Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 183

Văn bản gốc(Tây Tạng)

Trang 13 / 19 (50.000 ký tự/trang)
ས་འདི་ཡང་བརྗོད་བྱའི་ཁྱད་པར་ཚོལ་བའི་རྟོགས་པ་པོ་ལ་བརྗོད་ཟིན་ཏེ། འགའ་ཞིག་ནི་དེའི་ཚེ་ཉིད་འགའ་ཞིག་ལས་ཐོས་ནས་དོན་དུ་གཉེར་བར་འགྱུར་རོ། །རྣམ་པ་དེ་ལྟ་བུ་མ་ཐོས་པ་ནི་འདི་ལ་ཡིན་བཞིན་དུ་དང་པོར་འཆད་པར་རྩོམ་པ་ནི་དད་པའི་

ཡུལ་ཡང་མ་ཡིན་ནོ། །དཀའ་བའི་ཕྱིར་རོ་ཞེ་ན། དེ་ལྟ་ན་མ་ཡིན་ཏེ། བསྟན་བཅོས་དག་ཏུ་དཀའ་བའི་ཆ་དག་དབུས་དང་མཐར་མཐོང་ཡང་དང་པོ་དང་པོར་འཆད་པ་ལ་བརྟན་པ་ནི་མ་ཡིན་ན། འཆད་ན་ཡང་གོ་རིམས་འཁྲུལ་པ་མི་སྲིད་དོ། །མངོན་སུམ་གྱི་ལེའུ་
ལས་རྗེས་སུ་དཔག་པར་དཀའ་བ་ཡང་མ་མཐོང་ངོ་། །གཞན་ཡང་རྗེས་སུ་དཔག་པ་རྩོམ་པ་ལ་ངག་དང་པོ་གང་ཡིན་པ་དེ་གལ་ཏེ་རྗེས་སུ་དཔག་པ་སྟོན་པའི་གཞུང་ལ་འཇུག་པ་ཙམ་སྒྲུབ་པར་བྱེད་པ་ཡིན་ན། དེའི་ཚེ་འདིས་ཅི་ཞིག་བྱ་སྟེ། ཚད་མའི་མཚན་ཉིད་འཆད་པར་ལྷུར་བྱེད་པའི་ཕྱིར་
མངོན་སུམ་བཞིན་དུ་ཁྱད་པར་གྱི་མཚན་ཉིད་ཀྱི་སྐབས་སུ་གྱུར་པ་ན། རྣམ་ངེས་བཞིན་དུ་རྗེས་སུ་དཔག་པ་སྟོན་པ་ལ་ཡང་འཇུག་པ་གྲུབ་པའི་ཕྱིར་རོ། །འདིར་མངོན་སུམ་ལ་ལོགས་སུ་འབྲས་བུ་སྟོན་པར་བཞེད་པ་ནི་མེད་ལ། རྣམ་ངེས་སུ་ནི་རང་དོན་རྗེས་སུ་དཔག་པ་ལ་ཡང་མེད་དེ། ཚད་མ་སྟོན་
པ་དོན་དུ་གཉེར་བ་ཉིད་ཀྱིས་འཇུག་པ་འགྲུབ་པའི་ཕྱིར་རོ། །དེའི་ཕྱིར་གོ་རིམས་སྤངས་ནས་ཅིའི་ཕྱིར་རྗེས་སུ་དཔག་པ་དང་པོར་བསྟན་ཏེ། དེའི་ཕྱིར་ངག་དང་པོའི་ཆེད་དུ་བྱ་བ་ནི་དང་པོ་ལ་འཇུག་པ་ཡིན་ནོ། །གལ་ཏེ་ཡང་གནས་གསུམ་པ་ན་གནས་པའི་རྗེས་སུ་དཔག་པ་དང་པོ་འཆད་པ་ལྷུར་
བྱེད་པ་དེའི་ཚེ། ཅིའི་ཕྱིར་རྗེས་སུ་དཔག་པ་དང་པོར་འཆད་ཅེས་དོགས་པ་ལ། དོན་དང་དོན་མ་ཡིན་པ་རྣམ་པར་འབྱེད་པ་ནི་རྗེས་སུ་དཔག་པ་ལ་བརྟེན་པའི་ཕྱིར། དེ་བཤད་པར་བྱའི་ཞེས་དེ་ལྟར་བརྗོད་པར་རིགས་ཀྱི་དེ་རྣམ་པར་གཞག་པའི་ཕྱིར་བཤད་པ་ཞེས་བྱ་བར་ནི་མ་ཡིན་ཏེ། འདི་
ནི་མདོ་བྱེད་པས་རྗེས་སུ་དཔག་པ་དང་པོར་ཅི་སྟེ་བརྗོད་ཅེས་དོགས་པ་ན་འཇུག་པར་བྱེད་པའི་དང་པོར་སྟོན་པར་བྱེད་ཀྱི། བཤད་པ་ཙམ་གྱིས་ནི་མ་ཡིན་ནོ། །དེ་ནི་བྱེད་པ་ལ་ལྟོས་པ་ཉིད་ཀྱི་དང་པོ་ཡིན་པའི་ཕྱིར། མང་དུ་སྨྲས་པས་ཆོག་གོ། །དེའི་ཕྱིར་སློབ་དཔོན་ལྷ་དབང་བློ་འཁྲུལ་
པ་མ་ཡིན་ནོ། །ཛ་ཡཱནྟ་དང་དེས་ཡོངས་སུ་ཟིན་པའི་བཤད་པ་བྱེད་པ་དག་ལ་ན་དགོས་པ་ཡང་མེད་དེ། དེས་ན་སློབ་དཔོན་གྱི་ཡིན་པ་མཆོག་གོ། །གཞན་ཡང་ཚད་མ་གྲུབ་པ་ཉིད་དང་པོ་ཡིན་ན། རྟོག་པའི་དྲ་བ་རྣམ་བསལ་ཞིང་། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་འདི་

ཉིད་ཀྱི་དང་པོར་བྱ་བར་འགྱུར་གྱི། རྗེས་སུ་དཔག་པའི་དང་པོར་ནི་མ་ཡིན་ནོ། །རང་གི་དོན་གྱི་རྗེས་དཔག་གི་དང་པོར་བཤད་ཀྱང་ཚིགས་སུ་བཅད་པ་གཉིས་པོ་འདི་ནི་ཚད་མ་གྲུབ་པའི་ལེའུ་དང་པོར་བལྟ་བར་བྱའོ་ཞེ་ན། དེར་ལྟོས་མོད། སློབ་དཔོན་གྱིས་ནི་དེ་ཉིད་དུ་མ་མཛད་དོ་ཞེས་བྱ་བ་
རང་གི་ཚིག་ཉིད་ཀྱིས་ཡོངས་སུ་རྫོགས་པར་འགྱུར་རོ། །ཅིའི་ཕྱིར་ན་ཡུལ་འདི་ལ་སློབ་དཔོན་ནི་མི་མཁས་ཀྱི། འོན་ཀྱང་བདག་ཅག་མཁས་པ་ཡིན་ནོ་ཞེས་བྱ་བར་འགྱུར་བའི་ཕྱིར་མ་སྤངས་སོ། །དེས་ན་གལ་ཏེ་བཤད་པ་ལ་སྙད་བཏགས་ནས་ཤེས་རབ་འབྱུང་གནས་སྦས་པས་སློབ་དཔོན་
གྱི་སྐྱོན་ཉིད་བརྗོད་པར་འདོད་པ་དེའི་ཚེ་འདི་རིགས་ན། དེའི་ཚེ་ཡང་དེ་ལྟར་དོན་འགྲིབས་པར་དཀའོ། །གལ་ཏེ་ཚད་མ་ཡང་དག་ཅེས་བྱ་བ་ལ་སོགས་པ་རྣམ་འགྲེལ་མཛད་པའི་ཐུགས་ལ་གནས་པ་འདིས། ངག་ཏུ་བརྗོད་པར་བྱའོ་ཞེས་བྱ་བ་འདི་ལ་རྩོད་པ་མེད་པ་དེའི་ཚེ། རྟོག་པའི་དྲ་བ་
རྣམ་བསལ་ཞིང་། །ཞེས་བྱ་བ་ལ་སོགས་པས་འབྲས་བུའི་གནས་སྐབས་གཉིས་ཀྱིས་བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་ཡང་རྒྱུ་དང་འབྲས་བུའི་གནས་སྐབས་བཞིས་ཕྱག་འཚལ་ཏེ། ཚད་མ་གྲུབ་པ་ཚུལ་བཞིན་བཤད་པར་བྱ་ཞེས་བརྗོད་པ་ནི་མི་འགྲིགས་པ་ཉིད་དོ། །ཡང་
གང་གི་ཚེ་ཚད་མ་ཡང་དག་ཅེས་བྱ་བ་ལ་སོགས་པ་ནི་རྣམ་བཤད་བྱེད་པ་ཉིད་ཀྱིས་ཡིན་ཞིང་། དེ་ལྟ་བུར་གྱུར་པའི་བཅོམ་ལྡན་འདས་ལ་ཕྱག་འཚལ་ནས། རྣམ་འགྲེལ་མཛད་པས་ཚད་མ་གྲུབ་པ་བཤད་པར་བྱའོ་ཞེས་ཁོང་ནས་ཕྱུང་ནས་དོན་རྗོད་པར་བྱེད་པ་དེའི་ཚེ་ཡང་། གལ་ཏེ་རྟོག་པའི་
དྲ་བ་རྣམ་བསལ་ཞིང་། །ཞེས་བྱ་བའི་དོན་ཉིད་ཚད་མ་ཡང་དག་ཅེས་བྱ་བ་ལ་སོགས་པ་འདིས་བསྟན་པར་གྱུར་ན། བརྗོད་པ་མཛེས་པ་ཞིག་ནི་དེ་ལྟ་ཡང་མ་ཡིན་ཏེ། རྟོག་པའི་དྲ་བ་རྣམ་བསལ་ཞིང་། །ཞེས་བྱ་བ་ལ་སོགས་པ་འདིས་ནི་འབྲས་བུ་ཙམ་ཞིག་བརྗོད་པའི་ཕྱིར་རོ། །གཞན་ཡང་
དེ་ལྟ་ན་དེ་གཉིས་ཀྱང་འཆད་པར་འགྱུར་རོ། །དེས་ན་ཚིགས་བཅད་འདི་གཉིས་ནི་རྣམ་བཤད་བྱེད་པས་བརྩམས་པ་ཡིན་ནོ། །དེས་ན་གལ་ཏེ་ལེའུ་འདི་གསུམ་པ་ཉིད་ཡིན་ཞིང་བཀོལ་བའི་མདོ་བཞིན་དུ་དང་པོར་བཤད་པ་འབའ་ཞིག་ཏུ་ཟད་ན། དེའི་ཚེ་ཐམས་ཅད་འཆད་པར་རྩོམ་པ་དང་རྗེས་

སུ་མཐུན་པའི་ཚིགས་སུ་བཅད་པ་གཉིས་པོའི་དོན་གནས་མ་ཡིན་པར་ལྟུང་བར་འགྱུར་རོ། །ཅི་སྟེ་འདི་ཐམས་ཅད་རྩོམ་པ་ཉིད་ཡིན་ན། །དེའི་ཚེ་དོན་གང་འདོད་པས་རིམ་པ་ལས་རྒལ་ནས་དང་པོ་འཆད་པ་དེས་དང་པོ་ཉིད་ནས་ཅིའི་ཕྱིར་མི་བྱེད་ཅེས་བྱ་བ་བཟློག་པར་
དཀའོ། །གལ་ཏེ་བྱེད་པའི་རིམ་པ་ནི་དེ་འདྲ་བ་ཉིད་དུ་རིགས་སོ་ཞེ་ན། བཤད་པའི་རིམ་པ་ཡང་དེ་ལྟ་བུ་ཉིད་ཡིན་པས་ན་མཚུངས་སོ། །དེ་ལ་རྙེད་པའི་ཁྱད་པར་འདོད་པར་བཤད་པའི་གོ་རིམས་ལས་འདའ་བར་ནུས་ལ། བྱེད་པའི་གོ་རིམས་ལས་ནི་མ་ཡིན་ཞེས་བྱ་བ་ལ་མནའ་ཆུ་
བཏུང་བ་ཚད་མར་བྱའོ། །གལ་ཏེ་དེ་ལྟ་ན་ཡང་བཤད་པའི་ཚིགས་སུ་བཅད་པ་གཉིས་རྩ་བ་ལ་སྣང་བ་ཅི་ལྟར་རྩ་བའི་ཡིན་ནོ་ཞེ་ན། ལེའུ་དང་པོར་ཕྱག་བྱས་ན་ཡང་གཉིས་པར་ཡང་བྱེད་པ་ཞེས་བྱ་བ་འདི་ཅི་འདྲ་བ་ཞིག་ཡིན་ཞེ་ན་ཉེས་པ་འདི་ནི་མེད་དེ་སྐབས་ཀྱི་བརྗོད་བྱ་ཚད་མ་ལ་ཡང་གུས་
པ་བསྐྱེད་པའི་རང་བཞིན་ཐུགས་ལ་གནས་པའི་ཚིགས་སུ་བཅད་པ་ནི་དེ་རྗོད་པར་བྱེད་པའི་བསྟན་བཅོས་ལ་འཇུག་པ་འཕེན་པར་བྱེད་པ་ཡིན་ལ་དེས་འཕངས་པའི་བསྟན་བཅོས་ཀྱི་ཆ་ཤས་རྗེས་སུ་དཔག་པ་དང་པོ་བརྗོད་པར་བྱ་བ་ལ་རྩོམ་པར་འགྱུར་བ་ཡང་། རང་དང་གཞན་དག་
གེགས་མེད་པར་འགྲུབ་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་ལ་མཆོད་པར་བརྗོད་པ་ལ་ལྟོས་པ་ཉིད་དེ་དེས་སྟོང་པའི་ཕྱིར་རོ། །གོ་རིམས་གཞན་ལ་ནི་ཚད་མ་ཡང་དག་ཅེས་བྱ་བ་ལ་སོགས་པའི་རྩོམ་པ་འདི་ཉིད་ཀྱིས་མགོན་དང་བཅས་པའི་ཕྱིར་སྟོང་པ་ཉིད་དུ་མ་གྲུབ་པོ། །ཡང་ན་ཚིགས་སུ་
བཅད་པ་བཤད་པ་ཉིད་ཀྱི་ཡིན་ཡང་འགའ་ཞིག་ཏུ་རྩ་བར་ཡང་བྲིས་པ་ནི། རྩོམ་པ་མེད་པའི་ཕྱིར་དང་། བྱེད་པ་པོ་གཅིག་པའི་ཕྱིར་རྣམ་པ་འགའ་ཞིག་ལྟར་ལྟོས་པར་གྱུར་པ་དེ་བཞིན་དུ་དར་བ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དེ་དག་མ་བཤད་པས་རིམ་པ་གཞན་བཞིན་དུ་འཐད་པར་དཀའ་བའི་སྐྱོན་
མེད་དོ། །དེའི་ཕྱིར་གོ་རིམས་གཞན་འཁྲུལ་པ་ཡིན་ནོ་ཞེས་སྔ་མ་རྣམས་ཟེར་བ་ན་བདག་ཉིད་འཁྲུལ་པ་ཤིན་ཏུ་བསྟན་པ་ཉིད་དུ་སྟོན་པར་བྱེད་པ་ཡིན་ནོ། །ཡང་གལ་ཏེ་བརྗོད་བྱ་ལ་སོགས་པ་ཟབ་མོ་ལ་དེ་དག་གི་འཁྲུལ་པ་ཤིན་ཏུ་ཆེན་པོ་དམིགས་པ་དེ་ལྟར་ན་ཡང་། དེ་ཙམ་གྱིས་

ཡི་གེ་ཙམ་ལ་བྱང་བའི་སྤྱོད་ཡུལ་ལ་དོགས་པར་བྱ་བ་ནི་མ་ཡིན་ནོ། །གལ་ཏེ་དེ་ལྟ་ན་ཡང་བརྗོད་བྱ་ལ་འཁྲུལ་པ་ཉིད་སློབ་དཔོན་ལྷ་དབང་བློ་དངོས་སུ་ཉན་པ་ལ་ཇི་ལྟར་འགྱུར་ཏེ། འདིས་འདི་བཤད་དོ་ཞེས་འཛིན་པའི་ནུས་པ་ནི་བྱིས་པ་ལ་ཡང་མི་ཉམས་པའི་ཕྱིར་རོ། །དེས་ན་འདིས་
ཕྱོགས་ཀྱི་གླང་པོ་འཆད་པར་བྱེད་དོ་ཞེས་ཅི་ལྟར་བརྗོད། དེ་བས་ན་ཇི་ལྟར་ཤིན་ཏུ་རགས་པ་འདི་ལ་འཁྲུལ་པ་དེ་བཞིན་དུ། ལེའུའི་གོ་རིམས་ལ་ཡང་ཅི་ལྟར་མི་འགྱུར་ཞེ་ན། དེ་ནི་མི་གཙང་བས་མི་གཙང་བ་འཁྲུ་བར་བྱེད་པ་ཡིན་ཏེ། དངོས་སུ་ཉན་པ་མཁས་པའི་མིང་ཅན་ལ། འདི་འདིས་
འཆད་པར་བྱེད་དོ་ཞེས་བྱ་བའི་ངེས་པ་ཡང་རྙེད་པར་དཀའ་བ་མ་ཡིན་ནོ། །གང་ལས་དཔེར་འགྱུར། གལ་ཏེ་ཡང་སྟོབས་དང་ལྡན་པའི་སློབ་དཔོན་ཤེས་རབ་འབྱུང་གནས་སྦས་པ་འདི་ལྟར་འདི་གསུང་རབ་ཀྱི་རྣམ་འགྲེལ་ཡིན་ནོ་ཞེས་བརྗོད་པར་མི་སྲིད་པ་དེ་བཞིན་དུ། གོ་རིམས་ཀྱི་ལོག་
པར་རྟོགས་པས་འདི་ལ་ཡང་ངོ་ཞེས་འདོད་ན་དེའི་ཚེ་དཔེ་ཉམས་པ་ཅི་ཡང་མེད་དོ། །དེར་ཁྱོད་ཀྱི་བཤད་པ་འཆད་པ་ནུས་པ་ནི་ཤིན་ཏུ་མཐར་ཕྱིན་པ་ཡིན་ནོ། །འདིར་དོན་དམ་པ་གང་ཞིག་ཡིན། དེ་ཙམ་དུ་ཤིན་ཏུ་རགས་པའི་དོན་ཕྱོགས་ཀྱི་གླང་པོ་འདིས་བཤད་དོ་ཞེས་བྱ་བ་དེ་ལྟ་བུའི་རང་
བཞིན་ལ། ལྷ་དབང་བློ་དངོས་སུ་ཉན་པ་ཚད་མ་མ་ཡིན་ནོ་ཞེས་བརྗོད་པའམ། ཚད་མར་བྱེད་ན་ཡང་བཤད་པའི་བྱེད་པའི་གྲགས་པ་མ་ཡིན་པ་བསལ་བར་མི་ནུས་སོ་ཞེ་ན། འདིར་ཁ་ཅིག་སྨྲས་པ་ནི་དེའི་ལུགས་ནི་གསལ་བྱ་ཞེས་བྱ་བ་གཞན་དུ་ཡང་དྲང་བར་ནུས་པའི་ཕྱིར་རྒྱན་གྱི་གསུང་རབ་
ཀྱི་རྣམ་འགྲེལ་དུ་དམ་བཅའ་བ་ནི་རང་ཉིད་མཁས་པར་གསལ་འདེབས་པ་ཙམ་དུ་ཟད་ཀྱི། ཕྱོགས་ཀྱི་གླང་པོའི་རྣམ་འགྲེལ་ཉིད་དུ་མི་འདོད་པ་ནི་མ་ཡིན་ཏེ། དེས་ཉེས་པ་མེད་དོ་ཞེས་ཟེར་རོ། །གཞན་དག་ནི་འདི་མི་མ་ཟོད་པས་འདི་འདིའི་ཡིན་ནོ་ཞེས་འདོད་པ་ཡིན་ནོ་ཞེས་གཞུང་འདི་ཉིད་ལས་
ངེས་པར་བྱ་སྟེ། གཞན་དུ་ཡང་ཡིད་བརྟན་དུ་མེད་པའི་ཕྱིར་རོ་ཞེའོ། །དེ་ནི་རིག་མོད་ཀྱི་འོན་ཀྱང་ཉེས་པ་དེ་ནི་སོ་ན་གནས་པ་ཉིད་དོ། །དེ་ལྟ་ན་ནི་འོ་ན་རྣམ་འགྲེལ་མཛད་པ་བཞིན་དུ། རྣམ་བཤད་མཛད་པ་ཡང་རང་དབང་དུ་གསུང་རབ་ཉིད་ཀྱིས་འགྱུར་རོ། །སློབ་དཔོན་གྱིས་བཤད་པར་ཁས་

