Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 183

Văn bản gốc(Tây Tạng)

Trang 3 / 19 (50.000 ký tự/trang)
ཡིན་ཕྱིར་དགོངས་པ་འདིས། །སྐྱོན་འདི་མེད་ཅེས་བྱ་བ་སྟེ། །སྤྱིའི་ཤེས་པ་དེ་དངོས་པོ་མཐོང་བ་སྔོན་དུ་འགྲོ་བ་ཅན་ཡིན་པས་དེ་ལ་དམིགས་པ་ཅི་ཡང་མེད་དེ། སྤྱི་ལྐོག་ཏུ་གྱུར་པས་ཡུལ་མ་ཡིན་པའི་ཕྱིར་རོ། །འདི་ལྟར་སྤྱི་ནི་མངོན་སུམ་མ་ཡིན་ཏེ། །
དེ་ཡང་ངོ་བོ་ཉིད་ཀྱིས་མི་སྣང་ན་ཇི་ལྟར་གཞལ་བྱར་འགྱུར། །དེ་ལྟ་ན་ནི་སྤྱིའི་ཤེས་པ་ལ་ཡུལ་ཅི་ཡང་མེད་པའི་ཕྱིར་ཚད་མ་མ་ཡིན་པར་འགྱུར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། གཞལ་བྱ་རང་གི་མཚན་ཉིད་གཅིག །ཅེས་བྱ་བ་ལ། སྤྱི་ཞེས་བྱ་བའི་གཞལ་བྱ་མེད་དེ་དེ་མེད་པའི་ཕྱིར་རོ། །རང་གི་མཚན་ཉིད་ཁོ་ན་
དངོས་པོར་གྱུར་པ་གཞལ་བྱ་ཡིན་ནོ། །ཅིའི་ཕྱིར་དེ་ལྟར་ཡིན་ཞེ་ན། །དེ་ལ་དོན་བྱེད་གྲུབ་ཕྱིར་དང་། །ཡོད་མེད་ཉིད་དུ་དཔྱད་ཕྱིར་རོ། །ཞེས་བྱ་བ་ལ། དོན་བྱ་བ་བྱེད་ནུས་པའི་དངོས་པོའི་ཡུལ་ཡོད་པ་དང་མེད་པ་དག་དོན་དུ་གཉེར་བའི་རྟོག་པ་དང་ལྡན་པ་ནི་དོན་བྱ་བ་བྱེད་ནུས་པ་ཤེས་པར་བྱ་བའི་ཕྱིར་ཚད་
མ་རྗེས་སུ་ཚོལ་བར་བྱེད་དོ། །དེ་ལྟ་མ་ཡིན་ན་ཚད་མ་གཉེར་བ་དག་དོན་མེད་པར་འགྱུར་རོ། །དེ་བས་ན་དོན་བྱེད་པའི་དངོས་པོ་ནི་ཡོད་པ་སྟེ། ཡོད་པ་དཔྱད་པར་ནུས་པ་ནི་དོན་དང་ལྡན་པའི་ཚད་མའོ། །དེ་བས་ན་རང་གི་མཚན་ཉིད་ཁོ་ནས་དོན་བྱེད་པར་གྲུབ་པའི་ཕྱིར་དེ་ཉིད་ཡོད་པ་དང་མེད་པར་དཔྱད་པར་
བྱའོ། །དེའི་ཕྱིར་མངོན་སུམ་དང་རྗེས་སུ་དཔག་པ་དག་གི་གཞལ་བྱ་ནི་རང་གི་མཚན་ཉིད་གཅིག་པུ་ཡིན་ནོ། །གལ་ཏེ་རང་གི་མཚན་ཉིད་གཅིག་པུ་མངོན་སུམ་དང་རྗེས་སུ་དཔག་པའི་ཡུལ་དུ་བྱེད་ན། འོ་ན་ནི་སྤྱོད་ཡུལ་གཅིག་པའི་ཕྱིར་ཚད་མ་གཅིག་ཉིད་དུ་འགྱུར་རོ། །ཡུལ་གཅིག་ཀྱང་རྐྱེན་ཐ་
དད་པས་ཚད་མ་ཐ་དད་པར་གྱུར་པ་མ་ཡིན་ནམ། མིག་ལ་སོགས་པ་ནི་མངོན་སུམ་གྱི་རྐྱེན་ཡིན་ལ་ཚུལ་གསུམ་ནི་རྗེས་སུ་དཔག་པའི་རྒྱུ་ཡིན་ནོ་ཟེར་ན། དེ་ལྟ་ན་ནི་གཞལ་བྱ་གཉིས་ཕྱིར་ཞེས་བྱ་བ་མི་འཐད་པར་འགྱུར་རོ། །སློབ་དཔོན་གྱིས་ཀྱང་གང་གི་ཕྱིར་མཚན་ཉིད་གཉིས་ཡིན་པ་དེའི་ཕྱིར་ཚད་

མ་གཉིས་ཡིན་ནོ་ཞེས་གསུངས་སོ། །རྒྱུ་རྐྱེན་གཉིས་ལས་ཀྱང་ཚད་མ་གཉིས་ཉིད་དེ། མིག་ལ་སོགས་པའི་ཤེས་པ་ནི་རྐྱེན་གྱི་བྱེ་བྲག་གིས་རྣམ་པ་དུ་མར་འགྱུར་ཏེ། འདི་ལྟར་མིག་གི་རྣམ་པར་ཤེས་པའི་རྒྱུ་ནི་མིག་ལ་སོགས་པའོ། །སྣའི་རྣམ་པར་ཤེས་པའི་རྒྱུ་ནི་དྲིལ་སོགས་པའི་ཕྱིར་ཚད་མ་
མང་པོར་འགྱུར་རོ། །གཞལ་བྱ་ཐ་དད་པ་ལས་ཚད་མ་ཐ་དད་པར་གྱུར་པ་ལ་ཡང་སྔོན་པོ་ལ་སོགས་པ་དུ་མའི་ཡུལ་ཅན་ཡིན་པའི་ཕྱིར། ཚད་མ་མཐའ་ཡས་པར་ཐལ་བ་ཡོད་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། ཐམས་ཅད་ཀྱང་རང་གི་མཚན་ཉིད་ཡིན་པའི་ཕྱིར་དེ་ཡུལ་དུ་བྱེད་པ་ན་ཚད་མ་གཅིག་
ཁོ་ནའོ། །འོ་ན་ནི་རྒྱུ་རྐྱེན་ཐ་དད་ཀྱང་དབང་པོ་ལས་སྐྱེས་པ་ཉིད་ཡོད་པའི་ཕྱིར་ཐམས་ཅད་མངོན་སུམ་དུ་འགྱུར་བ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། དབང་པོ་ལས་སྐྱེས་པ་ཉིད་མཚན་ཉིད་མ་ཡིན་པའི་ཕྱིར་ཏེ། འདི་ལྟར་དབང་པོ་ལས་སྐྱེས་པ་ཟླ་བ་གཉིས་སུ་མཐོང་བ་ཡང་མངོན་སུམ་གྱི་ཚད་མ་མ་ཡིན་གྱི།
ཡུལ་དང་བཅས་པ་ནི་ངེས་པར་ཚད་མ་སྟེ། གཞལ་བྱ་ལ་མི་འཁྲུལ་བའི་ཕྱིར་རོ། །དེ་བས་ན་ཡུལ་གཉིས་ཁོ་ན་ལ་ཚད་མ་གཉིས་ཡིན་ཏེ་གཞན་དུ་ན་ཚད་མ་མཐའ་ཡས་པར་འགྱུར་བའི་ཕྱིར་རོ། །འོ་ན་ཇི་ལྟར་གཞལ་བྱ་གཉིས་ཉིད་དུ་འགྱུར་ཞེ་ན། འདིར་སྨྲས་པ། །དེ་ཡི་རང་བཞིན་ངོ་བོ་དག། །རྟོགས་
ཕྱིར་གཞལ་བྱ་གཉིས་སུ་བཞེད། །ཅེས་བྱ་བ་ལ། རང་གི་ངོ་བོ་ཉིད་མངོན་དུ་བྱེད་པས་སྔོན་པོ་ལ་སོགས་པ་དེ་མཐའ་ཡས་པ་ཉིད་ཡིན་ཡང་རང་གི་མཚན་ཉིད་ཡིན་ཏེ། རང་གི་ངོ་བོ་ཉིད་ཀྱིས་མཚོན་ཅིང་ཤེས་པའི་ཕྱིར་རོ། །འོ་ན་རྟོགས་པ་ཐ་དད་པས་གཞལ་བྱ་ཐ་དད་པ་ཡིན་ན་དོན་དམ་པར་རང་གི་
མཚན་ཉིད་ཡོད་པར་མི་འགྱུར་ཏེ། མངོན་དུ་འཛིན་པར་བྱེད་པ་མེད་པ་ནི་མི་གསལ་བར་རྟོགས་པ་ཡིན་པས་རང་གི་མཚན་ཉིད་མ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་འདི་ཇི་ལྟར་གཞལ་བྱ་གཅིག་ཉིད་དེ། འགའ་ཞིག་གིས་རང་གི་ངོ་བོ་མངོན་དུ་བྱེད་པའི་ཕྱིར་རང་གི་མཚན་ཉིད་ཡིན་ནོ། །གཞན་ནི་མི་གསལ་
བར་རྟོགས་པས་ལྐོག་ཏུ་གྱུར་པའོ། །རྟོགས་པ་ཐ་དད་པས་ནི་གཞལ་བྱ་ཐ་དད་པ་མ་ཡིན་ཏེ། ལྟོས་ནས་གཞག་པའི་ཐ་དད་པ་བརྟགས་པའི་རྒྱུ་ཅན་ཡིན་པའི་ཕྱིར་དངོས་པོ་མེད་པ་ཉིད་ཡིན་ནོ། །དངོས་པོ་གཅིག་གི་ཡང་རང་གི་མཚན་ཉིད་དང་སྤྱིའི་མཚན་ཉིད་ཅན་ཡིན་ན། མངོན་སུམ་དང་རྗེས་

སུ་དཔག་པའི་རང་བཞིན་ཅན་གྱི་གཞལ་བྱ་གཞན་ཡོད་པའི་ཕྱིར། དེ་ལ་ཚད་མ་གཞན་གྱི་གོ་སྐབས་ཡོད་པ་མ་ཡིན་ནམ་ཞེ་ན། འདི་ལ་སྨྲས་པ། གལ་ཏེ་གཞལ་བྱ་དོན་དམ་པ་ཡིན་ཞིང་དེ་ཐ་དད་པས་ཀྱང་ཚད་མ་ཐ་དད་པར་འགྱུར་ན། དེའི་ཚེ་གཞལ་བྱ་མཐའ་ཡས་པ་
ཅན་གྱི་ཚད་མ་རྣམས་ཀྱང་མཐའ་ཡས་པར་འགྱུར་བ་ཞིག་ན་སྤྱི་དོན་དམ་པ་མ་ཡིན་ནོ། །འོན་ཏེ་རྟོགས་པ་ཐ་དད་པ་དང་ཐ་མི་དད་པ་ལ་ལྟོས་ནས་ཐ་དད་པ་ཉིད་དུ་བྱེད་ཀྱི། དོན་དམ་པར་གཞལ་བྱ་མེད་དོ་ཞེ་ན། འདི་ལ་སྨྲས་པ། ངོ་བོ་ཉིད་དམིགས་པར་གྱུར་པ་ཉིད་ཡོད་པའོ། །དམིགས་པས་ཤེས་པར་
གྱུར་པ་ཡོད་པ་ཡིན་ནམ། དམིགས་པར་གྱུར་པ་ཉིད་ནི་ཡོད་པ་མ་ཡིན་ནོ་ཞེ་ན། བོང་བུའི་རྭ་ལ་སོགས་པ་མི་དམིགས་པར་གྱུར་པ་མེད་པར་ངེས་པ་མ་ཡིན་ནམ། མཐོང་ན་ནི་ཡོད་པར་ཐ་སྙད་འདོགས་པའི་ཕྱིར་དམིགས་པ་ལ་ཡོད་པ་ཞེས་བརྗོད་དོ། །དེ་བས་ན་དོན་དམ་པའི་གཞལ་བྱ་ནི་མངོན་སུམ་
པ་ཉིད་ཡིན་ནོ། །འོ་ན་གལ་ཏེ་མངོན་སུམ་པ་ཉིད་དོན་དམ་པར་ཡོད་ན་འགའ་ཞིག་གི་ཡང་མངོན་སུམ་མ་ཡིན་མེད་པར་རོ་ཞེ་ན། མངོན་སུམ་ཉིད་མངོན་སུམ་ཡིན་པར་འགྱུར་བ་ནི་མ་ཡིན་ཏེ། མི་གཞན་ལ་ལྟོས་ནས་ཀྱང་མངོན་སུམ་ཁོ་ནར་འགྱུར་རོ། །དཔེར་ན་སྔོན་པོ་ལ་སོགས་པ་མི་གཞན་ལ་ལྟོས་ནས་
ཀྱང་སྔོན་པོ་ལ་སོགས་པའི་ངོ་བོ་ཉིད་མི་འདོར་བ་བཞིན་ནོ། །འོ་ན་ཇི་ལྟར་མི་གཞན་གྱི་ལྐོག་ཏུ་གྱུར་པ་འགའ་ཞིག་གི་མངོན་སུམ་དུ་གྱུར་པའི་དངོས་པོར་རྟོགས་པ་ཡིན་ཞེ་ན། མངོན་སུམ་གྱི་ངོ་བོ་ཉིད་ཀྱིས་ལྐོག་ཏུ་གྱུར་པ་ཡང་རྟོགས་པར་གྱུར་པ་མ་ཡིན་ནམ། གལ་ཏེ་ཡང་འགའ་ཞིག་གིས་མཐོང་ངོ་
ཞེས་ངེས་ཤིང་རང་གིས་ཀྱང་ངེས་ན། དེའི་ཚེ་རྗེས་སུ་དཔག་པ་དོན་མེད་པར་འགྱུར་རོ། །འོན་ཏེ་མངོན་སུམ་པ་ཉིད་ལྐོག་ཏུ་གྱུར་པ་འདོད་ན་ནི། གང་མངོན་སུམ་དེ་ཉིད་ལྐོག་ཏུ་གྱུར་པར་ཇི་ལྟར་འགྱུར། དེ་ལ་དམིགས་པ་མེད་པའི་ཕྱིར་ལྐོག་ཏུ་གྱུར་པ་ཡིན་ནོ་ཞེ་ན། མཐོང་བ་མེད་པས་མངོན་སུམ་
མེད་པ་ཉིད་མ་ཡིན་ནམ། ཇི་ལྟར་མི་དམིགས་པས་མེད་པར་འགྱུར་ཞེ་ན། འོ་ན་དངོས་པོ་ལ་ཚད་མ་ཅི་ཞིག་ཡོད། འོན་ཏེ་རྗེས་སུ་དཔག་པ་ཉིད་ལྐོག་ཏུ་གྱུར་པའི་དངོས་པོ་ཡོད་པར་གྲུབ་པའི་ཚད་མའོ་ཞེ་ན། རྗེས་སུ་དཔག་པ་ཡང་མཐོང་བའི་ངོ་བོ་ཉིད་ཀྱི་རྗེས་སུ་འབྲང་བ་མ་ཡིན་ནམ། དེ་བས་

ན་གསལ་བའི་རྣམ་པ་ཅན་ཉིད་རྗེས་སུ་དཔག་པར་རིགས་སོ། །འོན་ཏེ་ཕྱིས་ཀྱི་ཤེས་པས་སྔར་ཡོད་པར་ཤེས་པར་བྱེད་ཅེ་ན། གལ་ཏེ་བལྟར་རུང་བ་མེད་ན་ཇི་ལྟར་ཡོད་པ་ཡིན། ཕྱིས་མཐོང་བ་ནི་དེ་ཉིད་ཀྱི་ཚེ་ཡོད་པར་རིགས་པ་མ་ཡིན་ནམ། འོན་ཏེ་སྔར་ཡོད་པ་མ་ཡིན་པ་ཇི་ལྟར་མཐོང་བར་འགྱུར་ཞེ་ན།
སྔར་ནི་མཐོང་བར་གྱུར་པས་དངོས་པོ་དེ་ཞེན་པ་མེད་པ་མ་ཡིན་ནམ། དེའི་རྗེས་སུ་དཔག་པས་དེ་ཉིད་བསྒྲུབ་པ་མ་ཡིན་ཏེ། ཡོད་པར་འགྱུར་བ་ནི་ཚད་མ་དེ་ལས་ཤེས་སོ་ཞེས་བཤད་པར་བྱའོ། །འོ་ན་གལ་ཏེ་མངོན་སུམ་ཉིད་ཀྱི་དངོས་པོ་ཡིན་ན། གཞལ་བྱ་གཞན་ཇི་ལྟར་ཡོད་པ་ཡིན་ཞེ་ན། དེ་ཉིད་
གཞན་གྱི་ངོ་བོ་ཉིད་ཀྱིས་རྟོགས་པའི་ཕྱིར་ཏེ། བལྟར་རུང་བའི་ངོ་བོ་ཉིད་ཐུན་མོང་བའི་ཚུལ་གྱིས་ཁོང་དུ་ཆུད་པ་ནི་གཞལ་བྱ་གཞན་པ་ཞེས་བརྗོད་དོ། །དེ་ལྟ་ན་ནི་ལྟོས་ནས་བྱས་པའི་ཕྱིར་སྤྱི་དོན་དམ་པར་ཡོད་པར་མི་འགྱུར་རོ་ཞེ་ན། དེ་ནི་དེ་བཞིན་ཏེ། སྤྱི་དངོས་པོ་མེད་པའོ་ཞེས་བསྟན་ཏོ། །དངོས་པོ་དང་
ཕྲད་པར་བྱེད་པའི་སྒོ་ནས་ཐ་སྙད་འདོགས་པས་དུ་མ་ཤེས་ནས་དངོས་པོ་ཡིན་ནོ་ཞེས་ཐ་སྙད་འདོགས་སོ། །དེས་ན་ཐ་སྙད་འདོགས་པའི་སྐྱེ་བོ་ལ་ལྟོས་ནས་ཡུལ་གཉིས་ཡིན་ནོ། །གང་ཡང་གཉི་གའི་ངོ་བོ་ཅན་གྱི་གཞལ་བྱ་འཛིན་པའི་ཚད་མ་གཞན་ཡོད་དོ་ཞེས་སྨྲ་བ། དེ་ལ་སྨྲས་པ། གཉི་གའི་
ངོ་བོ་ཉིད་ཀྱིས་ཚད་མ་གཅིག་འཇུག་པ་མ་ཡིན་ཏེ། འཇུག་ན་ནི་ཚད་མ་གཉིས་ཉིད་ཡིན་ནོ། །གཉིས་ཀྱི་ངོ་བོ་ཉིད་ཅན་གྱི་གཞལ་བྱ་ཁོང་དུ་ཆུད་པ་ཐ་དད་པ་ཉིད་ལས་ཚད་མ་ཐ་དད་པའི་ཕྱིར་རོ། །ཡང་ན་རྟོགས་པ་ཐ་དད་པས་དོན་དམ་པ་མ་ཡིན་པ་ཉིད་ཀྱི་གཞལ་བྱ་ཐ་དད་པའི་མཚན་ཉིད་ཡིན་པའི་
ཕྱིར། གཉི་གའི་ངོ་བོ་ཉིད་ཅན་གྱི་གཞལ་བྱ་ཡོད་པའི་ཐལ་བ་མེད་དེ། སྔོན་པོ་ལ་སོགས་པ་ཁོ་ན་དངོས་པོའི་རང་བཞིན་ཡིན་པའི་ཕྱིར་རོ། །སྒྲུབ་བྱེད་རྟོགས་པ་ཐ་དད་པས་ཚད་མ་དང་ལྡན་པའོ། །དེ་ལྟ་ན་ནི་དོན་དམ་པའི་གཞལ་བྱ་མེད་པའི་ཕྱིར་ཚད་མ་ཉིད་དུ་མི་འགྱུར་བ་མ་ཡིན་ནམ་ཞེ་ན། དོན་
དམ་པའི་གཞལ་བྱ་མེད་པ་མ་ཡིན་ནོ། །འོན་ཀྱང་གཞལ་བྱ་ཐ་དད་པ་ནི་བརྟགས་པའི་ངོ་བོ་ཉིད་དེ་ཐོབ་པར་བྱེད་པ་ནི་གང་མངོན་སུམ་དུ་གྱུར་པ་དེ་ཉིད་རྗེས་སུ་དཔག་པར་བྱ་བའོ། །དེ་བས་ན་ངོ་བོ་ཉིད་ཀྱིས་དང་གཞན་གྱི་རང་བཞིན་གྱི་དཔེའི་རྗེས་སུ་འགྲོ་བས་དོན་དེ་ཉིད་རྟོགས་པའི་ཕྱིར་གཞལ་བྱ་གཉིས་

