Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 183

Văn bản gốc(Tây Tạng)

Trang 11 / 19 (50.000 ký tự/trang)
ང་གཟུང་བའི་ངོ་བོ་ཉིད་ཅན་མིག་ལ་སོགས་པར་འདོད་པ་ཡིན་ནོ། །འོན་ཏེ་བདེ་བ་ལ་སོགས་པས་སྔོན་པོ་ལ་
སོགས་པ་རིག་པ་མ་ཡིན་པའི་ཕྱིར་རང་རིག་པ་ཉིད་ཡིན་ནོ། །བདག་ཏུ་རྟོག་པའི་རྒྱུ་ནི་བརྟན་པ་དང་འབྲེལ་བ་སྟེ། བརྟན་པ་དང་འབྲེལ་པ་ནི་ལུས་ཉིད་ཀྱིས་ཡིན་གྱི། རྩིག་པ་ལ་སོགས་པ་ལ་བདག་ཏུ་རྟོག་པ་ནི་མ་ཡིན་ནོ། །གཞན་ཡང་ངའོ་སྙམ་པའི་ཤེས་པ་ནི་བདག་ལ་དམིགས་པའི་
ཤེས་པ་གཞན་ཁོ་ན་སྟེ། འདི་ཡིན་ནོ་སྙམ་དུ་མདུན་ན་གནས་པའི་དངོས་པོ་ལ་འཇུག་པའི་ཤེས་པ་ཡང་གཞན་ཡིན་ནོ། །དེ་ཇི་ལྟར་ཕན་ཚུན་དུ་གཟུང་བ་དང་འཛིན་པའི་དངོས་པོར་ཤེས་པར་འགྱུར། དེའི་ཕྱིར་རང་གི་ངོ་བོ་ཉིད་ཀྱིས་ཉམས་སུ་མྱོང་བས་རང་རིག་པའོ་ཞེས་བྱ་བ་འདི་གནས་སོ། །འོ་ན་གལ་ཏེ་
གཟུགས་ལ་སོགས་པ་མ་རྟོགས་པའི་བློ་མེད་པ་དེ་ལྟ་ན་ཡང་རང་རིག་པ་མ་ཡིན་ཏེ་གཟུགས་ལ་སོགས་པའི་བློ་ལ་དེའི་རྣམ་པ་ཅན་གྱི་ཐ་དད་པའི་ཕྱིས་རིག་པའི་ཕྱིར་རོ་ཞེ་ན། སྨྲས་པ། དེའི་དངོས་ཅན་གྱི་བློ་ཡིས་ནི། །ཤེས་པ་འགགས་པ་ཇི་ལྟར་མྱོང་། །དེས་རང་ངོ་བོ་མྱོང་མེད་ཕྱིར། །ཉམས་མྱོང་མ་ལུས་

འཆད་པར་འགྱུར། །ཞེས་བྱ་བ་ལ། དུས་ཕྱིས་འབྱུང་བའི་བློས་བློ་སྔ་མའི་རང་བཞིན་ནམ། རྣམ་པ་མེད་པར་དོན་གྱིས་གོ་བ་ལ་སོགས་པའི་ངོ་བོས། ཤེས་པས་ཤེས་པ་འཛིན་པ་ན། ཤེས་པ་སྔ་མ་འགགས་པ་དེ་ནི་སྐད་ཅིག་མ་སྟེ། བློ་གཞན་གྱི་དུས་ན་མེད་པར་ཁས་ལེན་པའི་ཕྱིར་ཉམས་སུ་མྱོང་བར་ཇི་ལྟར་
འགྱུར་ཏེ་མ་ཡིན་ནོ། །བློ་ཕྱི་མ་དེ་བདག་གི་ངོ་བོ་མྱོང་བར་མི་འགྱུར་ཞིང་། སྔར་གྱི་ཤེས་པའི་རང་གི་ངོ་བོ་རིག་པ་མེད་པར་འགྱུར་བའི་ཕྱིར། ཉམས་སུ་མྱོང་བ་མ་ལུས་པ་ལྡོག་པར་འགྱུར་རོ། །གཞན་ཡང་། དོན་དུ་སྣང་བ་དང་ལྡན་པ། །ཤེས་ཏེ་ཕྱི་རོལ་མངོན་ཕྱོགས་དང་། །བློ་ལ་འཛིན་པར་བྱེད་པའི་བློ། །རྟག་ཏུ་
བདག་ལ་ནང་མངོན་ཕྱོགས། །ཞེས་བྱ་བ་ནི། དོན་སྣང་བ་དང་ལྡན་པའི་ཤེས་པ་ཡུལ་ལ་འཇུག་པར་འགྱུར་བ་ནི་ཕྱི་རོལ་དུ་མངོན་དུ་ཕྱོགས་པར་སྣང་བ་ཅན་ཏེ། ཤེས་པ་ཐ་དད་པས་རིག་པ་ཕྱི་རོལ་པ་མ་ཡིན་པའི་དངོས་པོར་ཤེས་པར་ནུས་པ་མ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་བློ་ལ་འཛིན་པར་བྱེད་པའི་བློ་ཡང་ཕྱི་
རོལ་དུ་ཕྱོགས་པའི་སྣང་བ་ཅན་དུ་འགྱུར་ན། གང་གི་ཕྱིར་ཉམས་སུ་མྱོང་བའི་བློ་ལ་འཛིན་པར་བྱེད་པའི་བློ་རིག་པ་གང་ཡིན་པའི་བློ་དེ་ནི། རྟག་ཏུ་ནང་དུ་བལྟས་པས་རྟག་ཏུ་ནང་ཉིད་ཡིན་པས་བདག་ཉིད་རྟོགས་པར་བྱས་པར་སྣང་བ་ཡིན་ནོ། །དེའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་བློ་རིག་པ་ཡིན་ནོ། །འོན་