བླངས་ན་ནི། དེའི་འདོད་པའི་རྗེས་སུ་འཇུག་པ་སྐྱོན་ཡིན་ལ། རང་རྒྱུད་ལ་ནི་དེ་ཉིད་ཡོན་ཏན་ཡིན་ཏེ། སྔོན་གྱི་གཞལ་བྱ་རྗེས་སུ་བརྗོད་པར་ནི་སྨྲ་ནུས་པའི་ཕྱིར་རོ། །རྣམ་ངེས་སུ་ཕྱོགས་ཀྱི་གླང་པོའི་ལས་བདག་ཉིད་ཀྱི་ལ་སློབ་དཔོན་དྲངས་པ་ནི་དེ་ལྟ་བུར་
གྱུར་པ་ཉིད་བརྟན་པར་བྱ་བའི་ཕྱིར་རོ་ཞེས་བྱ་བ་ལ་མི་འཐད་པ་ཅི་ཡོད། འདི་སྙམ་དུ་གལ་ཏེ་ཅི་ལྟར་རྣམ་འགྲེལ་མཛད་པས་སློབ་དཔོན་གྱི་ཡི་གེ་དེ་ཉིད་འགའ་འགའ་ཉིད་དུ་བྲིས་པ་དེ་བཞིན་དུ་རྣམ་འགྲེལ་ཡང་རྣམ་བཤད་མཛད་པ་ཡིན་པ་དེའི་ཚེ། ཁུངས་ཙམ་དུ་བརྗོད་པ་ཡིན་ནོ། །
གང་གི་ཚེ་བརྩམས་པའི་ལེའུ་གསུམ་ཡི་གེ་དང་རིམ་པ་དེས་བྲིས་པ་དེའི་ཚེ་སྐབས་ཀྱི་ཉེས་པ་སྤང་བར་མི་ནུས་པ་ཉིད་ལུས་ཀྱི་རང་རྒྱུད་སྟོན་པ་ནི་མ་ཡིན་ནོ། །དེས་ན་འདིར་དོན་དམ་པ་ནི་སློབ་དཔོན་ལྷ་དབང་བློས་རྣམ་འགྲེལ་མཛད་པ་ལས་རྣམ་འགྲེལ་ནི་དངོས་སུ་མ་ཐོས་ཀྱི། འོན་ཀྱང་
ཕྱོགས་ཀྱི་གླང་པོ་ཉིད་དོ། །དེའི་དོན་གྱིས་སློབ་དཔོན་རྗེས་སུ་བསྟན་པ་ཡིན་ནོ། །དེ་ལ་དེའི་མངོན་ཞེན་ངེས་པ་ཙམ་ཕུལ་དུ་དབྱུང་དུ་མེད་པ་མཁས་པའི་རྒྱ་མཚོས་རྣམ་འགྲེལ་མཛད་པའི་བཤད་པ་ལས་སློབ་དཔོན་ལྷ་དབང་བློས་དེ་ལྟ་བུ་འདུས་བྱས་པའི་ཁྱད་པར་ཐོབ་སྟེ། ཇི་ལྟར་མཛད་པ་
ལ་ཕྱོགས་ཀྱི་གླང་པོ་ལ་མངོན་པར་ཞེན་པ་དང་། རྣམ་འགྲེལ་ལ་ཡང་ཉེ་བར་བསྟན་པ་ལ་མི་ལྟོས་པར་རྟོགས་པའི་རློམ་པས་སྒྲོ་བཏགས་ཤིང་། ཕྱོགས་ཀྱི་གླང་པོའི་སྐྱོན་སྤངས་པ་ཡང་གནས་དང་གནས་སུ་མཐོང་ནས། དེའི་རྣམ་འགྲེལ་ཉིད་དུ་བསམས་ཏེ། གཞུང་བྱེད་པར་སྤྲོ་བ་ཡིན་ནོ། །རྣམ་
འགྲེལ་མཛད་པ་འགྲེལ་བས་ནུས་པ་ཉམས་པས། ལྷག་མའི་བཤད་པ་བྱེད་པ་ནི་རེ་ཞིག་བཏང་སྙོམས་སུ་བྱས་ལ། ཉེ་བར་བསྟན་པའི་ཁྱད་པར་སྟེར་བ་ལ་ཡང་བཏང་སྙོམས་སུ་བྱས་སོ། །བསམ་པ་ནི་འདི་ཡིན་ནོ། །མངོན་པར་འདོད་པའི་ཚད་མ་སྒྲུབ་པ་ནི་རེ་ཞིག་གཙོ་བོའི་ཚུལ་གྱིས་
འབྱུང་བར་འགྱུར་བ་ཉིད་དོ། །ཕྱོགས་ཀྱི་གླང་པོའི་རྣམ་འགྲེལ་ཉིད་དུ་སྒྲོ་འདོགས་པ་ལྷག་མ་ཡང་གནོད་བྱེད་མ་ཡིན་ནོ། །ཤིན་ཏུ་ཟབ་པ་མ་རྟོགས་ན་ཡང་དེ་ཙམ་གྱིས་ཀྱང་ཉན་པ་པོ་དག་མཐར་བཅོམ་ལྡན་འདས་ཉིད་ཚད་མར་བྱེད་པར་འགྱུར་རོ། །གལ་ཏེ་ཤེས་རབ་ཕུལ་དུ་བྱུང་བ་དང་ལྡན་

པ་འགའ་ཞིག་ཡོད་ན་ནི་དོན་དམ་པར་རྟོགས་པར་འགྱུར་རོ། །དེའི་ཕྱིར་ལྷ་དབང་བློ་ལ་ཉེ་བར་བསྟན་པ་བརྒྱུད་པ་མེད་པའི་ཕྱིར་བརྗོད་བྱ་ལ་འཁྲུལ་པར་རིགས་སོ། །ཡང་ན་མ་འཁྲུལ་ན་ཡང་ཕྱོགས་ཀྱི་གླང་པོ་ལ་མངོན་པར་ཞེན། དེ་ཉིད་ཀྱི་རྣམ་འགྲེལ་དུ་སྦྱོར་བར་བྱེད་པ་ཡིན་
གྱི། བྲིས་ནས་སྤྱོད་པའི་ལེའུའི་གོ་རིམས་ལ་ནི་དེ་ལྟར་འཁྲུལ་པ་མ་ཡིན་ནོ། །ཁྱད་པར་དུ་ཡང་དང་པོ་དང་གཉིས་པ་ལ་སོགས་པའི་མིང་དང་གྲངས་ཡོད་པའི་ཕྱིར་རོ། །ཕྱོགས་ཀྱི་གླང་པོ་དང་རྗེས་སུ་མཐུན་པ་མ་ཡིན་པའི་ཕྱིར་དེ་སྤངས་པ་ཡང་མ་ཡིན་ཏེ། དེར་ནི་དང་པོ་བསྟོད་
པའི་ཕྱིར་བཤད་པ་ཉིད་རྗེས་སུ་མཐུན་པ་ཡིན་ནོ། །དེས་ན་ཅི་ལྟར་རབ་ཏུ་གྲགས་པའི་ལེའུའི་རིམ་པ་ཉིད་རྣམ་འགྲེལ་མཛད་པ་ཡིན་ནོ་ཞེས་བྱ་བ་འདི་གནས་སོ། །འཐད་པ་གཞན་གྱིས་ཀྱང་ལེའུའི་རིམ་པ་འདི་ཉིད་བཞེད་པ་ཡིན་ནོ་ཞེས་ལེའུ་གཞན་གྱི་དང་པོ་འཆད་པར་འགྱུར་རོ། །དེ་ལྟ་
ཡིན་དང་ཚད་མ་ཡང་དག་ཅེས་བྱ་བ་ལ་སོགས་པའི་ངག་དང་པོ་ཉིད་ཉམས་པའི་རྩད་པ་སོ་ན་འདུག་གོ་ཞེས་བྱ་བ་དེ་ཡང་མེད་དོ། །ལེའུ་ལྷག་མ་གསུམ་ལ་ཡང་བསྟན་བཅོས་ཀྱི་སྒྲ་ཉམས་པ་མེད་པའི་ཕྱིར་ཏེ། ཡལ་ག་གཅིག་ཆད་པའི་ཤིང་ལ་ཤིང་གི་ཐ་སྙད་བཞིན་ནོ། །འདིས་ནི་
བསྟན་བཅོས་ཀྱི་དང་པོར་བསྟོད་པ་མངོན་པར་བརྗོད་པ་ནི་ཞེས་བྱ་བར་རྣམ་པར་བཤད་པ་ཡང་བཤད་པ་ཡིན་ནོ། །གང་ཡང་རང་གི་དོན་གྱི་རྗེས་སུ་དཔག་པའི་དེ་མ་ཐག་ཏུ་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ཡིན་པས་ཞེས་གསུངས་པས་དེར་ཡང་དེ་མ་ཐག་པ་ལྷུར་བྱེད་པ་ནི་མ་ཡིན་གྱི། འོན་ཀྱང་གོ་རིམས་
འཆོལ་བ་འགོག་པ་ཡིན་ཏེ། ཇི་ལྟར་བཤད་པའི་རྒྱུ་མཚན་གྱི་མངོན་སུམ་ལས་རྒལ་ནས་རྗེས་སུ་དཔག་པ་སྔར་བཤད་པ་དེ་བཞིན་དུ་རྩོམ་པ་ཐམས་ཅད་གཞན་གྱི་དོན་དུ་ཡིན་པས་ན། གཞན་དོན་ནི་རང་གི་དོན་གྱི་རྗེས་སུ་དཔག་པ་ལས་སྔར་ཅི་སྟེ་མ་ཡིན་ཞེས་འདོགས་ན་རང་གི་དོན་གྱི་རྗེས་
སུ་དཔག་པའི་དེ་མ་ཐག་ཏུ་ཞེས་དེ་མ་ཐག་པའི་སྒྲ་བྱས་པ་ནི། དུས་ཕྱི་མ་ཉེ་བར་མཚོན་པ་ལྷུར་བྱེད་པ་ཡིན་ནོ། །དེ་ལྟར་ཡང་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ནི་རང་གི་དོན་གྱི་རྗེས་སུ་དཔག་པ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་རོ་ཞེས་གཏན་ཚིགས་ཀྱིས་གསལ་བར་འགྱུར་རོ། །འདིས་

ནི་འཇུག་པའི་རིམ་པ་ལས་བཤད་པའི་རིམ་པ་ཡིན་ནོ་ཞེས་བསྟན་ཏོ། །རང་གི་དོན་གྱི་རྗེས་སུ་དཔག་པ་ཙམ་གྱིས་གཞན་གྱི་དོན་གྱི་རྗེས་སུ་དཔག་པར་མི་འགྱུར་ཏེ། བསྟན་པར་བྱ་བའི་ཤེས་པར་འདེད་པ་ལ་སོགས་པ་ལ་ལྟོས་པས། དུས་ཀྱིས་ཆོད་པ་ལ་
སོགས་པ་སྲིད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་སྔོན་དུ་འགྲོ་བའི་སྒྲ་བྱས་པ་ཡིན་ནོ། །དེས་ན་འཇུག་པ་ལ་བར་ཆོད་ཡོད་པས་ན་བཤད་པ་ཡང་དེ་མ་ཐག་པ་ངེས་པ་ཡོད་རེ་སྐན། ཡང་ན་རྗེས་སུ་དཔག་པ་གཞན་མེད་པའི་ཕྱིར་ན། རིགས་མཐུན་པས་བར་མ་ཆོད་པས་དེ་མ་ཐག་པ་ཡིན་ཏེ།
དཔེར་ན་འདས་ནས་རིང་དུ་ལོན་པ་མཚུངས་པ་དེ་མ་ཐག་པས་ཡིན་པ་བཞིན་པས་ཉེས་པ་མེད་དོ། །ཡང་ན་གྲངས་ཅན་གྱི་འདོད་པ་བཟློག་པའི་དོན་དུ་དེ་སྐད་བརྗོད་པ་ཡིན་ནོ་ཞེས་འཆད་པར་འགྱུར་རོ། །རྗེས་སུ་དཔག་པའི་ལེའུ་བཤད་པ་ལ་ཁ་ཅིག་ཏུ་འཆད་པར་འགྱུར་བར་བསྟན་པ་ནི་རང་གི་
བྱ་བ་ལ་ལྟོས་པ་ཡིན་ཏེ། སྐད་ཅིག་མ་ཉིད་ཡོད་པ་ཙམ་དང་རྗེས་སུ་འབྲེལ་པ་ཡང་ཡོད་པའི་རང་བཞིན་ནི་རྟོགས་པ་ཉིད་ཡིན་པའི་ཕྱིར་རོ་ཞེས་རྟོགས་པའི་ཡུལ་སྐད་ཅིག་ཉིད་དུ་ངེས་པར་སྒྲུབ་པར་འགྱུར་རོ། །དེ་ལ་ཚད་མ་ཉིད་ཀྱིས་རྗེས་སུ་དཔག་པ་ལ་འཇུག་པ་འགྲུབ་ཀྱང་། དང་པོར་
བརྗོད་པའི་དོན་ཁོ་ནར་དོན་རང་དོན་མ་ཡིན་པ་ཞེས་བྱ་བ་ལ་སོགས་པ་འཇུག་པ་འཕེན་པའི་ངག་དང་པོ་གྲུབ་པས། དེར་ནི་ཚད་མ་ཡང་དག་ཅེས་བྱ་བ་ལ་སོགས་པའི་ངག་འདི་མཁོ་བ་མེད་དོ། །ལྷག་མ་རྣམས་སུ་ནི་འདི་ཁོ་ན་མཁོ་བ་ཡིན་ནོ། །འོ་ན་ནི་དང་པོར་བསྟན་བཅོས་བྱེད་པ་རང་ཉིད་
ཀྱི་འཇུག་པ་འཕེན་པའི་ངག་རིགས་སོ་ཞེ་ན་མ་ཡིན་ཏེ་རང་ཉིད་དམ་དེ་འདྲ་བ་གཞན་གྱིས་ཀྱང་རུང་སྟེ། ཁྱད་པར་འགའ་ཡང་མེད་དོ། །དཔེར་ན་སྒྲ་རྗེས་སུ་བསྟན་པའི་དབང་དུ་བྱས་ཏེ་ཞེས་བྱ་བ་བཞིན་ནོ། །འཆད་པ་པོ་འབའ་ཞིག་གི་ཚིག་ནི་རྩེ་བའི་དོན་དུ་སྲིད་ཀྱི། འགྲེལ་པ་བྱེད་པའི་ནི་མ་
ཡིན་པས། དེས་དྲག་པོ་བྱས་པ་ལ་ཡང་སྐྱོན་ཅི་ཡང་མེད་དོ། །ཚད་མ་གྲུབ་པ་ཚུལ་བཞིན་བརྗོད་པར་བྱ་ཞེས་བྱ་བ་དང་པོར་བརྗོད་པས། ཚད་མ་སླུ་བ་མེད་ཅན་གྱི་ཤེས་པ་ཞེས་བྱ་བ་ལ་སོགས་པ་བསྡུས་ནས་དང་པོར་རྗེས་སུ་དཔག་པ་བརྗོད་པར་ཡང་མི་འགྱུར་རོ། །འདིས་ཅི་ཞིག་བྱ་སྟེ་ཞེན་

པ་ཉིད་དོ་ཞེ་ན་མ་ཡིན་ཏེ། དོན་དང་དོན་མ་ཡིན་པ་ཞེས་བྱ་བ་ལ་སོགས་པའི་དགོས་པ་བཤད་ཟིན་པའི་ཕྱིར་རོ། །འོ་ན་རྣམ་ངེས་སུ་རྗེས་སུ་དཔག་པ་དང་པོར་བཤད་པ་ལ་དེ་མེད་དོ་ཞེ་ན། ཡོད་མོད་ཀྱི་འོན་ཀྱང་རབ་ཏུ་བྱེད་པ་ལ་བརྟེན་པའི་ཁྱད་པར་མདུན་དུ་བཤད་པར་བྱའོ། །དེའི་ཕྱིར་ན་
རྗེས་སུ་དཔག་པ་དེ་མ་ཐག་ཉིད་དུ་ཚད་མ་གྲུབ་པ་ཚུལ་བཞིན་བཤད་པར་བྱ་ཞེས་འཇུག་པའི་དོན་དུ་བརྗོད་བྱ་བསྟན་པར་རིགས་པ་ཡིན་ནོ། །གལ་ཏེ་དེ་ལྟ་ན་ཡང་དོན་འདི་མ་འབྲེལ་པ་ཡིན་ཏེ། ཕྱོགས་ཀྱི་གླང་པོའི་རྣམ་འགྲེལ་ཡིན་པའི་ཕྱིར་ན་དེ་ཉིད་བརྗོད་བྱ་ཡིན་ནོ་ཞེ་ན་ཕྱོགས་ཀྱི་གླང་པོའི་
རྣམ་འགྲེལ་ཡིན་ནོ་ཞེས་བྱ་བའི་གཏམ་འདི་ཡང་ག་ལས་ཡིན། བྱིས་པའི་ཚུལ་ཅན་ལ་གྲགས་པ་བསྙོན་པར་དཀའ་བའི་ཕྱིར་རོ། །སྒྲ་ཚད་མ་མ་ཡིན་ནོ་ཞེས་གང་བརྗོད་པ་དེ་ཡང་མི་འཐད་དེ། གནོད་པ་མེད་པ་ཚད་མར་མི་བྱེད་ན་ཡི་གེ་འདི་སློབ་དཔོན་ཆོས་ཀྱི་གྲགས་པའི་ཡིན་ནོ་ཞེས་བྱ་བའི་ཐ་
སྙད་ཀྱང་མི་བྱ་བར་འགྱུར་རོ། །གང་ཡང་དོན་གྱིས་དེའི་གཞུང་བཤད་པ་ཡིན་ནོ་ཞེས་བྱ་བ་མན་ངག་ཙམ་ཡིན་གྱི། གཞུང་ཉིད་ནི་མ་ཡིན་ནོ་ཞེས་སྨོས་པ་དེ་ཙམ་གྱིས་རྣམ་འགྲེལ་དུ་གྲུབ་པའི་ཕྱིར་གཞན་ཉེ་བར་མཁོ་བ་མེད་དོ། །བཤད་པ་ནི་རྣམ་པ་གཉིས་ཏེ་འགྲེལ་པ་ལ་སོགས་པ་
དངོས་སུ་ཚིག་བྲིས་ཏེ། དེ་རིམ་པའི་རྗེས་སུ་འཇུག་པའི་འགྲེལ་པ་དང་ཚིག་མ་བཀྲོལ་བར་དེའི་རིམ་པ་ལ་མ་ལྟོས་པར་བརྒལ་པ་དང་ལན་དང་། བཤད་པའི་ཁྱད་པར་ཙམ་གྱི་མཚན་ཉིད་ཅན་རྣམ་འགྲེལ་ཞེས་བརྗོད་པ། དོན་གཙོར་བྱེད་པ་གང་ཡིན་པའོ། །དེས་ན་དོན་གྱིས་དེའི་གཞུང་
འཆད་དོ་ཞེས་སྒྲུབ་པ་ནི། ངེད་ཀྱི་ཕྱོགས་ལ་མི་གནོད་དོ། །འདི་ནི་ཕྱོགས་ཀྱི་གླང་པོའི་འགྲེལ་པ་ལ་སོགས་པའི་རང་བཞིན་དུ་ཤེས་པ་ཡང་མེད་དོ། །དོན་གཙོར་བཤད་པ་ཉིད་ཀྱིས་རྣམ་འགྲེལ་ནི་མི་ཉམས་སོ། །དེ་ལྟ་མ་ཡིན་ན་གསུང་རབ་ཀྱི་རྣམ་འགྲེལ་དུ་ཁས་ལེན་པ་ཡང་ས་བོན་མེད་
པར་ཐལ་བའི་ཕྱིར་རོ། །གཞན་དག་ནི་དངོས་ཀྱི་ཚུལ་གྱིས་ན་འདི་གསུང་རབ་ཀྱི་རྣམ་འགྲེལ་ཡང་མ་ཡིན་གྱི། འོན་ཀྱང་རྣམ་འགྲེལ་དང་འདྲ་བས་རྣམ་འགྲེལ་ཡིན་ནོ། །འདི་ལྟར་གང་དུ་བཤད་པར་བྱ་བའི་ཚིག་རིམ་གྱིས་བྲིས་ན་མི་འཐད་པར་བརྒལ་བ་ལ་སོགས་པ་བྱས་པ་དེ་ནི་རྣམ་འགྲེལ་

