Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 183

Văn bản gốc(Tây Tạng)

Trang 12 / 19 (50.000 ký tự/trang)
ོ་ལ་སོགས་པར་མཐོང་བ་བར་ཆོད་པ་ཡིན་ན་ཡང་བར་མ་ཆོད་པར་སྒྲོ་འདོགས་པ་དེ། ཅི་དབང་པོ་ལས་སྐྱེས་པ་ཡིན་ནམ། འོན་ཏེ་མ་ཡིན་པར་བརྟག་
གྲང་ན། ཅི་སྟེ་དབང་པོ་ལས་སྐྱེས་པའོ་ཞེ་ན། དེ་ནི་མ་ཡིན་ཏེ། གང་གི་ཕྱིར། དབང་པོས་ཆད་པ་མཐོང་ན་ཡང་། །མ་ཆད་སྒྲོ་འདོགས་དབང་པོ་ལས། །མི་རུང་དབང་པོའི་བློ་ཐམས་ཅད། །ཕྱིན་ཅི་ལོག་ཏུ་ཐལ་ཕྱིར་རོ། །ཞེས་བྱ་བ་ལ། སྒྲ་ལ་སོགས་པ་མཐོང་

བ་རྣམ་པར་ཆོད་པ་ཡིན་ན་ཡང་མ་ཆད་པ་སྒྲོ་འདོགས་པ་དབང་པོ་ལས་འཐད་པ་མ་ཡིན་ཏེ། དབང་པོ་བློ་ཐམས་ཅད་འཁྲུལ་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །འདི་ལྟར། ཡི་གེ་བདག་ཉིད་ཀུན་མཐའ་ཡང་། །མིག་འཛུམས་ཚད་དུ་གནས་པ་ཅན། །དེ་ཡང་རིམ་
གྱིས་རྡུལ་དུ་མ། །དང་འབྲེལ་པ་རུ་གནས་པར་འགྱུར། །རྡུལ་གཅིག་བསྒྲེས་པའི་དུས་དག་ཀྱང་། །དུས་ཐུང་སྐད་ཅིག་མ་ཉིད་འདོད། །བློ་ཡང་སྐད་ཅིག་རིམ་དེས་ན། །ཡི་གེ་རྣམས་ནི་ཤེས་པར་འགྱུར། །དེ་ལྟས་ཡི་གེས་གཟུགས་སོགས་ལ། །གཞན་
གྱིས་རྣམ་པར་ཆོད་པ་ཡང་། །ཆོད་པ་མེད་པར་སྣང་བ་ཅན། །བློ་ཀུན་ལོག་པའི་དོན་ཅན་འགྱུར། །ཞེས་བྱ་བ་ལ། གང་གི་ཕྱིར་མིག་འཛུམས་པ་ཙམ་དུ་གནས་པ་གང་ལ་ཡོད་པའི་ཡི་གེའི་བདག་ཉིད་ཅིག་ཅར་སྐྱེ་བ་ཡང་མིག་འཛུམས་པ་དང་དུས་མཚུངས་
པ་ཅན་ཏེ། ཤིན་ཏུ་མྱུར་བའི་ཡི་གེ་ཞེས་བྱ་བའི་ཐ་ཚིག་གོ། །མིག་འཛུམས་པ་དེ་ཡང་ཤེས་པ་ལ་རིམ་གྱིས་རྡུལ་དུ་མ་དང་འབྲེལ་པར་གནས་པར་འགྱུར་རོ། །རྡུལ་གཅིག་བསྒྲེས་པ་ནི་ལམ་སྣོལ་བའི་དུས་ཙམ་སྟེ། དུས་ཡུན་ཐུང་ངུ་སྔ་ཕྱིའི་ཆ་ཤས་དང་བྲལ་
བ་སྐད་ཅིག་མར་འདོད་དོ། །བློ་ཡང་སྐད་ཅིག་མར་འདོད་དེ། །དེ་ཡང་སྐད་ཅིག་མ་ཡིན་ཕྱིར། །ཞེས་བྱ་བར་བསྟན་ཏོ། །དེའི་ཕྱིར་ཡི་གེ་ཐུང་ངུ་ལ་སོགས་པའི་བློ་རྟོགས་པར་འགྱུར་ཏེ། གང་གི་ཕྱིར་ཐམས་ཅད་དུ་རིམ་གྱིས་ཤེས་པའི་ཕྱིར་རོ། །དེ་ལྟ་བས་ན། ཡི་གེ་
ཐུང་ངུ་ལ་སོགས་པའམ། །ཡུལ་གཟུགས་ལ་སོགས་པ་རྣམས་ལ་བློ་ཐམས་ཅད་བདག་ཉིད་འཛིན་པར་བྱེད་པའི་བློས་ཆོད་པར་གྱུར་ཀྱང་། བར་མ་ཆོད་པར་སྣང་བའོ་སྙམ་དུ་འཁྲུལ་པར་འགྱུར་རོ། །འོན་ཏེ་སྒྲ་ལ་སོགས་པའི་ཤེས་པ་བར་ཆད་པ་ཡིན་ན་ཡང་། བར་
མ་ཆད་པར་ཡིད་ཀྱིས་སྒྲོ་འདོགས་སོ་ཞེ་ན། འདིར་སྨྲས་པ། དབང་པོ་འཁྲུལ་བ་ལས་གཞན་དུ། །དངོས་རྣམས་གང་ཞིག་སྲེ་བྱེད་པ། །ཐ་དད་མཚོན་མེད་འཁྲུལ་པ་ཅན། །དྲན་པ་གང་དེ་རྣམ་རྟོག་ཡིན། །དེ་བརྗོད་པ་དང་འདྲེ་བ་ཅན། །གསལ་བར་སྣང་བ་

ཉིད་གང་ལས། །ཞེས་བྱ་བ་ལ། དབང་པོས་བྱས་པའི་འཁྲུལ་པ་ལས་གཞན་པའི་དངོས་པོ་རྣམས་གང་ཞིག་སྲེ་བར་བྱེད་པ་སྟེ་ཐ་དད་པར་མཚོན་དུ་མེད་པའི་ཕྱིར་འཁྲུལ་པ་ཡིན་ནོ། །དྲན་པའི་རང་བཞིན་དང་གསལ་བའི་རྣམ་པ་ཅན་དེ་ནི་རྣམ་པར་
རྟོག་པ་ཡིན་ཏེ། ཡི་གེ་ལ་སོགས་པའི་ཤེས་པའོ། །དེ་ཇི་ལྟར་ཡིད་ཀྱི་ཡིན། །འོན་ཏེ་རྣམ་པར་རྟོག་པ་ཉིད་གསལ་བའི་རྣམ་པ་ཅན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། གང་གི་ཕྱིར། རྣམ་པར་རྟོག་པ་དེ་བརྗོད་པ་སྟེ་སྒྲ་དང་འདྲེ་བ་ཅན་དེ་གསལ་བ་སྣང་བ་ཉིད་དུ་ཇི་ལྟར་འགྱུར་ཏེ་
མི་འགྱུར་རོ། །འོན་ཏེ་གསལ་བ་ཉིད་ཀྱི་ངོ་བོ་སྒྲའི་ཡུལ་ཡིན་པའི་ཕྱིར་བརྗོད་པ་དང་འདྲེ་བ་ཅན་ཏེ་གསལ་བར་སྣང་བ་ཉིད་དུ་འགྱུར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། གང་གི་ཕྱིར། དབང་པོས་གཟུང་ལ་སྒྲ་སྦྱོར་བ། །ཡོད་པ་མིན་ཞེས་བཤད་ཟིན་ཏོ། །ཞེས་བྱ་བ་ལ། དབང་
པོས་གཟུང་བའི་རང་གི་མཚན་ཉིད་ལ་སྒྲ་སྦྱོར་བ་ཡོད་པ་མ་ཡིན་པར་སྔར་སྤྲོས་ཏེ་བཤད་ཟིན་ཏོ། །གཞན་ཡང་། ཆོད་པ་དབང་པོས་མཐོང་བ་ཡང་། །གལ་ཏེ་རྟོགས་པས་སྦྱོར་བྱེད་ན། །དོན་དང་དེ་ཡི་ཉམས་མྱོང་བ། །རྟག་ཏུ་སྣང་བར་གྱུར་པ་དག །རིམ་པ་དམ་པས་མི་
གནོད་ན། །ཆོད་པ་ཞེས་བྱར་དེ་ཅིས་ཤེས། །ཞེས་བྱ་བ་ལ། ཇི་ལྟར་ཆོད་པའི་སྒྲ་ལ་སོགས་པ་ཡང་སྐྱེས་བུའི་དབང་པོས་མཐོང་བར་འགྱུར་ཏེ། རྟོགས་པ་སྔ་མ་དང་ཕྱི་མ་མཚམས་སྦྱར་ནས་སྦྱོར་བར་བྱེད་ན་ནི། དེའི་ཚེ་དོན་དང་དོན་ཉམས་སུ་མྱོང་བ་རྟག་ཏུ་སྟེ་རྒྱུན་མི་འཆད་པར་སྣང་བར་
གྱུར་བ་གཉི་ག་རིག་པ་དང་ལྡན་པའི་གནོད་པ་ཅན་མེད་ན། དོན་དང་དེ་ཉམས་སུ་མྱོང་བ་དག་ཆོད་པ་ཡོད་དོ་ཞེས་གང་གིས་ཤེས་ཏེ་མ་ཡིན་ནོ། །དེའི་ཕྱིར་དོན་དང་དོན་ཉམས་སུ་མྱོང་བ་ལ་རྣམ་པར་ཆོད་པ་ཡིན། དེས་ན་བློས་གཟུང་བར་བྱ་བའི་བློས་དོན་ཉམས་སུ་མྱོང་བ་ཆོད་
པའོ་ཞེས་བརྗོད་པར་མི་ནུས་སོ། །གལ་ཏེ་བློ་རྣམས་ནུས་མེད་ཕྱིར། །ཞེ་ན་དེ་ནི་གང་ལས་འདོད། །ཅིག་ཅར་བློ་མི་མཐོང་ཞེ་ན། །དེ་འདི་ཉིད་ནི་དཔྱད་པར་བྱ། །ཞེས་བྱ་བ་ལ། འོ་ན་བློ་ཉམས་སུ་མྱོང་བ་མ་ཡིན་ཏེ། འོན་ཀྱང་བློ་གཞན་གྱིས་ཤེས་པར་བྱ་བའོ་ཞེ་ན། བློ་རྣམས་

ཅིག་ཅར་སྐྱེ་བ་ཡང་ཡིན་ཏེ། དེས་ན་བློ་རྣམས་ཅིག་ཅར་སྐྱེ་བར་འགྱུར་བར་ངེས་པའི་ཕྱིར་རོ། །འོན་ཏེ་དོན་དང་ཤེས་པ་བར་ཆད་པ་སྟེ། སྔར་ནི་དོན་མྱོང་ལ་ཕྱི་ནས་ནི་བློ་མྱོང་བའོ་ཞེ་ན། དེ་ཉིད་ཅིག་ཅར་མི་སྐྱེ་བར་ངེས་པ་འདི་ཚད་མ་གང་གིས་ཤེས། དེས་ན་རང་རིག་པར་
འདོད་དོ། །འོན་ཏེ་ཅིག་ཅར་བློ་དུ་མ་མཐོང་བའི་ཕྱིར་ནུས་པ་ངེས་པར་འདོད་དོ་ཞེ་ན། ཅིག་ཅར་བློ་མ་མཐོང་བ་དེ་འདི་ཉིད་དཔྱད་པར་བྱ་སྟེ། ཅིག་ཅར་བློ་རྣམས་འབྱུང་ངམ། རིམ་གྱིས་འབྱུང་། ཅིག་ཅར་བློ་མཐོང་བ་མ་ཡིན་ཏེ། དོན་ཉེ་བར་གྱུར་ཀྱང་ཤེས་པ་རིམ་གྱིས་
སྐྱེ་བའི་ཕྱིར་རོ། །དེ་སྐད་དུ་ལུང་ལས་ཀྱང་། སེམས་གཉིས་འབྱུང་བ་ནི་གནས་མིན་ཞིང་གླགས་མེད་དོ་ཞེས་གསུངས་པ་མ་ཡིན་ནམ་ཞེ་ན། འདིར་སྨྲས་པ། དེ་རྣམས་རིག་མཐུན་པ་དག་ལས། །ནུས་པ་ཉིད་ནི་ངེས་འགྱུར་ཏེ། །འདི་ལྟར་རྣམ་པར་རྟོག་པ་རྣམས། །
རིམ་གྱིས་འབྱུང་བར་ཡང་དག་ཤེས། །ཞེས་བྱ་བ་ལ། བློ་དེ་རྣམས་ཀྱི་ནུས་པ་ངེས་པར་རིགས་མཐུན་པ་དག་ལ་ཤེས་པ་སྐྱེ་སྟེ། མིག་ལ་སོགས་པའི་ཤེས་པ་མང་པོ་ལ་མིག་ལ་སོགས་པའི་རྣམ་པར་ཤེས་པའི་བདག་ཉིད་མང་པོ་མི་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་
ལྟར། རྣམ་པར་རྟོག་པ་རྣམས་ལ་རིམ་གྱིས་འབྱུང་བར་ཡང་དག་པ་སྟེ་ངེས་པར་ཤེས་སོ། །འོན་ཏེ་རྟོག་པ་ཡང་གསལ་བར་སྣང་བ་ཅན་ཏེ། ངོ་ཤེས་པ་ཞེས་བྱ་བ་ལ་མངོན་སུམ་དུ་གཞན་དག་འདོད་དོ། །དེས་ན་རིང་པོ་ལ་སོགས་པ་འཛིན་ནོ་ཞེ་ན། འདིས་ནི་གང་གིས་མངོན་སུམ་དོན། །
ངོ་ཤེས་པ་ཡི་རྟོག་པ་ལ། །གསལ་པོར་སྣང་ཕྱིར་མངོན་སུམ་དུ། །རྟོག་པར་བྱེད་པ་བཟློག་ཟིན་ཏོ། །ཞེས་བྱ་བ་ལ། རྣམ་པར་རྟོག་པ་གསལ་བ་མ་ཡིན་པར་བསྟན་པ་འདིས་ནི་མངོན་སུམ་གྱི་དོན་ལ་ངོ་ཤེས་པར་རྟོག་པའི་རྒོལ་བ་གང་ཞིག་གསལ་བར་སྣང་བའི་ཕྱིར་མངོན་སུམ་དུ་
རྟོགས་པར་བྱེད་པའི་རྒོལ་བ་དེ་ཡང་བཟློག་ཟིན་པ་ཉིད་དེ། ངོ་ཤེས་པ་ནི་དབང་པོ་ལས་སྐྱེས་པ་མ་ཡིན་ཞིང་གསལ་པོར་སྣང་བ་ཡང་མ་ཡིན་ཏེ་བརྗོད་པ་དང་འདྲེ་བའི་ཕྱིར་དེ་ཇི་ལྟར་མངོན་སུམ་ཡིན། ངོ་ཤེས་པ་ནི་གསལ་བར་སྣང་བ་ཅན་ཡིན་དུ་ཆུག་ན་ཡང་ཚད་མ་མ་ཡིན་ནོ་སྙམ་བསམས་ནས།། །།

ཚད་མ་རྣམ་འགྲེལ་གྱི་འགྲེལ་པ། བམ་པོ་བཅུ་དགུ་པ། སྐྲ་དང་སྒོང་དང་མར་མེ་སོགས། །རྟོགས་པ་ཐ་དད་ཅན་ལ་ཡང་། །གསལ་བར་སྣང་ཡོད་ཅི་ལྟར་ན། །བློ་ནི་མངོན་སུམ་དེ་འདྲར་འགྱུར། །ཞེས་བྱ་བ་སྨྲས་ཏེ། སྐྲ་དང་སྒོང་དང་མར་
མེ་ལ་སོགས་པ་གང་ཞིག་ལ་རྟོགས་པ་ཐ་དད་པ་ཡོད་པ་དེ་ལ་ཡང་གསལ་བ་ཉིད་དང་གཅིག་པར་སྣང་བའི་ཕྱིར་བློ་དེ་དང་འདྲ་བ་སྟེ། ཕྱིན་ཅི་ལོག་གི་དངོས་པོ་འཛིན་པ་ཅན་ནི་མངོན་སུམ་དུ་ཇི་ལྟར་འགྱུར་ཏེ་མི་འགྱུར་རོ། །འོན་ཏེ་མར་མེ་ལ་སོགས་པ་ལ་གནོད་པ་ཡོད་པས་
མངོན་སུམ་མ་ཡིན་ནོ་ཞེ་ན། གང་གིས་གནོད་པ་ཡིན། ཆོད་པར་མཐོང་བའི་ཕྱིར་རོ་ཞེ་ན། སྔ་ཕྱིར་མ་མཐོང་བའི་ཀ་བ་ལ་སོགས་པ་ལ་ཡང་གནོད་པ་ཡོད་པའི་ཕྱིར་རོ། །ཉེ་བར་བསྡུ་བར་བྱ་བའི་ཕྱིར། །དེ་ཕྱིར་ངོ་ཤེས་པ་ལས་ནི། །ཡིག་སོགས་གཅིག་ཉིད་ངེས་
པ་མིན། །ཞེས་བྱ་བ་སྨོས་ཏེ། དེའི་ཕྱིར་རྟོག་པ་ཉིད་ངོ་ཤེས་པ་ཡིན་ལ། དེས་ཡི་གེ་ལ་སོགས་པ་གཅིག་པ་ཉིད་དུ་འཛིན་པ་མ་ཡིན་ནོ། །འདི་ལྟར། སྔོན་ཉམས་མྱོང་བ་དྲན་པ་དང་། །དེ་ཆོས་སྒྲོ་འདོགས་མེད་པར་ནི། །དེ་ཉིད་འདི་ཞེས་ཤེས་མེད་ན། །དེ་ཡང་གང་
ལས་དབང་སྐྱེས་ཡིན། །ཞེས་བྱ་བ་ལ། སྔོན་ཉམས་སུ་མྱོང་བ་དེ་དྲན་པ་མེད་པ་དང་། སྔར་ཉམས་སུ་མྱོང་བའི་ཆོས་སྔ་མ་དང་འབྲེལ་པ་ཅན་དེ་ལ་ད་ལྟར་བྱུང་བའི་ངོ་བོ་ཉིད་དུ་སྒྲོ་འདོགས་པ་དེ་དག་མེད་པར་དེ་ཉིད་འདི་ཡིན་ནོ་སྙམ་པ་དེ་ལྟ་བུའི་རང་བཞིན་གྱི་ངོ་ཤེས་པ་ཡོད་
པ་མ་ཡིན་ནོ། །སྔར་ཉམས་སུ་མྱོང་བ་དྲན་པ་དང་སྒྲོ་འདོགས་པ་དེ་ཡང་དབང་པོ་ལས་སྐྱེས་པའི་ཤེས་པར་ཇི་ལྟར་འགྱུར་ཏེ། དབང་པོ་ལས་སྐྱེས་པའི་ཤེས་པ་ཡུལ་ཉེ་བ་ཙམ་ཞིག་སྣང་བའི་ཕྱིར་རོ། །སྔ་མ་དང་ཕྱི་མ་ལ་ནི་མངོན་སུམ་འཇུག་པ་མ་ཡིན་ཞིང་། འཇུག་ན་
ཡང་འདས་པ་དང་མ་འོངས་པ་ཤེས་པ་ཐམས་ཅད་མངོན་སུམ་དུ་འགྱུར་རོ། །འོན་ཏེ་སྔ་མ་དང་ཕྱི་མའི་གཟུགས་ཐ་དད་པ་ལ་མངོན་སུམ་འཇུག་པ་མ་ཡིན་གྱི། སྔ་ཕྱི་ཡིན་ཡང་སྤྱི་ཐ་མི་དད་པ་ལ་འཇུག་པ་ཉིད་དོ་ཞེ་ན། འོ་ན་གལ་ཏེ་སྔ་མ་དང་ཕྱི་མའི་དངོས་པོ་ཐ་མི་དད་

