Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 183

Văn bản gốc(Tây Tạng)

Trang 4 / 19 (50.000 ký tự/trang)
འི་མཚན་ཉིད་ཀྱི་འགལ་བ་ཉིད་དེ། ཡོད་པ་ཉིད་སྐྱེ་བ་མ་ཡིན་ཏེ། ཡོད་པ་ནི་ཐམས་ཅད་ལ་རག་མ་ལས་པའི་ཕྱིར་སྐྱེ་བའི་དོན་ཅི་ཞིག་ཡོད། འོ་ན་ཡོད་པ་དང་སྐྱེ་བ་དག་ཐ་མི་དད་ན་འགལ་བར་ཇི་ལྟར་
འགྱུར་ཞེ་ན། གཞན་གྱིས་ཐ་མི་དད་པར་ཁས་བླངས་པའི་ཕྱིར་དེ་ལྟར་བརྗོད་དོ། །འོ་ན་གལ་ཏེ་མི་དམིགས་པ་ཙམ་ངེས་པར་བྱེད་པ་མ་ཡིན་ན། དེ་ལྟ་ན་ནི་རྟོག་པ་ངེས་པར་ཇི་ལྟར་འགྱུར་ཏེ། དམིགས་པའི་རིག་བྱར་གྱུར་པ་ལས་མི་དམིགས་པ་དེ་ཡོད་པ་མ་ཡིན་པའི་ཕྱིར་བསྒྲུབ་བྱ་དང་བྲལ་བ་དང་།
སྒྲུབ་པ་དང་བྲལ་བའི་དོན་ཐམས་ཅད་ཅིག་ཅར་མཐོང་བར་མི་ནུས་པའི་ཕྱིར་རོ་ཞེ་ན། སྨྲས་པ། ཇི་ལྟར་དངོས་རྣམས་བསྒྲུབ་པ་ལ། །དངོས་པོ་ཁོ་ན་སྒྲུབ་བྱེད་ཡིན། །དེ་ལྟར་དངོས་རྣམས་རང་ལྡོག་པར། །དངོས་པོ་ཉིད་ནི་ལྡོག་བྱེད་ཡིན། །ཞེས་བྱ་བ་ལ། མ་མཐོང་བ་ཙམ་གྱིས་ལྡོག་པ་

ངེས་པ་ནི་མ་ཡིན་ཏེ། འོན་ཀྱང་ཇི་ལྟར་འབྲེལ་པ་ངེས་པ་ལས་དངོས་པོ་ཉིད་དུ་བ་ལ་སོགས་པས་མེ་ལ་སོགས་པའི་དངོས་པོ་རྣམས་སྒྲུབ་པར་བྱེད་པ་ནི་བསྒྲུབ་པ་འགྲུབ་པ་ཡིན་ནོ། །དེ་ལྟར་འབྲེལ་པ་ངེས་པ་ལས་རྒྱུར་འདོད་པ་དང་། ཁྱབ་བྱེད་དུ་འདོད་པའི་དངོས་པོ་ཉིད་
ཀྱིས་འབྲས་བུར་འདོད་པ་ལ་སོགས་པའི་དངོས་པོ་རྣམས་ཟློག་པར་བྱེད་པ་ནི་རང་ལྡོག་པ་ཡོད་ན་སྟེ། གལ་ཏེ་རང་ཉིད་ལ་ལོག་པར་ངེས་པ་དེའི་ཚེའོ་ཞེས་བྱ་བའི་ཐ་ཚིག་གོ། །དེས་ནི་འགའ་ཞིག་ན་ཡོད་ཕྱིར། །རྟོག་པས་སྦྱར་ཞིང་བཞག་པ་ཡི། །ཕྱོགས་དང་མཐུན་ཕྱོགས་ཅིག་ཤོས་ལ། །སོགས་
པའི་ཆོས་ནི་བསལ་བ་ཡིན། །ཞེས་བྱ་བ་ལ། དངོས་པོ་གོ་བར་བྱེད་པར་བསྟན་པ་དེས་ནི་རྟོག་པས་སྒྲོ་བཏགས་པའི་ཆོས་ཕྱོགས་དང་མཐུན་པའི་ཕྱོགས་དང་གཞན་པ་ཉིད་བསལ་བ་ཡིན་ནོ། །སོགས་པའི་སྒྲས་ནི་ཡོད་པར་ཁས་བླངས་པ་ལ་སོགས་པ་གཟུང་ངོ་། །ཡང་ཕྱོགས་དང་
མཐུན་པའི་ཕྱོགས་དང་གཞན་པ་དག་ཇི་ལྟར་དངོས་པོར་མི་འགྱུར་ཞེ་ན། གང་ཡང་རུང་བ་ཞིག་ན་ཡོད་པའི་ཕྱིར་ཏེ། ཕྱོགས་དང་མཐུན་པའི་ཕྱོགས་དང་གཞན་པ་ཉིད་རྟག་པ་དང་མི་རྟག་པ་དག་གཅིག་ལ་ཡང་འབྲེལ་པར་ངེས་པ་མ་ཡིན་པའི་ཕྱིར་གོ་བར་བྱེད་པ་མ་ཡིན་ནོ། །དེ་ལྟར་ནི་འགྱུར་མོད་ཀྱི། གལ་
ཏེ་འབྲེལ་པ་ངེས་པས་གཅིག་ལོག་ན་གཞན་ལྡོག་པ་དེ་ལྟ་ན་ནི་འབྲས་བུ་དང་ཁྱབ་པར་བྱ་བ་ལོག་ན་ཡང་རྒྱུ་དང་ཁྱབ་བྱེད་ལྡོག་པར་འགྱུར་རོ་ཞེ་ན། སྨྲས་པ། དེ་ལའང་ཁྱབ་པར་བྱེད་པའི་ཆོས། །ལྡོག་པ་ཁྱབ་བྱ་གོ་བྱེད་ཡིན། །གལ་ཏེ་རང་ཉིད་ཟློག་པ་ནི། །རྣམ་འགས་ཡོངས་སུ་གཅོད་ནའོ། །ཞེས་
བྱ་བ་ལ། གཅིག་ལོག་པས་གཞན་ལྡོག་པ་དེ་ལ་ཡང་ཁྱབ་པར་བྱེད་པ་མི་རྟག་པ་ཉིད་དང་མེ་ལ་སོགས་པའི་ཆོས་ལོག་ན། ཁྱབ་པར་བྱ་བ་དུ་བ་དང་བྱས་པ་ལ་སོགས་པ་ལྡོག་པ་གོ་བར་བྱེད་པ་ཡིན་ནོ། །གལ་ཏེ་ཁྱབ་པར་བྱེད་པ་རང་ཉིད་ཟློག་པ་རྣམ་པ་འགའ་ཞིག་གིས་ཡོངས་སུ་གཅོད་པ་དེའི་ཚེ།
རང་བཞིན་མི་དམིགས་པ་ཡང་མེད་པའི་གོ་བར་བྱེད་པ་མ་ཡིན་ནམ། དེས་ན་ཁྱབ་པར་བྱེད་པ་མི་དམིགས་པ་ཁོ་ན་ཅི་སྟེ། གོ་བར་བྱེད་པར་བརྗོད་ཅེ་ན། སྨྲས་པ། ཚད་མ་ཉིད་མེད་གང་དེ་ཉིད། །མེད་པ་ལ་ནི་རྟགས་སུ་བརྗོད། །དེ་ནི་ཤིན་ཏུ་རྨོངས་དོན་ཏེ། །བ་རྫིའི་བར་ལ་གྲགས་ཕྱིར་རོ། །ཞེས་

བྱ་བ་ལ། རང་བཞིན་མི་དམིགས་པས་མེད་པ་སྒྲུབ་པ་ནི་མ་ཡིན་ཏེ། དེ་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །རྟགས་སུ་བཀོད་པ་གང་ཡིན་པ་ནི་ཚད་མ་མེད་པ་སྟེ། མི་དམིགས་པས་དགག་པར་བྱ་བ་དེ་ཉིད་མེད་པར་བརྗོད་པ་ཡིན་ནོ། །རྟགས་དེ་ནི་ཤིན་ཏུ་སླེབ་པ་གང་ཡིན་པ་གྲངས་ཅན་ཏེ། མི་
བདེན་པའི་ལྟ་བ་ལ་གོམས་པའི་ཕྱིར་རོ། །དེའི་དོན་དུ་ཡིན་གྱི་མཁས་པའི་ཕྱིར་ནི་མ་ཡིན་ཏེ། བ་ལང་རྫི་མོའི་བར་དུ་མེད་པའི་ཐ་སྙད་དུ་གྲགས་པའི་ཕྱིར་རོ།། །།ཚད་མ་རྣམ་འགྲེལ་གྱི་འགྲེལ་པ། བམ་པོ་དྲུག་པ། འོ་ན་མི་སྣང་བ་མི་དམིགས་པ་བཞི་པ་ཡང་ཡོད་པ་མ་ཡིན་ནམ།
དེ་ཇི་སྟེ་འདིར་མི་བརྗོད་སྙམ་དུ་སེམས་ན། སྨྲས་པ། །མི་དམིགས་པ་ནི་དེ་ཙམ་ཞིག །མེད་པར་ངེས་པའི་འབྲས་ཅན་ཡིན། །དེ་ལའང་རྒྱུ་འམ་རང་བཞིན་དག །སྣང་རུང་ཉིད་མི་དམིགས་པར་འདོད། །ཅེས་བྱ་བ་ལ། །མི་དམིགས་པ་གསུམ་པ་དེ་ཙམ་ཞིག་མེད་པར་ངེས་པར་བྱེད་པ་ཡིན་ཏེ། དེ་ནི་སྣང་དུ་རུང་བ་
མི་དམིགས་པ་མེད་པ་སྒྲུབ་པར་བྱེད་པའོ། །མི་དམིགས་པ་དེ་ཡང་རྒྱུ་དང་ཁྱབ་པར་བྱེད་པ་དང་རང་བཞིན་ཏེ། སྣང་དུ་རུང་བར་ཁས་བླང་བར་བྱ་བ་སྣང་བ་ལས་འདས་པར་བལྟ་བར་བྱའོ། །འོ་ན་ཁ་དོག་འདི་ནི་མི་རྟག་པའོ་ཞེས་རང་གི་མཚན་ཉིད་ལ་སྦྱོར་བའི་ཕྱིར། མི་རྟག་པ་དེ་ཇི་ལྟར་ཁ་དོག་སྤྱི་ལ་
སྦྱོར་ཕྱིར་རོ་ཞེས་བརྗོད་ཅེ་ན་སྨྲས་པ། རྗེས་སུ་དཔག་པས་མི་རྟག་སོགས། །འཛིན་ལ་གོ་རིམས་འདི་བཞེད་ཅིང་། །གཞན་དུ་གཟུང་བ་འཛིན་པའི་ཕྱིར། །ཚད་མ་ཉིད་དུ་མི་བཞེད་དོ། །ཞེས་བྱ་བ་ལ། རྗེས་སུ་དཔག་པས་མི་རྟག་པ་ལ་སོགས་པ་འཛིན་པ་ལ། ཁ་དོག་སྤྱི་ལ་སྦྱོར་ཕྱིར་ཞེས་བྱ་བའི་
རིམ་པ་འདི་བཞེད་ཀྱི། གཞན་དུ་མཐོང་བའི་དུས་ཕྱི་མར་གྱུར་པའི་ཞེན་པ་ནི་ཚད་མ་ཉིད་དུ་མི་བཞེད་དེ། མཐོང་བ་ཡིས་གཟུང་བའི་མི་རྟག་པ་ཉིད་རང་གི་མཚན་ཉིད་ལ་ཞེན་པའི་ཕྱིར་རོ། །དེ་ལ་ནི་མཐོང་བ་ཁོ་ན་ཚད་མ་ཡིན་ནོ། །འོ་ན་ཇི་ལྟར་མི་རྟག་པ་ཉིད་མངོན་སུམ་གྱིས་གྲུབ་སྟེ། དངོས་པོ་ཙམ་ཞིག་
མངོན་སུམ་ལ་སྣང་བའི་ཕྱིར་རོ་ཞེ་ན། སྨྲས་པ། །དངོས་ལས་མི་རྟག་གཞན་མེད་དོ། །དེ་ཡང་དབང་པོ་ལས་སྔར་གྲུབ། །དངོས་དུ་མ་ཅན་དེ་བརྗོད་མིན། །སྟོབས་ལས་སྐྱེས་ཆོས་བརྗོད་བྱ་ཡིན། །ཞེས་བྱ་བ་ལ། མི་རྟག་པ་ཉིད་དང་ཁ་དོག་ལ་སོགས་པ་དངོས་པོའི་ངོ་བོ་ཉིད་ལས་གཞན་པ་མ་ཡིན་ཏེ།

དངོས་པོའི་ངོ་བོ་ཉིད་མི་རྟག་པའོ་ཞེས། རང་གི་མཚན་ཉིད་དེ་ཉིད་ཀྱི་རང་བཞིན་འཛིན་པར་མི་ནུས་པའི་རྟོག་པ་ནི་སྤྱིའི་ངོ་བོ་ཉིད་ཡིན་ནོ། །སྤྱི་མི་རྟག་པ་ལ་སོགས་པ་རྣམས་ཕན་ཚུན་དེ་དང་ལྡན་པ་ལས་ཐ་དད་པར་མཐོང་བ་སྟེ། སྒྲ་མི་རྟག་པ་དང་བྱས་པའོ་ཞེས་བྱ་བ་མ་ཡིན་
ནམ། དེ་ཇི་ལྟར་གཞན་དུ་མི་རྟག་པ་ཡོད་པ་མ་ཡིན་ནོ་ཞེས་རྗོད་པར་བྱེད་ཅེ་ན། འདིར་སྨྲས་པ། དུ་མའི་རང་བཞིན་ཅན་རང་གི་མཚན་ཉིད་འདི་བརྗོད་པར་བྱ་བ་མ་ཡིན་གྱི། རྣམ་པར་རྟོག་པས་ཉེ་བར་བསྟན་པའི་ཆོས་སུ་དུ་མའི་ངོ་བོ་ཉིད་ཅན་ནི་བརྗོད་པར་བྱ་བ་སྟེ། འདི་ལྟར་བག་ཆགས་ཀྱི་སྟོབས་ལས་སྐྱེས་
པར་གྱུར་པའི་ཤེས་པས་བྱས་པ་དང་མི་རྟག་པ་དག །དེ་དངོས་པོ་གཅིག་ཡིན་ཡང་ཐ་དད་པར་བསྟན་ཏོ། །རྣམ་པར་རྟོག་པས་ཉེ་བར་བསྟན་པའི་དོན་ལ་སྒྲ་འཇུག་པར་འགྱུར་བའི་ཕྱིར། རྟོག་པ་ལས་སྐྱེས་པའི་ཆོས་ཁོ་ན་བརྗོད་པར་བྱ་བ་ཡིན་ནོ། །འོ་ན་གལ་ཏེ་རྣམ་པར་རྟོག་པ་ལ་སྣང་བའི་ངོ་བོ་ཉིད་སྤྱི་ཡིན་ལ།
དེ་ཉིད་སྒྲའི་བརྗོད་བྱ་ཡིན་གྱི། རང་གི་མཚན་ཉིད་ནི་མངོན་སུམ་གྱིས་གཟུང་བ་ཡིན་པ། དེའི་ཚེ་རྟོག་པའི་ཤེས་པ་གཟུང་བ་འཛིན་པར་ཇི་ལྟར་འགྱུར་ཞེ་ན། སྨྲས་པ། སྤྱི་ཡི་རྟེན་ནི་གྲུབ་པ་ན། །སྤྱི་དེ་ཉིད་ནི་གྲུབ་པ་ཅན། །དེ་མ་གྲུབ་ན་དེ་ལྟར་འདི། །རབ་གྲུབ་ཕྱིར་ནི་རྗེས་དཔོག་བྱེད། །ཅེས་བྱ་བ་ལ། མི་
རྟག་པ་ཉིད་ལ་སོགས་པའི་སྤྱིའི་རྟེན་གང་ཡིན་པ་སྐད་ཅིག་མའི་རང་གི་མཚན་ཉིད་དེ་གྲུབ་པ་མངོན་སུམ་དུ་བྱེད་པ་ན། སྤྱི་དེ་ཉིད་གྲུབ་པར་ངེས་པ་ཁོ་ན་སྟེ། སྤྱི་ཞེས་བྱ་བ་གཞན་ནི་ཡོད་པ་མ་ཡིན་གྱི། གཅིག་ཏུ་རང་གི་མཚན་ཉིད་ཁོ་ན་ལ་དེ་ལྟར་ཐ་སྙད་འདོགས་སོ། །འོ་ན་གལ་ཏེ་རང་གི་མཚན་ཉིད་སྐད་ཅིག་མ་
གྲུབ་ན། སྤྱི་མི་རྟག་པ་ཉིད་གྲུབ་པར་འགྱུར་ན་ནི། ཅིའི་ཕྱིར་རྗེས་སུ་དཔག་པ་འཇུག་པར་འགྱུར་ཞེ་ན། འདི་ལ་སྨྲས་པ། སྤྱི་མི་རྟག་པ་ཉིད་དེ་ངེས་པ་མེད་ན་རང་གི་མཚན་ཉིད་འདི་ཉིད་མི་རྟག་པའི་རང་བཞིན་དུ་དེ་ལྟར་གྲུབ་པར་བྱ་བའི་དོན་དུ་རྗེས་སུ་དཔག་པ་འཇུག་པར་འགྱུར་རོ། །རང་གི་མཚན་ཉིད་
སྐད་ཅིག་མར་སྣང་བར་གྱུར་ཀྱང་། མི་རྟག་པ་ཉིད་དུ་ངེས་པ་མ་ཡིན་པའི་ཕྱིར་ཐ་སྙད་གདགས་སུ་རུང་བ་ཉིད་དུ་གྲུབ་པར་བྱེད་དེ། འདི་ལྟར་ཡོད་པ་ནི་དམིགས་པར་འགྱུར་བ་ཉིད་དོ། །དེ་ཡང་སྔ་མ་ཕྱི་མས་བདེན་པར་སྣང་ཞིང་། སྔ་མ་ཕྱི་མ་དང་བྲལ་བ་ལ་སྐད་ཅིག་མར་བརྗོད་དེ། གང་ཞིག་ཇི་ལྟར་