ཏེ་རང་གི་ཡིན་པས་བློ་ནང་དུ་བལྟས་ཏེ་སྣང་བ་ཡིན་ལ། གཟུགས་ལ་སོགས་པ་དེ་དག་ཕྱི་རོལ་པ་ཡིན་པས་ནང་དུ་བལྟས་ཏེ་སྣང་བ་མ་ཡིན་ནོ་ཞེ་ན། དེ་ལྟ་ན་དྲན་པས་གང་གི་ཚེ་བདག་གི་བློ་འཛིན་ན་དེའི་ཚེ་ཕྱི་རོལ་དུ་སྣང་བ་ཅན་དུ་མི་འགྱུར་རོ། །འོན་ཏེ་བློ་དྲན་བཞིན་པ་དུས་ཀྱི་བྱེ་བྲག་གིས་དྲན་པ་ལས་ཐ་དད་པས་ཕྱི་རོལ་
དུ་སྣང་ངོ་ཞེ་ན། འོ་ན་ནི་ཤེས་པ་ཐ་དད་པའི་གཟུང་བའི་བློ་རང་གི་ངོ་བོ་ཐ་དད་པས་ཐ་དད་པར་སྣང་བ་ཉིད་དེ། བདག་གིས་ཉམས་སུ་མྱོང་བ་ལས་ཐ་དད་པའི་བློ་གསལ་བ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ནང་དུ་ཉམས་སུ་མྱོང་བར་གྱུར་པའི་བློ་ནི་རང་རིག་པའི་ངོ་བོ་ཁོ་ན་ཡིན་ནོ། །གཞན་ཡང་། གང་ཞིག་གང་གི་ཡུལ་དུ་སྣང་། །དེ་དེས་
མྱོང་བ་མིན་ཐོབ་འགྱུར། །ཞེས་བྱ་བ་ལ། ཤེས་པ་གང་ཞིག་དང་འབྲེལ་པ་ཅན་གྱི་ཡུལ་དུ་སྣང་བ་གང་ཡིན་པའི་ཡུལ་དེ་ནི། ཤེས་པ་དེས་མྱོང་བ་མ་ཡིན་ནོ་ཞེས་བྱ་བ་འཐོབ་པར་འགྱུར་ཏེ། རང་གི་ངོ་བོ་ཉིད་དུ་གྱུར་པའི་དོན་སྣང་བ་ཉམས་སུ་མ་མྱོང་བའི་ཕྱིར་རོ། །རང་རིག་པ་ཡིན་ན་ནི་ཡུལ་གྱི་རྣམ་པ་ཉམས་སུ་མྱོང་ན་དོན་

མྱོང་ངོ་ཞེས་བརྗོད་པར་རིགས་སོ། །གལ་ཏེ་དེ་འདྲ་ལས་མྱོང་བ། །གཞན་ཡོད་ཅེས་ནི་འདོད་ཅེ་ན། །ཞེས་བྱ་བ་ནི། འོན་ཏེ་ཡུལ་དང་འདྲ་བ་ལས་མྱོང་བ་གཞན་གང་ཞིག་ཡོད་དེ། མེད་པ་ཁོ་ནའོ། །དེའི་ཕྱིར་དོན་དང་འདྲ་བ་ཉིད་ལ་གཟུགས་ལ་སོགས་པ་མྱོང་བའོ་ཞེས་བརྗོད་དོ་ཞེ་ན།
གལ་ཏེ་དེ་ལྟ་བུར་གྱུར་ན་ནི། འདྲ་བས་ཐམས་ཅད་ཕན་ཚུན་དག །མྱོང་བ་ཉིད་དུ་ཐོབ་པར་འགྱུར། །ཞེས་བྱ་བ་ལ། དོན་རྣམས་ལ་འདྲ་བ་ཡོད་པས་དོན་དེ་དག་ཕན་ཚུན་མྱོང་བར་འགྱུར་རོ། །འོན་ཏེ་དོན་ཡིན་པའི་ཕྱིར་འདྲ་བ་ཡོད་ཀྱང་དོན་ལ་ནི་དོན་གཞན་གྱིས་རིག་པར་འགྱུར་བའི་ཐལ་བ་མེད་དོ་ཞེ་ན། འདིར་
དོན་ཞེས་བྱ་བ་འདི་ཅི་ཞིག་ཡིན། བློ་མ་ཡིན་པའོ་ཞེ་ན། བློ་ཉིད་ཀྱང་དོན་ཉིད་ཀྱིས་གྲུབ་པ་མ་ཡིན་ནམ། དེ་མ་གྲུབ་པར་ཡང་གཉི་ག་ལ་གྲུབ་པ་ཡིན་ནོ། །དེ་བས་ན་རང་རིག་པ་ཉིད་ལ་བློ་ཉིད་ཅེས་བྱ་བ་འདི་རིགས་སོ། །དེ་འདྲའི་བློ་དེ་མྱོང་ཞེ་ན། །ཞེས་བྱ་བ་ནི། དེ་ནི་འདོད་མོད་ཀྱང་། འདྲ་བ་ཙམ་གྱི་དོན་ཉམས་སུ་མྱོང་
བ་མ་ཡིན་ཏེ། འོ་ན་ཅི་ཞེ་ན། བློ་དོན་གྱི་དྲན་པ་ཅན་ནི་དོན་རྣམས་རིག་པའོ། །དེའི་ཕྱིར་བློ་ལ་གནས་པའི་འདྲ་བས་དོན་མྱོང་བ་ཡིན་གྱི། བློ་ཙམ་མམ་འདྲ་བ་ཙམ་གྱིས་ནི་མ་ཡིན་ནོ། །བློ་ཙམ་མྱོང་བ་ཡིན་ན་རིག་པ་ཉིད་དུ་འགྱུར་གྱི། དོན་རིག་པར་མི་འགྱུར་རོ། །འདྲ་བ་ཙམ་གྱིས་མྱོང་བ་ཡིན་ན་དོན་རྣམས་ཀྱང་ཕན་
ཚུན་རིག་པར་འགྱུར་རོ་ཞེ་ན། ད་ནི་རིག་པ་འདྲ་བདག་ཉིད། །ཅེས་བྱ་བ་ལ། ད་ནི་བློ་ལ་གནས་པའི་འདྲ་བ་ཁས་ལེན་ན། དོན་རྣམས་འདྲ་བས་རིག་པར་མི་འགྱུར་གྱི། འོན་ཀྱང་ཤེས་པ་རང་རིག་པའི་རང་བཞིན་གྱིས་དོན་མྱོང་བ་ཡིན་ནོ། །དེ་ལྟ་མ་ཡིན་ན་དོན་དང་ཤེས་པ་དག་བྱེ་བྲག་མེད་པར་འགྱུར་རོ། །འཛིན་པ་ཡིན་པའི་