པ་མངོན་སུམ་གྱིས་འཛིན་ན། དེ་ལྟན་ནི་ཐ་དད་པ་ཡང་འཛིན་པར་འགྱུར་རོ། །ཐ་དད་པ་མངོན་སུམ་གྱིས་མི་འཛིན་ན་དུས་མཚུངས་པའི་སྔོན་པོ་དང་སེར་པོའི་སྤྱི་ཡང་འདྲ་བར་མཐོང་བའི་ཕྱིར་རོ། །འོན་ཏེ་སྔ་མ་དང་ཕྱི་མར་སྣང་བ་མངོན་སུམ་ཡིན་ན། ད་ལྟར་འབྱུང་བ་
ཉིད་དུ་མི་འགྱུར་རམ། ད་ལྟར་བྱུང་བའི་སྔོན་པོ་དང་སེར་པོ་དག་བཞིན་ནོ། དེ་ལྟ་ན་ཡང་སྔ་མ་དང་ཕྱི་མ་ཐ་མི་དད་པ་ལ་མངོན་སུམ་འཇུག་ན་ད་ལྟར་བྱུང་བ་ཉིད་དུ་འགྱུར་ན་ཇི་ལྟར་སྔ་མ་ཉིད་ཡིན། འོན་ཏེ་སྔར་མ་མཐོང་བའི་ཕྱིར་སྔ་མ་ཉིད་ཡིན་ནོ་ཞེ་ན། འོ་ན་སྔར་མཐོང་བ་ཉིད་དུ་ཇི་
ལྟར་ཤེས་ཏེ། འདི་ལྟར་ཕྱིས་མཐོང་བ་ཉིད་ནི་སྔར་མ་མཐོང་བས་བྱས་པ་ཡིན་ལ། སྔར་མ་མཐོང་བ་ནི་ཞིག་པ་ཉིད་དེ། ད་ལྟར་ནི་ཡོད་པ་མ་ཡིན་ནོ། །དེ་ཇི་ལྟར་སྔར་མ་མཐོང་བ་མ་རྟོགས་པ་དེ་མཐོང་བ་ཉིད་དུ་ཇི་ལྟར་ཤེས། འོ་ན་གལ་ཏེ་སྔར་མཐོང་བའི་དུས་སུ་མ་རྟོགས་ན་ཡང་
དེ་དང་འབྲེལ་པའི་དངོས་པོ་འཛིན་པ་ཡིན་ནོ་ཞེ་ན། དེ་ལྟར་ན་འོ་ན་ནི་སྔར་མཐོང་བའི་དུས་ན། མེད་པ་ད་ལྟར་བྱུང་བའི་དུས་སུ་མཐོང་བ་གནས་པའི་གཟུགས་སྣང་བར་འགྱུར་བ་སྔ་ཕྱིར་མཐོང་བ་དག་ཐ་དད་པ་ཁོ་ན་ཡིན་ནོ། །དེ་ལ་གཅིག་པ་ཉིད་དུ་རྟོགས་པ་ནི་དྲན་པ་ཉེ་བར་གཞག་པ་སྟེ་
འཁྲུལ་པ་ཡིན་གྱི། མངོན་སུམ་ནི་མ་ཡིན་ནོ། །དེ་བས་ན་རིང་པོ་ལ་སོགས་པ་མ་ཡིན་ནོ། །འོན་ཏེ་དོན་དང་ཤེས་པ་ཅིག་ཅར་སྐྱེ་བར་འགྱུར་བའི་ཕྱིར། སྒྲ་ཐོས་པས་བར་ཆོད་པར་མི་འགྱུར་རོ་ཞེ་ན། དོན་དང་ཤེས་པ་མྱོང་བ་དག །ཅིག་ཅར་འབྱུང་བར་འདོད་མ་ཡིན། །དོན་དང་
དོན་ཤེས་ཐ་དད་པར། །སྣང་བར་རྟོགས་པ་མ་ཡིན་ནོ། །ཞེས་བྱ་བ་སྨོས་ཏེ། དོན་དང་དེ་འཛིན་པའི་ཤེས་པའི་མྱོང་བ་དེ་དག་ཅིག་ཅར་འབྱུང་བར་འདོད་པ་མ་ཡིན་ཏེ། ཅིག་ཅར་ཤེས་པ་གཉིས་མི་སྐྱེ་བ་ནི་ཡིད་ཀྱི་རྟགས་ཡིན་ནོ་ཞེས་བརྗོད་པའི་ཕྱིར་དང་། དོན་དང་དོན་གྱི་ཤེས་
པ་དེ་དག་གཉིས་ཐ་དད་པར་སྣང་བར་རྟོགས་པ་ཡང་མ་ཡིན་ཏེ། རང་རིག་པའི་ངོ་བོ་ཉིད་ཀྱིས་སྔོན་པོ་ལ་སོགས་པར་ཤེས་པ་ཡིན་གྱི། ཤེས་པ་གཞན་གྱིས་ནི་མ་ཡིན་ནོ། །འོན་ཏེ་གཅིག་གི་རང་བཞིན་གྱིས་སྔོན་པོ་དང་ཉམས་སུ་མྱོང་བ་དག་ཐ་དད་པར་ཤེས་པ་ཡིན་ཏེ།

དཔེར་ན་བདེ་བ་དང་ཤེས་པ་དག་བཞིན་ནོ་ཞེ་ན། དོན་དུ་སྣང་བའི་ཤེས་པ་དང་། །དེ་ཕྱིར་གྱི་ནི་དོན་འབའ་ཞིག །རྣམ་པ་གཅིག་ཅན་བློས་བཟུང་ན། །ཐ་དད་མེད་པར་ཐལ་ཕྱིར་རོ། །ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་དོན་དུ་སྣང་བའི་ཤེས་པ་
དང་། ཕྱི་རོལ་གྱི་དོན་ཡན་གར་བར་འཛིན་པ་མ་ཡིན་ཏེ། དེས་ན་རྣམ་པ་གཅིག་པ་ཅན་གྱི་བློས་གཟུང་བར་བྱ་བ་སྔོན་པོ་དང་དེའི་ཤེས་པ་དང་། དེ་བཞིན་དུ་བདེ་བ་དང་དེ་ཉམས་སུ་མྱོང་བ་ནི་ཐ་དད་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར། བདེ་བ་ལ་སོགས་པ་དང་སྔོན་པོ་ལ་
སོགས་པ་ལས་ཐ་དད་པའི་ཤེས་པ་འགྲོ་བ་འདི་དག་ལ་ཡོད་པ་མ་ཡིན་པའི་ཕྱིར། བདེ་བ་ལ་སོགས་པ་དང་སྔོན་པོ་ལ་སོགས་པ་ནི་ཉམས་སུ་མྱོང་བ་ཡིན་ནོ་ཞེས་བྱ་བར་འདོད་དོ། །འོ་ན་གལ་ཏེ་བདེ་བ་ལ་སོགས་པ་དང་སྔོན་པོ་ལ་སོགས་པ་ཡོངས་སུ་གསལ་བར་ཐ་དད་པ་
མེད་ན་ཡང་དེ་ལྟ་མོད་ཀྱི་ཤེས་པ་ཡོད་པ་ཉིད་དེ། དཔེར་ན་གཟུགས་ལ་སོགས་པ་ལ་སྣང་བར་ངེས་པ་བཞིན་ནོ་ཞེ་ན། དེ་ལ་སྨྲས་པ། དོན་དང་དོན་ཤེས་མྱོང་བའི་ཚེ། །ལེགས་པར་རྟོགས་པའི་ཁྱད་པར་གྱིས། །རྟོག་མེད་གང་དེ་དག་ཅི་ལྟར། །ཕྱི་ནས་སོ་སོར་དྲན་པར་
འགྱུར། །ཞེས་བྱ་བ་ལ། དོན་དང་དོན་རྟོགས་པ་གང་ཞིག་ལེགས་པར་རྟོགས་པའི་ཁྱད་པར་གྱིས་ཉམས་སུ་མྱོང་བ་སྟེ་རང་གི་ཤེས་པས་མ་ཤེས་པའི་དོན་ཤེས་པ་དོན་དང་དོན་ཤེས་པ་དེ་དག་ཕྱིས་སོ་སོ་སོ་སོར་ཇི་ལྟར་དྲན་པར་འགྱུར། དེ་བས་ན་དོན་དང་ཤེས་པ་དག་ཐ་དད་
པར་དྲན་པ་ཡང་མེད་པར་འགྱུར་ཞིང་། སྣང་བ་ནི་གལ་ཏེ་གཟུགས་ལས་ཐ་དད་པར་མི་སྣང་བ་དེའི་ཚེ་ཐ་དད་མེད་པ་ཁོ་ན་ཡིན་ན། གང་གི་ཕྱིར་སྣང་བ་ནི་རེས་འགའ་ཡན་གར་བར་ཡང་སྣང་བར་འགྱུར་ལ། གཟུགས་ནི་ཡན་གར་བར་འུག་པ་ལ་སོགས་པས་མཐོང་བའི་ཕྱིར།
གཟུགས་དང་སྣང་བ་ཐ་དད་པ་ཡིན་གྱི། དེ་བཞིན་དུ་དོན་ཡན་གར་བ་དང་། ཤེས་པ་ཡན་གར་བར་རྟོགས་པ་ནི་མ་ཡིན་ནོ། །དེའི་ཕྱིར་དེ་དག་ཐ་དད་པ་མ་ཡིན་ཏེ། སྣང་བ་ཐ་དད་པར་འགྱུར་བའི་ཕྱིར་རོ། །དོན་དང་དོན་གྱི་ཡིད་དག་གི། །མྱོང་བ་རིམ་བཞིན་སྐྱེ་ན་ཡང་། །སྣང་

བ་སྣ་ཚོགས་པ་ཉིད་ལ། །རྩོད་པའི་སྐྱོན་ནི་གདོན་པར་དཀའ། །ཞེས་བྱ་བ་ལ། ཇི་ལྟར་ཅིག་ཅར་ཤེས་པ་སྐྱེ་བའི་ཕྱོགས་ལ་དོན་དང་དོན་གྱི་ཤེས་པ་སྣང་བ་གཉིས་སུ་ཐལ་བར་འགྱུར་བ་དེ་བཞིན་དུ་དོན་དང་ཡིད་དག་མྱོང་བ་རིམ་བཞིན་སྐྱེ་བ་ཡིན་ན་ཡང་། སྣང་བ་སྣ་ཚོགས་
པ་ཉིད་དུ་བརྩད་པའི་སྐྱོན་འདི་གདོན་པར་དཀའ་སྟེ། འདི་ལྟར་དོན་ཉམས་སུ་མྱོང་བ་སྔ་མ་དང་ཕྱི་མར་དོན་གྱི་ཤེས་པ་ཉམས་སུ་མྱོང་བར་འགྱུར་རོ། །འོན་ཏེ་དོན་དང་དོན་གྱི་ཤེས་པ་དག་ལ་སྣང་བ་ཐ་དད་པ་ཡོད་པ་ཉིད་དོ་ཞེ་ན། དེ་ནི་མི་བདེན་ཏེ། འདི་ལྟར་སྔོན་པོ་ལ་
སོགས་པའི། །རྣམ་པ་གཅིག་དང་མྱོང་བ་གཅིག །སྔོན་པོར་སྣང་མྱོང་བ་མྱོང་བ། །སོ་སོར་རྟོགས་པ་མ་ཡིན་ནོ། །ཞེས་བྱ་བ་ལ། འདི་ལ་རྩོད་པར་བྱེད་དེ་སྐྱོན་མེད་པ་འདི་ཅིག་ཅར་བའི་ཤེས་པའི་སྐྱོན་ཡིན་ནམ། འོན་ཏེ་རིམ་གྱིས་ཤེས་པའི་ཕྱོགས་ཀྱི་ཡིན་གྲང་ན།
གལ་ཏེ་ཤེས་པ་ཅིག་ཅར་སྐྱེ་བའི་ཕྱོགས་ལའོ་ཞེ་ན། དེ་ནི་མི་བདེན་ཏེ། ཅིག་ཅར་དོན་དང་ཤེས་པ་ཐ་དད་པར་མི་སྣང་བའི་ཕྱིར་རོ། །དེ་སྐད་དུ་ཡང་འདས་མ་ཐག་ཏུ་བཤད་དོ། །འོན་ཏེ་རིམ་གྱིས་ཤེས་པ་སྐྱེའོ། །དེ་ལྟ་ན་ཡང་ཤེས་པ་ཙམ་ཞིག་ཕྱིས་དྲན་པར་རྟོགས་པ་
མ་ཡིན་ཏེ། རྣམ་པ་དང་བཅས་པ་ཉིད་དུ་ཤེས་པ་ཉམས་སུ་མྱོང་བའི་ཕྱིར་རོ། །དེའི་ཕྱིར་སྐྱོན་འདི་མེད་དོ་ཞེ་ན། སྐྱོན་མེད་པ་མ་ཡིན་ཏེ། འདིའི་དོན་ནི། འདི་ཡིན་ཏེ་སྔོན་པོ་ལ་སོགས་པའི་རྣམ་པ་གཅིག་པར་ཉམས་སུ་མྱོང་བའི་ངོ་བོ་ཉིད་ཀྱིས་ཤེས་ལ་ཉམས་སུ་མྱོང་བ་
གཅིག་པར་ཡང་སྔོན་པོ་ལ་སོགས་པའི་རྣམ་པར་ཤེས་ཀྱི། སྔོན་པོར་སྣང་བའི་རིགས་ལ་གཞན་སྔོན་པོའི་རྣམ་པ་མ་རྟོགས་པར་ཡོད་པ་མ་ཡིན་ནོ། །ཡང་ན་སྔོན་པོ་ལ་སོགས་པའི་རྣམ་པ་གཅིག་མྱོང་ན་བདེ་བ་ལ་སོགས་པའི་ངོ་བོ་ཉིད་ཤེས་པར་འགྱུར་གྱི་སྔོན་པོར་སྣང་བ་དང་
བདེ་བ་ལ་སོགས་པའི་ངོ་བོ་ཉིད་ཉམས་སུ་མྱོང་བ་ལ་མྱོང་བ་གཞན་འཛིན་པར་བྱེད་པ་མ་མཐོང་བ་མ་ཡིན་ནོ། །ཞར་ལ་འོངས་པ་བསྟན་ནས་སྐབས་སུ་བབ་པའི་དོན་བསྟན་པའི་ཕྱིར། ཤེས་པ་གཞན་གྱིས་རྗེས་མྱོང་བར། །འགྱུར་བ་དེ་ལའང་དྲན་པ་མཐོང་། །གང་གིས་དེ་ནི་

མྱོང་བ་ཡིན། །གལ་ཏེ་གཞན་གྱིས་དེ་ཡིན་ནའང་། །ཤེས་རིག་ཕྲེང་བ་འདི་ཡི་ནི། །རྗེས་འཇུག་ཅན་འདི་གང་གིས་བསྐྱེད། །ཅེས་བྱ་བ་སྨོས་ཏེ། གཞན་ཡང་གལ་ཏེ་ཤེས་པ་ཤེས་པ་གཞན་གྱིས་ཉམས་སུ་མྱོང་བར་འགྱུར་ན། དེའི་ཚེ་ཤེས་པ་ནི་
ཤེས་པ་གཞན་གྱིས་རིག་པའོ་ཞེས་བྱ་བ་དེ་ཇི་ལྟར་ཤེས། འོན་ཏེ་ཤེས་པའི་འཛིན་པར་བྱེད་པར་ཤེས་པ་ལ་སྣང་བ་ཡིན་ན། དེའི་ཚེ་ཤེས་པ་གཞན་དེ་ལ་ཡང་དྲན་པ་མཐོང་ངམ། ཤེས་པ་གཞན་དྲན་པ་མེད་པར་ཤེས་པ་དེའི་འཛིན་པར་བྱེད་པར་རང་ཉིད་ཀྱིས་ཤེས་པའམ་གཞན་
གྱིས་བརྗོད་པར་མི་ནུས་པའི་ཕྱིར་རོ། །དེའི་ཕྱིར་ཤེས་པ་གཞན་པོ་དེ་གང་གིས་མྱོང་བ་ཡིན། འོན་ཏེ་ཤེས་པ་གཞན་པོ་དེ་ཤེས་པ་གཞན་གྱིས་མྱོང་ངོ་ཞེ་ན། དེ་ལ་ཡང་དྲན་པ་དགོས་པའི་ཕྱིར། གལ་ཏེ་དེ་ལྟར་ཤེས་པ་དང་དེ་རིགས་པ་འདི་རྗེས་སུ་འཇུག་པ་ཅན་རྒྱུ་གང་གིས་
བསྐྱེད་པ་ཡིན། དེ་ཉིད་བློ་སྔ་མས་སྐྱེད་ན། །ཡུལ་གཞན་ལ་ནི་འཕོ་མི་འགྱུར། །ཞེས་བྱ་བ་ནི། འོན་ཏེ་བློ་སྔ་མ་ནི་ཕྱི་མའི་རྒྱུ་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་གཟུགས་ལ་སོགས་པའི་ཡུལ་གཞན་ལ་ཤེས་པ་འཕོ་བར་མི་འགྱུར་བའི་ཕྱིར། བློ་རྟོགས་པ་ཉིད་དུ་འགྱུར་རོ། །འོན་ཏེ་དོན་ཀྱང་ཉེ་
བར་གྱུར་པའི་ཕྱིར་འཛིན་ནོ་ཞེ་ན། དེ་ནི་མི་བདེན་ཏེ། འདི་ལྟར། གཟུང་བའི་མཚན་ཉིད་ཐོབ་གྱུར་པ། །ཉེ་བ་སྐྱེད་བྱེད་བློ་དེ་དག །ཤེས་པ་ཕྱི་མ་མ་བཟུང་བར། །ཇི་ལྟར་གཞན་ནི་འཛིན་པར་འགྱུར། །ཞེས་བྱ་བ་སྟེ། གལ་ཏེ་བློ་རང་རིག་པར་གྱུར་ན། ཇི་ལྟར་ཉེ་བའི་དོན་འཛིན་པ་དེའི་ཚེ་ཡུལ་
གཞན་ལ་འཕོ་བར་འགྱུར་གྱི། གལ་ཏེ་ན་བློ་བློ་གཞན་གྱིས་འཛིན་པ་དེའི་ཚེ་བློ་དེ་གཟུང་བའི་མཚན་ཉིད་ཐོབ་པར་འགྱུར་རོ། །ནང་ན་ཡོད་པ་ནི་ཉེ་བས་སྐྱེད་པ་མི་འཛིན་པ་ཉིད་དུ་ནང་གི་ཤེས་པས་དོན་གཞན་ཇི་ལྟར་འཛིན་པར་འགྱུར་ཏེ། ཉེ་བར་གྱུར་པ་དང་སྐྱེད་པར་བྱེད་པའི་བློ་མེད་པར་ཉེ་བ་ཙམ་གྱི་
དོན་འཛིན་པར་མི་རུང་ངོ་། །འོ་ན་ཕྱི་རོལ་གྱི་དོན་ཉེ་བ་ན་བློ་སྔ་མ་བརྟན་པར་བྱེད་པའི་ཕྱིར། ཡུལ་གཞན་ལ་འཕོ་བ་མ་ཡིན་ནམ་ཞེ་ན། འདིར་སྨྲས་པ། བདག་ལ་ཤེས་པ་སྐྱེད་བྱེད་པའི། །རང་བཞིན་ལ་ངེས་ནང་ཡན་ལག །དེ་དག་ལ་ཕྱི་ཡན་ལག་གཞན། །གང་གིས་གགས་ནི་བྱེད་