སུ་འཐད་པ་ཡིན་ནོ། །འོ་ན་མངོན་སུམ་དང་རྗེས་སུ་དཔག་པ་གཉིས་དོན་དམ་པ་ཡུལ་དུ་བྱེད་པའི་ཕྱིར་ཇི་ལྟར་ཐ་དད་པར་འགྱུར་ཏེ། ངོ་བོ་ཉིད་མངོན་དུ་བྱེད་ན་མངོན་སུམ་ཉིད་དུ་འགྱུར་བའི་ཕྱིར་རོ། །དེའི་ངོ་བོ་ཉིད་ལ་རྗེས་སུ་དཔག་པས་མ་རེག་ན་ཇི་ལྟར་དེའི་ཡུལ་ཉིད་
ཡིན་ཞེ་ན། འདིར་སྨྲས་པ། །ཇི་བཞིན་མངོན་ཞེན་མེད་པ་ཡིས། །གཉིས་པ་འཁྲུལ་པ་དག་ཏུ་བཞེད། །ཅེས་བྱ་བ་ལ། འདིའི་དོན་རྩ་བ་དང་ལོ་མ་ལ་སོགས་པའི་དབྱེ་བ་ཐ་དད་པ་དེ་བཞིན་དུ་མངོན་པར་ཞེན་པ་འདི་ལ་མེད་པའི་ཕྱིར། ཇི་བཞིན་པའི་མངོན་ཞེན་མེད་པའོ། །དེས་གཉིས་པ་གཞན་
གྱི་ངོ་བོ་ཉིད་ཀྱིས་རྟོགས་པ་འཁྲུལ་པར་བརྗོད་དེ། སྔར་མཐོང་བས་བསྐྱེད་པའི་བག་ཆགས་ཀྱི་སྟོབས་ལས་བྱུང་བའི་ཕྱིར་དངོས་པོ་ལ་རེག་པ་མེད་ཀྱང་དངོས་པོར་མངོན་པར་ཞེན་པའི་ཕྱིར་རོ། །གཞན་གྱི་ཚུལ་གྱིས་རྟོགས་ན་ནི། །འཁྲུལ་པ་ཚད་མ་ཉིད་མ་ཡིན། །ཞེས་བྱ་བ་ནི། གཞན་གྱི་ཚུལ་གྱིས་
རྟོགས་ན་ནི་དེ་ཚད་མ་ཉིད་དུ་མི་འགྱུར་ཏེ་འཁྲུལ་པའི་ཕྱིར་རོ། །ཡང་ན་གལ་ཏེ་གཞན་གྱི་ཚུལ་གྱིས་རྟོགས་ན་ནི་ཇི་ལྟར་དངོས་པོ་དེ་རྟོགས་པར་འགྱུར་ཏེ། དེ་ལ་གཞན་གྱི་ངོ་བོ་ཉིད་རྟོགས་ན་དངོས་པོ་གཞན་ཐོབ་པར་ཇི་ལྟར་འགྱུར་ཏེ། འཁྲུལ་པ་ཉིད་ཡིན་ན་ཚད་མ་ནི་འཁྲུལ་པ་མ་ཡིན་ནོ། །འོན་ཏེ་འཁྲུལ་
པ་ཉིད་ཀྱང་མི་བསླུ་བའི་ཕྱིར་ཚད་མ་ཡིན་ན། མི་བསླུ་བ་ཇི་ལྟར་ཡིན་ཏེ། གཞན་རྟོགས་ན་གཞན་ཐོབ་པར་མི་འགྱུར་བའི་ཕྱིར་མི་བསླུ་བ་ཉིད་མ་ཡིན་ནོ་ཞེ་ན། འདིར་སྨྲས་པ། །བསམ་པ་ལ་ནི་སླུ་མེད་ཕྱིར། །འཁྲུལ་པ་ཡིན་ཡང་ཚད་མ་ཡིན། །རྟོགས་པའང་རྣམ་པ་གཞན་དུ་སྣང་། །ཕྱོགས་འདིའི་ལན་
ཡང་བཏབ་ཟིན་ཏོ། །ཞེས་བྱ་བ་ལ། མངོན་སུམ་ཡང་ཇི་བཞིན་པའི་དོན་དུ་མངོན་པར་ཞེན་པར་ཇི་ལྟར་ཤེས་ཏེ། མངོན་པར་འདོད་པའི་དོན་ལ་མི་བསླུ་བ་ཉིད་ཀྱི་ཕྱིར་རོ། །རྟགས་ལས་སྐྱེས་པའི་འཁྲུལ་པ་ཡང་གལ་ཏེ་བསམ་པ་སྟེ་མངོན་པར་འདོད་པ་ལ་སླུ་བ་མེད་པ་ཡོད་ན་དེ་ཉིད་ཚད་མར་འགྱུར་ཏེ། རྗེས་
སུ་དཔག་པ་ནི་བག་ཆགས་ཀྱི་སྟོབས་ལས་སྐྱེད་པ་མི་གསལ་བར་སྣང་བའོ། །གལ་ཏེ་དངོས་པོར་འཛིན་པ་མ་ཡིན་པ་དེ་ལྟ་ན་ཡང་ཐ་སྙད་འདོགས་པས་དངོས་པོ་འཛིན་པ་བཞིན་དུ་རྟོགས་པར་བྱེད་དེ། དེའི་རྗེས་སུ་མཐུན་པས་ཀྱང་མི་བསླུ་བའི་ཕྱིར་ཚད་མ་ཡིན་ནོ། །འོན་ཏེ་ཐ་སྙད་འདོགས་པ་རྟགས་

ལས་སྐྱེས་པའི་ཤེས་པ་ལ་ཇི་ལྟར་དངོས་པོར་སེམས་ཤེ་ན། རྗེས་སུ་དཔག་པ་དངོས་པོ་འཛིན་པའི་ཕྱིར་ཏེ། རྣམ་པར་རྟོག་པ་ལ་དངོས་པོ་མེད་དེ་དངོས་པོ་ངེས་པ་མེད་པའི་ཕྱིར་རོ། །འོན་ཀྱང་ཐོག་མ་མེད་པའི་བག་ཆགས་ཀྱི་སྟོབས་ཀྱིས་རང་གི་སྣང་བ་ཕྱི་རོལ་ཏུ་སྟོན་པར་བྱེད་པའི་ཕྱིར་འཇུག་པར་བྱེད་པ་ཞེས་
བྱ་སྟེ། མཐོང་བ་ལ་ངེས་པས་འཇུག་པར་རུང་བའི་ཕྱིར་རོ། །གཞན་དུ་ན་མངོན་སུམ་ཡང་ཇི་ལྟར་འཇུག་པར་བྱེད་པར་འགྱུར་ཏེ། དེ་ལ་ཡང་ཐོབ་པར་བྱ་བའི་ངོ་བོ་ཉིད་མི་སྣང་སྟེ། ཉེ་བ་ཙམ་ཞིག་མངོན་སུམ་པ་སྣང་བའི་ཕྱིར་རོ། །གཞན་ཡང་མངོན་སུམ་ཉིད་འཇུག་བྱེད་མ་ཡིན་པར་རིགས་ཏེ། ཉེ་བ་ཙམ་
གྱི་དངོས་པོ་མངོན་དུ་བྱེད་པའི་ཕྱིར་རོ། །མངོན་དུ་བྱས་པ་ཙམ་གྱི་རང་བཞིན་ལ་འཇུག་པ་ནི་མ་ཡིན་ཏེ། འཇུག་པ་མི་འཆད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །འོ་ན་མངོན་སུམ་ཉིད་ད་ལྟར་བྱུང་བ་ཁོ་ན་ལ་གཅིག་ཏུ་ཞེན་ནས་མ་འོངས་པའི་དོན་ལ་འཇུག་གོ་ཞེ་ན། རྗེས་སུ་དཔག་པ་ཡང་ཐོབ་པར་བྱ་བའི་དོན་
ལ་ཞེན་ནས་རྣམ་པར་རྟོག་པ་གཞན་ཉིད་འཇུག་པར་བྱེད་པ་མ་ཡིན་ནམ། ཅིའི་ཕྱིར་ཁས་མི་ལེན། འོན་ཏེ་རང་གི་ངོ་བོ་ཉིད་ལ་དོན་མེད་པ་ལ་མངོན་པར་ཞེན་པའི་ཕྱིར། རྗེས་སུ་དཔག་པ་འཇུག་པར་བྱེད་པ་མ་ཡིན་པ་དང་དངོས་པོ་མེད་པ་ལ་རེག་པའི་ཕྱིར་ཚད་མ་མ་ཡིན་ལ། མངོན་སུམ་ནི་
དངོས་པོ་ལ་རེག་པའི་ཕྱིར་ཚད་མ་ཡིན་ནོ་ཞེ་ན། གང་གི་མངོན་སུམ་དོན་ལ་རེག་པའི་ཆ་དེ་ཉིད་ཀྱིས་ཚད་མ་མ་ཡིན་ཏེ། འཇུག་པར་བྱེད་པ་དང་བྲལ་བའི་ཕྱིར་ཕྲད་པར་འགྱུར་བའི་དངོས་པོ་འཛིན་པ་ནི་མངོན་སུམ་གྱིས་མ་བྱས་པའི་ཕྱིར་རོ། །འོན་ཏེ་རྟོགས་པ་སྐྱེད་པའི་མངོན་སུམ་ཚད་མ་ཡིན་ནོ་ཞེ་ན།
ཇི་སྟེ་གང་གིས་དེའི་སྒོ་ནས་མངོན་སུམ་འཇུག་པར་བྱེད་པར་འགྱུར་བའི་རྟོག་པ་ལ་འཇུག་པར་བྱེད་པ་ཡོད་དམ་མངོན་སུམ་རང་ཉིད་འཇུག་པར་བྱེད་པ་ཡིན་ན་ནི་རྣམ་པར་རྟོག་པ་སྐྱེད་པས་འཇུག་པར་བྱེད་པ་མ་ཡིན་ནོ། །དེ་ལྟ་ན་འོ་ན་རྣམ་པར་རྟོག་པ་ཉིད་འཇུག་པར་བྱེད་པ་ཡིན་ནོ་ཞེ་ན། རྣམ་པར་
རྟོག་པ་ལ་དངོས་པོ་འཛིན་པ་མེད་པ་མ་ཡིན་ནམ། ཇི་ལྟར་དངོས་པོ་ལ་འཇུག་པར་བྱེད་པ་ཡིན། འོན་ཏེ་རྣམ་པར་རྟོག་པ་དངོས་པོ་འཛིན་པ་མ་ཡིན་ཡང་ཕྱི་རོལ་དུ་མངོན་པར་ཞེན་ནས་འཇུག་གོ་ཞེ་ན། རྗེས་སུ་དཔག་པ་དངོས་པོ་མེད་པ་འཛིན་པ་ཡིན་པ་དེ་ལྟ་ན་ཡང་ཕྱི་རོལ་ཏུ་མངོན་པར་ཞེན་

ནས་འཇུག་པར་བྱེད་པ་ཉིད་མ་ཡིན་ནམ། དེ་བས་ན་ཚད་མ་ཉམས་པར་འགྱུར་བ་མ་ཡིན་ནོ། །འོན་ཏེ་མཐོང་བའི་རྗེས་སུ་འབྲང་བའི་རྟོགས་པ་འཇུག་པར་བྱེད་པར་རིགས་ཏེ། མངོན་སུམ་གྱིས་དངོས་པོ་བཟུང་བའི་ཕྱིར་རོ་ཞེ་ན། རྣམ་པར་རྟོག་པས་ཐོབ་པར་བྱ་བ་
ལ་མངོན་སུམ་མི་འཇུག་པ་མ་ཡིན་ནམ། དེ་བས་ན་དེ་ཇི་ལྟར་འཛིན་པར་འགྱུར། འོན་ཏེ་ཐོབ་པར་བྱ་བའི་རྒྱུན་ལ་མངོན་སུམ་འཇུག་པའི་ཕྱིར་ཐོབ་པར་བྱ་བ་ལ་ཡང་འཇུག་གོ་ཞེ་ན། སྐད་ཅིག་དང་པོ་ལ་མངོན་སུམ་འཇུག་པ་མ་ཡིན་ནམ། གཞན་ལ་འཇུག་པར་གྱུར་པ་ནི་ཐོབ་པར་བྱ་བ་ལ་འཇུག་
པར་ནུས་པ་མ་ཡིན་ནོ། །དེ་ལྟ་ན་ནི་རྗེས་སུ་དཔག་པ་ཡང་རང་གི་ངོ་བོ་ལ་འཇུག་པས་དོན་ལ་ཡང་འཇུག་པར་འགྱུར་རོ། །འོ་ན་ནི་རང་གི་ངོ་བོ་ཉིད་ལ་འཇུག་པའི་རྗེས་སུ་དཔག་པ་དོན་ལ་འཇུག་གོ་ཞེས་བྱ་བ་ནི་བཏགས་པ་ཙམ་ཁོ་ནར་འགྱུར་རོ་ཞེ་ན། དེ་ལྟ་ན་ནི་མངོན་སུམ་ཡང་སྐད་ཅིག་མ་
དང་པོ་ལ་འཇུག་པས་ཐོབ་པར་བྱ་བ་ལ་འཇུག་གོ་ཞེས་བྱ་བ་ནི་བརྟགས་པ་པར་འགྱུར་རོ། །དེའི་ཕྱིར་རྗེས་སུ་དཔག་པ་ཡང་ཕྱི་རོལ་ལ་ཞེན་ནས་འཇུག་པར་བྱེད་པའི་ཕྱིར་ཚད་མ་ཡིན་ནོ། །གང་ཡང་གང་དང་གང་རྟོགས་པ་དེ་དང་དེ་ནི་རང་གི་ངོ་བོ་ཉིད་དེ་དཔེར་ན་མངོན་སུམ་བཞིན་ནོ། །རྗེས་སུ་དཔག་
པ་ཡང་རྟོགས་པའོ། །དེ་བས་ན་རང་གི་ངོ་བོ་ཉིད་ཡིན་ནོ་ཞེས་བརྗོད་པ་དེ་ལ་སྨྲས་པ། རྟོགས་པ་ཡིན་ཡང་གཞན་གྱི་ངོ་བོ་ཉིད་ཀྱིས་རྣམ་པ་གཞན་དུ་མཐོང་བ་ཡིན་ཏེ། དཔེར་ན་ནོར་བུའི་འོད་ལ་ནོར་བུར་ཤེས་པ་བཞིན་ནོ། །རྗེས་སུ་དཔག་པ་ནི་དངོས་པོའི་ཡུལ་ཅན་ཞེས་པའི་ཕྱོགས་འདི་ལ་ཡང་། དབང་
ཚོགས་འབྲས་མིན་ཐལ་ཕྱིར་རོ། །ཞེས་བྱ་བས་ལན་བཏབ་པ་ཡིན་ནོ། །དེ་བས་ན་སྤྱིའི་རྣམ་པ་ཅན་གྱི་ཤེས་པ་ནི་དངོས་པོ་མེད་པའི་ཡུལ་ཅན་ནོ། །མངོན་སུམ་གྱི་དང་པོ་སྔོན་དུ་མཐོང་བ་དང་ཆོས་མཐུན་པ་ཉིད་ལས་དོན་བྱེད་པའི་ཡུལ་ཅན་གྱི་ཤེས་པ་སྐྱེ་བ་གང་ཡིན་པ་དེ་ནི་རྗེས་སུ་དཔག་པ་ཡིན་ཏེ།
མངོན་སུམ་ནི་ཉེ་བ་ཙམ་སྣང་བ་ཅན་ཡིན་པའི་ཕྱིར། སྔར་མཐོང་བ་འཛིན་པར་བྱེད་པ་ནི་མ་ཡིན་ནོ། །ཇི་སྲིད་དུ་དོན་བྱེད་པ་ཉིད་དུ་མི་ཤེས་པ་དེ་སྲིད་དུ་འཇུག་པར་བྱེད་པས་ཇི་ལྟར་འགྱུར། དེའི་ཕྱིར་དོན་བྱེད་པ་ཉིད་དུ་རིགས་པ་ནི་སྔར་གྱི་ཆོས་མཐུན་པ་འཛིན་པའི་མི་གསལ་བས་བྱེད་པ་ཡིན་ནོ། །མངོན་སུམ་ནི་