ཕྱིར་ཤེས་པ་དོན་ལས་ཐ་དད་པའོ་ཞེ་ན། མ་ཡིན་ཏེ་དེ་ཉིད་འཛིན་པར་བྱེད་པ་སྟེ་གཟུགས་ལ་སོགས་པ་ཡང་འདྲ་བས་འཛིན་པར་བྱེད་པ་ཡོད་པའི་ཕྱིར་རོ། །འོན་ཏེ་གཟུགས་ལ་སོགས་པ་དག་འཛིན་པར་བྱེད་པ་མ་ཡིན་ན་ནི། འོ་ན་འཛིན་པར་བྱེད་པ་གྲུབ་ན་ནི་འགའ་ཞིག་འཛིན་པ་མ་ཡིན་པར་གྲུབ་པ་མ་ཡིན་ནམ། འཛིན་
པར་བྱེད་པ་དེ་ཉིད་ད་དུང་དུ་བརྟན་པ་གྲུབ་པ་མ་ཡིན་ནོ། །དེ་བས་ན་རང་རིག་པ་ཉིད་ཁྱད་པར་ཡིན་ནོ། །འོན་ཏེ་བློའི་ཉམས་སུ་མྱོང་བ་ནི་འདྲ་བའི་རྒྱུ་ཅན་ཏེ། ཉམས་སུ་མྱོང་བའི་ཕྱིར་དོན་ཉམས་སུ་མྱོང་བ་བཞིན་ནོ་ཞེ་ན་དེ་ནི་མ་ཡིན་ཏེ། གང་གི་ཕྱིར། ཉམས་སུ་མྱོང་བ་དེ་རང་ཉིད། །དེ་དེ་འདྲ་བའི་རྒྱུ་ཅན་མིན། །

བྱ་བ་ལས་ཀྱི་རྣམ་གཞག་གི། །དེ་ནི་འཇིག་རྟེན་ན་རྒྱུར་འགྱུར། །ཞེས་བྱ་བ་ལ། བློ་དེ་རང་ཉིད་ཀྱིས་ཉམས་སུ་མྱོང་བ་སྟེ་འོན་ཀྱང་འདྲ་བའི་རྒྱུ་ཅན་ནི་མ་ཡིན་ནོ། །གང་ལ་རྒྱུ་འདྲ་བ་ཡོད་པ་མ་ཡིན་པ་ཞེས་བྱ་བའི་ཐ་ཚིག་གོ། །ཤེས་པའི་རང་གི་ངོ་བོ་ཉམས་སུ་མྱོང་བ་ཁོང་དུ་ཆུད་བཞིན་དུ་ཤེས་པ་ལ་གནས་པའི་
འདྲ་བས་ཅི་ཞིག་བྱ། འོ་ན་གལ་ཏེ་བློ་རང་ཉིད་ཉམས་སུ་མྱོང་བ་ཡིན་ན། འདྲ་བས་ཅི་ཞིག་བྱ་ཞེ་ན། འདིར་སྨྲས་པ། རྟོགས་པའི་བྱ་བའི་ལས་ནི་སྔོན་པོ་ལ་སོགས་པ་སྟེ། རྣམ་པར་གཞག་པ་འདི་ནི་སྔོན་པོར་རྟོགས་པ་ཡིན་གྱི། སེར་པོ་ནི་མ་ཡིན་ནོ་སྙམ་དུ་ངེས་པ་ཡིན་ནོ། །དེས་ན་འདྲ་བ་དེ་ནི་འཇིག་རྟེན་ན། །རྒྱུར་
འགྱུར་བ་ཡིན་ནོ། །དོན་ཉམས་སུ་མྱོང་བ་ཉིད་ཀྱིས་འཇིག་རྟེན་ན་བྱ་བ་ལས་ཀྱི་རྣམ་པར་གཞག་པ་ཡིན་གྱི་འདྲ་བས་ནི་མ་ཡིན་ནོ་ཞེ་ན། ངོ་བོ་ཉིད་གྱུར་དེ་རང་བཞིན། །མྱོང་བའི་སྒྲོ་འདོགས་འཁྲུལ་བ་ལས། །སྔོ་སོགས་མྱོང་བར་གྲགས་པ་སྟེ། །གཞན་གྱིས་བདག་ཉིད་མྱོང་བས་མིན། །ཞེས་བྱ་བ་ལ། ཤེས་པའི་
ངོ་བོ་ཉིད་དུ་གྱུར་པ་དེ་སྔོན་པོ་ལ་སོགས་པའི་ངོ་བོ་ཉིད་དེ་དང་། རིག་པ་དེའི་འདིར་ཕྱི་རོལ་དུ་སྒྲོ་འདོགས་པའི་འཁྲུལ་པ་དེ་ལས་སྔོན་པོ་ལ་སོགས་པའི་དོན་ཉམས་སུ་མྱོང་བར་གྲགས་པ་དེ་བརྗོད་པ་ཡིན་གྱི། སྔོན་པོ་རྣམ་པ་ཅན་གྱི་ཤེས་པ་ལས་ཕྱི་རོལ་པ་ཉམས་སུ་མྱོང་བ་ལས་ནི་མ་ཡིན་ནོ། །དེའི་ཕྱིར་དོན་དམ་པར་
ན་རང་རིག་པ་ཉིད་ཡིན་གྱི། དོན་མྱོང་བ་ནི་མ་ཡིན་ནོ། །སྔོ་སོགས་བློ་ཡི་དངོས་ཡིན་ན། །ཕྱི་རོལ་དོན་ལ་ཚད་མ་གང་། །སྔོ་སོགས་བློ་ཡི་དངོས་མིན་ན། །དེ་དེས་མྱོང་བར་ཇི་ལྟར་འགྱུར། །ཞེས་བྱ་བ་ལ། གལ་ཏེ་ཤེས་པ་ཉིད་སྔོན་པོའི་རྣམ་པ་ཅན་ཏེ་བདག་ཉིད་གསལ་བ་ཡིན་ན། དེའི་ཚེ་ཕྱི་རོལ་གྱི་དོན་ལ་ཚད་མ་ཅི་
ཞིག་ཡོད་དེ། ཕྱི་རོལ་པ་ལ་མངོན་སུམ་འཇུག་པ་མ་ཡིན་ཏེ། དེའི་བདག་ཉིད་སྔོན་པོའི་རྣམ་པ་ཅན་དུ་ཉམས་སུ་མྱོང་བའི་ཕྱིར་དང་། ཤེས་པ་ལ་གནས་པའི་དངོས་པོའི་རྣམ་པ་ལས་སྔོན་པོ་གཞན་སྣང་བ་མ་ཡིན་ཏེ། སྔོན་པོ་རྣམ་པ་ཅན་གཉིས་མྱོང་བ་མེད་པའི་ཕྱིར་རོ། །བློ་སྔོན་པོ་ལ་སོགས་པའི་ངོ་བོ་ཉིད་
མ་ཡིན་ན་ནི། སྔོན་པོའི་རྣམ་པ་དོན་གྱི་ངོ་བོ་ཉིད་དུ་འགྱུར་ཏེ། དོན་གྱི་རྣམ་པ་དེ་མྱོང་བ་དེ་གང་གིས་མྱོང་། ཤེས་པ་གཞན་གྱིས་མྱོང་ཞེ་ན། ཤེས་པ་དེ་རིག་པ་ཡིན་ནམ་མ་ཡིན། གལ་ཏེ་རིག་པ་ཡིན་ན་ཇི་ལྟར་དོན་མྱོང་བར་འགྱུར། རང་གི་ངོ་བོ་ཉིད་ཀྱིས་ཤེས་པ་མ་ཡིན་པ་མྱོང་བར་འདོད་པས་དོན་ཉམས་སུ་