པར་འགྱུར། །ཕྱི་རོལ་དོན་ནི་ཉེ་བས་ཀྱང་། །དེ་ལ་གགས་བྱེད་ནུས་པ་མེད། །གཞན་དུ་དོན་ནི་ཉེ་བས་ན། །འགས་ཀྱང་བློ་མྱོང་བར་མི་འགྱུར། །ཞེས་བྱ་བ་ལ། ཕྱི་རོལ་གྱི་དོན་ཉེ་བར་གྱུར་ཀྱང་བློ་སྔ་མ་དེ་ལ་གགས་བྱེད་པར་ནུས་པ་མ་ཡིན་ནོ། །གཞན་དུ་དོན་ཉེ་བར་གྱུར་པས་
བློ་ལ་གགས་བྱེད་པར་འགའ་ཞིག་གིས་ཀྱང་ཉམས་སུ་མྱོང་བ་མ་ཡིན་ནོ། །དེ་ལྟ་བས་ན་དྲན་པ་ཉིད་དུ་ཡང་མི་འགྱུར་རོ། །འོན་ཏེ་གགས་བྱེད་པ་མེད་ན་བློ་ཉམས་སུ་མྱོང་བར་འགྱུར་རོ་ཞེ་ན། དེ་ལ་སྨྲས་པ། དོན་ཉེ་བ་ཅན་གནས་སྐབས་འགའ། །མེད་མིན་དེ་ཡི་ཕྱིར་བློ་ཡི། །དྲན་པའང་
རྩ་ནས་བཏོན་པ་ན། །རྒྱུན་འཆད་དེ་ལྟར་འདོད་པ་མཛེས། །ཞེས་བྱ་བ་ལ། དོན་ཉེ་བ་གང་ལ་ཡོད་པ་དེ་ནི་དོན་ཉེ་བ་ཅན་ཏེ་དེའི་གནས་སྐབས་ནི་དུས་སོ། །ཤེས་པ་འགའ་ཞིག་ལ་དེ་མེད་པ་སྟེ། ཉམས་སུ་མྱོང་བ་ཐམས་ཅད་དམིགས་པ་དང་བཅས་པ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་
ཉམས་སུ་མྱོང་བ་མེད་པའི་ཕྱིར་དྲན་པའང་རྒྱུན་ཆད་པར་འགྱུར་ཏེ། རྒྱུ་ཉམས་སུ་མྱོང་བ་རྩ་ནས་བཏོན་པ་གང་ལ་ཡོད་པ་དེ་ནི་དྲན་པ་ཞེས་བྱ་བར་འདོད་པ་འདི་ནི་ཕ་རོལ་པོའི་གཞུང་ཤིན་ཏུ་མཛེས་སོ། །གཞན་ཡང་། འདས་ལ་སོགས་པའི་རྣམ་རྟོག་རྣམས། །གང་ལ་དོན་ཉེ་བར་མེད་
པ། །འཕོ་བའི་རྒྱུ་ནི་མེད་པའི་ཕྱིར། །དོན་ལ་དཔྱོད་པ་རྒྱུན་འཆད་འགྱུར། །ཞེས་བྱ་བ་ནི། འདས་པ་དང་མ་འོངས་པ་དང་ཡུལ་གྱིས་ཆོད་པའི་དོན་ལ་རྣམ་པར་རྟོག་པ་གང་རྣམས་དོན་ཉེ་བའི་གགས་བྱེད་པ་མེད་པའི་རྟོག་པ་དེ་རྣམས་ཡུལ་གཞན་ལ་འཕོ་བའི་རྒྱུ་མེད་པས་དོན་ལ་དཔྱོད་
པ་རྒྱུན་འཆད་པར་འགྱུར་རོ། །དེའི་ཕྱིར་དྲན་པར་ཡང་མི་འགྱུར་རོ། །འོན་ཏེ་འདས་པ་ལ་སོགས་པའི་རྟོག་པ་ཡང་ཡུལ་དུས་གཞན་དུ་གྱུར་པའི་བདག་ཉིད་ཀྱི་དོན་ཡོད་པ་ཁོ་ནའོ་ཞེ་ན། དེ་ལྟ་ན་འོ་ན་ནི་དོན་དེས་རྟག་ཏུ་ཤེས་པ་ལ་གགས་བྱེད་པར་འགྱུར་ཏེ། དེ་ལྟ་ན་ནི་སེམས་
ཉམས་སུ་མྱོང་བར་མི་འགྱུར་རོ། །དེའི་ཕྱིར་དྲན་པར་ཡང་མི་འགྱུར་ཏེ། དོན་གྱི་གགས་བྱེད་པའི་ཕྱིར་རོ། །འོན་ཏེ། གལ་ཏེ་བདག་ལ་ཤེས་བསྐྱེད་པའི། །ནུས་པ་རིམ་གྱིས་ཟད་གྱུར་པས། །ཡུལ་གཞན་ལ་ནི་འཕོ་བ་ན། །ཞེས་བྱ་བ་ལ། གལ་ཏེ་སྔོན་པོའི་བློའི་ཡུལ་བདག་

ཉིད་ལ་ཤེས་པ་སྐྱེད་པའི་ནུས་པ་ཡོད་དེ། དཔེར་ན་བདག་ཉིད་ཀྱི་ཤེས་པ་སྐྱེད་པར་བྱེད་པ་བཞིན་ནོ། །དེའི་ནུས་པ་རིམ་གྱིས་ཟད་པས་ཡུལ་གཟུགས་ལ་སོགས་པ་ལ་བློ་འཕོའོ་ཞེ་ན། འདིར་སྨྲས་པ། སྔོན་བློའི་ནུས་པ་ཟད་ན་ནི། །གང་ལ་དོན་བློའི་དེ་ཉིད་ཡིན། །བློ་སྔོན་
མེད་པར་བློ་མ་ཡིན། །ཅིའི་ཕྱིར་ཞེ་ན། དོན་གཞན་ལ་ནི་ནུས་བྲལ་བའི། །ཤེས་ལ་ཤེས་སྐྱེ་མ་མཐོང་ཕྱིར། །ཞེས་བྱ་བ་ལ། གལ་ཏེ་བློ་སྔ་མའི་ནུས་པ་ཟད་ནས་དོན་འཛིན་ན་ནི། དེའི་ཚེ་དོན་འཛིན་པའི་བློ་དེ་ཉིད་གང་ལས་ཡིན་ཏེ་མ་ཡིན་ནོ། །བློ་ཕྱི་མ་ནི་བློ་སྔ་མ་མེད་ན་ཡོད་པ་མ་ཡིན་ཏེ། དོན་
གཞན་ལ་ནུས་པ་མེད་པ་ནི་ཤེས་པ་སྔ་མ་ལ་ནུས་པ་དང་བྲལ་བ་ནི་དོན་གཞན་ལས་ཤེས་པ་སྐྱེ་བ་མ་རྟོགས་པའི་ཕྱིར་རོ། །གལ་ཏེ་ཡང་བློ་ཕྱི་མའི་རྒྱུ་བློ་སྔ་མ་ཡིན་ན་དེའི་ཚེ། བློ་སྔ་མ་དེ་ཉེ་བ་ལ་དེ་ལྟོས་པར་འགྱུར་བས། བློ་སྔ་མ་ནི་སྐྱེད་པར་བྱེད་པ་སྟེ། དེ་ཉིད་འཛིན་པར་འགྱུར་གྱི། དོན་ནི་མ་ཡིན་ནོ། །
དོན་ནི་དེ་ལྟར་ཀུན་གཞིའི་རྣམ་པར་ཤེས་པ་མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་རྒྱུ་མ་ཡིན་ནམ། དེའི་ཚེ་ཀུན་གཞིའི་རྣམ་པར་ཤེས་པ་རྟག་ཏུ་ཡོད་པའི་ཕྱིར་གལ་ཏེ་བློ་རྣམས་ཅིག་ཅར་སྐྱེ་བར་འགྱུར་ན་མི་སྐྱེ་བར་དོན་གཞན་གྱི་ནུས་པ་དང་བྲལ་ཡང་ཤེས་པ་ལས་ཤེས་པ་གཞན་བསྐྱེད་
པར་འགྱུར་རོ་ཞེ་ན། ཅིག་ཅར་རིགས་མི་མཐུན་སྐྱེ་ནའང་། །ཤིན་ཏུ་གསལ་བའི་སེམས་གཅིག་གིས། །ནུས་པ་མེད་པར་བྱས་པ་ཅན། །ཀུན་གཞི་ལས་གཞན་འབྱུང་བ་མིན། །ཞེས་བྱ་བ་སྨོས་ཏེ། མིག་ལ་སོགས་པའི་ཤེས་པ་རིགས་མི་མཐུན་པ་ཅིག་ཅར་སྐྱེ་བ་ཡོད་ན་ཡང་ཤིན་
ཏུ་གསལ་བའི་ནུས་པ་མེད་པ་གཅིག་གིས་ནུས་པ་མེད་པ་ཅན་དུ་བྱས་པ་སྟེ་ཤེས་པ་གཞན་སྐྱེད་པའི་མཐུ་དང་བྲལ་བར་བྱས་པའོ། །དེས་ན་ཀུན་གཞིའི་རྣམ་པར་ཤེས་པ་ལས་ཤེས་པ་གཞན་སྐྱེ་བ་མ་ཡིན་ནོ། །དེ་ལྟ་ན་འོ་ན་ཤེས་པ་སྔ་མ་ཁོ་ན་ནུས་པ་དང་བྲལ་བ་ལ་ཤེས་པ་སྐྱེ་བ་དང་
མི་སྐྱེ་བར་འགྱུར་གྱི། ཀུན་གཞིའི་རྣམ་པར་ཤེས་པས་ཅི་ཞིག་བྱ། རེ་ཞིག་ཀུན་གཞིའི་རྣམ་པར་ཤེས་པ་དཔྱད་པ་ཞོག་ཅིག་དང་། ཀུན་གཞིའི་ཁས་བླངས་ཀྱང་ཤེས་པ་སྔ་མ་ཁོ་ན་ཤེས་པ་ཕྱི་མའི་རྒྱུ་ཡིན་ནོ་ཞེས་བྱ་བ་འདི་འཐད་དོ། །གལ་ཏེ་ཤེས་པ་སྔ་མ་རྒྱུ་ཉིད་དུ་མི་འདོད་ན་དེའི་

ཚེ། དེ་ལྟ་མིན་ན་ཡིད་འཇུག་མཚུངས། །ཡིད་གཞན་ལ་ནི་ལྟོས་མི་འགྱུར། །ཡིད་ཤེས་རིམ་བཞིན་སྐྱེ་བའི་ཡང་། །ལྟོས་པ་རབ་ཏུ་གྲུབ་པ་ཡིན། །ཞེས་བྱ་བ་ལ། དེ་ལྟ་མ་ཡིན་ཏེ་ཤེས་པ་སྔ་མ་རྒྱུ་མ་ཡིན་ན། ཡིད་སྔ་མ་འཇུག་པ་དང་མཚུངས་པ་ཡིད་གཞན་ལ་ལྟོས་པ་མ་ཡིན་
ནོ། །ཡིད་གཞན་ནི་ཤེས་པ་ཕྱི་མའོ། །དེ་བས་ན་ཡིད་ཀྱི་ཤེས་པ་རིམ་པ་བཞིན་སྐྱེ་བར་ཡང་མི་འགྱུར་ན། ཡིད་ཀྱི་ཤེས་པ་རིམ་གྱིས་སྐྱེ་བས་ལྟོས་པར་གྲུབ་པ་ཡིན་ནོ། །ཡང་གི་སྒྲས་ནི་ཡིད་སྔ་མ་དང་མཚུངས་པ་གཟུང་ངོ་། །གཞན་དུ་ན་ཡིད་ཀྱི་རྣམ་པར་ཤེས་པ་ཅིག་ཅར་སྐྱེ་བས་
མཚུངས་པ་དང་ལྟོས་པར་མི་འགྱུར་རོ། །གལ་ཏེ་ཡིད་ནི་གཅིག་ཉིད་ཕྱིར། །གཞན་ལ་ཆགས་པ་གཞན་མི་ཤེས། །ཤེས་པ་གཞན་མི་སྐྱེ་མིན་ན། །ཞེས་བྱ་བ་ནི་འོན་ཏེ་མིག་ལ་སོགས་པ་ལས་ཐ་དད་པའི་ཡིད་ཤེས་པའི་རྒྱུ་ཡིན་ལ། དེ་གཅིག་ཡིན་པའི་ཕྱིར་གཞན་མིག་ལ་ཆགས་པ་སྟེ།
ཞེན་པས་གཞན་སྲོག་ཆགས་ལ་སོགས་པ་ལ་མི་ཤེས་པ་སྟེ་མི་རྟོགས་པའི་ཕྱིར། དྲི་ལ་སོགས་པའི་ཤེས་པ་མི་སྐྱེད་པའོ་ཞེ་ན། དེ་ལ་སྨྲས་པ། ལ་ལར་ལྷན་ཅིག་འབྱུང་ཕྱིར་མིན། །འཇུག་པ་མཚུངས་ན་མཚུངས་ཉིད་ཕྱིར། །ཐམས་ཅད་དུ་ནི་གཞན་མི་རྟོགས། །ཞེས་བྱ་བ་ལ། ཇི་སྐད་བརྗོད་པ་
དེ་ནི་མེད་དེ། ལ་ལར་ཡུལ་ཐམས་ཅད་ཉེ་བར་ཚོགས་པའི་དུས་སུ་སེམས་གགས་བྱེད་པ་མེད་པར་གཟུགས་ལ་སོགས་པའི་ཤེས་པ་ལྷན་ཅིག་སྐྱེ་བའི་ཕྱིར་རོ། །གཞན་ཡང་ཡིད་འཇུག་པ་མཚུངས་པ་སྟེ། ཡུལ་སྔ་མ་ལ་མཚུངས་པར་འཇུག་པའི་ཕྱིར་དང་། ལ་ལར་ཆགས་ཤིང་གཞན་དུ་
རྟོགས་པ་ཐམས་ཅད་དུ་ཡོད་པ་མ་ཡིན་ནོ། །དེ་ལྟ་བས་ན་དོན་གཞན་འཛིན་པར་མི་འགྱུར་རོ། །གཞན་ཡང་། བདག་ཡིད་དང་ནི་ལྡན་ཙམ་ལས། །སྐྱེས་རྣམས་ཅིག་ཅར་སྐྱེ་བར་འགྱུར། །ཞེས་བྱ་བ་ལ། དབང་པོ་དང་དོན་གང་དག་གི་རྒྱུ་ཡིན་པའི་ཤེས་པ་དེ་དག་ཡིད་རིམ་གྱིས་སྐྱེ་བར་འགྱུར་
གྱི། ཤེས་པ་གང་ཞིག་བདག་དང་ཡིད་དེ་དག་ལྡན་པ་ཙམ་དེ་ལས་སྐྱེས་པའི་འདས་པ་ལ་སོགས་པའི་རྣམ་པར་རྟོག་པ་དེ་རྣམས་ཅིག་ཅར་སྐྱེ་བ་ཉིད་དུ་འགྱུར་ཏེ། དོན་གཞན་ལ་མི་ལྟོས་པའི་ཕྱིར་རོ། །གཅིག་ལས་བྱ་བ་གཅིག་ཡིན་ནའང་། །ཅིའི་ཕྱིར་མར་མེ་དུ་མས་མཐོང་། །ཞེས་བྱ་བ་ནི།

འོན་ཏེ་ཡིད་གཅིག་ལས་བྱས་པ་སྟེ་བློའི་ངོ་བོ་ཉིད་ཡིན་ཏེ། བློ་ཅིག་ཅར་དུ་མ་སྐྱེ་བ་མ་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་མར་མེ་ཤེས་པ་དུ་མས་མཐོང་བར་བྱེད་པར་མི་འགྱུར་རོ། །འགྱུར་ན་ཡང་དེ་བཞིན་དུ་ཡིད་ཀྱང་ཅིག་ཅར་དུ་མ་མཐོང་བའི་རྒྱུར་འགྱུར་རོ། །འོན་ཏེ་ཅིག་ཅར་དུ་མ་
མཐོང་བའི་རྒྱུ་མ་ཡིན་ནོ་ཞེ་ན། དེའི་ཚེ། རིམ་གྱིས་ཀྱང་ནུས་མེད་འགྱུར་ཏེ། །ཕྱིས་ཀྱང་བྱེ་བྲག་མེད་ཕྱིར་རོ། །ཞེས་བྱ་བ་ལ། ཡིད་ལ་རིམ་གྱིས་ཀྱང་ཤེས་པ་བསྐྱེད་པའི་ནུས་པ་མེད་པར་འགྱུར་ཏེ། ཡིད་ཕྱིས་ཀྱང་སྔ་མ་བཞིན་ཁྱད་པར་མེད་པར་འགྱུར་ཏེ། རྟག་པའི་ཕྱིར་རོ། །དེ་ལུས་
སྐྱེས་བུ་བཤད་པ་ཡིན། །ཞེས་བྱ་བ་ལ། གང་དག་ལུས་དང་སྐྱེས་བུ་དག་གཅིག་པའི་ཕྱིར། བློ་གཅིག་པ་ཉིད་དོ་སྙམ་སེམས་པ་དེ་ཡང་འདི་ཉིད་ཀྱིས་བསལ་བ་ཡིན་ཏེ། ཅི་མར་མེ་དུ་མས་མཐོང་བར་བྱེད་པ་དང་། རིམ་གྱིས་ཀྱང་ནུས་པ་མེད་པར་འགྱུར་ཏེ། བྱེ་བྲག་མེད་པའི་ཕྱིར་རོ་ཞེས་
བྱ་བས་སོ། །གལ་ཏེ་འདུ་བྱེད་ལས་ངེས་ན། །དེ་ཕྱིར་གང་ལས་གལ་ཏེ་བློས། །ཡིན་ན་འདོད་པར་གྱུར་པ་ཉིད། །ཅེས་བྱ་བ་ནི། འོན་ཏེ་རྣམ་པར་རྟོག་པ་རྣམས་འདུ་བྱེད་ལས་ངེས་པ་སྟེ། རིམ་གྱིས་སྐྱེ་བ་ཡིན་ན། འོ་ན་འདུ་བྱེད་གང་ལས་ཡིན། །ཅི་སྟེ་བློ་ལས་ཕྱིས་འདུ་
བྱེད་པ་ཡིན་ཏེ། ཤེས་ལས་སྐྱེས་པ་ཤེས་པའི་རྒྱུ། །ཞེས་བསྟན་པའི་ཕྱིར་རོ་ཞེ་ན། གལ་ཏེ་དེ་ལྟའི་འདུ་བྱེད་འདི་ནི་ཁོ་བོ་ཡང་འདོད་པ་ཉིད་དེ། འདུ་བྱེད་ནི་བློ་ཡིས་སྐྱེད་པ་སྟེ། བག་ཆགས་ཞེས་བྱ་བ་གཞན་གྱི་མིང་ཅན་ནོ། །དེའི་ཕྱིར་བློར་ངེས་པའི་ཕྱིར་ཤེས་པ་སྔོན་དུ་འགྲོ་བར་འགྲུབ་
པ་ཡིན་ནོ། །འོན་ཏེ་ཤེས་པ་སྔ་མར་ཤེས་པ་གཞན་གྱི་རྒྱུ་ཉིད་ཡིན་གྱི་གཟུང་བ་ནི་མ་ཡིན་པའི་ཕྱིར་ཡུལ་གཞན་ལ་འཕོའོ་ཞེ་ན། གཟུང་བ་སྐྱེད་བྱེད་ལས་གཞན་མིན། །སྐྱེད་བྱེད་གཟུང་བའི་མཚན་ཉིད་ཅན། །ཞེས་བྱ་བ་སྨྲོས་ཏེ། རང་གི་ཤེས་པ་སྐྱེད་པ་ལས་གཞན་པའི་གཟུང་བ་ཉིད་
མེད་དེ། འོན་ཀྱང་ཤེས་པ་སྐྱེད་པ་ཉིད་ཀྱི་གཟུགས་ལ་སོགས་པ་གཟུང་བ་ཉིད་ཀྱི་མཚན་ཉིད་ཡིན་ནོ། །གང་གི་ཕྱིར། སྣང་བ་གཟུང་བ་ཉིད་མིན་ན། །ཆ་མེད་ཅན་ལ་ཕྲ་སོགས་མེད། །ཅེས་བྱ་བ་ལ། སྣང་ལ་ཤེས་པ་སྐྱེད་པར་བྱེད་པ་གཟུང་བ་མ་ཡིན་པ་མ་ཡིན་ནོ། །འོན་ཏེ་སྣང་བ་ནི་ཆ་