སྣང་བ་དེ་ནི་དེ་ལྟར་ཐ་སྙད་གདགས་པར་བྱའོ། །ཇི་ལྟར་སྔོན་པོ་སྔོན་པོ་ཉིད་དུ་སྣང་བར་གྱུར་པ་ལ། དེ་བཞིན་དུ་ཐ་སྙད་ཀྱི་ལམ་འཇུག་པར་འགྱུར་ཏེ། ཐམས་ཅད་མངོན་སུམ་གྱི་དོན་ཅུང་ཟད་ཀྱང་སྔ་མ་ཕྱི་མའི་དངོས་པོ་ལ་འཇུག་པ་ནི་མ་ཡིན་པའི་ཕྱིར། ཐམས་ཅད་མི་རྟག་པ་ཉིད་དུ་སྣང་ངོ་། །འོ་ན་
གལ་ཏེ་སྐད་ཅིག་མ་ཉིད་དུ་སྔོན་པོ་སྣང་བ་ཡིན་ན། ཅི་སྟེ་མཐོང་བའི་དེ་མ་ཐག་པར་ངེས་པར་མི་འགྱུར་ཞེ་ན། སྨྲས་པ། འདྲ་བ་གཞན་ནི་ཡོད་པའི་ཕྱིར། །ལ་ལར་དེ་ཡོངས་མི་ཤེས་པ། །འཁྲུལ་ཕྱིར་སྒོང་གི་ཐ་དད་བཞིན། །ཐ་དད་མ་མཐོང་བ་ཡིན་ནོ། །ཞེས་བྱ་བ་ལ། དངོས་པོ་སྐད་ཅིག་མར་མངོན་
དུ་བྱས་ཀྱང་། མི་རྟག་པ་ཉིད་དེ་ཡོངས་སུ་མི་ཤེས་པ་ནི་ངེས་པ་མེད་པ་སྟེ། སྐད་ཅིག་མ་འདྲ་བ་གཞན་འབྱུང་བའི་ཕྱིར་རོ། །རྟག་པར་སྒྲོ་བཏགས་པའི་འཁྲུལ་པ་གང་ཡིན་པ་དེ་ལས་ཐ་དད་པར་སྐྱེས་བུས་མི་མཐོང་སྟེ། དཔེར་ན་སྒྱུ་མའི་སྒོང་དག་ཐ་དད་པ་ཡོད་ཀྱང་འདྲ་བའི་ཕྱིར་མི་ཤེས་པ་བཞིན་ནོ། །འདི་
ལྟར་སྐད་ཅིག་མ་གཉིས་པ་དང་ཐ་དད་པར་མི་ཤེས་པའི་ཕྱིར། དེ་ཉིད་འདི་ཡིན་ནོ་སྙམ་ནས་ཐ་སྙད་འདོགས་སོ། །འོན་ཏེ་སྒྱུའི་སྒོང་དག་ཐ་དད་པར་འཛིན་པ་སྟེ། དཔྱོད་པ་དང་ལྡན་པས་ལེགས་པར་དཔྱད་ནས་ཤེས་ཀྱི། སྐད་ཅིག་མ་ནི་དེ་ལྟར་ངེས་པ་མ་ཡིན་ནོ་ཞེ་ན། འདིར་སྨྲས་པ། །འདི་ལྟར་མར་
མེ་སོགས་འཇིག་པ། །ཅན་ནི་ནུས་པའི་བར་སྐྱེ་བོས། །འདྲ་བ་མེད་པར་གཞན་འབྱུང་བ། །རྟགས་མེད་མཐོང་བ་ཡོངས་གཅོད་བྱེད། །ཅེས་བྱ་བ་ལ། འདིའི་དགོངས་པ་ནི་འདི་ཡིན་ཏེ། འདི་གནས་སྐབས་མ་ཡིན་པ་ཅན་ནི་འཇིག་པ་དང་མི་རྟག་ཞེས་ཐ་སྙད་འདོགས་ལ། སྒྲོན་མ་ལ་སོགས་པ་ལ་ཡང་
དེའི་གནས་སྐབས་མེད་དེ། འདི་ལྟར་སྐྱེ་བོ་འདི་དག་མར་མེ་ལ་སོགས་པ་ལ་བལྟ་བས་མར་མེ་འཇིག་པའོ་ཞེས་དེ་ལྟར་ཡོངས་སུ་གཅོད་དོ། །ཇི་ལྟ་བུར་ཞེ་ན། འདི་ལ་རྟགས་ཡོད་པ་མ་ཡིན་པས་རྟགས་མེད་པ་ཅན་ནོ། །འདྲེ་བ་མེད་པ་སྟེ་སྔ་མའི་སྐད་ཅིག་མ་འདྲ་བ་གཞན་འབྱུང་བ་མ་ཡིན་པ་
དེ་ནི་དེ་ལྟ་བུར་གྱུར་པའི་སྒྲོན་མ་འཇིག་པའི་ངོ་བོ་ཉིད་ཅན་ཤེས་པ་ཡིན་ནོ། །འོ་ན་མཐོང་བ་ཡོད་ཀྱང་ངེས་པ་མ་ཡིན་ནོ་ཞེས་བྱ་བ་འདི་གང་དུ་མཐོང་ཞེ་ན། སྨྲས་པ། ནུས་པ་དངོས་པོའི་རང་བཞིན་དུ། །གྱུར་ཀྱང་དེ་མ་ཐག་པ་མེད། །མཐོང་བ་མེད་ཕྱིར་འབྲས་ལ་རྨོངས། །ངེས་བྱེད་གསལ་བ་མེད་ཕྱིར་རོ། །

ཞེས་བྱ་བ་ལ། དུག་གི་དངོས་པོའི་རང་བཞིན་དུ་གྱུར་པ་འཆི་བའི་ནུས་པ་རོ་མྱང་བའི་དུས་སུ་འཛིན་པ་ཡོད་ཀྱང་རྨོངས་པར་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། འབྲས་བུ་མ་མཐོང་བའི་ཕྱིར་རོ། །དེ་ཉིད་ཅིའི་ཕྱིར་ཞེ་ན། དེ་མ་ཐག་པ་མེད་པའི་ཕྱིར་དང་། ངེས་པར་བྱེད་པའི་སྐྱེས་བུ་ལ་
མཐོང་བ་གསལ་བ་མེད་པའི་ཕྱིར། སྐད་ཅིག་མ་ཉིད་དུ་ངེས་པ་མ་ཡིན་ནོ། །འོ་ན་གལ་ཏེ་འདྲ་བ་གཞན་འབྱུང་བས་རྟག་པ་ཉིད་འཁྲུལ་པ་ཡིན་ན། དེ་ཇི་ལྟར་ལྡོག་པར་འགྱུར་ཞེ་ན། སྨྲས་པ། དེ་ཉིད་བཟློག་པའི་ཆེད་དུ་ནི། །རྗེས་སུ་དཔག་པ་བརྗོད་པ་ཡིན། །བློ་གྲོས་ཆེན་པོ་མཐོང་ཉིད་ལས། །
རྣམ་པ་ཐམས་ཅད་ངེས་པར་བྱེད། །ཅེས་བྱ་བ་ལ། རྟག་པ་ཉིད་དུ་རྨོངས་པ་དེ་ཉིད་ཇི་ལྟར་ལྡོག་པར་འགྱུར་བར་བྱ་བའི་ཕྱིར། རྗེས་སུ་དཔག་པ་ཉེ་བར་རྗོད་པར་བྱེད་དོ། །གང་དག་ལ་གོམས་པ་དང་གསལ་བ་ལ་སོགས་པ་ངེས་པའི་རྒྱུ་ཡོད་པའི་བློ་གྲོས་ཆེན་པོ་ཅན་དེ་དག་གིས། དངོས་པོའི་ནུས་པ་རྣམ་པ་
ཐམས་ཅད་མཐོང་བ་ཉིད་ངེས་པར་འགྱུར་གྱི། དེ་དག་ལ་རྗེས་སུ་དཔག་པ་བརྗོད་པ་ནི་མ་ཡིན་ནོ། །དེ་བས་ན་སྤྱིའི་རྟེན་གྲུབ་ན་སྤྱི་གྲུབ་པ་ཉིད་དེ། གང་ན་འཁྲུལ་པ་ཡོད་པ་དེར་རྗེས་སུ་དཔག་གོ། །སྐད་ཅིག་མ་དངོས་པོ་ལས་ཐ་མི་དད་པ་མ་ཡིན་ནམ། དེ་ཇི་ལྟར་དངོས་པོའི་སྐད་ཅིག་མ་ཉིད་དོ་ཞེས་ཐ་དད་པ་དང་
ལྡན་པར་རྟོགས། ཇི་ལྟར་གྱུར་པའི་དངོས་པོ་ཁོ་ན་མངོན་སུམ་དུ་བྱས་ན་དེ་བཞིན་དུ་ངེས་པར་རིགས་ཏེ། སྔོན་པོ་ཉམས་སུ་མྱོང་ན་སེར་པོར་མངོན་པར་ཞེན་པ་ངེས་པར་མཐོང་བ་མི་རིགས་པའི་ཕྱིར་རོ་ཞེ་ན། སྨྲས་པ། ཐམས་ཅད་ལས་ནི་ལྡོག་པ་ཡི། །ཐ་དད་མེད་དོན་དེ་ལ་ནི། །ལྡོག་པའི་རྒྱུ་མཚན་ཅན་གྱི་བློ། །
ཐམས་ཅད་རྟེན་ཅན་བཞིན་འཇུག་དང་། །ཇི་སྐད་དུ་བརྗོད་སྒྲ་འཇུག་འགྱུར། །འཁྲུལ་རྒྱུ་མེད་ན་དེ་ཡིས་ནི། །ངོ་བོ་ཉིད་ཀྱིས་རང་དང་ནི། །རྗེས་སུ་མཐུན་པའི་བློ་སྐྱེད་འགྱུར། །ཞེས་བྱ་བ་ལ། རང་གི་མཚན་ཉིད་དེ་ནི་རིགས་མཐུན་པ་དང་རིགས་མི་མཐུན་པ་ཐམས་ཅད་ལས་ལོག་པ་སྟེ། རིགས་མི་མཐུན་པ་ལས་
ལྡོག་པའི་རྒྱུ་མཚན་ཅན་རྣམ་པར་རྟོག་པའི་བློ་ཐ་དད་མེད་པ་སྟེ། ཆ་ཤས་མེད་པའི་དོན་དེ་ལ་ཐ་དད་པ་འཛིན་པ་བཞིན་དུ་འཇུག་པར་འགྱུར་རོ། །ཇི་སྐད་དུ་བརྗོད་པ་སྟེ་བརྡ་ལས་མ་འདས་པར་སྒྲ་འཇུག་པར་འགྱུར་ཏེ། སྒྲ་མི་རྟག་པ་ཉིད་དོ་ཞེས་བྱ་བའི་བློ་འཇུག་གོ། །གལ་ཏེ་དངོས་པོ་ཐམས་ཅད་ལས་ལྡོག་པ་

དང་ལྡན་ན་ནི་ཇི་ལྟར་རྟོགས་པ་གཅིག་ཉིད་ཀྱིས་ཐམས་ཅད་ལོག་པར་ངེས་པར་མི་བྱེད་ཅེ་ན། འདིར་སྨྲས་པ། དངོས་པོ་དེ་ཡང་འཁྲུལ་པའི་རྒྱུ་མེད་ན་རང་གི་མཚན་ཉིད་ལ་ཞེན་པའི་ངོ་བོ་ཉིད་སྣང་བ་བསྐྱེད་པར་འགྱུར་ཏེ། ངོ་བོ་ཉིད་ཁོ་ནས་སྐྱེད་ཀྱི། སྤྱིའི་སྟོབས་ཀྱིས་ནི་མ་ཡིན་ནོ། །འཁྲུལ་བའི་རྒྱུ་ཡོད་ན་
ངེས་པར་བྱེད་པ་མ་ཡིན་ནོ་ཞེས་བསྟན་ཏོ། །བྱེ་བྲག་ཏུ་སྨྲ་བས་སྨྲས་པ། ཡང་ན་འདིར་ནི་མི་དམིགས་པའི། །རྟགས་ལས་འཇིག་པ་གྲུབ་ན་ནི། །ཞེས་བྱ་བ་ཡིན་ཏེ། ཡང་ན་འཇིག་པར་གྲུབ་པར་ངེས་ཏེ། རྟགས་མི་དམིགས་པ་ཡོད་པའི་ཕྱིར་རོ། །དངོས་པོ་ཐམས་ཅད་སྐྱེ་བ་དང་འཇིག་པ་དང་ལྡན་
པ་སྟེ། དེ་ལ་སྐྱེ་བ་ནི་མངོན་སུམ་དངོས་པོ་སྒྲུབ་པར་བྱེད་པས་ཉམས་སུ་མྱོང་བས་རྟོགས་པར་བྱའོ། །འཇིག་པ་ནི་མེད་པ་སྟེ། དེ་ནི་མི་དམིགས་པས་བསྒྲུབ་པར་བྱ་བའོ། །ཇི་སྲིད་དགག་པར་བྱ་བ་དེ་ཐམས་ཅད་མི་དམིགས་པའི་བསྒྲུབ་པར་བྱ་བར་འདོད་དོ། །མི་རྟག་པ་ཉིད་དངོས་པོའི་ངོ་བོ་ཉིད་དུ་
གྱུར་པ་མ་ཡིན་ནམ། དངོས་པོ་སྒྲུབ་པ་ཉིད་ཀྱི་ཚད་མས་རྟོགས་པར་འགྱུར་རོ་ཞེ་ན། འདིར་སྨྲས་པ། དངོས་པོ་ཙམ་ནི་མི་རྟག་པ་ཉིད་མ་ཡིན་ཏེ། འོན་ཀྱང་། དངོས་པོ་སྔར་བྱུང་མེད་གྱུར་པ། །མི་རྟག་པ་ཞེས་བསྟན་པ་ཡིན། །ཞེས་བྱ་བ་ནི། སྔར་དེ་སྔོན་དུ་ཡོད་པར་གྱུར་པ་མེད་པར་གྱུར་པ་གང་ཡིན་
པ་དེ་ནི་མི་རྟག་པ་སྟེ། དངོས་པོ་ཙམ་ནི་མ་ཡིན་ནོ། །མེད་པ་དེ་ཡང་གཞན་དུ་ནི་མི་དམིགས་པའི་སྒྲུབ་བྱེད་ཅན་ཡིན་ནོ། །རིགས་པ་ཅན་གྱི་སྔ་ན་མེད་པ་དང་། ཞིག་ནས་མེད་པའི་ཁྱད་པར་གྱིས་ཁྱད་པར་ཅན་དུ་གྱུར་པའི་ཡོད་པའམ། དེ་དང་འབྲེལ་པ་ནི་མི་རྟག་པ་སྟེ། མེད་པའི་མཚན་ཉིད་ཅན་ནི་མ་
ཡིན་ནོ། །ཡོད་པ་ཡང་མི་དམིགས་པའི་བསྒྲུབ་བྱ་མ་ཡིན་པ་མ་ཡིན་ནམ། དེས་ན་མི་དམིགས་པས་མི་རྟག་པ་གྲུབ་ཅེས་བྱ་བ་འདི་ཇི་ལྟར་ཡིན་ཞེ་ན། འདིར་སྨྲས་པ། གང་ཞིག་མཐའ་གཉིས་ཁྱད་པར་ཅན། །ཡོད་པ་འབྲེལ་བརྗོད་དང་ཚུལ་ཅན། །མི་རྟག་ཉིད་ཀྱི་སྒྲ་ཡིན་ན། །དེས་དེའི་
མཐའ་ཞེས་འདོད་པ་གང་། །ཞེས་བྱ་བ་ལ། རྒོལ་བ་གང་ཞིག་སྔ་ན་མེད་པ་དང་ཞིག་ནས་མེད་པའི་མཐའ་གཉིས་ཀྱི་ཁྱད་པར་དང་ལྡན་པ་གང་ཡིན་པ་ནི་ཁྱད་པར་ཅན་ཏེ་དེ་ནི་ཡོད་པའོ། །དེ་དང་འབྲེལ་པ་སྟེ་དེ་བརྗོད་པ་ནི་མི་རྟག་པ་ཉིད་ཀྱི་སྒྲའོ། །རྒོལ་བ་དེ་ཡིས་དེ་ཡི་མཐར། །ཞེས་འདོད་པ་གང་

ཡིན་པ་སྨྲོས་ཤིག །གལ་ཏེ་སྔ་ཕྱིར་མེད་ཅེ་ནའང་། །དེ་ཉིད་མི་རྟག་ཅིས་མ་ཡིན། །ཞེས་བྱ་བ་ནི་གལ་ཏེ་སྔ་ན་མེད་པ་དང་། ཞིག་ནས་མེད་པ་མཐའ་གཉིས་ཡིན་ན་ནི་མེད་པ་དེ་ཉིད་མི་རྟག་པ་ཉིད་དུ་ཅི་སྟེ་མི་འདོད། །དྲུག་པ་ལ་སོགས་མི་རུང་ཕྱིར། །ཞེ་ན་དེ་མཐར་ཇི་ལྟར་
འགྱུར། །ཞེས་བྱ་བ་ལ། འོ་ན་གལ་ཏེ་མེད་པ་ཉིད་མི་རྟག་པ་ཡིན་པ་དེ་ལྟ་ན་ནི་དངོས་པོ་མི་རྟག་པ་དང་དངོས་པོའི་མི་རྟག་པའོ་ཞེས་བྱ་བའི་དྲུག་པ་ལ་སོགས་པའི་རྣམ་པར་དབྱེ་བ་དང་ལྡན་པར་མི་འགྱུར་ཏེ། ཡོད་པ་དང་མེད་པ་ལས་འབྲེལ་པ་ཅི་ཡང་མེད་པའི་ཕྱིར་རོ་ཞེ་ན། ཅི་སྟེ་དྲུག་པ་ལ་
སོགས་པའི་སྦྱོར་བ་འདི་སྔ་ན་མེད་པ་དང་ཞིག་ནས་མེད་པའི་དངོས་པོའི་མཐའ་འདི་དག་ཏུ་ཇི་ལྟར་འགྱུར་ཏེ། དངོས་པོ་མེད་པ་དང་ལྡན་པ་དང་འདུ་བའི་འབྲེལ་པ་མེད་པའི་ཕྱིར་རོ། །ཡོད་ཉིད་དང་འབྲེལ་དག་རྟག་ཕྱིར། །མཐའ་མ་དག་ཏུ་ཁྱད་པར་མེད། །ཅེས་བྱ་བ་ལ། རེ་ཞིག་ཡོད་པའམ་འབྲེལ་
པ་སྟེ་འདུ་བའི་ངོ་བོ་ཉིད་མཐའ་གཉིས་པོ་སྔ་ན་མེད་པ་དང་། ཞིག་ནས་མེད་པ་དག་གིས་ཁྱད་པར་དུ་བྱེད་པ་མ་ཡིན་ཏེ། ཡོད་པ་དང་འབྲེལ་པ་དག་རྟག་པའི་ཕྱིར་རོ། །གཏན་དུ་བ་དང་རྒྱུ་མེད་པ་ཅན་ལ་རྟག་པ་ཞེས་བརྗོད་དེ། དེ་ནི་སྔ་ན་མེད་པ་དང་ཞིག་ནས་མེད་པ་ལ་ཡོད་པ་མ་ཡིན་ནོ། །དེ་བས་ན་མཐའ་མ་
དག་གིས་གང་ལ་ཡང་ཐ་དད་པར་བྱེད་པ་མ་ཡིན་ནོ། །གལ་ཏེ་རྒྱུ་འབྲས་མཐའ་ཡིན་ན། །ཁྱད་པར་མེད་པ་ཉིད་འགྱུར་ཏེ། །འབྲེལ་མེད་ཕྱིར་རོ་དེ་དངོས་པོ། །སྔ་ན་མེད་པར་འདོད་མ་ཡིན། །དེ་ཡིས་ཁྱད་པར་ཅན་ཞེས་པ། །དེ་དག་ཀྱང་འདི་ལ་གྲུབ་མིན། །ཞེས་བྱ་བ་ལ། འོན་ཏེ་རྒྱུ་དང་འབྲས་བུ་
མཐའ་ཡིན་པར་ཁས་ལེན་པར་བྱེད་པ་རྒྱུ་དང་འབྲས་བུ་དག་དངོས་པོ་དང་འབྲེལ་པ་ཡོད་པའི་ཕྱིར་ཁྱད་པར་དུ་བྱེད་པར་འགྱུར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། འབྲེལ་པ་མེད་པའི་ཕྱིར་ཏེ། ཡོད་པ་དང་མེད་པ་དག་ལ་འབྲེལ་པ་ཅི་ཡང་མེད་པའི་ཕྱིར་རོ། །གང་གིས་སྔ་ན་མེད་པ་དེ་ནི་རང་གི་རྒྱུ་དང་འབྲེལ་པར་བྱེད་ཀྱི།
དངོས་པོ་ནི་སྔ་ན་མེད་པ་འབྲེལ་ཅན་དུ་རྒོལ་བ་དེ་འདོད་པ་མ་ཡིན་ནོ། །འོན་ཏེ་སྔ་ན་མེད་པ་དངོས་པོའི་འབྲེལ་པ་ཅན་ནོ་ཞེ་ན། འོ་ན་ནི་སྔ་ན་མེད་པ་དང་ཞིག་ནས་མེད་པ་ཉིད་མི་རྟག་པའོ་ཞེས་བྱ་བ་ཐོབ་པར་འགྱུར་རོ། །དེ་ལྟ་ན་ནི་རྒྱུ་དང་འབྲས་བུ་དེ་དག་ཀྱང་རྒོལ་བ་འདི་ལ་གྲུབ་པ་མ་ཡིན་ཏེ། སྔ་ན་མེད་པ་སྟེ།