མྱོང་བར་ཤེས་པ་མ་ཡིན་ནོ། །འོན་ཏེ་ཤེས་པ་གཞན་གྱིས་རིག་པ་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་དུས་མཚུངས་པའམ་དུས་ཐ་དད་པར་ཤེས་པ་རང་རིག་པར་གྱུར་པ་དོན་མཐོང་བ་ཇི་ལྟར་འགྱུར་ཏེ། དེ་ཉིད་རིག་པར་འགྱུར་བས། ཕན་ཚུན་གཟུང་བ་དང་འཛིན་པའི་དངོས་པོར་འགྱུར་ལ།
ལྐོག་ཏུ་གྱུར་པའི་དངོས་པོ་ལ་ནི། དེའི་རྣམ་པ་ཅན་གྱི་ཤེས་པ་ཉམས་སུ་མྱོང་བས་བཏགས་པ་ཡིན་ནོ། །འོ་ན། གལ་ཏེ་མྱོང་བའི་བདག་ཉིད་ནི། །འདྲ་བའི་རྒྱུ་ཅན་མ་ཡིན་ན། །དེ་ནི་རང་ཉིད་ཀྱིས་གྲུབ་པས། །འདི་ལ་དོན་གྱིས་ཅི་ཞིག་འཇོག །ཅེས་བྱ་བ་ལ། གལ་ཏེ་ཤེས་པ་སྔོན་པོའི་ངོ་བོ་ཉིད་ཡིན་པས་རིག་
པའི་བདག་ཉིད་དུ་རང་ཉིད་ཀྱིས་གྲུབ་ཀྱི། དོན་དང་འདྲ་བའི་རྒྱུ་ཅན་ནི་མ་ཡིན་ནོ། །དེ་ལྟར་ན་དོན་གྱིས་ཅི་ཞིག་ཕན་ཏེ། དོན་དང་འདྲ་བས་དོན་རིག་པའོ་ཞེས་ཇི་ལྟར་རྣམ་པར་གཞག་ཅེས་བྱ་བའི་ཐ་ཚིག་གོ། །གང་གིས་ཤེས་པར་འགྱུར་བ་ནི་དོན་ཉམས་སུ་མྱོང་བ་ལ་འཇུག་པ་ནི་མ་ཡིན་ནོ། །འོན་ཀྱང་གལ་ཏེ་དོན་
མྱོང་བ་ནི་འདྲ་བའི་རྒྱུ་ཅན་ནོ་ཞེ་ན། དེའི་སྐྱོན་ཆེན་པོར་འགྱུར་རོ་ཞེས་བསྟན་པའི་ཕྱིར། ཤེས་པ་ཉིད་མིན་ཐལ་འགྱུར་ཕྱིར། །བདག་ཉིད་ཀུན་གྱིས་མཚུངས་མ་ཡིན། །ཆ་འགའ་ཞིག་གིས་མཚུངས་ན་ནི། །ཐམས་ཅད་ཐམས་ཅད་ཀྱིས་མྱོང་འགྱུར། །ཞེས་བྱ་བ་སྨོས་ཏེ། ཤེས་པ་དང་དོན་འདྲ་བ་ནི་
བདག་ཉིད་ཐམས་ཅད་ཀྱིས་ཡིན་ནམ། ཕྱོགས་འགའ་ཡིས་ཡིན་གྲང་ན། དེ་ལ་རེ་ཞིག་བདག་ཉིད་ཀྱིས་མཚུངས་པ་ནི་མ་ཡིན་ཏེ། མི་ཤས་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །ཇི་ལྟར་དོན་བེམས་པོའི་ངོ་བོ་ཉིད་ཡིན་པ་དེ་བཞིན་དུ་ཤེས་པར་ཡང་འགྱུར་ཏེ། བྱེ་བྲག་ཐམས་ཅད་དང་བྲལ་བའི་ཕྱིར་
རོ། །འོན་ཏེ་རྟོག་པའི་ངོ་བོ་ཉིད་ཀྱིས་ཤེས་པ་ལྷག་པ་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་བདག་ཉིད་ཐམས་ཅད་ཀྱིས་མཚུངས་པ་མ་ཡིན་ནོ། །འོན་ཏེ་ཆ་འགའ་ཞིག་གིས་མཚུངས་སོ་ཞེ་ན། དེའི་ཚེ་ཤེས་པ་ཐམས་ཅད་དོན་ཐམས་ཅད་ཀྱིས་རིག་པར་བྱེད་པར་འགྱུར་རོ། །དེའི་ཕྱིར་དངོས་པོ་ཉིད་ལ་སོགས་
པའི་ཆ་ཡིས་དོན་ཐམས་ཅད་ཀྱི་ཐུན་མོང་ཡིན་པའི་ཕྱིར་རོ། །འོན་ཏེ་གང་ལས་སྐྱེས་པ་དང་དེའི་རྣམ་པ་ཅན་ནི་སྔོན་པོ་ལ་སོགས་པའི་ཆ་འགའ་ཞིག་གིས་ཡིན་གྱི། ཤེས་པ་དོན་ཐམས་ཅད་ལས་སྐྱེས་པ་ནི་མ་ཡིན་ནོ། །དེ་བས་ན་ཐམས་ཅད་ཐམས་ཅད་ཀྱི་རིག་པར་བྱེད་པ་མ་ཡིན་ནོ་ཞེ་ན། ཇི་ལྟར་སྔོ་

སོགས་ངོ་བོའི་ཕྱིར། །སྔོ་སོགས་ཉམས་སུ་མྱོང་བར་འདོད། །དེ་ལྟར་ཉམས་མྱོང་ངོ་བོའི་ཕྱིར། །དེ་ཡང་ཉམས་སུ་མྱོང་བར་འགྱུར། །ཞེས་བྱ་བ་སྨོས་ཏེ། ཇི་ལྟར་ཤེས་པ་སྔོན་པོ་ལ་སོགས་པའི་རྣམ་པ་ཅན་ཡིན་པའི་ཕྱིར་དང་། དེ་ལས་སྐྱེས་པའི་ཕྱིར་སྔོན་པོ་ལ་སོགས་པ་ཉམས་སུ་མྱོང་བ་དེ་དེ་བཞིན་