ཡིན་ཏེ། དཔེར་ན་སྣང་བྱེད་དང་། གཞོན་ནུ་མ་ལེན་པ་ལ་སོགས་པ་དག་བཞིན་ནོ། །འདིར་ནི་དེ་ལྟར་དམིགས་པ་ཡང་མ་ཡིན་ནོ། །དེའི་ཕྱིར་གང་ན་གང་གི་ཐ་སྙད་ཀྱི་རྒྱུ་མཚན་མེད་པ་དེར་ནི། དེའི་ཐ་སྙད་དུ་བྱ་བ་མ་ཡིན་ཏེ། དཔེར་ན་བ་ལང་ལ་རྟའི་ཐ་སྙད་
བཞིན་ནོ། །གྲགས་པ་ལ་ཡང་རྣམ་འགྲེལ་གྱི་ཐ་སྙད་ཀྱི་རྒྱུ་མཚན་མེད་དོ་ཞེས་བྱ་བ་ནི་རྒྱུ་མི་དམིགས་པའོ་ཞེས་བྱ་བ་འདི་ཡང་མ་གྲུབ་སྟེ། བརྗོད་པའི་མཚན་ཉིད་མཚན་ཉིད་མ་ཡིན་པའི་ཕྱིར་དང་། མཚན་ཉིད་གཞན་ཡང་སུས་ཀྱང་མ་བརྗོད་པའི་ཕྱིར་རོ། །གཞན་དག་གི་ལྟར་
ན་ཡང་བཤད་པ་དང་མ་བཤད་པ་དང་། ཉེས་པར་བཤད་པ་བསམ་པ་ཉིད་རྣམ་འགྲེལ་ཡིན་ནོ། །རིམ་པ་ལ་སོགས་པ་ལ་ལྟོས་པ་ཉིད་དེའི་མཚན་ཉིད་ཡིན་ནོ་ཞེ་ན། སྐྱོན་མེད་པ་ལ་རྣམ་འགྲེལ་གྱི་ཐ་སྙད་མེད་པར་ཐལ་བའི་ཕྱིར་རོ། །དེས་ཁྱད་པར་ལ་ལྟོས་ན་མ་ངེས་པ་ཡིན་ནོ། །གཞན་
ཡང་འགྲེལ་པ་ལ་སོགས་པ་ལས་རིང་དུ་གྱུར་པའི་ཕྱིར་ན་གལ་ཏེ་འདི་རྣམ་འགྲེལ་ཡང་མ་ཡིན་ན་ནི། དེའི་ཚེ་གསུང་རབ་ཀྱི་དོན་ཚད་མའི་རང་བཞིན་བཅོམ་ལྡན་འདས་སམ་ཚད་མའི་སྒོ་ནས་ཚད་མ་དང་། གཞལ་བྱ་དང་། དེ་ཁོ་ན་དང་བསྒྲུབ་བྱ་དང་སྒྲུབ་བྱེད་ཀྱི་མཚན་ཉིད་ཀྱི་དོན་ལྔ་ལ་
རང་རྒྱུད་དུ་མདོ་བྱེད་པ་ཉིད་དུ་ཐལ་བས་ན། སློབ་དཔོན་གྲགས་པ་ཉིད་མ་ཡིན་པར་འགྱུར་ཏེ། རང་གིས་བྱས་པ་མེད་པའི་ཕྱིར་དང་། ཁས་བླངས་པའི་ཕྱིར་ཏེ་ཅི་སྐད་དུ་ཉེ་བར་བསྟན་པ་ལ་ཚད་མའི་དེ་ཁོ་ན་གྲུབ་པའི་དོན་དུ་ཞེས་བཤད་པ་ཡིན་ནོ། །དེའི་ཕྱིར་རྣམ་འགྲེལ་ཉིད་ཉམས་
པ་མེད་དོ། །གཞན་ཡང་། དེ་ཡི་གཞུང་ནི་གསལ་བར་བྱ། །ཞེས་བྱ་བས་དེ་ལྟར་ཁས་ལེན་པ་དང་ཅི་ལྟར་ཚད་མ་རྣམ་འགྲེལ་དུ་གཏན་ལ་ཕབ་པ་བཞིན་ནོ་ཞེས་ཐ་སྙད་དུ་བྱེད་པའི་སློབ་དཔོན་ཉིད་ཕྱིན་ཅི་ལོག་ཏུ་འགྱུར་བའི་ཕྱིར། དེ་ལས་མི་རིགས་པ་ཅི་ཡོད། གལ་ཏེ་འདི་རྣམ་
འགྲེལ་བཏགས་པ་ཉིད་ཡིན་པ་སློབ་དཔོན་འདིའི་བཞེད་པ་ཡིན་ན་དེའི་ཚེ་དངོས་ཀྱི་ཐ་སྙད་དུ་ཅི་སྟེ་མི་འདོགས། འདིར་རང་གི་བྱ་བ་ངེས་པར་མི་ནུས་པ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་འདིའི་མཚན་ཉིད་ཀྱང་ཅི་སྐད་བཤད་པ་བཞིན་ཡིན་ཏེ། དེས་ན་བདག་བསད་པས་གཞན་སོད་དུ་རེ་བ་འདིས་ཅི་

ཞིག་བྱ་སྟེ། དེས་ན་གྲགས་པའི་རྣམ་འགྲེལ་དུ་གྲུབ་པ་ཉིད་དོ། །འོན་ཀྱང་བྱིས་པ་ཡན་ཆད་ལ་གྲགས་པ་ཕྱོགས་ཀྱི་གླང་པོ་སྤྱོད་ཡུལ་ཅན་ཉིད་གནོད་བྱེད་མེད་པར་བསྙོན་པར་མི་ནུས་སོ་ཞེས་གཏན་ལ་ཕབ་ཟིན་ཏོ་ཞེ་ན། འདི་ལ་བརྗོད་པ་གྲགས་པ་འདི་ཐམས་ཅད་ནི་ལྷ་དབང་བློ་ལས་
བྱུང་བ་ཡིན་ལ། དེ་ཡང་སློབ་དཔོན་གྱི་བཤད་པ་ནི་མ་ཡིན་ནོ་ཞེས་བསྟན་ཟིན་ཏོ། །དེས་ན་འདིར་སློབ་དཔོན་གྱི་ཐུགས་དགོངས་ཀྱིས་ཕྱོགས་ཀྱི་གླང་པོའམ་གསུང་རབ་ཀྱི་རྣམ་འགྲེལ་ཡིན་ཞེས་ཐེ་ཚོམ་ཟ་བ་ཉིད་གྲགས་པ་དེ་ཚད་མ་མ་ཡིན་པའི་རྒྱུ་ཡིན་ནོ། །གང་དུ་ཉེ་བར་བསྟན་པ་རྒྱུན་
ཆད་པའི་དགོས་པ་མེད་པ་དེར་ཚད་མར་འགྱུར་གྱི། མི་མཐུན་པའི་ཕྱོགས་ཀྱི་ཐེ་ཚོམ་ཙམ་ལོག་པས་ནི་མ་ཡིན་ཏེ། ཚིག་འགའ་ཞིག་ལ་ཡང་འདི་ལྟ་བུ་ངེས་པ་བསྒྲུབ་པར་མི་ནུས་པའི་ཕྱིར་རོ། །འདིར་དགོས་པའི་ས་བོན་ཅི་ཞིག་ཡིན་ཞེ་ན། གནས་དང་གནས་དག་ཏུ་ཆེར་གོལ་བ་ཉིད་
དེ། གང་དུ་འཚེ་བ་མེད་དང་ཡང་དག་དོན། །ཞེས་བྱ་བ་ལ་སོགས་པ་ཉེ་བར་བསྟན་པས་སློབ་དཔོན་ཆོས་མཆོག་གིས་ཀྱང་འདོད་པ་ཉིད་དོ། །དེ་ལྟ་ཡིན་དང་ལྷ་དབང་བློའི་གཞུང་སློབ་དཔོན་གྱིས་ལེན་དུ་མར་བཤིག་གོ་ཞེས་གྲགས་པ་ཉིད་དོ། །འདི་དེ་ཁོ་ནར་ཕྱོགས་ཀྱི་གླང་པོའི་སྒོ་ནས་
སློབ་མ་ཡིན་གྱི། རྣམ་འགྲེལ་གྱི་ཉེ་བར་བསྟན་པ་ནི་འདི་ལ་མེད་དོ། །དེའི་ཕྱིར་དེ་ལས་བྱུང་བའི་གྲགས་པ་ནི་ཚད་མ་མ་ཡིན་པ་ཉིད་དོ། །ཅི་སྟེ་ཅི་ཞིག་ལྟར་ཉེ་བར་བསྟན་པའི་ཕྱོགས་སུ་དེ་ལྟར་ལྷུང་ན། གྲགས་པ་ཕྱོགས་ཀྱི་གླང་པོའི་རྣམ་འགྲེལ་དུ་ཡང་མི་འགྱུར་ཏེ། ཐེ་ཚོམ་དུ་
གྱུར་ཅིང་ཉེ་བར་བསྟན་པ་མེད་པའི་དོན་དབང་པོ་པའི་འཁྲུལ་པ་ལ་སོགས་པ་གཞུང་བཙུགས་པའི་ཕྱིར་རོ། །ཅི་སྟེ་འདི་ལ་སློབ་དཔོན་གྱིས། །དོན་ཡོད་ལུགས་གཟིགས་མདོ་དོན་འདིར། །རིགས་ཞེས་བྱ་བ་ལ་སོགས་པས་བཤད་དོ་ཞེ་ན། འོ་ན་ནི་ཉེ་བར་བསྟན་པ་ལ་མི་གུས་པར་རིགས་
པའི་གཙོ་བོ་རང་ཉིད་ཀྱིས་བཞེད་པའི་ཕྱིར་འདི་ལ་གཞན་གྱིས་ཅི་ཞིག་བྱ། དེའི་ལུགས་ནི་གསལ་བར་བྱ་ཞེས་རང་ཉིད་ཀྱིས་དམ་བཅས་སོ་ཞེ་ན། དཔལ་ལྡན་འཕགས་པ་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་གང་རྗེས་སུ་བཟུང་བའི་འཇིག་རྟེན་འདིས་དེའི་ཚིག་མི་རྟོགས་སོ་ཞེས་བྱ་བའི་དོན་

དུ་ཚད་མ་རྣམ་ངེས་ཀྱི་རྒྱན་དུ་བཤད་དོ། །དེས་ན་འདི་གསུང་རབ་ཀྱི་རྣམ་འགྲེལ་དུ་དམ་བཅས་པ་ཡིན་ནོ། །གལ་ཏེ་བཤད་པ་དོན་གཙོ་བོར་གྱུར་པ་ཡིན་ཡང་གདོན་མི་ཟ་བར་བཤད་པར་བྱ་བ་ལ་ལར་བྲི་དགོས་ན་ཕྱོགས་ཀྱི་གླང་པོ་བཞིན་དུ་གསུང་རབ་ལ་ནི་མ་
དམིགས་སོ་ཞེ་ན། དེ་ལྟ་མ་ཡིན་ཏེ་གསུང་རབ་ཀྱི་བརྗོད་བྱ་སྐྱེས་བུའི་དོན་མཆོག་ལ་ཉེ་བར་མཁོ་བའི་དོན་ལྔ་ལས་འདས་པ་ནི་འདིར་ཅི་ཡང་མ་དམིགས་སོ། །ཚིག་གི་ལུགས་ཀྱི་རྗེས་སུ་བྱེད་པ་ཡང་། དེ་ཉིད་ཕྱིར་ན་ཉེས་རྣམས་ཀྱི། །རྒྱུ་ནི་གཏི་མུག་ཡིན་པར་གསུངས། །ཞེས་བྱ་
བ་དང་། དེ་བས་མཚན་ཉིད་སྟོང་པའི་ཕྱིར། །རང་བཞིན་མེད་པ་ཉིད་དུ་གསུངས། །ཞེས་བྱ་བ་ལ་སོགས་པའོ། །དེ་བཞིན་དུ་དེ་བཞིན་ཉིད་དོན་བཏང་སྙོམས་ཅན་ཞེས་བྱ་བ་དང་། འགལ་བ་གང་ཡིན་འདིར་བཤད་བྱ་ལ་སོགས་པས། འགལ་བ་སྤང་བའི་འབད་པས་དེ་ལྷུར་
བྱེད་པར་རྟོགས་པ་ཡིན་ནོ། །དེ་ནི་ཁུངས་ཙམ་ཡིན་ནོ་ཞེ་ན། གང་ལ་ཐུན་མོང་མ་ཡིན་པའི་ཕྱིར་བྱ་བ་ལ་སོགས་པར་ཡང་ཡིད་ཆེས་པ་ཅི་ཡོད། གལ་ཏེ་དེ་ལྟ་ན་གཉི་གར་མཚུངས་སོ་ཞེ་ན། དེ་ཡང་མ་ཡིན་ཏེ། སློབ་དཔོན་གྱི་ཚིག་གི་ཚུལ་ལ་གསུང་རབ་ཉིད་གཙོར་གྱུར་པ་སྟོབས་ཆེ་
བའི་ཕྱིར་རོ། །དང་པོ་ཉེར་བསྟན་འཇིག་རྟེན་རྒྱས་མཛད་ཅེས་བྱ་བ་ལ་སོགས་པ་ཡང་བཅོམ་ལྡན་འདས་ཉིད་ལ་རིགས་སོ། །མཐར་དོན་ཡོད་ལུགས་གཟིགས་མདོ་དོན་ངས་བཤད་ཅེས་བྱ་བ་ལས་མ་ཐོབ་པའི་ཕྱིར་གཟིགས་པའི་སྒྲ་སློབ་དཔོན་ཕྱོགས་ཀྱི་གླང་པོ་ལ་མི་འཐད་
པའི་ཕྱིར་རོ། །མདོ་ཞེས་བྱ་བ་ཡང་བདག་མེད་པ་ལ་སོགས་པའི་གཞལ་བྱ་ལ་གསུང་རབ་ལས་གཞན་མ་ཡིན་ནོ། །དེའི་གནས་ཡིན་པའི་ཕྱིར་ན་ནི། གྲགས་པའི་ཡང་མདོ་ཉིད་དོ། །དངོས་ཀྱི་འཇུག་པ་ལས་འདས་ནས་བཏགས་པ་ལ་བརྟེན་པ་མ་ཡིན་ཏེ་དགོས་པ་མེད་པའི་ཕྱིར་རོ། །
སློབ་དཔོན་ཕྱོགས་ཀྱི་གླང་པོ་ལ་བརྙས་པ་སྤང་དགོས་པ་ཡིན་ནོ་ཞེ་ན། འདིར་དགོས་པའི་བློ་འདི་སུའི་ཡིན། གལ་ཏེ་སློབ་དཔོན་གྱི་ཡིན་ན། དངོས་ཉིད་ཀྱིས་ཕྱོགས་ཀྱི་གླང་པོའི་རྗེས་སུ་འཇུག་པའི་ཚུལ་བརྗོད་པར་འགྱུར་ཏེ། དཔེར་ན། ཐུབ་པ་རྣམས་ཀྱི་མཆོག་གྱུར་རྐང་