ཉེ་བ་ཙམ་གྱིས་དངོས་པོ་དང་གསལ་བ་འཛིན་པ་ཡིན་ནོ། །དེ་བས་ན་མངོན་སུམ་གྱི་དོན་ལ་འཇུག་པ་ཡང་རྗེས་སུ་དཔག་པ་ཁོ་ན་ལས་ཡིན་པ་དེའི་ཕྱིར་ཚད་མ་གཉིས་ཡིན་ནོ། །གཞན་གྱི་ངོ་བོ་ཉིད་ཀྱིས་རྟོགས་པ་ཡང་ཚད་མ་ཡིན་ཏེ། སླུ་བ་མེད་པའི་ཕྱིར་རོ་ཞེས་བསྟན་ཏོ། །སླུ་བ་མེད་པས་ཚད་མ་ཡིན་
ཡང་འཁྲུལ་པ་ཉིད་དུ་བསྟན་པའི་ཕྱིར། །ནོར་བུ་སྒྲོན་མའི་འོད་དག་ལས། །ནོར་བུ་བློ་ཡིས་མངོན་རྒྱུག་པ། །འཁྲུལ་པ་ཡིན་པར་ཁྱད་མེད་ཀྱང་། །ཇི་ལྟར་དོན་བྱེད་ལ་ཁྱད་ཡོད། །དེ་ལྟར་ཇི་བཞིན་དོན་མིན་ཡང་། །རྗེས་དཔག་དང་ནི་དེར་སྣང་དག། །དོན་བྱེད་པ་དང་རྗེས་འབྲེལ་བས། །ཚད་མ་ཉིད་
དུ་རྣམ་པར་གཞག། །ཅེས་བྱ་བ་སྨོས་ཏེ། ནོར་བུའི་འོད་སྒོ་གསེང་ནས་ཤར་བ་དང་སྒྲོན་མའི་འོད་ལ་ནོར་བུར་འཁྲུལ་པའི་བློས་ཕན་ཚུན་ཁྱད་པར་མེད་པར་སྣང་སྟེ། འདི་ལྟར་སྒྲོན་མའི་འོད་ལ་ནོར་བུའི་བློ་སྐྱེས་པ་དོན་དམ་པའི་ནོར་བུ་འཛིན་པ་ནི་མ་ཡིན་པ་དེ་བཞིན་དུ། ནོར་བུའི་འོད་ལ་ནོར་བུར་འཛིན་པའི་
བློ་ཡང་ནོར་བུ་འཛིན་པ་མ་ཡིན་ནོ། །དེ་བས་ན་ནོར་བུའི་བློ་དེས་མངོན་པར་རྒྱུག་པའི་སྐྱེས་བུ་གཉི་ག་ཡང་འཁྲུལ་པའི་ཤེས་པ་ཡིན་པར་ཁྱད་པར་མེད་ཀྱང་ནོར་བུ་དང་ཕྲད་པར་བྱེད་པ་ལ་ཁྱད་ཡོད་དེ། ནོར་བུའི་བློ་ཁ་ཅིག་གཅིག་གིས་ཕྲད་པར་བྱེད་པ་བཞིན་ནོ། །དེ་བཞིན་དུ་ཇི་བཞིན་པའི་དོན་ཅན་མ་ཡིན་པ་འཁྲུལ་
པ་ཡང་རྗེས་སུ་དཔག་པ་དང་དེར་སྣང་བ་དེ་དག་དོན་བྱེད་པ་ལ་ཁྱད་པར་ཡོད་དེ། འཁྲུལ་པ་ཡིན་ཡང་རྗེས་སུ་དཔག་པ་ནི་ཚུལ་གསུམ་པའི་རྟགས་ཀྱི་སྟོབས་ལས་སྐྱེས་པས་བརྒྱུད་ནས་འབྲེལ་བའི་ཕྱིར་ཕྲད་པར་བྱེད་པ་ཡིན་ནོ། །དེར་སྣང་བ་ནི་འབྲེལ་བ་དང་བྲལ་བའི་ཕྱིར་ཕྲད་པར་བྱེད་པ་མ་ཡིན་ནོ། །
རྗེས་སུ་དཔག་པ་ནི་དོན་བྱེད་པའི་ངོར་ཚད་མ་ཉིད་ཡིན་གྱི་དེར་སྣང་བ་ནི་མ་ཡིན་ནོ། །ཡང་ན་དེར་སྣང་བའི་སྒྲ་ནི་མངོན་སུམ་ལ་བརྗོད་དེ། དེ་བས་ན་མངོན་སུམ་བཞིན་དུ་རྗེས་སུ་དཔག་པ་ཡང་དོན་བྱེད་པ་དང་རྗེས་སུ་འབྲེལ་པས་ཚད་མ་ཉིད་དུ་རྣམ་པར་གཞག་པར་བལྟའོ། །འོ་ན་གལ་ཏེ་རྗེས་སུ་དཔག་པ་
དངོས་པོ་སྣང་བ་མ་ཡིན་ན་ཇི་ལྟར་མ་མཐོང་བ་ལ་འཇུག་པར་བྱེད་ཅེ་ན། ནོར་བུ་མ་མཐོང་ཡང་ནོར་བུའི་འོད་ལ་ནོར་བུར་མངོན་པར་ཞེན་ནས་ཞུགས་ན་ཕྲད་པར་འགྱུར་བ་མ་ཡིན་ནམ། འཁྲུལ་པར་གྱུར་ཀྱང་ཐམས་ཅད་མཚུངས་པ་མ་ཡིན་ཏེ། ཐམས་ཅད་དུ་རྒྱུའི་ཁྱད་པར་གྱི་ཁྱད་པར་ཅན་དུ་འགྱུར་བ་

སྲིད་པའི་ཕྱིར་རོ། །ཤེས་པ་ཡིན་པ་ཙམ་གྱིས་ཐམས་ཅད་འཁྲུལ་པའམ་མ་འཁྲུལ་པ་མ་ཡིན་པའི་ཕྱིར། དཔེར་ན་ཤེས་པ་ལ་ལ་འཁྲུལ་པ་ཡིན་ཞིང་ལ་ལ་མ་འཁྲུལ་པ་ཡིན་པ་དེ་བཞིན་དུ་འཁྲུལ་པ་ཡང་མི་བསླུ་བ་ཡང་དག་པའི་ཤེས་པ་དང་ཚད་མ་ཡིན་ནོ། །འབྲེལ་པ་
མེད་པས་སླུ་བའི་ཤེས་པ་གང་ཡིན་པ་དེ་ནི་ཚད་མ་མ་ཡིན་ནོ། །འོ་ན་གལ་ཏེ་འཁྲུལ་པ་ཡིན་ན་ཇི་ལྟར་མི་བསླུ་བར་འགྱུར་ཞེ་ན། འཁྲུལ་པ་ཡིན་ཡང་འབྲེལ་པ་ཅན་གྱི་དངོས་པོ་ལས་སྐྱེས་པའི་ཕྱིར་སླུ་བ་མེད་པར་འགྱུར་ཏེ། འཁྲུལ་པ་ཡང་དོན་ལས་བརྒྱུད་ནས་སྐྱེ་བ་མཐོང་བ་ཡིན་ཏེ། དཔེར་ན་ནོར་བུའི་
འོད་ལ་ནོར་བུ་བཞིན་ནོ། །གཞན་ཡང་གལ་ཏེ་རྗེས་སུ་དཔག་པ་འཁྲུལ་པ་ཡིན་པའི་ཕྱིར་ཚད་མ་མ་ཡིན་ན། མངོན་སུམ་ཚད་མར་མི་འགྱུར་ཏེ། འདི་ལྟར་རྗེས་སུ་དཔག་པ་ནི་མངོན་སུམ་མ་བྱུང་ན་ཚད་མར་མི་འགྱུར་ལ། མངོན་སུམ་ཡང་རྗེས་སུ་དཔག་པ་མ་སྐྱེས་པར་ཚད་མར་མི་འགྱུར་ཏེ། འདི་
ལྟར་མངོན་སུམ་ནི་རྗེས་སུ་དཔག་པ་མ་གཏོགས་པར་དང་པོ་འཇུག་པར་བྱེད་པ་མ་ཡིན་ཞིང་འཇུག་བྱེད་མེད་པར་ཡང་ཚད་མར་མི་འགྱུར་རོ་ཞེས་བསྟན་ཏོ། །འོན་ཏེ་མངོན་སུམ་མེད་པར་རྗེས་སུ་དཔག་པ་མི་འཇུག་གི་རྗེས་སུ་དཔག་པ་མེད་ཀྱང་མངོན་སུམ་ཡོད་པའི་ཕྱིར་ཐ་དད་དོ་ཞེས་སློབ་དཔོན་
གསུང་བ་ནི་རྗེས་སུ་དཔག་པ་མེད་པའི་མངོན་སུམ་ནི་རང་རིག་པ་ཙམ་ལ་དགོངས་པ་ཡིན་ལ། རང་རིག་པས་ནི་ཐ་སྙད་གང་ལ་ཡང་མི་འཇུག་པ་མ་ཡིན་ནམ། དེ་བས་ན་དང་པོ་ཐ་སྙད་འདོགས་པར་ནུས་པ་ཅན་རྗེས་སུ་དཔག་པ་ཉིད་ཡིན་ནོ། །འོན་ཏེ་མངོན་སུམ་དང་པོར་རྗེས་སུ་དཔག་པ་ལ་མ་ལྟོས་
པར་འཇུག་པར་བྱེད་པ་ཡིན་ལ། རྗེས་སུ་དཔག་པ་ནི་མངོན་སུམ་མེད་ཀྱང་འཇུག་པར་བྱེད་པ་ཡིན་ཏེ། འདི་ལྟར་དུ་བ་ལས་མེ་རྗེས་སུ་དཔག་པ་མངོན་སུམ་མེད་ཀྱང་འཇུག་པར་བྱེད་པ་ཡིན་ཏེ། རྗེས་སུ་དཔག་པ་ཉིད་ལས་དོན་དེ་ཐོབ་པའི་ཕྱིར་རོ་ཞེ་ན། དེ་ནི་མི་བདེན་ཏེ། རྗེས་སུ་དཔག་པས་མེ་ལ་སོགས་
པ་ཤེས་པ་ནི། དེའི་ཆོས་ཅན་གྱི་ཁྱད་པར་རྟོགས་པ་ལ་མངོན་སུམ་མེད་ན་ཇི་ལྟར་འགྱུར། རྗེས་སུ་དཔག་པ་ནི་ཡུལ་ཁྱད་པར་མེད་པར་མེ་རིག་པ་ཡིན་ཏེ། འདི་ལྟར་རྩིག་པ་ལ་སོགས་པས་ཆོད་པའི་མེ་ནི་ཡུལ་ངེས་པ་ཉིད་དུ་རྗེས་སུ་དཔག་པས་ངེས་པར་ནུས་པ་མ་ཡིན་པའི་ཕྱིར་རོ་ཞེ་ན། རྩིག་

པའི་ཕ་རོལ་གྱིས་ཕྱོགས་གང་ཡང་རུང་བ་ཙམ་དུ་སྤྱིར་དཔོག་པར་བྱེད་པ་མ་ཡིན་ཞིང་། མངོན་སུམ་གྱིས་ཡུལ་ངེས་པར་འཛིན་པ་ཡིན་ཏེ། ངེས་པར་མེད་པ་ཅན་གྱི་མེས་ནི་དོན་བྱེད་པར་མི་ནུས་པའི་ཕྱིར་རྗེས་སུ་དཔག་པ་ནི་མངོན་སུམ་གྱི་གྲོགས་ཅན་ནོ། །ནོར་བུའི་འོད་ལས་ནོར་བུར་ཤེས་པ་ཡང་ཡུལ་ངེས་པ་
ཅན་དུ་མ་བཟུང་བའི་ཕྱིར་དེ་ཉིད་ཀྱི་སྐྱོན་གྱིས་ཚད་མ་མ་ཡིན་ནོ། །ཐེ་ཚོམ་ཟབ་དང་ཕྱིན་ཅི་ལོག་དག་ཀྱང་དོན་ངེས་པར་ཐོབ་པར་མི་བྱེད་པར་མཚུངས་པ་ཡིན་ནོ། །འོན་ཏེ་འཁྲུལ་པའི་ཤེས་པ་གཞན་དུ་འཇུག་པའི་ཕྱིར་ཚད་མ་མ་ཡིན་ལ། ཐེ་ཚོམ་ཟ་བ་ནི་རེས་འགའ་དེ་ལ་ཡང་འཇུག་པར་བྱེད་པའི་ཕྱིར་
ཚད་མར་འགྱུར་རོ་ཞེ་ན། གཉི་གའི་ཆ་ལ་དམིགས་པ་ཐེ་ཚོམ་ཟབ་མ་ཡིན་ནམ། ཇི་ལྟར་འཇུག་པར་བྱེད་པར་འགྱུར། འཁྲུལ་པའི་ཤེས་པ་ནི་ཕྱིན་ཅི་ལོག་གིས་འཇུག་པར་བྱེད་པར་རིགས་སོ། །ནོར་བུའི་འོད་ལས་ཤེས་པ་ནི་འཁྲུལ་པ་ཡང་ཕྱིས་འབྱུང་བའི་རྗེས་སུ་དཔག་པས་ཤེས་
པ་ཡིན་གྱི། ཚད་མ་གཞན་ལས་ནི་མ་ཡིན་ཏེ། ནོར་བུའི་འོད་ལ་ནོར་བུའི་ཤེས་པ་ནི་ཚད་མ་ཉིད་དུ་བྱེ་བྲག་མེད་པའི་ཕྱིར་རོ། །འོན་ཏེ་ནོར་བུའི་འོད་ལ་ནོར་བུར་ཤེས་པ་ཚད་མ་གང་ཡིན་ཞེ་ན། དེ་ནི་མངོན་སུམ་གྱི་ཚད་མ་ཉིད་དོ། །འོ་ན་མངོན་སུམ་འཁྲུལ་བར་ཇི་ལྟར་འགྱུར་ཞེ་ན། དེ་ནི་
མི་བདེན་ཏེ། འཁྲུལ་པའམ་མ་འཁྲུལ་ཡང་རུང་སྟེ་སླུ་བ་མེད་པ་ཉིད་ཚད་མ་ཡིན་ནོ། །དེ་སྐད་དུ་ཡང་། །ཚད་མ་སླུ་མེད་ཅན་ཤེས་པ། །ཞེས་བསྟན་ཏོ། །འོན་ཏེ་འཁྲུལ་པས་ཇི་ལྟར་སླུ་བ་མེད་ཅེ་ན། འདི་འཁྲུལ་པ་དང་མ་འཁྲུལ་པ་ཉིད་དོ་ཞེས་སླུ་བ་མེད་པ་མ་གཏོགས་པ་ཇི་ལྟར་འགྲུབ་པར་
འགྱུར། འོན་ཏེ་གནོད་པ་མེད་པ་ནི་མ་འཁྲུལ་པའོ་ཞེ་ན། གནོད་པ་མེད་པ་ཡང་སླུ་བ་མེད་ཀྱི་ཤེས་པ་མ་ཡིན་ནམ། སླུ་བ་ལས་ཐམས་ཅད་འཁྲུལ་པར་འགྱུར་བ་དེའི་ཕྱིར། སླུ་བ་མེད་པ་ཡིན་ཡང་རྗེས་སུ་དཔག་པ་ནི་འཁྲུལ་པ་ཁོ་ན་སྟེ། དེ་མངོན་སུམ་གྱིས་གཞན་དུ་མཐོང་བའི་ཕྱིར་དཔྱོད་
པ་པའི་ལྟ་བ་རིགས་པ་མ་ཡིན་ལ། འཇིག་རྟེན་རྒྱང་པན་པའི་ལུགས་ཀྱང་འཐད་པ་མ་ཡིན་ཏེ། འཁྲུལ་པ་ཐམས་ཅད་ཚད་མ་མ་ཡིན་པར་ཁས་ལེན་པའི་ཕྱིར་རོ། །འོ་ན་གལ་ཏེ་འཁྲུལ་པ་ཚད་མ་ཡིན་ན་ནི་མངོན་སུམ་དང་རྗེས་སུ་དཔག་པ་ལ་ཁྱད་པར་ཅི་ཞིག་ཡོད་ཅེ་ན། གསལ་བ་དང་

མི་གསལ་བའི་རྣམ་པ་ཐ་དད་པའི་ཕྱིར་རོ། །དེ་བས་ན་མངོན་སུམ་གྱི་རང་གི་ངོ་བོ་ཉིད་འཁྲུལ་པ་མེད་པ་ཡིན་ལ། རྗེས་སུ་དཔག་པ་ཡང་རང་བཞིན་ལ་ལྟོས་ནས་འཁྲུལ་པ་མེད་པ་དང་། སླུ་བ་མེད་པ་ལ་ལྟོས་ནས་ཀྱང་འཁྲུལ་པ་མེད་པ་མཚུངས་པ་མ་ཡིན་ནོ། །དེ་
བས་ན་འཁྲུལ་པ་དང་འཁྲུལ་པ་མེད་པར་བསྟན་པ་ནི་རིགས་པ་མ་ཡིན་ནོ། །དེ་ལྟ་ན་ནི་མངོན་སུམ་དང་རྗེས་སུ་དཔག་པ་དག་ཇི་ལྟར་མཚན་ཉིད་ཐ་དད་པ་ཡིན། གསལ་བ་དང་མི་གསལ་བས་སོ་ཟེར་ན། སྣང་བ་ཐ་དད་པ་དེ་ཉིད་གང་ལས་ཡིན། འོན་ཏེ་རང་དབང་བ་འཛིན་པ་གང་ཡིན་པ་དེ་
གསལ་བར་སྣང་བ་ཅན་ཉིད་ཡིན་ལ། གཞན་གྱི་ངོ་བོ་ཉིད་འཛིན་པ་གང་ཡིན་པ་དེ་ནི་ལྐོག་ཏུ་གྱུར་པའོ་ཟེར་ན། དེ་ལྟ་ན་ནི་རང་དབང་ཅན་འཛིན་པ་དང་གཞན་གྱི་ངོ་བོ་ཉིད་དུ་འཛིན་པ་གང་གིས་དེ་དག་ཐ་དད་པས་ཡུལ་ཐ་དད་པ་དང་ཚད་མ་ཐ་དད་པར་འགྱུར་བའི་དེ་དག་ཉིད་ཇི་ལྟར་འགྱུར་ཞེ་ན། སྨྲས་པ།
གང་ལ་དོན་གྱི་ནུས་པ་ལས། །རྗེས་སུ་འགྲོ་ལྡོག་ཅན་གྱི་བློ། །དེ་ལ་འཛིན་པ་རང་དབང་ཅན། །དེ་ལས་གཞན་དངོས་དབང་པོ་འདས། །ཞེས་བྱ་བ་ལ། ཤེས་བྱ་གང་ལ་དངོས་པོའི་ནུས་པ་ཡོད་པ་དང་མེད་པ་དག་ལས་རྗེས་སུ་འགྲོ་བ་དང་ལྡོག་པ་ཅན་གྱི་བློ་ཡོད་པ་དང་མེད་པ་དང་ལྡན་པའི་དོན་དེ་ནི་རང་
དབང་ཅན་ཏེ་མངོན་སུམ་གྱིས་འཛིན་པའོ། །མངོན་སུམ་འཛིན་པ་དེ་ལས་གཞན་པར་རང་དབང་ཅན་དུ་མི་འཛིན་པ་གང་ཡིན་པའོ། །འོན་ཀྱང་སྔར་མཐོང་བས་བསྐྱེད་པའི་བག་ཆགས་སད་པ་ལས་བྱུང་བ་འཛིན་པ་དངོས་པོ་དེ་ནི་དབང་པོ་ལས་འདས་པ་སྟེ་མངོན་སུམ་མ་ཡིན་པའོ། །དེ་ལ་དབང་པོའི་
བྱེད་པ་མངོན་སུམ་མེད་པར་སྣང་བ་ཅན་ཡོད་པ་མ་ཡིན་ཏེ། མངོན་སུམ་དུ་བྱེད་པའི་རྣམ་པ་མེད་ན་གཞན་དུ་རྟོགས་པ་ནི་ཡོད་པ་མ་ཡིན་ནོ། །དེ་བས་ན་རྟོགས་པ་གང་ཡིན་པ་དེ་ནི་མངོན་སུམ་གྱི་དོན་ཡིན་ལ། མངོན་སུམ་དུ་རྟོགས་པ་མེད་པ་གང་ཡིན་པ་དེ་ནི་ལྐོག་ཏུ་གྱུར་པ་ཡིན་གྱི། དབང་
པོ་དང་ཕྲད་པ་མེད་པ་ལས་ལྐོག་ཏུ་གྱུར་པ་ནི་མ་ཡིན་ནོ། །དབང་པོས་ཀྱང་ངོ་བོ་ཉིད་ཁོ་ན་མཐོང་བར་བྱེད་པ་མ་ཡིན་ནམ། དེ་ཡང་གལ་ཏེ་རྗེས་སུ་དཔག་པས་ཤེས་ན་ནི་ལྐོག་ཏུ་གྱུར་པ་མེད་པར་འགྱུར་རོ། །འོན་ཏེ་ངོ་བོ་ཉིད་མི་ཤེས་ན་དེ་ལྟ་ན་རྗེས་སུ་དཔག་པ་དངོས་པོ་ལ་རེག་པར་མི་འགྱུར་རོ། །དེ་