ཤས་དང་བཅས་པའི་ཕྱིར་ཤེས་པ་སྐྱེད་པར་བྱེད་པ་ཡིན་ཡང་ཕ་རོལ་གྱི་ཆ་མི་འཛིན་ཏོ། །དེ་བཞིན་དུ་ཤེས་པའི་རྒྱུ་ཡང་གཟུང་བ་མ་ཡིན་ནོ་ཞེ་ན། ཤེས་པ་ཆ་ཤས་མེད་པ་ལ་ཕྲ་བ་ལ་སོགས་པ་མེད་ཀྱི། སྣང་བ་ནི་ཆ་ཤས་དང་བཅས་པའི་ཕྱིར། དེའི་ཆ་གཟུང་བ་མ་ཡིན་པར་རིགས་སོ། །གཟུང་
བའི་ནུས་པ་ཉམས་འགྱུར་གྱི། །འདི་སྐྱེད་བདག་ཉིད་གཞན་མ་ཡིན། །ཞེས་བྱ་བ་ནི། གལ་ཏེ་བློ་སྔ་མའི་གཟུང་བ་ཉིད་ནུས་པ་ཉམས་པར་འགྱུར་གྱི། ཤེས་པ་སྐྱེད་པའི་རྒྱུའི་བདག་ཉིད་གཞན་ཉམས་པ་ནི་མ་ཡིན་ཏེ། དོན་གྱི་བློ་མ་ཡིན་པའི་ཕྱིར་རོ་ཞེ་ན། འདིར་སྨྲས་པ།
གཟུང་བ་ཉིད་ལས་སྐྱེད་བྱེད་ནི། །གཞན་མིན་གཟུང་བའི་མཚན་ཉིད་ཉིད། །དེ་ལྟ་མིན་ཡང་དངོས་བློ་ལ། །གཟུགས་སོགས་ཕན་འདོགས་བྱེད་མ་ཡིན། །ཞེས་བྱ་བ་ལ། གཟུང་བའི་མཚན་ཉིད་ཤེས་པ་སྔ་མ་སྔ་མ་ལ་ཤེས་པ་གཞན་སྐྱེད་པར་བྱེད་པ་ཉིད་གཟུང་བའི་མཚན་ཉིད་ཡིན་
གྱི། གཞན་ནི་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་གཟུང་བ་ཉིད་ལས་གཞན་པའི་གཟུགས་ལ་སོགས་མངོན་དུ་རང་གི་བློ་ལ་ཕན་འདོགས་པར་བྱེད་པ་མ་ཡིན་ཞིང་། བརྒྱུད་ནས་ཀྱང་སྐྱེད་པར་བྱེད་པ་མ་ཡིན་པས་གཟུང་བ་མ་ཡིན་པར་གྱུར་པ་ཉིད་དོ། །འོན་ཏེ་བློ་ཡོད་པར་ངེས་པའི་
ཕྱིར་གཟུགས་ལ་སོགས་པ་ཕན་འདོགས་པར་བྱེད་པ་ཡིན་གྱི། གཟུང་བ་ཉིད་ནི་མ་ཡིན་ནོ་ཞེ་ན། འདིར་སྨྲས་པ། གཟུང་ཉིད་མཚན་ཉིད་ལས་གཞན་པ། དེ་ཡོད་ངེས་པ་གཞན་ཅི་ཡོད། །བློ་ལའང་དེ་ཡོད་དེ་ལྟར་ན། །དེ་ཡང་དེ་ཉིད་དུ་རྣམས་གནས། །ཞེས་བྱ་བ་
ལ། གཟུགས་ལ་སོགས་པ་འདི་གཟུང་བའི་མཚན་ཉིད་ལས་གཞན་པ་དེ་ཡོད་པར་ངེས་པ་སྟེ་བློ་ཡོད་པར་ངེས་པ་ཅི་ཞིག་ཡོད་དེ་མེད་དོ། །བློ་སྔ་མ་ལ་ཡང་མངོན་དུ་ཕན་འདོགས་པར་བྱེད་པ་དེ་ཡོད་པའི་ཕྱིར་བློ་དེ་ཡང་དེ་ཉིད་དུ་སྟེ་གཟུང་བར་བྱ་བ་ཉིད་དུ་གནས་སོ། །གང་གི་ཕྱིར་འཛིན་
པའི་ཉེར་ལེན་དང་མྱོང་བ། །སེམས་ཀྱི་གཟུང་བའི་མཚན་ཉིད་ཡིན། །ཞེས་བྱ་བ་སྟེ། སེམས་ཀྱི་སྟེ་རང་འཛིན་པའི་རྣམ་པར་ཤེས་པའི་ཉེ་བར་ལེན་པ་དང་ཉམས་སུ་མྱོང་བའི་ངོ་བོ་ཉིད་གཉིས་ནི་གཟུང་བའི་མཚན་ཉིད་ཡིན་གྱི། གཞན་རགས་པ་ལ་སོགས་པ་ནི་མ་ཡིན་ནོ། །

གཞན་གྱི་བློ་ནི་འཛིན་པ་མ་ཡིན་ཏེ་ཉེ་བར་ལེན་པ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་ཉེ་བར་ལེན་པ་ཉིད་ཀྱིས་བློའི་གཟུང་བ་ཡིན་ན། ཕྲ་བ་མ་ཡིན་པ་ཉིད་ཀྱིས་གཟུགས་ལ་སོགས་པ་ཡང་རིག་པར་མི་འགྱུར་ཞིང་། དེའི་ཚེ་རྣལ་
འབྱོར་པ་རྣམས་གཞན་གྱི་སེམས་ཕྲ་བ་ལ་སོགས་པ་འཛིན་པར་མི་འགྱུར་ཏེ། རྣལ་འབྱོར་པའི་ཤེས་པ་ཉེ་བར་ལེན་པ་གཞན་གྱི་སེམས་མ་ཡིན་པའི་ཕྱིར་རོ་ཞེ་ན། དེ་ལྟར་གཟུགས་སོགས་དང་ནི་སེམས། །གཟུང་བའི་མཚན་ཉིད་དཔྱོད་པ་འདི། །མ་
དག་བློ་ཅན་ལ་ཡིན་གྱི། །རྣལ་འབྱོར་རྟོགས་པ་བསམ་མི་ཁྱབ། །ཅེས་བྱ་བ་སྨོས་ཏེ། དེ་ལྟར་འཛིན་པའི་ཉེ་བར་ལེན་པ་དང་ཉམས་སུ་མྱོང་བ་སེམས་ཀྱི་གཟུང་བའི་མཚན་ཉིད་ཡིན་པ་དང་། གཟུགས་ལ་སོགས་པ་ཕྲ་བ་མ་ཡིན་པ་ཉིད་ལ་སོགས་པ་
གཟུང་བའི་མཚན་ཉིད་ཡིན་ནོ་ཞེས་བྱ་བའི་དཔྱད་པ་འདི་སྐྱེས་བུ་མ་དག་པ་ཅན་གྱི་ཡིན་གྱི་རྣལ་འབྱོར་པ་རྣམས་ནི་ཕྲ་བ་ལ་སོགས་པ་དང་གཞན་གྱི་སེམས་རྟོགས་པ་བསམ་གྱིས་མི་ཁྱབ་པ་སྟེ། སོ་སོའི་སྐྱེ་བོའི་ཤེས་པའི་ཡུལ་མ་ཡིན་པའི་ཕྱིར་རོ། །
འོན་ཏེ་བདག་གི་བློ་གཟུང་བ་ཡིན་ན་ཡང་རེས་འགའ་གཟུང་བ་མ་ཡིན་པར་འགྱུར་རོ། །དེ་བས་ན་ཡུལ་གཞན་ལ་འཕོའོ་ཞེ་ན། ཕྲ་སྲབ་ལ་སོགས་ངོ་བོ་ཡིས། །གཟུང་བ་གཟུང་མིན་ཉིད་དུ་འགྱུར། །གཟུགས་སོགས་བློ་ལ་སྔར་མེད་གང་། །ཕྱིས་
སྐྱེས་པ་ནི་ཅི་ཞིག་ཡིན། །ཞེས་བྱ་བ་ལ། རིང་བ་དང་སྲབ་པ་དང་ཕྲ་བ་ལ་སོགས་པ་རྣམས་ཀྱིས་གཟུགས་ལ་སོགས་པ་གཟུང་བ་ཡང་གཟུང་བ་མ་ཡིན་པར་འགྱུར་གྱི། གཟུགས་ལ་སོགས་པའི་བློ་ནི་གང་ཞིག་སྔར་མཐོང་བའི་དུས་སུ་མེད་པ་ཕྱིས་ཕན་
པ་ལ་སོགས་པའི་དུས་སུ་སྐྱེ་བའམ། བློ་དེ་ལ་ཕྲ་བ་ལ་སོགས་པའི་དངོས་པོ་ཡོད་པ་མ་ཡིན་ནོ། །ཉེ་བར་བསྡུ་བར་བྱ་བའི་ཕྱིར། །དེ་ཕྱིར་རང་བློ་འཛིན་ཡོད་ན། །དེ་མ་ཐག་པའི་རྒྱུ་ཉིད་སེམས། །གང་ཡིན་དེ་ཉིད་གཟུང་བ་ཉིད། །དེ་ཕྱིར་དོན་གཞན་ལ་

བརྟེན་མིན། །ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་བློ་ལ་ཕྲ་བ་ལ་སོགས་པ་མ་ཡིན་པ་དེའི་ཕྱིར་རང་གི་བློ་འཛིན་པ་ཡོད་པ་ན། དེ་མ་ཐག་པའི་རྒྱུ་ཉིད་ཀྱི་སེམས་གང་ཡིན་པ་དེ་ཉིད་གཟུང་བ་ཉིད་ཡིན་ཏེ། དེའི་ཕྱིར་སེམས་འཛིན་པའི་ཕྱིར་དོན་གཞན་ཕྱི་རོལ་
པ་ལ་བརྟེན་པར་མི་འགྱུར་རོ། །འོན་ཏེ་རྒྱུའི་ནུས་པ་ཡང་གཞན་ཡིན་ལ། གཟུང་བའི་ནུས་པ་ཡང་གཞན་ཡིན་པས། གཟུང་བའི་ནུས་པ་དེ་ཡང་ཡུལ་གཞན་ལ་འཕོ་བའི་ཚེ་ཉམས་པར་འགྱུར་གྱི། སྐྱེད་པའི་ནུས་པ་ནི་མ་ཡིན་ནོ། །དེས་དེའི་མཐུ་ལས་ཤེས་
པ་ཕྱི་མ་སྐྱེའི་དོན་གྱི་ཁྱད་པར་ལ་འཇུག་པ་ཡིན་ཏེ། དངོས་པོ་རྣམས་ལ་ནུས་པ་དུ་མ་དང་ལྡན་ཞིང་། འབྲས་བུ་དུ་མ་སྐྱེས་པས་ཤེས་པར་བྱའོ། །གཞན་དུ་ན་འབྲས་བུ་དུ་མ་མི་སྐྱེ་བར་ཐལ་བར་འགྱུར་རོ་ཞེ་ན། ནུས་པ་དུ་མ་མེད་ན་ཡང་། །ངོ་བོ་ཉིད་ཀྱི་
དངོས་པོ་ནི། །འབྲས་བུ་དུ་མ་མི་བྱེད་བསྟན། །ཞེས་བྱ་བ་སྨོས་ཏེ། དངོས་པོ་རྣམས་ལ་ནུས་པ་སྣ་ཚོགས་པ་མེད་ཀྱང་ངོ་བོ་ཉིད་ཀྱིས་ཏེ་རང་བཞིན་གྱིས་འབྲས་བུ་དུ་མ་བྱེད་པ་ཡིན་ཞིང་། ནུས་པ་གཅིག་མེད་ཀྱང་འབྲས་བུ་གཅིག་བྱེད་དོ་ཞེས་ལེའུ་དང་པོར་རྒྱས་
པར་བསྟན་པའི་ཕྱིར་འདིར་མ་སྤྲོས་སོ། །གཅིག་ལས་དུ་མ་མིན་ཞེ་ན་ཞེས་བྱ་བ་ནི། འོན་ཏེ་ནུས་པ་མེད་ན་སྣ་ཚོགས་པའི་ངོ་བོ་ཉིད་རྒྱུ་གཅིག་ལས་སྐྱེ་བ་མ་ཡིན་ནོ་ཞེ་ན། གང་ཡང་གཅིག་ལས་གཅིག་མི་རུང་། །ཚོགས་པ་དག་ལས་ཐམས་ཅད་འབྱུང་། །
ཞེས་བྱ་བ་ནི། འབྲས་བུའི་བདག་ཉིད་གཅིག་གམ་དུ་མ་ཡང་རྒྱུ་གཅིག་ལས་གང་ཡང་སྐྱེ་བ་མ་ཡིན་གྱི། འོན་ཀྱང་ཚོགས་པ་ཡོད་ན་འབྲས་བུ་ཐམས་ཅད་འབྱུང་བ་ཡིན་ཏེ་འབྲས་བུ་ནི་རྒྱུའི་རྗེས་སུ་འགྲོ་བ་དང་ལྡོག་པ་ངེས་པའོ། །འོ་ན་ཇི་ལྟར་གཅིག་དུ་
མ་ལས་སྐྱེས་ཞེས་བརྗོད་ཅིང་། དེ་བཞིན་དུ་གཅིག་ལས་ཀྱང་དུ་མ་འབྱུང་ཞེས་བྱ་བ་ཞེ་ན། འདིར་སྨྲས་པ། གཅིག་ཉིད་ཡིན་ཡང་ཚོགས་པའི་རྐྱེན། །དུ་མས་དེ་བྱེད་པ་རུ་བཤད། །ཅེས་བྱ་བ་ནི། རྒྱུ་གཅིག་རྐྱེན་གཉིས་ཀྱི་ནང་དུ་ཆུད་པས་

འབྲས་བུ་དུ་མ་སྐྱེད་པར་བྱེད་པའི་ཕྱིར། གཅིག་པོ་དེ་འབྲས་བུ་དུ་མ་བྱེད་པར་བཤད་དེ། དཔེར་ན་མར་མེ་གཅིག་པུ་ཤེས་པ་དུ་མའི་རྒྱུ་ཡིན་པ་བཞིན་ཏེ། སྐྱེ་བོ་དུ་མའི་མཚུངས་པ་དེ་མ་ཐག་པའི་རྐྱེན་ཚོགས་པ་དང་འབྲེལ་
པའི་ཕྱིར་རོ། །ཇི་ལྟར་ཡང་གཅིག་ལ་དུ་མའི་ནུས་པ་དང་ལྡན་པ་དེ་བཞིན་དུ་འབྲས་བུ་དུ་མ་དང་ལྡན་པ་ཡང་ཡིན་པའི་ཕྱིར། ནུས་པ་ལ་སོགས་པ་དུ་མ་མེད་དོ། །གལ་ཏེ་བློ་གཞན་དོན་དང་ནི། །རྣམ་ཤེས་སྔ་མ་འཛིན་གྱུར་ན། །ཞེས་བྱ་བ་ལ། འོ་ན་
ཇི་ལྟར་གཅིག་འབྲས་བུ་དུ་མ་བྱེད་པ་དེ་བཞིན་དུ་བློ་གཅིག་ཀྱང་བདག་ཉིད་ཀྱི་ཡུལ་ཅན་གྱི་བློ་གཞན་ལ་སྐྱེད་པར་འདོད་པའི་ཕྱིར། གཟུགས་ལ་སོགས་པའི་དོན་ལ་ཤེས་པ་སྔ་མ་ནི་ཤེས་པ་གཞན་སྐྱེད་པར་ཅིག་ཅར་འཛིན་པར་འགྱུར་རོ། །དེ་བས་ན་
ཡུལ་གཞན་ལ་འཕོ་བ་ཡིན་ནོ་ཞེ་ན། འདིར་སྨྲས་པ། སྔ་ཕྱིར་སྣང་བ་ཅན་ཉིད་ཕྱིར། །དཔྱོད་པ་ལ་སོགས་ལ་སེམས་གཅིག །རིམ་བཞིན་མཐོང་ཅན་བརྗོད་པ་གཉིས། །རྟག་ཏུ་གོ་རིམས་ཅན་མི་འགྱུར། །གཅིག་ཀྱང་གཉིས་
གཉིས་སྣང་བ་ནི། །བདག་དང་དེ་བློ་སྣང་ཕྱིར་རོ། །ཞེས་བྱ་བ་སྨོས་ཏེ། བློ་སྔ་མའི་དོན་དང་བློ་ཕྱི་མའི་དོན་གཉིས་ཅིག་ཅར་སྣང་བའི་ཕྱིར། དཔྱོད་པ་ལ་སོགས་པ་ཉིད་ལ་སེམས་གཅིག་པ་སྟེ། རིམ་བཞིན་མཐོང་བའི་བརྗོད་པ་གཉིས་
རྟག་ཏུ་གོ་རིམས་ཅན་མ་ཡིན་པར་འགྱུར་རོ། །བློ་ནི་དོན་འཛིན་པའི་ངོ་བོ་ཉིད་མེད་པར་སྣང་བར་མི་འགྱུར་ཏེ། བློ་དོན་ཉམས་སུ་མྱོང་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དོན་ཉམས་སུ་མྱོང་བར་སྣང་བ་ཡང་དོན་ཉིད་སྣང་བའི་ཕྱིར། །སྔ་མ་
དང་ཕྱི་མའི་བརྗོད་པ་གཉིས་སུ་སྣང་བ་ཡིན་ནོ། །དེ་བཞིན་དུ་དངོས་པོ་གཅིག་ཁོ་ན་གཉིས་གཉིས་སུ་སྣང་བ་ནི། དོན་གྱི་བདག་ཉིད་དང་དེའི་བློར་སྣང་བའི་ཕྱིར་རོ། །རེ་ཞིག་དང་པོར་ནི་རང་གི་དོན་སྣང་བ་ཡིན་ལ། ཕྱི་ནས་ནི་དེའི་བློ་སྣང་བར་