དུ་རྟོགས་པའི་ངོ་བོ་ཉིད་ཀྱིས་སྔར་ཉམས་སུ་མྱོང་བའི་རྣམ་པ་ཅན་ཤེས་པ་ཕྱི་མ་ཡིན་པས་ཤེས་པ་སྔ་མ་དེ་ཤེས་པ་ཕྱི་མས་ཉམས་སུ་མྱོང་བར་འགྱུར་རོ། །ཉམས་སུ་མྱོང་བའི་མྱོང་བ་དེ། །དོན་བཞིན་རྣམ་པར་ངེས་པ་མེད། །དེ་ཕྱིར་སྐྱོན་མེད་ཅེ་ན་ཡང་། །ཞེས་བྱ་བ་ནི། འོན་ཏེ་ཉམས་སུ་མྱོང་བ་མྱོང་བའོ་ཞེས་
འཇིག་རྟེན་ན་ངེས་པ་མེད་དེ། དེ་ལྟར་ན་དོན་ཉམས་སུ་མྱོང་བར་ངེས་པ་བཞིན་དུ་མ་ཡིན་ནོ། །དེའི་ཕྱིར་ངེས་པ་མེད་པའི་ཕྱིར་ཉམས་སུ་མྱོང་བ་ནི་མྱོང་བར་འགྱུར་རོ་ཞེས་བྱ་བ་ནི་སྐྱོན་ཡོད་པ་མ་ཡིན་ནོ་ཞེ་ན། ལན་བཏབ་པ། དོན་ལའང་དེ་ནི་རྟག་ཏུ་མེད། །ཡོད་པ་ཉིད་ཀྱིས་རྒྱུ་ཡོད་པ། །ཅི་ཕྱིར་ཉམས་སུ་མྱོང་བ་མེད། །
ཅེས་བྱ་བ་ཡིན་ཏེ། ངེས་པ་འདི་ནི་དོན་ལ་ཡང་རྟག་ཏུ་ཡོད་པ་མ་ཡིན་ཏེ། འགའ་ཞིག་ཏུ་འཁྲུལ་པ་དང་རིགས་མི་མཐུན་པའི་རྟོག་པས་ངེས་པ་མི་སྐྱེ་བའི་ཕྱིར་དོན་ཉམས་སུ་མྱོང་བར་ཡང་མི་འགྱུར་རོ། །དེའི་ཕྱིར་ལྷན་ཅིག་བྱེད་པ་མ་ཚང་བས་གལ་ཏེ་མཚུངས་པ་དེ་མ་ཐག་པའི་རྐྱེན་ལ་ངེས་པ་མེད་ཀྱང་ཉམས་སུ་
མྱོང་བ་ངེས་པ་མེད་པ་ནི་མ་ཡིན་ནོ། །ཡང་ན་སྔར་གྱི་ཉམས་སུ་མྱོང་བ་ལ་ངེས་པ་ཡོད་པའི་རྒྱུས་དོན་བཞིན་དུ་ཅིའི་ཕྱིར་ངེས་པ་མེད་པ་ཡིན། ལྷན་ཅིག་བྱེད་པ་མ་ཚང་བས་སོ་ཞེ་ན། འོ་ན་ནི་ངེས་པ་ལས་ཉམས་སུ་མྱོང་བ་རྣམ་པར་གཞག་སྟེ། མཐོང་བ་ཡོད་ཀྱང་ངེས་པ་མེད་པའི་ཕྱིར་རོ། །དེའི་རྣམ་པ་ཅན་གྱིས་
ཀྱང་ཉམས་སུ་མྱོང་བ་རྣམ་པར་གཞག་པ་བཀག་པ་ཡིན་ཏེ། གཞན་ཡང་དཀར་པོ་སོགས་སྣང་བ། །སྐྱེས་བུས་ཉམས་མྱོང་གསལ་བ་ནི། །དཀར་སོགས་མངོན་པར་གསལ་བ་ཅན། །གང་ཡིན་འདི་ནི་སྣང་བར་འགྱུར། །དེ་ནི་དཀར་སོགས་གསལ་བ་ལས། །གཞན་ནམ་འོན་ཏེ་རང་དངོས་ཡིན། །ཞེས་བྱ་བ་
ལ། གཞན་ཡང་གལ་ཏེ་ཤེས་པ་ལྐོག་ཏུ་གྱུར་པ་ཡིན་ན། དེའི་ཚེ་དོན་མཐོང་བ་ནི་དོན་ཙམ་ཁོ་ན་མ་ཡིན་ནོ། །དེ་ནི་དོན་ཙམ་ལས་ཐ་དད་པས་བསྐྱེད་པ་ཡིན་ཏེ། དོན་མཐོང་བ་དེ་ཡང་སྣང་བ་ཡིན་ནོ། །གལ་ཏེ་མཐོང་བ་དེ་སྣང་བ་མ་ཡིན་ན། དོན་གྱི་ངོ་བོ་ཉིད་ཁོ་ནར་འགྱུར་རོ། །དེ་བས་ན་སྣང་བར་གྱུར་པ་དེ་

ཡིས་བསྐྱེད་པ་ཡིན་ནོ། །གང་ཡང་དཀར་པོ་ལ་སོགས་པ་དེ་མངོན་པར་གསལ་བའི་ངོ་བོ་ཉིད་ཡོངས་སུ་གསལ་བར་མྱོང་བ་དཀར་པོ་ལ་སོགས་པ་ལ་མཐོང་བར་གྱུར་ན་སྐྱེས་བུས་སོ་སོར་ངེས་པར་སྣང་བར་འགྱུར་རོ། །ཉམས་སུ་མྱོང་བ་དེ་དཀར་པོ་ལ་སོགས་པ་མངོན་པར་
གསལ་བ་ལས་ཐ་དད་པའི་ངོ་བོ་ཉིད་ཡིན་ནམ། འོན་ཏེ་དཀར་པོ་ལ་སོགས་པ་མངོན་པར་གསལ་བའི་བདག་ཉིད་ཀྱི་ངོ་བོ་ཡིན་གྲང་ན། དེ་ལ་གལ་ཏེ་དཀར་པོ་ལ་སོགས་པའི་མངོན་པར་གསལ་བ་ལས་ཐ་དད་པའི་ངོ་བོ་ཉམས་སུ་མྱོང་བ་ཡིན་ན་ནི། གཞན་དངོས་ཡིན་ན་གསལ་བ་རྣམས། །མི་
གསལ་ན་ཅིས་དཀར་པོ་གསལ། །ཞེས་བྱ་བ་ལ། གསལ་བར་སྣང་བ་གཞན་གྱི་ངོ་བོ་ཉིད་ཡིན་ན། དཀར་པོ་ལ་སོགས་པའི་མངོན་པར་གསལ་བ་རྣམས་མི་གསལ་བར་གྱུར་པས་དཀར་པོར་རིག་པ་གསལ་བར་ཇི་ལྟར་འགྱུར་ཏེ་མ་ཡིན་ནོ། །མི་གསལ་བས་ནི་འགའ་ཡང་གསལ་བར་བྱེད་པ་མ་ཡིན་