ཁྱད་པར་གང་དང་ལྡན་པ་དེ་ལ་དེ་སྐད་ཅེས་བྱ་བ་གང་ཡིན་པ་དེའོ། །འབྲས་བུ་ཞེས་བྱ་བ་ཅི་ལ་བརྗོད་དེ། གང་སྔ་ན་མེད་པ་རྒྱུ་ཉེ་བར་གྱུར་པའི་དངོས་པོའི་ཆོས་ཅན་ནོ། །རྒྱུ་ནི་བྱེད་པ་པོ་ལ་རྒྱུར་བརྗོད་དོ། །དེ་བས་ན་སྔ་ན་མེད་པའི་རྒྱུ་ཅན་ཉིད་རྒྱུ་དང་འབྲས་བུའི་ཐ་སྙད་འདི་ཡིན་ལ། དེ་མེད་ན་རྒྱུ་དང་འབྲས་བུའི་
དངོས་པོར་མི་འགྱུར་རོ། །གཞན་ཡང་གཞན་གྱི་ལྟ་བ་ལ་འབྲས་བུ་ཡང་དཔྱད་ན་འཐད་པ་མ་ཡིན་ཏེ། འདི་ལྟར། །ཡོད་ཉིད་རང་རྒྱུ་དང་འབྲེལ་པ། །བྱེད་པའི་ཕྱིར་ན་རྒྱུ་ཡིན་ལོ། །ཡོད་ཉིད་དེ་དང་འབྲེལ་པ་སྟེ། །རྟག་ན་འོ་ན་འདིར་འབྲས་ཅི། །ཞེས་བྱ་བ་ལ། ཡོད་པ་ཡང་རང་གི་རྒྱུ་དེ་དག་དང་འབྲེལ་
པ་སྟེ། འདུ་བ་དེ་བྱེད་པའི་ཕྱིར་རྒྱུར་བརྗོད་དོ། །དེ་ནི་དངོས་པོ་གསུམ་ལྡན་པར་བྱེད་པས་ཡོད་པ་སྟེ། དེ་ཡང་འདུ་བའི་མཚན་ཉིད་ཀྱི་འབྲེལ་པའོ་ཞེ་ན། དེ་གཉི་ག་ཡང་རྟག་པ་ཡིན་ན། ད་ནི་ཅི་སྟེ་འབྲས་བུ་ཞེས་བརྗོད་པར་བྱ། འོན་ཏེ་ཡང་ཡོད་པ་དང་འབྲེལ་པར་བྱེད་པ་མ་ཡིན་གྱི། འོན་ཀྱང་དངོས་
པོ་ཉིད་འབྲས་བུའོ་ཞེ་ན། སྨྲས་པ། །གང་མེད་པ་དེ་བྱས་པ་ན། །དངོས་པོ་སྔ་མ་མེད་ལྡན་མིན། །འབྲེལ་པ་ཁས་མི་ལེན་ཕྱིར་རོ། །དེ་ཕྱིར་འདི་རིལ་རྟག་པ་ཡིན། །ཞེས་པ་ལ། རང་གི་མཚན་ཉིད་ཀྱང་འབྲས་བུ་མ་ཡིན་ཏེ། དངོས་པོ་གང་ཞིག་སྔ་ན་མེད་པ་དེ་ཉིད་རྒྱུ་རྣམས་ཀྱིས་བྱེད་པ་ཡིན་གྱི།
དངོས་པོ་རྣམས་སྔ་ན་མེད་པ་དང་ལྡན་པ་ཅན་ནི་མ་ཡིན་པས། ལྡན་པ་དང་འདུ་བའི་མཚན་ཉིད་ཅན་གྱི་འབྲེལ་པ་ཡང་མི་འཐད་པའི་ཕྱིར་རོ། །དེ་བས་ན་འགྲོ་བ་ཐམས་ཅད་རྟག་པ་ཐོབ་པར་འགྱུར་ལ། དེས་ན་རེས་འགའ་བ་ཉིད་དུ་འབྲས་བུ་སྣ་ཚོགས་པ་འབྱུང་བར་མི་འགྱུར་རོ། །འོ་ན་ཇི་ལྟར་ཡོད་
པ་དང་མེད་པའི་འབྲེལ་པར་རྟོགས་ཏེ། བུམ་པ་མེད་པ་དང་ཀ་བའི་མེད་པ་ཞེས་བྱར་མི་རུང་ངོ་ཞེ་ན། སྨྲས་པ། །དེ་ཕྱིར་དོན་མེད་ཞེན་པ་ཅན། །བརྗོད་བྱ་ཐ་དད་ཚུལ་ཅན་བློ། །ཐ་དད་མེད་དོན་མངོན་འདོད་ཅན། །སྒྲ་ལ་ལྡོག་པའི་རྟེན་ཡིན་ནོ། །ཞེས་བྱ་བ་ལ། ཐ་དད་པ་མེད་པའི་དོན་གང་ཡིན་པ་ལ་
མངོན་པར་འདོད་པའི་སྒྲ་དེ་རྣམས་ལ། བརྗོད་བྱ་ཐ་དད་པར་སྟོན་པའི་བློ་ཉིད་ལྡོག་པའི་རྟེན་ཡིན་ནོ། །དོན་མེད་པར་སྒྲ་རྣམས་ལ་དམིགས་པའི་བློ་ལྡོག་པའི་རྟེན་དུ་ཇི་ལྟར་འགྱུར་ཞེ་ན། སྨྲས་པ། །རྟོག་པའི་བློ་རྣམས་དོན་དང་འབྲེལ་བ་མ་ཡིན་གྱི། །འོན་ཀྱང་དོན་མེད་པ་ལ་ཞེན་པ་ཉིད་དོ། །

དེ་ནི་བག་ཆགས་ཀྱི་སྟོབས་ཀྱིས་དོན་མེད་པ་ལ་ཞེན་པའི་བློ་ཉིད་ཡོད་པ་དང་མེད་པར་རྟོག་པར་བྱེད་དོ། །དེ་བས་ན་ཁ་དོག་སྤྱི་ལ་སྦྱོར་བའི་ཕྱིར། ཁ་དོག་གི་མི་རྟག་པ་རྟོགས་པ་ཚད་མ་གཞན་ནི་མ་ཡིན་ཏེ། གཞལ་བྱ་གཞན་དུ་གྱུར་པ་མེད་པའི་ཕྱིར་རོ། །ཡང་དང་ཡང་
དུ་དྲན་པའི་ཤེས་པ་ཡང་ཚད་མ་མ་ཡིན་ཏེ། དྲན་པ་ནི་ཚད་མར་འགྱུར་བར་མི་འོས་པའི་ཕྱིར་རོ། །འོན་ཏེ་དབང་པོའི་བྱེད་པའི་རྗེས་སུ་འབྲངས་པའི་ཕྱིར་དང་། སླུ་བ་མེད་པའི་ཕྱིར་ངོ་ཤེས་པ་ཚད་མ་ཉིད་དོ་ཞེ་ན་མ་ཡིན་ཏེ། དབང་པོའི་བྱེད་པ་ནི་ཡུལ་ཉེ་བ་ཅན་ཡིན་པའི་ཕྱིར་རོ། །གལ་ཏེ་དབང་པོ་
ཡུལ་ཉེ་བ་ཅན་ཡིན་ན། ཇི་ལྟར་དེ་ཉིད་འདི་ཡིན་ནོ་ཞེས་ཟེར་ཞིང་འཇུག་པར་འགྱུར་ཞེ་ན། དེ་ནི་མ་ཡིན་ཏེ། དེ་ཉིད་འདི་ཡིན་ནོ་ཞེས་ངོ་ཤེས་པ་ཙམ་གྱིས་འཇུག་པ་མ་ཡིན་ཏེ། གལ་ཏེ་འབྲས་བུ་ཐོབ་པའི་རྒྱུ་ཡིན་ནོ་ཞེས་འཛིན་པ་དེའི་ཚེ་འཇུག་པར་རིགས་སོ། །དངོས་པོ་དེ་ཉིད་ཀྱི་དོན་བྱེད་
པ་དེ་སྒྲུབ་པར་བྱེད་པ་མ་ཡིན་གྱི་རང་གི་རྒྱུ་ལ་རག་ལས་པའི་ནུས་པ་ཅན་གྱི་དངོས་པོ་རྣམས་དེ་འམ་གཞན་ཡང་དོན་བྱེད་པར་རུང་བ་ཉེ་བར་སྐྱེད་པར་བྱེད་དོ། །དངོས་པོ་རྣམས་གཅིག་པ་ཉིད་ཀྱི་དོན་བྱེད་པ་དང་ནི་མངོན་སུམ་གྱི་ཡུལ་མ་ཡིན་པས། སྔར་ཉམས་སུ་མྱོང་བ་ཉིད་དོན་བྱེད་པ་དང་ལྡན་པར་
དྲན་པའི་ཕྱིར་རོ། །དེའི་དོན་བྱེད་པ་དེས་ཀྱང་དེ་ཉིད་འདི་ཡིན་ནོ་ཞེས་ཤེས་པའི་ཡུལ་ཡིན་གྱི། རང་གི་མཚན་ཉིད་ཀྱི་དངོས་པོ་ནི་མ་ཡིན་ནོ། །གལ་ཏེ་སྔར་ཤེས་པ་ཉིད་ངོ་ཤེས་པས་འཛིན་ན་དེ་ལྟ་ན་ཡང་དྲན་པ་ཉིད་དེ། མི་རྟག་པར་རང་བཞིན་ལ་ཡང་དོན་བྱེད་པ་དང་ལྡན་པར་སྦྱོར་བ་ནི་རྗེས་སུ་དཔག་པའོ། །
དོན་དེ་བྱེད་པ་ཙམ་ཉིད་ལས་ཐ་མི་དད་པར་བཏགས་ནས་གཅིག་པ་ཉིད་དུ་ཐ་སྙད་འདོགས་སོ། །མི་བསླུ་བས་ཀྱང་གཅིག་པ་ཉིད་དུ་གྲུབ་པ་མ་ཡིན་ན། དུ་མ་ཉིད་ཡིན་ཡང་དོན་བྱེད་པར་ནུས་པའི་ཕྱིར་རོ། །དེས་ན་མངོན་སུམ་ནི་སྤྱིའི་ཡུལ་ཅན་མ་ཡིན་ལ། རྗེས་སུ་དཔག་པ་ཡང་ཁྱད་པར་གྱི་ཡུལ་
ཅན་མ་ཡིན་ནོ། །ཁྱད་པར་མཐོང་བའི་རྗེས་སུ་དཔག་པས་ཁྱད་པར་ཉིད་རྟོགས་པ་མ་ཡིན་ནོ་ཞེ་ན། འདིར་སྨྲས་པ། སྐད་ཅིག་རེ་རེ་ཐ་དད་ཕྱིར། །ཁྱད་པར་ངོ་ཤེས་མ་ཡིན་ཡང་། །མཐོང་བ་མཚུངས་པས་དེ་འཛིན་ཕྱིར། །ཁྱད་པར་ཡུལ་ཅན་མ་ཡིན་ནོ། །ཞེས་བྱ་བ་ལ། གང་གི་ཚེ་

མེ་མཐོང་བ་དེ་ནི་འགགས་པ་ཡིན་ལ་ཕྱིས་གཞན་དེ་མ་ཡིན་པ་ལ་དེ་ཉིད་འདི་ཡིན་ནོ་ཞེས་དུ་བ་ལས་ཤེས་པ་དེའི་ཚེ་ཁྱད་པར་ངོ་ཤེས་པ་ཡིན་གྱི་ཚད་མ་ནི་མ་ཡིན་ཏེ། སྐད་ཅིག་རེ་རེ་ལ་གཞན་དང་གཞན་དུ་ཐ་དད་པར་འབྱུང་བའི་ཕྱིར་རོ། །ཐ་དད་པར་ཡོད་ཀྱང་གཅིག་པར་རྟོགས་པ་ནི་སྤྱི་ཉིད་ཡུལ་དུ་བྱེད་དོ། །དེ་
བས་ན་བསྟན་པའི་དངོས་པོ་གང་ལ་འགྱུར་བ་མེད་པའི་ཕྱིར། ཐ་དད་པ་མེད་པ་དེ་ལ་ཁྱད་པར་གྱི་སྤྱི་ཉིད་ངོ་ཤེས་པའོ་ཞེ་ན། འདི་ལ་སྨྲས་པ། དེ་ལྟ་ན་ཡང་ཁྱད་པར་གྱི་ཡུལ་ཅན་ངོ་ཤེས་པ་མ་ཡིན་ཏེ། གལ་ཏེ་འགྱུར་བ་མ་མཐོང་བ་དེ་ལྟ་ན་ཡང་ཐ་དད་པ་ཡོད་པ་ཉིད་དོ། །འོ་ན་ཇི་ལྟར་ཐ་དད་པ་ངོ་ཤེས་པར་
འགྱུར་ཞེ་ན། སྔར་མཐོང་བ་དང་མཚུངས་པར་ད་ལྟར་བྱུང་བའི་ངོ་བོ་ཉིད་འཛིན་པ་ནི་སྤྱི་ཡིན་གྱི། ཁྱད་པར་གྱི་ཡུལ་ཅན་ཡིན་པའི་ཕྱིར། རྗེས་སུ་དཔག་པ་ནི་མ་ཡིན་ནོ། །གལ་ཏེ་དེ་ཉིད་དཔེ་ཡིན་པ། །དེ་ལྟར་སྤྱི་འཛིན་མ་ཡིན་ན། །དཔེ་ཉིད་ཡིན་ཕྱིར་གྲུབ་འདི་ལ། །ཚད་མ་ཡིས་ནི་ཅི་ཞིག་བྱ། །
།ཞེས་བྱ་བ་ལ། གལ་ཏེ་གང་རྟོགས་པ་དེ་ཉིད་དཔེ་ཡིན་པའི་ཕྱིར་སྤྱི་འཛིན་པ་མེད་དེ། དཔེ་དང་དཔེས་ཐ་དད་པ་ལ་གནས་པ་ནི་སྤྱི་ཡིན་པའི་ཕྱིར་རོ་ཞེ་ན། དེ་ལྟ་ན་འོ་ན་ནི་དཔེ་ནི་སྔར་མངོན་སུམ་གྱིས་གྲུབ་པའི་ཕྱིར། མེ་འདི་ལ་རྗེས་སུ་དཔག་པའི་ཚད་མས་ཅི་ཞིག་བྱ། གལ་ཏེ་བརྗེད་ཕྱིར་སྐྱོན་མེད་
ན། །དེ་ཉིད་ཕྱིར་ན་དཔེ་མ་ཡིན། །ཞེས་བྱ་བ་ལ། འོན་ཏེ་དེ་ནི་འཛིན་པ་ཉིད་དེ་འོན་ཀྱང་བརྗེད་པའི་ཕྱིར་སྐྱོན་འདི་མེད་དོ་ཞེ་ན། འོ་ན་ཇི་ལྟར་བརྗེད་པའི་ཕྱིར་དཔེར་མི་འགྱུར་ཏེ། དཔེའི་སྒོ་ནས་སྒྲུབ་བྱེད་འཇུག་པའི་ཕྱིར་རོ། །དེའི་ཁྱད་པར་མ་གྲུབ་པ་ནི་ཇི་ལྟར་དཔེར་འགྱུར། གལ་ཏེ་མཐོང་བའི་དངོས་པོ་
སྟེ། །ཚད་མས་གྲུབ་ན་དོན་གཞན་ལ། །དེ་ཉིད་དུ་འདོགས་ཕྱིན་ཅི་ལོག། །དེ་གྲུབ་ཕྱིར་ན་ཚད་ཉིད་མིན། །ཞེས་བྱ་བ་ལ། འོན་ཏེ་དུས་གཞན་དུ་མཐོང་བའི་དངོས་པོ་ནི་དེའི་དངོས་པོར་གྲུབ་པ་དེ། ད་ལྟར་བྱུང་བའི་དུས་ན་ཡོད་པར་ངེས་པར་ཁྱད་པར་མཐོང་བའི་རྗེས་སུ་དཔག་པའི་ཚད་མ་ལས་ཡིན་
ནོ་ཞེ་ན། དེ་ལྟ་ན་འོ་ན་ནི་སྔ་མ་དང་ཕྱི་མའི་ངོ་བོ་ཉིད་རྣམས་ཐ་དད་པ་ཡིན་ནམ། ཐ་མི་དད་པ་ཡིན། གལ་ཏེ་ཐ་དད་པ་དེའི་ཚེ་གཞན་ལ་སྟེ། ད་ལྟར་བྱུང་བའི་དངོས་པོ་ལ་དེ་ཉིད་དུ་སྒྲོ་འདོགས་པ་ཕྱིན་ཅི་ལོག་ཁོ་ནར་འགྱུར་ཏེ། འདི་ལྟར་སྔ་མའི་ཤེས་པས་ནི་སྔ་མ་ཙམ་འཛིན་ལ། ད་ལྟར་