བས་ན་ལྐོག་ཏུ་གྱུར་པའི་དངོས་པོ་ནི་རང་གི་ངོ་བོ་ཉིད་དུ་རྟོགས་པ་ནི་མ་ཡིན་ནོ། །འོ་ན་གལ་ཏེ་ལྐོག་ཏུ་གྱུར་པའི་དངོས་པོ་མི་ཤེས་ན་རྗེས་སུ་དཔག་པ་ཇི་ལྟར་ཚད་མར་འགྱུར་ཏེ། དེའི་བློ་ནི་ལྐོག་ཏུ་གྱུར་པའི་དོན་བརྟགས་པའི་ངོ་བོ་ཉིད་ཅན་མ་ཡིན་ནམ་ཞེ་ན། འདིར་སྨྲས་པ། །དེ་ཡི་རང་བཞིན་མི་སྣང་བདག། །
རྟོགས་པ་འདི་རྟེན་དོན་གཞན་དེ། །གལ་ཏེ་དེ་རྟེན་དང་འབྲེལ་ཅན། །འགྱུར་ན་དེ་ཚེ་གོ་བྱེད་ཡིན། །ཞེས་བྱ་བ་ལ། དབང་པོ་ལས་འདས་པའི་ངེས་སུ་མི་རུང་བའི་བདག་ཉིད་གང་ཡིན་པ་དེ་ནི་མི་སྣང་བའི་བདག་ཉིད་དེ་དེའི་དོན་རྟོགས་པ་སྟེ་ངེས་པར་གྱུར་པ། བསྒྲུབ་པར་བྱ་བ་ལས་ཐ་དད་པའི་དོན་གཞན་
ལ་བརྟེན་པ་ཡིན་གྱི་རང་དབང་ཅན་འཛིན་པ་ནི་མ་ཡིན་ནོ། །འོ་ན་གལ་ཏེ་གཞན་མཐོང་བ་ལ་གཞན་དུ་རྟོགས་པར་བྱེད་ན་ཧ་ཅང་ཐལ་ཆེས་པར་འགྱུར་ཏེ། གང་ཅུང་ཟད་མཐོང་བ་ལ་གང་ཅི་ཡང་རུང་བ་འགའ་ཞིག་ཏུ་རྟོགས་པར་འགྱུར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། མི་སྣང་བའི་བདག་ཉིད་དེ་ཉིད་ཀྱི་རྟེན་གང་ཡིན་
པ་དང་འབྲེལ་པ་ཅན་དུ་གྱུར་ན་དེའི་ཚེ་གོ་བྱེད་ཡིན་པར་འགྱུར་རོ། །ཡང་ན་ཆོས་ཅན་དེ་ལ་བརྟེན་པའི་མི་རྟག་པ་ལ་སོགས་པ་གང་ཡིན་པ་དེ་དང་འབྲེལ་པ་ཅན་དུ་གྱུར་པའི་ཞེས་བྱ་བར་བལྟ་བར་བྱའོ། །འདི་དག་གིས་ནི་ཚུལ་གསུམ་བསྟན་པ་ཡིན་ནོ། །འབྲེལ་པ་ལས་དྲན་པར་གྱུར་པ་མ་ཡིན་ནམ། དེ་ཡང་
གོམས་པ་ལ་སོགས་པ་ལས་འགྱུར་བའི་ཕྱིར་དེ་ཉིད་ཐལ་ཆེས་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ། གོམས་པ་ལས་སྐྱེས་པའི་དྲན་པ་ནི་གཞན་དུ་ཡང་སྲིད་པའི་ཕྱིར་ཏེ། འདི་ལྟར་གོམས་པ་ལས་སྐྱེས་པའི་དྲན་པས་ནི་ཡུལ་དང་དུས་ངེས་པ་ཅན་གྱི་དོན་སྟོན་པ་མ་ཡིན་གྱི། རྟགས་ལས་སྐྱེས་པའི་
དྲན་པས་ནི་ཡུལ་དང་དུས་ངེས་པར་སྟོན་པའི་དངོས་པོ་ནི་ཚད་མ་ཡིན་ནོ། །འོན་ཏེ་རྟགས་ལས་སྐྱེས་པའི་ཤེས་པ་རྣམ་པ་མཚུངས་པ་ཅན་གང་ཡིན་པ་དེ་རྗེས་སུ་དཔག་པ་ཡིན་གྱི། བཟློག་པ་ནི་ཚད་མ་གཞན་དུ་འགྱུར་རོ་ཞེ་ན། སྨྲས་པ། དེ་ཚེ་གོ་བྱེད་རྗེས་འགྲོ་བ། །སྤྱི་ཡི་ངོ་བོ་ཉིད་དུ་རྟོགས། །
དེ་ཕྱིར་ལྐོག་གྱུར་དོན་ཐམས་ཅད། །ཁྱད་པར་དུ་ནི་རྟོགས་མི་འགྱུར། །ཞེས་བྱ་བ་ལ། གོ་བར་བྱེད་པའི་རྟགས་ཀྱི་རྗེས་སུ་འགྲོ་བའི་ཕྱིར། གོ་བྱེད་རྗེས་སུ་འགྲོ་བ་སྟེ། དེ་ནི་སྤྱིའི་ངོ་བོ་ཉིད་རྗེས་སུ་དཔོག་པ་དེའི་ཚེ་རྟོགས་པ་སྟེ། རྗེས་སུ་འགྲོ་བའི་ངོ་བོ་ཉིད་དུ་ཁོང་དུ་ཆུད་པར་འགྱུར་རོ་ཞེས་བྱ་བའི་

ཐ་ཚིག་གོ། །དེའི་ཕྱིར་ལྐོག་ཏུ་གྱུར་པའི་དོན་ཐམས་ཅད་ཁྱད་པར་དུ་སྟེ། ཐུན་མོང་མ་ཡིན་པའི་ངོ་བོ་ཉིད་དུ་རྟོགས་པར་མི་འགྱུར་རོ། །འོན་ཏེ་སྤྱིའི་རྣམ་པ་ཅན་ཚུལ་གསུམ་པའི་རྟགས་ལས་སྐྱེས་པའི་རིགས་པ་ཡིན་མོད་ཀྱི། དེ་ལྟ་ན་ཡང་རྗེས་སུ་དཔག་པ་ཉིད་ཚད་
མའོ་ཞེས་བྱ་བ་འདི་གང་ལས་ཤེས་ཤེ་ན། སྨྲས་པ། འབྲེལ་པ་ཅན་གྱི་ཆོས་དག་ལས། །ཆོས་ཅན་ལ་རྟོགས་སྐྱེ་བ་གང་། །དེ་ནི་རྗེས་དཔག་དེ་ཉིད་ཀྱིས། །ལྐོག་གྱུར་སྒྲུབ་བྱེད་གཅིག་ཡིན་ནོ། །ཞེས་བྱ་བ་ལ། བསྒྲུབ་བྱ་དང་འབྲེལ་པ་ཅན་ཆོས་དུ་བ་ལ་སོགས་པ་ལས་ཡུལ་ལ་སོགས་པའི་
ཆོས་ཅན་ལ་མེ་ལ་སོགས་པའི་ཤེས་པ་སྐྱེས་པའི་རྗེས་སུ་དཔག་པ་གང་ཡིན་པ་དེ་ཉིད་ཀྱིས། གང་གི་ཕྱིར་ལྐོག་ཏུ་གྱུར་པའི་དངོས་པོ་རྣམས་རྗེས་སུ་དཔག་པ་གཅིག་པུ་སྒྲུབ་བྱེད་ཡིན་གྱི། ཚད་མ་གཞན་ནི་ཡོད་པ་མ་ཡིན་ནོ། །འོ་ན་གཞལ་བྱ་གཞན་གྱི་ཡུལ་ཅན་གྱི་ཚད་མ་ཡོད་པ་མ་ཡིན་ནམ།
དེ་ཇི་ལྟར་ཚད་མ་གཉིས་ཁོ་ན་ཡིན་ཞེ་ན།། །།ཚད་མ་རྣམ་འགྲེལ་གྱི་འགྲེལ་པ། བམ་པོ་ལྔ་པ། །མངོན་སུམ་ལྐོག་ཏུ་གྱུར་པ་ལས། །གཞལ་བྱ་གཞན་ནི་ཡོད་མ་ཡིན། །དེ་ཕྱིར་གཞལ་བྱ་གཉིས་ཉིད་ཀྱིས། །ཚད་མ་དག་ནི་གཉིས་ཉིད་བཞེད། །ཅེས་བྱ་བ་ལ།
མངོན་སུམ་དང་མངོན་སུམ་མ་ཡིན་པ་ལས་གཞན་པའི་གཞལ་བྱ་མེད་པའི་ཕྱིར། གང་གིས་དེའི་ཡུལ་ཅན་གྱི་ཚད་མ་གཞན་དུ་འགྱུར་བ་ཡིན། དེའི་ཕྱིར་གཞལ་བྱ་གཉིས་ཉིད་ཡིན་པས་ཚད་མ་གཉིས་ཁོ་ནར་རིགས་སོ། །འོ་ན་གཞལ་བྱ་གཉིས་སུ་འཐད་པར་ཚད་མ་གཉིས་ཀྱིས་བྱེད་པ་མ་ཡིན་ནམ།
ཚད་མ་ནི་གཞལ་བྱའི་སྒྲུབ་བྱེད་ཡིན་ནོ་ཞེ་ན། ཡུལ་གྱི་ཚད་མ་སྒྲུབ་པ་མ་ཡིན་ཏེ། རང་རིག་པས་གྲུབ་པའི་ཕྱིར་རོ། །ཤེས་པའི་རྣམ་པ་ཉིད་གསལ་བ་དང་མི་གསལ་བའི་རྣམ་པ་ཉིད་ཅན་མངོན་སུམ་དང་རྗེས་སུ་དཔག་པའི་ཡུལ་ཡིན་ནོ་ཞེས་བསྟན་ལ། ད་ལྟ་ནི་རྣམ་པ་གཉིས་པོ་རིགས་པས་
ཚད་མ་གཅིག་མ་ཡིན་ལ། གསུམ་ཡང་རིགས་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གསུམ་གཅིག་གྲངས་ནི་གསལ་བ་འམ། །གཞལ་བྱ་གཉིས་ནི་མཐོང་ཕྱིར་རོ། །ཞེས་བྱ་བ་སྨོས་ཏེ། དེ་ལྟ་བས་ན་གཞལ་བྱ་གཉིས་ཡིན་པས་གཞལ་བྱ་གཞན་ཡོད་པ་མ་ཡིན་པའི་ཕྱིར་གྲངས་གསུམ་

བསལ་བའམ། གཞལ་བྱ་གཉིས་སུ་བསྟན་པའི་ཕྱིར་གྲངས་གཅིག་བསལ་བར་བལྟའོ། །མེད་པ་གཞལ་བྱ་མ་ཡིན་ཕྱིར། །གཅིག་ཉིད་ཡིན་ན་ཁོ་བོའང་འདོད། །ཅེས་བྱ་བ་ནི། འོན་ཏེ་ཁྱད་པར་ཅན་གཅིག་པུ་གཞལ་བྱ་ཡིན་ལ། དེ་ལས་གཞན་པ་ནི་མེད་པའི་ཕྱིར་ཚད་མ་གཞན་
གྱིས་གཞལ་བར་བྱ་བ་མ་ཡིན་པའི་ཕྱིར་རོ་ཞེ་ན། འདི་ལ་སྨྲས་པ། རང་གི་མཚན་ཉིད་ལས་གཞན་པའི་གཞལ་བྱ་ཡོད་པ་མ་ཡིན་པ་འདི་ནི་ཁོ་བོ་ལ་ཡང་འདོད་པ་ཡིན་ཏེ། དེ་ཡང་སྤྱི་ནི་གཞལ་བྱ་མ་ཡིན་ལ་རང་གི་མཚན་ཉིད་གཅིག་པུ་གཞལ་བྱ་ཡིན་ཏེ། དེ་ཉིད་རང་གི་ངོ་བོ་དང་གཞན་གྱི་ངོ་བོ་
ཉིད་དག་གིས་རྟོགས་པའི་ཕྱིར་སྤྱི་དང་ཁྱད་པར་གྱི་མཚན་ཉིད་ཅན་ཞེས་བརྗོད་དོ། །གཞན་ཡང་། །གཞལ་བྱ་མིན་ན་མེད་པ་ཡང་། །ཡིན་ཕྱིར་མ་ངེས་པ་ཡིན་ནོ། །ཞེས་བྱ་བ་ལ། སྔ་ན་མེད་པ་ལ་སོགས་པའི་ངོ་བོ་ཉིད་ཀྱི་མེད་པ་ཡང་གཞལ་བྱ་ཡིན་པའི་ཕྱིར། གཞལ་བྱ་མ་ཡིན་པར་བསྒྲུབ་པ་ལ་མེད་
པའི་གཏན་ཚིགས་ནི་མ་ངེས་པར་འགྱུར་ཏེ། མ་ངེས་པ་ནི་གཏན་ཚིགས་མ་ཡིན་ནོ། །སྔ་ན་མེད་པ་ལ་སོགས་པ་ལ་རིགས་པ་དང་བྲལ་བའི་ཕྱིར་ངེས་པའི་ཐ་སྙད་ཐམས་ཅད་བཟློག་པ་མ་ཡིན་ནམ། དེ་བས་ན་གཉིས་སུ་མེད་པ་ཉིད་འབའ་ཞིག་ཡོད་པ་ཡིན་ལ། དེ་ངེས་ཡོད་ན་ཚད་གཉིས་ཡིན། །
མེད་ལ་དབང་སྐྱེས་བློ་མ་ཡིན། །དོན་གྱི་སྟོབས་ལས་སྐྱེས་ཕྱིར་རོ། །དོན་ནུས་པ་ལའང་ལྟོས་མེད་ན། །ཚོད་པ་ལ་སོགས་ཡོད་ན་ཡང་། །དབང་སྐྱེས་བློ་ནི་སྐྱེ་བར་འགྱུར། །ཞེས་བྱ་བ་ནི་མེད་པ་དེ་ངེས་པ་ཡོད་ན་ནི་ཚད་མ་གཉིས་པར་འགྱུར་རོ། །འོན་ཏེ་དབང་པོ་ལས་སྐྱེས་པའི་བློ་ཉིད་ཀྱིས་མེད་པའི་
ཐ་སྙད་སྒྲུབ་པོ་ཞེ་ན། མ་ཡིན་ཏེ་མེད་པ་ལ་དབང་པོ་ལས་སྐྱེས་པའི་བློ་མི་འཇུག་པའི་ཕྱིར་རོ། །མེད་པ་ཞེས་བྱ་བ་ནི་དབང་པོའི་སྤྱོད་ཡུལ་མ་ཡིན་ཏེ། མངོན་སུམ་དུ་སྣང་བ་ནི་སྔོན་པོ་ལ་སོགས་པའི་རང་བཞིན་ཁོ་ན་ཡིན་པའི་ཕྱིར་རོ། །དེ་ལ་ཐ་དད་པ་ནི་མི་སྣང་བའི་ཕྱིར། དེའི་ངོ་བོ་ཉིད་མེད་པའི་ཕྱིར་
དབང་པོའི་སྤྱོད་ཡུལ་མ་ཡིན་ཞིང་། ཡུལ་ལ་སོགས་པས་ཆོད་པ་ཡང་མ་ཡིན་ཏེ། སྣང་བ་མེད་པ་ཉིད་དུ་གནས་པའི་ཕྱིར་རོ། །འོན་ཏེ་མེད་པ་ལ་དབང་པོ་ལས་སྐྱེས་པའི་མི་འཇུག་གོ་ཞེས་བྱ་བར་ཇི་ལྟར་ཤེས་ཏེ། གང་གི་ཕྱིར་བུམ་པ་ལ་སོགས་པས་དབེན་པའི་ས་ཕྱོགས་དམིགས་པ་ཉིད་ཀྱིས་མེད་

པར་ངེས་སོ་ཞེ་ན། འདི་ལ་སྨྲས་པ། དོན་གྱི་སྟོབས་ལས་དབང་པོའི་ཤེས་པ་སྐྱེས་པའི་ཕྱིར་ཏེ། དེ་དོན་གྱི་སྟོབས་ལས་སྐྱེ་བར་འགྱུར་བའི་ཕྱིར་དོན་ཉེ་བའི་ངོ་བོ་ཉིད་སྣང་བ་ཅན་དུ་རིགས་པ་ཡིན་ནོ། །བཟློག་པའི་དངོས་པོ་དེ་ལ་ཉེ་བར་འགྱུར་བ་མ་ཡིན་ནམ། ཇི་
ལྟར་དེ་མངོན་སུམ་གྱི་ཡུལ་དུ་འགྱུར། མི་སྣང་བར་གྱུར་པ་ན་དེས་ཁོང་དུ་མི་ཆུད་པའི་མེད་པ་ཇི་ལྟར་ཤེས་པར་འགྱུར། འོན་ཏེ་དོན་གྱི་སྟོབས་ལས་སྐྱེས་པར་ཁས་མི་ལེན་ཏེ། དབང་པོ་སྟོབས་ལས་མངོན་སུམ་སྐྱེ་བའོ། །དེ་ལ་ཡུལ་སྣང་བ་ཉིད་ཡིན་གྱི། སྐྱེད་པར་བྱེད་པ་ཉིད་ནི་མ་ཡིན་ནོ་ཞེ་
ན། དེ་ལྟ་ན་འོ་ན་ནི་གལ་ཏེ་དབང་པོ་ལས་སྐྱེས་པའི་བློ་དོན་དང་འབྲེལ་བར་ཁས་མི་ལེན་ན། ཡུལ་ལ་སོགས་པས་ཆོད་པ་ལ་ཡང་དབང་པོ་ལས་སྐྱེས་པའི་ཤེས་པ་སྐྱེ་བར་འགྱུར་རོ། །སོགས་པའི་སྒྲས་ནི་ཤིན་ཏུ་ཉེ་བར་གྱུར་པ་དང་བསྐལ་པའི་དོན་བཟུང་ངོ་། །འོན་ཏེ་དབང་པོ་རྣམས་ཉེ་བའི་དངོས་པོ་
ལ་ཤེས་པ་བསྐྱེད་པར་ནུས་ཀྱི་ཆོད་པ་ལ་ནི་མ་ཡིན་ནོ། །དེས་ན་དེ་ལ་དབང་པོ་ལས་སྐྱེས་པའི་བློ་འཇུག་པ་མ་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་ས་བོན་ཡང་མྱུ་གུ་ལ་ནུས་པ་མེད་པར་འགྱུར་ལ། ས་ལ་སོགས་པ་ཁོ་ན་རྒྱུའི་དངོས་པོར་འགྱུར་བ་མ་ཡིན་ནམ། འོ་ན་གལ་ཏེ་ས་ཉིད་མྱུ་གུ་སྐྱེད་བ་ཉིད་ཡིན་ཡང་ས་བོན་ལ་
ལྟོས་བར་འགྱུར་བའི་ཕྱིར་མྱུ་གུ་བསྐྱེད་པ་དེ་ལ་ས་བོན་ཡང་ནུས་པ་ཅན་དུ་རྟོགས་པར་བྱའོ་ཞེ་ན། དེ་ལྟ་ན་ནི་མིག་ལས་སྐྱེས་པའི་རིགས་པ་ལ་ཡུལ་གྱི་ནུས་པ་གྲུབ་པར་འགྱུར་བ་ཉིད་མ་ཡིན་ནམ། འདི་ལྟར་ཡུལ་ཉེ་བར་གྱུར་ན་དབང་པོའི་ཤེས་པ་སྐྱེ་བ་ཉིད་ཡིན་གྱི། དེ་མེད་ན་ཡང་མངོན་སུམ་མེད་པར་
འགྱུར་བ་མ་ཡིན་ནོ། །རྗེས་སུ་འགྲོ་བ་དང་ལྡོག་པ་ངེས་པ་ནི་རྒྱུ་དང་འབྲས་བུའི་དངོས་པོའི་མཚན་ཉིད་ཡིན་ཏེ། དེ་ལྟ་མ་ཡིན་ན་ཐམས་ཅད་དུ་རྒྱུ་དང་འབྲས་བུའི་དངོས་པོ་ཉིད་མེད་པར་འགྱུར་རོ། །གལ་ཏེ་མངོན་སུམ་ལོག་པ་ལས། །མེད་པར་ངེས་ཉིད་ཡིན་ན་ཡང་། །འགལ་བའམ་དེ་ཉིད་རྗེས་
འགྲོ་དང་། །ལྡོག་པ་ཅན་ཉིད་རྟགས་ཡིན་ནོ། །ཞེས་བྱ་བ་ལ། འོན་ཏེ་མེད་པར་ངེས་པར་བྱེད་པ་ནི་མངོན་སུམ་ཁོ་ན་སྟེ། དེ་ལོག་པ་ལས་ཏེ་མངོན་སུམ་ལོག་པའི་ཕྱིར་རོ། །དེ་དག་གིས་ནི་འདི་སྐད་དུ་བསྟན་པར་འགྱུར་ཏེ། མངོན་སུམ་ཞུགས་པས་ནི་དངོས་པོ་ཡོད་པར་སྒྲུབ་ཅིང་། མངོན་སུམ་