མིག་གིས། །ཞེས་བྱ་བ་ལ་སོགས་པ་བཞིན་ནོ། །སྨྲ་བ་ལ་མི་གཟོ་བ་འབའ་ཞིག་ནི་མི་བཟོད་དོ། །རེ་ཞིག་མ་བཤད་པ་འཆད་པ་དག་དང་བཤད་པ་བྱས་པར་འཇུག་པར་བྱེད་པ་ཞེས་བྱ་བའི་ལམ་གང་ཡིན་པ་འདི་ཉིད་རིགས་པ་ཡིན་ནོ་ཞེ་ན། འོ་ན་སློབ་དཔོན་ཕྱོགས་ཀྱི་གླང་པོའི་
ཞལ་སྔ་ཉིད་ཀྱིས་ལམ་འདི་ཅི་སྟེ་སྤངས། རྩོད་པ་སྒྲུབ་པར་གནོད་པ་མང་པོ་སྤོང་བ་བས་གཞན་བྱེད་པ་ཉིད་སླའོ་ཞེ་ན། འདི་ནི་ཕྱོགས་ཀྱི་གླང་པོའི་ལམ་ཡང་མཚུངས་སོ། །དེ་ལྟར་ཕྱོགས་ཀྱི་གླང་པོའི་རྩ་བ་དང་། གྲགས་པའི་ལྟ་བས་ནི་འདིར་བྱ་བ་གཞན་ཉིད་དུ་མངོན་ནོ། །དེ་
ཉིད་ཀྱི་ཕྱིར་ཕྱོགས་ཀྱི་གླང་པོ་མཉན་པའི་དོན་དུ་རྒྱས་པ་མ་ཡིན་ཏེ། བད་ཚའི་བུ་ལ་སོགས་པ་བཞིན་ནོ། །དེས་འབྲེལ་དཀའ་བ་མང་པོ་མཐོང་བས་ནི་གཞན་ཡང་བྱ་བ་གཞན་གསོ་བར་བྱེད་པའོ། །དེ་ལྟ་ན་ལུང་ལ་ལྟོས་ནས་ཀྱང་གཞན་དབང་ཉིད་སྤོང་བར་མི་ནུས་ཏེ། དེ་ལ་
ལྟོས་པའི་ཕྱིར་རོ། །དེའི་ཕྱིར་གལ་ཏེ་སློབ་དཔོན་གྱི་ཐུགས་དགོངས་ཀྱི་རྗེས་སུ་འབྲངས་ན། གཙོར་དེ་ཉིད་ལ་གུས་པའི་ཁྱད་པར་དུ་གྱུར་པའི་ཕྱིར་དང་། རྣམ་འགྲེལ་བྱེད་པའི་ཚིག་གིས་ཚུལ་དེ་ལ་མངོན་དུ་ཕྱོགས་པའི་ཕྱིར། འདི་དེའི་རྣམ་འགྲེལ་ཉིད་དོ། །ཅི་སྟེ་འདིར་དགོས་
པའི་བློ་འདི་ཁྱེད་ཀྱི་ཡིན་ལ། དེ་དེས་བསྒྱུར་ནས་རྣམ་འགྲེལ་འཆད་ན་ནི། དེའི་ཚེ་ངེད་ལ་ཉམས་པ་ཅི་ཡང་མེད་དེ་སློབ་དཔོན་ཐུགས་དགོངས་རྒྱས་པར་བྱེད་པས་བརྒལ་ཞིང་བརྟག་པར་མི་འོས་སོ། །གང་ཡང་རྟོག་པ་དང་ལྡན་པས་དེའི་གཞུང་འཆད་པ་ལ་ལྟོས་པ་ཡང་མ་ཡིན་
ཏེ། བྱང་གྲོལ་ལ་སོགས་པ་དོན་དུ་གཉེར་བ་ནི་དེའི་ཐབས་སྟོན་པའོ། །ཕྱིན་ཅི་མ་ལོག་པའི་ཚད་མ་ལོག་གཉེར་ལ། དེའི་རྗེས་སུ་འཛིན་པས་ཀྱང་དེས་ལྟོས་པ་དེ་ཉིད་བརྗོད་པར་རིགས་ཏེ། འཁྲུལ་པའི་སྐྱེ་བོས་སྦྱར་བའི་སྐྱོན་ལྟར་སྣང་བ་སྤང་བའི་ཕྱིར་དང་། ཇི་ལྟ་བ་
བཞིན་དུ་སྒྲུབ་བྱེད་ཉེ་བར་སྟོན་པའི་ཕྱིར་རོ། །དེ་ལ་ནི་དེ་འདྲ་བའི་ཤེས་པ་གྲུབ་པ་ལ་རྒྱུའམ་འབྲས་བུ་ཡོད་པ་མ་ཡིན་ཞེས་བྱ་བ་ལ་སོགས་པས་མཁས་པ་རྣམས་ལོག་པར་རྟོགས་པ་རྣམ་པ་མང་པོ་ཡོད་དོ། །ལྟོས་པ་མེད་པར་བརྗོད་པ་ནི་ཉན་པ་པོ་བྱང་བ་མེད་པ་སྨྲ་བ་ན། ཇི་ལྟར་སྨྱོན་

པ་མ་ཡིན། དེའི་གཞུང་བཤད་པའི་སྒོ་ནས་ལྟོས་པ་བརྗོད་པ་ཡང་མ་ཡིན་ཏེ། འཆད་པ་པོ་དང་ཉན་པ་པོ་ལ་དཀའ་བའི་ཕྱིར་རོ་ཞེས་ཟེར་བ་དེ་ཡང་སྡིག་པ་མ་ཡིན་ཏེ། འདི་ལྟར་གལ་ཏེ་བྱང་གྲོལ་ལ་སོགས་པ་དོན་དུ་གཉེར་བ་དག་གི་ལྟོས་པར་བྱ་བ་དེའི་ཐབས་སྟོན་པར་བྱེད་པའི་
ཚད་མའི་ཚུལ་དངོས་སུ་བྱེད་པ་མ་ཡིན་པ་ཉིད་སྨྱོན་པ་ཡིན་ན་དེའི་ཚེ་ཤེས་རབ་འབྱུང་གནས་དེ་ལྟར་གྱུར་པས་ཛ་ཡཱན་བདག་ཉིད་ལ་སུ་ཡིད་ཆེས། ཅི་སྟེ་མཆོག་ཏུ་ཟབ་པ་ཉིད་ཀྱིས་དེ་འདྲ་བའི་ཡུལ་ནི་ཐབས་གཞན་མེད་པར་དངོས་སུ་བསྒྲུབ་པ་ཙམ་གྱིས་མི་རྟོག་པའི་ཕྱིར་དེ་དོན་དུ་གཉེར་བ་
རྣམས་ཀྱིས་དངོས་སུ་གྲུབ་པ་བཞིན་དུ་ཐབས་གཞན་དེ་ལ་ཡང་མ་ཐོབ་མེད་དོ། །གང་ཡང་ཚད་མ་གྲུབ་པ་ཚུལ་བཞིན་བཤད་པར་བྱའི། སྲིད་པ་བརྗོད་བྱའི་དགོས་པའི་དབང་དུ་བྱས་ནས་དོན་དུ་གཉེར་བ་འཇུག་པ་ཡང་མ་ཡིན་ནོ། །འོན་ཀྱང་དགོས་པ་དགོས་ཀྱང་སྲིད་དེ། དཔེར་
ན་སྐད་ཅིག་མ་ཉིད་ལ་སོགས་པའི་དེ་ཁོ་ན་སྟོན་པའི་བསྟན་བཅོས་ལ་འཇུག་པ་བཞིན་ནོ། །སྐད་ཅིག་མ་ཉིད་ལ་ནི་བྱ་བ་འགའ་ཞིག་སྲིད་པ་མ་ཡིན་ལ། དེའི་ཆོས་དང་ལྡན་པ་བདག་གི་དོན་བྱ་བའི་ཆེད་དུ་བྱས་ནས་འཇུག་པ་ཡང་མེད་དོ། །དེ་ལྟ་ཉིད་ཡིན་ན་ནི་སྤྱད་པ་མི་མཁོ་བའི་ཕྱིར་
ཏེ། གསུང་པོ་གཞན་མེད་པའི་ཕྱིར་སྟོན་པོ་ཉིད་ལ་སོགས་པ་བཞིན་ནོ། །གལ་ཏེ་འགའ་ཞིག་སྐད་ཅིག་མ་མ་ཡིན་པར་འགྱུར་ན་ནི་དེ་ཡོངས་སུ་སྤངས་ནས་སྐད་ཅིག་མའི་དོན་བྱེད་པ་དོན་དུ་གཉེར་བ། སྐད་ཅིག་མ་དེ་ཉིད་ལ་འཇུག་པའི་རྒྱུ་མཚན་དུ་གྱུར་པ་སྐད་ཅིག་མ་ཉིད་ཀྱི་རང་བཞིན་དུ་
ངེས་པར་རྟོག་པ་འབྲས་བུ་དང་བཅས་པར་འགྱུར་ཏེ། དཔེར་ན་སྔོན་པོ་ཉིད་དུ་རྟོག་པ་བཞིན་ནོ། །དེ་ལྟར་ནི་མ་ཡིན་ཏེ་སྐད་ཅིག་མ་མ་ཡིན་པ་ཐམས་ཅད་དུ་བསལ་བའི་ཕྱིར་རོ། །དེས་ན་ཐམས་ཅད་དུ་འཇུག་ཏུ་གནང་ན་སྐད་ཅིག་མ་ཉིད་རྟག་པ་ལ་ཉེ་བར་མཁོ་བ་ཅི་ཡོད། དེས་ན་དེ་ལ་ཞེས་བྱ་
བ་འབྱུང་བར་འགྱུར་བའི་དོན་ལའོ། །དེ་བཞིན་དུ་གཟུགས་ཙམ་རྟོག་པས་ན། རོ་ལ་སོགས་པའི་ཚོགས་པ་ལ་འཇུག་པའི་ཕྱིར་ཚད་མ་ཡིན་ནོ་ཞེས་བྱ་བར་ཡང་རྟོགས་པར་བྱའོ། །གལ་ཏེ་རྟོགས་པས་ནི་ཚད་མ་མ་ཡིན་གྱི་འོན་ཀྱང་འཇུག་པས་ཡིན་ལ། འཇུག་པ་ཡང་རྟོགས་པ་མེད་

པར་མ་ཡིན་ནོ་ཞེས་བྱ་བ་འདི་ཡང་ཤིན་ཏུ་བཟོད་པར་དཀའ་བ་ཡིན་ནོ་སྙམ་དུ་དགོངས་ནས་བཤད་པ། དཔེར་ན་རྗེས་སུ་དཔག་པ་དངོས་པོ་མི་འཛིན་ཡང་དེ་ལྟར་མཐོང་བ་བཞིན་ཏེ། མཐོང་བ་ལ་ནི་མི་འཐད་པས་མི་རྩོད་དོ་སྙམ་དུ་དགོངས་པའོ། །དེ་ཉིད་གསུངས་པ་ནི། རྗེས་སུ་དཔག་པས་
ནི་ཞེས་བྱ་བའི་འཆད་པར་འགྱུར་རོ་ཞེས་བྱ་བའི་ནི་མངོན་སུམ་གྱི་ལེའུར་རོ། །བློ་ཉིད་ཅེས་པར་གཟུང་བའི་རྣམ་པར་གཅད་བྱ་བརྗོད་པ་ནི། མིག་ལ་སོགས་པ་ཞེས་བྱ་བའོ། །སོགས་པའི་སྒྲས་ལྡན་པ་དང་། འདུ་བ་ལ་སོགས་པའི་འབྲེལ་པ་བཟུང་སྟེ། མིག་གདངས་ཀྱང་ཡིད་ཀྱི་ནུས་
པ་ཉམས་པས་ཤེས་པ་མ་སྐྱེས་པ་ལ་འཇུག་པ་མེད་པའི་ཕྱིར་རོ། །གལ་ཏེ་འཇུག་པར་བྱེད་པའི་བློ་ཚད་མ་ཡིན་ན། རྣམ་པར་རྟོག་པ་ཉིད་ཚད་མར་འགྱུར་རོ་ཞེ་ན། རྣམ་པར་རྟོག་པ་ནི་ཞེས་གསུངས་སོ། །ཤིན་ཏུ་གོམས་པ་ལ་རྣམ་པར་རྟོག་པ་མེད་ཀྱང་འཇུག་པ་ཡིན་ནོ་སྙམ་དུ་
དགོངས་པའོ། །ཁྱད་པར་དང་བཅས་པའི་སྐབས་ཉིད་མཇུག་སྡུད་པར་བྱེད་དོ། །སྔར་གྱི་ཞེས་བྱ་བ་ནི་རྣམ་པར་རྟོག་པ་སེལ་བའོ། །བློ་ཉིད་ཅེས་བྱ་བ་ནི་མིག་ལ་སོགས་པ་གཅོད་པའོ། །རྣམ་པར་རྟོག་པ་གཅོད་པ་དེ་ཉིད་བརྗོད་པ་ནི་རྣམ་པར་རྟོག་པ་ལ་སོགས་པ་ནི་ཞེས་བྱ་བའོ། །
འོ་ན་མ་གོམས་པའི་ཡུལ་ལ་ནི་རྣམ་པར་རྟོག་པ་ཉིད་འཇུག་བྱེད་ཡིན་པས་ཚད་མར་འགྱུར་རོ་ཞེ་ན། གོམས་པ་མེད་པ་གང་ཡིན་པ་དེར་ནི་ཞེས་གསུངས་སོ། །འགའ་ཞིག་གང་གི་དུས་ཀྱི་ཁྱད་པར་ལ་བརྟེན་པ་ཅན་ལ། གཅིག་ཉིད་ཀྱི་ཐ་སྙད་བརྟེན་པོ་ཞུགས་པ་དེའི་སྙད་དེ་ནིའོ། །གཞན་ལ་
མེད་པའི་འདྲ་བའི་ཁྱད་པར་གྱིས་བྱས་པ། བར་དུ་ཆོད་པ་མེད་ན་འགྱུར་བ་ཡིན་ཏེ། མ་ལ་སོགས་པ་བཞིན་ནོ། །དེ་བཞིན་དུ་ཐེ་ཚོམ་གྱི་ཡུལ་ཡང་དེ་འདྲ་བའི་འདྲ་བ་མཐོང་བའི་ཕྱིར་དེ་ཉིད་འདི་ཡིན་ནོ་ཞེས་བྱ་བ་གཅིག་ཉིད་དུ་གྲུབ་པ་ནི་རྗེས་སུ་དཔག་པ་ཉིད་དོ། །འོ་ན་རྗེས་སུ་དཔག་པ་འདི་
སྐད་ཅིག་འཇིག་པ་ལ་གནོད་པར་བྱེད་དོ་ཞེ་ན། མ་ཡིན་ཏེ་གཅིག་ཉིད་ཀྱི་ཐ་སྙད་ཙམ་སྒྲུབ་པའི་ཕྱིར་རོ། །གལ་ཏེ་ངེས་པ་ཡང་གཅིག་གི་ཐ་སྙད་ཉིད་མ་ཡིན་ནམ། དེས་ན་དུས་ཐ་དད་པ་ལ་གཅིག་ཉིད་དུ་ངེས་པ་ཅི་ལྟར་སྐད་ཅིག་མ་ཉིད་དུ་ངེས་པ་དང་མི་འགལ་ཞེ་ན། མ་ཡིན་ཏེ་ཀུན་རྫོབ་ཀྱི་གཅིག་

ཉིད་དུ་ཐ་སྙད་བྱ་བར་འདོད་པའི་ཕྱིར་རོ། །དེས་ན་དུས་ཐ་དད་པ་ལ་གཞན་ཉིད་བཀག་ཀྱང་ཆད་པ་མེད་དོ། །དེ་ཉིད་ཀྱི་ཕྱིར་སྟོར་བ་པའི་རྙེད་པས་ན་བདག་པོ་ཉིད་དང་སློབ་དཔོན་གྱི་གཞུང་བཤད་པ་ནི་མ་ཡིན་ནོ་ཞེས་རྣམ་འགྲེལ་གྱི་དགོངས་པ་གསལ་བར་བྱེད་པ་དེ་ཡང་
འཁྲུལ་པས་བརྗོད་པ་ཡིན་ནོ། །སློབ་དཔོན་ལྷ་དབང་བློ་ལ་སོགས་པ་རྣམས་ཀྱིས་ཕྱོགས་ཀྱི་གླང་པོའི་བཤད་པར་སྒྲོ་འདོགས་པ་ཞུགས་པ་ན། དེ་བཀག་པས་བདག་ཉིད་ཀྱི་བསྙེམས་པ་བསྟན་པའི་དོན་དུ་ཚུལ་ལུགས་འདིས་བཤད་པ་བྱེད་པ་རྣམ་འགྲེལ་མཛད་པའི་དགོངས་པ་
འཆད་དོ་ཞེས་རིགས་པ་ཡིན་ནོ། །རྣམ་འགྲེལ་ལས་སྔར་ནི་སྒྲོ་འདོགས་པ་མེད་ལ། དེ་བཀག་པས་སློབ་དཔོན་ལ་འབྲས་བུ་ཡང་ཅུང་ཟད་ཡོད་པ་མ་ཡིན་ན། གང་གིས་དེ་དགག་པ་ལ་བརྩོན་པར་འགྱུར་འབྱུང་བར་འགྱུར་བའི་སྒྲོ་འདོགས་བཟློག་གོ་ཞེ་ན། གཞན་གྱི་བསྟན་བཅོས་
བཤད་པ་ཞེས་བྱ་བ་དེ་སྡིག་པ་ཡིན་ནམ་ཅིས་ན་འདི་དོན་དུ་གཉེར། ཕྱོགས་ཀྱི་གླང་པོས་བཤད་པ་དེ་ལྟ་བུ་ཉིད་དོ་ཞེ་ན། འོ་ན་འདི་འཇིག་རྟེན་རྒྱང་པན་པ་ལ་སོགས་པའི་བསྟན་བཅོས་པས་ཀྱང་དེ་དམན་པར་མཐོང་བ་བཞིན་དུ་གསུང་རབ་ཀྱི་རྣམ་འགྲེལ་མཛད་པ། ཕྱོགས་ཀྱི་གླང་པོའི་ལུགས་
འཆད་པ་དང་། སྐྱོན་བསལ་བ་ལ་ཆེད་ཆེར་བྱེད་པའི་ཕྱིར་དེ་ཁོ་ན་མཐོང་བ་ཆེན་པོ་ཡིན་ནོ། །ཕྱོགས་ཀྱི་གླང་པོའི་ལུགས་དང་སྦྱར་བ་ལ་སོགས་དེ་ཉིད་ལས་རེས་འགའ་ཐེ་ཚོམ་དུ་འགྱུར་བས་སློབ་དཔོན་གྱི་གཞུང་འཆད་དོ་ཞེ་ན། མ་ཡིན་ཏེ་ཕྱོགས་ཀྱི་གླང་པོ་ལ་རེག་པ་སྐྱོན་ཡིན་ན་དེ་ཉིད་ཀྱི་ཚེ་
ཕྱོགས་ཀྱི་གླང་པོ་དང་སྦྱོར་བ་ལ་སོགས་པར་ནི་མི་འགྱུར་རོ། །བཤད་པར་བྱ་བའི་དོན་གྱི་ཁྱད་པར་བྲིས་པའི་ཕྱིར་ན་གཞུང་གཞན་ཐམས་ཅད་བསལ་བ་གྲུབ་པས། སློབ་དཔོན་གྱི་གཞུང་མ་བཤད་དོ་ཞེ་ན། ཅིག་ལ་མངོན་པར་ཞེན་པས་ཅི་བྱ། དེས་ན་འདི་སློབ་དཔོན་གྱི་བརྗོད་པར་འདོད་པ་མ་ཡིན་
གྱི། འོན་ཀྱང་བཤད་པ་བྱེད་པ་ཉིད་ཀྱི་ཡིན་ནོ། །ཡང་འདི་སྙམ་དུ་ཅི་ལྟར་མངོན་པར་འདོད་པའི་ཚད་མ་དང་། དེ་ལ་རག་ལས་པའི་གཞལ་བྱའི་ཚོགས་ལ་སློབ་དཔོན་ཕྱོགས་ཀྱི་གླང་པོའི་བསྟན་བཅོས་ཉིད་ཡོད་པ་མ་ཡིན་ནམ། འདིས་ཅི་ཞིག་བྱ་ཞེས་དོན་མེད་པར་དོགས་པ་ལ།