བྱུང་བའི་ཤེས་པས་ཀྱང་ད་ལྟར་བྱུང་བ་ཙམ་ཁོ་ན་འཛིན་པའི་ཕྱིར། གཅིག་པ་ཉིད་དུ་རྟོགས་པ་དེ་འཁྲུལ་པའི་ཕྱིར་ཚད་མ་མེད་པ་ཉིད་དོ། །འོན་ཏེ་སྔ་མ་དང་ཕྱི་མའི་དངོས་པོ་གཅིག་ཡིན་པའི་ཕྱིར་ཕྱིན་ཅི་ལོག་མ་ཡིན་ནོ་ཞེ་ན། སྨྲས་པ། མངོན་སུམ་ཅིག་ཤོས་གཅིག་
པའི་ཕྱིར། གཉི་ག་འང་གཅིག་གིས་གྲུབ་པར་འགྱུར། །ཞེས་བྱ་བ་ལ། གལ་ཏེ་མངོན་སུམ་དང་ཅིག་ཤོས་ངོ་བོ་ཉིད་གཅིག་པ་ཡིན་ན་ནི། མངོན་སུམ་པའམ་ལྐོག་ཏུ་གྱུར་པ་དག་ཚད་མ་མངོན་སུམ་མམ་རྗེས་སུ་དཔག་པ་གཅིག་གིས་གྲུབ་པའི་ཕྱིར། མངོན་སུམ་དང་ལྐོག་ཏུ་གྱུར་པ་གཉིས་
ཀྱིས་ཚད་མ་གཞན་དོན་མེད་པར་འགྱུར་རོ། །འོན་ཏེ་ངོ་ཤེས་པའི་རྟོགས་པར་སྔར་གཟུང་བ་ཙམ་ཉིད་འཛིན་པ་ཡིན་ཡང་བདེན་པ་སྟེ། དེས་ན་ཚད་མའོ་ཞེ་ན། སྨྲས་པ། གཞན་དང་མཚམས་ནི་སྦྱོར་བ་ཡིས། །ཞེན་པའང་མཁས་པ་དག་གིས་དྲན། །དེ་རྟགས་ལ་ལྟོས་ཕྱིར་དྲན་མིན། །
ཞེ་ན་མ་ཡིན་འཁྲུལ་ཕྱིར་རོ། །ཞེས་བྱ་བ་ལ། གང་སྔར་མཐོང་བ་དང་མཚམས་སྦྱོར་བ་ཉིད་ངོ་ཤེས་པ་ཡིན་གྱི། གསལ་བའི་ངོ་བོ་ཉིད་ཀྱིས་འཛིན་པ་ནི་མ་ཡིན་ནོ། །དེའི་ཚེ་ཉམས་སུ་མྱོང་བའི་ཤེས་པ་གཞན་དང་མཚམས་སྦྱོར་བར་གྱུར་པའི་ཞེན་པ་མཁས་པས་དྲན་པ་ཡིན་ནོ། །མངོན་
སུམ་པ་དང་ལྐོག་ཏུ་གྱུར་པ་ངོ་བོ་ཉིད་གཅིག་པས་ལྷག་པ་ཅི་ཡང་དཔག་ཏུ་མེད་པའི་ཕྱིར་དྲན་པ་ཉིད་ཡིན་ནོ། །འོན་ཏེ་མེ་དེའི་རྟགས་དུ་བ་ལ་སོགས་པའི་རྟགས་གང་ཡིན་པ་དེ་ལ་ལྟོས་པའི་ཕྱིར་དྲན་པ་མ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། ཁྱེད་ཀྱི་ལུགས་ལ་རྟགས་ཞེས་བྱ་བ་ཡོད་པ་མ་ཡིན་ཏེ།
ཚུལ་གསུམ་མེད་པའི་ཕྱིར། དཔེ་དང་དོན་གཅིག་པ་ཉིད་ཀྱི་ཕྱིར་རོ། །སངས་རྒྱས་པའི་ཕྱོགས་ལ་ནི་རྗེས་སུ་དཔག་པ་ཁོ་ན་ངོ་ཤེས་པ་སྟེ་སྤྱིའི་ཡུལ་ཅན་དུ་བསྟན་ཏོ། །རྟགས་ལས་སྐྱེས་པའི་དྲན་པ་འདི་ནི་འཁྲུལ་པ་ཅན་དུ་མི་འགྱུར་བའི་ཕྱིར། མངོན་སུམ་མ་རྟོགས་པའི་ཤེས་པ་ཐམས་ཅད་
དྲན་པར་བརྗོད་དོ། །འོ་ན་གལ་ཏེ་རྗེས་སུ་དཔག་པ་དྲན་པ་ཡིན་ན། ད་ལྟར་ཡོད་པ་ཇི་ལྟར་རྟོགས་ཤེ་ན། ཕྱོགས་ཀྱི་ཆོས་ཀྱི་སྟོབས་ལས་ཏེ། ས་ཕྱོགས་གང་ན་དུ་བ་ཡོད་པའི་ས་ཕྱོགས་དེ་ན་ཡོད་པའི་མེ་ནི་སྐྱེད་པ་ཡིན་པའི་ཕྱིར། ཤུགས་ཀྱིས་སྔ་ན་མེད་པའི་ཡུལ་དང་དུས་ཁོང་དུ་ཆུད་པར་

འགྱུར་རོ། །དེ་ལྟར་གྱུར་ན་རྗེས་སུ་དཔག་པ་ཐམས་ཅད་དྲན་པ་ཉིད་ཡིན་ནོ། །དེ་དག་གིས་ནི་ཡུལ་གཉིས་ཡིན་པའི་ཕྱིར་ཚད་མ་གཉིས་ཏེ། མངོན་སུམ་དང་རྗེས་སུ་དཔག་པའི་ངོ་བོ་ཉིད་ཀྱི་དོན་མངོན་དུ་བྱེད་པ་སྟེ། དེ་དང་ཅིག་ཤོས་འཛིན་པ་མ་གཏོགས་པའི་རྟོག་པ་གཞན་མེད་པའི་ཕྱིར་རོ། །
ཞེས་བྱ་བར་གནས་སོ། །དེ་ལ་མངོན་སུམ་ནི་རྟོག་པ་དང་བྲལ་ཞིང་མ་འཁྲུལ་པའོ། །རིགས་ལ་སོགས་པ་སྦྱར་བ་རྟོག་པ་ཡིན་ལ། ཕྱིན་ཅི་ལོག་ཏུ་འཛིན་པ་འཁྲུལ་པ་ཡིན་པ་དེ་བས་ན་གཉི་ག་ལས་ལྡོག་པ་ནི་མངོན་སུམ་མ་ཡིན་ནམ། དེ་ལ་མ་འཁྲུལ་པ་ནི་ཕྱིན་ཅི་མ་ལོག་པར་མཐོང་བར་རྟོགས་
པར་འགྱུར་ན། རྟོག་པ་དང་བྲལ་བར་ཇི་ལྟར་ཤེས་ཏེ། རྗེས་སུ་དཔག་པ་མངོན་སུམ་གྱི་རྒྱུ་ཅན་དེ་ནི་མེད་ན་འཇུག་པ་མ་ཡིན་ནོ། །འོན་ཏེ་མངོན་སུམ་ཉིད་ཀྱིས་རྟོག་པ་བྲལ་བར་གྲུབ་པ་ནི་མ་ཡིན་ཏེ། གང་གི་ཕྱིར་སྣང་བའི་རིག་པ་ཐམས་ཅད་ནི་བརྗོད་པ་དང་ལྡོག་པ་དེའི་ཕྱིར་མངོན་སུམ་རྟོག་པ་དང་བཅས་
པས་ཇི་ལྟར་བདག་ཉིད་ལ་རྟོག་པ་དང་བྲལ་བར་སྟོན་པར་བྱེད་ཅེ་ན། འདིར་སྨྲས་པ། མངོན་སུམ་རྟོག་པ་དང་བྲལ་བར། །མངོན་སུམ་ཉིད་ཀྱིས་གྲུབ་པར་འགྱུར། །ཀུན་གྱི་རྣམ་རྟོག་མིང་རྟེན་ཅན། །སོ་སོ་རང་གིས་རིག་བྱ་ཡིན། །ཞེས་བྱ་བ་ལ། མངོན་སུམ་ནི་རྟོག་པ་དང་བྲལ་བར་རང་རིག་པས་ཤེས་པ་སྟེ།
རྣམ་པར་རྟོག་པར་མིང་སྐྱེད་ཅིང་མིང་གིས་ཀྱང་རྟོག་པ་སྐྱེད་པ་དེའི་རྣམ་རྟོག་མིང་རྟེན་ཅན་ནི། སོ་སོ་རང་གིས་རིག་པས་རིག་པར་བྱ་བ་ཡིན་ཏེ། རང་རིག་པས་རྣམ་པར་རྟོག་པ་རིག་པའི་ཕྱིར་དང་། མིག་ལ་སོགས་པས་ཕྱི་རོལ་པ་སྣང་བའི་ཕྱིར་རོ། །དེ་བས་ན་འགལ་བའི་ཆོས་བསྟེན་པས་རྣམ་པར་རྟོག་པ་དང་
ཅིག་ཤོས་རིག་པ་དག་ཐ་དད་པར་མཁས་པ་རྣམས་ཀྱིས་ཤེས་པ་ཡིན་ནོ། །འོན་ཏེ་རྟག་ཏུ་རྟོག་པ་ཡོད་པའི་ཕྱིར་སྔོན་པོའོ་ཞེས་གཏོད་པར་བྱེད་པ་འདི་ནི་གཅིག་པོ་ཉིད་དེ། དེས་ན་མངོན་སུམ་དང་རྟོག་པ་ཅིས་ཐ་དད་ཅེ་ན། འདིར་སྨྲས་པ། །ཀུན་ལས་སེམས་པ་བསྡུས་ནས་ནི། །ནང་གི་བདག་ཉིད་གཡོ་མེད་
པས། །གནས་ནའང་མིག་གིས་གཟུགས་དག་ནི། །མཐོང་བའི་བློ་དེ་དབང་སྐྱེས་ཡིན། །ཞེས་བྱ་བ་ལ། གལ་ཏེ་མངོན་སུམ་རྟོག་པ་དང་བཅས་པ་དུས་རྟག་ཏུ་སྔོན་པོ་ལ་སོགས་པ་ལ་འཇུག་པ་ཡིན་ནོ། །དེ་ལྟ་ན་ནི་ཡུལ་ཐམས་ཅད་ལས་སེམས་ཀྱི་རྒྱུན་བསྡུས་ནས་སེམས་མི་གཡོ་བ་དང་ལྡན་པའི་ལྷ་

སྦྱིན་གྱི་མིག་ལ་ཇི་ལྟར་གཟུགས་སྣང་བར་འགྱུར། བསྡུས་ནས་རྟོག་པ་མེད་པའི་ཚེ་ཡང་སྣང་བར་འགྱུར་བའི་ཕྱིར། རྟོག་པ་དང་བྲལ་བར་སྣང་བ་ཅན་གྱི་རིག་པའི་མཚན་ཉིད་མངོན་སུམ་གྱིས་ཁོང་དུ་ཆུད་པར་འགྱུར་རོ། །དེ་ལྟར་ཡིན་དུ་ཆུག་ཀྱང་རྣམ་པར་རྟོག་པ་དང་བྲལ་བ་ཅན་གྱི་
གཏོད་པར་བྱེད་པའི་ཤེས་པ་དང་པོ་སྐྱེ་བར་འགྱུར་ལ། དྲན་པ་ལ་སོགས་པ་ཉེ་བར་གྱུར་ན་ནི་རྟོག་པའི་ཤེས་པ་སྐྱེ་བར་འགྱུར་རོ། །དེ་ཡང་མངོན་སུམ་གྱི་བྱེད་པ་ལས་སྐྱེས་པ་དེའི་ཕྱིར། མངོན་སུམ་ཉིད་ཡིན་ནོ་ཞེ་ན། དེ་ནི་མི་བདེན་ཏེ། མིག་ལས་སྐྱེས་པ་དེ་ཉིད་རྟོག་པ་མེད་པ་ཡིན་ལ། དེའི་དུས་ཕྱིས་
འབྱུང་བའི་རྟོག་པ་ནི་དབང་པོ་ལས་སྐྱེས་པ་མ་ཡིན་ཏེ། དབང་པོའི་བྱེད་པ་མེད་པའི་ཕྱིར་རོ་ཞེས་བཤད་པར་བྱའོ། །འོ་ན་གལ་ཏེ་རྟོག་པ་བསྡུས་པའི་གནས་སྐབས་ན་རྟོག་པ་ནུབ་པ་ཅན་དུ་སྣང་བའོ་ཞེས་བྱ་བར་ཤེས་ན་ནི། ཇི་ལྟར་དེའི་ཚེ་རྟོག་པ་དང་བྲལ་བ་ཅན་དུ་འགྱུར། འོན་ཏེ་དེའི་ཚེ་ཤེས་པ་
མེད་ན་ནི། ཇི་ལྟར་རྣམ་པར་མི་རྟོག་པ་ཉིད་དུ་སྣང་བར་ཤེས་ཏེ། རྣམ་པར་རྟོག་པའི་ཤེས་པ་ནུབ་ཀྱང་རྟོག་པ་ཟིལ་གྱིས་མནན་ནས་རིག་པའོ་ཞེས་བྱ་བའི་ཐ་སྙད་ཀྱི་ལམ་མི་འཇུག་པའི་ཕྱིར་རོ་ཞེ་ན། འདི་ལ་ལན་བཏབ་པ། སླར་ཡང་ཅུང་ཟད་རྣམ་རྟོག་པ། །ཁོ་བོ་རྟོག་པ་དེ་འདྲར་འགྱུར། །
ཅེས་རིག་སྔར་བཤད་གནས་སྐབས་ཀྱི། དབང་པོ་ལས་རྟོག་ལ་མེད་དོ། །ཞེས་བྱ་བ་ལ། རྣམ་པར་རྟོག་པ་ནུབ་པར་གྱུར་པ་ཅན་སྔར་རིག་པར་གྱུར་པ་ལས་འདས་པའི་དངོས་པོ་ཅུང་ཟད་ཡོངས་སུ་དཔྱོད་པས། ཁོ་བོ་ལ་རྟོག་པ་འདི་ལྟ་བུ་སྐྱེས་པར་གྱུར་ཏོ་ཞེས་དཔྱོད་ཀྱི། སྔར་རིག་པའི་གནས་
སྐབས་རྟོག་པ་བཅོམ་པའི་ཚེ་དབང་པོའི་ཤེས་པས་རྟོགས་པས་ནན་ཏན་དུ་གཞག་པས་རྟོགས་པ་མ་ཡིན་ནོ། །དེའི་དགོངས་པ་ནི་འདི་ཡིན་ཏེ། དེ་ཉིད་ཀྱི་ཚེ་དེའི་རྟོག་པ་འདི་རྟོག་པ་མེད་པར་མཐོང་བའོ་སྙམ་དུ་སྐྱེ་བ་ནི་མ་ཡིན་ཏེ། དེས་ན་མངོན་སུམ་ནི་རྟོག་པ་དང་བྲལ་ཞེས་བཤད་པར་བྱའོ། །
།གཞན་དུ་ན་མངོན་སུམ་རྟོག་པ་དང་བཅས་པར་སྨྲ་བས་ཀྱང་། ཇི་སྲིད་དུ་འདི་ནི་རྟོག་པ་དང་བཅས་པའོ་ཞེས་ངེས་པ་མ་སྐྱེས་པ་དེ་སྲིད་དུ་མངོན་སུམ་རྟོག་པ་དང་བཅས་པའོ་ཞེས་བྱ་བའི་ཐ་སྙད་ཇི་ལྟར་འདོགས། དེ་བས་ན་མངོན་སུམ་རྟོག་པ་ཡིན་པའི་ཐ་སྙད་གདགས་པའི་དོན་དུ་ཡང་ཞེན་

པ་བརྟག་པར་བྱ་དགོས་ལ། དེ་ལ་ཡང་གཞན་དགོས་པས་ཐུག་པ་མེད་པའི་ཕྱིར། ངེས་པར་མི་འགྱུར་རོ། །འོན་ཏེ་ཡང་མངོན་སུམ་རང་ཉིད་རྣམ་པར་རྟག་པ་ཡིན་པའི་ཕྱིར། དེ་ལ་ངེས་པ་གཞན་གྱིས་ཅི་ཞིག་བྱ་ཞེ་ན། མ་ཡིན་ཏེ། རྟོག་པ་མེད་པ་ཡང་རང་རིག་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རྟོག་པ་དང་
བྲལ་བ་ཤེས་པ་ཡིན་ཡང་ངེས་པ་གཞན་གྱིས་ཁོང་དུ་ཆུད་པར་བྱེད་པའི་ཕྱིར་རོ། །འོན་ཏེ་མངོན་སུམ་རྟོག་པ་དང་བཅས་པས་ཕྱིས་ཐ་སྙད་ཀྱི་ལམ་འདི་ནི་རྟོག་པ་དང་བཅས་པའོ་ཞེས་བྱ་བ་འཇུག་གོ་ཞེ་ན། དེ་ལ་ཡང་དང་པོར་གཏོད་པར་བྱེད་པ་དེ་ལྟ་བུའི་རྟོག་པ་བརྒྱུད་པས་རྟོག་པའོ་ཞེས་ཐ་སྙད་ལ་འཇུག་གི །རྟོག་
པ་དང་བྲལ་བའི་ཚེ་ནི་མ་ཡིན་ཏེ། དེའི་ཚེ་རྟོག་པ་ནུབ་པའི་སྣང་བ་ཡོད་དོ་ཞེས་ཞེན་པའི་ཕྱིར་རོ། །དེའི་ཚེ་རིག་པ་མེད་པ་མ་ཡིན་ནམ། ཇི་ལྟར་ཞེན་པའི་ལམ་འཇུག་ཅེ་ན། འོ་ན་ནི་རྟོག་པའི་ཤེས་པ་ཡང་ཡུན་རིང་དུ་འདས་པ་ཇི་ལྟར་ཞེན་པའི་ཡུལ་དུ་འགྱུར། འོན་ཏེ་དེའི་རིགས་ཅན་གྱི་རྟོག་པ་མཐོང་བའི་ཕྱིར་ཤེས་སོ་
ཞེ་ན། དེ་ལྟ་ན་འདིར་ཡང་རྟོག་པ་ཟིལ་གྱིས་མནན་པ་ཅན་སླར་ཡང་མཐོང་བ་མ་བཟློག་པ་ཉིད་དོ། །དེ་བས་ན་རང་བཞིན་མི་མཐུན་པ་དང་ལྡན་པས་ཕན་ཚུན་སྤངས་པ་ཅན་སྐྱེ་བའི་ཕྱིར་རྟོག་པ་དང་ཅིག་ཤོས་ཤེས་པ་དག་ལ་གཅིག་པ་ཉིད་མེད་དོ། །འོན་ཏེ་རྒྱུ་ཐ་དད་པ་ཡོད་པར་གྲུབ་པར་གྱུར་ན་ཤེས་པའི་ཐ་དད་པ་
འགྲུབ་པར་འགྱུར་ན། རྣམ་པར་རྟོག་པའི་རྒྱུ་ཐ་དད་པ་གྲུབ་པ་མེད་པའོ་ཞེ་ན། གལ་ཏེ་ཁྱད་པར་ཅན་གྱི་རྒྱུ་ཚོགས་པར་གྱུར་ན། ངེས་པའི་ཚུལ་ཅན་གྱི་ཤེས་པའི་ཐ་དད་པ་འགྲུབ་པར་འགྱུར་རོ་ཞེས་བྱ་བར་འཇོག་པ་དེ་ལྟ་ན་ནི། རྒྱུ་ཐ་དད་པ་ལས་སྐྱེས་པའི་སྔོན་པོ་དང་སེར་པོ་འདུས་པ་བཞིན་དུ་ཤེས་པ་ཡང་ཐ་དད་
པའོ་ཞེས་ཅི་སྟེ་ཁས་ལེན་པར་མི་བྱེད། དེ་ལ་ཡང་རྒྱུ་ཁྱད་པར་ཅན་ལས་སྔོན་པོ་དང་སེར་པོའི་བདག་ཉིད་གཞན་ཡིན་ནོ་ཞེས་སྨྲ་བར་ནི་མི་ནུས་སོ། །ངོ་ཤེས་པ་སྐྱེས་པ་ལས་སེར་པོ་དེ་ཉིད་ཡིན་གྱི། འདུས་པ་གཞན་ནི་མ་ཡིན་ནོ་ཞེས་བྱ་བར་ཞེན་པའི་ཕྱིར་རོ། །སྔོན་པོ་དང་སེར་པོ་བཞིན་དུ་ཤེས་པ་
ཡང་ཡིན་ནམ་ཞེ་ན། དེ་ལྟ་ན་ནི་གསལ་བ་དང་མི་གསལ་བའི་རིག་པ་ཐ་དད་པ་ཡང་ཇི་ལྟར་རྒྱུ་མཚུངས་པར་འགྱུར་ཏེ། འདི་ལྟར་མིག་གི་སྟོབས་ཀྱིས་སྔོན་པོ་མྱོང་བར་སྐྱེད་ལ། རྣམ་པར་རྟོག་པ་ནི་སྔར་ཉམས་སུ་མྱོང་བས་བཞག་པའི་བག་ཆགས་ལ་ལྟོས་ནས་སྐྱེས་པའི་ཕྱིར། རྒྱུ་ཐ་དད་