འགྱུར་ཏེ། དོན་ཉམས་སུ་མྱོང་བའི་བདག་ཉིད་དོ། །དེའི་ཕྱིར་གཉིས་སྣང་བ་ཡིན་ནོ། །འོན་ཏེ་དོན་སྣང་བའི་རྗེས་ལ་བློ་མངོན་སུམ་གྱིས་འཛིན་པ་མ་ཡིན་གྱི། འོན་ཀྱང་ཕྱིས་དོན་གྱིས་གོ་བས་ཡིན་ནོ་ཞེ་ན། གལ་ཏེ་དོན་གྱིས་གོ་བས་བློ་ཤེས་པ་ཡིན་
ན། དེའི་ཚེ་དོན་དང་། དེའི་བློ་སྣང་བ་མ་ཡིན་ནམ། དེ་ལྟ་མ་ཡིན་ན་དོན་འཛིན་པ་ན་དེའི་བློ་མི་འཛིན་པར་ཐལ་བར་འགྱུར་བའི་ཕྱིར། གཉིས་སྣང་བར་འགྱུར་རོ། །འོན་ཏེ། གལ་ཏེ་ཡུལ་གཞན་འཕོ་བ་ན། །ཐ་མ་ཉམས་སུ་མྱོང་མིན་ན། །གཞན་
གྱིས་ཉམས་སུ་མྱོང་བ་བཞིན། །ཐམས་ཅད་མྱོང་མེད་ཐལ་བར་འགྱུར། །ཞེས་བྱ་བ་ལ། ཅི་སྟེ་ཡུལ་གཞན་ལ་འཕོ་བའི་དུས་ན་ཐ་མའི་ཡུལ་གཞན་ལ་འཕོས་པ་ལས་སྔ་མའི་ཤེས་པ་སྣང་བར་མི་འགྱུར་རོ། །དེ་བས་ན་ཐ་མའི་ཤེས་པ་སྔ་བའི་ཤེས་པ་
དེ་ཉམས་སུ་མྱོང་བ་མ་ཡིན་ནོ་ཞེ་ན། དེ་ལྟ་ན་འོ་ན་ནི་ཤེས་པ་ཐམས་ཅད་ཀྱི་སྔ་མ་སྔ་མ་ཉམས་སུ་མྱོང་བར་འགྱུར་ཏེ། ཉམས་སུ་མྱོང་བ་མ་ཡིན་པའི་ཕྱིར། གཞན་གྱིས་ཉམས་སུ་མྱོང་བ་བཞིན་ནོ། །གཞན་གྱིས་ཉམས་སུ་མྱོང་བ་ལ་ནི་ཉམས་སུ་མ་མྱོང་བ་མྱོང་བ་
མེད་དེ། རང་གིས་མ་མྱོང་བའི་ཕྱིར་རོ། །གལ་ཏེ་བདག་ཉིད་མྱོང་མངོན་སུམ། །གཞན་གྱིས་མྱོང་བ་མ་ཡིན་ན། །བདག་ཉམས་མྱོང་བ་དེ་གང་ལས། །གྲུབ་ན་གང་གིས་དེ་སྐད་བརྗོད། །ཅེས་བྱ་བ་ནི། འོན་ཏེ་ཤེས་པ་ལྐོག་ཏུ་གྱུར་པ་ཡིན་ཡང་བདག་
ཉིད་ཀྱིས་ཉམས་སུ་མྱོང་བར་གྱུར་པའི་དངོས་པོ་ནི་མངོན་སུམ་མ་ཡིན་གྱི། གཞན་གྱི་ཉམས་སུ་མྱོང་བའི་མངོན་སུམ་ནི་མ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། གང་གི་ཕྱིར། བདག་ཉིད་ཉམས་སུ་མྱོང་བ་དེ་ཚད་མ་གང་གིས་གྲུབ་ན། རྒྱུ་མཚན་ཅི་ལ་བརྟེན་ནས་
དེ་སྐད་ཅེས་རྗོད་པར་བྱེད། བདག་ལ་ཉམས་སུ་མྱོང་བ་ཡོད་པས་གཞན་གྱི་བདག་ཉིད་དུ་དེ་མི་འགྱུར་རོ་ཞེས་བྱ་བར་གང་ལས་ཤེས་ཏེ། རང་རིག་པ་མེད་པའི་ཕྱིར་རོ། །འོན་ཏེ་གསལ་བའི་རྒྱུ་མིག་ལ་སོགས་པས་ཉམས་སུ་མ་མྱོང་བར་ཡང་ཉམས་སུ་མྱོང་བ་

ཞེས་བྱ་བར་ངེས་སོ། །དེ་བཞིན་དུ་བདག་ཉིད་ཉམས་སུ་མྱོང་བར་ཉམས་སུ་མ་མྱོང་ཡང་མྱོང་བའོ་ཞེས་བྱ་བར་ངེས་པར་འགྱུར་རོ་ཞེ་ན། འདིར་ལན་བཏབ་པ། གསལ་བའི་རྒྱུ་ནི་གྲུབ་མི་འགྱུར། །གསལ་མིན་གསལ་བར་འདོད་
པ་ནི། །གལ་ཏེ་གསལ་བ་མི་གྲུབ་ན། །གསལ་ཡིན་འགྲོ་འདི་གསལ་བར་འགྱུར། །ཞེས་བྱ་བ་སྨོས་ཏེ། གསལ་བའི་རྒྱུ་མིག་ལ་སོགས་པ་དེ་དག་མ་གྲུབ་པར་གྱུར་ན། ཤེས་པའི་འབྲས་བུ་ཉམས་སུ་མ་མྱོང་བའི་ཕྱིར། དེ་དག་མ་གྲུབ་ཀྱང་
གསལ་བ་ཡོད་པས་གསལ་བའི་དོན་དུ་འདོད་ཀྱི། མི་གསལ་བ་ཉིད་དུ་ནི་མ་ཡིན་ཏེ། ཁོ་བོའི་མིག་གསལ་བའོ་སྙམ་དུ་ཐ་སྙད་འདོགས་ན། འདི་སྐྱེད་པར་བྱེད་པ་མ་ཡིན་པའི་ཕྱིར། ཇི་ལྟར་ཉམས་སུ་མྱོང་བ་མ་ཡིན་ཉམས་སུ་མྱོང་ངོ་ཞེས་ཐ་སྙད་འདོགས་པ་ནི་
ཉམས་སུ་མྱོང་བར་མྱོང་བའི་ཕྱིར་རོ། །ཡང་ན་སངས་རྒྱས་པ་ནི་གསལ་བའི་གསལ་བ་འདོད་པས་གསལ་བའི་རྒྱུ་མ་གྲུབ་པ་མ་ཡིན་གྱི། འོན་ཀྱང་གཞན་ཁོ་ནའི་མ་གྲུབ་པ་ཡིན་ནོ། །འོན་ཏེ་གང་དུ་གསལ་བ་སྐྱེ་བ་དེ་ནི་གསལ་བ་སྟེ། གསལ་བ་ཉིད་
གསལ་བ་མ་ཡིན་ཡང་གསལ་བ་ཞེས་ཐ་སྙད་གདགས་སོ་ཞེ་ན། དེ་ལྟ་ན་ནི་གསལ་བ་མ་གྲུབ་ཀྱང་། །གལ་ཏེ་དངོས་པོ་གསལ་བ་ཡིན། །གསལ་བ་སྐྱེས་པ་ཙམ་གྱིས་དེའི་ཚེ་འགྲོ་བ་མ་ལུས་པ་གསལ་བར་འགྱུར་རོ། །གང་གིས་གསལ་ཞེས་བྱ་བའི་ཁྱད་
པར་ནི་འབྲེལ་པ་མེད་པར་མི་འགྲུབ་པའི་ཕྱིར་རང་གི་ངོ་བོ་ཙམ་གྱིས་དོན་ཐམས་ཅད་གསལ་བར་འགྱུར་རོ། །དེ་བས་ན་ཡུལ་སྣང་བ་དང་རང་རིག་པར་ནི་ཤེས་པ་ཐམས་ཅད་གྲུབ་པ་ཡིན་ནོ། །རྟོག་གེའི་སྒྲོན་མ་སྙིང་པོའི་དོན། །ཚད་མ་རྣམ་འགྲེལ་ལྷ་དབང་བློས། །མུན་པར་
བྱས་པ་ཤེས་རབ་ཞབས། །དྲིན་གྱིས་བྲིས་ལས་གསལ་གྱུར་ཅིག །ཚད་མ་རྣམ་འགྲེལ་གྱི་འགྲེལ་པ་ཞེས་བྱ་བ་ལས་ལེའུ་གསུམ་པའི་བཤད་པའོ།། །།སློབ་དཔོན་ཆེན་པོ་ཤེས་རབ་འབྱུང་གནས་སྦས་པའི་སློབ་མ་སློབ་དཔོན་ཉི་མ་སྦས་པའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།

༄༅༅། །རྒྱ་གར་སྐད་དུ། པྲ་མཱ་ཎ་བཱརྟི་ཀཱ་ལང་ཀ་ར་ཊཱི་ཀཱ་སུ་པ་རི་ཤུདྡྷ་ནཱ་མ། བོད་སྐད་དུ། ཚད་མ་རྣམ་འགྲེལ་རྒྱན་གྱི་འགྲེལ་བཤད་ཤིན་ཏུ་ཡོངས་སུ་དག་པ་ཞེས་བྱ་བ། ཐམས་ཅད་མཁྱེན་པ་ལྟ་བའི་དྲ་བ་སེལ་བ་ལ་ཕྱག་འཚལ་ལོ། །སྟོན་པ་ཤེས་འབྱུང་ཆོས་ཀྱི་གྲགས། །གཞན་ལ་
ཕན་བྱེད་བླ་མ་ནི། །ཡེ་ཤེས་དཔལ་ལ་རབ་བཏུད་ནས། །རྒྱན་གྱི་བཤད་སྦྱར་བདག་གིས་བརྩམ། །གལ་ཏེ་འདི་ནི་བློ་ལྡན་དག །དོན་སྒྲུབ་དོན་དུ་མ་གྱུར་ཀྱང་། །བདག་གམ་བདག་དང་འདྲ་བ་འགག །དྲན་པ་ཡི་ནི་དོན་དུ་འགྱུར། །དེས་ན་སློབ་དཔོན་ཤེས་རབ་འབྱུང་གནས་སྦས་པ་འདི་གསུང་རབ་རྣམ་འགྲེལ་
མཛད་པ་དཔལ་སློབ་དཔོན་ཆོས་ཀྱི་གྲགས་པས་ཚད་མ་རྣམ་འགྲེལ་གྱི་བསྟན་བཅོས་སུ་བརྩམས་ལ་མ་རྫོགས་པའི་བཤད་པ་ཅན་བགྲེས་པས་ནུས་པ་ཉམས་པར་འགྱུར་བའི་མཛད་པའི་ཁུར་བསྐུར་བའི་བདག་གིར་བྱས་པའི་ཕྱིར་ན་མཐར་འབྱིན་པའི་བརྗོད་བྱ་བརྗོད་པའི་དོན་དུ་ཕྱག་འཚལ་བའི་ཐབས་ཀྱི་ཚིགས་
སུ་བཅད་པ་དང་པོ་བརྗོད་དོ། །རྣམ་འགྲེལ་མཛད་པས་ལེའུ་དང་པོའི་བཤད་པ་རྩོམ་པ་ན་ཉན་པ་པོའི་ཉེས་པས་བསྟན་བཅོས་དོན་མེད་པ་ནི་བརྗོད་ཟིན་ཏོ། །འགྲེལ་པ་ལྷག་མར་ནི་སློབ་དཔོན་ལྷ་དབང་བློ་སྙན་པ་ཆེན་པོར་གྲགས་པ་ཡང་རང་གི་དགོངས་པ་ལ་ལྟོས་ནས་ལན་ཅིག་མ་ཡིན་པར་ཤིན་ཏུ་གོལ་བར་
གཟིགས་ཏེ། འཆད་པ་པོ་ལ་ལྟོས་ནས་ཀྱང་ཐུགས་མུག་པ་ན་བློའི་ནུས་པ་ཆུང་བ་མེད་པ་དེ་དག་གིས་ཀྱང་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་མཛད་དོ། །དེའི་ཐུགས་མུག་པ་དེ་བསལ་བའི་དོན་དུ་ཤེས་རབ་འབྱུང་གནས་སྦས་པ་བདག་ཉིད་ལ་མཁས་པ་ཉིད་དུ་ངེས་པར་བཟུང་ནས། བདག་ལྟ་བུ་ཉེ་བར་མི་
གནས་པའི་ཕྱིར་ན། སློབ་དཔོན་གནས་སུ་ཐུགས་མུག་པར་གཟིགས་ཏེ། འགྲེལ་བ་བྱེད་པ་རྣམས་ཀྱིས་ཀྱང་ད་དུང་མ་རྟོགས་པར་གཟིགས་པའི་ཕྱིར་འགྲེལ་བཤད་བྱེད་པ་ཉིད་དུ་རིག་པ་ལ། ལེན་བྱེད་མཁས་པ་མེད་མོད་དེ་མེད་མིན་ཞེས་བྱ་བ་ལ་སོགས་པ་འཆད་པར་འགྱུར་བ་ལེན་བྱེད་མེད་པས་འཇིགས་པའི་
ཕྱིར་དེས་བརྩམས་པའི་སྐབས་ཉིད་ཀྱིས་བསྟན་བཅོས་ལ་རྒྱན་བྱེད་པར་བཞེད་པ་ན། ལེའུ་གསུམ་གྱིས་བཤད་པ་ལྟར་སློབ་དཔོན་གྱིས་བརྗོད་པར་བྱ་བའི་ངག་དང་པོ་ཡང་བརྗོད་པར་འོས་པ་ཁོ་ནའོ། །འདི་ལྟར་གཞན་གྱི་དོན་དུ་བསྟན་བཅོས་བྱེད་པ་ནི་གཞན་འཇུག་པ་ལ་མཁོ་བའི་ཕྱིར་གདོན་མི་ཟ་བར་བརྗོད་བྱ་བརྗོད་

དགོས་སོ། །སློབ་དཔོན་གྱིས་ཀྱང་རབ་ཏུ་བྱེད་པ་གཞན་དུ་དེ་བསྟན་ཀྱང་འདིར་ནི་བསྟན་པ་མ་མཐོང་ངོ་། །བཤད་པ་རྩོམ་པ་ན། ཡང་དང་པོའི་རྗོད་བྱེད་ལ་ལྷུར་བྱ་བ་རྟོགས་པར་བྱ་བའི་དོན་དུ་ལེའུ་དང་པོ་ཉིད་ཀྱི་བརྗོད་བྱ་གསུངས་ཀྱི། བསྟན་བཅོས་ཀྱི་ནི་མ་ཡིན་ནོ། །དེས་ན་བསྟན་བཅོས་
ཀྱི་བརྗོད་བྱ་ཚད་མ་གྲུབ་པ་ངེས་པ་བསྟན་བཅོས་འདིས་བྱའོ་ཞེས་པ་དེའི་རྩོམ་པ་བརྗོད་པའི་ཤུགས་ལས་སོ། །དེས་ན་འདིས་ནི་བསྟན་བཅོས་དེའི་བརྗོད་བྱ་ཚད་མ་ཡིན་པར་བསྟན་ཏེ། གང་གི་ཕྱིར་དེའི་རང་བཞིན་ངེས་པར་རྟོགས་པ་དོན་དུ་གཉེར་བ་དེར་འཇུག་པ་ལ་གེགས་མེད་པར་འགྱུར་བའི་ཕྱིར་རོ། །གལ་
ཏེ་རྟོག་པ་དང་ལྡན་པ་ཐམས་ཅད་ཀྱི་འཇུག་པ་དགོས་པ་དོན་དུ་གཉེར་བ་ཉིད་ཀྱིས་ཁྱབ་པའི་ཕྱིར་གཞན་འཇུག་པའི་དོན་དུ་དགོས་པ་ཉིད་བརྗོད་པར་རིགས་པ་མ་ཡིན་ནམ། ཇི་སྐད་དུ། བསྟན་བཅོས་དག་ནི་ཐམས་ཅད་དམ། །ཡང་ན་ལས་ནི་འགའ་ཞིག་ལ། །ཇི་སྲིད་དགོས་པ་མ་བརྗོད་པ། །དེ་སྲིད་དེ་ནི་
སུ་ཞིག་འཛིན། །ཞེས་བཤད་པ་བཞིན་ནོ། །དེ་ལ་སྒྲ་རྣམས་ཕྱིའི་དོན་དང་མ་འབྲེལ་ཡང་འཇུག་པའི་སྒྲུབ་བྱེད་དོན་ལ་ཐེ་ཚོམ་ཟ་བ་དག་གི་འབྲས་བུར་འགྱུར་བའི་ཕྱིར་འདི་ལ་ངེས་པ་ཅི་བྱ། དགོས་པ་དང་པོ་བརྗོད་པར་བྱ་བ་ཉིད་ནི་སྐབས་སུ་བབ་པ་ཡིན་ཏེ། དགོས་པ་བརྗོད་པས་འབྲེལ་པ་བཞིན་དུ་བརྗོད་བྱ་རྟོགས་
པ་འཕེན་པའི་ཕྱིར་དགོས་པ་ཉིད་བརྗོད་པར་རིགས་སོ། །འདི་ལྟར་གལ་ཏེ་རྗོད་བྱེད་ཀྱི་ཆའི་དགོས་པ་བརྗོད་པར་བྱ་བ་ཡིན་ན། དེའི་ཚེ་བརྗོད་བྱ་བསྟན་པ་ཉིད་བསྟན་བཅོས་ཀྱི་འབྲས་བུ་ཡིན་པའི་ཕྱིར་བརྗོད་བྱ་མ་ཤེས་པར་དེ་མི་ཤེས་པས་བརྗོད་བྱ་ཤེས་པ་འཕེན་པ་ཁོ་ནའོ། །བརྗོད་བྱའི་དགོས་པ་བརྗོད་པར་བྱ་བ་ཡིན་ན་
ཡང་། བརྗོད་བྱ་མ་ཤེས་ན་དེ་གང་གི་དགོས་པ་ཡིན་ཞེས་བརྗོད་བྱ་མ་ཤེས་པར་བརྗོད་བྱའི་ཤེས་པ་འཕེན་པ་ཉིད་དོ། །དེ་བས་ན་འཇུག་པ་ལ་མི་མཁོ་བའི་ཕྱིར་དང་གཞན་དུ་ཡང་རྟོགས་པ་འགྲུབ་པའི་ཕྱིར། ངག་དང་པོ་བརྗོད་བྱ་བརྗོད་པར་བྱ་བ་ནི་མ་ཡིན་གྱི་འོན་ཀྱང་དགོས་པ་ཉིད་དེ་འཇུག་པ་ལ་མཁོ་བའི་ཕྱིར་དང་། མ་
ངེས་པའི་ཕྱིར་རོ། །དེས་ན་དང་པོར་གདོན་མི་ཟ་བར་བརྗོད་བྱ་བརྗོད་དགོས་སོ་ཞེས་ཅི་ལྟར་བརྗོད་ཅེ་ན། འདི་ལ་བརྗོད་པ་གང་གིས་དགོས་པ་བརྗོད་པར་ངེས། སྒྲའི་འམ། དོན་གྱི་འམ། གཉི་གའི། དེ་ལ་སྒྲའི་དགོས་པ་ནི་བརྗོད་བྱ་རྟོགས་པ་ཉིད་ཡིན་པའི་ཕྱིར་བསྟན་པས་ཅི་བྱ་སྟེ། རྟོགས་ཟིན་པ་སྟོན་པ་དོན་མེད་