ཚུལ་བཞིན་ཞེས་གསུངས་ཏེ་ཅི་ལྟ་བ་བཞིན་དུ་ཞེས་བྱ་བའི་དོན་ཏོ། །འདི་ནི་ཕྱོགས་ཀྱི་གླང་པོ་བཞིན་དུ་གཞན་གྱི་ཀླན་ཀའི་གོ་སྐབས་འབྱེད་པ། འབྲེལ་དཀའ་བའི་ཚིག་གི་ལམ་གྱི་ཚུལ་གྱིས་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཉེས་པ་དེས་ནི་སྔར་ཡོད་པ་ཡང་མེད་པ་དང་འདྲ་བའི་
ཕྱིར་དོན་མེད་པར་ག་ལ་འགྱུར། ཡང་བརྗོད་བྱ་དེ་ལ་འདི་འདྲ་བའི་དགོས་པར་ཅི་ལྟར་འགྱུར་ཞིང་འགྱུར་ན་ཡང་ཉེ་བར་སྦྱོར་བ་གང་གིས་དེ་ཙམ་གྱིས་ཡོངས་སུ་ངལ་བ་རྩོམ་ཞེ་ན། བཤད་པ་སྣང་བྱེད་དང་གཞོན་ནུ་མ་ལེན་ལ་སོགས་པ། རྟོག་གེ་ངན་པ་དེ་ཡང་དག་པར་འཁྲུལ་པའི་
སྐྱེ་བོ་གང་དག་ཡིན་པའོ། །འཇིག་རྟེན་ནི་རང་བཞིན་གྱིས་རྨོངས་པ་མང་བ་ཡིན་ལ། དེ་བས་རྟོག་གེ་ངན་པས་ཡིན་པའི་ཕྱིར་རྨོངས་པ་ཤིན་ཏུ་ཆེ་བ་ཉིད་ནི་ཡང་དག་ཉིད་དོ། །ཡང་ན་རྟོག་གེ་ངན་འཁྲུལ་ནི་ཞིབ་མོ་མ་བཏགས་པ་དེ་ཁོ་ནའི་ཚད་མ་སྤོངས་པ་ལ་མཁས་པའོ། །དེ་དག་
སྡུག་བསྔལ་གྱི་རྒྱུ་དེ་ལས་སྒྲོལ་བར་འདོད་པས་ཞེས་བྱ་བ་ཡིན་ནོ། །འདིས་ནི་རྟོག་གེ་ངན་པ་དང་འབྲེལ་པ་ནི་ལོག་པར་རྟོགས་པའི་རྒྱུ་ཡིན་ལ་འཇུག་པའི་རྒྱུ་ནི་བརྩེ་བ་ཉིད་ཡིན་ནོ་ཞེས་གཉི་ག་བསྟན་ཏོ། །ཡང་གང་ལ་རྩོམ་པ་འདི་སྲིད་འདིར་འགྱུར་བ། ཚད་མ་ཞེས་བྱ་བ་ཅི་ཡིན།
གལ་ཏེ་ཡང་ཅི་ལྟར་མཐོང་བཞིན་པའི་ཐ་སྙད་ཀྱི་ཡན་ལག་དོན་ཡོངས་སུ་གཅོད་པར་བྱེད་པའི་ཤེས་པའི་ཁྱད་པར་ཚད་མ་ཡིན་པ་དེ་ལྟ་ན་ཡང་དེ་ཉིད་དུ་དེ་ཙམ་གྱི་ངལ་བ་ཉེ་བར་མཁོ་བ་ནི་མ་མཐོང་སྟེ། ཐ་སྙད་པ་བསྟན་བཅོས་མི་ཤེས་པ་ཡང་ཐ་སྙད་ཉམས་པ་ནི་མེད་དོ། །འདི་རྩོམ་པ་ཡང་ཅི་
ཞིག་བྱས་ནས་ཡིན་ཞེ་ན། བཤད་པ་ཕྱག་འཚལ་ནས་ཏེ་རབ་ཏུ་བཏུད་ཅིང་ལུས་ཕུལ་ནས་སོ། །སུ་ལ་ཞེ་ན། ཚད་མ་ཡང་དག་གམ་ཚད་མར་གྱུར་པ་ལའོ། །ཚད་མར་གྱུར་པ་ནི་ཚད་མར་རེད་པའམ། ཚད་མར་ཐོབ་པའོ། །ལས་ཀྱི་ནུས་པ་དང་མི་ལྡན་པའི་ཕྱིར་བྱ་བ་སྨོས་པར་བྱ་
བ་ཡང་ཡིན་ནོ་ཞེས་བྱ་བ་ཡང་དག་པར་སྦྱིན་པའོ། །ཡང་ན་ལས་ཀྱི་ནུས་པ་དང་ལྡན་ཡང་། པ་ཏན་ཛ་ལའི་ལུགས་ཀྱིས་ནི། གྲོང་གི་ཕྱིར་འགྲོའོ་ཞེས་བྱ་བ་བཞིན་ནོ། །དེ་ལྟར་ཡང་དེ་ལྟ་བུར་གྱུར་པའི་བཅོམ་ལྡན་འདས་ལ་ཕྱག་བཙལ་ནས་ཞེས་འཆད་པར་འགྱུར་རོ། །ལས་ཀྱི་ནུས་པ་དང་མི་

ལྡན་པའི་ཕྱོགས་ལ་ནི་དོན་བསྡུས་ཏེ་བརྗོད་པ་ཡིན་ནོ། །དེས་ན་དེ་ལྟར་ལེགས་པ་ཐམས་ཅད་ཐོབ་པའི་ཐུན་མོང་མ་ཡིན་པའི་རྒྱུ་བཅོམ་ལྡན་འདས་ལ་སྐྱབས་སུ་འགྲོ་བའི་སྒོ་ནས་དེའི་བཤད་པ་འདི་བརྩམས་ཀྱི། རང་དབང་དུ་ནི་མ་ཡིན་ནོ་ཞེས་ཀྱང་དོན་གྱིས་བསྟན་ཏེ། བཤད་པར་བྱ་བ་དང་།
ཕྱག་འཚལ་བར་བྱ་བར་ཚད་མའི་སྒྲ་གཅིག་ལ་ནི་དོན་གཅིག་པ་ཉིད་དུ་སྟོན་པ་ལྷུར་བྱེད་པ་ལྟའོ། །དེས་ན་ཚད་མ་ཞེས་བྱ་བ་འདི་ཅི་ཞིག་ཅེས་གང་བརྗོད་པ་དེ་ལ་བཅོམ་ལྡན་འདས་ཀྱི་རང་བཞིན་འཇིག་རྟེན་ལས་འདས་པ་ཉིད་དེ་ཚད་མར་བརྗོད་དོ་ཞེས་བཤད་དོ། །ཡང་གང་གི་དེ་ལྟར་གུས་པ་ཚད་
མར་འདོད་པའི་བཅོམ་ལྡན་འདས་དེ་ཡང་ཅི་འདྲ་བ་ཞིག་ཅེ་ན། འགྲོ་ལ་ཕན་བཞེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འཇིག་རྟེན་ན་ནི་མི་སླུ་བའི་ཕྱིར་དམ་བཅས་པའི་དོན་ཐོབ་པར་བྱེད་པའི་སྐྱེས་བུ་ལ་ཚད་མ་ཞེས་བརྗོད་དོ། །དམ་བཅས་པའི་དོན་ཡང་གང་གི་ཚེ་འབྱུང་བར་འགྱུར་བའི་དོན་ཁས་
བླངས་པའི་ཚུལ་དུ་ཡིན་པ་དེའི་ཚེ་དེ་ཐོབ་པར་བྱེད་པ་དང་། དེ་ཐོབ་པར་བྱེད་པར་རུང་བའི་གནས་སྐབས་དང་དེ་རྒྱུ་མཚན་གྱི་བྱེད་པ་གདོན་མི་ཟ་བར་འཕེན་པའི་ཕྱིར། གནས་སྐབས་བཞི་བརྗོད་པའི་ཚིག་བཞིའོ། །དེ་ལ་འགྲོ་ལ་ཕན་པ་ནི་འདོད་པའི་དོན་ཏེ། ཅི་ལྟར་ཕན་པ་དང་མི་ཕན་པ་ཐོབ་པ་
དང་སྤང་བའི་ངག་གི་དོན་བཞིན་ནོ། །དེས་ནི་ངེས་པར་ལེགས་པ་དང་། མངོན་པར་མཐོ་བ་གཟུང་བའམ། གཙོ་བོ་ཡིན་པའི་ཕྱིར་གཞན་ཉེ་བར་མཚོན་པར་བྱེད་པའི་ངེས་པར་ལེགས་པ་ཉིད་བཟུང་བའོ། །དེ་བཞེད་པས་ནི་དམ་བཅས་པས་བསྟན་ཏོ། །དེའི་རང་བཞིན་གྱིས་ནི་རིགས་ཕུན་
སུམ་ཚོགས་པའོ། །ཐབས་གོམས་པའི་མཚན་ཉིད་སྟོན་པས་ནི་མངོན་པར་མ་ཐོབ་པར་ངེས་པར་ལེགས་པ་ཐོབ་པར་བྱེད་པར་རུང་། རྒྱུ་མཚན་ཅན་གྱི་བྱེད་པའོ། །རྣམ་པ་ཐམས་ཅད་དུ་དོན་ཐམས་ཅད་གཟིགས་པའི་རང་བཞིན་བདེ་བར་གཤེགས་པས་ནི་རུང་བའི་གནས་སོ། །སྐྱོབ་
པ་ཉིད་ཀྱིས་ནི་དམ་བཅས་པ་ཐོབ་པར་བྱེད་པའོ། །སྐྱོབ་པ་ནི་སྐྱོང་བའི་དོན་ཏེ། ངན་འགྲོ་དང་འཁོར་བ་ལས་སྐྱོབ་པའི་ཐབས་ཉིད་ཀྱིས་གཟིགས་པའི་ལམ་གསུང་བ་ཉིད་དེ། ཐབས་གཞན་མེད་པའི་ཕྱིར་རོ། །སྐྱོབ་པ་དེ་ཉིད་ནི་བསྔགས་པར་བྱ་བའམ། མང་བའམ་ཕུལ་དུ་བྱུང་བ་

སྟེ། དེ་འདི་ལ་མངའ་བའོ། །ཡང་ན་རྒྱུན་མི་འཆད་པ་རྟག་པ་ཉིད་འདི་ལ་མངའ་བ་སྟེ། ཡོངས་སུ་མྱ་ངན་ལས་མི་འདའ་བས་སེམས་ཅན་ཐམས་ཅད་ཡོངས་སུ་འཛིན་པར་ཞུགས་པའི་ཕྱིར་རོ། །ཇི་སྐད་དུ་གཞན་གྱི་ངོར་ནི་བཞུགས་པ་ཡིན་ཞེས་གསུངས་པ་བཞིན་ནོ། །དེ་ཉིད་ཀྱི་ཕྱིར།
ཚད་མ་གྲུབ་པ་ཚུལ་བཞིན་བརྗོད་པར་བྱ། །ཞེས་བྱ་བས་བརྗོད་བྱ་ཙམ་བསྟན་པ་ཡིན་ཏེ། བསྟན་བཅོས་ཀྱི་བརྗོད་བྱའི་འབྲས་བུ་དོན་གྱིས་འཕངས་པའམ་གྲགས་པ་ཡིན་པའི་ཕྱིར་རོ། །དེ་ལྟ་ཡིན་ན་མངོན་སུམ་དང་རྗེས་སུ་དཔག་པ་དང་ལུང་རྣམས་ཀྱིས་སྙིང་རྗེ་ཆེན་པོའི་རྒྱུད་གཞན་
གྱི་སྡུག་བསྔལ་ཡོངས་སུ་བཅད་ནས། སྨོན་པའི་དུས་ན་ཤེས་པའི་རང་བཞིན་དེར་འགྱུར་བ་ཡིན་ཏེ། ཤེས་པ་པོ་གཞན་མེད་པའི་ཕྱིར་རོ། །གནས་སྐབས་འདི་བརྩེ་བས་འགྲོ་བ་ལས་འཕགས་པ་ཡིན་ཡང་། ཤེས་པའི་བདག་ཉིད་ཀྱིས་ཐམས་ཅད་དང་ཐུན་མོང་ཡིན་པའི་ཕྱིར།
སྦྱོར་བའི་གནས་སྐབས་ཀྱི་ཁྱད་པར་བཤད་པ་ནི་སྟོན་པ་ཞེས་བྱ་བའོ། །འདི་ནི་རྗེས་སུ་དཔག་པ་དང་། ལུང་གི་ངོ་བོ་ཡིན་ནོ། །ལུང་གི་གཟུང་བ་སྐྱེས་བུའི་དོན་མཆོག་གི་ཡན་ལག་རྗེས་སུ་དཔག་པ་ཞེས་བྱ་བ་རིགས་པས་རྣམ་པར་གཞག་ནས་སྒོམ་པར་བྱེད་པའམ། ཡང་ན་ངེས་
པར་ལེགས་པའི་སྒྲུབ་བྱེད་ནི་རྗེས་སུ་དཔག་པས། མངོན་པར་མཐོ་བའི་སྒྲུབ་བྱེད་ནི་ལུང་དང་དེ་ལ་བརྟེན་པའི་རྗེས་སུ་དཔག་པ་དག་གིས་ངེས་ནས་ཚོགས་གཉི་ག་གོམས་པར་བྱེད་པའི་ཕྱིར་གཉི་གའི་ཤེས་པའི་རང་བཞིན་དུ་གྱུར་པ་ཡིན་ནོ། །དེའི་ཚེ་ནི་བསམས་པ་ལས་བྱུང་བའི་ཤེས་རབ་ཀྱི་
དབང་དུ་བྱས་པས་བསྐྱེད་པ་རྟོག་གེའི་བསྟན་བཅོས་ཀྱི་མཐུས་ཅི་ལྟ་བ་བཞིན་དུ་གཏན་ལ་ཕབ་པ་ཚུལ་གསུམ་པའི་རྟགས་ལས་བྱུང་བ་དང་། ཡུལ་གསུམ་ཡོངས་སུ་དག་པས་བསྒྲུབ་པའི་ལུང་ལས་བྱུང་བས་འགྲོ་བ་དེ་སྣང་བ་ཙམ་དུ་ཡོངས་སུ་བརྟགས་ནས་འདིའི་ཐུན་མོང་མ་ཡིན་པའི་རང་བཞིན་
ནི་རྗེས་སུ་དཔག་པ་དང་། ལུང་ཡིན་པའི་ཕྱིར་དང་པོའི་ཚད་མའི་གནས་སྐབས་ཏེ། དོན་དེ་ཉིད་ཀྱིས་ན་ལུང་སྤྱད་པ་དང་། ལྷན་ཅིག་རྗེས་སུ་དཔག་པའི་ལེའུ་དང་པོར་བཤད་དོ། །གནས་སྐབས་འདི་ནི་ངེས་པས་འགྲོ་བ་ལས་འཕགས་པ་ཡིན་ཡང་རྣམ་པར་བསླད་པ་ཉིད་ཡིན་པས་ཡོངས་སུ་རྫོགས་

པ་བཤད་པ་ནི་བདེ་གཤེགས་ཞེས་བྱའོ། །ཡུན་རིང་པོར་གོམས་པ་ལས་རྣམ་པ་ཐམས་ཅད་གསལ་བར་གྱུར་པ་འདི་ནི་དེ་ཁོ་ནའི་ཚད་མའི་གནས་སྐབས་ཏེ། ཆོས་དང་གང་ཟག་ལ་བདག་མེད་པ་དག་ལས་གཅིག་ཡང་མ་ཞུགས་པའི་ཕྱིར་འགྲོ་བ་ལ་ནི་འདིའི་གཏམ་
ཡང་མེད་དོ། །དེ་ཉིད་ཀྱི་ཕྱིར་གང་ཟག་གི་བདག་མེད་པ་ལ་ལྟོས་ནས་བདེ་བར་གཤེགས་པ་ཉིད་ཀྱི་སྒྲུབ་བྱེད་ནི་ཚད་མ་གྲུབ་པའི་ལེའུ་ཡིན་ལ། ཆོས་ཀྱི་བདག་མེད་པ་ཟབ་མོ་ལ་ལྟོས་ནས། མངོན་སུམ་གྱི་ལེའུ་གནས་སོ། །ཁྱད་པར་ཕུལ་དུ་བྱུང་བ་ཡིན་ཡང་རང་གི་དོན་གྲུབ་པ་ཙམ་གྱིས་ནི་
ཁྱད་པར་ཅན་གྱི་བློ་རྒྱས་པར་བྱེད་པ་མ་ཡིན་ནོ་ཞེས་བཤད་པ་ནི་སྐྱོབ་པ་ཞེས་བྱའོ། །དེ་ལ་གང་ཟག་གི་བདག་མེད་པའི་ཕྱོགས་ལ་ཁ་ཅིག་གི་འདོད་པས་ནི་དག་པ་འཇིག་རྟེན་པའི་རྣམ་པར་རྟོག་པ་མངོན་སུམ་དུ་བྱེད་པ་སྲིད་པའི་ཕྱིར་དང་། འདིའི་འདོད་པ་ལྟར་ན་བསྒོམས་པ་ལས་བྱུང་བའི་ཤེས་རབ་
ཀྱིས་རྡུལ་ཕྲ་རབ་སོ་སོར་འགྲོ་བ་མཐོང་ཡང་། རྣམ་པར་རྟོག་པ་དང་ཅིག་ཤོས་ཀྱི་ཤེས་པ་དག་ཅིག་ཅར་འབྱུང་བ་མི་འགལ་བའི་ཕྱིར་རམ། ཤིན་ཏུ་གོམས་པ་ལས་རྣམ་པར་རྟོག་པ་མེད་པ་ལ་ཡང་ལན་བརྗོད་པར་རིགས་པའི་ཕྱིར་ཏེ། སྤྲོས་པས་ཆོག་གོ། །གཉིས་སུ་མེད་པ་ལྟར་ན་ནི་
རྨི་ལམ་བཞིན་དུ་བྱིན་གྱི་རླབས་ཀྱི་ཁྱད་པར་གྱིས་སྟོན་པར་སྣང་བའི་ཤེས་པ་ཉིད་སྟོན་པ་ཡིན་པའི་ཕྱིར་སྐྱོན་མེད་དོ། །འདི་ཡང་གཞན་དོན་གྱི་རྗེས་དཔག་སྟོན་པར་བྱེད་པ་གསུང་རབ་ཀྱི་རང་བཞིན་ཡིན་པའི་ཕྱིར་མཐར་གཞན་གྱི་དོན་གྱི་རྗེས་སུ་དཔག་པའོ། །གལ་ཏེ་གཞན་གྱི་དོན་བརྗོད་པ་
ཡང་ལུང་ཡིན་ལ། སྔ་མ་ཡང་ལུང་གི་རང་བཞིན་ཡིན་པས་གཉིས་ཅི་བྱ་ཞེ་ན། བརྗོད་པ་ལུང་དང་པོ་ནི་རང་གི་དོན་ཏེ། གཞན་དང་འབྲེལ་པའི་དེ་ཁོ་ན་མཐོང་བའི་རྒྱུ་ཡིན་ཞིང་འདི་ནི་རང་དང་འབྲེལ་པ་གཞན་གྱི་དོན་དེ་མཐོང་བའི་འབྲས་བུ་ཡིན་པས་འཐད་དོ། །ཡང་ན་སྔ་མ་ནི་ལུང་ལས་བྱུང་བ་
ཤེས་པའི་རང་བཞིན་བཅོམ་ལྡན་འདས་ཡིན་ལ། ད་ལྟར་ནི་ལུང་གི་རང་བཞིན་ཉིད་ཡིན་ཏེ། དེ་ལས་བྱུང་བའི་ཤེས་པའི་རང་བཞིན་གཞན་ཉིད་ཡིན་པའི་ཕྱིར་སྐྱོན་མེད་དོ། །དེས་ན་དེ་ལྟར་བཅོམ་ལྡན་འདས་ཉིད་ཚད་མ་ཡང་དག་པར་གྲུབ་པས་ངེས་པ་བྱའོ་ཞེས་རིགས་སོ། །ཡང་ན་འཇིག་རྟེན་