ལོག་པ་ལས་མེད་པར་ངེས་པར་བྱེད་པ་ཡིན་ནོ། །དེའི་ཕྱིར་མངོན་སུམ་ཉིད་ཡོད་པའི་ཐ་སྙད་དང་མེད་པའི་ཐ་སྙད་བྱེད་པ་ཡིན་པའི་ཕྱིར་རྗེས་སུ་དཔག་པར་ཇི་ལྟར་འཇུག་པར་འགྱུར་ཞེ་ན། འདི་ལ་སྨྲས་པ། མངོན་སུམ་ལོག་པས་དངོས་པོ་དང་བྲལ་བར་སྟོན་པ་འདི་ནི་འགལ་བ་ཡིན་ཏེ། དབང་པོ་
ལས་སྐྱེས་པའི་ཤེས་པ་མངོན་སུམ་དུ་བྱ་བའི་དངོས་པོ་ཤེས་པ་ཡིན་པའི་ཕྱིར། ཇི་ལྟར་མེད་པ་འཛིན་པར་བྱེད། གང་ཞིག་གང་ལ་མི་འཇུག་པ་དེ་ནི་དེའི་སྒྲུབ་བྱེད་མ་ཡིན་ཏེ་ཤིན་ཏུ་ཐལ་ཆེས་པའི་ཕྱིར་རོ། །དེ་བས་ན་མངོན་སུམ་ནི་མདུན་ན་གནས་པའི་སྔོན་པོ་ལ་སོགས་པ་ལ་འཇུག་པར་འགྱུར་
ཞིང་། དེ་ཉིད་ཡོད་པར་ཤེས་པ་ཡིན་གྱི་ཉམས་སུ་མྱོང་བར་མ་གྱུར་པ་དེ་ལ་ཡོད་པ་དང་མེད་པར་འཛིན་པར་ནུས་པ་ནི་མ་ཡིན་ནོ། །ཇི་ལྟ་བུ་ཞེ་ན། རྗེས་སུ་འགྲོ་བ་དང་ལྡོག་པ་གང་ལ་ཡོད་པ་དེ་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་ཅན་གྱི་རྟགས་ཡིན་ནོ། །དེ་དག་གིས་འདི་སྐད་དུ་བསྟན་པར་འགྱུར་ཏེ།
རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་འཇུག་པའི་མེད་པའི་ཐ་སྙད་སྒྲུབ་པའི་མི་དམིགས་པ་ནི་རྗེས་སུ་དཔག་པ་ཉིད་ཡིན་ནོ། །འདིས་ནི་མི་དམིགས་པའི་ཡུལ་བསྟན་ཅིང་། རང་བཞིན་གྱི་གཏན་ཚིགས་ཀྱི་ཡུལ་ཡང་ཤུགས་ཀྱིས་བསྟན་ཏེ། འདི་ལྟར་གལ་ཏེ་དེ་ལས་གཞན་པ་མེད་པའི་ཐ་སྙད་
འདོགས་པར་ནུས་པ་སྟེ། ཡན་གར་བ་དམིགས་པའི་ཕྱིར་གཞན་དུ་ཡང་ཐ་དད་པའི་ཐ་སྙད་དེ་ལྟར་བྱེད་པ་དེ་ཉིད་ལ་དེ་ལྟར་སྒྲུབ་པར་བྱེད་ནའོ། །ད་ནི་འབྲས་བུའི་གཏན་ཚིགས་ཀྱི་ཡུལ་བསྟན་པའི་ཕྱིར། གཞན་གྱི་སེམས་ཉིད་རྟོགས་པ་ལས། །ཚད་མ་གཉིས་ཉིད་གྲུབ་པ་ཡིན། །སྨྲ་ཚོགས་ལ་ནི་
འཇུག་ཕྱིར་ཡང་། །དེ་ཡོད་པར་ནི་ངེས་པར་གྲུབ། །ཅེས་བྱ་བ་ལ། གཞན་གྱི་སེམས་དེ་ཉིད་རྟོགས་པའི་ཕྱིར་ཚད་མ་གཉིས་གྲུབ་པ་ཡིན་ནོ། །འོན་ཏེ་མངོན་སུམ་ཉིད་ཀྱིས་གཞན་གྱི་རྒྱུད་ལ་ཡོད་པའི་སེམས་ཁོང་དུ་ཆུད་པར་བྱ་བའི་ཕྱིར། འདི་ལ་ཚད་མ་གཞན་གྱིས་ཅི་ཞིག་བྱ་ཞེ་ན། འདི་ལ་སྨྲས་
པ། ཚིག་སྨྲ་བ་ལ་སོགས་པའི་ཐ་སྙད་འཇུག་པའི་རྒྱུ་ཡིན་པའི་ཕྱིར་ཏེ། སོགས་པའི་སྒྲས་ནི་ལུས་ཀྱི་འགྱུར་བ་ལ་སོགས་པ་གཟུང་ངོ་། །དེ་ཡོད་པ་སྟེ་སེམས་ཡོད་པར་འགྲུབ་པ་ཡོད་ཀྱི། མངོན་སུམ་གྱིས་གཞན་གྱི་སེམས་རྟོགས་པ་ནི་མ་ཡིན་ཏེ། གཞན་གྱི་རྒྱུད་ལ་ཡོད་པའི་སེམས་ཀྱི་ཁྱད་

པར་འདོད་ཆགས་ལ་སོགས་པ་མི་འཛིན་པའི་ཕྱིར་རོ། །གཞན་གྱི་རྒྱུད་ཀྱི་སེམས་མ་རྟོགས་ན་ཡང་ཐ་སྙད་ཐམས་ཅད་རྒྱུན་ཆད་པར་འགྱུར་ཏེ། འདི་ལྟར་རྒྱུད་གཞན་གྱི་སེམས་མ་རྟོགས་ན་གཞན་གྱི་ཁོང་དུ་ཆུད་པའི་དོན་དུ་བསྟན་བཅོས་རྩོམ་པ་དང་རྩོད་པ་ལ་སོགས་
པའི་ཐ་སྙད་དང་འཇུག་པ་དང་ལྡོག་པའི་ཐ་སྙད་གཞན་གྱི་རྒྱུད་ལ་བྱ་བར་རིགས་པ་མ་ཡིན་ནོ། །གལ་ཏེ་མངོན་སུམ་གཅིག་པུ་རིག་པར་བྱེད་པ་ཡིན་པ་དེའི་ཚེ་རང་རིག་པ་གཉིས་སུ་མེད་པར་འགྱུར་རོ། །དེ་བས་ན་སུ་ཡང་འཇུག་པར་མི་འགྱུར་རོ། །འོན་ཏེ་འགའ་ཞིག་ལྟར་གཞན་གྱི་སེམས་ཤེས་
པ་འདི་ཡིན་ཡང་དེ་ཚད་མར་མི་འགྱུར་ཏེ། གཞན་གྱི་སེམས་དང་རྗེས་སུ་མཐུན་པའི་ཐ་སྙད་ཙམ་མཐོང་བའི་ཕྱིར་རོ། །དེ་བས་ན་གཞན་གྱི་སེམས་རྟོགས་པ་ཡོད་ཀྱང་། གང་ཞིག་ཁོང་དུ་ཆུད་པ་དེ་ནི་ཚད་མ་མ་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་ཚད་མའི་རྟོག་དཔྱོད་ལ་འཇུག་པ་སྤང་བར་འགྱུར་རོ། །འོན་ཏེ་ཐབས་
གཞན་མེད་པས་མ་རྟོགས་པའི་ཕྱིར་ཐ་སྙད་སྤོང་བར་བྱེད་དོ་ཞེ་ན་ཐབས་གཞན་མེད་པ་ཞེས་བྱ་བའི་ངེས་པ་འདི་ནི་ཚད་མ་ཉིད་མ་ཡིན་ནམ། མེད་པར་ངེས་པ་ཡང་རྗེས་སུ་དཔག་པ་ཡིན་ནོ་ཞེས་བསྟན་ཏོ། །འོན་ཏེ་གཞན་ཁས་ལེན་དུ་འཇུག་པ་སྟོན་པ་བྱེད་དོ་ཞེ་ན། གཞན་ཁས་ལེན་དུ་འཇུག་པ་ཡང་གཞན་
གྱི་དོན་གྱི་རྗེས་སུ་དཔག་པ་ཉིད་ལ་ཞུགས་པ་མ་ཡིན་ནམ། འདི་ལྟར་སུ་ཡང་རྗེས་སུ་དཔོག་པས་བདག་ཉིད་སྟོན་པ་ཡིན་ནོ། །འོན་ཏེ་རྣམ་པ་གཞན་མེད་པས་གཞན་གྱི་སེམས་ཡོད་པར་ཐ་སྙད་འདོགས་སོ་ཞེ་ན། འོ་ན་ནི་འཇིག་རྟེན་ཕ་རོལ་ཡང་ངེས་པར་ཡོད་པར་འགྱུར་རོ། །འོན་ཏེ་འཇིག་རྟེན་གཞན་མེད་
ཀྱང་འཚོ་བར་ནུས་པའི་ཕྱིར། འཇིག་རྟེན་གཞན་རྟོགས་པ་མ་ཡིན་ནོ་ཞེ་ན། འོ་ན་འཚོ་བར་ནུས་པ་ཞེས་བྱ་བར་ཇི་ལྟར་ཤེས་ཏེ། འདི་ལྟར་འཚོ་བ་དོན་དུ་གཉེར་བ་ཉིད་ཅི་འདས་པ་ཡིན་ནམ། འོན་ཏེ་ད་ལྟར་བྱུང་བའི་འཚོ་བ་པོ་ཡིན། དེ་ལ་འདས་པ་ནི་འཚོ་བ་པོ་མ་ཡིན་ཏེ་དེ་འདས་པའི་ཕྱིར་རོ། །ད་ལྟར་
བྱུང་བ་ཡང་མ་ཡིན་ཏེ་དེ་ཐོབ་པའི་ཕྱིར་རོ། །མ་འོངས་པ་འཚོ་བ་དོན་དུ་གཉེར་བའོ་ཞེ་ན། འོ་ན་ནི་མ་འོངས་པའི་འཚོ་བ་པོ་ཐབས་འདིས་འབྱུང་གི །གཞན་གྱིས་མ་ཡིན་པའོ་ཞེས་རྗེས་སུ་འགྲོ་བ་དང་ལྡོག་པས་རྟོགས་པ་རྗེས་སུ་དཔག་པ་ཁོ་ནའོ། །འདིས་ནི་རྗེས་སུ་དཔག་པ་ཐེ་ཚོམ་ཟ་བའི་འབྲས་བུ་

ཅན་ནོ་ཞེས་ཟེར་བ་དེ་ཡང་གསལ་བ་ཡིན་ནོ། །གཞན་ཡང་མ་དཔྱད་པ་ཉིད་འདི་ལྟར་ཐ་སྙད་འདོགས་པ་ནི་ཅི་སྟེ་ཁྱེད་ཁོ་ནའི་ཡིན་ནམ། འོན་ཏེ་གཞན་གྱི་ཡིན། གལ་ཏེ་ཁྱེད་ཀྱི་ཡིན་ན། གཉི་ག་ལ་མ་གྲུབ་པའི་ཕྱིར་ཇི་ལྟར་གཞན་ལ་སྟོན་པ་ཡིན། འོན་ཏེ་གཞན་གྱི་ཡིན་ན་ཁས་བླངས་པ་མེད་པ་
ཉིད་དེ། དེ་ལྟ་ན་གཞན་གྱི་སེམས་རྟོགས་པ་གདོན་མི་ཟ་བར་འགྱུར་རོ། །དེ་ཡང་རྗེས་སུ་དཔག་པ་ཁོ་ན་ཡིན་ནོ། །གཞན་གྱི་སེམས་རྟོགས་པ་མེད་ན་བརྩད་པ་མི་འཐད་དོ། །སླུ་མེད་ཕྱིར་ཏེ་ཚད་མ་ཉིད། །ལ་ལ་དག་ཏུ་འཁྲུལ་པའི་ཕྱིར། །ཡིད་བརྟན་མི་རུང་ཞེ་ན་ནི། །རྟགས་ལོག་མཐོང་ཕྱིར་དེ་
དེ་འདྲ། །ཞེས་བྱ་བ་ནི། རྗེས་སུ་དཔག་པ་དེ་ཚད་མར་ཁས་བླང་བར་བྱ་སྟེ་སླུ་བ་མེད་པའི་ཕྱིར་རོ། །འོན་ཏེ་རྗེས་སུ་དཔག་པ་ལ་ལ་ལ་འཁྲུལ་པར་མཐོང་བ་ཡིན་ཏེ། དེའི་བུ་ཡིན་པའི་ཕྱིར་དེ་ཡང་སྔོ་བསངས་ཡིན་ཞེས་བྱ་བ་འདི་ལྟ་བུའོ། །དེ་འཁྲུལ་པའི་ཕྱིར་ཐམས་ཅད་ལ་ཡིད་བརྟན་དུ་མི་རུང་ངོ་
ཞེ་ན། དེ་ནི་མ་ཡིན་ཏེ། གང་འཁྲུལ་བ་ཅན་དེ་ལ་ནི་རྗེས་སུ་དཔག་པ་ཉིད་དུ་མི་འཐད་དེ། གཏན་ཚིགས་ལྟར་སྣང་བ་ལ་སྐྱེས་པའི་ཕྱིར་རོ། །སྔོ་བསངས་དང་དེའི་བུ་ལ་འབྲེལ་པར་མ་གཏོགས་པའི་ཕྱིར་རོ། །དེས་ན་རྟགས་ཀྱི་རང་བཞིན་མ་ཤེས་པའི་ཕྱིར། གཏན་ཚིགས་མ་ཡིན་པ་ཡང་
རྟགས་སུ་སྒྲོ་བཏགས་པས་སླུ་བ་དེ་རྗེས་སུ་དཔག་པ་དེ་དང་འདྲ་བར་ཁྱེད་ལ་སྣང་བ་ཡིན་ནོ། །འོན་ཏེ་དེ་ལྟ་བུར་རྗེས་སུ་དཔག་པ་ཐམས་ཅད་ཡིན་ཏེ། འདི་ལྟར་མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་དག་ལ་མཐོང་བ་དང་མ་མཐོང་བ་ཡོད་ལ། དེའི་བུ་ཉིད་ལ་ཕྱོགས་ཀྱི་ཆོས་ཀྱང་ཡོད་ན་དེ་དག་ལས་ཐ་
དད་པའི་ཁྱད་པར་གྱི་མཚན་ཉིད་གཞན་མེད་དོ། །དེ་བས་ན་རྗེས་སུ་དཔག་པ་གང་ཞིག་ལ་འཁྲུལ་པ་མེད་པ་ཡིན་ཞེ་ན། སྨྲས་པ། དངོས་པོ་གང་ལས་ལ་ལར་ནི། །རེས་འགའ་འདི་ཡི་རྟོགས་པར་འགྲུབ། །དེ་ལས་དེ་ནི་ངེས་སྐྱེ་བའམ། །དེ་ཡི་རང་བཞིན་ཉིད་དུ་འགྱུར། །ཞེས་བྱ་བ་ལ། བྱས་
པ་དང་དུ་བ་ལ་སོགས་པའི་རྟགས་གང་ཞིག་ལས་དུས་རེས་འགའ་ཞིག་དངོས་པོ་སྒྲ་དང་ཕྱོགས་ལ་ལར། མི་རྟག་པ་ཉིད་དང་མེ་ལ་སོགས་པ་རྟོགས་པར་གྱུར་པའི་དུ་བ་ལ་སོགས་པ་དེ་ནི་གདོན་མི་ཟ་བར་མེ་དེ་ལས་སྐྱེ་བར་འགྱུར་བའམ། བྱས་པ་ཉིད་ལ་སོགས་པ་དེ་མི་རྟག་པ་ཉིད་ལ་སོགས་པ་