ནོ། །དེའི་ཕྱིར་གང་དེ་གསལ་བའི་ངོ་བོ་ཉིད་ཉམས་སུ་མྱོང་བ་དེ་ཉིད་བློ་རང་རིག་པ་ཡིན་ནོ། །གཞན་ནི་ལྐོག་ཏུ་གྱུར་པ་དེ་མིག་ལ་སོགས་པ་ལྟ་བུའི་བློ་ཡིན་ན། མིག་ལ་སོགས་པ་མ་གཏོགས་པའི་བློ་ནི་ཚད་མས་གྲུབ་པ་མ་ཡིན་ཏེ། མིག་ལ་སོགས་པ་ཙམ་གྱིས་དོན་མཐོང་བར་གྲུབ་པའི་ཕྱིར་རོ། །འོན་ཏེ་
བློ་ལྐོག་ཏུ་གྱུར་པ་ཉིད་མིག་ལ་སོགས་པ་ལས་སྐྱེས་པས་མངོན་པར་གསལ་ལོ་ཞེ་ན། བློ་དེ་ཉིད་སྐྱེ་རུ་ཆུག་ན་ཡང་ཇི་ལྟར་དོན་གསལ་བར་འགྱུར་ཏེ། གཞན་སྐྱེས་པས་གཞན་རྟོགས་པར་མི་འགྱུར་བ་མ་ཡིན་ནམ། ཧ་ཅང་ཐལ་ཆེས་པའི་ཕྱིར་རོ། །འོན་ཏེ་དོན་ལ་བློ་སྐྱེས་པ་དེའི་ཕྱིར་དོན་རིག་
པའོ་ཞེ་ན། དོན་གྱི་བློ་ཞེས་བྱ་བ་འདི་ལ་འབྲེལ་པ་ཅི་ཞིག་ཡོད། བློས་དོན་མཐོང་བའི་ཕྱིར་རོ་ཞེ་ན་མཐོང་བ་མི་འདོད་པ་མ་ཡིན་ནམ། ཇི་ལྟར་མཐོང་བ་ཞེས་བྱ་བར་ཤེས། འོན་ཏེ་དོན་གྱི་སྣང་དུ་རུང་བ་ཉིད་ཡིན་ནོ་ཞེ་ན། སྣང་དུ་རུང་བ་ཞེས་བྱ་བ་འདི་ཅི་ཞིག་ཡིན། དོན་ཙམ་ཡིན་ནམ། འོན་ཏེ་གཞན་
ཞིག་ཡིན་གྲང་ན། གལ་ཏེ་དོན་ཙམ་སྣང་དུ་རུང་བ་ཡིན་ན་གཏན་དུ་དེ་ལྟར་འགྱུར་རོ། །འོན་ཏེ་སྣང་དུ་རུང་བ་གཞན་ཞིག་ཡིན་ན་ནི། དེའི་ཚེ་འདིར་ཡང་གཞན་གྱིས་ཤེས་པར་འགྱུར་ཞིང་། དེ་ལས་ཀྱང་གཞན་ཞིག་སྣང་དུ་རུང་བས་དེ་བཞིན་དུ་སྣང་དུ་རུང་བ་དེ་ཤེས་པར་འགྱུར་ལ། དེ་ལས་ཀྱང་སྣང་

དུ་རུང་བ་གཞན་ཡིན་པའི་ཕྱིར། ཐུག་པ་མེད་པར་འགྱུར་རོ། །འོན་ཏེ་གསལ་བ་མྱོང་བ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། གང་གི་ཕྱིར། ཤེས་པ་གསལ་ཡིན་ཏེ་གསལ་མིན། །དེ་ཕྱིར་འགྲོ་ཀུན་གསལ་མི་འགྱུར། །ཞེས་བྱ་བ་ལ། ཤེས་པ་ལས་གཞན་པའི་དོན་གསལ་བ་མ་ཡིན་གྱི། འོན་
ཀྱང་ཤེས་པ་གསལ་བ་ནི་ཤེས་པའི་ངོ་བོ་ཉིད་ཡིན་ནོ། །དེ་ཡང་མངོན་སུམ་མ་ཡིན་པའི་ཕྱིར། འགྲོ་བ་མ་ལུས་པ་གསལ་བར་མི་འགྱུར་རོ། །འོན་ཏེ་གསལ་བ་དོན་གྱི་ངོ་བོ་ཉིད་ཡིན་ན་ནི། དོན་ཐམས་ཅད་གསལ་བར་འགྱུར་རོ། །འོན་ཏེ་དོན་ལ་རང་ཐ་དད་པའི་ཁྱད་པར་ཡོད་པས་གསལ་
བ་ཡིན་ནོ་ཞེ་ན། དེའི་ཚེ་ཤེས་པ་གཞན་དོན་མེད་པར་འགྱུར་རོ། །འོན་ཏེ་རང་གི་ངོ་བོ་ཉིད་ཀྱིས་གསལ་བ་མ་ཡིན་གྱི། གསལ་བ་གཞན་གྱིས་གསལ་བར་བྱ་བ་ཡིན་ནོ་ཞེ་ན། དེ་ལྟ་ན་ནི། གསལ་བ་གསལ་གཞན་གྱིས་གསལ་ན། །ཐུག་པ་མེད་པར་ཐལ་ཕྱིར་རོ། །ཞེས་བྱ་བ་ལ། གསལ་བ་
གཞན་གྱིས་སྔ་ནས་མི་གསལ་བར་བྱེད་ན། གསལ་བ་གཞན་དེ་ཡང་གསལ་བར་བྱེད་པ་གཞན་གྱིས་ཤེས་པའི་ཕྱིར་ཐུག་པ་མེད་པར་ཐལ་བར་འགྱུར་རོ། །དེ་བས་ན་གསལ་བ་ནི་རང་རིག་པའི་ངོ་བོ་ཉིད་དེ། གཞན་དུ་ན་འདི་ནི་གསལ་བ་ཞེས་བྱ་བར་རྟོགས་པར་མི་འགྱུར་རོ། །གང་གི་ཕྱིར།
མཐོང་དང་འབྲེལ་བ་ཤེས་མེད་ཅན། །དེ་ཚེ་ཇི་ལྟར་ཁྱད་པར་འགྱུར། །གང་ཕྱིར་གཉིས་ལས་གཅིག་རྟོགས་ནས། །གཉིས་པ་མཐོང་བ་ཡོད་མ་ཡིན། །ཞེས་བྱ་བ་ལ། དོན་གང་ལ་མཐོང་བ་དང་ལྷན་ཅིག་འབྲེལ་པ་ཤེས་པ་མེད་པ་ཡོད་པ་དེ་ནི་མཐོང་བ་དེ་ཡིས་དོན་མཐོང་བའོ་ཞེས་ཤེས་པས་