པ་ཉིད་ཀྱི་མངོན་སུམ་ལ་སོགས་པའི་ཚད་མ་གྲུབ་པ་བྱའོ་ཞེས་བྱ་བ་ཡིན་ནོ། །ཅིའི་དོན་དུ་ཞེ་ན། ཚད་མ་ཡང་དག་ཞེས་སྨོས་ཏེ་བཅོམ་ལྡན་འདས་ཀྱིས་རང་བཞིན་གྱི་ཚད་མ་ཐོབ་པའི་ཕྱིར་ཏེ་དེའི་དོན་དུའོ། །ཚད་མ་ཡང་སྔ་མ་བཞིན་ནོ། །ཅི་ཞིག་བྱས་ནས་ཤེ་ན། དེ་ཉིད་ལ་ཕྱག་
འཚལ་ནས་ཞེས་དོན་གྱིས་སོ། །ཡང་ན་ཚད་མ་དང་འདྲ་བས་ཚད་མར་གྱུར་པ་སྟེ། ཅི་ལྟར་མངོན་སུམ་ལ་སོགས་པ་མ་རྟོགས་པའི་དོན་གསལ་བར་བྱེད་པ་ཉིད་ཀྱིས་ཚད་མ་ཡིན་པ་དེ་བཞིན་དུ་བཅོམ་ལྡན་འདས་ཀྱང་འཕགས་པའི་བདེན་པ་བཞི་ལ་སོགས་པ་མ་རྟོགས་པའི་དོན་གསལ་བར་
བྱེད་པའི་ཕྱིར་ཚད་མ་ཡིན་ནོ། །ཇི་སྐད་དུ་སྐྱོབ་ལ་ཞེས་གསུངས་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཡང་ན་སྐྱོབ། །བདེན་པ་བཞི་ནི་སྟོན་མཛད་ཡིན། །ཞེས་འཆད་པར་འགྱུར་རོ། །དེ་ལྟ་བུ་དེ་གང་ཡིན་ཞེ་ན། བདེར་གཤེགས་ཞེས་གསུངས་ཏེ། འདི་ནི་དེ་ཁོ་ན་མངོན་དུ་མ་བྱས་པའི་ཕྱིར་རོ། །གཞན་
ཚད་མ་མ་ཡིན་ནོ་ཞེས་བསྟན་ཏོ། །འོ་ན་འདི་ཉིད་ཇི་ལྟར་ཡིན་ཏེ། གློ་བུར་བ་ཉིད་ནི་མེད་དོ་སྙམ་ན་སྟོན་པ་ཞེས་གསུངས་སོ། །འདིའི་ཐབས་གོམས་པ་ཡང་གང་གིས་སྦྱར་བ་ཡིན་སྙན་ན། འགྲོ་ལ་ཕན་བཞེད་པ་ཞེས་གསུངས་སོ། །དེས་ན་ཚད་མ་ཡང་དག་ཅེས་བྱ་བ་རིགས་པ་ཉིད་དོ། །
འདིས་ནི་ཚད་མ་གཞན་སྨྲ་བ་དང་། རྣམ་པ་དེ་ལྟ་བུ་ཚད་མ་མེད་པར་སྨྲ་བ་ཡང་བསལ་བར་རིག་པར་བྱའོ། །དེ་ལ་ཚད་མ་ཡང་དག་ཅེས་བྱ་བས་ནི། ཚུ་རོལ་མཛེས་པ་པ་ལ་སོགས་པ་བསལ་ལ། ཕན་བཞེད་པ་ཞེས་བྱ་བས་ནི་སེམས་པས་སྟོང་པའི་རིག་བྱེད་ཚད་མ་ཉིད་ཡིན་པ་
བཀག་གོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གོམས་པས་ནི་སྡོང་རིས་ལ་སོགས་པ་དང་། གྲངས་ཅན་གྱི་རྣལ་འབྱོར་པ་ཚད་མ་ཉིད་ཡིན་པས་བཀག་གོ། །རྒྱུའི་གནས་སྐབས་གཉིས་ཀྱི་ནི་དབང་ཕྱུག་དང་པོའི་སྐྱེས་བུ་ལ་སོགས་པའོ། །བདེར་གཤེགས་ཀྱིས་ནི་བག་ཆགས་
དང་ལྡན་པའི་ཉན་ཐོས་རྣམས་སོ། །ལམ་སྟོན་པའི་མཚན་ཉིད་སྐྱོབ་པས་ནི་རང་སངས་རྒྱས་རྣམས་ཚད་མ་ཉིད་ཡིན་པ་བཀག་སྟེ། འདིར་ནི་དེ་དག་གམ་དེ་དག་གི་དོན་དུ། མངོན་སུམ་ལ་སོགས་པའི་བསྒྲུབ་པའི་སྐབས་མ་ཡིན་པས་གང་གིས་འདིར་ཕྱག་བཙལ་བར་འོས་པར་འགྱུར་རོ། །

འདིར་ཡང་གང་གི་ཚེ་བཅོམ་ལྡན་འདས་ནི་དེ་འདན་ཙམ་ཡིན་ལ། འཇིག་རྟེན་པའི་ཚད་མ་ཉིད་དངོས་སུ་བཤད་པར་བྱ་བ་ཡིན་པ་དེ་ལྟ་ན་ཡང་དེའི་གནས་སྐབས་ཀྱི་དབྱེ་བ་ཐ་དད་པ་ཉིད་དེར་དེའི་དོན་ཡིན་ཏེ། ལེའུ་འདིས་དེ་བཞིན་ཁོ་ནར་སྟོན་པའི་ཕྱིར་རོ། །འཆད་པར་འགྱུར་བ་
འཕགས་པའི་བདེན་པ་བཞི་པོ་རྣམས་སུ་ནི་རྗེས་སུ་དཔག་པ་བསྟན་པ་མ་རྟོགས་པར་བདེ་བླག་ཏུ་མི་རྟོགས་པའི་ཕྱིར་རྗེས་སུ་དཔག་པ་དང་པོར་བཤད་པའི་རིགས་སོ། །ཚད་མ་རྣམ་ངེས་སུ་ནི་དེ་ལྟ་མ་ཡིན་ཏེ། དེ་ཡི་གཞུང་ནི་བསལ་བར་བྱ། །ཞེས་བྱ་བས་གསུང་རབ་ཀྱི་རྣམ་འགྲེལ་ཙམ་དུ་དམ་
བཅས་ནས་ཀུན་དུ་ཐ་དད་པའི་ཚད་མ་རྟག་པའི་སྒོ་ནས་གསུང་རབ་ཀྱི་དོན་གྱི་ཚོགས་གཞུང་འཛུགས་པ་ལ་འཇུག་པར་དམིགས་པའི་ཕྱིར་རོ། །དེས་ན་དེར་ནི་འཇིག་རྟེན་དང་རྗེས་སུ་མཐུན་པའི་གོ་རིམས་ཉིད་རིགས་སོ། །གལ་ཏེ་ཡང་དོན་འདི་དེར་ཡང་བརྗོད་པར་འདོད་པ་དེ་ལྟ་ན་ཡང་། དངོས་སུ་ནི་མ་
བརྗོད་ལ་རྣམ་འགྲེལ་འདིར་ནི་དེ་ཉིད་དངོས་སུ་བརྗོད། རྣམ་འགྲེལ་ཉིད་ནི་དོན་གྱིས་འཕངས་པ་ཡིན་ཏེ། ཚད་མ་གྲུབ་པའི་བསྟན་པའི་སྒོ་ནས་གསུང་རབ་ཀྱི་དོན་གཞུང་འཛུགས་པར་མཐོང་བའི་ཕྱིར་དང་། ཚད་མ་ནི་གཙོ་བོས་ཉེ་བར་མཚོན་པ་ལྷུར་བྱེད་པའི་ཕྱིར་རོ། །གང་གི་ཚེ་འདིར་ཚད་མའི་
སྒྲ་ནི་འཇིག་རྟེན་པ་ལ་འཇུག་ལ། བཅོམ་ལྡན་འདས་ནི་དེའི་དོན་ཡིན་པ་དེའི་ཚེ་བརྗོད་བྱ་དང་དགོས་པ་ངག་གི་དོན་ཡིན་ནོ། །དགོས་པ་ཡང་བརྗོད་བྱ་ཚད་མ་འམ་བརྗོད་བྱ་དང་རྗོད་བྱེད་ཀྱི་སྒྲུབ་བྱེད་རྟོག་པ་ཡིན་ཏེ། བཅོམ་ལྡན་འདས་ཀྱི་རང་བཞིན་འབྲས་བུ་ལ་ལྟོས་ཏེ། གཉི་ག་ལ་ཡང་ཉེ་བར་མཁོ་བ་
ཡོད་པའི་ཕྱིར་རོ། །འདིས་ནི་བསྟན་བཅོས་ཀྱི་དོན་ཡིན་པའི་ཕྱིར་ཞེས་བྱ་བ་བཤད་པར་དོན་གྱི་སྒྲ་དགོས་པ་བརྗོད་པ་ཡང་སྦྱར་བར་བྱའོ། །བསྟན་བཅོས་ཀྱང་རང་གི་བརྗོད་བྱ་ཚད་མ་དང་གཅིག་ཏུ་ཉེ་བར་བཏགས་པའི་ཕྱིར་དང་། བརྒྱུད་པས་བཅོམ་ལྡན་འདས་འབྲས་བུ་ཡིན་པའི་ཕྱིར་བརྗོད་བྱ་དང་
དགོས་པ་བསྟན་ཏོ། །བཤད་པ་དང་པོ་ལ་ནི་མཐར་ཕྱིན་པའི་རང་བཞིན་བརྗོད་བྱ་ཉིད་ངག་དང་པོ་བསྟན་ཏོ་ཞེས་བྱ་བར་གནས་སོ། །ཚིག་བཤད་དང་པོའོ།། །།གལ་ཏེ་དགོངས་པ་རབ་ཏུ་གྲགས་པའམ། ཤུགས་ཀྱིས་འཕངས་པ་ཡིན་ན། འོ་ན་ནི་འཆད་པ་པོ་དེའི་དང་། བསྟན་

བཅོས་མཛད་པའི་ཁུར་བསྐུར་བའི་རྒྱུ་མཚན་བཤད་པ་བྱེད་པ་གཞན་གྱིས་མ་རྟོགས་པ་བརྗོད་པར་རིགས་སོ་ཞེས་གཉི་ག་ཡང་འདོགས་པར་བྱས་ནས། ཚིགས་བཤད་དང་པོས་སློབ་དཔོན་གྱི་དགོངས་པ་བཤད་ནས། བདག་ཉིད་ཀྱི་བསྟན་པའི་ཕྱིར་སྨྲས་པ་རྣམ་འགྲེལ་གྱི་བསྟན་བཅོས་
འདིར་བློ་བསྒྲུབ་པོ་སྟེ་ཡང་དག་པར་བསྟན་པར་བྱའོ། །ཉའི་སྐད་དབྱིངས་འགའ་ཞིག་ཀྱང་དེའི་དོན་དུ་སྦྱོར་ཏེ། ཇི་སྐད་དུ་བཱ་ར་བི་ན་རེ། འཇིག་རྟེན་བླ་མ་ཁྱོད་མཐོང་བས། །ཚངས་བཞིན་ཅི་སྟེ་དོན་མི་སྒྲུབ། །ཅེས་ཟེར་བ་བཞིན་ནོ། །དེས་ན་འདིས་འདི་འཆད་དོ་ཞེས་སྨྲས་པ་ན་འདིའི་བརྗོད་བྱ་རྣམ་
འགྲེལ་ཡིན་ནོ་ཞེས་བརྗོད་པར་འགྱུར་རོ། །ཡང་འདིར་ཅིའི་ཕྱིར་བློ་སྒྲུབ་ཅེ་ན་བློ་ནི་སྟེ། བློ་གྲོས་དེ་མཐའ་ལས་ཤིན་ཏུ་འདས་ཏེ་ཅི་ལྟར་དག་པར་འགྱུར་བ་དེ་ལྟར་དེ་ཁྱད་པར་དུ་བྱ་བའི་ཕྱིར་ཏེ། བསྐྱེད་པའི་དོན་དུའོ། །རྣམ་འགྲེལ་གྱི་རྟོགས་པ་དེའི་དོན་ངེས་པ་ནི་ཐུན་མོང་མ་ཡིན་པའི་ཕྱིར་རོ། །དེའི་
དོན་ཡང་ཚད་མར་གྱུར་པའི་བཅོམ་ལྡན་འདས་ཡིན་ནོ། །དེའི་ཕྱིར་དེས་ཉེ་བར་བསྟན་པའི་ལམ་གོམས་པའི་སྒོ་ནས། རྣམ་པར་འཁྲུལ་པ་དང་། ཀུན་དུ་བྲལ་བའི་འབྲས་བུ་བདེ་བར་གཤེགས་པའི་བློ་གྲོས་གང་ཡིན་པ་འདི་ནི་དེ་ངེས་པ་ལ་ཡོད་པར་རིགས་ཏེ་དེ་ངེས་པར་ནི་དེའི་ཉེ་བར་བསྟན་པའི་སྒོ་
ཅན་གྱི་འབྲས་བུ་གྲུབ་པ་ནི་མི་འབྱུང་ངོ་། །གལ་ཏེ་འཆད་པར་འགྱུར་བའི་ཚུལ་གྱིས་ཚད་མ་ཉིད་ལས་དེའི་ལམ་ངེས་པ་ཡོད་པའི་ཕྱིར་ཉེ་བར་བསྟན་པས་ཅི་ཞིག་བྱ་ཞེ་ན། མ་ཡིན་ཏེ་ཟབ་པས་ཀྱང་ཅི་ཞིག་ཆེས་ཟབ་པ་དེ་འདྲ་བའི་ཡུལ་ལ་ཉེ་བར་བསྟན་པ་མེད་པར་ཚད་མ་འཇུག་པ་ཉིད་མི་སྲིད་པའི་
ཕྱིར་རོ། །རྣམ་པ་དེ་ལྟ་བུའི་ཉེ་བར་བསྟན་པ་ཉིད་ཀྱིས་ནི་གཟུང་བའི་བློ་ཅན་རང་བཞིན་ངེས་པར་རྟོགས་པ་ལ་འཇུག་པའི་ཚད་མ་སྐྱེད་པར་བྱེད་དོ། །གལ་ཏེ་ཉེ་བར་བསྟན་པ་ཉིད་སྐྱབས་ཡིན་ན། འོ་ན་སྐྱེས་བུ་དོན་མེད་དོ་ཞེ་ན། མ་ཡིན་ཏེ། དེ་རྒྱུ་མེད་པར་མི་སྐྱེ་བའི་ཕྱིར་རོ། །འབད་པ་དང་ལྡན་པ་མ་
གཏོགས་པར་ངག་གི་རྒྱུ་གཞན་ནི་མི་འཐད་ཀྱི། འོན་ཀྱང་རྣམ་པ་དེ་ལྟ་བུ་ནི་སྤྱིར་ཡང་མ་གྲུབ་པའི་ཕྱིར་ལམ་པོ་ཆེའི་མི་དང་འདྲ་བའི་བྱེད་པ་པོ་དམིགས་པ་ན་དེའི་ཚིག་ལ་གུས་པས་སུ་ཡོད་ན་གང་གིས་ཚད་མ་ཉིད་དུ་འགྲུབ་པར་འགྱུར། དེ་ལྟ་བུ་གྲུབ་ན་ནི་རེས་འགའ་དེས་བྱས་པ་ཉིད་འདི་འདྲ་བ་ཤིན་

ཏུ་ཟབ་མོ་ཉིད་དུ་འགྱུར་རོ་ཞེས་འདོགས་པ་ན་རྣམ་པར་སྤྱོད་པའི་སྐབས་རིགས་སོ། །ཚད་མའི་སྤྱོད་ཡུལ་མ་ཡིན་པ་སྐྱེས་བུའི་དོན་ཐ་མའི་ཐབས་སྟོན་པའི་བསྟན་བཅོས་ཀྱི་ཆར་ནི། དེ་ལྟ་བུ་སྲིད་པ་ཉིད་དག་པ་གསུམ་མཐོང་བའི་སྐྱབས་ཡིན་ནོ། །མངོན་པར་མཐོང་བ་དེ་
ཡང་ཐར་པའི་ཉེ་བར་མཚོན་བྱེད་ཀྱིས་གཟུང་བར་རིག་པར་བྱའོ། །དེའི་ཕྱིར་གདོན་མི་ཟ་བར་བཅོམ་ལྡན་འདས་ངེས་པར་བྱ་དགོས་སོ། །དེའི་ཕྱིར་རྣམ་འགྲེལ་གྱི་ཡུལ་ཅན་བསྒྲུབ་པར་བྱ་བ་ངེས་པའི་འབྲས་བུ་དངོས་སུ་སྟོན་པས་ནི་མེད་ན་མི་འབྱུང་བ་ཉིད་ཀྱིས་རྣམ་འགྲེལ་གྱི་བརྗོད་བྱ་ཚད་མར་གྱུར་པ་
བཅོམ་ལྡན་འདས་དེ་ཉིད་བསྟན་པར་འགྱུར་བའི་ཕྱིར་རྩོད་པ་དང་པོ་བསལ་ལོ། །ཡང་ན་དོན་གཅིག་ཏུ་ཞུགས་པའི་ཕྱིར་རྣམ་འགྲེལ་གྱི་བརྗོད་བྱ་དང་དགོས་པ་ཉིད་འདི་ཡང་ཡིན་ཏེ། དེའི་བསྒྲུབ་པར་བྱ་བ་ནི། རྣམ་འགྲེལ་གྱི་དོན་རྟོགས་པ་ཉིད་ཡིན་ནོ་ཞེས་བཤད་ཟིན་ཏོ། །དེས་ན་རང་གི་བརྗོད་བྱའི་
དགོས་པ་ཡང་དེའི་སྒོ་ནས་བརྟགས་པ་ཉིད་དོ། །ཡང་གང་དག་གི་བློ་དེ་ལྟར་བྱ་བའི་དོན་དུ་བརྩོན་ཞེ་ན། སྐལ་ལྡན་རྣམས་ཀྱིས་ཞེས་སྨོས་ཏེ། སྣོད་དུ་གྱུར་པའི་སྐལ་བ་ཅན་རྣམས་ཀྱིའོ། །གང་དག་འཁོར་བ་ལ་སྐྱོ་བའི་ཡིད་ཅན་ངེས་པར་ལེགས་པ་ཐོབ་པར་བྱ་བའི་ཕྱིར་ལམ་ཚོལ་བ་ལ་ཞུགས་
པ་རྟོག་པ་དང་ལྡན་པ་དེ་དག་གི་ཡིན་གྱི། གང་དག་རང་གི་ཕྱོགས་ལ་མངོན་པར་ཞེན་པས་བསྒོམ་པའི་བློ་ཅན་རྟོག་གེ་ངན་པ་དང་འབྲེལ་པ་ལས་ལམ་ཤེས་པས་མངོན་པར་རློམ་པས་བསྐྱེད་པ་རྒོད་བག་ཅན་དེ་དག་གི་ནི་དེ་ལྟར་གནས་པ་མ་ཡིན་ནོ། །ཤིན་ཏུ་སྲ་བའི་རིགས་པའི་ཐུན་མོང་མངོན་པའི་
ང་རྒྱལ་བཅོམ་པ་རྣམས། གང་ལས་རིམ་གྱིས་ཀྱང་སྣོད་དུ་གྱུར་པ་མཐར་ལམ་འདི་ཉིད་བདེན་ནོ་ཞེས་དེ་ལྟ་ན་ཡང་དག་པར་རིག་པ་ཙམ་སྐྱེ་བོ་ཞེས་བསྟན་པའི་ཕྱིར། བློ་མི་བརྟན་རྣམས་ཀྱི་ཞེས་གསུངས་ཏེ། བློ་ནི་ཡང་དག་རིག་པའི་དོན་དུ་ཞེས་འབྲེལ་ཏོ། །ཡང་དག་པར་རིག་པ་
འདི་ནི་ལམ་དང་ལམ་མ་ཡིན་པ་རིག་པའམ་ཡང་དག་པར་སད་པ་སྟེ། སྔར་ནི་གཉིད་མཐུག་པོ་ལོག་པ་དང་འདྲའོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཡང་སྐལ་ལྡན་རྣམས་ཀྱི་ཡང་དག་པར་རིག་པ་ཡང་དེ་ཉིད་ཡིན་པ་དེ་ལྟ་ན་ཡང་། དེ་དག་དེ་ཙམ་དུ་གནས་པ་ནི་མ་ཡིན་ཏེ། བསྒོམ་པ་ལ་རྒྱུན་དུ་གཞོལ་བ་