པས་རྟོག་པ་དང་བཅས་པ་དང་ཅིག་ཤོས་ཐ་དད་པར་ཤིན་ཏུ་གསལ་ལོ། །དེའི་ཕྱིར་མངོན་སུམ་ནི་རྟོག་པ་མེད་པ་ཉིད་དོ། །དེ་ལྟར་ནི་ཡིན་ལ་རག་ན་རྟོག་པར་གྱུར་པའི་རིག་པ་མེད་ཀྱང་མིག་ཕྱེ་ན་རིག་པ་གསལ་བར་འགྱུར་ཏེ། དེར་དེས་མངོན་པར་ཞེན་པའི་རིགས་དང་
སྦྱོར་བ་མེད་ན་འཛིན་པ་ལ་སོགས་པ་མ་ཡིན་ནོ། །དེ་སྐད་དུ་ཡང་རང་གི་མཚན་ཉིད་དང་རྟག་ཏུ་ཉེ་བའི་རིགས་དབང་པོ་ལས་སྐྱེས་པའི་ཤེས་པས་མཐོང་བར་བྱེད་ན། དེས་ན་ཇི་ལྟར་མངོན་སུམ་རྟོག་པ་མེད་པར་འགྱུར་ཞེ་ན། འདིར་ལན་སྨྲས་པ། །ཁྱད་པར་གཅིག་ལ་མཐོང་བ་ནི། །གཞན་འགའ་
ཞིག་ལ་མཐོང་མི་འགྱུར། །དེ་ལས་སྤྱི་གཞན་ཐ་དད་པ། །ཡོད་མིན་བློ་ཐ་དད་མེད་ཕྱིར། །དེ་ཕྱིར་ཁྱད་པར་ཡུལ་ཅན་ཉིད། །ཐམས་ཅད་དབང་སྐྱེས་བློ་ཡིན་ནོ། །ཞེས་བྱ་བ་ལ་ཡུལ་དང་། དུས་གཞན་དང་ལྡན་པའི་ཁྱད་པར་ནི། གང་གི་ཕྱིར་ཡང་གཅིག་ཏུ་མཐོང་བའམ། དུས་གཞན་དུ་མཐོང་བའི་
ཁྱད་པར་སླར་ཡང་ཡུལ་གཞན་དུ་མ་མཐོང་བ་སྟེ། མདུན་ན་གནས་པ་དང་ཕྱིས་འབྱུང་བར་འགྱུར་བའི་མངོན་སུམ་གྱིས་དུས་གཞན་དང་འབྲེལ་པ་ཅན་གྱི་ཁྱད་པར་མི་ཤེས་པའི་ཕྱིར་བདག་གི་དུས་སུ་འདུས་པའི་ཁྱད་པར་ཅན་དུ་གསལ་བར་སྣང་བའོ། །དེས་ན་དང་པོ་མཐོང་བས་འབྱུང་བར་འགྱུར་བའི་དུས་ཀྱི་རང་
བཞིན་མྱོང་བར་མི་འགྱུར་ཞིང་། ད་ལྟར་བྱུང་བའི་མངོན་སུམ་གྱིས་འདས་པའི་ངོ་བོ་ཉིད་མྱོང་བ་ནི་མ་ཡིན་ནོ། །དྲན་པའི་ཤེས་པས་སྔ་མ་དང་ཕྱི་མ་དག་དེ་ཉིད་འདི་ཡིན་ནོ་ཞེས་ངེས་པར་བྱེད་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། དྲན་པའི་ཤེས་པའི་རིགས་པ་མངོན་སུམ་མ་ཡིན་པའི་ཕྱིར་ཏེ། དེ་ལ་དབང་
པོའི་བྱེད་པ་མེད་པའི་ཕྱིར་རོ། །འདི་ལྟར་ཡུལ་ངེས་པ་དང་འབྲེལ་པ་ཅན་ད་ལྟར་བྱུང་བའི་སྔོན་པོ་ལ་སོགས་པ་ལ་ནི་འཇུག་གི །འདས་པའི་དུས་དང་མ་འོངས་པའི་མཐོང་བ་ནི་མ་ཡིན་ནོ། །མིག་གི་ཤེས་པ་ཡང་དུས་གཞན་དུ་གྱུར་པའི་དངོས་པོ་ལ་འཇུག་པ་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་
ཡུལ་དང་དུས་ཐམས་ཅད་པ་མངོན་སུམ་གྱིས་རིག་པར་འགྱུར་བའི་ཕྱིར། དང་པོ་མཐོང་བས་ཀྱང་རྣམ་པ་ཐམས་ཅད་རིག་པར་འགྱུར་རོ། །གལ་ཏེ་དབང་པོ་འདས་པ་དང་མ་འོངས་པ་ལ་ནི་མི་འཇུག་ན། དེ་ལྟ་ན་ཡང་དེ་ལ་བརྟེན་པའི་ཤེས་པས་སྔ་ཕྱི་འཛིན་པར་བྱེད་པ་མ་ཡིན་ནམ་ཞེ་ན།

གལ་ཏེ་དེ་ལྟར་ན་མིག་གི་ཤེས་པས་སྔ་ཕྱི་དངོས་པོ་ཡུལ་དུ་བྱེད་ན། འོ་ན་མིག་ཉིད་རྟིང་མ་འོངས་པ་ལ་བྱེད་པ་མེད་པ་ཡིན། ཉེ་བ་མ་ཡིན་པའི་རང་བཞིན་སྣང་བ་སྐྱེད་པར་བྱེད་པ་མིག་གི་བྱ་བ་མ་ཡིན་ཏེ། དེ་ལྟར་སྣང་བ་མེད་པའི་ཕྱིར་རོ། །མ་འོངས་པ་ནི་དྲན་པར་བྱེད་པ་མ་ཡིན་ཏེ། འབྱུང་བར་སྲིད་
པར་རྗེས་སུ་དཔག་པར་བྱེད་དོ་ཞེས་བཤད་པར་བྱའོ། །དེའི་ཕྱིར་མིག་གིས་བསྐྱེད་པའི་སྣང་བ་མེད་པའི་ཕྱིར་ཤིན་ཏུ་རྗེས་སུ་འགྲོ་བ་མེད་པའོ། །འོན་ཏེ་རིགས་ནི་དབང་པོས་ཕན་བཏགས་པའི་ཤེས་པའི་ཤེས་པ་སྟེ། གསལ་བ་ལ་བརྟེན་པར་དེ་ཡོད་ན། དེ་རྗེས་སུ་འགྲོ་བ་ཅན་ཡིན་ནོ་ཞེ་ན། དེ་ནི་མི་བདེན་
ཏེ་གང་གི་ཕྱིར། ཐ་དད་པ་དེ་ལས་ཇི་ལྟར་བྱེ་བྲག་ལས་བརྗོད་པའི་སྤྱི་ཐ་དད་པ་ཡོད་པ་མ་ཡིན་ལ། གཞན་སྤྱོད་པ་པས་ཁས་བླངས་པ་ཡང་ཡོད་པ་མ་ཡིན་ཏེ། དབང་པོའི་བློ་ལ་ཐ་དད་པར་མི་སྣང་བའི་ཕྱིར་རོ། །གསལ་བ་མཐོང་བའི་ཚེ་ཐ་དད་པའམ་གཞན་པའི་སྤྱི་སྣང་བ་ནི་མ་ཡིན་ཏེ། རྟོགས་པར་
མ་གྱུར་པ་ཇི་ལྟར་མངོན་སུམ་གྱི་ཡུལ་དུ་འགྱུར། དེའི་ཕྱིར་དབང་པོ་ལས་སྐྱེས་པའི་བློ་ཐམས་ཅད་ཁྱད་པར་གྱི་ཡུལ་ཅན་དུ་རིགས་ཏེ། ཐུན་མོང་མ་ཡིན་པའི་གཞལ་བྱ་མཐོང་བའི་ཕྱིར་རོ། །གསལ་བ་ལས་ཐ་དད་པའི་སྤྱི་མི་གཅོད་པའི་ཕྱིར། དེ་ལ་སྒྲ་འགོད་པ་མ་ཡིན་ནོ་ཞེས་བྱ་བ་རིགས་པ་ཉིད་ཡིན་ཡང་།
སྨད་པར་གྱུར་པའི་ལུས་ཅན་གྱི་ཁྱད་པར་ཡང་ཇི་ལྟར་སྒྲའི་ཡུལ་ཅན་མ་ཡིན། དེའི་ཕྱིར་སྒྲས་བཅད་པའི་རང་གི་མཚན་ཉིད་ལ་དམིགས་པ་ཅན་ཡིན་པའི་ཕྱིར། དབང་པོ་ལས་སྐྱེས་པའི་བློ་རྟོགས་པ་དང་བཅས་པའོ་ཞེ་ན། འདིར་སྨྲས་པ། ཁྱད་པར་རྣམས་ལ་སྒྲ་རྣམས་ནི། །འཇུག་པ་ཡོད་པ་མ་
ཡིན་ཏེ། །ཁྱད་པར་རྗེས་འགྲོ་མེད་པའི་ཕྱིར། །བརྡ་མི་འཇུག་པ་ཉིད་ཕྱིར་རོ། །ཞེས་བྱ་བ་ལ། གཅིག་ལས་གཅིག་ལོག་པར་གྱུར་པའི་སྣང་བའི་བདག་ཉིད་ལ་སྤྱི་ཡོད་པ་མ་ཡིན་ལ། སྒྲ་རྣམས་ཁྱད་པར་དག་ལ་འཇུག་པ་ཡོད་པ་ཡང་མ་ཡིན་ཏེ། ཁྱད་པར་རྣམས་ལ་རྗེས་སུ་འགྲོ་བ་མེད་པའི་ཕྱིར།
བརྡ་མི་འཇུག་པའི་ཕྱིར་རོ། །བརྡ་ནི་ཡུལ་དང་དུས་གཞན་ལ་ཐ་སྙད་འདོགས་པའི་དོན་དུ་སྐྱེ་བོ་དག་གིས་འདོད་དེ། དགོས་པ་མེད་པར་བརྡར་བྱེད་པ་ནི་ངལ་བའི་རྩེད་མོར་འགྱུར་རོ། །རང་གི་མཚན་ཉིད་སྒྲའི་ཡུལ་ནི་མ་ཡིན་པའི་ཕྱིར། ཡུལ་དང་དུས་ངེས་པར་གྱུར་པའི་རང་གི་མཚན་ཉིད་ནི་

བརྡས་བསྐྱེད་པ་ནི་མ་ཡིན་ནོ། །དེ་བས་ན་བརྡ་མི་འཇུག་པའི་ཕྱིར་ཁྱད་པར་སྒྲའི་ཡུལ་མ་ཡིན་ནོ། །འོ་ན་གལ་ཏེ་སྒྲའི་ཡུལ་སྤྱི་ཡིན་གྱི། རང་གི་མཚན་ཉིད་མ་ཡིན་པ་དེ་ལྟར་ན་ཡང་། ཡིད་ཀྱིས་རང་གི་མཚན་ཉིད་ལས་སྒྲ་སྦྱོར་བར་བྱེད་དེ། ཡིད་ཀྱི་རྣམ་པར་ཤེས་པས་
སྦྱར་བའི་སྒྲས་ཁྱད་པར་དུ་བྱས་པའི་རང་གི་མཚན་ཉིད་འཛིན་པར་མངོན་དུ་སྐྱེ་བ་མ་ཡིན་ནམ་ཞེ་ན། དེ་ནི་མ་ཡིན་ཏེ་གང་གི་ཕྱིར། ཡུལ་གང་ཞིག་ལ་སྒྲ་རྣམས་ནི། །སྦྱོར་བ་དེ་ཉིད་ལ་དེ་རྣམས། །ཞེས་བྱ་བ་ལ། སྒྲ་རྣམས་ཀྱི་ཡུལ་གང་ཡིན་པ་དེ་ཉིད་སྒྲ་དང་ལྷན་ཅིག་སྦྱོར་བ་སྟེ། རང་གི་མཚན་ཉིད་ཡུལ་
དང་དུས་གཞན་ལ་ཁྱབ་པ་མ་ཡིན་པ་དེའི་ཕྱིར་བརྗོད་པ་སྦྱོར་བ་ཁྱད་པར་ལ་ཡོད་པ་ནི་མ་ཡིན་པའི་ཕྱིར། དེ་སྣང་བའི་ཤེས་པ་རྟོག་པ་དང་བཅས་པ་མ་ཡིན་ནོ། །རིགས་འཛིན་པ་གང་ཡིན་པ་དེ་ཉིད་རྟོག་པ་དང་བཅས་པ་ཡིན་ཏེ། སྒྲས་ཁྱད་པར་དུ་བྱས་པའི་སྤྱི་འཛིན་པའི་ཕྱིར་རོ། །རིགས་མི་སྣང་
བའི་ཕྱིར་དེ་བརྡ་བྱེད་པ་མ་ཡིན་ཏེ། རང་གི་མཚན་ཉིད་ནི་ཡུལ་དང་དུས་གཞན་དུ་མི་འགྲོ་བས་སྒྲ་འཇུག་པ་མ་ཡིན་ནོ། །དེ་དག་ལས་ཐ་དད་པའི་གཞལ་བྱ་མེད་དེ། དེས་ན་སྒྲ་དང་འབྲེལ་པའི་ཐ་སྙད་འཇིག་པར་འགྱུར་བ་མ་ཡིན་ནམ་ཞེ་ན། འདིར་སྨྲས་པ། །དེ་ཡི་འདི་ཞེས་འབྲེལ་པ་ལ། །
དོན་སྣང་གྱུར་པ་གང་ཡིན་པ། །དེ་དག་ཉིད་ནི་འབྲེལ་པ་སྟེ། །དེ་ཚེ་དབང་པོའི་སྤྱོད་ཡུལ་མིན། །ཞེས་བྱ་བ་ལ། ཕྱི་རོལ་གྱི་དངོས་པོ་ལ་འདིའི་འདི་རྗོད་པར་བྱེད་པ་དང་། དེའི་དོན་བརྗོད་པར་བྱ་བའོ་ཞེས་བྱ་བའི་འབྲེལ་པའི་རྒྱུ་མཚན་ཅན་གྱི་ཤེས་པ་ལ། དོན་གང་ཞིག་སྤྱིའི་ངོ་བོ་ཉིད་སྣང་བར་གྱུར་པ་དེ་
དག་ཉིད་ཀྱི་དོན་ནི་བརྗོད་པར་བྱ་བ་དང་། རྗོད་པར་བྱེད་པའི་རྒྱུ་མཚན་གྱི་འབྲེལ་པ་ཡིན་གྱི། དབང་པོའི་ཡུལ་གསལ་བའི་དོན་ནི་བརྡའི་ཚེ་སྣང་བ་མ་ཡིན་ཏེ། འདི་ལྟར་འདིའི་འདི་ཞེས་བྱ་བའི་དོན་ནི། གལ་ཏེ་རྗོད་པར་བྱེད་པ་འདི་ལས་འདི་ཤེས་པར་བྱའོ་ཞེས་བརྗོད་ན། དེ་ལྟ་ན་ནི། ཅི་མི་གསལ་བར་སྣང་བ་
ཅན་གྱི་ཤེས་པ་ཡིན་ནམ། །འོན་ཏེ་གསལ་བར་སྣང་བ་ཅན་གྱི་མངོན་སུམ་གྱིས་ཡིན་ཞེས་གཉིས་སུ་བརྟག་གྲང་ན། དེ་ལ་གལ་ཏེ་གསལ་བ་འཛིན་པའི་མངོན་སུམ་གྱིས་ཤེས་པར་བྱ་བ་ཡིན་ན། དེ་ལྟ་ན་ནི་སྒྲའི་སྟོབས་ལས་སྐྱེས་པའི་ཤེས་པ་ལ་གསལ་བར་སྣང་བ་ཡོད་པའི་ཕྱིར། དབང་པོའི་

ཚོགས་དོན་མེད་པར་ཐལ་བར་འགྱུར་རོ་ཞེས་བསྟན་ཏོ། །འོན་ཏེ་མི་གསལ་བས་སྒྲའི་ཡུལ་གྱི་དོན་འཛིན་ལ། དེའི་ཚེ་ཡང་དབང་པོའི་ཡུལ་གྱི་དོན་ནི་བརྡ་མ་ཡིན་ཏེ། དེའི་ཚེ་མིག་གི་ཡུལ་གྱི་དོན་མེད་པའི་ཕྱིར་རོ། །ཡང་ན་འདས་པའི་དོན་དང་མ་འོངས་པ་ལ་ནི་དེའི་འདི་རྗོད་པར་བྱེད་པའོ་ཞེས་བརྡ་སྦྱོར་
བའི་ཕྱིར། བརྡ་ནི་དབང་པོའི་གཟུང་བའི་ཡུལ་ཅན་མ་ཡིན་གྱི། སྒྲ་ལས་བྱུང་བའི་ཐ་སྙད་ནི་རྟོག་པས་བཞག་པ་ཡིན་པའི་ཕྱིར། ཐ་སྙད་རྒྱུན་ཆད་པར་ཐལ་བར་གྱུར་པ་མ་ཡིན་ནོ། །འོ་ན་གལ་ཏེ་དབང་པོ་ལས་སྐྱེས་པ་ཉིད་ཀྱིས་འཛིན་པ་ལ་དེ་ལྟར་སྣང་བའི་ཕྱིར་སྒྲ་ལས་བྱུང་བའི་ཤེས་པ་དོན་གསལ་བར་
སྣང་བ་མ་ཡིན་པ། དེ་ལྟ་ན་ཡང་གསལ་བ་དང་མི་གསལ་བའི་རྣམ་པ་ཅན་གཅིག་པ་ཉིད་དུ་དངོས་པོ་དེ་འགྱུར་བའི་ཕྱིར། སྒྲ་ལས་བྱུང་བ་འཁྲུལ་པ་མ་ཡིན་ནོ་ཞེ་ན། སྨྲས་པ། །གསལ་བར་སྣང་བ་ཅན་གྱི་དོན། །དེ་ནི་སྣང་བ་མེད་ཕྱིར་རོ། །དངོས་རྣམས་ཐ་དད་བྱེད་པ་ནི། །ཤེས་པའི་སྣང་བ་ཐ་དད་ཡིན། །
ཞེས་བྱ་བ་ལ། གལ་ཏེ་ཡང་སྒྲའི་དོན་མཐོང་བའི་དུས་ན་དོན་གསལ་བར་སྣང་བ་མ་ཡིན་ལ་དེ་ལྟར་གསལ་བར་སྣང་བའི་དོན་ཅན་མིག་གི་ཡུལ་དུ་མི་སྣང་བའི་ཕྱིར། སྒྲ་རང་གི་མཚན་ཉིད་ཀྱི་ཡུལ་ཅན་མ་ཡིན་ཏེ། འདི་ལྟར་དབང་པོའི་ཡུལ་དུ་གྱུར་པའི་དོན་གསལ་བར་སྣང་བ་ཅན་གྱི་དོན་མི་མཐོང་བར་
གྱུར་ན་སྣང་བ་མི་གསལ་བར་འགྱུར་རོ། །རྣམ་པར་ཤེས་པའི་སྣང་བ་ཐ་དད་པས་ཕྱི་རོལ་གྱི་དངོས་པོ་རྣམས་ཐ་དད་པར་བྱེད་པ་ཡིན་ནོ། །རིང་པོ་དང་ཉེ་བ་ལ་སོགས་པས་གསལ་བ་དང་མི་གསལ་བར་སྣང་བ་ཐ་དད་ཀྱང་། སྤྱོད་ཡུལ་གཅིག་ཉིད་དུ་ཡོངས་སུ་གཅོད་པ་ཡོད་ན། དེ་ཇི་ལྟར་སྣང་བ་ཐ་
དད་པས་ཐ་དད་པ་ཡིན། དེའི་ཕྱིར་དོན་བྱེད་པ་ཐ་དད་པས་ཐ་དད་པའི་རིགས་པ་མ་ཡིན་ནམ་ཞེ་ན། དོན་བྱེད་པ་ཐ་དད་པས་ཀྱང་སྣང་བ་ཐ་དད་པར་བརྗོད་པ་མ་ཡིན་ནམ། ཐ་དད་པའི་དོན་བྱེད་པ་གཞན་ཡོད་ཀྱང་རྒྱུ་ཐ་དད་པར་བྱེད་པ་ནི་མ་ཡིན་ཏེ། སྣང་བ་ཐ་དད་པ་མེད་པར་འབྲས་བུ་ཐ་དད་པས་རྒྱུ་ཐ་དད་པར་
རིགས་པ་མ་ཡིན་པའི་ཕྱིར་རོ། །འོན་ཏེ་སྣང་བ་ཐ་དད་པ་ཡོད་ན་ནི། འོ་ན་དེ་ཉིད་ཀྱི་ཕྱིར་སྣང་བ་ཐ་དད་པས་དངོས་པོ་ཐ་དད་པ་ཡིན་པས་འབྲས་བུ་ཐ་དད་པས་ཅི་ཞིག་བྱ་ཞེས་བྱ་བ་འདི་དག་ངེས་པར་ཁས་བླང་བར་བྱ་སྟེ། གཞན་དུ་ན་གལ་ཏེ་འབྲས་བུ་ཐ་དད་པས་རྒྱུ་ཐ་དད་པ་ཡིན་ན་ནི་འབྲས་བུ་ནི་འབྲས་