ཁྱད་པར་དུ་བྱེད་པར་ཇི་ལྟར་འགྱུར་ཏེ། མཐོང་བ་ཉིད་རྟོགས་པ་མ་ཡིན་ན་དེས་ཁྱད་པར་དུ་བྱས་པའི་དོན་འཛིན་པ་མེད་པར་རིག་པའི་ཕྱིར་རོ། །འོ་ན་བ་ལང་ཞེས་བྱ་བ་ཅི་བ་ལང་ཉིད་མཐོང་བའི་ཁྱད་པར་ལས་རྟོགས་པ་མ་ཡིན་ནམ། དེ་བཞིན་དུ་མཐོང་བ་རྟོགས་པ་མེད་ཀྱང་ངེས་པར་འགྱུར་བའི་ཕྱིར་རོ་
ཞེ་ན། གཉིས་ནི་འདྲེས་པ་དག་མཐོང་ན། །མཐོང་བ་ཞེས་ནི་ངེས་པར་འགྱུར། །ཞེས་བྱ་བ་སྨོས་ཏེ། ཡུལ་དང་ཤེས་པ་གཉིས་འབྲེལ་པ་དག་མཐོང་ན་ནི་མཐོང་ཞེས་ངེས་པར་འགྱུར་རོ། །དེས་ནི་འདི་སྐད་དུ་སྟོན་པར་འགྱུར་ཏེ། བ་ལང་ནི་བ་ལང་མ་ཡིན་པ་ལས་ལོག་པའི་ངོ་བོ་ཉིད་དེ་རང་གི་མཚན་

ཉིད་ལས་ཐ་མི་དད་པ་ཉིད་དོ། །ཁྱེད་ཀྱིས་མཐོང་བ་ནི་མ་མཐོང་བ་ལས་ལོག་པའི་ངོ་བོ་ཉིད་དུ་ཁས་མི་ལེན་ཏེ། དེ་ལྟ་ན་དོན་ལ་རང་རིག་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་མཐོང་བ་ནི་གསལ་བ་ཡིན་ལ། དེ་ཡང་མི་ཤེས་པ་ཡིན་ན། ཇི་ལྟར་དོན་ཁྱད་པར་དུ་བྱེད་པར་
འགྱུར། དབྱུག་པ་རྟོགས་པར་མ་གྱུར་ན། སྐྱེས་བུ་དབྱུག་པ་ཅན་དུ་གཅོད་པ་ནི་མ་ཡིན་ནོ། །གལ་ཏེ་གང་གིས་འདྲ་བ་མཐོང་། །སེམས་གཞན་གྱིས་ནི་མཐོང་གྱུར་པ། །དེ་ལ་མཐོང་བ་ཞེས་བྱ་ན། །ཞེས་བྱ་བ་ནི། འོན་ཏེ་སྔོན་པོ་དང་མཐོང་བ་དག་འབྲེལ་པར་མཐོང་ན་མཐོང་བའོ་ཞེས་བྱ་
བར་ངེས་པ་མ་ཡིན་གྱི། འོན་ཀྱང་སྔོན་པོ་ལ་སོགས་པའི་དོན་གྱི་ངོ་བོ་ཉིད་གང་ཞིག་མཐོང་བ་དོན་གྱི་གཟུགས་བརྙན་འཕོས་པ་ཅན་སེམས་གཞན་གྱིས་མཐོང་བར་འགྱུར་བའི་དོན་དེ་ལ་མཐོང་བ་ཞེས་བརྗོད་ཅིང་ཞེན་པ་ཡིན་ནོ་ཞེ་ན། དེ་ལ་ལན་བཏབ་པའི་ཕྱིར། འདི་འདྲ་རང་རིག་གྲུབ་པ་ཡིན། །
ཞེས་བྱ་བ་སྨོས་ཏེ་དོན་འཛིན་པའི་ཤེས་པ་འདིའི་བདག་ཉིད་ལ་དོན་གྱིས་གཞག་པའི་འདྲ་བ་དེ་སྣང་ངམ་མི་སྣང་ཞེས་བྱ་བའི་ཕྱོགས་གཉིས་སུ་བརྟག་གྲང་ན། གལ་ཏེ་སྣང་ན་ནི། དེ་ལྟ་ན་རང་རིག་པ་གྲུབ་པར་འགྱུར་ཏེ། འདི་ལྟར་དེ་དང་འདྲ་བ་ཤེས་པའི་བདག་ཉིད་དོ། །དེ་རིག་པར་གྱུར་ན་དེའི་
བདག་ཉིད་ཀྱང་རིག་པར་འགྱུར་བའི་ཕྱིར་རང་རིག་པ་གྲུབ་པ་ཡིན་ནོ། །འོན་ཏེ་རང་དངོས་མི་རིག་ན། །ཇི་ལྟར་གཞན་གྱི་ངོ་བོ་ནི། །ཅེས་བྱ་བ་ལ། འོན་ཏེ་ཤེས་པ་བདག་ཉིད་ཀྱི་ངོ་བོ་ཉིད་དོན་གྱི་རྣམ་པ་ཅན་རིག་པ་མ་ཡིན་ན། དེ་ཉིད་ཀྱི་ཕྱིར་རང་རིག་པ་གྲུབ་པ་མ་ཡིན་གྱི། འོན་ཀྱང་ཤེས་པ་
གཞན་གྱིས་རིག་པར་འགྱུར་རོ་ཞེ་ན། དེའི་ཚེ་ཤེས་པ་རང་ཉིད་རིག་པ་མ་ཡིན་ན། གཞན་གྱི་ངོ་བོ་ཉིད་ཀྱི་དོན་རིག་པར་ཇི་ལྟར་འགྱུར་ཏེ་མ་ཡིན་ནོ། །དོན་གྱི་ངོ་བོ་ཉིད་ནི་རིག་པ་མ་ཡིན་ཏེ། འོན་ཀྱང་ཤེས་པ་ཡོད་ནའོ། །དེ་ཡང་མ་གྲུབ་ན་དེ་ཇི་ལྟར་དོན་གྲུབ་པར་འགྱུར་རོ། །འོན་ཏེ་ཤེས་པ་དེ་དོན་
གྱི་རྣམ་པ་ཅན་ཏེ། དེས་ན་རང་ལ་རིག་པ་མེད་ཀྱང་དོན་གྱི་རིག་པར་བྱེད་པ་རུང་ངོ་ཞེ་ན། དེ་ནི་མ་ཡིན་ཏེ་གང་གི་ཕྱིར། འདྲ་བ་ལས་ཀྱང་མྱོང་ཞེས་པ། །སྔར་ཉིད་རབ་ཏུ་གསལ་བ་ཡིན། །ཞེས་བྱ་བ་ལ། ཤེས་པ་ལ་གནས་པའི་འདྲ་བ་ལས་ཤེས་པ་མེད་པ་ཡིན་ཡང་དོན་རིག་པར་བྱེད་པ་