པའི་ཕྱིར་རོ། །དེ་ནི་ཐམས་ཅད་ལ་ཐུན་མོང་བ་ཡིན་པའི་ཕྱིར་ན། དེའི་རྒྱུ་མཚན་ཅན་གྱི་འཇུག་པ་ཡང་ཐམས་ཅད་དུ་ཁྱད་མེད་པར་འགྱུར་རོ། །ཅི་སྟེ་ཡང་ལོག་རྟོགས་བཟློག་པའི་སྒོ་ནས་རང་གི་ངོ་བོ་ཉིད་བསྟན་པས་ཁྱད་པར་དུ་འདོད་ན། དེ་ཡང་ཐུན་མོང་བ་ཡིན་པས་དེའི་རྒྱུ་མཚན་ཅན་གྱི་འཇུག་པ་ཡང་ཁྱད་པར་
མེད་པར་འགྱུར་རོ། །ཅི་སྟེ་ཡང་བརྗོད་བྱ་སྤྱིར་བསྟན་ན་སྒྲའི་ཆའི་དགོས་པ་རྟོགས་པ་ན། བརྗོད་བྱའི་ཁྱད་པར་གྱི་མཐར་ཐུག་པ་རྟོགས་པ་མེད་པའི་ཕྱིར། དགོས་པ་བརྗོད་པར་རིགས་སོ་ཞེ་ན། དེ་ལྟ་ན་འོ་ན་བརྗོད་བྱའི་ཁྱད་པར་གདོན་མི་ཟ་བར་བརྗོད་པར་བྱ་བར་འགྱུར་ལ། དེ་ཙམ་གྱིས་ཀྱང་ངག་དང་པོའི་དོན་
བྱས་པར་འགྱུར་རོ། །དེའི་ཚེ་ཡང་དགོས་པ་ཤེས་པར་འདོད་པ་མ་ཡིན་ཏེ། རྟོགས་པ་གཅིག་པའི་ཕྱིར་རོ། །དཔེར་ན་འགའ་ཞིག་དེའི་བུར་རྟོགས་པ་ཉིད་གཞན་དེའི་ཕར་རྟོགས་པ་ཡིན་པ་དེ་བཞིན་དུ། འདི་འདིའི་བརྗོད་བྱའོ་སྙམ་པའི་རྟོགས་པ་དེ་ཉིད་ཀྱིས་བརྗོད་བྱ་འདི་བརྗོད་པ་ནི་བསྟན་བཅོས་འདི་དགོས་པ་
ཡིན་ནོ་ཞེས་ནང་དུ་སྡུད་དོ། །གང་གིས་དགོས་པ་ཁྱད་པར་བརྗོད་པས་ཀྱང་ངག་དང་པོའི་དོན་བྱས་པར་འགྱུར་བ། ཅི་ལྟར་བསྟན་བཅོས་ཀྱི་དབང་དུ་བྱས་པའི་ཕྱིར། སྤྱིར་བརྗོད་བྱ་སྟོན་པའི་དགོས་པ་རྟོགས་པས་ན། བརྗོད་བྱ་ཁྱད་པར་གྱི་མཐར་ཐུག་པ་ཉིད་ཀྱིས་ཁྱད་པར་སྒྲུབ་པར་བྱེད་པའི་ཕྱིར། གདོན་མི་
ཟ་བར་སྟོན་པའི་བརྗོད་བྱའི་ཁྱད་པར་བསྟན། ངག་དང་པོ་དོན་བྱ་བར་འགྱུར་བར་དེ་བཞིན་དུ་སྤྱིར་བརྗོད་བྱ་འགའ་ཞིག་རྟོགས་པས་ཀྱང་དགོས་པའི་ཁྱད་པར་གྱི་མཐར་ཐུག་པ་ཉིད་ཀྱིས་ཁྱད་པར་སྒྲུབ་པོ་ཞེས་ཀྱང་བརྗོད་པར་མི་ནུས་ཏེ། བརྗོད་པའི་ཁྱད་པར་གྱི་སྒོ་སྤངས་ནས་དགོས་པའི་ཁྱད་པར་མི་གྲུབ་པའི་ཕྱིར་རོ། །
བརྗོད་བྱ་ནི་རང་ཉིད་འགྲུབ་པོ། །དེའི་ཕྱིར་ཇི་ལྟར་མངོན་སུམ་གྱིས་རང་གི་མཚན་ཉིད་འཛིན་ཏོ་ཞེས་བྱ་བ་བྱེད་པ་གཙོར་གྱུར་པ་ཡིན་ཡང་། མངོན་སུམ་གྱི་གཟུང་བྱ་རང་གི་མཚན་ཉིད་ཡིན་ནོ་ཞེས་ལས་ལ་གཙོར་ཕྱོགས་པ་ཡིན་གྱི། ཤེས་པའི་དབང་དུ་བྱས་པས་འཛིན་པའི་བྱེད་པ་སྤྱིར་གྲུབ་པའི་ཕྱིར་དང་། འཛིན་
པའི་བྱེད་པའི་སྤྱི་ཡང་ལས་ཀྱི་ཁྱད་པར་དེ་ཉིད་ལས་ཁྱད་པར་དུ་གྲུབ་པའི་ཕྱིར། བྱ་བ་ལ་ནི་མ་ཡིན་པ་དེ་བཞིན་དུ་འདི་འདིས་བརྗོད་དོ་ཞེས་བྱ་བ་ནི། འདི་ཡི་བརྗོད་བྱ་འདི་ཡིན་ནོ། །དེ་ཙམ་གྱིས་ཀྱང་རྗོད་བྱེད་ཀྱི་དགོས་པ་འབའ་ཞིག་ཏུ་མ་ཟད་ཀྱི། རྗོད་བྱེད་ལ་འཇུག་པ་ཡང་འཕངས་པ་ཡིན་ནོ། །གལ་ཏེ་བརྗོད་བྱ་

བསྟན་པའི་མཚན་ཉིད་དགོས་པ་རྟོགས་ཀྱང་མི་འཇུག་ན་ནི་དེའི་ཚེ་དགོས་པ་བརྗོད་ཀྱང་མི་འགྱུར་ཏེ། བརྗོད་པས་ཀྱང་རྟོགས་པ་སྒྲུབ་པ་ན། དགོས་པ་འཇུག་བསྒྲུབ་པ་ཉིད་ལ་འཇུག་པའི་ཕྱིར་རོ། །དགོས་པ་རྟོགས་པ་དེ་ཡང་གལ་ཏེ་སྤྱིར་བསྟན་བཅོས་དབང་དུ་བྱས་པ་ལས་
གྱུར་ཀྱང་མི་འཇུག་ཏུ་ཆུག་ཀྱང་། བརྗོད་བྱའི་སྒོ་ནས་ཁྱད་པར་ཅན་དུ་གྱུར་པ་ནི་འཇུག་པར་བྱེད་པ་ཡིན་ནོ། །དེའི་ཕྱིར་དགོས་པའི་ཁྱད་པར་རྟོགས་པ་བཞིན་དུ་འཇུག་པ་ཡང་བརྗོད་བྱ་བསྟན་པ་ཉིད་ཀྱིས་འཕགས་ནས་གནས་པའི་ཕྱིར་ན་ཉེ་བར་མཁོ་བའི་ཁྱད་པར་མེད་དོ། །དེ་ལྟར་དགོས་པའི་སྒོ་ནས་ནི་
འཇུག་པ་ལ་མཁོ་བ་མ་ཡིན་ཏེ། རིམས་སེལ་བའི་མཐའ་ཡས་ཀྱི་རིན་པོ་ཆེ་ཉེ་བར་སྟོན་པ་ལ་ཡང་འཇུག་པར་ཐལ་བའི་ཕྱིར་རོ། །དཔེར་ན་དགོས་པ་མེད་པའི་སྒྲོ་འདོགས་བཟློག་ནས། དགོས་པ་འཇུག་པར་བྱེད་པ་ཡིན་པ་དེ་བཞིན་དུ་སྒྲུབ་པར་མི་ནུས་པའི་བརྗོད་བྱའི་བློ་བསལ་བ་ན། བརྗོད་བྱ་ཡང་
འཇུག་བྱེད་ཡིན་ནོ། །བརྗོད་བྱ་ཡོད་པ་དགོས་པ་མེད་པས་ལྡོག་པར་ཡང་བསྟན་པར་མི་ནུས་ཏེ། སེའུ་བཅུ་ལ་སོགས་པའི་ངག་ལ་ནི་བརྗོད་བྱ་མེད་པ་ཉིད་ཀྱིས་དགོས་པ་མེད་པ་ཡིན་ནོ། །བྱ་རོག་གི་སོ་བརྟག་པ་ཉེ་བར་དགོད་པ་ཡང་ཉེ་བར་མཁོ་བ་ཡིན་ཏེ། བརྗོད་བྱའི་དགོས་པ་བསམ་
པའི་སྐབས་ཡིན་པའི་ཕྱིར་རོ། །རྗོད་བྱེད་ཀྱི་དགོས་པ་དེ་ནི་དེའི་བརྗོད་བྱ་ཡོད་པ་མེད་པར་མི་འགྱུར་རོ། །བརྗོད་པར་བྱ་བ་ནི་ཡོད་ཀྱང་དེའི་རང་བཞིན་ངེས་པར་བརྟགས་ན་བསྒྲུབ་པར་མི་ནུས་པ་བཞིན་དུ་དགོས་པ་མེད་པ་ལོག་པར་རྟོགས་པ་ཡང་འཇུག་པའམ། མ་ལོག་ན་ཡང་ལྡོག་པ་ཡིན་ནོ། །ལྡོག་པ་
རྟོགས་པ་དེ་ཡང་དེའི་རང་བཞིན་རྟོགས་ན་འགྱུར་རོ། །དེས་ན་འཇུག་པ་ལ་མཁོ་བའི་ཕྱིར་དང་ཧ་ཅང་ཐལ་བ་མེད་པའི་ཕྱིར་དང་སྤྱིར་མ་རྟོགས་པའི་ཕྱིར་ངག་དང་པོས་བརྗོད་བྱ་ཉིད་བརྗོད་པར་བྱ་བའི་དགོས་པ་ནི་མ་ཡིན་ནོ། །དེ་བས་ན་ངག་དང་པོས་རྗོད་བྱེད་ཀྱི་དགོས་པ་བརྗོད་པར་རེས་པ་མ་ཡིན་ནོ། །ཅི་སྟེ་བརྗོད་བྱའི་
དགོས་པ་བརྗོད་པར་ངེས་པ་ཡིན་ཏེ། དཔེར་ན་ཆོས་མཆོག་གིས། གལ་ཏེ་བརྗོད་པར་བྱ་བ་ཡང་དགོས་པ་མེད་པ་ཡིན་ན་ནི། རྟོག་པ་དང་ལྡན་པ་དེ་བསྟན་པའི་ཕྱིར་སྒྲ་དགོད་པའི་རྩོམ་པ་ཡང་བྱེད་པར་མི་འགྱུར་རོ། །དེས་ན་བརྗོད་བྱའི་དགོས་པ་ཉིད་ངག་དང་པོས་བརྗོད་པར་ངེས་སོ། །ངག་གི་དགོས་པ་དོན་རྟོགས་པ་དང་དེའི་

ཡུལ་གྱི་བརྗོད་བྱ་ཡོད་ཅེས་ཏེ་གཞན་འཇུག་པ་ནི་མ་ཡིན་ཏེ། ཐམས་ཅད་དུ་ཁྱད་པར་མེད་པར་ཐལ་བའི་ཕྱིར་རོ། །བརྗོད་བྱས་ཁྱད་པར་ཅན་གྱི་འབྲས་བུ་བྱེད་ན་ནི་དེའི་ཕྱིར་དེ་བརྗོད་པའི་བསྟན་བཅོས་ལ་འཇུག་པ་དང་རྗེས་སུ་མཐུན་པ་ཉིད་དོ་ཞེས་ཟེར་བ་ལྟ་བུའོ། །གཞན་དག་དེ་ཡང་སྐབས་མ་ཡིན་པ་
རྗོད་པར་བྱེད་པ་ཡིན་ཏེ། བསྟན་བཅོས་ལ་འཇུག་པར་འདོད་པས་ནི། དེ་ལ་གནས་པའི་དགོས་པ་བརྗོད་པར་བྱ་སྟེ། གཞན་ལ་དགོས་པ་བསྟན་པ་ནི་གཞན་ལ་འཇུག་པར་བྱེད་པར་མི་རིགས་སོ། །བསྟན་བཅོས་ཞེས་བྱ་བ་ཡང་ཁྱད་པར་གྱི་དོན་སྟོན་པར་ནུས་པའི་ཚིག་ལ་བརྗོད་ཀྱི་བརྗོད་བྱ་ཙམ་ལ་མ་ཡིན་
ཞིང་དོན་སྟོན་པའི་ནུས་པས་སྟོང་པའི་ཚིག་ལ་ཡང་མ་ཡིན་ནོ། །དེས་ན་བརྗོད་པར་བྱ་བ་ལ་བརྟེན་པའི་དགོས་པ་ནི་བརྗོད་པར་བྱ་བ་མ་ཡིན་ནོ། །སྐྱེས་བུའི་དོན་འགྲུབ་པ་ཐམས་ཅད་ནི་ཡང་དག་པའི་ཤེས་པ་སྔོན་དུ་འགྲོ་བ་ཅན་ཞེས་བྱ་བ་འདིར་ནི། ཡང་དག་པའི་ཤེས་པ་བསྟན་པ་སྔོན་དུ་འགྲོ་བ་ཅན་
ཞེས་བརྗོད་པར་འདོད་པ་ཡིན་ཏེ། དེས་ན་དགོས་པའི་དགོས་པ་བརྗོད་པར་བྱ་བ་ཡིན་ནོ་ཞེས་ཟེར་རོ། །དེ་ནི་མ་འབྲེལ་ཏེ། ཅི་ལྟར་བསྟན་བཅོས་ལ་འཇུག་པར་འདོད་པ་ལ་བརྗོད་བྱའི་དགོས་པ་སྟོན་པ་རྗེས་སུ་མཐུན་པ་མ་ཡིན་པ་དེ་བཞིན་དུ་དགོས་པའི་དགོས་པ་བརྗོད་པ་ཡང་ངོ་། །བརྗོད་བྱ་ཙམ་བཞིན་དུ་
བསྟན་བཅོས་ཀྱི་བསྒྲུབ་བྱ་དགོས་པ་ཙམ་ཡང་བསྟན་བཅོས་མ་ཡིན་པའི་ཕྱིར་ཏེ། རྒྱུ་དང་འབྲས་བུ་དག་གཅིག་པར་འགལ་བའི་ཕྱིར་རོ། །ཡང་གལ་ཏེ་བསྟན་བཅོས་དང་འབྲེལ་པའི་ཕྱིར་དགོས་པ་བསྟན་བཅོས་སུ་བསྙད་པ་དེའི་ཚེ་ན་བརྗོད་བྱ་ཙམ་དེ་བཞིན་དུ་བསྙད་པར་མཚུངས་སོ། །ཅི་ལྟར་བསྟན་
བཅོས་དང་དགོས་པ་དག་གི་རྒྱུ་དང་འབྲས་བུའི་དངོས་པོ་ཉིད་ཉེ་བར་གདགས་པའི་རྒྱུ་མཚན་ཡིན་པ་དེ་བཞིན་དུ། བསྟན་བཅོས་དང་བརྗོད་བྱ་དག་གི་བརྗོད་བྱ་དང་རྗོད་བྱེད་ཀྱི་དངོས་པོ་ཡང་ངོ་། །ཅི་སྟེ་ཉེ་བར་གདགས་པས་དེ་དང་རྗེས་སུ་མཐུན་པའི་འཇུག་པ་མི་འགྲུབ་ཀྱི། དགོས་པའི་དགོས་པ་དོན་དུ་
གཉེར་བའི་བསྟན་བཅོས་ལ་འཇུག་པ་ནི་དངོས་པོ་གནས་ལུགས་ཉིད་ཀྱིས་འགྲུབ་སྟེ། བརྒྱུད་པས་དེ་དང་འབྲེལ་པའི་ཕྱིར་དང་པོའི་ས་བོན་བཞིན་ནོ། །བརྗོད་པར་བྱ་བ་ནི་བསྟན་བཅོས་དང་མ་འབྲེལ་པའི་ཕྱིར་དང་། དེའི་འབྲས་བུ་ཡང་དེ་དང་འབྲེལ་པར་ཇི་ལྟར་འགྲུབ་སྙམ་ན། བདེན་ཏེ། འོན་ཀྱང་

དེའི་བྱ་བ་དོན་དུ་གཉེར་བ་དེའི་རྒྱུ་ལ་འབད་པ་དེ་བཞིན་དུ། དེ་གསལ་བར་བྱེད་པའི་སྒྲོན་མ་ལ་ཡང་ཡིན་ནོ། །རྒྱུ་ལས་ཡོད་པར་འགྲུབ་པར་ཤེས་པར་བྱེད་པས་དོན་དུ་གཉེར་བ་དག་ཡོད་པར་བྱེད་པའི་ཕྱིར། ཅི་ལྟར་གསལ་བྱའི་དོན་བྱ་བ་དོན་དུ་གཉེར་བ་གསལ་བྱེད་ལ་འཇུག་པ་དེ་
བཞིན་དུ། བརྗོད་བྱའི་དོན་བྱ་བ་དོན་དུ་གཉེར་བ་ཡང་རྗོད་བྱེད་ལ་འཇུག་གོ། །དེའི་ཕྱིར་དངོས་པོ་ནི་གནས་པ་ཉིད་ཀྱིས་རྗོད་བྱེད་ལ་འཇུག་པར་འདོད་པ་ལ། བརྗོད་བྱའི་དོན་བྱ་བ་རྗོད་པའི་ཕྱིར་མཚུངས་སོ། །དེ་ལྟར་གལ་ཏེ་བསྟན་བཅོས་ལས་གཞན་པ་ཙམ་གྱི་བརྗོད་བྱའི་དོན་བྱ་བ་བརྗོད་པ་འགོག་
ན། དེའི་ཚེ་བསྟན་བཅོས་ཀྱི་བསྒྲུབ་བྱ་དགོས་པའི་དོན་བྱ་བ་བརྗོད་པ་ཡང་འགོག་པར་ཐལ་ལོ། །ཅི་སྟེ་གཞན་ཉིད་ཡིན་ཡང་ཁྱད་པར་ཡོད་པར་བརྗོད་ན། བརྗོད་བྱ་ལ་ཡང་དེ་ཡོད་པ་ཉིད་དོ་ཞེས་བསྟན་ཟིན་ཏོ། །གཞན་ཡང་རབ་ཏུ་བྱེད་པའི་ལུས་ནི་གཉིས་ཏེ། སྒྲ་དང་དོན་ཏོ་ཞེས་བྱ་བ་དེ་
གལ་ཏེ་ཚད་མ་ཡིན་ན་དེའི་ཚེ་བརྗོད་བྱའི་དགོས་པ་ཡང་བསྟན་བཅོས་ཀྱི་དགོས་པ་ཉིད་དུ་འགྱུར་ཏེ། དེའི་ཡན་ལག་ཡིན་པའི་ཕྱིར་རོ། །ལག་པའི་འབྲས་བུ་ནི་ལུས་ཀྱི་འབྲས་བུ་མ་ཡིན་པ་མ་ཡིན་ནོ། །དེ་སྟེ་ཚད་མ་མ་ཡིན་ན། དེའི་ཚེ་བརྗོད་བྱ་ཙམ་ནི་བསྟན་བཅོས་མ་ཡིན་ནོ་ཞེས་བྱ་བ་མ་འབྲེལ་ཏེ།
བརྗོད་བྱ་བསྟན་བཅོས་ཉིད་མ་ཡིན་ནོ་ཞེས་བརྗོད་པར་བྱའོ། །དེ་ཙམ་བཀག་ན་ནི་ཇི་ལྟར་མི་དམིགས་པ་ཙམ་ཚད་མ་མ་ཡིན་ནོ་ཞེས་བྱ་བ་ལྟར་དེའི་ཁྱད་པར་རམ། ཅི་ལྟར་ས་བོན་ཙམ་སྐྱེད་བྱེད་མ་ཡིན་ནོ་ཞེས་བྱ་བ་ལྟར་རྫས་གཞན་དང་ལྷན་ཅིག་པ་འདོད་གྲང་ན། གཉི་ག་ལྟར་ཡང་ཚིག་སྔ་མའི་དོན་འགོག་པ་
མ་ཡིན་ནོ། །འདིར་བརྗོད་པར་བྱ་བ་ལ་ནི་སྤྱི་དང་ཁྱད་པར་སྒོ་ནས་ལོག་པར་རྟོགས་པ་ཡང་མེད་དོ། །དེས་ན་རྫས་གཞན་ལ་ལྟོས་པ་ཙམ་ལུས་པའི་ཕྱིར། གཉི་ག་བསྟན་བཅོས་ཡིན་པར་བརྗོད་པར་འགྱུར་བས་ཅི་ལྟར་དོན་བསྟན་བཅོས་ཡིན་པ་བཀག །དེས་ན་དེ་བཀག་ན་བརྗོད་བྱ་བསྟན་བཅོས་མ་ཡིན་ནོ་
ཞེས་བྱ་བ་འདི་རིགས་པའི་ཕྱིར་རང་གི་ཚིག་དང་འགལ་ལོ། །ཚིག་ལ་ནི་ཁོ་བོ་ཅག་མངོན་པར་ཞེན་པ་མེད་དོ། །གལ་ཏེ་བརྗོད་བྱ་བསྟན་བཅོས་ཡིན་པ་འགོག་པར་འདོད་ན་དེའི་ཚེ་སེའུ་བཅུ་ལ་སོགས་པའི་ངག་ཀྱང་བསྟན་བཅོས་སུ་ཐལ་ལོ། །ཅི་སྟེ་འདི་ལ་ཁྱད་པར་ཅན་གྱི་དོན་སྟོན་པར་ནུས་པའི་ཚིག་བསྟན་