བུ་གཞན་ཐ་དད་པ་ཉིད་ཀྱིས་ཐ་དད་པར་འགྱུར་བའི་ཕྱིར། དོན་བྱེད་པར་བརྒྱུད་ནས་ཐོག་མ་མེད་པར་འགྱུར་རོ། །འོན་ཏེ་སྣང་བ་ཐ་དད་པས་བསྐྱེད་པ་དོན་བྱེད་པ་ཐ་དད་པ་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་ཐ་དད་པར་བྱེད་པ་སྣང་བ་ཐ་དད་པ་ཉིད་ཡིན་པས་དོན་བྱེད་པ་ཐ་དད་པས་ཅི་ཞིག་
བྱ། འབྲས་བུ་ཐ་དད་པས་ཀྱང་དངོས་པོ་ཐ་དད་པར་འགྱུར་བ་ལ་ཡང་སྣང་བ་ཐ་དད་པ་ཉིད་ཐ་དད་པར་བྱེད་པར་ཁས་བླང་བར་བྱ་སྟེ། གསལ་བར་སྣང་བ་ཉིད་འབྲས་བུ་ལ་ཕན་འདོགས་པ་ཡིན་པའི་ཕྱིར་རོ། །དེ་བས་ན་རིང་པོར་གནས་པའི་སྡོང་པོ་གཅིག་ཏུ་སྣང་བ་ནི་དངོས་པོའི་ཡུལ་ཅན་མ་ཡིན་
ནོ། །འོན་ཏེ་མི་གསལ་བར་སྣང་བ་ནི་མི་བསླུ་བར་བྱེད་པ་ཇི་ལྟར་དངོས་པོའི་ཡུལ་ཅན་མ་ཡིན་ཞེ་ན། འོ་ན་རྗེས་སུ་དཔག་པ་ནི་མི་བསླུ་བའི་ཕྱིར་དངོས་པོའི་ཡུལ་ཅན་ཉིད་དུ་རྟོགས་ཤིག་དང་། དེ་བས་ན་སྣང་བ་ཐ་དད་པ་ཉིད་ཀྱིས་ཐ་དད་པའོ། །གང་གི་ཚེ་དངོས་པོ་ཉེ་བར་གྱུར་པ་ལ་བརྡ་སྦྱོར་བ་དེའི་ཚེ་
གསལ་བར་སྣང་བ་ཅན་གྱི་དོན་ཉམས་སུ་མྱོང་བའི་ཕྱིར། དེ་ལ་དངོས་པོའི་ཡུལ་ཅན་ཉིད་མ་ཡིན་ནོ་ཞེས་བྱ་བ་གང་ཡིན་པ་རིགས་སོ། །གང་གི་ཚེ་མིག་ཕྱེ་བ་ན་ཕྱི་རོལ་སྣང་བར་གྱུར་པ་ལ་འདི་བ་ལང་ཡིན་ནོ་ཞེས་བརྡ་བྱེད་པ་དེའི་ཚེ་བརྗོད་པ་དངོས་པོའི་ཡུལ་ཅན་དུ་ཇི་ལྟར་མི་འགྱུར་ཞེ་ན། འདིར་
སྨྲས་པ། མིག་གི་དོན་དུ་སྣང་བ་ལའང་། །གཞན་འདི་ཞེས་བརྗོད་གང་ཡིན་པ། །དེ་ཉིད་སྒྲ་ཡིས་སྦྱོར་བྱེད་ཀྱིས། །དབང་པོའི་སྤྱོད་ཡུལ་མ་ཡིན་ནོ། །ཞེས་བྱ་བ་ལ། གལ་ཏེ་མིག་ཕྱེ་བ་ལ་སྔོན་པོ་ལ་སོགས་པ་གསལ་བར་སྣང་བ་ཡིན་ལ། སྒྲ་ལས་སྐྱེས་པའི་ཤེས་པ་ལ་སྒྲ་སྣང་བ་དེ་ལྟ་ན་
ཡང་རང་གི་ངོ་བོ་སྣང་བ་ཙམ་གྱིས་སྒྲ་དང་དོན་དག་འབྲེལ་པ་མ་ཡིན་ནོ། །འདི་འདིའི་རྗོད་པར་བྱེད་པའོ་ཞེས་བྱ་བ་འདི་ནི་རྣམ་པར་དབྱེ་བ་དྲུག་པ་བརྗོད་པར་བྱ་སྟེ། སྟོན་པའི་དོན་དེ་ཉིད་སྒྲ་རྣམས་དང་སྦྱོར་བར་བྱེད་ཀྱི། དྲུག་པས་བསྟན་པའི་དོན་མངོན་སུམ་གྱིས་སྤྱོད་ཡུལ་ནི་མ་ཡིན་ཏེ། འབྲེལ་བ་དང་
བྲལ་བའི་དོན་འབའ་ཞིག་སྣང་བའི་ཕྱིར་རོ། །དབང་པོའི་ཡུལ་དུ་གྱུར་པའི་དོན་སྒྲ་དང་འབྲེལ་བར་སྣང་བ་ནི་མ་ཡིན་ཏེ། འདི་ལྟར་རྣམ་པར་རྟོག་པ་ཉིད་ཀྱིས་རྣམ་པར་དབྱེ་བའི་དོན་འདིའི་ཞེས་ཤེས་པ་སྟེ། འབྲེལ་པ་ནི་ཕན་འདོགས་པ་དང་གདགས་པར་བྱ་བ་མེད་ན་མི་འབྱུང་བའི་ཕྱིར་རོ། །འོན་ཏེ་

སྒྲའི་སྟོབས་ཀྱིས་དོན་འདི་ཤེས་པའི་ཕྱིར། དེའི་རྗོད་པར་བྱེད་པ་སྟེ་སྒྲ་ཡིན་པར་བརྗོད་དོ་ཞེ་ན། མིག་ཉིད་ཀྱིས་གསལ་བའི་ངོ་བོ་ཉིད་ཅན་གྱི་དོན་ཤེས་པ་མ་ཡིན་ནམ། དེའི་ཚེ་སྒྲའི་སྟོབས་ཀྱིས་མ་ཡིན་ནོ། །འོན་ཏེ་དུས་གཞན་དུ་གསལ་བའི་ངོ་བོ་ཉིད་ཤེས་པའི་རྟོགས་པ་སྒྲ་ལས་བྱུང་ངོ་ཞེ་ན། དེ་
ལ་སྙིང་པོ་མེད་པ་སྟེ། གང་གི་ཕྱིར་དུས་གཞན་ན་ཡོད་པའི་དོན་དེའི་ཚེ་མིག་གིས་མི་ཤེས་ལ། གང་གི་ཚེ་སྒྲ་དང་འབྲེལ་པ་ལས་སྐྱེས་པ་ཅན་གྱི་ཤེས་པ་མི་གསལ་བར་སྐྱེ་བ་དེའི་ཚེ་གསལ་བར་སྣང་བ་འབྱུང་བར་མི་འགྱུར་རོ། །དེའི་ཕྱིར་དེའི་འདི་རྗོད་པར་བྱེད་པའོ་ཞེས་རེས་འགའ་བློ་ལ་
གནས་པའི་དོན་དང་། རྗོད་པར་བྱེད་པ་ལས་ཉན་པ་པོའི་བློ་ལ་གནས་པའི་དོན་སྣང་བར་འགྱུར་བའི་ཕྱིར། རྗོད་པར་འདོད་པ་དང་ཚིག་དག་རྒྱུ་དང་འབྲས་བུའི་མཚན་ཉིད་ཅན་གྱི་རྣམ་པར་དབྱེ་བ་དྲུག་པས་སྟོན་པར་བྱེད་ཀྱི་རྣམ་པར་དབྱེ་བས་བསྟན་པའི་དོན་ནི་མངོན་སུམ་གྱིས་སྤྱོད་ཡུལ་མ་ཡིན་ཏེ། དེ་ཉེ་བར་
གྱུར་པའི་ངོ་བོ་ཉིད་ཙམ་ལ་འཇུག་པའི་ཕྱིར་རོ། །དེ་བས་ན་སྒྲའི་ཡུལ་ནི་དབང་པོའི་སྤྱོད་ཡུལ་མ་ཡིན་ཏེ། འོན་ཀྱང་སྤྱི་ཡིན་ནོ། །མིག་ལ་དོན་སྣང་བར་གྱུར་ན་མི་གསལ་བ་གཞན་འཛིན་པར་མི་སྣང་བ་མ་ཡིན་ནམ། དེ་ཇི་ལྟར་སྒྲ་སྦྱོར་བ་དོན་གཞན་པའི་ཡུལ་ཅན་ཡིན་ཞེ་ན། འདིར་སྨྲས་པ། དབང་
པོའི་བྱ་བ་མེད་པ་ཅན། །གཞན་དག་ཙམ་གྱིས་མི་སྣང་ཕྱིར། །འབྲེལ་མ་བརྗོད་པ་ཡིས་ཀྱང་མིན། །བདག་ཉིད་ཤེས་པར་ཐལ་ཕྱིར་རོ། །ཞེས་བྱ་བ་ལ། གལ་ཏེ་གསལ་བར་སྣང་བ་ཅན་གྱི་རང་གི་མཚན་ཉིད་ལ་བརྡ་སྦྱར་ན་དེའི་ཚེ་བྱེད་པ་མེད་པའི་མིག་ཅན་གྱི་སྐྱེ་བོས་སྒྲ་ཐོས་པ་ན་ཤེས་པ་
གསལ་བར་འགྱུར་བ་ལས་སྐྱེ་བ་ནི་མ་ཡིན་ནོ། །དེ་བས་ན་བྱེད་པའི་དབང་པོ་ཅན་གྱི་སྐྱེས་བུས་གཞན་གྱི་ཚིག་ཙམ་ལས་གསལ་བར་མི་སྣང་བའི་ཕྱིར། དབང་པོའི་སྤྱོད་ཡུལ་གྱི་དོན་སྒྲས་སྦྱར་བ་ནི་མ་ཡིན་ནོ། །འོ་ན་གལ་ཏེ་རང་གི་མཚན་ཉིད་བརྡར་བྱེད་པ་མ་ཡིན་པ་དེ་ལྟ་ན་ཡང་དེ་ཉིད་སྒྲས་སྟོན་པ་
སྟེ། བརྡའི་སྟོབས་ཀྱིས་དབང་པོས་དོན་སྟོན་པ་མ་ཡིན་གྱི། འོན་ཀྱང་རུང་བས་ཡིན་པ་དེ་བཞིན་དུ་སྒྲ་ཡང་བརྡ་ལས་འདས་ན་ངོ་བོ་ཉིད་ཁོ་ན་ལས་དོན་སྟོན་པ་ཡིན་ནོ་ཞེ་ན། འདི་ལ་སྨྲས་པ། མ་བརྗོད་པ་སྟེ་འབྲེལ་པ་མ་གྲུབ་པའི་དོན་ཏེ་སྒྲས་སྦྱོར་བ་མ་ཡིན་ཏེ། རང་ཉིད་བརྡ་དང་བྲལ་བར་

ཡང་སྒྲ་ཐོས་པ་ན་རང་གི་མཚན་ཉིད་ལ་གསལ་བའི་ཤེས་པ་སྐྱེ་བར་ཐལ་བར་འགྱུར་བའི་ཕྱིར་རོ། །མིག་ཕྱེ་བར་གྱུར་ཀྱང་གསལ་བར་སྣང་བའི་རིག་པ་སྐྱེ་བར་འགྱུར་བ་མ་ཡིན་ནོ། །དེའི་ཕྱིར་དབང་པོ་ལས་སྐྱེས་པའི་བློ་བརྗོད་དུ་མེད་པ་ཉིད་དག་པའི་དངོས་པོ་འཛིན་པའི་ཕྱིར།
རྟོག་པ་ཟིལ་གྱིས་མནན་པ་ཅན་མངོན་སུམ་ཡིན་ནོ། །འོ་ན་ཇི་ལྟར་སྦྲུལ་མཐོང་བའི་དེ་མ་ཐག་ཏུ་འདི་ནི་སྦྲུལ་ཡིན་ནོ་སྙམ་པའི་རྟོག་པ་གསལ་བར་སྣང་བ་ཅན་དུ་རིག་པར་འགྱུར། འོན་ཏེ་གསལ་བའི་སྦྲུལ་ལས་ཐ་དད་པ་ལ་དམིགས་པ་ཅན་དེ་ཡིན་པར་ཁས་ལེན་ན་ནི་དེ་ནི་མ་ཡིན་ཏེ། ཐ་དད་པའི་མི་
གསལ་བ་མ་མྱོང་བའི་ཕྱིར། དཔེར་ན་རྗེས་སུ་དཔག་པ་ལ་གསལ་བའི་དུ་བ་དང་ས་ཕྱོགས་ལས་ཐ་དད་པའི་མེའི་རྣམ་པ་ཡོངས་སུ་གཅོད་པ་བཞིན་ནོ། །འོན་ཏེ་རྣམ་པར་རྟོག་པ་མེད་པའི་གསལ་བར་རིག་པ་ལ་སྔོན་པོ་སྣང་བ་དང་། རྟོག་པ་སྐྱེས་པ་ལ་སྔོན་པོར་སྣང་བ་ལ་ཁྱད་པར་མེད་ཅིང་།
དམིགས་པ་ལ་ཁྱད་པར་མི་སྟོན་ན་ཡང་ཇི་ལྟར་རྟོག་པ་དོན་ཐ་དད་པར་མི་འགྱུར་ཟེར་ན། དེ་ནི་རིགས་པ་མ་ཡིན་ཏེ། གང་གི་ཕྱིར་ངེས་པ་ཉིད་ཀྱིས་ཐ་སྙད་འདོགས་པ་ལ་གཡེར་བག་ཅན་གྱི་རྟོག་པས་དོན་དེ་ངེས་པར་འགྱུར་གྱི། རྟོག་པ་མེད་པའི་ཤེས་པས་ནི་ངེས་པ་ཉིད་དུ་དངོས་པོ་རྟོགས་པ་མ་ཡིན་ན།
དེ་ཇི་ལྟར་རྟོག་པའི་ཤེས་པ་ཤེས་པ་སྔ་མ་དང་གྲུབ་པ་དང་བདེ་བ་ཐ་དད་པ་ཅན་དུ་འགྱུར། འོན་ཏེ་ངེས་པ་ནི་བདེན་པའི་དོན་འཛིན་པར་མི་འགྱུར་ན་ནི། འོ་ན་ཇི་ལྟར་རྟོག་པ་མེད་པའི་དོན་ཅན་དུ་ཇི་ལྟར་གྲུབ་པར་འགྱུར། ཇི་སྲིད་དུ་འཇུག་པའི་ཡུལ་ངེས་པར་སྟོན་པ་ནི་སླུ་བ་མེད་པར་གྲུབ་པའོ།། །།
ཚད་མ་རྣམ་འགྲེལ་གྱི་འགྲེལ་པ། བམ་པོ་བདུན་པ། གཞན་ཡང་མངོན་སུམ་དུ་བྱེད་པ་ཉིད་ཞེན་པའི་ཤེས་པ་ཡིན་ན། དེ་ཇི་ལྟར་འདི་མེད་པའི་དོན་ཅན་ཡིན། རྣམ་པར་རྟོག་པ་ནུབ་པ་ཅན་གྱི་ཤེས་པ་ནི་ངེས་པ་མེད་པས་བདེན་པ་ཉིད་དུ་མ་མྱོང་ཡང་ངེས་པའི་ངོ་བོ་ཉིད་ཅན་གསལ་བའི་ཤེས་པ་ཇི་ལྟར་མི་བདེན་
པ་ཡིན། འོན་ཏེ་སྔོན་པོར་སྣང་བའི་ཤེས་པ་ཐ་དད་པར་ཁས་ལེན་ཅིང་། རྟོག་པ་ནི་ཐོག་མ་མེད་པའི་བག་ཆགས་ལ་རག་ལས་པའི་སྐྱེ་བ་ཅན་ཡང་ཐ་དད་པ་ཉིད་དུ་འདོད་ན་ནི། དེ་ནི་མི་བདེན་ཏེ། ཐ་དད་པར་འཛིན་པ་ཉམས་སུ་མ་མྱོང་བའི་ཕྱིར་རོ། །ཕྱི་རོལ་པ་མངོན་སུམ་དུ་བྱེད་པའི་དུས་ན་གསལ་