དེའི་ངོ་བོ་ཉིད་དུ་འགྱུར་ཏེ། དེའི་བདག་ཉིད་དང་དེ་ལས་བྱུང་བའི་མཚན་ཉིད་ཅན་གྱི་འབྲེལ་པ་དང་ལྡན་པའི་ཕྱིར། རྟགས་ནི་གོ་བར་བྱེད་པ་མ་ཡིན་གྱི། གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འོན་ཏེ་གལ་ཏེ་དེ་ལ་སྐྱེས་པའམ་དེའི་བདག་ཉིད་རྟགས་ཡིན་པ་
དེ་ལྟ་ན་ཡང་མ་འཁྲུལ་བར་ཇི་ལྟར་ཤེས་ཤེ་ན། སྨྲས་པ། རང་གི་རྒྱུ་འམ་རང་བཞིན་དག། །མེད་པར་དོན་ནི་ཡོད་མ་ཡིན། །དེ་དག་དངོས་པོ་མཐོང་བ་གང་། །དེ་ཉིད་གཞན་གྱི་མཚན་ཉིད་ཡིན། །ཞེས་བྱ་བ་ལ། རང་བཞིན་ཏེ་མི་རྟག་པ་དང་། རང་གི་རྒྱུ་སྟེ་མེ་ལ་སོགས་པ་མེད་པར་བྱས་པ་དང་ཡོད་པ་མ་
ཡིན་ཏེ། གོ་རིམས་བཞིན་དུ་བདག་ཉིད་མེད་པ་དང་རྒྱུ་མེད་པ་ཉིད་དུ་ཐལ་བར་འགྱུར་རོ། །འབྲས་བུ་དང་རང་བཞིན་གྱི་གཏན་ཚིགས་གང་ཞིག་བསྒྲུབ་བྱ་མེད་ན་མི་འབྱུང་བའི་ངོ་བོ་ཉིད་ངེས་པར་མཐོང་བ་དེ་ཉིད་ཀྱི་ངོ་བོ་ཉིད་གཞན་དུ་ཡང་བལྟ་བར་བྱའོ། །དེ་ཡང་དེའི་བུ་ལ་སོགས་པ་ལ་མེད་པའི་ཕྱིར་དེས་མ་
ངེས་པ་ནི་མ་ཡིན་ནོ། །འོ་ན་མི་དམིགས་པའི་འབྲེལ་པ་ཅི་ཞིག་ཡིན། གལ་ཏེ་དེའི་བདག་ཉིད་དང་དེ་ལས་བྱུང་བའི་མཚན་ཉིད་ཅན་གྱི་འབྲེལ་པའོ་ཞེ་ན། དེ་ལྟ་ན་ནི་མི་དམིགས་པ་གཏན་ཚིགས་གཞན་པ་མ་ཡིན་པར་འགྱུར་རོ། །འོན་ཏེ་འབྲེལ་པ་མེད་ན་ནི་དེའི་ཚེ་གཏན་ཚིགས་མ་ཡིན་པར་འགྱུར་རོ་ཞེ་ན།
སྨྲས་པ། །རང་བཞིན་ནམ་ནི་རང་གི་རྒྱུ། །སྣང་རུང་དག་ནི་མཐོང་གྱུར་པའི། །རྒྱུ་གཞན་དག་ནི་ཡོད་གྱུར་ཀྱང་། །མི་སྣང་དེ་ལྡན་ཇི་ལྟར་ཡོད། །ཅེས་བྱ་བ་ལ། རང་བཞིན་ཏེ་ཤིང་ངམ་རང་ཉིད་ཀྱི་རྒྱུ་སྟེ་རྒྱུ་མཚན་མི་སྣང་དུ་རུང་བ་སྟེ། དམིགས་པའི་རིག་བྱར་གྱུར་པ་མིག་ལ་སོགས་པའི་རྒྱུ་གཞན་
ཡོད་ན། མི་སྣང་བ་སྟེ་མི་དམིགས་པར་གྱུར་པ། དེ་ལྡན་ཏེ། རྒྱུ་དང་ཁྱབ་བྱེད་དང་ལྡན་པས། འབྲས་བུ་དང་ཁྱབ་པར་བྱ་བ་ཡོད་པ་ཇི་ལྟར་གྱུར་ཏེ་མི་འགྱུར་བ་ཉིད་དོ། །འདིའི་དགོངས་པ་ནི་གང་ཞིག་འབྲེལ་པ་འདི་གཉིས་དང་ལྡན་པ་དེ་ཉིད་ནི་འདིའི་འབྲེལ་པ་སྟེ། གང་དུ་བསྒྲུབ་པར་བྱ་བས་ཁྱབ་པ་དེ་ལ་
འབྲས་བུ་དང་རང་བཞིན་གྱིས་གཏན་ཚིགས་གོ་བར་བྱེད་པ་ཡིན་ལ། གང་ལ་བཟློག་པའི་འབྲེལ་པས་ཁྱབ་པ་དེ་ལ་མི་དམིགས་པ་གཏན་ཚིགས་ཡིན་ནོ། །དེ་ལྟར་འབྲས་བུ་དང་རང་བཞིན་དང་མི་དམིགས་པའི་མཚན་ཉིད་ཅན་གསུམ་ནི་རྗེས་སུ་དཔག་པ་ཡིན་ནོ་ཞེས་བསྒྲུབས་པ་ཡིན་ནོ། །གཞན་

ཡང་སྤྱིའི་བློ་ནི་ཚད་མིན་ན་འང་། །དེ་མེད་ཐོབ་འགྱུར་ཕ་རོལ་གྱི། །དངོས་བཞིན་གལ་ཏེ་དབང་རྣམས་ཀྱིས། །དུས་གཞན་དུ་ནི་རྟོགས་འགྱུར་ན། །དབང་པོའི་ནུས་སོགས་ལ་དེ་མིན། །དབང་པོ་བློ་ནི་མེད་ཕྱིར་རོ། །མེད་པ་རྟོགས་པ་ཡིན་ན་ནི། །བློ་སྐྱེ་རྒྱུ་མཚན་ཅན་མིན་འགྱུར། །ཞེས་བྱ་བ་ལ།
གལ་ཏེ་སྤྱིའི་བློ་ཚད་མ་ཉིད་མ་ཡིན་ན་དེ་ལྟ་ན་ནི། ལྐོག་ཏུ་གྱུར་པ་དེ་མེད་པ་ཉིད་དུ་འགྱུར་ཏེ། འཇིག་རྟེན་ཕ་རོལ་ཉིད་བཞིན་ནོ། །འོན་ཏེ་ལྐོག་ཏུ་གྱུར་པ་ཐམས་ཅད་དོན་མེད་པ་མ་ཡིན་ཏེ། འདི་ལྟར་རྣམ་གྲངས་པར་རིམ་གྱིས་དབང་པོ་རྣམས་ཀྱི་རྟོགས་པ་གང་ཡིན་པ་དེ་ཡོད་ཀྱི། འཇིག་རྟེན་ཕ་རོལ་གྱི་དངོས་
པོ་ནི་དབང་པོས་རྣམ་གྲངས་པར་འཇུག་པ་མ་ཡིན་པའི་ཕྱིར། འཇིག་རྟེན་ཕ་རོལ་མེད་དོ་ཞེ་ན། དེ་ལྟ་ན་ནི་གང་གི་ཚེ་རྟོགས་པ་དེའི་ཚེ་ན་ཡོད་པར་འགྱུར་གྱི། གང་གི་ཚེ་མངོན་སུམ་ལ་མི་སྣང་བ་དེའི་ཚེ་ཡོད་པར་གང་གིས་ཤེས་པ་ཡིན། དེ་བས་ན་འབྲས་བུ་མཐོང་བ་དང་འབྲས་བུ་དེ་ལ་གཞན་དུ་མི་འཐད་
པས། མིག་ལ་སོགས་དང་དེའི་ནུས་པ་ཡོད་པར་དཔོག་པར་བྱེད་པ་ཡིན་ནོ། །གཞན་ཡང་རྣམ་གྲངས་ཀྱིས་དབང་པོ་སྣང་བ་དེ་ཡང་དབང་པོ་དང་རྒྱུ་ཉིད་དུ་འགྱུར་བའི་ནུས་པ་ཤེས་པ་མེད་པར་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། མིག་ལ་སོགས་པ་དེ་ལ་དབང་པོའི་བློ་མེད་པའི་ཕྱིར་རོ། །འོན་ཏེ་དབང་པོ་ལ་
སོགས་པ་མེད་མོད། དེ་ལྟ་ན་ཡང་དབང་པོ་རྣམས་མེད་པར་ཤེས་པ་ཡོད་ན། མིག་གི་རྣམ་པར་ཤེས་པའི་བློ་སྐྱེ་བ་རྒྱུ་མཚན་ཅན་དུ་མི་འགྱུར་རོ། །དེའི་ཕྱིར་རྗེས་སུ་དཔག་པ་མེད་ན། ལྐོག་ཏུ་གྱུར་པ་ཀུན་ཡོད་པ་མ་ཡིན་ནོ། །འོན་ཏེ་སྤྱི་སྔ་ཕྱིའི་ངོ་བོ་ཉིད་རྟོགས་པ་དང་བཅས་པའི་མངོན་སུམ་
ཉིད་ཀྱི་རྟོགས་པའི་ཕྱིར་སྐྱོན་འདི་མེད་དོ་ཞེ་ན། སྨྲས་པ། རྣམ་པར་རྟོག་པ་མེད་ཉིད་ཀྱིས། །རང་གི་མཚན་ཉིད་ལ་མངོན་སུམ། །དེ་ལ་སྤྱི་འཛིན་རྟོག་མེད་པ། །མ་ཡིན་དེ་ཕྱིར་རྗེས་དཔག་ཡིན། །ཞེས་བྱ་བ་ལ། སྤྱི་འཛིན་པའི་ཤེས་པ་ནི་ཐ་སྙད་འདོགས་པ་ཡིན་གྱི། སྤྱི་ལ་མངོན་སུམ་འཇུག་
པ་ནི་མ་ཡིན་གྱི། འོན་ཀྱང་མངོན་སུམ་རང་གི་མཚན་ཉིད་ལ་འཇུག་སྟེ་དེ་ལ་རྟོག་པ་མེད་པའི་ཕྱིར་རོ། །རྟོག་པ་མེད་པར་སྤྱི་འཛིན་པ་མ་ཡིན་པའི་ཕྱིར། སྤྱི་དེ་རིག་པར་བྱེད་པ་ནི་རྗེས་སུ་དཔག་པ་ཁོ་ན་ཡིན་གྱི་མངོན་སུམ་ནི་མ་ཡིན་ནོ། །འདིས་ནི། གཅིག་གསུམ་གྲངས་ནི་གསལ་བ་ཡིན། །ཞེས་

བྱ་བ་དེ་གནས་པ་ཡིན་ནོ། །འོ་ན་ནི་གང་འདི་མི་རྟག་པ་ལ་སོགས་པའི་རྣམ་པས་ཁ་དོག་ལ་སོགས་པ་འཛིན་པ་དེ་ཇི་ལྟར་མེད་པ་ཡིན་ཞེས་བྱ་བའི་བར་དུ་གཞུང་བཤད་པར་བྱ་བའི་ཕྱིར། གཞལ་བྱ་དེས་ན་ཁ་དོག་གི། །མི་རྟག་པ་ནི་རྟོགས་མི་འགྱུར། །དེ་བློ་ཚད་མ་གཞན་ཡིན་ཏེ། །
རྟགས་མེད་པར་ནི་ཡོད་ཕྱིར་རོ། །ཞེས་བྱ་བ་སྨོས་ཏེ། །གཞལ་བྱ་རང་གི་མཚན་ཉིད་དང་། སྤྱིའི་མཚན་ཉིད་ངེས་པར་གྱུར་ན། སྔོན་པོ་ལ་སོགས་པའི་ཁ་དོག་མི་རྟག་པ་ཉིད་དུ་རྟོགས་པར་མི་འགྱུར་ཏེ། འདི་ལྟར་མངོན་སུམ་གྱིས་རང་གི་མཚན་ཉིད་འཛིན་ལ། རྗེས་སུ་དཔག་པའི་ཡུལ་སྤྱིའི་མཚན་ཉིད་
ཡིན་ནོ། །སྤྱི་ཁྱད་པར་ཅན་ཇི་ལྟར་རྟོགས་པར་འགྱུར་ན། དེ་ཡང་ཡོད་པ་ཡིན་ནོ། །དེས་ན་ཁ་དོག་མི་རྟག་པ་དེ་འཛིན་པ་ནི་ཚད་མ་གཞན་ཡིན་པར་འགྱུར་ཏེ། རྟགས་མེད་པར་སྐྱེས་པས་དེ་ནི་རྗེས་སུ་དཔག་པ་མ་ཡིན་ནོ། །ཁྱད་པར་མཐོང་བ་ཡང་རྗེས་སུ་དཔག་པས་འཛིན་པ་ཡིན་ཏེ། རྟགས་ནི་སྤྱི་དང་
འབྲེལ་པར་མི་རྟོགས་པའི་ཕྱིར་ཚད་མ་གཞན་ཉིད་ཡིན་ནོ། །དེ་སྨྲས་པ། རྟགས་ཀྱི་འབྲེལ་པ་མ་རྟོགས་ཕྱིར། །ཁྱད་པར་མཐོང་བ་གང་ཡིན་པ། །དེ་ནི་ཚད་མ་གཞན་ཡིན་ཏེ། །གཞལ་བྱ་མང་ཕྱིར་ཚད་མ་ནི། །མང་བ་ཉིད་དམ་གཅིག་ལ་ཡང་། །དུ་མ་འཇུག་པའི་ཕྱིར་ན་སྟེ། །དཔེར་ན་ཁྱད་པར་
མཐོང་བ་བཞིན། །ཡུལ་ལ་ངེས་པ་མེད་ཕྱིར་དང་། །གཞལ་བྱ་གཞན་ནི་ཡོད་པའི་ཕྱིར། །གཅིག་གསུམ་གྲངས་ཀྱང་སེལ་མི་འགྱུར། །ཞེས་བྱ་བ་ལ། ཁྱད་པར་མཐོང་བའི་རྒྱུ་མཚན་ཅན་གྱི་རྟགས་དུ་བ་ལ་སོགས་པ་སྤྱི་དང་འབྲེལ་བར་མ་རྟོགས་པའི་ཕྱིར། འདི་ནི་མེ་དེ་ཉིད་ཡིན་ཏེ་དུ་བ་ཡོད་
པའི་ཕྱིར་ཞེས་ཁྱད་པར་མཐོང་བ་དེ་ནི་ཚད་མ་གཞན་ཡིན་ཏེ། མངོན་དུ་རྟོགས་པ་དང་བྲལ་བས་མངོན་སུམ་མ་ཡིན་ལ། སྤྱིའི་ཡུལ་ཅན་མ་ཡིན་པའི་ཕྱིར་རྗེས་སུ་དཔག་པ་མ་ཡིན་ནོ། །དེ་བས་ན་གཞལ་བྱ་མང་པོ་ཡིན་པའི་ཕྱིར་ཚད་མ་ཡང་མང་པོ་ཡིན་ནོ། །གཞལ་བྱ་གཅིག་ལ་ཚད་མ་དུ་མ་འཇུག་
པའི་ཕྱིར། ཡུལ་གཅིག་ཡིན་ན་ཡང་ཚད་མ་མང་པོར་འགྱུར་རོ། །གང་གིས་དུ་མ་གཅིག་ལ་འཇུག་པར་མཐོང་ཞེ་ན། དཔེར་ན་ཁྱད་པར་མཐོང་བ་དང་ལྷན་ཅིག་དུ་མར་འཇུག་སྟེ། འདི་ལྟར་དང་པོ་མེ་མངོན་སུམ་གྱིས་རྟོགས་ལ། ཡང་དུས་ཕྱིས་དུ་བ་མཐོང་བ་ལས་མེ་དེ་ཉིད་འདི་ཡིན་ནོ་ཞེས་

ཁྱད་པར་མཐོང་བ་ཅན་གྱི་ཚད་མ་འཇུག་ནའོ། །དེའི་ཕྱིར་གྲངས་གཅིག་སེལ་བར་མི་འགྱུར་ཞིང་གྲངས་གསུམ་སེལ་བར་མི་འགྱུར་ཏེ། ཡུལ་ལ་ངེས་པ་མེད་པའི་ཕྱིར་རོ། །འདི་ལྟར་ཡུལ་གཅིག་ལ་ཚད་མ་དུ་མ་འཇུག་པ་དེ་བཞིན་དུ། གཞལ་བྱ་དུ་མ་ལ་ཡང་འཛིན་པར་བྱེད་པའི་ཚད་མ་གཅིག་
ཉིད་འབྱུང་བར་འགྱུར་རོ། །རང་གི་མཚན་ཉིད་དང་སྤྱིའི་མཚན་ཉིད་དག་ལས་གཞན་པའི་སྤྱིའི་ཁྱད་པར་གྱི་བདག་ཉིད་ཅན་གྱི་ཡུལ་ཡོད་པའི་ཕྱིར་གྲངས་གསུམ་སེལ་བར་མི་འགྱུར་རོ་ཞེ་ན། འདིར་ལན་སྨྲས་པ། སྐྱོན་འདིར་ཐལ་བར་མི་འགྱུར་ཏེ། །ཁ་དོག་སྤྱི་ལ་སྦྱོར་ཕྱིར་རོ། །ཞེས་བྱ་བ་ལ།
ཁ་དོག་གི་སྤྱི་ལ་མི་རྟག་པ་ཉིད་ཀྱི་སྤྱི་སྦྱོར་བའི་ཕྱིར་ཏེ། ཁ་དོག་ལ་སོགས་པ་མི་རྟག་པའོ་ཞེས་བྱ་བའོ། །གང་འདི་ཡུལ་ངེས་པ་མེད་པ་དང་གཞལ་བྱ་གཞན་ཡོད་པའོ་ཞེས་བྱ་བའི་སྐྱོན་དེ་ནི་མེད་དེ། འདི་ལྟར་ཁ་དོག་གི་སྤྱི་ལ་མི་རྟག་པའི་སྤྱི་སྦྱོར་བ་ཁ་དོག་ལ་སོགས་པ་མི་རྟག་པའོ་ཞེས་བྱ་བའོ། །
དེ་བས་ན་དེ་ནི་སྤྱི་ཁོ་ནའོ། །འོ་ན་གལ་ཏེ་ཁ་དོག་ཉིད་ལ་མི་རྟག་པ་ཉིད་སྦྱོར་ན། དེ་ལྟ་ན་ནི་དངོས་པོའི་ཆོས་མ་ཡིན་པར་འགྱུར་ཏེ། གང་ཞིག་གང་དང་ལྡན་པར་རྟོགས་པ་དེ་ནི་དེ་ཉིད་ཀྱི་ཆོས་ཡིན་ཏེ། མི་རྟག་པ་ཉིད་དང་ལྡན་པའི་ཁ་དོག་གི་སྤྱི་རྟོགས་པའི་ཕྱིར་མི་རྟག་པ་ཉིད་སྤྱི་ཡིན་གྱི་རང་གི་མཚན་ཉིད་ཀྱི་ནི་
མ་ཡིན་ནོ་ཞེ་ན། སྨྲས་པ། དངོས་མེད་ངོ་བོ་མིན་དེ་ཉིད། །དེ་ལྟར་གྲུབ་པར་བསྒྲུབ་པའི་ཕྱིར། །གཞན་ལ་གཞན་གྲུབ་མིན་ཞེ་ན། །མིན་དེ་དེ་ཉིད་གྲུབ་ཕྱིར་རོ། །ཞེས་བྱ་བ་ལ། མི་རྟག་པ་ཉིད་ནི་དངོས་པོ་མེད་པའི་རང་བཞིན་མ་ཡིན་ཏེ། རང་གི་མཚན་ཉིད་དེ་ཉིད་མི་རྟག་པ་ལ་སོགས་པའི་ངོ་
བོ་ཉིད་དུ་དེ་ལྟར་གྲུབ་པ་གང་ཡིན་པ་ཁོང་དུ་ཆུད་པར་དེ་རབ་ཏུ་བསྒྲུབས་པའི་ཕྱིར་རོ། །འདི་ལྟར་མི་རྟག་པའི་ངོ་བོ་ཉིད་ཅན་དུ་རབ་ཏུ་བསྒྲུབས་པ་ནི་རང་གི་མཚན་ཉིད་ཁོ་ནའོ། །འོན་ཏེ་གཞན་སྤྱིའི་བློས་བཞག་པ་མི་རྟག་པ་ཉིད་དང་ལྡན་པར་གྲུབ་པས། གཞན་རང་གི་མཚན་ཉིད་ཇི་ལྟར་གྲུབ་པར་འགྱུར་ཞེ་ན། མ་
ཡིན་ཏེ། རང་གི་མཚན་ཉིད་དེ་ཉིད་སྐད་ཅིག་མའི་ངོ་བོ་ཉིད་དུ་གྲུབ་པའི་ཕྱིར་རོ། །འོ་ན་གལ་ཏེ་རྣམ་པར་རྟོག་པ་རང་གི་མཚན་ཉིད་དང་འབྲེལ་པ་མེད་པ་སྟེ། དེ་ལ་རང་གི་མཚན་ཉིད་མི་སྣང་བའི་ཕྱིར་ཇི་ལྟར་རང་གི་མཚན་ཉིད་དེ་ལྟར་གྲུབ་པར་འགྱུར་ཞེ་ན། མ་ཡིན་ཏེ། དངོས་པོ་དང་བརྒྱུད་ནས་འབྲེལ་བའི་

