པར་གྲུབ་པར་འགྱུར་བའི་ཕྱིར། དབང་པོ་ཉིད་ཀྱི་སྒྲ་ཡིས་ཐ་སྙད་གདགས་པར་རིགས་པ་ཡིན་ནོ། །དེའི་ཕྱིར་ཐ་སྙད་འདི་ལ་ནི། །རང་བཞིན་གྱིས་རྟགས་ངེས་པར་སྦྱར། །ངོ་བོ་ཁྱབ་པར་བྱེད་པ་ནི། །ལོག་པའི་ཕྱིར་ན་ལྡོག་པར་འགྱུར། །ཞེས་བྱ་བ་ནི། གང་གི་ཕྱིར་རྟོག་པ་སྔོན་དུ་གཏོང་བ་རྣམས་ཀྱིས་རྟོགས་པར་བྱེད་པ་དཔྱད་ནས་ཐ་སྙད་སྦྱོར་བར་བྱེད་པ་དེའི་ཕྱིར་མངོན་སུམ་གྱི་ཐ་སྙད་འདི་ལ་ནི་རྟགས་ངེས་པར་སྦྱར་བར་བྱ་སྟེ། མངོན་སུམ་གྱི་རང་གི་ངོ་བོ་ཉིད་ལ་ལྟོས་ནས་གོ་བར་བྱེད་པའི་ངོ་བོ་ཉིད་ཡིན་ནོ། །དེས་ན་རྟོགས་པར་བྱེད་པ་ལ་རྟགས་ སྦྱོར་བ་ཡིན་ནོ། །ངེས་པར་སྦྱོར་བ་དེ་ཡང་ཡུལ་བརྟེན་པའི་སྒྲ་ལ་ལྡོག་པ་ཡིན་ཏེ། ཁྱབ་པར་བྱེད་པའི་རང་བཞིན་གོ་བར་བྱེད་པ་ལྡོག་པའི་ཕྱིར་རོ། །དེས་ན་དབང་པོ་ལ་བརྟེན་པ་ཉིད་ཀྱིས་མངོན་སུམ་ཞེས་བྱ་བའི་ཐ་སྙད་གདགས་པར་རིགས་སོ། །དེ་བས་ན་མངོན་སུམ་རྟོག་པ་དང་བྲལ་བ་གྲུབ་ པ་ཡིན་ནོ། །འོ་ན་གལ་ཏེ་མངོན་སུམ་རྟོག་པ་མེད་པ་ཡིན་ན། འོ་ན་གང་འདི་སློབ་དཔོན་སྔ་མས་རྣམ་པར་ཤེས་པ་ལྔའི་ཚོགས་ནི་བསགས་པ་ལ་དམིགས་པ་ཅན་ནོ་ཞེས་གསུངས་པ་དང་། དེར་ནི་དུ་མའི་དོན་སྐྱེད་ཕྱིར། །རང་གི་དོན་ལ་སྤྱིའི་ཡུལ་ཅན། །ཞེས་གསུངས་པ་དེ་དང་འགལ་ བར་འགྱུར་ཏེ། འདས་པ་ལ་དམིགས་པའི་ཤེས་པ་ནི་རྟོག་པ་མ་ཡིན་ཏེ། བསགས་པ་རྟོགས་པ་ནི་རྟོག་པ་མེད་པར་འགལ་བའི་ཕྱིར་རོ། །འདི་ལྟར། བསགས་པ་དག་ནི་ཚོགས་པ་ཡིན། །དེ་སྤྱི་དེ་ལ་དབང་པོའི་བློ། །སྤྱི་བློ་གདོན་མི་ཟ་བར་ཡང་། །རྣམ་པར་རྟོག་པ་དང་རྗེས་འབྲེལ། ། ཞེས་བྱ་བ་ལ། རྡུལ་ཕྲ་རབ་རྣམས་མང་པོ་བསགས་པ་ནི་ཚོགས་པར་བརྗོད་དེ། ཚོགས་པ་དེ་ཡང་སྤྱི་ཡིན་ཏེ་ཀུན་རྫོབ་ཏུ་ཡོད་པའོ། །རྡུལ་ཕྲ་རབ་རྣམས་ཕན་ཚུན་ཐ་དད་པའི་ལུས་ཅན་ཐ་དད་པར་སྣང་བ་ལ་འདུས་པའི་བློ་ཡོད་པ་མ་ཡིན་པ་དེ་བས་ན་ཐ་དད་པའི་ཚོགས་པ་ནི་ཡོད་པ་མ་ ཡིན་ནོ། །འོན་ཏེ་རྡུལ་ཕྲ་རབ་ལས་ཐ་དད་པ་ཚོགས་པའོ་ཞེ་ན། དེ་ནི་མ་ཡིན་ཏེ། རྡུལ་ཕྲ་རབ་ཀྱིས་དབེན་པར་ཚོགས་པ་མི་སྣང་བའི་ཕྱིར་རོ། །རྡུལ་ཕྲ་རབ་རྣམས་ལས་ལོག་པའི་འདུས་པ་འཛིན་ན་ནི་ཐ་མི་དད་པ་ཉིད་དུ་འཛིན་པས་འདུས་པ་ནི་ཅི་ཞིག་ཡིན། འོན་ཏེ་རྡུལ་ཕྲ་རབ་རྣམས་བདག་ གི་བའི་རང་བཞིན་དུ་སྣང་བ་མ་ཡིན་ཏེ། འོན་ཀྱང་རྡུལ་ཕྲ་རབ་འདུས་པའི་རྣམ་པ་ཅན་གྱི་བློ་སྐྱེ་བ་དེ་འདུས་པའི་སྒྲུབ་བྱེད་ཡིན་ནོ་ཞེ་ན། འདུས་པ་རྟོགས་པའི་སྒྲོ་བཏགས་པ་ཙམ་སྟེ། ནགས་ལ་སོགས་པ་བཞིན་ནོ། །སྤྱི་ཡང་རྡུལ་ཕྲ་རབ་ཐམས་ཅད་ཀྱི་ཐུན་མོང་བ་འཛིན་པའི་བློ་ནི་རྣམ་པར་རྟོག་པ་ དང་རྗེས་སུ་འབྲེལ་པའོ། །དེ་བས་ན་མིག་ལ་སོགས་པའི་བློ་རྣམས་སྤྱི་འཛིན་པ་ནི་རྟོག་པ་མེད་པ་ཉིད་རྙེད་པར་དཀའ་བ་མ་ཡིན་ནམ་ཞེ་ན། སྨྲས་པ། །དོན་གཞན་དང་ནི་མངོན་འབྲེལ་ཕྱིར། །རྡུལ་ཕྲན་གཞན་གང་སྐྱེ་འགྱུར་བ། །དེ་དག་བསགས་བཤད་དེ་ཡང་ནི། །ཤེས་པ་སྐྱེ་བའི་རྒྱུ་ མཚན་ཡིན། །ཞེས་བྱ་བ་ལ། རྡུལ་ཕྲ་རབ་ལས་ཐ་དད་པའི་དོན་གཞན་ཉེ་བར་འཇོག་པའི་རྒྱུ་དང་འབྲེལ་པའི་ཕྱིར། སྔར་གྱི་རྡུལ་ཕྲ་རབ་རྣམས་ལས་གཞན་པའི་རྡུལ་ཕྲ་རབ་གང་ཞིག་རུང་བའི་ཡུལ་ན་གནས་པ་ཤེས་པའི་རྒྱུར་སྐྱེས་པའི་རྡུལ་ཕྲ་རབ་དེ་ཉིད་ལ་བསགས་པ་ཞེས་བསགས་པ་ལ་ དམིགས་པ་ཅན་ཞེས་བྱ་བའི་གཞུང་གིས་བཤད་ཀྱི། གཞན་པའི་བསགས་པ་ནི་ཡོད་པ་མ་ཡིན་ནོ། །གང་གི་ཕྱིར་རྡུལ་ཕྲ་རབ་ཁྱད་པར་ཅན་དུ་སྐྱེས་པ་དེ་ཉིད་མངོན་སུམ་གྱི་ཤེས་པ་སྐྱེད་པའི་རྒྱུ་མཚན་ཡིན་ནོ། །འོ་ན་གལ་ཏེ་རྡུལ་ཕྲ་རབ་ཉིད་ཕན་ཚུན་ཐ་དད་པའི་ཤེས་པའི་རྒྱུ་ཡིན་པ་དེ་ལྟ་ ན། འོ་ན་ནི་སྣང་བར་འགྱུར་རོ་ཞེ་ན། སྐྲ་ཤད་ལ་སོགས་པ་མ་འདྲེས་པ་ཡང་རིང་པོ་ནས་མ་འདྲེས་པར་མི་སྣང་བ་མ་ཡིན་ནམ། དེ་བཞིན་དུ་གལ་ཏེ་ཐ་དད་པར་མི་སྣང་ཡང་རྡུལ་ཕྲ་རབ་ཀྱང་རང་གི་རྣམ་པ་འཇོག་པར་ནུས་པའི་ཕྱིར་འདིར་གང་གི་སྐྱོན་དུ་འགྱུར། དེ་ལྟ་ན་འོ་ན་དངོས་པོ་ཉིད་སྣང་ བ་ལས་འདས་པ་མངོན་སུམ་ཡིན་ཞིང་། གཞན་ཡང་ཕྱིན་ཅི་ལོག་གི་རྣམ་པ་སྣང་བ་མངོན་སུམ་རྟོག་པར་འགྱུར་ཏེ། སྤྱིའི་བློ་བཞིན་ནོ། །འོན་ཏེ་ཤེས་པའི་རྣམ་པ་ཉིད་ཤིན་ཏུ་མཐུག་པོ་བར་མེད་པར་མངོན་དུ་བྱེད་པའི་ཕྱིར། མངོན་སུམ་ལ་རྣམ་པར་སྣང་བར་འགྱུར་ན། འོ་ན་རྟོག་པ་རྒྱང་རིང་བར་འགྱུར་ཏེ། རྟོག་པ་ཉིད་ལ་ཡང་རང་གི་སྣང་བ་ཉིད་སྣང་བའི་ཕྱིར་རོ་ཞེ་ན། འདིར་ལན་བཏབ་པ། མ་དག་པར་སྣང་བ་ཅན་གྱི་ལུས་ཅན་རྣམས་ཕྱིན་ཅི་ལོག་ཉིད་དུ་སྣང་བར་འགྱུར་ཏེ། དེ་ལ་ལྟོས་ནས་རྟོག་པ་མེད་པ་ཞེས་བྱ་བ་འདི་བརྗོད་པ་ཡིན་ནོ། །དག་པ་མཐོང་བ་ཅན་ རྣམས་ནི་སྣང་བའི་སྟོབས་ཀྱིས་དམིགས་པ་ཐམས་ཅད་ཕྱིན་ཅི་མ་ལོག་པ་ཡིན་ནོ། །གང་ཡང་ཐམས་ཅད་རྟོག་པ་མེད་པའོ་ཞེས་སྨྲས་པ་དེ་ལ་བརྗོད་པ། རྟོག་པ་དང་བཅས་པར་ཤེས་པ་ཐམས་ཅད་འདོད་པ་ཉིད་དེ། རང་གི་རྣམ་པ་ཉིད་སྣང་བའི་ཕྱིར་རོ། །གཞན་གྱི་ལུགས་ལ་བརྟེན་ ནས་རྟོག་པ་དང་བཅས་པ་དང་རྟོག་པ་མེད་པའི་བྱེ་བྲག་བསྟན་པ་ཡིན་ཏེ། ཕྱི་རོལ་གྱི་ཚུལ་ལ་ཕྱི་རོལ་མངོན་སུམ་དུ་བྱེད་པ་མངོན་སུམ་ཡིན་ཏེ། རྗེས་སུ་དྲན་པའི་རྟོག་པ་ནི་རྟོག་པའོ། །དེ་མངོན་སུམ་ལ་ཡོད་པ་མ་ཡིན་པའི་ཕྱིར་རྟོག་པ་མེད་པའི་ཤེས་པར་བརྗོད་དོ། །འོ་ན་རྡུལ་ཕྲ་རབ་དེ་ཉིད་ ཕན་ཚུན་ལྟོས་པ་མེད་པ་ཉིད་དུ་རྣམ་པར་ཤེས་པ་ཅི་སྟེ་མི་སྐྱེད་ཅེ་ན། འདིར་སྨྲས་པ། རྡུལ་ཕྲན་གཞན་དག་མེད་པར་ནི། །རྡུལ་ཕྲན་ཁྱད་པར་དེ་ཡང་མེད། །དེ་གཅིག་ངེས་མེད་ཕྱིར་ཤེས་པ། །སྤྱི་ཡི་སྤྱོད་ཡུལ་ཅན་དུ་བཤད། །ཅེས་བྱ་བ་ལ། རྡུལ་ཕྲ་རབ་རྣམས་ཀྱི་རྣམ་པར་ཤེས་པ་ལ་ རྣམ་པ་གཏོད་པར་ནུས་པའི་ཁྱད་པར་དེ་ནི། རྡུལ་ཕྲ་མོ་གཞན་དག་མེད་པར་ཡོད་པ་མ་ཡིན་ཏེ། རྡུལ་ཕྲ་རབ་དེ་དག་གི་ཚོགས་པ་གཅིག་ལ་རག་ལས་པ་ཡིན་ན། ཇི་ལྟར་ཕན་ཚུན་ལྟོས་པ་མེད་པར་སྐྱེ་བར་འགྱུར་ཞིང་། གང་གིས་ན་ཕན་ཚུན་ལྟོས་པ་མེད་པར་སྣང་བར་འགྱུར། དེ་སྟེ་དེའི་ཕྱིར་ རྡུལ་ཕྲ་རབ་གཅིག་ལ་ངེས་པ་མེད་པའི་ཕྱིར། ཤེས་པ་སྤྱིའི་སྤྱོད་ཡུལ་ཅན་དུ་བསྟན་བཅོས་མཛད་པས་བཤད་དོ། །དེ་དག་གིས་ནི། དེར་ནི་དུ་མའི་དོན་སྐྱེད་ཕྱིར། །རང་གི་ཡུལ་ལ་སྤྱིའི་ཡུལ་ཅན། །ཞེས་བྱ་བའི་དོན་བསྟན་པར་འགྱུར་རོ།། །།ཚད་མ་རྣམ་འགྲེལ་གྱི་ འགྲེལ་པ། བམ་པོ་བཅུ་པ། ཅི་སྟེ་སྐྱེ་མཆེད་གཅིག་ཉིད་ལའང་། །ཅིག་ཅར་དུ་མ་མི་སྣང་ན། །ཞེས་བྱ་བ་ལ། དེ་ལྟ་མོད་ཀྱི་རྡུལ་ཕྲ་རབ་རྣམས་སྐྱེ་མཆེད་གཅིག་པ་ཅན་ཡིན་ཡང་། རྡུལ་ཕྲ་རབ་དུ་མའི་འཁོར་ལོ་ཅིག་ཅར་མི་སྣང་བ་དེའི་ཕྱིར། སྔར་མཐོང་བ་ཉིད་ཀྱི་དོན་ དང་མཚམས་སྦྱོར་བ་ལས། རྡུལ་ཕྲ་རབ་རྣམ་པ་འཛིན་པ་རྟོག་པ་དང་བཅས་པ་ཡིན་ཏེ། ཕན་ཚུན་ཐ་དད་པའི་རྡུལ་ཕྲ་རབ་མཐོང་བས་བསླངས་པའི་དོན་དང་མཚམས་སྦྱོར་བའི་ཕྱིར། མངོན་སུམ་རྟོག་པ་དང་བྲལ་བ་མ་ཡིན་ནོ། །གཅིག་མཐོང་བ་ན་དུ་མ་ཅིག་ཅར་ཡོངས་སུ་གཅོད་ པ་ཡང་མ་ཡིན་ཏེ། ཡིད་གཅིག་ཉིད་ཡིན་པའི་ཕྱིར་གང་ལ་བྱེད་པ་ཡོད་པ་དེ་ཉིད་ཤེས་པར་ནུས་པ་ཡིན་གྱི། རྡུལ་ཕྲ་མོ་དུ་མ་ཅིག་ཅར་ཡོངས་སུ་གཅོད་པ་ནི་མ་ཡིན་ནོ། །དེའི་ཕྱིར་ཡན་ལག་ཅན་གྱི་རྫས་ཁས་བླང་བར་བྱའོ་ཞེ་ན། འདིར་སྨྲས་པ། ཏིལ་སོགས་ཐ་དད་རྣམས་ལ་ནི། ། ཅིའི་ཕྱིར་ཅིག་ཅར་འཛིན་པར་སྣང་། །ཞེས་བྱ་བ་ལ། གལ་ཏེ་རྡུལ་ཕྲ་རབ་རྣམས་ཅིག་ཅར་མི་སྣང་བ་དེའི་ཚེ་སྔོན་གྱི་རྡུལ་ཕྲ་རབ་བསྲེས་ནས་རྟོག་པ་དང་བཅས་པར་འགྱུར་ལ། དེ་ཡང་མ་འདྲེས་པའི་རྡུལ་ཕྲ་མོ་མངོན་སུམ་དུ་བྱས་པས་རྟོག་པ་མེད་པར་གྲུབ་སྟེ། སྔར་གྱི་རྡུལ་ཕྲ་རབ་བསྲེ་བ་ ནི་ཤེས་པ་གཞན་ཁོ་ན་ཡིན་ནོ། །གཞན་ཡང་གལ་ཏེ་ཅིག་ཅར་དོན་དུ་མ་ཡོངས་སུ་གཅོད་པར་མི་འགྱུར་བ་དེ་ལྟ་ན་ནི། ངེས་པའི་ས་ཕྱོགས་སུ་ཏིལ་དང་སྲན་མ་ཤ་དང་མོན་སྲན་གྲེའུ་ལ་སོགས་པ་ཕན་ཚུན་ལྡན་པ་མ་ཡིན་པ་རྣམས་ཅིག་ཅར་འཛིན་པར་སྣང་བར་ཅིའི་ཕྱིར་འགྱུར། འོན་ཏེ་ ཤེས་པ་ཤིན་ཏུ་མྱུར་བར་འཇུག་པས་ཐ་དད་པའི་ཏིལ་རྣམས་ལ་ཅིག་ཅར་སྣང་བ་ཡིན་ནོ་ཞེ་ན། སྨྲས་པ། འདིར་ནི་མགྱོགས་པའི་ལན་བཏབ་ཟིན། །དེ་རྣམས་རིམ་གྱིས་འབྱུང་བ་ན། །རིམ་མིན་འཛིན་པ་ཅིས་མ་ཡིན། །དུས་མཚུངས་ཅན་བློ་ཐམས་ཅད་ནི། །དེ་ལས་རིམ་མིན་སྣང་ཅན་ འགའ། །ཅི་ཕྱིར་གཞན་ནི་རིམ་ལྡན་ཡིན། །དེ་ཕྱིར་དོན་ཀུན་འཛིན་པ་ལ། །འདི་ནི་རིམ་མིན་ཐལ་བར་འགྱུར། །ཞེས་བྱ་བ་ལ། ཅིག་ཅར་འཛིན་པ་འདིར་རྒྱུ་མཚན་མགྱོགས་པའི་ལན་ནི་ཡི་གེ་དུས་གཅིག་ཐོས་པར་འགྱུར་ཞེས་བྱ་བ་འདིས་ལན་བཏབ་ཟིན་ཏོ། །གཞན་ཡང་ མགྱོགས་པས་ཅིག་ཅར་མ་ཡིན་པར་སྣང་བ་ལ་ཅིག་ཅར་སྣང་བ་དེ་ལྟར་ཤེས་ཏ། དཔེར་ན་ཨུཏྤ་ལའི་འདབ་མ་བརྒྱ་འབིགས་པ་མགྱོགས་པས་ཅིག་ཅར་སྣང་བར་མཐོང་བ་དེ་བཞན་དུ་གཞན་དུ་ཡང་ཡིན་ནོ་ཞེས་བྱ་བར་ནི་མི་རུང་སྟེ། དཔེ་ཙམ་གྱིས་བསྒྲུབ་བྱ་འགྲུབ་པ་མེད་པའི་ཕྱིར་ རོ། །གཞན་ཡང་འདབ་མ་བརྒྱ་འབིགས་པ་སྟེང་འོག་ན་གནས་པའི་དོན་ནི་ཅིག་ཅར་འབིགས་པ་མེད་པའི་ཕྱིར། རིམ་པ་རྗེས་སུ་དཔག་པས་གྲུབ་པ་ཡིན་ནོ། །ཏིལ་རྣམས་ལ་ནི་ཅིག་ཅར་མཐོང་བ་ལ་གནོད་པ་ཡོད་པ་མ་ཡིན་ལ། གནོད་པ་མེད་པར་ཡང་ཅིག་ཅར་སྣང་བ་ཕྱིན་ཅི་ལོག་ ཏུ་གྲུབ་པ་མ་ཡིན་ནོ། །གཞན་ཡང་ཏིལ་དེ་དག་ཉིད་རིམ་གྱིས་འབྱུང་བའི་ངང་ཚུལ་ཅན་ལ་ནི་མགྱོགས་པར་སྣང་བ་རིམ་པ་མ་ཡིན་པར་འཛིན་པ་ཅིའི་ཕྱིར་མ་ཡིན། གཞན་ཡང་སྐད་ཅིག་མའི་མཚན་ཉིད་ཅན་གྱི་དུས་མཚུངས་པ་གང་ལ་ཡོད་པའི་བློ་དེ་ལྟ་བུའི་བློ་ཐམས་ཅད་འགྱུར་བ་ཡིན་ཏེ། སྐད་ཅིག་མ་མ་ཡིན་པའི་ཕྱིར། བློ་རྣམས་ལ་དུས་ཐ་དད་པ་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་བློ་དེ་དག་གི་ནང་ནས་བློ་འགའ་ཞིག་ཏིལ་ལ་སོགས་པ་རྣམས་རིམ་པ་དང་ལྡན་པ་ལ་རིམ་པ་མེད་པར་སྣང་བ་ཅན་ཡིན་ཞིང་། བློ་གཞན་དག་ཏིལ་ལ་སོགས་པ་རིམ་གྱིས་འབྱུང་བ་གང་ཡིན་པ་དེ་རྣམས་ རིམ་གྱིས་སྣང་བ་ཅན་དུ་ཅིའི་ཕྱིར་འགྱུར་ཏེ། དངོས་པོ་མཐོང་བ་ནི་བློའི་ཚད་ཙམ་གྱིས་དུས་ཅན་ཡིན་ཞིང་། བློ་དེ་དག་ཀྱང་དུས་མཚུངས་པ་ཅན་ཡིན་ནོ། །དེའི་ཕྱིར་དོན་ཐམས་ཅད་འཛིན་པ་ན་སྣང་བ་འདི་ལ་རིམ་པ་མེད་པར་ཐལ་བར་འགྱུར་རོ། །དེ་བས་ན་ཅིག་ཅར་མཐོང་བ་ནི་མགྱོགས་པས་བྱས་པ་ མ་ཡིན་ནོ། །གཞན་ཡང་ཅིག་ཅར་མཐོང་བ་ཉམས་སུ་མྱོང་བ་ནི་གསལ་བར་སྣང་བ་ཅན་ཡིན་ནོ། །གལ་ཏེ་ཡང་མགྱོགས་པ་ལས། སྔར་མཐོང་བ་ལས་སྒྲོ་བཏགས་ནས་རིམ་པ་མེད་པར་རྟོགས་ན་ནི། ཇི་ལྟར་ཤིན་ཏུ་གསལ་བ་ཡོངས་སུ་གཅོད་པ་ཅན་ཅིག་ཅར་སྣང་བར་འགྱུར། དེའི་ཕྱིར་ཅིག་ཅར་ མཐོང་བ་ཤིན་ཏུ་གསལ་བའི་ལུས་ཅན་རྟོག་པ་མེད་པར་བདེན་པར་གྲུབ་པ་ཡིན་ནོ། །གཞན་ཡང་། ཕྱེ་ལེབ་ཁྲ་བོ་ལ་སོགས་གཟུགས། །གཅིག་མིན་ན་ཡང་མཐོང་བ་ཅི། །གལ་ཏེ་ཁྲ་བོ་དེ་གཅིག་ན། །དེ་ལས་འདི་ཆེས་ངོ་མཚར་ཆེ། །སྣ་ཚོགས་ཡིན་ཕྱིར་གཅིག་པ་མིན། །དཔེར་ན་ནོར་ བུའི་གཟུགས་བཞིན་ནོ། །ཞེས་བྱ་བ་ལ། གལ་ཏེ་གཟུགས་ཀྱི་སྐྱེ་མཆེད་དུ་གཟུང་བ་རྡུལ་ཕྲ་མོ་དུ་མ་འཛིན་པ་མ་ཡིན་ན། དེ་ལྟ་ན་ནི་ཕྱེ་མ་ལེབ་ཁྲ་བོ་ལ་སོགས་པའི་གཟུགས་གཅིག་མ་ཡིན་པའི་ཕྱིར། ཅིག་ཅར་སྣང་བར་མི་འགྱུར་རོ། །འོན་ཏེ་ཕྱེ་མ་ལེབ་ཁྲ་བོའི་གཟུགས་གང་ཡིན་པ་སྣ་ཚོགས་ཡན་ ལག་ཅན་གཅིག་པ་ཡིན་ནོ་ཞེ་ན། འདི་ཁས་ལེན་ན་ཕྱེ་མ་ལེབ་ཁྲ་བོ་ལ་སོགས་པའི་ཁྲ་བོ་ལས་ཆེས་ངོ་མཚར་བར་འགྱུར་རོ། །དེའི་ཕྱིར་སྣ་ཚོགས་པར་གྱུར་ན་གཅིག་པའི་རང་བཞིན་དུ་མི་འགྱུར་ཏེ། འདི་ལྟར་ཁྲ་བོ་ཞེས་བྱ་བ་ནི་ཕན་ཚུན་ཐ་དད་པའི་རྣམ་པ་ཅན་གྱི་དངོས་པོ་ནི་གཞན་དུ་རྗོད་པར་བྱེད་པ་ ཡིན་ན། ཇི་ལྟར་གཅིག་དུ་མར་འགྱུར། དེ་བས་ན་ཕྱེ་མ་ལེབ་ཁྲ་བོ་སྣ་ཚོགས་པའི་རྣམ་པ་ཅན་ནི་གཅིག་པ་མ་ཡིན་ཏེ། དཔེར་ན་ནོར་བུ་མར་གད་དང་པདྨ་རཱ་ག་དང་། མུ་ཏིག་ལ་སོགས་པ་རྣམས་ཀྱི་གཟུགས་ཐ་དད་པ་བཞིན་ནོ། །འོན་ཏེ་ནོར་བུ་རྣམས་ཐ་དད་པ་ནི་རྫས་ཐ་དད་པའི་ཕྱིར། སྣ་ཚོགས་པའི་གཟུགས་ཅན་ཉིད་ཡིན་གྱི། ཕྱེ་མ་ལེབ་ཁྲ་བོ་ལ་ནི་རྫས་ཐ་དད་པར་སྣང་བ་མ་ཡིན་ནོ་ཞེ་ན། ཕྱེ་མ་ལེབ་ཁྲ་བོ་ལ་ཡང་ཕན་ཚུན་ཐ་དད་པར་སྣང་བ་བཟློག་པར་མི་ནུས་པར་འཇུག་པ་མ་ཡིན་ནམ་ཞེ་ན། ཐ་དད་པར་ཡོངས་སུ་གཅོད་པ་ཉིད་ཐ་དད་པ་སྟེ། དེའི་ཕྱེ་མ་ལེབ་ཁྲ་བོ་ལ་ སོགས་པ་གཅིག་པ་ནི་མ་ཡིན་ནོ། །འོན་ཏེ་ནོར་བུ་རྣམས་ལ་སྔོན་པོ་ལ་སོགས་པ་ཆ་ཐ་དད་པར་སྣང་བ་ཡོད་དེ། འདི་ལྟར་ཨིནྡྲ་ནཱི་ལ་སྔོན་པོའི་གཟུགས་འཛིན་པ་དང་པདྨ་རཱ་ག་ནི་དམར་པོའི་གཟུགས་ཡོངས་སུ་འཛིན་པ་དང་། རེག་བྱའི་བྱེ་བྲག་ཀྱང་ནོར་བུ་ལ་དམིགས་པ་ཡིན་ལ། ཕྱེ་མ་ ལེབ་ཁྲ་བོ་ལ་ནི་གཟུགས་ཐ་དད་པར་སྣང་བ་མེད་ཅིང་། རེག་བྱ་ཐ་དད་པར་སྣང་བ་ཡང་མ་ཡིན་ཏེ། དེའི་ཕྱིར་གཅིག་པ་ཉིད་ཡིན་ནོ་ཞེ་ན། འདིར་སྨྲས་པ། རས་ཁྲ་བོ་སོགས་ལ་སྔོ་སོགས། །རྣམ་པ་ཐ་དད་མཚུངས་པ་ཡིན། །ཞེས་བྱ་བ་ལ། སྔོན་པོ་དང་ལྗང་གུ་ལ་སོགས་པ་རྣམས་དང་ རིག་པའི་ཆ་ཐ་དད་པ་གང་ཡིན་པ་མར་གད་ལ་སོགས་པ་ཐ་དད་པའི་རྒྱུར་བརྗོད་པ་དེ་ནི་ཕྱེ་མ་ལེབ་ཁྲ་བོ་ལ་སོགས་པ་ལ་མཚུངས་པ་སྟེ། འདི་ལྟར་ཕྱེ་མ་ལེབ་ཁྲ་བོ་ལ་སོགས་པ་ལ་སྔོན་པོ་ལ་སོགས་པའི་ཆ་ཐ་དད་པ་འདི་སྔོན་པོ་ཡིན་ཞིང་། འདི་ནི་སེར་པོའི་རང་བཞིན་ནོ་སྙམ་པ་མཐོང་བ་ཁོ་ན་ ཡིན་ལ། དེ་ལ་རེག་བྱ་ནི་ཕན་འདོགས་པས་ཐ་དད་པ་ཡིན་ནོ། །དེའི་ཕྱིར་ཇི་ལྟར་ནོར་བུ་ལ་ཆ་ཤས་མེད་པར་འགྱུར་ཞིང་། ཕྱེ་མ་ལེབ་ཁྲ་བོ་ལ་ནི་ཆ་ཐ་དད་པ་ཡོད་པར་འགྱུར་བ་ཡིན། རེག་བྱའི་བྱེ་བྲག་ཀྱང་མ་ངེས་པ་ཉིད་ཡིན་ཏེ། འདི་ལྟར་རིགས་མི་མཐུན་པའི་སྣལ་མ་ལས་ བྱས་པའི་ཕྱེ་མ་ལེབ་ཁྲ་བོ་ལ་རེག་བྱ་མཚུངས་པ་མ་ཡིན་ནོ། །དེ་ལ་ཡན་ལག་ཅན་ཡོད་པ་ནི་མ་ཡིན་ཏེ། རིགས་མི་མཐུན་པའི་རྫས་རྩོམ་པ་མེད་པའི་ཕྱིར་རོ། །གལ་ཏེ་དེ་ལ་ཡན་ལག་གཟུགས། །འབའ་ཞིག་དེ་ལྟར་སྣང་གྱུར་ན། །འདི་ལྟར་སྔོ་སོགས་བསལ་ནས་ནི། །ཁྲ་བོ་གཞན་མཐོང་ ངོ་མཚར་ཆེ། །ཞེས་བྱ་བ་ལ། ཕྱེ་མ་ལེབ་ཁྲ་བོ་ལ་སོགས་པ་དེ་ལ། སྣལ་མའི་ཡན་ལག་རྣམས་ཀྱི་གཟུགས་འབའ་ཞིག་དེ་ལྟར་ཐ་དད་པར་སྣང་བར་འགྱུར་གྱི། ཡན་ལག་ཅན་གྱི་གཟུགས་ཐ་དད་པར་སྣང་བས་ཤེས་པར་བྱ་བ་ནི་མ་ཡིན་པས་དེ་ཉིད་གཅིག་པ་ཡིན་ཏེ། ཡན་ལག་རྣམས་ནི་ཐ་དད་པའི་ ཕྱིར། དེ་ལ་གནས་པའི་གཟུགས་ཐ་དད་པ་ཉིད་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། སྔོན་པོ་དང་། དམར་པོ་དང་། དཀར་པོ་ལ་སོགས་པ་སྤངས་པའི་སྣམ་བུ་ཁྲ་བོ་ལ་གཞན་དུ་མཐོང་བའི་རྫས་གང་ཡིན་པའི་དར་ཁྲ་བོ་དེ་ནི་ངོ་མཚར་ཆེ་སྟེ། ཡན་ལག་ལ་གནས་པའི་སྔོན་པོ་ལ་སོགས་པའི་གཟུགས་ལས་ ཐ་དད་པའི་སྣམ་བུ་ཁྲ་བོ་ལ་སོགས་པའི་གཟུགས་གཅིག་དམིགས་པ་མེད་པའི་ཕྱིར་རོ། །འོན་ཀྱང་སྔོན་པོ་ལ་སོགས་པ་ཅིག་ཅར་དུ། ཕྱེ་མ་ལེབ་ཁྲ་བོ་དང་། བྲིས་པའི་ཕྱེ་མ་ལེབ་ཁྲ་བོ་ལ་གཟུགས་དུ་མ་སྣང་བའི་ཕྱིར། ཅིག་ཅར་དུ་མ་དམིགས་པར་གྲུབ་པ་ཡིན་ནོ། །འོན་ཏེ་བྲིས་པའི་ཕྱེ་མ་ལེབ་ཁྲ་བོ་ ལ་སྔོན་པོ་ལ་སོགས་པ་རིམ་གྱིས་ཡིན་ལ། བྲིས་པ་མ་ཡིན་པའི་བྱ་ཁྲ་བོ་ལ་སོགས་པ་ལ་སྔོན་པོ་ལ་སོགས་པ་ཅིག་ཅར་སྣང་བ་ཡིན་ནོ་ཞེ་ན། དོན་རྣམས་དུས་མཚུངས་ཅན་ཉིད་དུ། །མཚོན་པར་བྱེད་པའི་བློ་དག་གི། །སྣ་ཚོགས་དོན་ཅན་རིམ་ལྡན་གཅིག །དོན་གཅིག་ཅན་གཞན་རིམ་མིན་ ཅིས། །ཞེས་བྱ་བ་སྨོས་ཏེ། སྔོན་པོ་ལ་སོགས་པའི་རྣམ་པ་དང་དུས་མཚུངས་པ་གང་ལ་ཡོད་དེ་མེད་པ་ཉིད་ཀྱིས་བྲིས་པའི་ཕྱེ་མ་ལེབ་ཁྲ་བོ་དང་བྲིས་པ་མིན་པ་མཚོན་པར་བྱེད་པའི་བློ་དག་གི་ནང་ནས་བློ་གཅིག་བྲིས་པའི་ཕྱེ་མ་ལེབ་ཁྲ་བོ་འཛིན་པ་ནི་སྣ་ཚོགས་པའི་ཡུལ་ཅན་དང་རིམ་པ་དང་ལྡན་པ་ཡིན་ ལ། གཞན་དངོས་ཀྱི་ཕྱེ་མ་ལེབ་ཁྲ་བོ་འཛིན་པ་ནི་རྫས་གཅིག་གི་དོན་ཅན་དང་། རིམ་པ་མེད་པ་ཅན་ཡིན་ནོ་ཞེས་བྱ་བ་འདི་ལ་རྒྱུ་ཅི་ཞིག་ཡོད། དུས་དང་རྣམ་པ་དང་མཚུངས་པར་དམིགས་པ་ན། བྲིས་པ་དང་མ་བྲིས་པའི་ཕྱེ་མ་ལེབ་ཁྲ་བོ་དག་མི་འདྲ་བ་ནི་རིགས་པ་མ་ཡིན་པ་དེ་ལྟར་ན་གཉི་ག་ལ་ཡང་ ཐ་དད་མེད་པའི་ངོ་བོ་ཉིད་ཡོད་པར་འགྱུར་རོ། །འོ་ན་གལ་ཏེ་བྲིས་པ་དང་བྲིས་པ་མ་ཡིན་པའི་ཕྱེ་མ་ལེབ་ཁྲ་བོ་དག་གཅིག་པ་ཉིད་དུ་སྣང་བར་ཁྱད་པར་མེད་པ་དེ་ལྟ་ན་ཡང་། གལ་ཏེ་གང་ཡང་རུང་བའི་རྗེས་སུ་དཔག་པ་ལས་དངོས་ཀྱི་ཕྱེ་མ་ལེབ་ཁྲ་བོ་གཅིག་པ་དང་བྲིས་པ་དུ་མ་ཡིན་ནོ་ཞེས་རྣམ་པར་ གཞག་པར་བྱ་ན། དེ་ལྟ་བུ་ལ་སྐྱོན་ཅི་ཞིག་ཡོད་ཅེ་ན། དེ་ནི་བདེན་པ་མ་ཡིན་ཏེ། གང་གི་ཕྱིར། །བློ་རྣམས་སྣ་ཚོགས་ངོ་བོའི་ཕྱིར། །དངོས་རྣམས་སྣ་ཚོགས་ཚུལ་ཅན་ཉིད། །དེ་རྒྱུ་མ་ཡིན་ན་གང་གིས། །ཐ་དད་རྣམ་གཞག་འདི་གྲུབ་འགྱུར། །ཞེས་བྱ་བ་ལ། བློ་རྣམས་ནི་སྣ་ཚོགས་པའི་ཚུལ་ཅན་ ཡིན་ཞིང་། རྣམ་པ་སྣ་ཚོགས་པ་ཅན་ཉིད་ཡིན་པའི་ཕྱིར། ནོར་བུ་དང་། མུ་ཏིག་དང་། བྱི་རུ་ལ་སོགས་པའི་དངོས་པོ་རྣམ་པ་སྣ་ཚོགས་པའི་ཚུལ་ཅན་ཏེ། རྣམ་པ་སྣ་ཚོགས་པ་ཉིད་ཅན་དུ་འགྱུར་རོ། །གལ་ཏེ་བློ་སྣ་ཚོགས་པའི་ཚུལ་ཅན། ཕྱེ་མ་ལེབ་ཁྲ་བོ་ལ་སྣ་ཚོགས་པ་ཉིད་དུ་གྲུབ་པའི་རྒྱུ་མ་ཡིན་པ་སྟེ། སྒྲུབ་བྱེད་མ་ཡིན་ནོ་ཞེ་ན། འོ་ན་ཚད་མ་གང་གིས་མུ་ཏིག་དང་། པདྨ་རཱ་ག་ལ་སོགས་པ་ཐ་དད་པར་གྲུབ་པར་འགྱུར། དེ་བས་ན་ཐ་དད་པའི་ཐ་སྙད་ཐམས་ཅད་ཉམས་པར་འགྱུར་རོ། །རས་ཁྲ་བོ་གཅིག་པ་ཉིད་མ་ཡིན་ལ། འོན་ཀྱང་ནོར་བུ་དང་། མུ་ཏིག་དང་། བྱི་རུ་ལ་སོགས་པ་རིམ་གྱིས་ཉམས་སུ་ མྱོང་བར་གྱུར་པ་ཡིན་ཡང་། ཤིན་ཏུ་མྱུར་བར་སྣང་བས་ཅིག་ཅར་སྣང་བ་མ་ཡིན་ནམ་ཞེ་ན། དེ་ལྟ་ན་ནི་དོན་ཐམས་ཅད་དམིགས་པ་རྣམས་ནི་ཕྱིན་ཅི་ལོག་ཏུ་འཛིན་པར་དོགས་ཀྱི། གང་དུ་ཡང་དེ་ཁོ་ན་ཉིད་ངེས་པ་ནི་མ་ཡིན་ནོ། །དེས་ན་ཐམས་ཅད་འཐད་པ་མེད་པར་འགྱུར་ཏེ། དེའི་ཕྱིར་ནོར་བུ་ཅིག་ཅར་ རྟོགས་པ་རྣམས་ནི་རྗེས་སུ་དཔག་པས་རིམ་པ་རྟོགས་པར་མི་རུང་སྟེ། མངོན་སུམ་གྱིས་ཅིག་ཅར་ཉམས་སུ་མྱོང་བའི་ཕྱིར་རོ། །འོན་ཏེ་མངོན་སུམ་ཉིད་ཀྱང་ཅིག་ཅར་སྣང་བ་མ་ཡིན་ཏེ། རྗེས་སུ་དཔག་པས་གནོད་པའི་ཕྱིར་རོ་ཞེ་ན། འོ་ན་རྗེས་སུ་དཔག་པ་ཉིད་དུ་དེ་མི་འགྱུར་ཏེ། ཅིག་ཅར་ མངོན་པས་གནོད་པའི་ཕྱིར་རོ། །དེའི་ཕྱིར་ཐལ་བ་མཚུངས་པ་ཡིན་ནོ་ཞེ་ན། འོན་ཏེ་མཐོང་བ་ནི་ཅི་ཞིག་ལྟར་མིག་གི་ཉེས་པ་ལས་འབྱུང་གི་རྗེས་སུ་དཔག་པ་ནི་མ་ཡིན་ནོ། །དེའི་ཕྱིར་རྗེས་སུ་དཔག་པས་ཉེ་བར་གཞག་པའི་རིམ་པར་སྣང་བ་དུ་མ་ལ་ཡོད་ཀྱི། མངོན་སུམ་ཅིག་ཅར་སྣང་ བ་ནི་མ་ཡིན་ནོ་ཞེ་ན། དེ་ནི་རིགས་པ་མ་ཡིན་ཏེ། རབ་རིབ་ཀྱིས་བསླད་པའི་མིག་ཡུལ་ལ་ཕྱིན་ཅི་ལོག་ཏུ་སྣང་བ་སྐྱེད་པར་རིགས་ཀྱི། རིམ་པས་མཐོང་བ་ནི་རྒྱུའི་སྐྱོན་གྱིས་རིམ་པ་མེད་པར་འགྱུར་བར་དམིགས་པ་མ་ཡིན་ཏེ། ངོ་བོ་ཉིད་གཅིག་ནི་གཞན་པའི་རྣམ་པ་ཅན་མ་ཡིན་པའི་ཕྱིར། ཅིག་ཅར་སྣང་ བ་ཉིད་དུ་འགྱུར་རོ། །འོན་ཏེ་རིམ་པར་སྣང་བའི་ནོར་བུ་རྣམས་ལ་ཅིག་ཅར་སྣང་བའི་ཤེས་པ་ནི་འཁྲུལ་པའོ་ཞེ་ན། འོ་ན་འཁྲུལ་པ་ཉིད་ཅི་ཞིག་ཡིན་ཏེ། ཅི་སྣང་བ་མེད་པ་ཡིན་ནམ། འོན་ཏེ་རྣམ་པ་གཞན་པ་ཡིན་གྲང་ན། གལ་ཏེ་རིམ་པ་དང་ལྡན་པར་མི་སྣང་བ་རིམ་པར་སྣང་བ་ལ་འཁྲུལ་པ་ཉིད་ཡིན་ ན། འོ་ན་ནི་སྔོན་པོ་ལ་ཡང་སེར་པོར་མི་སྣང་བའི་ཕྱིར་འཁྲུལ་པ་ཉིད་དུ་འགྱུར་རོ། །གལ་ཏེ་ཡང་རིམ་པ་མེད་པར་མི་སྣང་བ་ཡིན་ན། འོ་ན་རིམ་པ་ཉིད་ཤིན་ཏུ་གསལ་བར་སྣང་བའི་ལུས་ཅན་སྣང་བར་འགྱུར་བའི་ཕྱིར། ཇི་ལྟར་འཁྲུལ་པར་འགྱུར། སྔོན་པོར་སྣང་བ་ཉིད་དེ་འཁྲུལ་པ་མ་ཡིན་ནོ། །འོན་ ཏེ་རིམ་པ་དང་ལྡན་པར་སྣང་བ་ལ་ཅིག་ཅར་སྣང་བ་འཁྲུལ་པ་ཡིན་ནོ་ཞེ་ན། དེ་ལྟ་མོད་ཀྱི་རིམ་པར་སྣང་བ་ཅན་ཉིད་དང་། རིམ་པ་མི་སྣང་བ་ཅན་གྱི་རིམ་པ་མེད་པ་ལ་རིམ་པ་མེད་པ་མ་ཡིན་ནམ། དེའི་ཕྱིར་བློ་དེ་རིམ་པ་དང་ལྡན་པར་ཇི་ལྟར་འགྱུར། །དེ་བས་ན་གང་ཅིག་ཅར་མྱོང་བར་གྱུར་པ་དེ་ཅིག་ཅར་སྣང་བ་ ཅན་ཡིན་ཏེ། སྣང་བ་ཉིད་རྣམ་པར་འཇོག་པའི་རྒྱུ་ཡིན་པའི་ཕྱིར་རོ། །འོ་ན་རི་མོ་ལ་སོགས་པ་ལ་ཁྲ་བོའི་བློ་ཅིག་ཅར་སྣང་བར་འགྱུར་བ་དེ་བས་ན་རྩིག་པའི་ལོགས་ལ་ཁྲ་བོ་གཅིག་པ་ཉིད་དུ་རིགས་ཀྱི། མར་གད་དང་པདྨ་རཱ་ག་ལ་སོགས་པ་ལ་ནི་ཁྲ་བོའི་བློ་གཅིག་པ་མ་ཡིན་ཏེ། དེའི་ཕྱིར་བློ་ཉིད་སྣང་ བའི་ཆ་ཐ་དད་པའི་ཕྱིར་ཁྲ་བོ་གཅིག་ཡིན་ལ། ནོར་བུ་ལ་སོགས་པ་ནི་གཅིག་པ་མ་ཡིན་ནོ་ཞེ་ན། འདིར་སྨྲས་པ། །རིགས་མི་མཐུན་རྣམས་རྩོམ་མེད་ཕྱིར། །རི་མོ་སོགས་གཟུགས་སྣ་ཚོགས་མིན། །ལྡན་པ་ཁྲ་མིན་གཟུགས་མེད་ཕྱིར། །བཏགས་པ་ཙམ་ལ་བརྟེན་མིན་ཏེ། །རེ་རེ་ཁྲ་ བོ་མིན་ཕྱིར་རོ། །ཞེས་བྱ་བ་ལ། རི་མོ་ལ་སོགས་པ་ལ་ཁྲ་བོའི་བློ་གཅིག་ནི་ཁྲ་བོ་གཅིག་གིས་འཛིན་པ་ནི་མ་ཡིན་ཏེ། དེ་ལ་ཡན་ལག་ཅན་མེད་པའི་ཕྱིར་རོ། །རྫས་མེད་པ་ནི་སེར་པོ་དང་ལྗང་གུ་ལ་སོགས་པའི་རིགས་མི་མཐུན་པའི་ཆ་ཤས་རྣམས་ཀྱིས་རྫས་མི་རྩོམ་པའི་ཕྱིར་རོ། །འདི་ལྟར་རིགས་ མི་མཐུན་པའི་སྣལ་མའི་ཚོགས་ཀྱིས་སྣམ་བུ་མི་རྩོམ་པའི་ཕྱིར། སྣམ་བུའི་རྫས་ཁྲ་བོ་ནི་ཡོད་པ་མ་ཡིན་ནོ། །འོན་ཏེ་རི་མོ་ལ་སོགས་པ་རིགས་མི་མཐུན་པའི་ཡན་ལག་གིས་བསྐྱེད་པའི་ལྡན་པ་ཁྲ་བོར་འགྱུར་རོ། །གལ་ཏེ་རྫས་ནི་རིགས་མི་མཐུན་པའི་རྒྱུས་བསྐྱེད་པ་མ་ཡིན་ཏེ། རིགས་མི་མཐུན་པ་ རྣམས་ཀྱིས་མ་བརྩམས་པའི་ཕྱིར་ཏེ། འཕྲོད་པ་འདུ་བ་མེད་པའི་ཕྱིར་རོ། །ལྡན་པ་ནི་རིགས་མི་མཐུན་པ་ལ་ཡང་ཡོད་པའི་ཕྱིར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། གང་གི་ཕྱིར་ལྡན་པ་ནི་ཁྲ་བོར་རིགས་པ་མ་ཡིན་ཏེ། དེ་ཡོན་ཏན་ཉིད་ཡིན་པའི་གཟུགས་དང་འཕྲོད་པ་འདུ་བ་མེད་པའི་ཕྱིར་རོ། །གལ་ཏེ་ལྡན་ པ་གཟུགས་དང་ལྡན་པ་ཡིན་ན། དེ་ལྟ་ན་ནི་ཡོན་ཏན་བཞིན་དུ། རྫས་ཡིན་པའི་ཕྱིར་རྫས་ཉིད་དུ་འགྱུར་རོ། །དེ་ལྟ་ན་ཡང་རིགས་མི་མཐུན་པས་མ་བརྩམས་པ་ཞེས་བྱ་བ་ནི་གྲུབ་པའི་མཐའ་ལས་འདས་པ་ཡིན་ནོ། །འོན་ཏེ་ངེས་པར་བཏགས་ནས་རི་མོ་ལ་སོགས་པ་ལ་ལྡན་པ་ཁྲ་བོ་ཡིན་ཏེ། དཔེར་ ན་སྡོང་པོའི་ཚོགས་མེ་ཏོག་རྒྱས་པ་བཞིན་ནོ་ཞེ་ན། བཏགས་པ་ཙམ་གྱིས་ཡང་རྟེན་ལྡན་པ་མ་ཡིན་ཏེ། སྔོན་པོ་དང་། དཀར་པོ་དང་། སྐྱ་བསངས་ལ་སོགས་པ་རེ་རེ་བ་རྣམས་ལ་ཁྲ་བོ་མེད་པའི་ཕྱིར་རོ། །གལ་ཏེ་ཡན་ལག་རྣམས་རེ་རེ་ཁྲ་བོ་ཉིད་ཡིན་ན། དེའི་ཚེ་ཁྲ་བོ་ཉིད་དེ་ཡིས་བརྩམས་པའི་ ལྡན་པ་དོན་གཅིག་ལ་འདུས་པ་ལ་ཁྲ་བོར་ཤེས་པར་འགྱུར་ཏེ། དཔེར་ན་སྡོང་པོ་མེ་ཏོག་དང་འབྲེལ་པ་ལས་དེ་ལ་གྲངས་མང་པོ་རྣམས་ལྡན་པར་ནགས་མེ་ཏོག་ཅན་ནོ་ཞེས་མེ་ཏོག་དང་ལྡན་པ་ཉིད་དུ་རྟོགས་པ་ཡིན་གྱི། རི་མོ་ལ་སོགས་པ་རྣམས་ལ་ཡན་ལག་རྣམས་རེ་རེ་ལ་ཁྲ་བོ་དང་ལྡན་པ་ནི་མ་ ཡིན་ཏེ། དེ་དག་རེ་རེ་ནི་ཁྲ་བོ་མ་ཡིན་པའི་ཕྱིར་རོ། །དེ་བས་ན་ཁྲ་བོ་དང་ལྡན་པ་ལ་ཁྲ་བོ་གདགས་པ་ནི་མ་ཡིན་ནོ། །འོ་ན་ཇི་ལྟར་མེའི་ཆོས་མེ་ཉིད་དང་རྣོ་བ་ཉིད་ཀྱིས་ཆོས་མཐོང་བ་ལས། སྐྱེས་བུ་ལ་འདྲ་བས་འདོགས་པ་སྟེ། བུས་པ་མེ་ཡིན་པ་བཞིན་ནོ། །དེ་ལྟར་སྔོན་པོ་དང་སེར་པོ་ལ་སོགས་པ་ སོ་སོར་གཟུང་བ་རྣམས་ཡན་ལག་གཞན་སྣང་བའི་ཚེ་བརྟགས་ནས་སྒྲོ་འདོགས་པར་བྱེད་དོ། །དེའི་ཕྱིར་ཁྲ་བོ་རྟོགས་པ་ཡིན་ནོ་ཞེ་ན། འདི་ལ་ལན་བཏབ་པ། རིམ་པ་བཞིན་དུ་གཟུང་བ་ལའང་། །ཁྲ་བོའི་བློ་ནི་བཏགས་མིན་པའི། །དུ་མ་གཅིག་གིས་འཛིན་ཕྱིར་རོ། ། ཞེས་བྱ་བ་ལ། མི་རྣོ་བ་མེ་དང་སྒྲོ་འདོགས་པའི་རྒྱུ་ཡོད་ན། རི་མོ་ལ་སོགས་པ་ནི་སེར་པོ་ལ་སོགས་པ་ཤེས་པར་གྱུར་པ་ཇི་ལྟར་སྒྲོ་འདོགས་པར་འགྱུར་ཏེ། འདི་ལྟར་རིམ་གྱིས་གཟུང་བའི་སྔོན་པོ་དང་སེར་པོ་ལ་སོགས་པ་རྣམས་ཡོད་ན་ཡང་དེ་ལ་གཅིག་པའི་རང་བཞིན་སྣང་བར་གྱུར་པ། ཁྲ་བོའི་ བློར་འདོགས་པ་མ་ཡིན་ཏེ་རྒྱུ་མཚན་མེད་པའི་ཕྱིར་རོ། །འོན་ཏེ་སྔོན་པོ་ལ་སོགས་པ་ཉེ་བར་གྱུར་ན། ཕན་ཚུན་སྒྲོ་འདོགས་པའི་རྒྱུ་ཡིན་ནོ་ཞེ་ན། ཅིག་ཅར་སྣང་བ་ལ་ཉེ་བར་རིགས་ཀྱི། རིམ་པར་སྣང་བ་ལ་ཉེ་བར་གྱུར་པ་ཅི་ཞིག་ཡོད། འོན་ཏེ་ཡུལ་གཅིག་ཏུ་ཡན་ལག་རྣམས་མཐོང་བ་ཉེ་བ་མ་ཡིན་ནམ་ ཞེ་ན། ཡུལ་གཅིག་ཏུ་སྣང་བ་སྔ་མ་དང་ཕྱི་མ་དག་ཏུ་ཇི་ལྟར་ཁྲ་བོ་ཉིད་དུ་སྣང་བར་འགྱུར་ཏེ། དུས་ཕན་ཚུན་སྤངས་པས་ཡན་ལག་རྣམས་ཉམས་སུ་མྱོང་བའི་ཕྱིར་རོ། །འོན་ཏེ་དྲན་པ་ལ་གནས་པའི་གཟུགས་སྣང་དུ་རུང་བ་ཉིད་ཀྱིས་སྣང་བར་འགྱུར་ཏེ། ཐ་དད་པར་མཐོང་བའི་ཕྱིར་རོ་ཞེ་ན་དྲན་པར་ གྱུར་པ་ལ་སྣང་དུ་རུང་བ་ཉིད་ནི་རང་བཞིན་ལ་འཛིན་པར་ཇི་ལྟར་འགྱུར། དྲན་པར་གྱུར་པའི་ངོ་བོ་ཉིད་ལས་འདས་ཀྱང་། དྲན་པར་གྱུར་པ་ལ་ངོ་བོ་ཉིད་གསལ་བར་མཐོང་བས་སྣང་བ་ཡིན་ནོ་ཞེ་ན། འོ་ན་ནི་མཐོང་བ་ཉིད་སེམས་ཀྱིས་འཛིན་གྱི་སྒྲོ་བཏགས་པ་ནི་མ་ཡིན་ནོ། །འོན་ཏེ་མཐོང་བ་ཉིད་སྒྲོ་ བཏགས་པའོ་ཞེ་ན། དེ་ཡང་མི་རུང་སྟེ། སྔོན་པོ་དང་སེར་པོ་ལ་སོགས་པ་དུ་མ་བློ་གཅིག་གིས་འཛིན་པའི་ཕྱིར་རོ། །ཅིག་ཅར་དུ་མ་མཐོང་བ་ཡང་རི་མོ་ལ་སོགས་པ་ལ་གསལ་བར་ཡོད་དེ། མིག་འཇུག་པས་ཐམས་ཅད་མཐོང་བར་སྣང་བའི་ཕྱིར་རོ། །སྐབས་སུ་བབ་པའི་ཉེ་བར་བསྡུ་བར་ བྱ་བའི་ཕྱིར། དེའི་ཕྱིར་དུ་མའི་དོན་ཅན་གཅིག །གྲུབ་འགྱུར་ཕྱིར་རྟོག་མེད་པའང་འགྲུབ། །དོན་གཅིག་རྟོག་པར་བྱེད་པས་ཀྱང་། །དེ་ལས་གཞན་པའང་མཐོང་བར་འགྱུར། །ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་ཏིལ་ལ་སོགས་པ་ཐ་དད་པ་རྣམས་ལ་ཅིག་ཅར་སྣང་ཞིང་། ཕྱེ་མ་ལེབ་ཁྲ་བོ་ ལ་སོགས་པའི་གཟུགས་སྣ་ཚོགས་པའི་རྣམ་པར་སྣང་བའི་ཕྱིར་སྔོན་པོ་དང་སེར་པོ་ལ་སོགས་པའི་རྣམ་པ་སྣ་ཚོགས་པ་ཐམས་ཅད་ཀྱི་ཡུལ་ཅན་གྱི་བློ་སྣ་ཚོགས་པའི་གཟུགས་ཅན་གཅིག་ཉིད་ཡིན་པའི་ཕྱིར། སྔོན་པོ་ལ་སོགས་པ་སྣ་ཚོགས་པའི་ཡུལ་ཅན་ཡིན་པས་རྟོག་པ་མེད་པའི་བློ་གྲུབ་ པ་ཡིན་ནོ། །གང་གི་ཕྱིར། །ཁྲ་བོར་སྣང་བ་ན་སྔོན་པོ་ལ་སོགས་པ་སྣ་ཚོགས་པའི་གཟུགས་ནི་སྔོན་པོ་གཅིག་ལ་རྟོག་པས་ཀྱང་སེར་པོ་ལ་སོགས་པ་གཞན་ཡང་མཐོང་བ་ཡིན་ཏེ། ཅིག་ཅར་རྟོག་པ་དུ་མ་སྐྱེ་བ་ནི་མ་ཡིན་ནོ། །འོན་ཏེ་ཁྲ་བོའོ་ཞེས་རྟོག་པས་སྔོན་པོ་ལ་སོགས་པའི་དངོས་པོ་ ཐམས་ཅད་མཐོང་བ་ཡིན་ནོ་ཞེ་ན། མ་ཡིན་ཏེ། ངེས་པ་མེད་པའི་ཕྱིར་གདོན་མི་ཟ་བར་ཁྲ་བོ་ཞེས་བྱ་བའི་རྟོག་པ་ཉིད་ལ་ཁྲ་བོར་སྣང་བ་ཡོད་པ་མ་ཡིན་ཏེ། རྟོག་པ་གཅིག་གིས་ཀྱང་གཟུགས་སྣ་ཚོགས་མཐོང་བའི་ཕྱིར། འདིས་ནི་བློ་གཅིག་ཁྲ་བོའི་རྣམ་པ་ཅན་དུ་གྲུབ་པ་ཡིན་ནོ། །འདིར་ རྩོད་པར་བྱེད་དེ། སྣ་ཚོགས་སྣང་ཅན་དོན་རྣམས་ལ། །གལ་ཏེ་གཅིག་ཉིད་མི་རིགས་ན། །རེ་ཞིག་བློ་དེ་གཅིག་ཉིད་ལ། །ཇི་ལྟར་དུ་མ་སྣང་བར་འགྱུར། །ཞེས་བྱ་བ་ལ། གང་ལ་སྣ་ཚོགས་པའི་སྣང་བ་ཡོད་པའི་ཕྱེ་མ་ལེབ་ཁྲ་བོ་ལ་སོགས་པའི་དོན་རྣམས་ལ། གལ་ཏེ་གཅིག་པ་ཉིད་མེད་ན་ ནི། འོ་ན་ཁྲ་བོར་སྣང་བའི་བློ་དེ་ཉིད་གཅིག་པར་ཇི་ལྟར་རིགས་ཏེ། ཇི་ལྟར་ཁྲ་བོའི་རྣམ་པ་ཅན་གྱི་བློ་གཅིག་ཏུ་ཁས་ལེན་པས་ན་ཕྱི་རོལ་གྱི་སྣ་ཚོགས་ཀྱང་གཅིག་པ་ཡིན་པར་འགྱུར་ཏེ། བློ་སྣ་ཚོགས་པའི་ངོ་བོ་ཉིད་ཅན་ཡིན་པས། གལ་ཏེ་དངོས་པོ་རྣམས་དུ་མའི་གཟུགས་ཅན་ཡིན་ན། དེའི་ཚེ་ བློ་ལ་སྣང་བ་ནི་རང་བཞིན་སྣ་ཚོགས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་བློ་ཡང་སྣ་ཚོགས་པའི་རང་བཞིན་ཅན་དུ་འགྱུར་ན། བློ་ཐ་དད་པ་ནི་མ་ཡིན་ནོ། །དེའི་ཕྱིར་ཁྲ་བོའི་བློའི་དཔེ་ཉིད་ཀྱིས་མ་ངེས་པར་འགྱུར་ཏེ། སྣ་ཚོགས་པ་ཡིན་པའི་ཕྱིར་དེ་དག་ཏུ་མ་ཡིན་ནོ་ཞེ་ན། འདིར་སྨྲས་པ། ཇི་ལྟ་ཇི་ལྟར་དོན་ བསམས་པ། །དེ་ལྟ་དེ་ལྟར་དབེན་པར་འགྱུར། །མཁས་པ་རྣམས་ཀྱིས་གང་སྨྲས་པ། །དེ་ནི་དངོས་སྟོབས་འོངས་པ་ཡིན། །ཞེས་བྱ་བ་ལ། འདིའི་དགོངས་པ་ནི་འདི་ཡིན་ཏེ། བློ་གཅིག་ཡིན་ན་ནི་སྣ་ཚོགས་པ་མ་ཡིན་ཏེ། རྣམ་པ་དུ་མ་ཅན་ཉིད་ཀྱི་ཕྱིར་དང་། དངོས་པོ་རྣམ་པའི་མཚན་ ཉིད་ཅན་ཡིན་པའི་ཕྱིར། གདོན་མི་ཟ་བར་རྣམ་པ་མང་པོ་ཡིན་ན་དོན་ཀྱང་མང་པོ་ཉིད་དུ་འགྱུར་རོ། །དེའི་ཕྱིར་དོན་སོ་སོ་བར་ངེས་པའི་བློ་རྣམས་ཀྱང་དེ་ཙམ་ཞིག་ཏུ་ཅིའི་ཕྱིར་མི་འདོད་ལ། ཅིའི་ཕྱིར་ཁྲ་བོའི་རྣམ་པ་ཅན་གཅིག་ཏུ་ཁས་ལེན་པར་བྱེད། འོན་ཏེ་དོན་རེ་རེའི་བློ་ ཐ་དད་པ་ན། ཇི་སྲིད་རྡུལ་ཕྲ་རབ་ཡོད་པ་དེ་སྲིད་དུ་ཤེས་པ་ཡང་ཡོད་པའི་ཕྱིར། རྡུལ་ཕྲ་རབ་རེ་རེ་ལ་ཡང་མཐོང་བར་ཐལ་བར་འགྱུར་རོ་ཟེར་ན་མ་ཡིན་ཏེ། དུ་མར་རྟོགས་པ་མེད་དེ། ཤེས་པ་རྣམས་ཕན་ཚུན་མེད་པའི་ཕྱིར་དང་། གཞན་གྱིས་བདག་ཉིད་རིག་པ་མེད་པའི་ཕྱིར་རོ། །འོན་ཏེ་ རང་རིག་པའི་ཤེས་པ་རྣམས་ལ་སྣང་བ་སྣ་ཚོགས་པ་ཉིད་དུ་ཤེས་པ་ཡིན་ནོ་ཟེར་ན། དེ་ནི་མ་ཡིན་ཏེ། རྒྱུད་གཞན་ལ་གནས་པའི་ཤེས་པ་ཡང་སྣ་ཚོགས་པ་ཉིད་དུ་སྣང་བར་འགྱུར་བའི་ཕྱིར་རོ། །དེ་བས་ན་ཤེས་པ་སྣ་ཚོགས་པ་ཡིན་ནོ་ཞེས་རྟོགས་པ་སྐྱེ་བ་མ་ཡིན་ནོ། །དེ་ནི་ཤེས་པ་རྣམས་ གཅིག་ཡིན་ན་རྣམ་པ་དུ་མ་ཡང་མ་ཡིན་ཏེ། གཅིག་པ་ཉིད་ལ་ཇི་ལྟར་རྣམ་པ་སྣ་ཚོགས་པ་ཡིན་ཞིང་། དུ་མ་ཡིན་ན་ཡང་ཁྲ་བོ་ལ་ཇི་ལྟར་མི་འགྱུར་ཞེ་ན། དེ་ཁོ་ན་ཉིད་མཐོང་བའི་མཁས་པ་རྣམས་ཀྱིས། ཇི་ལྟ་ཇི་ལྟ་བུར་གཅིག་པ་ཉིད་དང་དུ་མ་ཉིད་དུ། ཕྱི་རོལ་དང་ནང་གི་བདག་ཉིད་ཀྱི་དོན་སེམས་ པ་དེ་ལྟ་དེ་ལྟར་མེད་པར་འགྱུར་ཏེ། དེ་ནི་དངོས་པོའི་སྟོབས་ལས་འོངས་པ་ཡིན་ནོ། །དེ་སྐད་དུ་ཡང་རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པའི་ངོ་བོ་ཉིད་ཀྱིས་སྟོང་པ་ཡིན་ནོ་ཞེས་གསུངས་པས། ཆོས་ཐམས་ཅད་སྟོང་པ་ཉིད་དུ་འཐད་པ་ཡིན་ནོ། །འོན་ཏེ་སྣང་བར་གྱུར་པའི་དངོས་པོ་ནི་གཅིག་པ་ཉིད་དང་ དུ་མ་ཉིད་དུ་རྟོག་པ་དག་གིས་བཟློག་པར་མི་ནུས་ཤེ་ན། གཅིག་པ་ཉིད་དང་དུ་མ་ཉིད་དུ་རྟོག་པ་དག་གིས་གཞིགས་པར་གྱུར་ཀྱང་དངོས་པོར་རྟོགས་པ་ཡིན་ཏེ། སྒྱུ་མ་དང་སྨིག་རྒྱུ་དག་ཆུའི་ཟླ་བ་སྣང་བ་བཞིན་དུ་བདེན་པ་མ་ཡིན་པ་འགྲོ་བ་མ་ལུས་པ་ལ་སྣང་བའི་ཕྱིར་རོ། །ཆུ་ལ་གནས་པའི་ཟླ་བའི་ གཟུགས་བརྙན་ལ་སོགས་པ་ཡང་མཐོང་བ་ཡོད་ན། ཇི་ལྟར་མི་བདེན་པ་ཡིན་ཞེ་ན། དོན་བྱེད་པ་དང་བྲལ་བའི་ཕྱིར་ཏེ་ཡོད་པ་ནི་དོན་བྱེད་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ། །མཐོང་བ་ཙམ་གྱིས་ཡོད་པར་ཤེས་པ་མ་ཡིན་ཏེ། རབ་རིབ་ཀྱིས་བསླད་པའི་མིག་གིས་ནམ་མཁའི་ངོས་ལ་ ཟླ་བ་གཉིས་གནས་པར་མཐོང་ཡང་མེད་པར་ངེས་པའི་ཕྱིར་རོ། །དེ་ལྟ་ན་འོ་ན་ནི་ཤེས་པ་ཐམས་ཅད་མེད་པ་མ་ཡིན་ཏེ། འགའ་ཞིག་གིས་དོན་བྱེད་པར་སྣང་བའི་ཕྱིར་ཏེ། འདི་ལྟར་དངོས་པོ་མཐོང་བར་གྱུར་པ་འགའ་ཞིག་གིས་དོན་བྱེད་པ་ཡིན་གྱི་སྣང་བ་ཙམ་གྱིས་དོན་བྱེད་པ་མ་ཡིན་ནོ། །དོན་ བྱེད་པ་དེ་ཡང་སྔོན་པོ་ལ་སོགས་པར་སྣང་བ་ལས་ཐ་དད་པ་དང་རེག་པ་ལ་སོགས་པར་སྣང་བ་ནི་ཐ་མི་དད་པས་ཡིན་ཏེ། དེའི་ཕྱིར་གང་དུ་ཐ་དད་པའམ་ཐ་མི་དད་པར་དོན་བྱེད་པ་ཡོད་པར་འཐད་པ་ཡིན་ནོ་ཞེ་ན། དེ་ནི་མི་རིགས་ཏེ། སྔོན་པོ་ལ་སོགས་པར་སྣང་བ་མེད་ན། དོན་བྱེད་པར་སྣང་བ་ཡོད་པ་མ་ ཡིན་ཏེ། སྔོན་པོ་ལ་སོགས་པའི་རང་གི་ངོ་བོ་ཉིད་སྣང་བའི་ཕྱིར་རོ། །འོན་ཏེ་གང་འདོད་པ་དེ་ཉིད་དོན་བྱེད་པ་ཡིན་ནོ་ཞེ་ན། དེ་ལྟ་ན་ཡང་རྣམ་པར་གཞག་པ་མེད་པར་འགྱུར་ཏེ། འདི་ལྟར་འགའ་ཞིག་ཅུང་ཟད་མངོན་པར་འདོད་པ་ཅན་དུ་འགྱུར་རོ། །གདུང་བ་དང་། ཀླག་པ་དང་། སྤྲོ་བ་སྐྱེ་བ་དོན་བྱེད་ པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། གདུང་བ་དང་སྤྲོ་བ་ལ་སོགས་པ་བསྟན་པར་མི་གནས་པའི་ཕྱིར་རོ། །འདི་ལྟར་འགའ་ཞིག་ལ་ལར་ཅུང་ཟད་གདུང་བ་དང་འགའ་ཞིག་སྤྲོ་བར་འགྱུར་བ་ཡིན་ནོ། །གཞན་ཡང་གོམས་པའི་སྟོབས་ཀྱིས་ཐམས་ཅད་སྣང་བའི་ཕྱིར་དང་། གོམས་པ་མེད་ན་མེད་པའི་ ཕྱིར་འགྲོ་བ་མ་ལུས་པ་ནི་བདེན་པ་ཁོ་ནར་འགྱུར་རོ། །གལ་ཏེ་དེ་ལྟ་ན་བག་ཆགས་ཀྱི་སྟོབས་ཀྱིས་བསྐྱེད་པའི་འགྲོ་བར་སྣང་བ་དང་ལྡན་པའི་ཤེས་པ་ཡོད་པ་ཡིན་གྱི་མི་བདེན་པ་ནི་མ་ཡིན་ནོ་ཞེ་ན། མ་རིག་པའི་མཐུ་ཡིས་སྤྲུལ་པ་ཉིད་མི་བདེན་པ་མ་ཡིན་ནམ། མཐོང་བ་ཙམ་གྱིས་མ་བརྟགས་ ན་ཉམས་དགའ་བའི་དངོས་པོ་ཡིན་པའི་ཕྱིར་ཀུན་རྫོབ་ཀྱི་བདེན་པ་ཉིད་ཡིན་ནོ། །དེ་སྐད་དུ་ཡང་ཆོས་ཐམས་ཅད་གཟུགས་བརྙན་ལྟ་བུའོ་ཞེས་གསུངས་སོ། །གཅིག་ལ་སྣ་ཚོགས་ཉིད་དེ་ཅི། །དེའི་བློ་ལ་ཡང་མི་འགྱུར་རོ། །གལ་ཏེ་འདི་རང་དོན་འདོད་ན། །དེ་ལ་ཁོ་བོས་ཅི་བྱར་ཡོད། ། ཅེས་བྱ་བ་ལ། མིག་ལས་སྐྱེས་པའི་བློ་དེ་གཅིག་ལ་ཡང་། གལ་ཏེ་སྣ་ཚོགས་པ་ཉིད་ཐ་དད་པ་མེད་པར་འགྱུར་ན། ཅི་ཞིག་མཐོང་བར་འདོད་པ་མ་གྲུབ་པ་ཡིན། འདིའི་དགོངས་པ་ནི་འདི་ཡིན་ཏེ། གལ་ཏེ་སྣ་ཚོགས་པའི་རྣམ་པ་ཅན་གྱི་ཤེས་པ་གཅིག་པ་ཉིད་ཡིན་ན་ནི། དེ་ལྟ་ན་ཡང་ གསུང་རབ་ལ་འཇུག་པ་ཁོ་ན་ཡིན་ཏེ། ཁམས་གསུམ་པ་འདི་ནི་སེམས་ཙམ་མོ་ཞེས་བྱ་བའི་ཚིག་གཞན་འགའ་ཞིག་ཡོད་དོ་ཞེ་ན། འདི་ནི་བདེན་ཏེ། སེམས་ཙམ་དུ་ལྟ་བ་ཡོད་དེ། འོན་ཏེ་ང་གལ་ཏེ་བདག་ཉིད་ཐམས་ཅད་ཀྱིས་སྟོང་པ་ཉིད་འདི་ནི། རང་རིག་པ་ཉིད་ནི་དོན་ རྣམས་ཡོད་ན་ནི། དེ་ལ་ཁོ་བོས་ཅི་ཞིག་བྱ། དེས་ནི་འདི་སྐད་དུ་སྟོན་པ་ཡིན་ཏེ། རྣམ་པར་རིག་པ་ཙམ་གྱི་ལྟ་བ་ཁ་ཅིག་ཡོད་དོ། །འོན་ཀྱང་ཚད་མའི་སྟོབས་ཀྱིས་ཡོངས་སུ་དག་པའི་ཤེས་པར་འདོད་པ་མི་རྟོག་སྟེ། ཡོངས་སུ་བསླད་པའི་སྔོན་པོ་ལ་སོགས་པ་དང་། བདེ་བ་ལ་སོགས་པའི་རྣམ་ པ་ཉིད་དུ་སྣང་བའི་ཕྱིར་རོ། །འོ་ན་གལ་ཏེ་ཡོངས་སུ་དག་པའི་ཤེས་པ་མི་སྣང་བ་དེ་ལྟ་ན་ཡང་། ཕྱི་རོལ་གྱི་རགས་པར་སྣང་བ་སྣང་བཞིན་པའི་ལུས་ཅན་ཉིད་ཤེས་པ་ཡིན་པའམ་རྡུལ་