བཅོས་སུ་བརྗོད་པར་བྱའོ་ཞེས་བཤད་ཟིན་ཏོ་ཞེ་ན། དེ་ནི་རིགས་མོད་ཀྱི་འོན་ཀྱང་ཕྱོགས་འདི་ལ་གསལ་བྱའི་དཔྱད་པ་ཡང་འཇུག་པས་སྐབས་འགོག་པར་བྱེད་དོ། །གསལ་བྱ་ལ་དགོས་པ་མེད་ན་གསལ་བྱེད་ཚོལ་བ་འབྲས་བུ་མེད་པའི་ཕྱིར། བརྗོད་བྱའི་དགོས་པ་བསྟན་པ་བཟློག་ཏུ་མེད་དོ། །དེའི་ཕྱིར་
སྐྱེས་བུའི་དོན་བསྒྲུབ་པ་ཡང་བརྗོད་པའི་དགོས་པ་ཡིན་པ་ལ་འཐད་པར་དཀའ་བ་མེད་དོ། །འདི་ལྟར་བསྟན་བཅོས་ལ་འཇུག་ཅིང་དེའི་འབྲས་བུ་བསྟན་པ་ཡིན་ལ། གཞན་དུ་ནི་དགོས་པ་དཔྱད་པའི་ཕྱིར་འཐད་དཀའ་བར་དོགས་པ་ཡིན་ན། དེ་ཡང་བཤད་མ་ཐག་པའི་ཚུལ་གྱིས་སྤངས་པ་ཡིན་ནོ། །
དེའི་ཕྱིར་སློབ་དཔོན་ཆོས་མཆོག་གིས་བརྗོད་བྱའི་དགོས་པ་བསྟན་པ་ཡིན་ནོ་ཞེས་བྱ་བ་ནི་ལེགས་པར་བརྗོད་པ་ཡིན་ནོ། །འོན་ཀྱང་དེའི་ཡང་བསྟན་བཅོས་ཀྱི་ལུས་ཉིད་ཀྱིས་ཞེས་བྱ་བ་སྐྱོན་ཆགས་པ་ཡིན་ཏེ། ཅི་སྐད་དུ་རབ་ཏུ་བྱེད་པའི་ལུས་ནི་གཉིས་ཏེ། སྒྲ་དང་དོན་ཏོ་ཞེས་བྱ་བ་ལྟ་བུའོ། །ཅི་ལྟ་
བར་རང་རང་གི་བསྟན་བཅོས་ཀྱི་བརྗོད་བྱ་ཡིན་ཡང་། ངག་གི་རང་བཞིན་ལས་གཞན་ལ་ནི་བསྟན་བཅོས་ཀྱི་ཐ་སྙད་མི་དམིགས་སོ། །བརྗོད་བྱ་འབའ་ཞིག་བསྟན་བཅོས་མ་ཡིན་པ་ཉིད་དོ་ཞེ་ན། འོ་ན་ནི་ཕན་ཚུན་འབྲེལ་པར་དཀའ་བའི་ཕྱིར། ནམ་ཡང་བསྟན་བཅོས་ཀྱི་ཐ་སྙད་མེད་པར་འགྱུར་རོ། །མངོན་པར་
བརྗོད་པའི་གནས་སྐབས་ན་འདྲེའོ་ཞེ་ན། ཡོད་མོད་ཀྱི་དེའི་རང་བཞིན་གྱི་ནི་སྐྱེས་བུའི་དོན་སྒྲུབ་བྱེད་མ་ཡིན་པའི་ཕྱིར་ཅི་ལྟར་བརྗོད་བྱའི་དགོས་པ་བསྟན་ཏེ། ཕྱི་རོལ་བརྗོད་བྱ་མ་ཡིན་པའི་ཕྱིར་རོ། །སྣང་བ་དང་བརྟག་པར་བྱ་བ་དག་གཅིག་ཏུ་ཞེན་པའི་ཕྱིར་རོ་ཞེ་ན། དངོས་པོའི་ཚོགས་དེ་ཉིད་ལ་ཡང་
བསྟན་བཅོས་ཐ་སྙད་དུ་ཐལ་ལོ། །བརྗོད་བྱ་འབའ་ཞིག་བསྟན་བཅོས་མ་ཡིན་ནོ་ཞེས་ཀྱང་བརྗོད་པར་མི་བྱའོ། །འདྲེས་པ་དང་སོ་སོ་བ་དག་ཐ་དད་པར་ཞེན་ན་ཡང་བརྗོད་པར་བྱ་བ་དོན་མེད་དོ། །ཁྱད་པར་ཅན་གྱི་དོན་སྟོན་པར་དུས་པའི་ཚིག་བསྟན་བཅོས་ཡིན་ནོ་ཞེས་སློབ་དཔོན་ཀ་མ་ལ་ཤཱི་ལས་རིགས་པར་
བརྗོད་དོ། །གང་ཡང་ལེའུ་དང་པོའི་བཤད་པ་དེ་སྐད་དུ་སྨྲ་བའི་རིག་བྱེད་དེ་བསྟན་བཅོས་ཀྱི་ལུས་ཐམས་ཅད་ལ་ཚད་མ་དང་འགལ་བ་མ་བསལ་བར་ཞེས་བྱ་བ་དེར་ནི། ངག་གི་དུམ་བུ་ཉིད་ལུས་ཀྱི་སྒྲས་བརྗོད་པ་ཡིན་ལ། ཚད་མ་དང་འགལ་བ་ཉིད་ནི་བརྗོད་བྱའི་སྒོ་ནས་བསྙད་པ་ཉིད་དེ་དཔེར་ན་ཚིག་བདེན་པའམ།

མི་བདེན་པ་ཞེས་བྱ་བའམ། ཚད་མ་ལུང་ཞེས་བྱ་བ་ལྟ་བུའོ། །དེ་ལྟར་ཡིན་དང་བརྗོད་བྱ་ནི་བསྟན་བཅོས་མ་ཡིན་ནོ། །དེ་ལྟ་ན་ཡང་ངག་དང་པོ་བརྗོད་བྱའི་དགོས་པ་བརྗོད་པར་བྱའོ་ཞེས་ཀྱང་གཞུང་བཙུགས་པ་ཡིན་ན། དེའི་ཚེ་ཡང་ངེས་པ་ནི་མ་ཡིན་ནོ། །འདི་ལྟར་གལ་ཏེ་
དགོས་པ་མེད་པའི་བརྗོད་བྱ་རྗེས་སུ་བསྒྲུབ་བྱ་མ་ཡིན་པ་དེ་ལྟ་ན་ཡང་གདོན་མི་ཟ་བར་བརྗོད་པར་ངེས་པ་མ་ཡིན་ནོ། །བསྟན་བཅོས་ཀྱི་བརྗོད་བྱ་ནི་སྣ་ཚོགས་སོ། །རབ་ཏུ་གྲགས་པའི་དོན་ནི། དཔག་བསམ་གྱི་ཤིང་གི་ལམ་སྟོན་པ་ལྟ་བུའོ། །ཤུགས་ཀྱིས་འཕངས་པའི་དོན་ནི་སྨན་པའི་ཉེ་བར་
བསྟན་པ་ལྟ་བུའོ། །དཔག་པར་བྱ་བའི་དོན་ནི་ཚད་མ་སྟོན་པ་བཞིན་ནོ། །ཐམས་ཅད་དུ་མ་གྲགས་པའི་དོན་ནི། མཆོད་སྦྱིན་ལ་སོགས་པའི་བསྟོད་པ་བཞིན་ནོ། །མཆོད་སྦྱིན་ལ་སོགས་པའི་ལས་ཀྱིས་ནི་དགོས་པ་འགའ་ཞིག་སྤྱིར་ཡང་རྟོགས་པའམ། ལུང་མ་གཏོགས་པར་ཚད་མ་གཞན་གྱིས་
དཔག་པར་ནུས་པ་ནི་མ་ཡིན་ཏེ། དེས་ན་འདྲ་བའི་འབྲས་བུ་བརྗོད་པར་ངེས་པ་ཡིན་ནོ། །དཔག་པར་བྱ་བའི་དོན་ལ་ནི་འདོད་པ་སྤྱོད་དེ། གཞན་གྱི་ངལ་བ་མི་བཟོད་པ་སྐྱེས་བུའི་དོན་མཆོག་ལ་བརྩོན་པ་དག་བསྟན་བཅོས་ལ་གུས་པ་ཁྱད་པར་ཅན་སེམས་པའི་ཕྱིར་དང་། ལོག་པར་རྟོགས་པ་མང་
བས་བརྗོད་པ་ཡང་སྲིད་པའི་ཕྱིར་རོ། །གཞན་དུ་ན་བརྗོད་པའི་སྐབས་ཅི་ཡོད་དེ། རྟོགས་ཟིན་པ་སྟོན་པ་ལ་དགོས་པ་མེད་པའི་ཕྱིར་རོ། །དེའི་ཚེ་ནི་བརྗོད་བྱ་ཙམ་ཐོས་པ་དགོས་པ་ཡོད་པའམ་མེད་པའམ་འདོད་པའམ་མི་འདོད་པ་ངེས་པས་འཇུག་པའམ་ལྡོག་པ་ཡིན་ནོ། །དེའི་ཚེ་ན་བརྗོད་
བྱའི་ཆའི་དགོས་པར་ངེས་པ་མེད་ལ། གང་གིས་དེ་བརྗོད་པར་ངེས་པར་སྲིད་པ་བརྗོད་བྱའི་དགོས་པའི་དབང་དུ་བྱས་ནས་དོན་དུ་གཉེར་བ་འཇུག་པ་ཡང་མ་ཡིན་ནོ། །འོན་ཀྱང་དགོས་པ་དགོས་པའི་ཆེད་ཀྱང་སྲིད་དེ། དཔེར་ན་སྐད་ཅིག་མ་ཉིད་ལ་སོགས་པའི་དེ་ཁོ་ན་སྟོན་པའི་བསྟན་བཅོས་ལ་འཇུག་
པ་བཞིན་ནོ། །སྐད་ཅིག་མ་ཉིད་ལ་ནི་བྱ་བ་འགའ་ཞིག་སྲིད་པ་མ་ཡིན་ལ། དེའི་ཚེ་ཆོས་དང་ལྡན་པ་དག་གི་དོན་བྱ་བའི་ཆེད་དུ་བྱས་ནས་འཇུག་པ་ཡང་མེད་དོ། །དེ་ལྟ་ཉིད་ཡིན་ན་ནི་སྤྱད་པ་མི་མཁོ་བའི་ཕྱིར་ཏེ། ཕུང་པོ་གཞན་མེད་པའི་ཕྱིར་སྔོན་པོ་ཉིད་ལ་སོགས་པ་བཞིན་ནོ། །གལ་ཏེ་འགའ་ཞིག་

སྐད་ཅིག་མ་མ་ཡིན་པར་འགྱུར་ན་ནི་དེ་ཡོངས་སུ་སྤངས་ནས་སྐད་ཅིག་མའི་དོན་བྱེད་པ་དོན་དུ་གཉེར་བར། སྐད་ཅིག་མ་དེ་ཉིད་ལ་འཇུག་པའི་རྒྱུ་མཚན་དུ་གྱུར་པ་སྐད་ཅིག་མ་ཉིད་ཀྱི་རང་བཞིན་དུ་ངེས་པར་རྟོག་པ་འབྲས་བུ་དང་བཅས་པར་འགྱུར་ཏེ། དཔེར་ན་སྔོན་པོ་ཉིད་དུ་རྟོག་པ་བཞིན་ནོ། །དེ་ལྟ་ནི་མ་
ཡིན་ཏེ། སྐད་ཅིག་མ་མ་ཡིན་པ་ཐམས་ཅད་དུ་བསལ་བའི་ཕྱིར་རོ། །དེས་ན་ཐམས་ཅད་དུ་འཇུག་ཏུ་གནང་ན་སྐད་ཅིག་ཉིད་བརྟག་པ་ལ་ཉེ་བར་མཁོ་བ་ཅི་ཡོད། དེས་ན་སྐད་ཅིག་མའི་ཡང་དོན་བྱ་བའི་དབང་དུ་བྱས་ནས་སྐད་ཅིག་མའི་སྤྱད་པ་ལ་འཇུག་པ་མ་ཡིན་གྱི། འོན་ཀྱང་སྤྱོད་པའི་དགོས་པ་ལ་ལྟོས་
ནས་སོ། །འདི་ལྟར་སྐད་ཅིག་མ་ཉིད་ལ་སོགས་པའི་ངེས་པས་བསྒོམས་པའི་སྒོ་ནས་དེ་མངོན་དུ་བྱེད་པའི་གནས་སྐབས་ཀྱི་རང་བཞིན། འཁོར་བའི་སྡུག་བསྔལ་དང་འབྲལ་བའི་འབྲས་བུ་ཐོབ་པར་བྱེད་དོ། །འོ་ན། དོན་བྱེད་ནུས་པ་མ་ཡིན་ལ། །དེ་འདོད་བརྟགས་པས་ཅི་ཞིག་བྱ། །ཞེས་བྱ་བ་ལ་
སོགས་པ་ཡིན་པ་དེ་ཅི་ལྟར་དྲང་ཞེ་ན། བདེན་ཏེ་སྣང་བཞིན་པའི་ཆོས་ཅན་གྱི་རང་བཞིན་བརྟགས་པའི་དབང་དུ་བྱས་ནས་དེ་བརྗོད་དེ། སྒྲའི་དོན་བཞིན་ནོ། །ཆོས་ཅན་ཡོད་པ་ཉིད་ཀྱི་ཆོས་ཀྱི་རང་བཞིན་འདོད་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་བརྗོད་པར་བྱ་དགོས་པ་ཡང་བསྟན་པར་ངེས་པ་མེད་དོ། །གཉི་གའི་
ཡང་མ་ཡིན་ཏེ་གཉི་གའི་བརྗོད་བྱ་ནི་གཉིས་པོ་ཡིན་ལ། དེ་གཉིས་བསལ་ན་གཞན་ཅི་ཞིག་ལུས། འདྲེས་པའི་གནས་སྐབས་ཀྱང་བསལ་ཟིན་ཏོ། །གང་ཞིག་བརྗོད་པར་འགྱུར་བ་དེ་ལ་ནི་དགོས་པ་ཡང་ཅུང་ཟད་ཀྱང་མེད་དོ། །དེས་ནི་སྐྱེས་བུ་འཇུག་པ་ཡང་མ་ཡིན་ནོ། །ཐམས་ཅད་དུ་བརྗོད་པར་བྱ་བ་ཉིད་
ནི་བསྟན་བཅོས་ཉན་པའི་སྔོན་རོལ་དུ་ཤེས་པ་མ་ཡིན་ཏེ། དེས་ན་དེ་ཉིད་བརྗོད་པར་ངེས་སོ། །གལ་ཏེ་མ་ཤེས་པ་ཙམ་གྱིས་ནི་བརྗོད་པ་མ་ཡིན་གྱི། འོན་ཀྱང་འཇུག་པ་ལ་མཁོ་བའི་ཕྱིར་རོ། །འཇུག་པ་བསྒྲུབ་པ་ནི་དོན་དུ་གཉེར་བ་ཉིད་ཀྱིས་ཡིན་ན། བརྗོད་བྱ་ནི་འགའ་ཡང་དོན་དུ་གཉེར་བ་མ་ཡིན་
གྱི། འོན་ཀྱང་བརྗོད་བྱའམ་རྗོད་བྱེད་ཀྱི་དགོས་པ་ཡིན་ནོ། །དེས་ན་མ་ཤེས་པའི་བརྗོད་བྱ་བསྟན་པས་ཅི་ཞིག་བྱ་ཞེ་ན། དེ་ནི་མི་རིགས་ཏེ། དགོས་པ་བརྗོད་བྱ་མ་ཡིན་པས་ན་དགོས་པ་གཉིས་ཀྱི་རྟོགས་པ་ནང་དུ་འདུས་པ་ཅན་གྱི་བརྗོད་པར་བྱ་བ་བརྗོད་པར་བྱས་པ་ནི་འཇུག་པར་བྱེད་པ་ཡིན་པའི་ཕྱིར།