རྣམས་དུས་གང་ཡང་དོན་དམ་པ་ལ་གནས་པའི་ཕྱིར་རོ། །འདི་དག་ནི་བསྒོམ་པའི་དོན་དུ་དེའི་རྗེས་སུ་འབྲང་བ་མ་ཡིན་གྱི། འོན་ཀྱང་ཤེས་པར་འདོད་པས་སྤྱོད་པ་ལ་འཇུག་པའི་ཕྱིར་རྟོགས་པ་སྐྱེས་ཀྱང་བསྒོམ་པ་ལ་མི་སྦྱོར་བས་མཐར་ཐུག་པའི་འབྲས་བུ་མེད་པ་དང་དེ་ཙམ་དུ་གནས་པར་བརྗོད་དོ་
ཞེས་རིགས་སོ། །འདི་ནི་སྙན་དངགས་ཀྱི་ཡོན་ཏན་ཐ་མས་བསལ་བར་བྱེད་པ་སྟེ་ངག་གཉི་ག་དང་འབྲེལ་པ་ཙམ་གྱིས་ཀྱང་དོགས་པ་གཅོད་པར་ནུས་པའི་ཕྱིར་གདོན་མི་ཟ་བར་དང་གི་སྒྲ་སྦྱར་བ་ལ་མི་ལྟོས། ཞུགས་གྱུར་དེའི་ལག་རྩེ་ལ་ཆུ། །འདོད་ལྷའི་ཡིད་ལ་མྱ་ངན་མེ། །ཞེས་བྱ་བ་ལ་སོགས་
པ་དང་པོ་གསལ་བར་བྱེད་པ་དང་། དཔེར་ན་འདི་ཉིད་དུ་ཕལ་ཆེར་མཐོང་བ་མེད་པ་ཉིད་ཅེས་བྱ་བ་དབུས་ནས་གསལ་བ་བཞིན་ནོ། །དེ་ལ་འདི་སྙམ་དུ་གལ་ཏེ་རྣམ་འགྲེལ་བཤད་པ་གཞན་ཡོད་པ་མ་ཡིན་ནམ། ཅིའི་ཕྱིར་འདི་རྩོམ་སྙམ་དུ་དོགས་ན་བཤད་པ། མནོག་མེད་ཚུལ་ནི་ལུགས་ཏེ་དེ་
དང་བྲལ་བའི་ཕྱིར་རོ། །གང་ལ་གང་གི་རོ་བྲོ་བ་མེད་པ་དེ་ནི་དེར་མི་འཇུག་གི །རྣམ་འགྲེལ་ལ་ནི་བཤད་ཀྱང་དེ་ཡོད་པའི་ཕྱིར་འཇུག་པ་ལ་གགས་མེད་དོ། །གལ་ཏེ་དེ་ལྟར་ན་ཆ་འདི་ལ་འགྲེལ་པ་བྱེད་པ་སློབ་མའི་དངས་མ་སློབ་དཔོན་ལྷ་དབང་བློ་གནས་དང་གནས་དག་ཏུ་འགྲེལ་བཤད་བྱེད་པ་
སློབ་དཔོན་ཆོས་མཆོག་ལ་སོགས་པ་ཡོད་པ་མ་ཡིན་ནམ། དེས་ན་རོ་བྲོ་བ་ཅི་ཞིག་ཡོད་ཅེ་ན། མང་དུ་ཡོད་མོད་ཀྱི་ངག་དང་ཡིད་ཀྱི་སྐྱོན་མེད་པས་སློབ་དཔོན་གྱི་བཞེད་པ་མ་འཁྲུལ་པར་བྱེད་པ་གང་ཡིན་པ་དེ་དག་ནི་མ་མཐོང་ངོ་ཞེས་བསྟན་པའི་དོན་དུ་བྱེད་པ་དང་པོ་སྨྲས་པ། འདིར་སྨྲ་བ་པོ་
སྟེ་འཆད་པ་པོ་མཐོང་བ་མེད་དོ། །སྤྱིར་མ་གྲུབ་པ་ཅི་འདྲ་བ་ཞིག་ཅེ་ན། སྐབས་དོན་ཞེས་བྱ་བ་སྨོས་ཏེ། སྐབས་སུ་འབབ་པའི་དོན་རྒྱ་ཆེར་ཏེ་ངག་གི་ཚོགས་ཅི་སྙེད་ཀྱིས་གཞལ་བྱའི་ཚོགས་ཡོངས་སུ་རྫོགས་པར་འགྱུར་བ་དེ་དག་གི་བྱེད་པ་མཐོང་བ་མེད་པ་མཐོང་བ་མེད་དོ། །འདི་ནི་རེ་ཞིག་བསལ་
བ་ཉིད་དེ། བཤད་ཟིན་པ་རྗེས་སུ་བརྗོད་པ་ཙམ་གྱིས་འགྲེལ་པ་འཇུག་ཅིང་འགྲེལ་བཤད་ཀྱང་རྒྱ་ཆེན་པོ་ལྷག་པར་ཡོངས་སུ་རྫོགས་པར་མི་བྱེད་དེ་རྣམ་པར་སྤྱོད་པ་ཙམ་ཞིག་བདག་གིས་བྱ་ཞེ་ན་སྨྲས་པ་ཡིན་ནོ། །རྒྱས་པར་མི་བྱེད་པ་དེ་ཡང་གོལ་བས་འཇིགས་སམ། འབྲས་བུའི་བློས་མ་

ངེས་སོ། །འདིས་ནི་བརྗོད་པར་བྱ་བ་མ་སྨྲས་པ་བརྗོད་དོ། །འདིར་སྐབས་དོན་གྱི་ཚིག་འདི་སྐབས་དོན་མ་ཡིན་པར་རྒྱས་པར་བྱེད་པ་ཡོད་པར་ཡང་བསྟན་ཏེ། དཔེར་ན་འདི་ཉིད་ཀྱི། རྣམ་པ་མེད་པའི་ཤེས་པས་རྡུལ་ཕྲ་རབ་རྣམས་མ་འདྲེས་པར་འཛིན་པའི་གཞུང་དུ་རྒྱ་
བསྐྱེད་པ་ལྟ་བུ་སྟེ། མདོ་སྡེ་པའི་ཚུལ་སྐབས་ཡིན་པའི་ཕྱིར་རོ། །དོན་གྱི་སྒྲས་ནི། དོན་མ་ཡིན་པ་རྒྱ་ཆེར་བྱེད་པ་བསྟན་ཏེ། དཔེར་ན་རྣམ་མེད་ཀྱི་རྣལ་འབྱོར་སྤྱོད་པའི་གཞུང་དུ་འམ་འགྲེལ་པ་བྱེད་པའི་དེ་ཁོ་ནར་རྒྱུ་དང་འབྲས་བུའི་དངོས་པོ་གཞུང་འཛུགས་པར་རྒྱ་བསྐྱེད་པ་བཞིན་ནོ། །འདིས་ནི་བརྗོད་
པར་བྱ་བ་མ་ཡིན་པ་བརྗོད་དོ། །དེ་ལྟར་ངག་གི་སྐྱོན་བརྗོད་ནས་ཡིད་ཀྱི་སྐྱོན་བརྗོད་པར་བྱའོ། །དེ་ཡང་གསུམ་སྟེ་གཞལ་བྱའི་དོན་ཁོ་ན་ཉིད་ལ་འཁྲུལ་པའི་ཕྱིར་དང་བསྟན་བཅོས་ཀྱི་བརྗོད་བྱ་དང་། དགོས་པ་མ་བརྟགས་པའི་ཕྱིར་དང་། མི་གཟོ་བའི་ཕྱིར་རོ། །དེ་ལ་དོན་དམ་དངོས་པོའི་དེ་ཁོ་ན་ཉིད་ཡང་དག་
པའི་ཕྱིར་འཛིན་ཅིང་ངེས་པར་འཛིན་པའི་བློ་གང་ཡིན་པ་བློ་དེས་སྙིང་པོ་མ་ཡིན་པ་སྟེ་རིགས་པས་མི་གནས་ཕྱིར་གསོག་ཏུ་གྱུར་པ་ཚུལ་གང་དག་གིས་བསལ་བའི་སྨྲ་བ་པོ་དེ་དག་མཐོང་བ་མེད་དོ། །གཞལ་བྱའི་དེ་ཁོ་ན་ཉིད་རྟོགས་ན་ནི་གདོན་མི་ཟ་བར་སྙིང་པོ་མ་ཡིན་པ་བསལ་བར་འགྱུར་ན་སྙིང་པོ་
མ་ཡིན་པ་བསལ་བས་དངོས་པོའི་དེ་ཁོ་ན་ཉིད་མ་རྟོགས་པར་གྲུབ་པོ། །གང་དང་གང་དག་བསླད་ནས་སུན་འབྱིན་པར་འགྱུར་བ་སྟེ། ཐེ་ཚོམ་གྱིས་ཟིན་པ་ཡང་ཚད་མ་ཉིད་དུ་འགྱུར་བ་ལ་སོགས་པ་བཞིན་ནོ། །ཡང་ན་བསྟན་བཅོས་ཉིད་ཀྱི་དོན་དམ་པ་བརྗོད་བྱའམ་དགོས་པའོ། །དེ་འཛིན་
པ་ནི་བརྗོད་བྱའམ་དགོས་པ་ཡང་དག་པར་བསྡུས་པ་སྟེ་དེའི་བློས་སྙིང་པོ་མ་ཡིན་པའི་ཚུལ་བསལ་བའི་སྨྲ་བ་པོ་མཐོང་བ་མེད་དོ། །དོན་དམ་པ་དེ་ཡང་ཉི་ཚེའམ་ཚོགས་པ་ཡིན་ནོ། །ཉི་ཚེ་བ་ནི་དཔེར་ན། སྒྲ་ལས་བྱུང་བ་ཡང་མངོན་པར་འདོད་པ་སྟོན་པའི་ཕྱིར་ཞེས་བྱ་བ་ལ། སྒྲའི་ཡུལ་
ཅན་གྱི་ཤེས་པ་ལ་མངོན་པར་འདོད་པ་ཡོངས་སུ་རྫོགས་པ་ཙམ་གྱིས་མི་སླུ་བ་ཉིད་འཐད་པ་ནི་བརྗོད་བྱ་ཡིན་ཞིང་གཞན་དག་དང་མ་འབྲེལ་པའི་ཕྱིར། མཉན་པའི་བློ་ཡང་ཚད་མི་འགྱུར་ཞེས་བྱ་བ་འདི་བསལ་བ་དགོས་པ་ཡིན་པ་མ་རྟོགས་པས་སྤངས་ཏེ་འཆད་པར་འགྱུར་བའི་ཚིགས་སུ་བཅད་

པའི་དོན་དང་སྦྱོར་བ་ནི་སྙིང་པོ་མ་ཡིན་པའི་ཚུལ་ཡིན་ནོ། །དེ་བཞིན་དུ། ཡང་དག་མིན་པ་བཟློག་དོན་དུ། །ཡང་དག་ཉིད་གསུངས་ཞེས་བྱ་བ་ལ་སོགས་པ་རྣམས་སུ་ཡང་བལྟ་བར་བྱའོ། །གནས་ཇི་ལྟ་བ་བཞིན་དུ་བརྗོད་པར་བྱ་སྟེ། འདིར་སུན་ཕྱུང་བས་ནི། ཅིར་ཡང་བྱར་མེད་དོ། །ཚོགས་
པའི་ནི་རེ་ཞིག་བརྗོད་པར་བྱ་བ་འགྲེལ་པ་བྱེད་པས་ཚད་མ་ཀུན་ལས་བཏུས་པ་ཡིན་པར་སེམས་ལ། འགྲེལ་བཤད་བྱེད་པས་ནི་ཚད་མ་ནི་གཙོ་བོ་ཡིན་ཞིང་ཚད་མ་ཀུན་ལས་བཏུས་པ་ནི་ཞར་ལ་ཡིན་ནོ། །ཚད་མ་ཡང་ཀུན་དུ་ཐ་སྙད་པ་ཡིན་གྱི། བཅོམ་ལྡན་འདས་ཀྱི་རང་བཞིན་འཇིག་རྟེན་
ལས་འདས་པ་ནི་མ་ཡིན་ནོ་ཞེས་བྱ་བ་དང་། དགོས་པ་ཡང་སླུ་བ་དང་བྲལ་བ་བཏུང་བ་དང་བཀྲུ་བ་ལ་སོགས་པ་འཐོབ་པ་ཡིན་གྱི་མངོན་པར་མཐོ་བ་དང་ངེས་པར་ལེགས་པ་དག་ཐོབ་པ་ནི་མ་ཡིན་ནོ་ཞེས་བྱ་བར་སོ་སོ་དོན་དམ་པ་ཅུང་ཟད་རྟོགས་པ་དེ་ཡང་། མཐར་ཕྱིན་པ་རྟོགས་པ་མེད་པའི་ཕྱིར། མི་
བརྟན་པ་ཡིད་དུ་གྱུར་པ་ན། ཅུང་ཞིག་མི་གསལ་བར་སྨྲའོ་ཞེས་བཤད་པ་ནི། རབ་ཏུ་གསལ་བར་སྨྲ་བ་པོ་མཐོང་བ་མེད་ཅེས་བྱའོ། །དཔེར་ན་ཇི་ལྟར་འགྲེལ་བཤད་བྱེད་པ་འདམ་མ་ཆུ་རྔུ་འཛིན་པ་ལྟ་བུར་མཐོང་བའི་ཚད་མ་ལ་རྨོངས་ནས་མཐོང་བ་ལ་མ་འཕེལ་བར་བྱེད་དོ་ཞེས་བྱ་བ་དང་། མཐར་
གསུང་རབ་རྒྱ་མཚོའི་རིགས་གཟིངས་རྒྱ་ཆེན་རྣམ་ངེས་འདི་ནི་ཞེས་དད་པ་ཙམ་གྱིས་ཉེ་བར་བསྒྲུབ་པ་བཞིན་དུ་བརྗོད་པ་ལྟ་བུའོ། །འདིས་ནི་མི་མཁས་པར་བརྗོད་དོ། །གཞན་གྱིས་དོན་དམ་པ་མ་རྟོགས་ན། ཐ་སྙད་ཙམ་གྱི་བསྟན་བཅོས་ཉེ་བར་མཁོ་བ་མ་ཡིན་པའི་ཕྱིར་བླང་བྱ་མ་ཡིན་པ་ཉིད་དུ་
འགྱུར་ཏེ། རང་གིས་རྟོགས་ན་གོ་བཤད་པ་བྱེད་པ་ལ་ཡོན་ཏན་ཅི་ཡོད། གང་གི་ཕྱིར་དེ་ལྟར་དག་དང་ཡིད་ཀྱི་ཉེས་པ་སྣ་ཚོགས་ཀྱིས་སློབ་དཔོན་གྱི་བཞེད་པ་འཆོལ་བར་བྱེད་པ་དེས་འདིར་མནོག་མེད་ཚུལ་དང་བྲལ་བས། བློ་བསྒྲུབ་པོ་ཞེས་འབྲེལ་ཏོ། །ཅིའི་དོན་དུ་ཞེ་ན། བློ་ནི་མཐའ་འདས་དག་
པར་བྱ་ཕྱིར་ཞེས་བྱ་སྟེ། དགོས་པའི་དགོས་པའི་མཐར་ཐུག་པ་ཡིན་ལ། རྣམ་འགྲེལ་གྱི་སྒོ་ནས་ནི་བརྗོད་བྱའིའོ། །འོ་ན་དེའི་དོན་གྱི་བཤད་པ་ལ་འདིས་ཅི་བྱ་ཞེ་ན། དེ་ནི་མེད་དེ་རྣམ་པ་འདིས་ནི་དེའི་དོན་ཉིད་གསལ་བར་བྱས་པ་ཡིན་ཏེ། དེ་ལྟ་མ་ཡིན་ན་ཕྱག་བྱེད་པ་ཙམ་དུ་སེམས་པར་འགྱུར་རོ། །ཡང་ན་

འདིར་བློ་བསྒྲུབ་པོ་ཞེས་བྱ་བ་ནི་འབྲས་བུས་རྒྱུ་བསྟན་པའི་ཕྱིར་འདི་བཤད་པའི་གཞུང་བྱའོ་ཞེས་བྱ་བའི་དོན་འདི་ཉིད་ཡིན་ནོ། །གལ་ཏེ་གཞུང་གཞན་ཡོད་པ་འདི་མི་ཁོམ་པ་ཅི་ཡོད་ཅེ་ན། མཐའ་འདས་པའི་བློ་བདག་གི་གཞུང་གིས་བྱ་བ་དེའི་ཕྱིར་ན་མ་རྟོགས་པ་ཙམ་བཟློག་པ་ལ་
མཁོ་བ་དེ་དག་གིས་བཤད་པའི་དོན་དེའི་མ་ཡིན་ནོ། །འདི་ག་ལས་ཤེ་ན། མནོག་མེད་ཀྱི་ཚུལ་མེད་པའི་ཕྱིར་རོ། །བདག་གི་གཞུང་གིས་བཤད་པ་ཡོངས་སུ་དག་པའི་ཚུལ་ནི་རྣམ་འགྲེལ་གྱི་རྟོགས་པ་གཅིག་ཏུ་རྣམ་པར་དག་པར་བྱེད་པ་ཡིན་ནོ། །འོ་ན་བཤད་པ་བྱེད་པ་གཞན་དག་གི་
གཞུང་ལ་མ་དག་པ་ཅི་འདྲ་བ་ཞིག་ཅེ་ན། སྔ་མ་ཕྱེད་པོ་སྔ་མ་བཞིན་ནོ། །ཡང་གང་དག་གི་བློ་མཐའ་འདས་དག་པར་བྱ་བའི་ཕྱིར་འདི་བློ་སྒྲུབ་གང་གི་ཕྱིར་འགྲེལ་པ་དང་འགྲེལ་བཤད་ལ་མངོན་པར་ཞེན་པ། དེའི་ཉེས་པ་ཐོབ་པས་བླང་བའི་སྡང་བས་ཕྱིར་ལ་མཉན་པ་དང་འཛིན་པ་ལ་སོགས་
པའི་བགེགས་སུ་འགྱུར་རོ་ཞེ་ན། སྐལ་ལྡན་ཏེ་སྣོད་དུ་གྱུར་པ་རྣམས་ཀྱིའོ། །གང་དག་སྣང་བ་དང་། ཤེས་རབ་ངན་པ་དང་། དོན་དུ་གཉེར་བ་སྤངས་ནས། གཟུ་བོར་གནས་པ་དང་། བློ་དང་ལྡན་པ་དང་། དོན་དུ་གཉེར་བ་ནི་ཐོས་པའི་སྣོད་ཡིན་པར་བརྗོད་དོ་ཞེས་བྱ་བའི་མཚན་ཉིད་ཅན་ནོ། །
བློ་དང་ལྡན་པ་ཞེས་བྱ་བ་ནི། བསྔགས་པ་ལ་ལྡན་པར་འདོད་པའི་ཕྱིར་ན། གལ་ཏེ་མང་དུ་འགྲེལ་པ་དང་འགྲེལ་བཤད་དག་ལ་མངོན་པར་ཞེན་པ་དེ་ལྟ་ན་ཡང་གང་དག་བདག་གི་ལུས་འཛིན་པར་འགྱུར་བས་ཉི་མ་སྦས་པ་ལ་སོགས་པ་ལྟ་བུའི་ཉན་པ་པོའི་མཚན་ཉིད་དང་ལྡན་པ་འགའ་ཞིག་
འབྱུང་བར་འགྱུར་རོ་སྙམ་དུ་དགོངས་པ་ཡིན་ནོ། །གང་དག་མངོན་པར་ཞེན་པ་ཅན་ལོག་པའི་ང་རྒྱལ་གྱིས་བསྐྱེད་པས་བློ་མི་བརྟན་པ་དག །སུན་འབྱིན་པའི་བསམ་པས་ཀྱང་། འཇུག་པར་བྱེད་པ་དེ་དག་ཀྱང་སྔ་མ་བཞིན་དུ་ཡང་དག་པར་རིག་པ་ཙམ་སྐྱེ་བར་འགྱུར་རོ། །དེ་དག་ཀྱང་རིམ་གྱིས་རྣམ་
འགྲེལ་ལ་ཤིན་ཏུ་དག་པའི་བློ་འཐོབ་པར་འགྱུར་གྱི། དེའི་དུས་སུ་ནི་མ་ཡིན་ཏེ། ཤིན་ཏུ་རྒོད་པས་དཀྲུགས་པའི་ཕྱིར་རོ། །གང་དག་དེའི་ལུགས་ཀྱི་གདོན་གྱིས་ཟིན་པ། ཤིན་ཏུ་བློ་རྨུན་པའི་ཉེས་ཆགས་པའི་བློས་བཤད་པ་མི་རྟོགས་པ་དེ་དག་གིས་རྣམ་པ་ཐམས་ཅད་དུ་ཡལ་བར་དོར་