ཕྱིར་རོ། །མངོན་དུ་འབྲེལ་པ་མེད་ཀྱང་བརྒྱུད་ནས་འབྲེལ་པའི་ཕྱིར་རྟོག་པ་ཡང་སླུ་བ་མེད་པ་ཉིད་དོ། །རྣམ་པར་རྟོག་པའི་ཤེས་པ་བག་ཆགས་དང་འབྲེལ་པ་མ་ཡིན་ནམ། བག་ཆགས་ནི་དངོས་པོར་ངེས་པ་མ་ཡིན་ན། དེ་ཇི་ལྟར་བརྒྱུད་ནས་ཀྱང་དངོས་པོ་ལ་རྗེས་སུ་
དཔག་པ་འབྲེལ་བར་འགྱུར་ཞེ་ན། སྨྲས་པ། །དངོས་གང་ཡང་དག་ཇི་བཞིན་པ། །དེ་དེ་འདྲ་བའི་རྟགས་སེམས་ཀྱི། །རྒྱུ་ཡིན་དེ་ལས་དེ་ལྟར་འགྱུར། །རྟགས་ཅན་བློ་བྱུང་དེ་ཕྱིར་དངོས། །ཞེས་བྱ་བ་ལ། མེ་དང་མི་རྟག་པ་ལ་སོགས་པའི་ངོ་བོ་ཉིད་ཅན་གྱི་དངོས་པོ་གང་ཞིག་རྒྱུར་གྱུར་པའམ་ཁྱབ་བྱེད་དུ་
གྱུར་པའི་དངོས་པོ་ཇི་བཞིན་པ་སྟེ། མེའི་རྣམ་པ་ཅན་གྱི་རྟོག་པའི་གཟུང་བ་དང་། རྟག་པ་ལས་ལོག་པ་དེ་དང་འདྲ་བ་མེ་དང་མི་རྟག་པ་ཉིད་ལ་སོགས་པའི་རྟགས་གང་ཡིན་པའི་དུ་བ་དང་བྱས་པ་ཉིད་དེ། དེ་འཛིན་པར་བྱེད་པའི་སེམས་གང་ཡིན་པའི་བསྒྲུབ་བྱའི་དེ་མ་ཐག་པའི་ཤེས་པ་དེའི་རྒྱུ་ཡིན་
ནོ། །རྟགས་ཅན་གྱི་སེམས་དེ་ལས་སྐྱེས་པ་ནི་དེ་ལས་བྱུང་བ་ནི་རྟགས་འཛིན་གྱི་བློའོ། །གང་དུ་ཞེ་ན། མེ་མ་ཡིན་པ་ལས་ལོག་པ་དང་རྟག་པ་ལས་ལོག་པར་དེ་ལྟར་གྱུར་པའི་དངོས་པོ་མེ་དང་མི་རྟག་པའོ། །དངོས་པོ་གང་ཞེ་ན། གང་གི་ཕྱིར་ཞེས་བྱ་བའི་དོན་ཏེ། །དེའི་ཕྱིར་ཞེས་བྱ་བ་དང་འབྲེལ་
པས། དེའི་ཕྱིར་དེ་ལྟར་སྦྱར་ཏེ། གང་གི་ཕྱིར་དེ་ལྟར་རྟགས་ཅན་གྱི་བློ་ཡིན་པ་དེའི་ཕྱིར། །དེ་ལྟར་རྟགས་དང་རྟགས་ཅན་བློ། །བརྒྱུད་ནས་དངོས་པོ་ཉིད་དང་ནི། །འབྲེལ་ཕྱིར་དེ་ཡི་སྣང་བ་ཡིས། །སྟོང་ཡང་སླུ་བྱེད་མ་ཡིན་ནོ། །ཞེས་བྱ་བ་ལ། འདི་ལ་ཁ་ཅིག་རྩོད་པར་བྱེད་དེ། རྟགས་ཅན་གྱི་བློ་
སྐབས་ཀྱིས་འཁྲུལ་པ་ཡིན་གྱི། རྟགས་ཀྱི་བློ་ནི་མ་ཡིན་པ་དེས་ན། ཅིའི་ཕྱིར་དེ་བརྒྱུད་ནས་འབྲེལ་པ་དང་མི་སླུ་བར་བརྗོད། །གཞན་ཡང་རྟགས་ཀྱི་བློ་ནི་རྟགས་ཀྱི་ཡུལ་ཅན་ཏེ། དེ་ཉིད་ལས་མངོན་དུ་སྐྱེ་བ་དང་། དངོས་པོ་སྣང་བ་ཅན་དེ་ཡིན་ན། ཇི་ལྟར་རྟགས་སྣང་བས་སྟང་པར་འགྱུར། འོན་ཏེ་མེར་
སྣང་བས་སྟོང་པའི་ཕྱིར། དེའི་སྣང་བས་སྟོང་པར་བརྗོད་ན་ནི། དེ་ལྟ་ན་སྔོན་པོའི་ཤེས་པ་སེར་པོར་སྣང་བས་སྟོང་པ་མ་ཡིན་ནམ། དེའི་ཕྱིར་དེ་ཡང་འཁྲུལ་བར་འགྱུར་རོ། །དེས་ན་རྟགས་ཀྱི་བློ་རྟགས་སྣང་བ་ཅན་ཡིན་ནོ། །རྟགས་ཀྱི་བློ་ནི་མེ་ལ་སླུ་བར་མི་བྱེད་པ་ཉིད་དུ་ཡང་མི་རུང་ངོ་། །འོན་ཏེ་

རྟགས་ཀྱི་ཤེས་པ་རྟོག་པ་དང་བཅས་པར་འདོད་ན་ནི། །དེ་ཡང་མི་བདེན་ཏེ། རྟགས་ཀྱི་ཤེས་པ་རྟོག་པ་དང་བཅས་པ་ཡིན་ཡང་མེའི་ཡུལ་ཅན་མ་ཡིན་ཏེ། དུ་བ་ལ་སོགས་པ་ལ་ནི་རྟོག་པ་མེད་པ་ཉིད་ཚད་མ་ཡིན་པའི་ཕྱིར་རྟགས་ཀྱི་ཤེས་པ་འཁྲུལ་བར་རུང་བ་མ་ཡིན་ནོ་ཞེ་ན། །འདི་ལ་སྨྲས་པ།
འདིར་རྟགས་ཀྱི་ཤེས་པ་ནི་དངོས་པོའི་ཡུལ་ཅན་དུ་འདོད་པ་མ་ཡིན་ཏེ། དེ་མ་ཐག་པའི་ཤེས་པ་ནི་རྟགས་ཀྱི་ཤེས་པའོ། །བསྒྲུབ་བྱའི་རྫས་ཐོགས་པའི་ཤེས་པ་ཡང་ཇི་ལྟར་རྟགས་ཡུལ་ཡིན་པ་དེ་བཞིན་དུ་བསྒྲུབ་བྱ་ཡང་ཡུལ་ཡིན་ཏེ། བསྒྲུབ་བྱ་འཛིན་པ་མེད་པར་དེའི་རྗེས་ཐོགས་པར་རྟོགས་པ་མི་
རིགས་པའི་ཕྱིར་རོ། །རྗེས་ཐོགས་པའི་ཤེས་པ་ཡང་དངོས་པོ་བརྒྱུད་ནས་འབྲེལ་པ་ཡིན་ནོ། །གང་ཡང་རྟགས་ཀྱི་བློ་སྐབས་སུ་མ་བབ་པའོ་ཞེས་ཟེར་བ་དེ་ལ་སྨྲས་པ། རྟགས་ཀྱི་ཤེས་པ་མ་འཁྲུལ་ན་རྟགས་ཅན་གྱི་ཤེས་པ་ཡང་མ་འཁྲུལ་བར་འགྱུར་ཏེ། འདི་ལྟར་སྤྱིར་མེའི་རྗེས་ཐོགས་པར་དུ་བ་
རྟོགས་ནས། འདི་ན་ཡང་འདི་མེའི་རྗེས་ཐོགས་པ་ཡིན་ནོ་ཞེས་ཁྱད་པར་དུ་མེ་མེད་ན་མི་འབྱུང་བར་རྟོགས་ཤིང་། སྤྱིར་རྗེས་ཐོགས་པའི་ཤེས་པ་ནི་རྟགས་ཀྱི་ཤེས་པ་ཡིན་ལ། ཁྱད་པར་དུ་རྗེས་ཐོགས་པར་ཤེས་པ་ནི་རྟགས་ཅན་གྱི་བློའོ། །དེའི་ཕྱིར་རྟགས་ཀྱི་བློའི་མི་སླུ་བ་གྲུབ་ན་རྟགས་ཅན་གྱི་
བློའི་མི་སླུ་བར་རྟོགས་པའི་དོན་དུ་རྟགས་ཀྱི་བློ་སླུ་བ་མེད་པར་བརྗོད་དོ། །ཡང་ན་རྟགས་ཀྱི་བློ་ནི་རང་བཞིན་གྱི་གཏན་ཚིགས་ཡིན་ཏེ། དེ་ལ་ནི་རྟགས་ཀྱི་བློ་གང་ཡིན་དེ་ཉིད་རྟགས་ཅན་གྱི་བློ་ཡིན་གྱི། འབྲས་བུའི་གཏན་ཚིགས་ནི་རྟགས་ཅན་གྱི་བློ་ཐ་དད་པ་ཡིན་ནོ། །འདི་ལྟར་གོམས་པ་ཕུལ་དུ་བྱུང་བ་ལ་གློ་
བུར་དུ་དུ་བ་མཐོང་བ་ལས་མེ་རྟོགས་པར་འགྱུར་ཏེ། དེར་འབྲེལ་བ་དྲན་པ་ནི་མ་ཡིན་ནོ། །དེ་བས་ན་དེ་ནི་དུ་བ་ལ་སོགས་པའི་རྟགས་གོམས་པ་ཕུལ་དུ་བྱུང་བ་ལས་རྟོགས་པ་མེད་པ་ཁོ་ན་ཡིན་པས། རྟགས་འཛིན་པའི་ཤེས་པ་ནི་དཔེའི་རྗེས་སུ་འགྲོ་བའི་ངོ་བོ་ཉིད་ཀྱིས་ལྐོག་ཏུ་གྱུར་པའི་དོན་སྟོན་པ་ཡིན་ནོ། །འོ་ན་
གལ་ཏེ་རྗེས་སུ་དཔག་པ་སླུ་བ་མེད་པ་ཡིན་ན་ཇི་ལྟར་འཁྲུལ་བར་འགྱུར་ཞེ་ན། འདིར་སྨྲས་པ། དེ་དངོས་སླུ་བྱེད་ཉིད་མིན་ཡང་། །འཁྲུལ་བར་རྣམ་པར་གཞག་པར་མཛད། །དེ་དག་དེའི་དངོས་སྟོང་པ་ཡང་། །དེ་ཡི་ངོ་བོར་ཞེན་ཕྱིར་རོ། །ཞེས་བྱ་བ་ལ། རྟགས་དང་རྟགས་ཅན་དེ་དག་ཕྱི་རོལ་གྱི་ངོ་བོ་ཉིད་

ཀྱིས་སྟོང་པ་ཡིན་ཡང་། ཕྱི་རོལ་གྱི་དངོས་པོར་ཞེན་པའི་ཕྱིར། སླུ་བ་མེད་པ་ཡིན་ཡང་འཁྲུལ་པར་རྣམ་པར་གཞག་གོ། །གང་གིས་གཞན་དུ་གནས་པའི་དོན་གཞན་དུ་སྟོན་པའི་ཤེས་པ་དེ་ནི་འཁྲུལ་པ་སྟེ། རྗེས་སུ་དཔག་པ་ཐུན་མོང་མ་ཡིན་པའི་དངོས་པོ་ཡང་ཐུན་མོང་
པའི་རང་བཞིན་དུ་འཛིན་པར་བྱེད་པ་དེ་བས་ན་འཁྲུལ་པ་ཡིན་ནོ། །འོ་ན་གལ་ཏེ་རྗེས་སུ་དཔག་པ་འཁྲུལ་པ་ཡིན་ན་ནི་དངོས་པོ་སྣང་བ་དང་བྲལ་བའི་ཕྱིར་ཇི་ལྟར་ཐོབ་པར་འགྱུར་ཞེ་ན། སྣང་བ་ལས་ཐོབ་པ་མ་ཡིན་ཏེ། ཞེན་པ་ལས་ཐོབ་པ་ཡིན་ནོ། །འདི་ལྟར་ཞུགས་པར་གྱུར་ན་སྐྱེ་བོས་ཐོབ་པར་
འགྱུར་ལ། འཇུག་པར་བྱེད་པ་ནི་དངོས་པོར་མངོན་པར་ཞེན་པའི་ཕྱིར་རྗེས་སུ་དཔག་པ་ལ་ཡོད་ན། ཅི་སྟེ་ཐོབ་པར་བྱེད་པ་མ་ཡིན། འདི་ལྟར་དོན་ཡོད་ན་ཐོབ་པར་འགྱུར་གྱི་སྣང་བ་ལས་ནི་མ་ཡིན་ནོ། །འོན་ཏེ་ཡོད་པ་ཉིད་ཀྱང་མངོན་སུམ་ལ་སྣང་བས་ངེས་པར་བྱེད་ཀྱི། རྗེས་སུ་དཔག་པ་ནི་དངོས་པོ་
སྣང་བ་མ་ཡིན་པའི་ཕྱིར། ཇི་ལྟར་དངོས་པོ་ཡོད་པར་རྟོགས་ཤེ་ན། དེ་ནི་མ་ཡིན་ཏེ། ཇི་ལྟར་མངོན་སུམ་གྱིས་གཟུང་བ་ལས་འདིའི་ཡོད་པ་གྲུབ་པ་དེ་བཞིན་དུ་འབྲེལ་པར་གྱུར་པའི་རྟགས་སྣང་བ་ལས་ལྐོག་ཏུ་གྱུར་པའི་ཡོད་པ་ཅི་སྟེ་མི་འགྲུབ། སྣང་བར་གྱུར་པའི་ངོ་བོ་ཙམ་ལས་འཇུག་པ་ནི་མ་ཡིན་
ནོ་ཞེས་བསྟན་ཏོ། །གདོན་མི་ཟ་བར་ཡོད་པར་ངེས་པ་ཉིད་ལས་འཇུག་པར་འགྱུར་ཏེ། སྣང་བར་གྱུར་ཀྱང་འཁྲུལ་པས་གང་དུ་ཡོད་པར་མ་ངེས་པ་དེ་རུང་འཇུག་པ་མ་ཡིན་ནོ། །དེ་བས་ན་ཕྱི་རོལ་དུ་ཞེན་པ་ཁོ་ན་འཇུག་པར་བྱེད་པའི་ཕྱིར། རྗེས་སུ་དཔག་པ་སླུ་བ་མེད་པ་ཉིད་ཡིན་ནོ། །དེ་ཕྱིར་རྟོགས་
བྱ་དངོས་པོ་ལ། །ཁྱབ་བྱ་སེམས་ཀྱི་ཁྱབ་བྱེད་ནི། །དེ་ཡི་རང་བཞིན་ནམ་རྒྱུ་ཉིད། །རྒྱུ་མཚན་དེ་ཡང་དེའི་བློ་ཡིན། །ཞེས་བྱ་བ་ལ། རྟོགས་པར་བྱ་བར་འདོད་པའི་དངོས་པོ་ལྐོག་ཏུ་གྱུར་པ་ལས་ཁྱབ་པར་བྱེད་པའི་བསྒྲུབ་བྱ་དང་རྒྱུ་མཚན་དེ་རྟགས་ཀྱི་རྒྱུའོ། །གཏན་ཚིགས་དེའི་རང་བཞིན་དང་རྒྱུའོ། །
ཁྱབ་པར་བྱ་བའི་སེམས་ནི་རྗེས་ཐོགས་པའི་ཤེས་པའོ། །རྟགས་ཀྱི་སེམས་མངོན་སུམ་དེ་ཡང་ཁྱབ་པར་བྱེད་པའི་བློའི་རྒྱུ་ཡིན་ནོ། །འོ་ན་མི་དམིགས་པ་ནི་འབྲེལ་པ་མ་ཡིན་ཏེ། འབྲེལ་པ་མེད་པར་གོ་བར་བྱེད་པར་མི་རུང་བའི་ཕྱིར་ལ། འབྲེལ་པ་ཡོད་ན་ནི་གཏན་ཚིགས་གཞན་དུ་མི་དམིགས་

པར་འགྱུར་རོ་ཞེ་ན། སྨྲས་པ། ཐམས་ཅད་དུ་ནི་མི་དམིགས་པས། །དགག་པ་དག་ནི་སྒྲུབ་པར་བྱེད། །ཚད་མས་གྲུབ་པར་སྨྲ་རྣམས་ཀྱི། །བཟློག་པའང་དོན་གྱིས་བསྟན་པ་ཡིན། །ཞེས་བྱ་བ་ལ། སའི་སྟེང་ལ་སོགས་པའི་ཡུལ་ཐམས་ཅད་ལ་དགག་པ་དང་དགག་པའི་ཐ་སྙད་མི་དམིགས་
པ་ཁོ་ནས་གྲུབ་པར་བྱེད་པ་དང་། མེད་པའི་ཐ་སྙད་དུ་རུང་བ་ཡང་མི་དམིགས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར། དེའི་བདག་ཉིད་ཀྱི་མཚན་ཉིད་ཅན་ཁོ་ནའི་འབྲེལ་པའོ། །འདི་ལྟར་ཚད་མ་ཉིད་ཀྱིས་དོན་གྲུབ་པར་ངེས་པའོ་ཞེས་སྨྲ་བ་རྣམས་ཀྱིས། དོན་དེ་ཤུགས་ཀྱིས་འདི་སྐད་དུ་བཟློག་པ་ཚད་མ་ལོག་པས་
དོན་མེད་པ་གྲུབ་པའོ་ཞེས་སྟོན་པ་ཡིན་ནོ། །ཡང་ན་འགལ་བ་ཞེས་བྱ་བས་ཀྱང་དངོས་སམ་བརྒྱུད་ནས་འབྲེལ་པ་གཞན་ཡོད་པས་དེ་ལས་མེད་པར་རྟོགས་པར་འགྱུར་བ་མ་ཡིན་ནམ། དཔེར་ན་འདི་ན་གྲང་བའི་རེག་པ་མེད་དེ་མེ་ཡོད་པའི་ཕྱིར་རོ། །འདི་ལ་སྤུ་ལངས་པ་ལ་སོགས་པ་མེད་དེ་མེའི་ཁྱད་པར་
ཉེ་བའི་ཕྱིར་རོ་ཞེས་བྱ་དེ་ཇི་ལྟར་མི་དམིགས་པ་ཁོ་ནས་མེད་པའི་ཐ་སྙད་གྲུབ་ཅེ་ན། སྨྲས་པ། །དེའམ་དེ་ཡི་རྒྱུ་འགོག་ལ། །དེ་དང་འགལ་བའི་ཆོས་བརྗོད་པ། །མཐོང་བ་གང་ཡིན་དེ་ཉིད་ལ། །དེ་ནི་ཚད་མེད་ཉིད་དུ་བསྟན། །ཞེས་བྱ་བ་ལ། གང་ཞིག་འགལ་བའི་ཆོས་སུ་བསྟན་པ་མཐོང་བ་སྟེ།
འདི་གང་དང་འགལ་བ་ཞེ་ན། དགག་པར་བྱ་བའི་གྲང་བ་དེའམ་དེའི་རྒྱུ་དགག་པར་བྱ་བ་སྤུ་ལངས་པ་ལ་སོགས་པའི་རྒྱུ་གྲང་བའི་རེག་པའིའོ། །དེ་ཡང་འགལ་བའི་དངོས་པོ་དམིགས་པ་སྟེ། དགག་པར་བྱ་བ་དེ་ཉིད་ཚད་མ་མེད་པ་ཉིད་དུ་བསྟན་པ་ནི་མི་དམིགས་པ་སྟོན་པར་བྱེད་པའོ། །
འགལ་བ་ལ་འབྲེལ་པ་ཡོད་པ་མ་ཡིན་ཏེ། འགལ་བ་ནི་མེ་དང་གྲང་བ་ཡིན་པས་གྲང་བའི་རེག་པ་དང་འབྲེལ་པར་འདོད་པ་མ་ཡིན་ནོ། །འོན་ཏེ་གྲང་བའི་རེག་པ་ཉིད་མེད་པ་དང་འབྲེལ་པ་ཉིད་ཀྱིས་ཡོངས་སུ་འཇལ་བར་བྱེད་དོ་ཞེ་ན། འོ་ན་ནི་མེད་པ་ཁོ་ནས་འབྲེལ་པར་ཤེས་པར་བྱའི་མེད་པ་དང་འགལ་བ་ནི་
མ་ཡིན་ནོ། །དེ་བས་ན་མི་དམིགས་པ་ཁོ་ན་མེད་པའི་སྒྲུབ་བྱེད་ཡིན་ནོ། །གཞན་དུ་ཆོས་གཅིག་ཡོད་བརྗོད་པས། །གཞན་མེད་ན་དེ་གང་གིས་རྟོགས། །འགལ་ནས་ཡིན་ན་དེ་ཡང་ནི། །ཅིས་གྲུབ་ལྷན་ཅིག་མི་གནས་ཕྱིར། །ཞེ་ན་དེ་ཡང་གང་ལས་འདོད། །གལ་ཏེ་སྣང་རུང་མཐོང་མེད་ཕྱིར། །