འཇུག་པ་ལ་མཁོ་བ་མེད་པ་ཉིད་འདིར་མ་གྲུབ་པོ། །གང་དུ་བརྗོད་བྱ་དེའི་དགོས་པ་བརྗོད་པ་དེར་ཡང་། དགོས་པ་ཙམ་གྱིས་ནི་འཇུག་པ་མ་ཡིན་ཏེ། རིམས་ནད་སེལ་བའི་མཐའ་ཡས་ཀྱི་རིན་པོ་ཆེ་སྟོན་པ་ལ་ཡང་ཐལ་བའི་ཕྱིར་རོ། །དེས་ན་དགོས་པ་ཡང་
ཐབས་ཀྱི་ཁྱད་པར་རྟོགས་པ་དང་ལྷན་ཅིག་པ་འཇུག་པའི་རྒྱུ་མཚན་ཡིན་པས་ན་དེས་ན་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པའི་དགོས་པ་གཉི་ག་ལ་ལྷུར་བྱ་བ་ཡིན་ནོ། །རྗོད་པ་ཉིད་གཅིག་ལ་ངེས་ཀྱི་ལྷུར་བྱ་བ་ནི་ཤུགས་བཞིན་དུ་དུ་མ་ལ་མི་འགལ་ལོ། །ལྷུར་བྱ་བ་ནི་དགོས་པ་བརྗོད་པར་འདོད་དོ། །དགོས་
པ་བརྗོད་པའི་ཤུགས་ཀྱིས་དེའི་བརྗོད་བྱ་འཕངས་སོ་ཞེས་ཀྱང་རྟོགས་པར་མི་བྱ་སྟེ། སྐྱེས་བུ་དོན་འགྲུབ་པའི་རྒྱུར་འདིར་བསྟན་ཏོ་ཞེས་སྤྱིར་བརྗོད་པས་ཀྱང་རྟོགས་པའི་ཕྱིར་རོ། །དེ་ལྟར་བསྒྲུབ་པར་མི་ནུས་པའི་དགོས་པ་ལྡོག་པ་ཡང་མ་ཡིན་ནོ། །དེའི་ཕྱིར་བརྗོད་བྱ་དང་རྗོད་བྱེད་དག་གི་དགོས་པ་
གཉིས་རྟོགས་པའི་ཕྱིར་འཇུག་པ་ལ་མཁོ་བས་ལྷུར་བྱ་བ་མཚུངས་སོ། །དེས་ན་བརྗོད་བྱ་འབའ་ཞིག་ཉིད་བརྗོད་པར་བྱའི་དེའི་ཚེ་དགོས་པ་ཡང་མ་ཡིན་ནོ། །དེས་ན་བརྗོད་བྱ་བསྟན་པར་བརྗོད་བྱ་ཅི་ཞིག་ཡིན་ཞེས་མི་རྟོགས་པའམ། ཡང་ན་བརྗོད་བྱ་མ་བརྗོད་ན་ཚིགས་སུ་བཅད་པའི་ཚོགས་ལ་སོགས་པ་
བཞིན་དུ། དོན་གཞན་དང་གཞན་བརྗོད་པའི་ངག་གི་ཆའོ་ཞེས་ཐེ་ཚོམ་འདིར་འགྱུར་ལ། དེ་ལྟ་ན་ཡང་མི་འཇུག་གོ། །ཤེས་པར་འདོད་པས་འགྱུར་རོ་ཞེ་ན། ཐམས་ཅད་དུ་མཚུངས་པར་ཐལ་བ་ན་ལྡོག་པ་ཉིད་སྟོན་པར་བྱེད་དོ། །དོན་དུ་གཉེར་བ་འབའ་ཞིག་གི་ཤེས་པར་འདོད་པ་ཙམ་གྱིས་
ནི་ཐམས་ཅད་དུ་འཇུག་པར་མི་ནུས་ཏེ། སྨན་ལ་ནད་པས་བཞིན་ནོ། །བརྗོད་ན་ནི་བསྟན་བཅོས་དང་བརྗོད་བྱ་དག་གི་ཁོངས་སུ་གཏོགས་པའི་ཐེ་ཚོམ་འཇུག་བྱེད་ཡིན་པའི་ཕྱིར། ངག་དང་པོ་ནི་འཇུག་པའི་ཡན་ལག་གི་རྗོད་པར་བྱེད་དོ་ཞེས་བྱ་བར་གནས་སོ། །གལ་ཏེ་དེ་ལྟ་ན་ཡང་བར་དུ་བསྟན་པའི་
ཕྱིར་འདི་ཅི་ལྟར་ངག་དང་པོ་ཡིན་ཞེ་ན། འདི་ལ་ཁ་ཅིག་ན་རེ་སྤྱིའི་མཚན་ཉིད་མེད་པར་ནི། རིག་བྱེད་ལ་སོགས་པ་ཚད་མ་མ་ཡིན་པ་ལས་མཚན་ཉིད་མི་རྟོགས་པའི་ཕྱིར་སྤྱིའི་མཚན་ཉིད་བརྗོད་པའི་ཕྱིར་ལེའུ་དང་པོའོ།། །།དེ་ནས་རང་གི་དོན་འཕེལ་བའི་རྩ་བར་གྱུར་པས་མངོན་སུམ་

གྱི་ལེའུའོ། །རང་དོན་གྱི་རྗེས་སུ་དཔག་པ་ནི་མངོན་སུམ་ལ་རག་ལས་པའི་ཚད་མ་ཡིན་པས་མངོན་སུམ་གྱི་འོག་ཏུའོ། །དེའི་དེ་མ་ཐག་ཏུ་ནི་གཞན་དོན་གྱི་རྗེས་སུ་དཔག་པའོ། །དེའི་ཕྱིར་གོ་རིམས་འདི་ལ་རྩོད་པ་འཇུག་པ་ག་ལ་ཡོད་ཟེར་རོ། །དེའི་རྗེས་སུ་རྗོད་པར་བྱེད་པ་གཞན་དག་ཀྱང་ཡོད་
པ་ནི་ལྷ་དབང་བློ་ལ་སོགས་པ་ནི་ལེའུའི་གོ་རིམས་ལ་འཁྲུལ་པ་ཡིན་ཏེ། སློབ་དཔོན་གྱི་རྗེས་སུ་དཔག་པ་དང་པོར་བཤད་པ་ནི་དཀའ་བའི་ཕྱིར་རོ་ཞེས་སྐོང་བར་བྱེད་དོ། །དེ་ལ་འདིར་རིགས་པ་ཡལ་བར་དོར་བར་མི་ནུས་པས་ཅུང་ཞིག་བརྗོད་དོ། །གལ་ཏེ་ཚུལ་འདིས་འདི་འདྲ་བའི་གོ་རིམས་རིགས་སོ་
ཞེས་བརྗོད་པས་གང་གི་ཚེ་རང་གི་སྤོབས་པ་ཙམ་གསལ་བར་བྱེད་པ་དེའི་ཚེ་སློབ་དཔོན་གྱི་བཤད་པར་རྩོམ་པས་སློབ་དཔོན་གྱི་གོ་རིམས་བསལ་ནས་རང་གིས་བརྟགས་པའི་ཡོན་ཏན་བརྗོད་པས་སློབ་དཔོན་གྱི་ལེའུའི་གོ་རིམས་མི་ལེགས་པར་བསྟན་པས་ཅི་ཞིག་ཐོབ། སློབ་དཔོན་གྱི་གོ་རིམས་ཀྱང་ཅི་
ཞིག་ཐོབ། དེ་ཉིད་ཡིན་ནོ་ཞེ་ན། འདི་ནི་ལག་པས་འོད་ཟེར་གྱི་ཕྲེང་བ་ཅན་གྱི་དཀྱིལ་འཁོར་འགེགས་པར་བཟོད་པ་དང་མཚུངས་ཏེ། རྩ་བའི་པོ་ཏི་ཀུན་དུ་སྤྱོད་པ་ཐམས་ཅད་ཀྱིས་འདོད་པ་དེའི་གོ་རིམས་ཚིག་ཙམ་གྱིས་དགག་པར་མི་ནུས་པའི་ཕྱིར་རོ། །དེ་ཚད་མར་མི་བྱེད་ན་མཚན་ཉིད་ལ་སོགས་པ་
ལ་ཡང་སློབ་དཔོན་གྱི་ཡིན་པར་ཡིད་ཆེས་པ་མེད་པར་ཐལ་ལོ། །པོ་ཏིར་ཀུན་དུ་སྤྱོད་པ་ནི། སློབ་དཔོན་ལྷ་དབང་བློ་ལས་བྱུང་བ་ཡིན་ནོ་ཞེ་ན། འདི་ལ་ཚད་མ་སླུ་བ་མེད་པ་ཅན་གྱི་ཤེས་པ་ཞེས་བྱ་བ་ལ་སོགས་པ་ལ་ཡང་ཡིད་ཆེས་པ་ཅི་ཞིག་ཡོད་ཅེས་བཤད་ཟིན་ཏོ་རིགས་པ་ཉིད་ཡིད་ཆེས་པའི་རྒྱུ་ཡིན་ནོ་
ཞེ་ན། གོ་རིམས་དེ་མི་རིགས་པ་ཉིད་ཡིན་པ་ནི་བླའོ། །སློབ་དཔོན་གྱིས་མ་ཡིན་པ་ནི་མ་ཡིན་ཏེ། སྐྱེས་བུ་ཚད་མ་ཞེས་བྱ་བའི་སྒྲུབ་པར་བྱེད་པ་ནི་སློབ་དཔོན་གྱི་བཞེད་པ་ཡང་མ་ཡིན་ནོ། །རིག་པ་ཉིད་ལ་ཡང་སློབ་དཔོན་གྱིས་ཡིན་པ་ཉིད་བཀག་པ་ཅི་ཡོད་དེ་བདག་ཉིད་མ་རྟོགས་པ་ཅི་སྟེ་མི་བརྗོད། གང་
གིས་རྣམ་པ་གཞན་དུ་བྲིས་ནས་བྲི་བའི་ངལ་བ་ལ་བརྟེན་པ་ལྷ་དབང་བློ་ཡང་དེའི་གོ་རིམས་བཤད་པ་ལ་ནུས་པ་ཉམས་པ་ཅི་ཞིག་ཡོད། དེ་ལྟ་བུའི་འབྲས་བུ་ཡང་ཅི་ཞིག་ཡིན། འཁྲུལ་པའི་ཕྱིར་རོ་ཞེ་ན། པོ་ཏིར་དེ་ལྟར་མཐོང་བ་ལ་ཡང་འཁྲུལ་པ་ཅི་འདྲ་བ་ཞིག་ཡིན། དང་པོ་རྗེས་སུ་དཔག་པ་

བཤད་པ་ནི་འཁྲུལ་པའི་རྒྱུ་མཚན་ཡིན་ནོ་ཞེ་ན། དེ་ནི་མི་རིགས་ཏེ། པོ་ཏིར་གཞན་དུ་བཤད་པ་མཐོང་ཡང་བཤད་པའི་གོ་རིམས་གཞན་གྱི་གཞུང་ལ་ཡང་གོ་རིམས་ཐ་དད་པར་ངེས་པ་ནི། གང་དུ་ཡང་མེད་དེ། ག་པ་རྣམས་སུ་ཡང་ལན་སྟོང་དུ་དེ་ལྟར་ཐལ་པའི་ཕྱིར་རོ། །
བྱིས་པ་ལ་ཡང་བྷུའི་རྐང་པ་དང་པོ་ཐོས་པ་ན། དེ་ཉིད་རྐང་པ་དང་པོ་ཡིན་པར་ངེས་པར་མི་འཛིན་ཏེ། བསྟན་བཅོས་འཆད་པ་ལས་བརྩོན་པ་རྗེས་སུ་དཔག་པ་དང་པོ་མ་ངེས་ཀྱི། གཞན་ནི་མ་ཡིན་ནོ་ཞེས་བྱ་བར་གྲུབ་པོ། །གཞན་ཡང་གང་དུ་གཉི་ག་བརྗོད་པ་ངེས་པ་དེར་གཙོ་བོ་ཡང་ཡན་ལག་གི་
དངོས་པོ་ཅི་ལྟ་བ་དེ་ལྟར་བཞག་རག་སྟེ། འདི་ལ་ཞེན་པས་ཅི་བྱ། དགོས་པ་མ་བརྗོད་པར་ནི་བརྗོད་བྱ་ཉིད་གཙོ་བོ་ཡིན་ནོ་ཞེས་བྱ་བ་ནི་འདི་ལ་བསམ་མི་དགོས་སོ། །དགོས་པ་མ་བརྗོད་པ་ཡང་རྣམ་པ་གཉིས་ཏེ། གྲགས་པ་དང་ཤུགས་ཀྱིས་འཕངས་པའོ། །དེ་གཉི་ག་ཡང་འདིར་དགོད་པར་འགྱུར་
རོ། །བསྟན་བཅོས་དང་ངག་དང་པོ་དོན་གཅིག་ན། གཉིས་དོན་མེད་དོ་ཞེས་བྱ་བ་ཡང་མ་འབྲེལ་པ་ཉིད་དོ། །ངག་དང་པོས་ནི་རིགས་གཞན་ཙམ་ལས་རྣམ་པར་ཆད་པ་སྟོན་ལ་བསྟན་བཅོས་ཀྱིས་ནི་དེའི་རིགས་ཅན་ཉིད་སྒྲོ་འདོགས་ཐམས་ཅད་རྣམ་པར་ཆད་པར་སྟོན་པའི་ཕྱིར་གཏམ་སྒྲོགས་པ་ཙམ་
ངག་དང་པོ་དེས་བསྟན་བཅོས་དེའི་དོན་རྟོགས་པ་མ་ཡིན་ནོ། །བསྟན་བཅོས་ཀྱིས་ནི་ངག་དེའི་འགྱུར་ཏེ། འོན་ཀྱང་བསྟན་བཅོས་གོམས་པ་ལས་སོ། །དེ་ལ་ནི་འཇུག་པ་ལ་མཁོ་བའི་ཕྱིར་ངག་དང་པོར་མི་འགྱུར་རོ། །གང་ལས་ངག་དང་པོ་འཇུག་པ་ལ་ཉེ་བར་མཁོ་བ་འདི་འདིར་བརྗོད་བྱ་ཡིན་ནོ་ཞེས་
བྱ་བ་འདི་ལ་ཚད་མ་ཅི་ཡོད་དེ། ངག་ནི་ཕྱི་རོལ་གྱི་དོན་དང་འབྲེལ་པ་མེད་པའི་ཕྱིར་རོ། །ངེས་པ་མེད་པར་འཇུག་ན་ནི་དང་པོ་ཡང་ཐལ་བའི་ཕྱིར། ངག་དང་པོས་ཅི་ཞིག་བྱ་ཞེ་ན། འདི་ལ་ཁ་ཅིག་ན་རེ། ངག་དང་པོ་ནི་འཇུག་པའི་དོན་དུ་མ་ཡིན་གྱི། འོན་ཀྱང་གང་ཞིག་བརྗོད་པར་བྱ་བས་སྟོང་
པ་དེ་ནི་བརྩམ་པར་བྱ་བ་མ་ཡིན་ནོ་ཞེས་ཁྱབ་པར་བྱེད་པ་མི་དམིགས་པས་ཕྱིར་འཇིལ་བར་བྱེད་པ་ལ། མ་གྲུབ་པ་བརྗོད་པའི་དོན་དུ་ཡིན་ལ། བསྟན་བཅོས་ཀྱང་དེ་གཞུང་གཟུགས་པའི་དོན་དུའོ་ཞེས་ཟེར་རོ། །གཞན་དག་ནི་མ་གྲུབ་པའི་བརྗོད་པའི་སྒོ་ཉིད་ནས་འཇུག་པའི་དོན་དུའོ་ཞེས་ཁ་སྐོང་

བར་བྱེད་དོ། །དེ་གཉི་ག་ཡང་ཆོས་མཆོག་གི་འདོད་པའི་རྗེས་སུ་འབྲངས་ནས་བསལ་ཟིན་པའི་ཕྱིར་རྒྱ་མི་བསྐྱེད་དོ། །གང་ཡང་ཛ་ཡན་ཊ་ན་རེ། འདི་ནི་འཆད་པར་འགྱུར་བའི་བསྟན་བཅོས་མཐའ་དག་གི་དོན་དམ་འཆའ་བ་ཡིན་ལ། དེ་ཡང་གཞན་དོན་གྱི་རྗེས་དཔག་ཡིན་པའི་ཕྱིར། སྒྲ་
མི་རྟག་སྟེ་ཞེས་བྱ་བ་ལ་སོགས་པ་གཞན་དུ་ཆད་མ་ཡིན་ནོ། །དམ་བཅའ་བ་ཡང་རྗེས་སུ་དཔག་པའི་ཡུལ་ཉེ་བར་སྟོན་པའི་ཕྱིར། རྗེས་སུ་དཔག་པ་ཉིད་དོ། །འོ་ན་ཅི་ལྟར་བཀག་ཅ་ན། ཁྱབ་པ་བརྗོད་པ་ཅན་གྱི་གཏན་ཚིགས་ལ་མི་མཁོ་བའི་ཕྱིར་རོ་ཞེས་ཟེར་རོ། །འདི་ནི་རིགས་པ་དང་
སློབ་དཔོན་གྱི་བཞེད་པ་ལས་ཕྱི་རོལ་དུ་གྱུར་པའི་ཕྱིར་ཡལ་བར་དོར་རོ། །དེའི་ཕྱིར་དམ་བཅའ་བའི་དོན་ཐོས་པའི་རྟོག་ལྡན་ནི། སྐྱེས་བུ་རྣམས་ཀྱི་བསམ་པ་སྣ་ཚོགས་པ་ཉིད་ཀྱིས་ངེས་པར་མི་འཐད་པའི་ཕྱིར། དངོས་པོ་དང་དངོས་པོ་མེད་པ་མ་ངེས་པའི་རང་བཞིན་དུ་གསལ་ཡང་བསྟན་བཅོས་བྱེད་
པ་གཞན་ལ་མི་སླུ་བ་མཐོང་བའི་ཕྱིར། དངོས་པོ་དམིགས་པའི་སྒོ་ནས་དངོས་པོ་མེད་པའི་ཆ་གསལ་བའི་ཐེ་ཚོམ་སྐྱེའོ། །ཤིན་ཏུ་ལྐོག་ཏུ་གྱུར་པའི་དོན་ལ་ནི། རྟེན་གཞན་མེད་པས། དེ་ཙམ་གྱི་དོན་དུ་གཉེར་བ་ཉིད་ཀྱིས་འཇུག་གོ། །གཅིག་ཉིད་ལ་སྔར་མི་སླུ་བ་མཐོང་བའི་ཚིག་གཞན་ལ་
ཡོད་པ་ནི་མི་རིགས་སོ་ཞེ་ན། དེ་ཉིད་དམ་དེའི་རིགས་ཅན་གྱི་གཞུང་བྱེད་པ་གཞན་ལ་མི་སླུ་བ་ཡོད་ཀྱང་རུང་སྟེ། ཇི་སྲིད་དུ་སླུ་བ་མ་མཐོང་བར་ནི་ཁྱད་པར་འགལ་བ་ཡང་མེད་དོ། །སླུ་ན་ནི་གཉི་ག་ལ་ཡང་ཡིད་བརྟན་དུ་མེད་དོ། །དེའི་ཕྱིར་བརྗོད་ན་དོན་ལ་ཐེ་ཚོམ་དུ་འགྱུར་བར་རིགས་ཏེ། དོན་ལ་ཐེ་ཚོམ་
ཟ་བ་དེས་འཇུག་གོ། །བརྗོད་བྱ་མ་བརྗོད་ན་ནི་ཆ་གཉིས་ཀ་ལ་མཚུངས་པའི་ཐེ་ཚོམ་གཞན་དང་ཐུན་མོང་བ་ནི། ཡལ་བར་དོར་བའི་འབྲས་བུ་ཅན་ཉིད་དུ་འགྱུར་གྱི་འཇུག་པའི་ཡན་ལག་ནི་མ་ཡིན་ནོ། །ཡང་གང་གི་ཚེ་བརྗོད་པར་བྱ་བ་འདི་འམ། གཞན་ནམ་ཡང་ན་བརྗོད་བྱ་འགའ་ཡང་མེད་དོ་ཞེས་ཐེ་
ཚོམ་ཟ་བ་དེའི་ཚེ་ཡང་འཇུག་པར་ག་ལ་འགྱུར་ཞེ