བར་རིག་པ་ཐ་དད་པར་འཛིན་པ་མི་རྟོགས་པའི་ཕྱིར་རོ། །འོན་ཏེ་རྗེས་སུ་དཔག་པའི་ཤེས་པ་རྟོག་པ་ཡིན་ན་ནི། དེ་ནི་མ་ཡིན་ཏེ། ལྐོག་ཏུ་གྱུར་པ་མ་ཡིན་པའི་ཡུལ་ཅན་ཡིན་པའི་ཕྱིར། རྗེས་སུ་དཔག་པ་ཉིད་མི་སྲིད་པའི་ཕྱིར་ཏེ། འདི་ལྟར་རྗེས་སུ་དཔག་པ་ནི་ལྐོག་ཏུ་གྱུར་པའི་ཡུལ་ཅན་ཡིན་
པའི་ཕྱིར་རོ། །འདིར་ལན་བཏབ་པ། རྟོག་བཅས་རྟོག་པ་མེད་པའི་ཡིད། །ཅིག་ཅར་དུ་ནི་འཇུག་ཕྱིར་རམ། །འཇུག་པར་མྱུར་ཕྱིར་རྨོངས་པ་རྣམས། །དེ་དག་ལ་ནི་གཅིག་ཏུ་ཞེན། །ཞེས་བྱ་བ་ལ། རྟོག་པ་དང་བཅས་པ་དང་རྟོག་པ་མེད་པའི་རིག་པ་དག་ལྷན་ཅིག་ཏུ་འཇུག་པས། སྐྱེ་བོ་
རྨོངས་པ་རྣམས་རྟོག་པ་དང་དོན་མཐོང་བ་དེ་དག་ལ་གཅིག་པ་ཉིད་དུ་སེམས་པ་ཡིན་ནོ། །ཡང་ན་མཐོང་བའི་རྗེས་ལ་རྟོག་པ་འཇུག་པ་ནི་འདིར་འཇུག་པ་མྱུར་བའི་ཕྱིར་རྨོངས་པས་ཐ་དད་པ་མི་རྟོགས་པ་ཡིན་ནོ། །འདིར་འདིའི་བསྡུས་པའི་དོན་ནི་འདི་ཡིན་ཏེ། གལ་ཏེ་ཀ་པའོ་སྙམ་པའི་རྟོག་པ་ཡི་གེ་ཀ་ལ་
སོགས་པར་སྣང་བ་ཅན། ཕྱི་རོལ་ཉམས་སུ་མྱོང་བར་གསལ་བ་ཡིན་པ་དེ་ལྟ་ན་ནི་མངོན་སུམ་རྟོག་པ་དང་བཅས་པར་འགྱུར་གྱི། གང་གི་ཚེ་ཡི་གེར་སྣང་བ་འདས་པའི་ཤེས་པས་བཞག་པའི་བག་ཆགས་སད་པ་མི་གསལ་བའི་ཡི་གེ་ལ་ཞེན་པ་ཅན་ནི། དོན་ངེས་པ་ལས་གཞན་པ་ཉིད་གསལ་བའི་
གཟུང་བ་ཅན་ཕྱི་རོལ་པ་སྣང་བ་ཡིན་ཏེ། དེ་སྣང་བ་ཅན་གྱི་ཤེས་པ་ནི་རྟོག་པ་མེད་པ་མངོན་སུམ་ཡིན་ནོ། །འོ་ན་དེ་ལྟ་ན་ནི་མཐོང་བ་དང་རྟོག་པ་དག་ཇི་ལྟར་གཅིག་ཏུ་ཞེན་པ་ཡིན་ཞེ་ན། དེ་ཉིད་དུ་ཞེན་པ་མེད་པ་ཉིད་མ་ཡིན་ནམ། འདི་ལྟར་བ་ལང་ཞེས་བྱ་བར་ངེས་པ་ན་ཐ་དད་ཡི་གེ་བ་དང་། ལ་དང་ང་ཡིས་
བརྟེན་པ་དང་ལྡན་པར་རྟོགས་པ་སྟེ། བ་ལ་སོགས་པའི་ཡི་གེ་རིག་པ་ཡང་རིམ་གྱིས་སྐྱེ་བར་འགྱུར་བ་ཡིན་ནོ། །དེ་བས་ན་བ་ལ་སོགས་པའི་ཡི་གེ་རིག་པ་ལ་ཡང་གཅིག་པ་ཉིད་མ་ཡིན་ན། ཡང་ཕྱི་རོལ་རིག་པ་དང་ལྷན་ཅིག་པར་རྟོག་པ་གཅིག་ཇི་ལྟར་རྟོགས་པར་བྱ། འོན་ཏེ་ཡི་གེ་སྣང་བ་ཅན་གྱི་ཤེས་
པས་ཁྲ་བོ་ལ་སོགས་པ་ཡོངས་སུ་གཅོད་པ་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་རྟོག་པ་མ་ཚང་ན་བ་ལང་མི་སྣང་བར་འགྱུར་ཏེ། གང་གི་ཕྱིར་རྣམ་པར་རྟོག་པ་མེད་ན་ནི་རིག་པ་གསལ་བར་འགྱུར་ལ་གསལ་བར་རིག་པ་མེད་ན་ཡང་བ་ལང་ལ་སོགས་པའི་ཡི་གེའི་ཕྲེང་བ་མིག་བཙུམས་པ་ལ་ཡང་སྣང་བར་འགྱུར་རོ། །

འོན་ཏེ་ཞེན་པའི་རྟོག་པས་ངེས་པར་རྟོགས་ཀྱི་དངོས་པོ་མཐོང་བས་ངེས་པར་རྟོགས་པ་ནི་མ་ཡིན་ནོ་ཞེ་ན། ཞེན་པ་ཞེས་བྱ་བ་ནི་ཅི་ཡིན། གསལ་བའི་ངོ་བོ་ཉིད་སྣང་བའོ་ཞེ་ན། རྟོག་པ་མེད་པར་གྱུར་ཀྱང་། མཐོང་བ་གསལ་བར་སྣང་བ་ཡོད་པ་ཉིད་མ་ཡིན་ནམ། དེའི་
ཕྱིར་སྣང་བ་ཐ་དད་པས་མཐོང་བ་དང་ངེས་པ་དག་ལ་གཅིག་པར་ཞེན་པ་ཡོད་པ་མ་ཡིན་ནོ། །འོ་ན་ཇི་ལྟར་གཅིག་པ་ཉིད་ཀྱི་ཐ་སྙད་འདོགས་ཤེ་ན། འཇུག་པ་དང་ལྡོག་པའི་ངོ་བོ་ཉིད་ཅན་གྱི་འབྲས་བུ་སྐྱེ་བའི་ཕྱིར་འབྲས་བུ་གཅིག་ཡིན་པས་དེ་ཉིད་དུ་ཞེན་པ་ཡིན་ཏེ། འདི་ལྟར་ཕྱི་རོལ་པ་གང་ཞིག་
ལ་མཐོང་བ་འཇུག་པ་དེ་ཉིད་ལ་རྟོག་པ་ཡང་འཇིག་རྟེན་པ་ཐ་སྙད་དུ་བྱེད་པ་ཡིན་ནོ། །གལ་ཏེ་རྣམ་རྟོག་ཆོད་པ་ཡིས། །མཐོང་བ་རྒྱུན་ཆད་འགྱུར་ཞེ་ན། །རིགས་ཐ་དད་པའི་རྣམ་རྟོག་ནི། །ཡོད་ན་གཞན་གྱིའང་ཇི་ལྟར་མིན། །ཞེས་བྱ་བ་ལ། འོ་ན་གལ་ཏེ་ངེས་པ་གཞན་པ་ཉིད་ཡིན་ན། ཇི་ལྟར་
དེའི་གཟུང་བ་མི་གསལ་བར་རྟོག་པར་འགྱུར། འོན་ཏེ་དེའི་ཡུལ་གཞན་མེད་ན་ནི། འོ་ན་རྣམ་པར་རྟོག་པ་ཡུལ་མེད་པ་ཅན་དངོས་པོ་མཐོང་བ་ཆོད་པའི་ཕྱིར། མཐོང་བ་རྒྱུན་འཆད་པར་ཐལ་བར་འགྱུར་ཏེ། བར་དུ་རྟོག་པ་ཅན་དུ་འགྱུར་རོ། །རྒྱུན་མི་འཆད་པ་ཉིད་དུ་གསལ་བར་མཐོང་བ་རྒྱུན་
ཆད་པར་སྣང་བ་ནི་མ་ཡིན་ནོ། །གང་ཞིག་མངོན་སུམ་རྟོག་པ་དང་བཅས་པ་དེའི་གསལ་བར་མཐོང་བ་རྒྱུན་མི་འཆད་དེ། རྣམ་པར་རྟོག་པའི་ཤེས་པ་ཉིད་གསལ་བར་སྣང་བ་ཅན་ཡིན་པའི་ཕྱིར་རོ། །དེས་ན་རྟོག་པ་དང་བཅས་པའི་མངོན་སུམ་གྱིས་ཤེས་པ་རྒྱུན་འཆད་པར་མི་འགྱུར་རོ་ཞེ་ན།
འདི་ལ་སྨྲས་པ། ཐ་དད་པའི་རིགས་ཀྱི་དངོས་པོ་ལ་རྟོགས་པ་སྐྱེས་ན། རྟོག་པའི་དོན་ལས་གཞན་པ་མཐོང་བ་ཇི་ལྟར་ཆོད་པར་མི་འགྱུར་ཏེ། ཐ་དད་པའི་དངོས་པོ་ལ་ཞེན་པ་མངོན་སུམ་གྱིས་ཤེས་པ་མ་ཡིན་པའི་ཕྱིར་རོ། །དེ་ལས་གཞན་པ་གསལ་བའི་ངོ་བོ་ཉིད་དུ་ཤེས་པ་མེད་པའི་ཕྱིར་རོ། །དེ་ལ་
གསལ་བའི་ངོ་བོ་ཡོངས་སུ་གཅོད་པ་ནི་མངོན་སུམ་ཡིན་ལ་དེ་ལ་རྒྱུན་ཆད་པ་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་རྣམ་པར་རྟོག་པས་ཆོད་ཀྱང་མཐོང་བ་རྒྱུན་ཆད་པར་སྣང་བ་ནི་མ་ཡིན་ནོ། །མགལ་མེ་མཐོང་བ་བཞིན་དངོས་པོའི། །ཕྱོགས་སྟོབས་ལྡན་པར་འདོད་ན་ནི། །དེ་གཞན་ལ་ཡང་མཚུངས་

འགྱུར་ཞིང་། །ཡི་གེའང་ཅིག་ཅར་ཐོས་པར་འགྱུར། །ཞེས་བྱ་བ་ལ། འོ་ན་གལ་ཏེ་རིགས་མི་མཐུན་པའི་རྣམ་པར་རྟོག་པས་མཐོང་བ་ལ་ཆོད་པར་གྱུར་པ་ཡིན་ན་ཡང་མཐོང་བའི་དངོས་པོ་བར་ན་གནས་པ་དེ་སྟོབས་དང་ལྡན་པ་སྟེ། མཐོང་བའི་དངོས་པོ་སྟོབས་དང་ལྡན་པ་དེས་མ་མཐོང་བ་གསལ་
ནས་ཤེས་པ་མེད་པའི་ཕྱིར། ཆོད་པར་གྱུར་པའི་མཐོང་བ་མི་ངེས་པ་ཡིན་ཏེ། འདི་ལྟར་མགལ་མེ་མྱུར་དུ་བསྐོར་བ་མཐོང་བའི་ཚེ་བར་ན་མཐོང་བ་ཡོད་ན་ཡང་ཟིལ་གྱིས་མནན་པའོ་ཞེ་ན། དེ་ལྟ་ན་འོ་ན་གཞན་དུ་རིགས་མཐུན་པའི་རྟོག་པ་ལ་ཡང་རྟོག་པ་མེད་པར་མཐོང་བའི་དངོས་པོའི་ཕྱོགས་སྟོབས་
དང་ལྡན་པ་དེ་ཡོད་པ་ཉིད་ཀྱི་ཕྱིར་མཐོང་བ་རྒྱུན་འཆད་པའི་སྐབས་མེད་དོ། །ཡང་ན་ཁས་བླངས་ནས་འདི་སྐད་དུ་ཤིན་ཏུ་མྱུར་བར་འཇུག་པ་ལས་ཐ་མི་དད་པར་ཤེས་པ་ཡིན་ལ། དངོས་སུ་ནི་རྟོག་པས་ཆོད་པ་སྣང་བ་ཡིན་ཏེ། མྱུར་བ་ལ་བར་ནུབ་པར་གྱུར་ནས་རྒྱུན་མི་འཆད་པར་རྟོགས་པའི་ཕྱིར་རོ་ཞེ་ན།
གལ་ཏེ་ཤིན་ཏུ་མྱུར་བས་ཆོད་པའི་ཤེས་པ་མ་ཆོད་པར་སྣང་བ་ཡིན་ན་ནི་མྱུར་བར་བརྗོད་པའི་ཡི་གེ་དག་ཅིག་ཅར་སྣང་བ་ཅན་དུ་ཐོས་པར་འགྱུར་བ་ལས་དེ་ནི་ཡོད་པ་མ་ཡིན་ནོ། །དེ་བས་ན་མྱུར་བའི་རིམ་པ་མ་ཆོད་པར་ཡོངས་སུ་གཅོད་པའི་རྒྱུ་མ་ཡིན་ནོ། །འོན་ཏེ་མྱུར་དུ་བརྗོད་པའི་ཡི་གེ་མྱུར་བ་ཉིད་
ནི་ལྷན་ཅིག་ཐོས་པའི་རྒྱུ་མཚན་མ་ཡིན་པའི་ཕྱིར། དེ་ལ་ལྷན་ཅིག་གཅོད་པ་མེད་དོ་ཞེ་ན། འདིར་ལན་བརྗོད་པ། འདིར་ནི་ཅིག་ཅར་དོན་ཀུན་དང་། །འདུས་ཅན་དབང་རྣམས་ཡོད་ན་ཡང་། །ལྔ་པོ་རྣམས་ཀྱི་ཆོད་པ་ཡང་། །ཆོད་མེད་བཞིན་དུ་སྣང་བའི་བློ། །གང་དེ་མིང་གི་མཐར་ཐུག་པ། །སྐད་
ཅིག་ཤེས་པ་དང་འདྲེའི་ཕྱིར། །ཆད་པར་སྣང་ཅན་དེ་ངོ་མཚར། །དེའི་ཕྱིར་བློ་ནི་ཅིག་ཅར་སྐྱེད། །ཅེས་བྱ་བ་ཡིན་ཏེ། གང་དག་ཤེས་པ་ཅིག་ཅར་མ་ཡིན་པར་སྐྱེ་བར་འདོད་པའི་ལུགས་ཀྱིས། གང་དུ་ཅིག་ཅར་སྣང་བ་དེར་མྱུར་དུ་འཇུག་པ་རྒྱུ་ཡིན་པར་སྨྲ་བ་དེ་ལ་འདི་སྐད་སྨྲ་བར་བྱ་སྟེ། ཡི་གེ་དག་མྱུར་
བར་བརྗོད་ན་ཇི་ལྟར་ཅིག་ཅར་སྣང་བར་མི་འགྱུར། འོན་ཏེ་མྱུར་བ་ཉིད་དེ་ལྟ་བུར་གྱུར་པ་དེ་ལ་མེད་པའི་ཕྱིར། ཅིག་ཅར་ངེས་པ་མ་ཡིན་ནོ་ཞེ་ན། འོ་ན་གང་ན་ཡུལ་མ་ལུས་པ་མཉམ་པར་འདུས་པ་དང་། རྣམ་པར་རྟོག་པ་བྲལ་བར་མ་གྱུར་པ་འདི་ན་ཤིན་ཏུ་མྱུར་བ་དང་ལྡན་པ་མེད་དེ། གང་གི་ཚེ་གུར་

ཀུམ་གྱི་བྱུག་པས་ཉེ་བར་བྱུགས་པའི་འགྲོ་བ་བཟང་མོའི་མ་མཆུས་རོ་མྱང་བ་དང་གླུ་སྙན་པ་ཉན་པ་དེའི་ཚེ། གཟུགས་ལ་སོགས་པའི་དོན་དབང་པོ་ཐམས་ཅད་དང་ཅིག་ཅར་འདུས་པ་ཅན་གང་ཡིན་པའི་དབང་པོ་རྣམས་ཡོད་པར་གྱུར་ན་ཡང་། མཐོང་བ་ལྔ་པོས་ཤེས་པ་རེ་རེ་ལ་ཆོད་
པ་དེ་ལ་དེ་འདྲ་བའི་ཤིན་ཏུ་མྱུར་བ་མེད་པའི་ཕྱིར། ཅིག་ཅར་མ་ཡིན་པར་སྣང་བར་ཐལ་བར་འགྱུར་རོ། །དེ་བས་ན་དེ་ལྟར་ཆོད་པར་གྱུར་ཀྱང་བློ་གང་ཞིག་འདས་པའི་རིགས་མཐུན་པ་མཐོང་བས་མ་ཆོད་པ་བཞིན་དུ་སྣང་བའི་བློ་དེ་ནི་མིང་གི་མཐར་ཐུག་པ་ཡི་གེའི་ཡུལ་ཅན་སྐད་ཅིག་མའི་ཤེས་པས་ཆོད་
པས། རྒྱུན་ཆད་པར་སྣང་བ་འདི་ནི་ཤིན་ཏུ་ངོ་མཚར་བ་སྟེ། དེའི་ཕྱིར་བློ་རྣམས་ནི་ཅིག་ཅར་སྣང་བ་སྐྱེ་བར་འགྱུར་བ་ཡིན་ཏེ། ཇི་སྐད་དུ་བཤད་པའི་འགལ་བ་བཟློག་པར་མི་ནུས་པའི་ཕྱིར་རོ། །དེ་བས་ནི་ཡིད་ནི་ཅིག་ཅར་འཇུག་པའོ་ཞེས་བྱ་བ་འདི་གནས་པ་ཡིན་ནོ། །གཞན་ཡང་། སྣང་བ་ལ་ནི་ཁྱད་
མེད་ནའང་། །བར་བཅས་པར་མེད་ཇི་ལྟར་རུང་། །ཡིད་ཀྱི་རྟོག་པ་འབའ་ཞིག་ལའང་། །རིམ་པ་འཛིན་པར་མི་འགྱུར་རོ། །ཞེས་བྱ་བ་ལ། འདིར་ལ་ལ་རུ་བར་དང་བཅས་པ་སྟེ། གང་ན་ཐ་དད་པའི་རིགས་ཀྱི་རྟོག་པས་ཆོད་པའོ། །ལ་ལར་ནི་བར་མེད་པར་སྣང་བ་སྟེ། གང་ན་རིགས་མི་མཐུན་པའི་
རྟོག་པས་མཆོད་པ་ཡོད་པར་རོ། །དེས་ན་བར་ཆད་དང་བར་མེད་པར་མཐོང་བ་ཇི་ལྟར་སྣང་བ་ཁྱད་པར་མེད་པར་འགྱུར། ཡིད་ཀྱི་རྟོག་པ་མཐོང་བ་དང་བྲལ་བ་འབའ་ཞིག་ཡུལ་ལ་ཞེན་པར་བྱེད་པ་ཅན་མྱུར་དུ་འཇུག་པ་ཅན་ཡིན་པའི་ཕྱིར། རིམ་གྱིས་འཛིན་པ་སྐྱེ་བར་མི་འགྱུར་རོ། །འོ་ན་གལ་ཏེ་ཅིག་ཅར་ཤེས་པ་
སྐྱེ་ན། ཇི་ལྟར་རུང་བའི་ཡུལ་ན་གནས་པའི་ཡུལ་ལ་མིག་ཕྱེ་བར་གྱུར་ཀྱང་རེས་འགའ་སྣང་བ་མེད་པར་འགྱུར་ཞེ་ན། དེ་ལ་ལན་སྨྲས་པ། ལ་ལར་ཀུན་དུ་ཆགས་སེམས་ལྡན། །དོན་ཉེ་བ་ལའང་འཛིན་མེད་གང་། །ཆགས་ལས་གཞན་སྐྱེད་མི་ནུས་ཕྱིར། །བརྩད་པ་དེ་ནི་གཉི་གར་མཚུངས། །ཞེས་བྱ་
བ་ལ། མངོན་པར་འདོད་པའི་ཡུལ་ལ་ལར་ཀུན་དུ་ཆགས་པའི་སེམས་དང་ལྡན་པའི་སྐྱེ་བོ་མིག་དང་འབྲེལ་པའི་དོན་ཉེ་བར་གྱུར་པ་འཛིན་པ་མེད་པ་གང་ཡིན་པ། ཡུལ་གཞན་ལ་ཞེན་པས་བཅོམ་པའི་ཤེས་པ་སྐྱེད་པའི་ནུས་པ་ཅན་གྱི་ཤེས་པ་གཞན་སྐྱེད་པ་ལ་ནུས་པ་མེད་པའི་ཕྱིར་ཏེ། ཡུལ་གཞན་