བའི་སྣོད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལ་གང་གི་ཕྱིར་དེ་ལྟ་བུའི་སྨྲ་བ་པོ་མ་མཐོང་བ་དེས་ན། འདི་བརྩམ་མོ་ཞེས་བརྗོད་པ་འདིས་ནི་འདི་བརྩམས་པ་ལས་སྔ་རོལ་ཉིད་དུ་དེ་ལྟ་བུའི་སྨྲ་བ་པོ་ཡོད་པ་བཀག་པའི་ཕྱིར། བདག་ཉིད་དེ་ལྟར་འཆད་པར་བྱེད་པ་མི་འགལ་བ་ཡིན་ནོ། །ཕལ་ཆེར་གྱི་
སྒྲས་ནི་འགའ་ཞིག་ཏུ་དོན་ཅི་ལྟ་བ་བཞིན་དུ་བརྗོད་པའི་ཡང་སྐབས་འབྱེད་པ་ཡིན་ཏེ། བྱིས་པས་ཀྱང་དོན་ཇི་ལྟ་བ་བཞིན་བརྗོད་པ་འགྲུབ་པའི་གསལ་བ་ཞིག་ཏུ་ཡང་། འགྲེལ་པ་གཞན་བྱེད་པ་དེ་དག་ལ་གུས་པ་ནི་མ་ཡིན་ཏེ། སྐྱེས་བུ་མང་དུ་སྨྲ་བ་ལ། །བདེན་དོན་ཅན་ཅིག་མེད་དམ་ཅི། །
ཞེས་བྱ་བའི་ཚུལ་གྱིས་སོ། །དེས་ན་ཚིགས་སུ་བཅད་པ་འདིས། འདིར་ཡང་དག་རིག་པའི་དོན་དུ་ཞེས་བྱ་བས་ནི་འདིའི་དོན་བརྗོད་བྱ་རྣམ་འགྲེལ་ཡིན་པར་བསྟན་ཏོ། །དེ་ལ་དང་པོ་ཕྱེད་ཀྱིས་ནི་གཞུང་བྱེད་པ་རྣམས་ཀྱིས་མ་རྟོགས་པ་སློབ་དཔོན་གྱི་ཁུར་ཁྱེར་བའི་རྒྱུར་བསྟན་པ་ལ། ལྷག་མ་
རྣམས་ཀྱིས་ནི། དེ་མ་ཐག་པའི་བཤད་པ་ལ་སོགས་པ་ཡན་ལག་དང་བཅས་པར་བཤད་ལ། བཤད་པ་སྔ་མ་ལ་ནི་དགོས་པའི་སྒོ་ནས་རྣམ་འགྲེལ་གྱི་རྩ་བའི་བརྗོད་བྱ་དང་དགོས་པའི་ཞེས་བྱ་བ་ནི་མདོར་བསྡུས་པའོ། །འདི་ལ་གཞན་དག་ཡང་དག་རིག་པའི་དོན་དུ་ཞེས་བྱ་བ་ཡང་དག་
རིག་པའི་ཁམས་ལས་འབད་པས་ཡང་གི་རྐྱེན་དང་། དབྱེ་བ་བྱས་ནས། སྐལ་ལྡན་བློ་མི་བརྟན་རྣམས་ཀྱི། །ཞེས་བྱ་བ་ཡང་གཞི་མཐུན་པའི་དྲུག་པར་སྦྱོར་བར་བྱེད་དོ། །དེ་ལ་སྐལ་ལྡན་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་ཤེས་རབ་བམ། རིགས་ཕུན་སུམ་ཚོགས་པས་སོ། །བློ་མི་བརྟན་
ཞེས་བྱ་བ་སྒྲུབ་པ་ལས་བྱུང་བའི་ཤེས་རབ་བམ། གྲོགས་ཕུན་སུམ་ཚོགས་པས་སོ་ཞེས་བྱ་བ་ལ་སོགས་པ་དོན་ལ་ལག་ནོམ་བྱེད་པ་དེ་དག་ཀྱང་ཤིན་ཏུ་ལེགས་པ་མ་ཡིན་ཏེ། མི་བརྟན་པའི་སྒྲས་ནི་ཡོན་ཏན་གྱི་ཕྱོགས་སུ་མི་བཟོད་པའི་ཕྱིར་རོ། །རྣམ་པ་ཅི་ལྟར་རུང་རུང་དུ་བྱེད་ན་ནི་མ་ལེགས་པར་
བས་པར་འགྱུར་རོ། །འདི་ལྟར་གཡེར་བ་ལ་སོགས་པའི་སྒྲ་སྤངས་ཨ་ནུ་པྲ་ས་འདོད་པས་མི་བརྟན་པའི་སྒྲ་འདི་སྦྱར་བ་ནི་གསལ་བར་རྗོད་བྱེད་མ་ཡིན་པར་འགྱུར་ན། འདི་ནི་སྙན་དངགས་པ་ཆེན་པོ་ཡིན་ནོ། །མཁས་པའི་རྒྱན་དུ། བསྟན་བཅོས་སྒྱུ་རྩལ་བཟོད་དག་པ། །ཀུན་གྱི་ཀ་ཤའི་རྡོ་ཡིན་ཏེ། །

སྙན་དངགས་སྨྲ་པོའི་མེ་ཏོག་གིས། །བདག་ནི་མེ་ཏོག་རྣམ་པ་ཡིན། །ཞེས་གསུངས་སོ། །གང་དུ་ཡི་གེ་ལྷག་པའི་རྐང་པ་འགའ་ཞིག་ཏུ་དམིགས་པ་དེར་ཡང་སྐྱོན་མེད་དོ། །རང་ཉིད་ཀྱིས་སྡེབ་སྦྱོར་དམ་བཅས་པའམ། སྤྱིར་གྲུབ་པའི་ངེས་པ་མེད་པའི་ཕྱིར་རོ། །བསྟན་
བཅོས་བྱེད་པ་ལ་ནི། སཾ་སྐྲྀ་ཏ་ཙམ་གྱིས་ངེས་པ་ཉིད་ངེས་པར་སྒྲུབ་པ་ཡིན་ནོ། །དེས་ན་གལ་ཏེ་གོམས་པ་ལས་སྡེབ་སྦྱོར་ཉམས་པའི་ཚིག་བཀོད་པས་ཅི་དེ་ཉིད་ལ་མངོན་པར་ཞེན་ནམ། ཡང་ན་རང་གིས་བྱས་པ་ཕྱིར་ཞུ་ཐུག་མ་བྱས་པའི་ཕྱིར་བདག་ཉིད་ཆེན་པོ་ཉིད་དེ། ཉེས་པ་མི་མཁས་
པ་རྣམས་ལ་ཡིན་ནོ། །ཡང་ན་དེ་ནི་སྐྱོན་མ་ཡིན་པ་ཉིད་དེ། ཚིགས་སུ་བཅད་པའི་དབྱེ་བ་ནི་དེ་ཁོ་ནར་མཐའ་ཡས་པའི་ཕྱིར་རོ། །དང་པོ་རྩོམ་པ་ཉིད་ནི་རྩོལ་བ་རིགས་པས་ན། རྗོད་བྱེད་མ་ཡིན་པ་སྦྱར་བས་ནི་འཆད་པ་པོའི་ཡོན་ཏན་ཡང་རྒྱས་པར་མི་བྱེད་དོ། །བཤད་པ་སྔ་མ་ལྟར་དེ་ལྟར་བྱས་པ་
ལ་ནི། དོན་གྱི་ཁྱད་པར་འགའ་ཞིག་ཡོད་པ་ཡང་མ་ཡིན་ནོ། །གྲོགས་ཕུན་སུམ་ཚོགས་པ་ལ་སོགས་པ་ཚིག་གཞན་གྱིས་བརྗོད་པར་མི་ནུས་ལ་མི་བརྟན་པའི་ཚིག་དང་རྗེས་སུ་མཐུན་པ་སྤངས་པ་མ་ཡིན་ནོ། །དེས་ན་འདི་འདྲ་བའི་བཤད་པ་ནི་བཏང་སྙོམས་སུ་དོར་བ་ཉིད་པའོ། །ཚིགས་སུ་
བཅད་པ་གཉིས་པའོ། །དེས་ན་སློབ་དཔོན་གྱི་ཐུགས་ལ་གནས་པས་ན། བཤད་པར་བྱ་བ་ཚིགས་སུ་བཅད་པ་དང་པོའི་ཕྱེད་དང་པོའི་ལྷུར་བྱ་བ་རེ་ཞིག་བཤད་པ་ནི། བསྟན་བཅོས་འདི་ལ་ཞེས་བྱ་བ་སྟེ། ཚོགས་ལས་བསྟོད་པའི་ཆ་བསྟོད་པའི་རིགས་ཀྱིས། དམིགས་པ་སེལ་བར་བྱེད་པའོ། །
འདི་ལ་བཅོམ་ལྡན་འདས་ལ་བསྟོད་པ་མངོན་པར་བརྗོད་པ་གང་ཡིན་པ་ནི། བསྟན་བཅོས་ཀྱི་དོན་ཡིན་པའི་ཕྱིར་ཏེ། རང་གི་ལྷ་ཡིན་པ་ཙམ་གྱིས་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་འདིར་འདོད་པའི་ལྷ་ཙམ་ལ་བསྟོད་པ་མངོན་པར་བརྗོད་པ་སྦྱར་ན་སྐྱོན་ཅི་ཡོད་དེ། བསྟན་བཅོས་བྱེད་པ་
རྣམས་ཀྱི་རྩོལ་བ་ཐམས་ཅད་ནི་རང་གི་ལྷ་ལ་མཆོད་པ་སྔོན་དུ་འགྲོ་བར་འོས་པ་ཉིད་དོ། །དེ་ཙམ་གྱིས་ཀྱང་བསྟོད་པ་དང་ཕྱག་འཚལ་བ་དག་དོན་བྱ་བར་འགྱུར་བའི་ཕྱིར། གང་ལས་གཙོར་བྱ་བ་ཚོལ་བ་ནི་འདི་ལ་ཞེས་བྱ་བ་ལ་སོགས་པ་འཇུག་པར་འགྱུར་བ། འདིར་ལྷག་པ་ཅི་ཞིག་སྣང་། སྐབས་

སུ་བབ་པའི་བསྟོད་པ་དང་ཕྱག་འཚལ་བ་དག་ལས་བསྟོད་པ་ཉིད་ལ་འཕངས་པའི་ཐུགས་དགོངས་འཚོལ་གྱི། ཕྱག་འཚལ་བར་ནི་མ་ཡིན་ནོ་ཞེས་བྱ་བ་ཡང་ཅི་ཞིག་འབྲེལ། བསྟོད་པ་ཉིད་ལ་འཕངས་པའི་ཐུགས་དགོངས་ཡོད་ཀྱང་བསྟན་བཅོས་ཀྱི་དོན་ཡིན་པའི་ཕྱིར་ཞེས་བྱ་བའི་གཏན་
ཚིགས་གོ་ཅི་ལྟ་བུ། བསྟོད་པ་ཉིད་ལ་བསྟན་བཅོས་ཀྱི་དོན་ནམ། བསྟན་བཅོས་ཀྱི་དོན་ལ་བསྟོད་པ་ཉིད་ཀྱང་མ་ཡིན་ཏེ། གཉི་ག་ལྟར་ཡང་འཁྲུལ་པའི་ཕྱིར་རོ། །དེས་ན་བསྟན་བཅོས་ཀྱི་དོན་ཞེས་བྱ་བ་ནི། ཤེས་པར་བྱེད་པའམ། བྱེད་པའི་རྒྱུ་མ་ཡིན་པས་ན། ཅི་ལྟར་ལྔ་པར་འབྲེལ་
པར་འོས་ཤེ་ན། འདི་ལ་བསམ་པ་འདི་ཡིན་ཏེ། བསྟོད་པ་མངོན་པར་བརྗོད་པ་རང་གི་ལྷས་མ་སྦྱར་བ་ནི་མི་འདོད་ཀྱི། འོན་ཀྱང་འདི་གཅིག་ཏུ་དེར་ངེས་པ་མ་ཡིན་པར་སྨྲ་སྟེ། བསྟན་བཅོས་ཀྱི་དོན་ཀྱང་དེའི་སྦྱོར་བྱེད་ཡིན་པའི་ཕྱིར་རོ། །འོ་ན་རང་གི་སྟོན་པ་ཡིན་པའི་ཕྱིར་དང་། བསྟན་བཅོས་
ཀྱི་དོན་ཡིན་པའི་ཕྱིར་ཞེས་བརྗོད་པར་བྱའོ། །བྱ་བ་ཡང་མི་རིགས་ཏེ། གཙོར་བྱ་བའི་དོན་རྟོགས་པ་ན་དེ་འགའ་ཞིག་གཏན་ཚིགས་ཡིན་པའི་ཕྱིར་རོ། །ཡི་གེའི་དོན་ལ་ལྟོས་ནས་ནི་རང་གི་ལྷ་ཉིད་སྦྱོར་བྱེད་ཡིན་པར་དེ་མ་ཐག་ཏུ་བརྗོད་པའི་ཕྱིར་གཉི་ག་རྒྱུ་མཚན་དུ་མི་འགལ་བ་དང་འདོད་པས་སྐྱོན་
མེད་དོ། །དེ་ལ་གལ་ཏེ་རང་གི་ལྷ་ཉིད་ཀྱིས་ཀྱང་བསྟོད་པ་དོན་བྱས་པ་དང་དེ་ཡང་ཡང་དག་པའི་ཡོན་ཏན་བརྗོད་པའི་མཚན་ཉིད་ཅན་ཡིན་ཞིང་། བཅོམ་ལྡན་འདས་ཀྱང་ཡོན་ཏན་གྱི་ཚོགས་དཔག་ཏུ་མེད་པའི་གཞི་ཡིན་པ་དེས་ན་ཅི་འདི་རྣམ་པ་ཅི་ཞིག་ལྟར་མངོན་དུ་ཕྱོགས་པ་ཙམ་གྱིས་ཚད་མའི་ཡོན་ཏན་
བརྗོད་པའམ། འོན་ཏེ་ཁྱད་པར་འགའ་ཞིག་ལས་ཞེས་གཞུང་བྱེད་པ་མཚུངས་པ་རྣམས་ཀྱི་ཡང་བསམ་པ་ཟབ་མོར་མཐོང་བ་དག་དོགས་པ་སྲིད་པའི་ཕྱིར། སྲིད་པ་གཙོར་བྱ་བའི་དོན་བརྗོད་པའི་སྐབས་ཅི་སྟེ་མེད། ཚིག་གམ་དོན་ལྷག་པ་མཐོང་བ་ཉིད་གཙོར་བྱ་བའི་དོན་དུ་རྟོགས་པར་ནུས་པ་
ཡིན་ཏེ། སྐབས་ཀྱི་དོན་གྱི་བྱ་བའི་ཚིག་རྣམས་ཀྱང་དོན་གཞན་ལྷུར་བྱེད་པ་མཐོང་བའི་ཕྱིར་ཏེ། དཔེར་ན་དབང་པོའི་རོག་འདུག་པ་ཕམ་པར་རྟོགས་པར་ཡང་གང་དུ་མཐོང་། དེས་ན་སྤྲོས་པ་འདི་ལྷག་པར་ཞེན་པ་ཙམ་གྱིས་གྲུབ་པ་ཡང་མོད་ལ་དོར་བར་མི་ནུས་ཤིང་། རྒྱུ་འབྲས་ཀྱི་དངོས་པོ་

ནི་ཁྱད་པར་དུ་ཡང་མི་ནུས་ཏེ། ཐ་སྙད་ཐམས་ཅད་ནི་དེའི་རྩ་བ་ཅན་ཡིན་པའི་ཕྱིར་རོ། །ལྷག་པར་ཞེན་བཞིན་པ་ནི། དཔྱད་མི་བཟོད་པའི་ཕྱིར། ཀུན་རྫོབ་པར་འགྱུར་རོ། །གལ་ཏེ་རྒྱུ་དང་འབྲས་བུའི་དངོས་པོ་འདི་ནི་ཐ་སྙད་ཀྱི་ཚུལ་ཅན་ཡིན་ནོ་ཞེས་བྱ་བ་འདི་
ཉིད་བརྗོད་པར་འདོད་པ་མ་ཡིན་ནམ། བཅོམ་ལྡན་འདས་ཚད་མར་གྲུབ་པ་ཅི་ལྟར་ལྟོས་པར་བྱེད་ཅེ་ན། སྨྲས་པ་ཐ་སྙད་པའི་ཚད་མ་གང་ཡིན་པའི་བཅོམ་ལྡན་འདས་དེ་ལ་ལྟོས་ནས་ཞེས་བྱ་བའོ། །དོན་འདི་ཡིན་ཏེ། དངོས་པོའི་དེ་ཁོ་ན་ཉིད་གཟིགས་པའི་བཅོམ་ལྡན་འདས་ནི་གདུལ་
བྱ་རྣམས་ལ་ཚད་མས་དག་པའི་ལེགས་པའི་ལམ་སྟོན་པའི་ཕྱིར་ཚད་མ་ཡིན་ནོ་ཞེས་བྱ་བའི་དབང་དུ་བྱས་པ་ཡིན་ལ། སྤྲོས་པ་དེ་ཡང་རང་རིག་ཙམ་ལ་གནས་པ་ལས་འདས་ཐ་སྙད་ཙམ་ཉིད་དོ། །ཐ་སྙད་དེ་ཡང་ཐ་ཤལ་གནས་པ་ལ་ལྟོས་ཏེ། ཡང་དག་པ་ཡིན་ནོ་ཞེས་བརྗོད་དོ། །ཡང་
ན་གནོད་སྦྱིན་དང་མཐུན་པའི་གཏོར་མ་བཞིན་དུ་ཀུན་རྫོབ་པའི་ཚད་མ་ལ་ལྟོས་ཏེ་ཀུན་རྫོབ་པའི་རྒྱུ་འབྲས་ཀྱི་དངོས་པོ་ལ་བརྟེན་པའི་ཀླན་ཀར་ཅི་ལྟར་འགྱུར། གང་གི་ཚེ་རྣམ་པ་ཐམས་ཅད་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་གནས་པའ
Luận tạng Tây Tạng (Tengyur) — Tập 183 | Tra cứu Kinh điển | Tàng Kinh Việt