ཞེ་ན་དེ་ནི་ཚད་མེད་མིན། །ཞེས་བྱ་བ་ལ། གཞན་དུ་ན་གལ་ཏེ་འགལ་བ་དམིགས་པས་དགག་པར་བྱ་བའི་མི་དམིགས་པ་མི་འཕེལ་ན་དེའི་མེ་ལ་སོགས་པའི་ཆོས་ཅིག་ཡོད་པར་བརྗོད་པ་ལས། གཞན་གྲང་བ་མེད་པར་ཇི་ལྟར་རྟོགས་པར་འགྱུར་ཏེ། དངོས་པོ་གཞན་བརྗོད་
པས་དངོས་པོ་དགག་པར་མི་རིགས་པའི་ཕྱིར་ཏེ་ཧ་ཅང་ཐལ་ཆེས་པའི་ཕྱིར་རོ། །འོན་ཏེ་གང་ན་འགལ་བ་ཡོད་པ་དེ་དམིགས་པས་གཞན་མེད་པར་རྟོགས་པའི་ཕྱིར་སྐྱོན་འདི་མེད་དོ་ཞེ་ན། འདི་ལྷན་ཅིག་མི་གནས་པའམ། ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཀྱི་འགལ་བ་མ་ཡིན་ནམ། གང་གིས་
དེའི་དབང་གིས་མེད་པ་འགྲུབ་པར་འགྱུར་བ་དེ་ཚད་མ་གང་གིས་གྲུབ་པར་འགྱུར། འོན་ཏེ་ལྷན་ཅིག་མི་གནས་པས་འགལ་བར་ཤེས་ཏེ། གཟུགས་དང་རོ་ལ་སོགས་པ་གང་ན་ལྷན་ཅིག་གནས་པ་དེ་ན་འགལ་བ་མེད་དོ། །དེ་ཉིད་ཀྱི་ཕྱིར་དེར་གཟུགས་དམིགས་པས་རོ་མེད་པར་ཤེས་པ་ནི་མ་ཡིན་ནོ་ཞེ་ན།
འོ་ན་མེ་དང་གྲང་བ་ལྷན་ཅིག་མི་གནས་པར་འདི་ཉིད་ཚད་མ་གང་གིས་རྟོགས་པར་བྱེད། འོན་ཏེ་སྣང་དུ་རུང་བ་གྲང་བའི་རིགས་པ་ནི་མེ་མཐོང་བའི་ཚད་མ་མཐོང་བའི་ཕྱིར་ལྷན་ཅིག་མི་གནས་པར་གྲུབ་པོ་ཞེ་ན། འོ་ན་ནི་སྔར་འགལ་བ་འཛིན་པ་གང་ཡིན་པ་དེ་ཉིད་མི་དམིགས་པར་འགྱུར་རོ། །གལ་ཏེ་དེ་ལྟ་ན་ནི་
འགལ་བ་ནི་མི་དམིགས་པས་ཤེས་ཀྱང་། རྟགས་དེ་ལས་མེད་པར་རྟོགས་ཀྱི་མི་དམིགས་པས་ནི་མ་ཡིན་ནོ། །འོན་ཀྱང་འགལ་བ་སྒྲུབ་པར་བྱེད་པ་མི་དམིགས་པ་སྔོན་ནས་ཡོད་པས་དེའི་རྗེས་སུ་འབྲངས་ནས་འགལ་བའི་རྟགས་ལས་མེད་པར་རྟོགས་ཀྱང་མི་དམིགས་པ་ཉིད་ལས་རྣམ་པར་འཇོག་གོ་ཞེ་
ན། གལ་ཏེ་དེ་ལྟ་ན་ནི་མངོན་སུམ་གྱིས་འབྲེལ་པ་ངེས་པ་དེའི་རྗེས་སུ་འབྲང་བའི་དུ་བས་མེ་རྟོགས་པར་མངོན་སུམ་ཁོ་ནས་འགྱུར་བས། དེ་ཇི་ལྟར་རྗེས་སུ་དཔག་པས་ཚད་མས་གཞན་ཡོད་པར་འགྲུབ། འོན་ཏེ་ལྐོག་ཏུ་གྱུར་པའི་མེ་ལ་མངོན་སུམ་མི་འཇུག་པའི་ཕྱིར་དེ་ལ་རྗེས་སུ་དཔོག་པའོ་ཞེས་
མེ་དང་མེད་པ་ལྐོག་ཏུ་གྱུར་པ་མ་ཡིན་ནམ། དེ་ལ་ཇི་ལྟར་རྗེས་སུ་དཔག་པ་འཇུག་པར་འགྱུར། མི་སྣང་བར་མི་དམིགས་པ་གང་ཡིན་པ་དེ་ནི་ཚད་མ་མ་ཡིན་ནོ། །འོན་ཏེ་དྲན་པར་གྱུར་པའི་དམིགས་པའི་རིག་བྱར་གྱུར་པ་མི་དམིགས་པས་ད་ལྟར་འགལ་བ་ཅན་དང་བྲལ་བ་རྟོགས་པར་

བྱེད་དོ་ཞེ་ན། འདི་ལ་སྨྲས་པ། དྲན་པ་ནི་འབྲེལ་པ་དྲན་པ་སྟེ་མངོན་སུམ་ཡིན་པའི་ཕྱིར་རྗེས་སུ་དཔག་པ་དོན་མེད་པར་འགྱུར་རོ། །དེ་བས་ན་འདིར་འདིའི་དགོངས་པ་ནི་འདི་ཡིན་ཏེ། གྲང་བ་མེད་པ་དང་ལྷན་ཅིག་མེ་སྔར་དམིགས་ལ། ཡུལ་གཞན་དུ་ནི་མི་དམིགས་པས་གྲང་བ་མེད་པར་གྲུབ་
པར་འགྱུར་ཏེ། མེད་པ་ནི་མི་དམིགས་པ་ཉིད་ཡིན་ནོ། །དེ་བས་ན་རྗེས་སུ་དཔག་པས་གྲུབ་པའི་མི་དམིགས་པས་མེད་པའི་ཐ་སྙད་སྒྲུབ་པར་བྱེད་དེ་དཔེར་ན་མངོན་སུམ་དུ་གྲུབ་པ་བཞིན་ནོ། །གང་གི་ཚེ་སྤུ་ལངས་པ་ལ་སོགས་པ་མེད་པར་གྲུབ་པ་དེའི་ཚེ་མེས་གྲང་བ་མི་དམིགས་པ་སྟེ། གྲང་བ་མི་
དམིགས་པ་དེས་སྤུ་ལངས་པ་ལ་སོགས་པ་མེད་པར་གྲུབ་པའོ། །དེ་ལ་མེའི་ངོ་བོ་ཉིད་ཀྱིས་དྲོ་བའི་རང་བཞིན་གྱིས་རེག་པ་ཚོགས་པ་གཅིག་ལ་འབྲེལ་པས་རྗེས་སུ་དཔོག་ཅིང་། དྲོ་བའི་རེག་པ་ནི་གྲང་བའི་རེག་པ་མེད་པའི་ངོ་བོ་ཉིད་ཅན་ནོ། །དེ་རྗེས་སུ་དཔག་པས་དམིགས་པ་ཉིད་གྲང་བའི་རེག་
པ་མི་དམིགས་པའོ། །དེའི་ཕྱིར་འབྲས་བུའི་གཏན་ཚིགས་ཁོ་ན་གྲང་བའི་རེག་པ་མེད་པར་རྟོགས་པར་བྱེད་པ་ཡིན་གྱི་རྟགས་གཞན་ནི་མ་ཡིན་ནོ། །དེ་བས་ན་རྗེས་སུ་དཔག་པས་གྲུབ་པའི་མི་དམིགས་པ་ཉིད་མེད་པ་གོ་བར་བྱེད་པ་ཡིན་ནོ། །དེ་ཕྱིར་རང་སྒྲས་བརྗོད་ན་ཡང་། །དེ་ནི་མེད་པའི་སྒྲུབ་བྱེད་
ཡིན། །གང་གི་ཚད་མ་མིན་བ་དེས། །དགག་པ་ཀུན་དུ་བརྗོད་པར་བྱ། །ཞེས་བྱ་བ་ནི། རང་གི་སྒྲ་སྟེ་མི་དམིགས་པའི་སྒྲས་བརྗོད་པའམ། མ་བརྗོད་ཀྱང་མི་དམིགས་པ་དེ་ཉིད་མེད་པ་གྲུབ་པར་བྱེད་པ་ཡིན་ནོ། །འོན་ཏེ་མི་དམིགས་པ་ཇི་ལྟར་ཚད་མ་ཡིན་ཏེ། ཚད་མ་དངོས་པོའི་ཡུལ་ཅན་ཡིན་ནོ་ཞེ་
ན་འདིར་སྨྲས་པ། རྒོལ་བ་དང་གང་ཞིག་མི་དམིགས་པ་དེ་ཚད་མ་མ་ཡིན་པར་འདོད་པ་དེས་རྣམ་པ་ཐམས་ཅད་དུ་དགག་པ་བརྗོད་པར་མི་བྱ་སྟེ། དགག་པ་ལ་རྣམ་པ་གཞན་དག་མེད་པའི་ཕྱིར་རོ། །དེས་ནི་དེ་དང་འགལ་དོན་གྱི། །འབྲས་བུ་བརྗོད་པར་བསྟན་པ་ཡིན། །ཀུན་དུ་སྦྱོར་བ་འབའ་ཞིག་
དག །ཐ་དད་དོན་ལ་ཐ་དད་མེད། །ཅེས་བྱ་བ་ལ། ཐམས་ཅད་དུ་མི་དམིགས་པར་སྨྲ་བའི་རིགས་པ་འདི་ནི་གྲང་བ་དང་འགལ་བའི་དོན་མེ་སྟེ། དེའི་འབྲས་བུ་དུ་བར་བརྗོད་པ་དེ་བསྟན་ཏེ། དེ་ལ་ཡང་རྗེས་སུ་དཔག་པས་རྗེས་སུ་དཔོག་པས་བསྒྲུབས་པའི་མེད་པ་གོ་བར་བྱེད་དེ། འདི་ལྟར་དུ་

བ་ལས་མེ་གྲུབ་ལ་དེས་གྲང་བ་མེད་པར་སྒྲུབ་སྟེ། མེ་གྲང་བ་མེད་པའི་རང་བཞིན་གྱི་ཕྱིར་རོ། །དེ་བས་ན་དུ་བ་ལས་མེ་སྟེ། མེ་གྲང་བ་མེད་པའི་ངོ་བོ་ཉིད་ཡིན་པས་གྲང་བ་མེད་པའི་ཐ་སྙད་སྒྲུབ་པའོ། །དེའི་ཕྱིར་མི་དམིགས་པ་ཐམས་ཅད་ལ་སྦྱོར་བའི་ཚིག་དགོད་པ་
ཙམ་གྱིས་ཁྱད་པར་ལས་དོན་ལ་ནི་ཐ་དད་པ་མེད་དོ། །འོ་ན་མེད་པའི་སྦྱོར་བ་གཞན་ཡང་མཐོང་སྟེ། དཔེར་ན་སྦྱིན་པའི་སེམས་དང་ལྡན་པ་རྣམས་མངོན་པར་མཐོ་བའི་རྒྱུ་མེད་དེ། །དེ་མ་ཐག་ཏུ་འབྲས་བུ་མ་མཐོང་བའི་ཕྱིར་རོ་ཞེ་ན། སྨྲས་པ། །འགལ་བ་བརྗོད་པ་མེད་པས་དང་། །དེ་ཡང་ཐབས་
བཅས་བསྒྲིབས་མེད་པར། །དགག་ལ་ཚད་སྨྲ་གང་ཡིན་ཏེ། །རིགས་པའི་རྗེས་འབྲངས་ཅན་མིན་ཏེ། །སྨྲ་ལ་སོགས་ལ་ཀུན་ཤེས་དང་། །འཇིག་རྟེན་གཞན་སོགས་འགོག་པ་བཞིན། །ཞེས་བྱ་བ་ལ། འགལ་བའི་མེ་ལ་སོགས་པ་དང་བསྒྲིབས་པ་སྟེ། གགས་མི་བྱེད་པ་དང་། དུ་བ་ལ་སོགས་
པ་ཡང་བརྗོད་པ་མེད་པ་སྟེ། མ་བརྗོད་ན་འཛིན་པ་མེད་པའི་ཕྱིར་རོ། །འདིས་ནི་དམིགས་པའི་རིག་བྱར་གྱུར་པ་མི་དམིགས་པར་བསྟན་ཏོ། །དེའི་དོན་ནི་འདི་ཡིན་ཏེ། ཇི་སྐད་བསྟན་པའི་མཚན་ཉིད་དང་ལྡན་པའི་དགག་པར་བྱ་བ་ནི་དམིགས་པར་མ་བསྟན་པ་དང་རྒྱུ་དང་ཁྱབ་བྱེད་ལ་སོགས་པ་མི་དམིགས་
པར་མ་བསྟན་པའི་ཐབས་དང་བཅས་པ་དེ་ཡང་དགག་པར་བསྒྲུབ་པར་བྱ་བ་ལ་ཚད་མ་སྨྲ་བར་བྱེད་པ་གང་ཡིན་པ་དེ་ནི་རིགས་པ་དང་བྲལ་བ་ཡིན་ཏེ། དཔེར་ན་སྨྲ་བ་ལ་སོགས་པ་ལས་ཐམས་ཅད་ཤེས་པ་མེད་པ་ལྟ་བུ་སྟེ། སྨྲ་བ་ནི་ཐམས་ཅད་ཤེས་པ་དང་འགལ་བ་མ་མཐོང་བ་དེ་བཞིན་དུ་བགྲོད་པར་བྱ་བའི་
འཇིག་རྟེན་ཕ་རོལ་ལ་སོགས་པ་དམིགས་པའི་རིག་བྱར་མ་གྱུར་པའི་མི་དམིགས་པས་མེད་པར་འགོག་པ་མ་ཡིན་ནོ། །འོན་ཏེ་གང་སྨྲ་བ་དེ་ནི་འདོད་ཆགས་ལ་སོགས་པ་དང་ལྷན་ཅིག་སྤྱོད་པར་མཐོང་བ་དེ་བས་ན་བརྗོད་པར་འདོད་པའི་སྨྲ་བ་ནི་གདོན་མི་ཟ་བར་འདོད་ཆགས་ལ་སོགས་པ་དང་ལྡན་པའོ་ཞེ་ན།
སྨྲས་པ། །དོན་རྣམས་དབང་པོ་ལས་འདས་པ། །འགལ་བ་གྲུབ་པ་མེད་ཕྱིར་རོ། །གལ་ཏེ་སྨྲ་རིགས་ཡོད་གྱུར་ན། །གནོད་བྱ་གནོད་བྱེད་ངོ་བོ་གང་། །ཞེས་བྱ་བ་ལ། གལ་ཏེ་སྨྲ་བ་ལ་ཐམས་ཅད་རིག་པ་ཡོད་པར་གྱུར་ཀྱང་གང་དང་ཡང་གནོད་པར་བྱ་བ་དང་གནོད་པར་བྱེད་པའི་ངོ་བོ་མེད་དེ། དབང་

པོ་ལས་འདས་པའི་དོན་ཐམས་ཅད་རིག་པ་ལ་སོགས་པ་རྣམས་དང་འགལ་བ་མ་གྲུབ་པའི་ཕྱིར་རོ། །སྨྲ་བ་ནི་ཐམས་ཅད་མཁྱེན་པ་དང་འགལ་བ་མ་ཡིན་ནོ། །དེ་འདྲ་མི་དམིགས་པས་ཤེ་ན། །དེ་ཉིད་སྒྲུབ་པར་བྱེད་པར་བརྗོད། །ཅེས་བྱ་བ་ནི་དེ་ལྟར་ཡིན་དུ་ཆུག་ཀྱང་། ཐམས་ཅད་མཁྱེན་པ་དེ་འདྲ་བ་ནི་
མི་དམིགས་པའི་ཕྱིར་མེད་པར་རྟོགས་སོ་ཞེ་ན། འོ་ན་ནི་མི་དམིགས་པ་དེ་ཉིད་དགག་པའི་གཏན་ཚིགས་སུ་བརྗོད་པར་བྱ་བའི་སྨྲ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པས་ཅི་ཞིག་བྱ། འོན་ཏེ་ཐམས་ཅད་མཁྱེན་པ་མེད་པས་སྒྲུབ་པ་ནི་མི་དམིགས་པ་ཉིད་ཡིན་ནོ་ཞེ་ན། མི་དམིགས་པ་ནི་འདི་འདྲ་བའང་། །
འབྲས་བུ་ངེས་མེད་ཅན་རབ་བརྗོད། །དེ་ཕྱིར་ཤིན་ཏུ་ལྐོག་གྱུར་ལ། །ཡོད་མེད་ཉིད་དུ་ངེས་པ་མེད། །ཅེས་བྱ་བ་སྟེ། མ་མཐོང་བ་ཙམ་གྱིས་མི་དམིགས་པ་འདི་འདྲ་བ་ནི་མེད་པར་ངེས་པར་བྱེད་པ་མ་ཡིན་ནོ་ཞེས་བསྟན་ཏོ། །གལ་ཏེ་ཆོས་ནི་ཐ་དད་པའམ། །ཐ་དད་མེད་ཀྱང་རབ་སྦྱོར་ཏེ། །དཔེར་ན་ཁ་བ་
མེད་སྒྲུབ་མེའམ། །སྐྱེ་ལ་ཡོད་པ་གནོད་བྱེད་བཞིན། །ཞེས་བྱ་བ་ནི་འགལ་བའི་ཆོས་ཏེ་འཛིན་པ་ཐ་དད་པར་བརྗོད་དམ། འོན་ཏེ་ཐ་མི་དད་པའི་ཆོས་ཉིད་དུ་བརྗོད་དེ། དཔེར་ན་ཁ་བ་མེད་པར་བསྒྲུབ་པར་བྱ་བ་ལ་མེ་ནི་ཆོས་ཅན་དང་གྲང་བ་ལས་ཐ་དད་པའམ། སྐྱེ་བ་ལ་གནོད་པར་བྱེད་པའི་ཡོད་པ་ནི་དེ་ཆོས་
ཅན་ལས་ཐ་དད་པ་མ་ཡིན་ཞིང་། སྐྱེ་བ་ལས་ཀྱང་ཐ་མི་དད་དེ་ཡོད་པ་དག་ཕན་ཚུན་སྤངས་ཏེ་གནས་པ