ལ་གཏོད་པར་མི་ནུས་པའི་སེམས་ཀྱིས་ཤེས་པ་གཞན་བསྐྱེད་པར་ཇི་ལྟར་འགྱུར། གཞན་ཡང་བདག་ཅག་གཉི་ག་ལ་བརྩད་པ་མཚུངས་པར་འགྱུར་རོ། །འོན་ཏེ་ཡིད་གཅིག་ཡིན་པའི་ཕྱིར། དབང་པོ་གཅིག་ལ་ཆགས་པ་ནི་ཤེས་པ་གཏོད་པར་བྱེད་པའི་ནུས་པ་ཐ་དད་པའི་ཕྱིར་གཞན་དུ་ཞེན་
པ་ནི་མ་ཡིན་ནོ་ཞེ་ན། དེ་ལྟར་ན་ཡང་མྱུར་དུ་འཇུག་པས་ཡིད་ཀྱིས་ཤེས་པ་ཡང་གོ་རིམས་མེད་པ་ཉིད་དུ་ཤེས་པར་འགྱུར་རོ། །འོན་ཏེ་དེ་ལ་ཀུན་དུ་ཆགས་པ་ཆེན་པོ་ཡོད་པའི་ཕྱིར། ཅིག་ཅར་འཛིན་པའི་ཤེས་པ་མ་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་དེ་ལ་ཀུན་དུ་ཆགས་པ་ཐ་དད་པས་ནུས་པ་བཅོམ་པའི་ཡིད་
ནི་ཤེས་པ་སྐྱེད་པར་བྱེད་པ་མ་ཡིན་ནོ་ཞེས་ཅིའི་ཕྱིར་ཁས་མི་ལེན། འོན་ཏེ་མགལ་མེ་ལ་རིམ་པར་མཐོང་བ་སྐྱེས་ན་ཡང་། ཅིག་ཅར་སྣང་བ་སྐྱེ་བ་སྟེ། རིམ་པར་སྣང་བ་ཅན་གྱི་རིག་པ་རྣམས་མཚམས་སྦྱར་ནས་འཁོར་ལོར་མཐོང་བ་སྐྱེ་བའི་ཕྱིར་རོ་ཞེ་ན། སྨྲས་པ། མགལ་མེ་ལ་སོགས་མྱུར་འཇིག་ཕྱིར། །
རྗེས་སུ་འགྲོ་བས་བཅོམ་པ་ཅན། །མིག་གི་འཁོར་ལོར་འཁྲུལ་བྱས་ཀྱི། །དེ་མཐོང་མཚམས་སྦྱོར་བས་མ་ཡིན། །ཞེས་བྱ་བ་སྟེ། ཤིན་ཏུ་མྱུར་བར་འཇུག་པའི་མགལ་མེ་ལ་སོགས་པའི་རྗེས་སུ་འགྲོ་བ་བསྐོར་བ་གང་ཡིན་པ་དེས་བཅོམ་པར་བྱས་པ་ཅན་གྱི་དབང་པོ་མིག་ཅེས་བྱ་བ་འཁོར་ལོའི་རྣམ་
པར་འཁྲུལ་ནས་སྐྱེ་བར་འགྱུར་གྱི། འཁོར་ལོར་འཁྲུལ་པ་དེ་མགལ་མེ་མཐོང་བ་མཚམས་སྦྱར་ནས་སྐྱེས་པ་མ་ཡིན་ནོ། །དེ་བས་ན་རྣམ་པར་ཤེས་པ་ལྔ་ཅིག་ཅར་ཉིད་དུ་སྐྱེའོ་ཞེས་བྱ་བར་གནས་སོ། །འོན་ཏེ་དོན་ལྔ་པོ་ཙམ་ལ་ཅིག་ཅར་སྣང་བ་འཁྲུལ་པར་ཁས་ལེན་ན་ནི། དེ་ལྟ་ན་དངོས་པོ་མ་ལུས་པའི་
ཡུལ་ཅན་ཅིག་ཅར་སྣང་བའི་འཁྲུལ་པར་འགྱུར་རོ། །འོན་ཏེ་དངོས་པོ་ཐམས་ཅད་པའི་ཡིད་ཀྱི་ཤེས་པ་ཡང་ཅིག་ཅར་མངོན་སུམ་གྱི་རྣམ་པ་བཞིན་དུ་འཁྲུལ་པར་ཁས་ལེན་པར་བྱེད་དོ་ཞེ་ན་མ་ཡིན་ཏེ། རིམ་པ་མེད་པ་ལ་ཚད་མ་མེད་པའི་ཕྱིར་ཏེ། ཅིག་ཅར་སྣང་བ་ནི་གསལ་བར་གྱུར་པའི་མངོན་སུམ་
ལས་ཤེས་པར་འགྱུར་གྱི། དེ་ལས་བཟློག་པའི་ཡིད་ཀྱི་ཤེས་པ་ལ་མེད་དོ། །གལ་ཏེ་བཟློག་པར་མཐོང་བ་མེད་པར་འཁྲུལ་བར་རིག་ན་ནི་རིག་པ་མ་ལུས་པ་ལ་ཐལ་བ་འདི་མཚུངས་སོ། །དེའི་ཕྱིར་ཅིག་ཅར་ཉམས་སུ་མྱོང་བའི་ཤེས་པའི་ཚོགས་བཟློག་པར་རིགས་པ་མེད་པའི་ཕྱིར། ཅིག་ཅར་

བའོ་ཞེས་བྱ་བ་འགྲུབ་པོ། །དེ་བས་ན་རྟོག་པ་དང་བྲལ་བ་ཉིད་མངོན་སུམ་ཡིན་ནོ། །དེ་ལྟར་མངོན་སུམ་རྟོག་པ་མེད་པར་རང་གི་གཞུང་གིས་བཤད་ནས། ད་ནི་གཞན་གྱི་གཞུང་བཀོད་ནས་བཟློག་པར་བྱ་སྟེ། ཁ་ཅིག་དབང་སྐྱེས་ལ་སོགས་ཕྱིར། །བུས་པའི་བློ་བཞིན་
རྟོག་མེད་དང་། །བུས་པའི་རྟོག་མེད་ཀྱི་རྒྱུ་ཡང་། །བརྡ་དམན་པ་ཉིད་ཡིན་སྨྲ་བ། །ཞེས་བྱ་བ་ལ། ཧ་རི་སྭ་མི་ལ་སོགས་པ་ཁ་ཅིག་དབང་པོ་ལས་སྐྱེས་པའི་ཕྱིར་དང་། སོགས་པའི་སྒྲས་ཉམས་སུ་མྱོང་བའི་རྣམ་པས་འཇུག་པའི་ཕྱིར་ཞེས་བྱ་བ་ལ་སོགས་པའི་གཏན་ཚིགས་ཀྱི་དབང་པོའི་བློ་ལ་
རྟོག་པ་ཡོད་པ་མ་ཡིན་པར་བརྗོད་པ་ཡིན་ཏེ། བུས་པའི་དབང་པོའི་བློ་བཞིན་ནོ། །བུས་པའི་དབང་པོའི་ཤེས་པ་ལ་རྟོག་པ་མེད་པ་ནི་བརྡ་འཛིན་པར་མི་ནུས་པ་རྒྱུར་སྨྲའོ། །དེ་དག་གིས་ནི་རྟོག་མེད་ཕྱིར། །བུས་པའི་མངོན་སུམ་ཉིད་དུ་འགྱུར། །བརྡ་ཡི་རྒྱུ་དང་བྲལ་བའི་ཕྱིར། །དེ་ནི་ཕྱིས་ཀྱང་མི་
འགྱུར་རོ། །ཞེས་བྱ་བ་ལ། དེ་ལྟར་རྒོལ་བ་དེ་དག་གི་གཞུང་གིས་བུས་པ་རྣམས་ཀྱི་ཤེས་པ་མངོན་སུམ་ཉིད་དུ་འགྱུར་རོ། །འོན་ཏེ་བུས་པའི་ཤེས་པ་མ་ལུས་པ་རྟོག་པ་མེད་པ་ཉིད་དུ་འདོད་དོ་ཞེ་ན། མ་ཡིན་ཏེ། གཞོན་ནུ་མའི་རང་གི་དོན་བྱེད་པ་ལ་སྔ་ཕྱི་བརྟག་པར་བྱེད་པའི་རྟོག་པ་ཡོད་དོ། །འོན་ཏེ་
དེ་ལ་རྟོག་པ་སྔར་མེད་དོ་ཞེ་ན། འོ་ན་ཕྱིས་ཀྱང་རྟོག་པས་སྐྱེད་པར་མི་བྱེད་དེ་བརྡ་ཡོངས་སུ་དཔྱོད་པའི་ཐབས་མེད་པའི་ཕྱིར་རོ། །ཡོངས་སུ་དཔྱོད་པ་ནི་རྟོག་པ་ཡིན་པའི་ཕྱིར། དེ་ཡང་བུས་པ་ལ་མེད་ན་དེ་ཇི་ལྟར་རྒྱུ་མཚན་མེད་པར་རྟོག་པ་སྐྱེ་བར་འགྱུར། གལ་ཏེ་བརྡ་ལ་མ་བྱང་བའི། །ཡིད་ཡོད་དེས་ནི་དེ་
འདོད་ན། །དེ་བཞིན་དབང་སྐྱེས་ལ་ཡང་འགྱུར། །འདི་ལྟ་བུ་འདི་ལྷག་ལྡན་ཡིན། །ཞེས་བྱ་བ་ལ། འོན་ཏེ་བུས་པ་ཡང་བརྡ་ལ་མ་བྱང་བའི་ཡིད་ཐ་སྙད་ལ་ཞུགས་པ་ཡོད་དེ། བརྡ་ལ་མ་བྱང་བའི་ཡིད་དེས་ནི་བརྡ་བྱེད་པའི་ཕྱིར། རྟོག་པ་དེ་ཕྱིས་ཡིད་ལས་འདོད་དོ་ཞེ་ན། དེ་ལྟ་ན་འོ་ན་ནི་དབང་པོ་ལས་སྐྱེས་
པའི་རིག་པ་ལ་ཡང་བུས་པ་རྣམས་ཀྱིས་རྣམ་པར་རྟོག་པར་འགྱུར་ཏེ། བུས་པའི་དབང་པོ་ལས་སྐྱེས་པའི་བློ་བརྡ་འདོགས་པར་རུང་བར་བརྗོད་པར་བུས་པའི་ཕྱིར་རོ། །འོན་ཏེ་དབང་པོ་ལས་སྐྱེས་པ་ཉིད་ཀྱི་ཕྱིར་བུས་པའི་དབང་པོ་ལས་སྐྱེས་པའི་བློ་རྟོག་པ་མེད་པའོ་ཞེ་ན། དེ་འདི་འདྲ་བ་དབང་པོ་ལས་

སྐྱེས་པའི་རྟགས་འདི་ནི་འབྲེལ་པ་ངེས་པ་མེད་པའི་ཕྱིར། ལྷག་མ་དང་ལྡན་པ་མ་ཡིན་ནམ། ཡང་ན་གལ་ཏེ་བུས་པའི་དབང་པོ་ལས་སྐྱེས་པའི་ཤེས་པ་རྟོག་པ་མེད་པ་ཡིན་པ་དེ་ལྟ་ན་ཡང་ཐ་སྙད་ལ་བྱང་བའི་ལུས་དང་ལྡན་པ་ལ་མིག་ལ་སྐྱེས་པ་ཅན་གྱི་ཤེས་པ་རྟོག་པ་མེད་པར་ཅི་ལྟར་ཤེས་ཏེ། གནོད་
པ་ཅན་གྱི་ཤེས་པས་གཞག་པ་མེད་ན་མི་འབྱུང་བར་ངེས་པའི་རྟགས་མེད་པར་དཔེ་ཙམ་གྱིས་གོ་བར་བྱེད་པ་མ་ཡིན་པའི་ཕྱིར་རོ། །འོན་ཏེ་དབང་པོས་ཉེ་བར་བླངས་པའི་ཤེས་པ་སྐྱེ་བ་དེ་ནི་ཉེ་བར་གྱུར་པའི་རྣམ་པ་འཛིན་པའི་ཕྱིར། འདས་པ་དང་མ་འོངས་པར་ངེས་པ་དང་བྲལ་བའི་ཕྱིར་རྟོག་པ་དང་
བྲལ་བའོ་ཞེ་ན། དེ་འདས་པ་དང་མ་འོངས་པའི་ངོ་བོ་ཉིད་ངེས་པ་དང་བྲལ་བ་འདི་ཇི་ལྟར་གྲུབ། སྔ་མ་དང་ཕྱི་མ་མངོན་དུ་བྱེད་པ་མེད་པའི་ཕྱིར། མངོན་དུ་བྱེད་པ་མངོན་སུམ་མ་ཡིན་ན། འོ་ན་ནི་རྟགས་དབང་པོ་ལས་སྐྱེས་པ་དོན་མེད་པར་འགྱུར་རོ། །མངོན་སུམ་གྱི་ཤེས་པར་བྱ་བས་རྟོག་པ་མེད་པ་
ཡིན་ཏེ། ཉེ་བར་གྱུར་པ་མངོན་དུ་བྱེད་པ་ནི་མངོན་སུམ་གྱིས་མྱོང་བའི་ཕྱིར་རོ། །འོན་ཏེ་མངོན་སུམ་དུ་བྱས་པའི་རྣམ་པ་ཅན་དུ་བུས་པའི་ཤེས་པ་དེ་ལས་གཞན་པའི་མངོན་དུ་བྱེད་པའི་ཤེས་པ་ཡང་ཡིན་པ་དེ་བས་ན། ཇི་ལྟར་རྟོག་པ་མེད་པར་མ་གྲུབ་པ་མ་ཡིན་ཏེ། དབང་པོ་ལས་སྐྱེས་པའི་ཕྱིར་ཞེས་
རྗེས་སུ་དཔག་པ་ལས་ཡིན་ནོ་ཞེ་ན་འདིར་སྨྲས་པ། བུས་པ་ལ་སྒྲུབ་གང་ཡིན་ལ། །དེ་ཉིད་འདིར་ཡང་བརྗོད་པར་བྱ། །དབང་པོའི་བློ་དག་མཚུངས་ཕྱིར་རོ། །འདིས་ནི་མྱོང་སོགས་བཤད་པ་ཡིན། །ཞེས་བྱ་བ་ལ། གང་བུས་པའི་ཤེས་པ་རྟོག་པ་མེད་པ་ཉིད་སྒྲུབ་པར་བྱེད་པའི་དོན་མངོན་དུ་
བྱེད་པ་གང་ཡིན་པའི་དོན་མངོན་དུ་བྱེད་པ་ཐ་སྙད་ལ་བྱང་བའི་རྒྱུད་ལས་བྱུང་བའི་མངོན་སུམ་ལ་ཡང་རྟོག་པ་མེད་པ་ཉིད་གྲུབ་པར་བྱ་བའི་ཕྱིར། སྒྲུབ་བྱེད་དུ་བརྗོད་པར་བྱའི། དབང་པོ་ལས་སྐྱེས་པ་བརྗོད་པ་འདིས་ཅི་ཞིག་བྱ་སྟེ། དབང་པོའི་ཤེས་པ་རྣམས་དངོས་པོ་མངོན་དུ་བྱེད་པར་མཚུངས་པའི་ཕྱིར་རོ། །
གང་ཡང་ཉམས་སུ་མྱོང་བའི་རྣམ་པ་འཇུག་པའི་ཕྱིར་ཞེས་བྱ་བའི་རྟགས་གཞན་བརྗོད་པ་དེ་ཡང་། དོན་མངོན་དུ་བྱེད་པའི་མངོན་སུམ་འདིས་བསལ་བར་འགྱུར་ཏེ། རྟོག་པ་མེད་པ་ཉིད་དུ་གྲུབ་པའི་ཕྱིར་རོ། །འདི་ལྟར་མངོན་དུ་བྱེད་པ་ཉིད་ལ་རྟོག་པ་མེད་པས་ཁྱབ་ལ། རྟོག་པ་མེད་པ་ཉིད་ནི་རྟོག་པ་

དང་བཅས་པ་དང་འགལ་བའི་ཕྱིར་རོ། །ཡང་ན་མངོན་དུ་བྱེད་པ་ལ་ནི་རྟོག་པ་མེད་པས་ཁྱབ་པ་སྟེ། དེའི་ཕྱིར་འགལ་བས་ཁྱབ་པ་དམིགས་པས་རྟོག་པ་དང་བྲལ་བ་མཐོང་བའི་བདག་ཉིད་སྟོན་པར་འགྱུར་རོ། །གལ་ཏེ་རྟོག་པ་བཀག་པ་ཉིད་ཀྱིས་མངོན་དུ་བྱེད་པར་སྟོན་ཅིང་། དེས་
ཀྱང་མངོན་སུམ་སྟོན་ན་ནི། འོ་ན་གལ་ཏེ་རྟོག་པ་མེད་པ་ཉིད་མངོན་དུ་བྱེད་པར་གྲུབ་ན། མངོན་དུ་བྱེད་པས་ཀྱང་མངོན་སུམ་ཉིད་སྒྲུབ་པའི་ཕྱིར་ཟླ་བ་གཉིས་སུ་རིག་པ་ཡང་མངོན་སུམ་ཉིད་དུ་འགྱུར་རོ་ཞེ་ན། མ་ཡིན་ཏེ། འཁྲུལ་པ་མེད་པ་ཞེས་བྱ་བའི་ཁྱད་པར་ཡོད་པའི་ཕྱིར་རོ། །འོ་ན་འཁྲུལ་པ་མེད་
པ་ཉིད་ཡིན་མོད་རྟོག་པ་དང་བྲལ་བས་ཅི་ཞིག་བྱ་ཞེ་ན། མ་ཡིན་ཏེ། གཞན་གྱི་ལུགས་ལ་ལྟོས་ནས་ཁྱད་པར་དུ་ཉེ་བར་བཀོད་པའི་ཕྱིར་རོ། །དེ་སྐད་དུ་ཡང་མཚན་ཉིད་ཁྱད་པར་དུ་བྱས་པ་ནི་གཞན་གྱི་ལུགས་ལ་ལྟོས་པ་སྟེ། ཐམས་ཅད་རྟོག་པ་མེད་པ་ཉིད་དང་ཐམས་ཅད་འཁྲུལ་པ་མེད་པའི་ཤེས་
པ་ཉིད་དོ་ཞེས་བཤད་དོ། །སློབ་དཔོན་གྱིས་འཁྲུལ་བ་མེད་པར་ཡང་དམིགས་ཀྱིས་དགར་བས་རབ་རིབ་བཅས་པ་ཞེས་བྱ་བ་ཕྱིས་འཆད་པར་འགྱུར་རོ། །ཡང་ན་དབང་པོ་ལ་བརྟེན་ནས་འཇུག་པའི་ཕྱིར། དབང་པོ་ལ་བརྟེན་པའི་ཤེས་པ་ནི་མངོན་སུམ་སྟེ། དེའི་ཕྱིར་མངོན་དུ་བྱེད་པར་ཤེས་པར་བྱ་
སྟེ། ཤེས་པ་ཐམས་ཅད་མངོན་དུ་བྱེད་ཅིང་འཇུག་པ་ནི་རྟོག་པ་མེད་པ་ཉིད་དོ། །ཡང་ན་འདིས་ཡུལ་ལ་ཁྱབ་པའི་ཕྱིར་མངོན་སུམ་སྟེ། ཡུལ་གྱི་ངོ་བོ་ཉིད་ལ་ཁྱབ་པ་ཡང་མངོན་དུ་བྱེད་པ་ཉིད་ཡིན་པའི་ཕྱིར། དབང་པོ་ལས་སྐྱེས་པ་མ་ལུས་རྟོག་པ་དང་བྲལ་བ་ཅན་ནོ། །ཡང་ན་སློབ་དཔོན་མ་འཁྲུལ་
བར་བཞེད་པ་མ་ཡིན་ཏེ། རྟོག་པ་དང་བྲལ་བ་ཉིད་དོ་ཞེས་བྱ་བས་མཚན་ཉིད་བཤད་དོ། །འོ་ན་ཇི་ལྟར་ཟླ་བ་གཉིས་སུ་སྣང་བར་ལྡོག་པར་འགྱུར་ཞེ་ན། མ་ཡིན་ཏེ། ཐམས་ཅད་མངོན་དུ་བྱེད་པ་མངོན་སུམ་ཡིན་པའི་ཕྱ