ཞེས་ཟེར་བ་ནི་སྔ་མ་ཉིད་དུ་བཟློག་ཟིན་ཏེ། འདྲ་བ་ཐམས་ཅད་ཕན་ཚུན་དུ། །མྱོང་བ་དག་ཏུ་ཐོབ་པར་འགྱུར། །ཞེས་བྱ་བ་དེར་བསལ་ཏོ། །གཞན་ཡང་གལ་ཏེ་འདྲ་བས་གྲུབ་པ་དེའི་ཚེ་དེ་ལས་དོན་རིག་པར་རིགས་ཏེ། དེ་ཡང་མི་སྲིད་དོ། །གང་གི་ཕྱིར། མཐོང་བ་དག་ཉིད་འདྲ་
བ་འཛིན། །སྔར་ནི་དོན་མཐོང་མེད་པ་ཡིན། །ཇི་ལྟར་མཐོང་བ་འདི་ཡིས་ནི། །འདྲ་བ་དེ་ལས་ངེས་པར་འགྱུར། །ཞེས་བྱ་བ་ལ། མཚེ་མ་མཐོང་བ་དག་འདི་འདི་དང་འདྲ་བ་པོ་ཡིན་ནོ་སྙམ་དུ་འདྲ་བར་འཛིན་པར་འགྱུར་གྱི་མཐོང་བ་ལས་སྔ་བར་དོན་དེ་མཐོང་བ་དང་ལྡན་པའི་སྐྱེས་བུ་ནི་
མཐོང་བའི་དུས་ན་དོན་སྣང་བ་མ་ཡིན་ཏེ། ཤེས་པའི་རྣམ་པ་དེ་ཉིད་མཐོང་བའི་ཕྱིར་རོ། །དེ་ཇི་ལྟར་མཐོང་བ་དང་ལྷན་ཅིག་དོན་འདིའི་འདྲ་བ་སྐྱེས་བུ་དེས་ཤེས་པར་འགྱུར། འོན་ཏེ་དོན་ནི་རྣམ་པ་དང་ལྡན་པ་ཡིན་ལ། ཤེས་པ་ནི་རྣམ་པ་མེད་པ་སྟེ། དེ་ཡང་ཤེས་པ་གཞན་གྱིས་འཛིན་པ་
ན་མཐོང་བའོ་ཞེས་ངེས་པ་ཡིན་གྱི་ཤེས་པའི་འདྲ་བས་ནི་མ་ཡིན་ན། གང་གིས་ན་སྐྱོན་དུ་འགྱུར་ཞེ་ན། འདྲ་བ་ཉིད་ཀྱང་མི་འདོད་པ། །གང་ཡིན་དེ་ཡིས་གཉིས་མཐོང་མེད། །དེ་ཚེ་དོན་དམ་ཤེས་པ་ཞེས། །དེ་དག་ཤེས་པའི་གཏམ་ཟིན་ཏོ། །ཞེས་བྱ་བ་སྨོས་ཏེ། རྒོལ་བ་གང་ཞིག་ཤེས་
པའི་འདྲ་བ་མི་འདོད་པ་སྟེ། ཀྱང་གི་སྒྲས་ནི་རང་རིག་པ་ཉིད་ཀྱང་ཁས་མི་ལེན་པའི་རྒོལ་བ་དེའི་ཤེས་པ་དང་དོན་གྱི་མཐོང་བ་ཡང་མེད་པར་འགྱུར་ཏེ། འདི་ལྟར་དོན་མཐོང་བ་ནི་དེའི་རྣམ་པ་ཅན་གྱི་ཤེས་པ་སྟེ། ངོ་བོ་ཉིད་ཀྱིས་དོན་ཉམས་སུ་མྱོང་བར་མི་རུང་བའི་ཕྱིར་རོ། །ཤེས་པའི་རྣམ་
པ་ཡང་དོན་གྱི་རིག་པར་བྱེད་པ་མ་ཡིན་ཏེ། དེ་ལ་དེས་ཅི་ཡང་མི་བྱེད་པའི་ཕྱིར་རོ། །ཅུང་ཟད་ཀྱང་མི་བྱེད་པར་རིག་པ་པོར་མི་རུང་སྟེ། ཧ་ཅང་ཐལ་ཆེས་པའི་ཕྱིར་རོ། །འོན་ཏེ་དོན་གྱི་འབྲས་བུ་ཡིན་པས་དོན་རིག་པར་བྱེད་པ་པོ་ཡིན་ནོ་ཞེ་ན། དེ་ལྟ་ན་ཡང་དབང་པོ་ལ་སོགས་པ་
བཞིན་དོན་གྱི་ངོ་བོ་ཉིད་ཉམས་སུ་མྱོང་བ་མ་ཡིན་ཏེ། དེའི་འབྲས་བུ་ཞེས་བྱ་བ་ཡང་ཐ་སྙད་ཙམ་མ་ཡིན་ནམ། དཔེར་ན་དབང་པོའི་ཉམས་སུ་མྱོང་བ་ཞེས་བྱ་བ་བཞིན་ནོ། །དེའི་ཕྱིར་ཤེས་པ་ཞུགས་པ་ཉིད་ཀྱིས་སྔོན་པོ་ལ་སོགས་པ་ཉམས་སུ་མྱོང་བ་ཡིན་ནོ། །དད་པའི་དོན་ལ་གལ་

ཏེ་རྗེས་སུ་དཔག་པ་གཙོར་འཇུག་ན་ནི། ཤེས་པའི་རྣམ་པ་ཉམས་སུ་མྱོང་བ་ལས་ཀྱང་ཤེས་པའི་འདྲ་བ་ཡོད་པ་མ་ཡིན་ཏེ། དེ་བས་ན་དོན་གྱི་རང་བཞིན་ཉམས་སུ་མྱོང་བ་ཡང་མ་ཡིན་ལ། རྗེས་སུ་དཔག་པ་ཡང་མ་ཡིན་ནོ། །དེ་བཞིན་དུ་གལ་ཏེ་ཤེས་པ་ཡང་
རང་རིག་པ་མ་ཡིན་ན། དེ་ཡོད་པར་གྲུབ་པ་མ་ཡིན་ནོ། །འོན་ཏེ་གཞན་གྱིས་རིག་ན་ནི་དེའི་ཚེ་ཡང་མ་གྲུབ་པ་ཡིན་ན། ཇི་ལྟར་རིག་པར་བྱེད་པར་འགྱུར། །འོན་ཏེ་ཤེས་པ་གཞན་དེ་ཡང་ཤེས་པ་གཞན་གྱིས་རིག་ན་ནི། དེ་ཡང་མ་གྲུབ་པ་ཉིད་མ་ཡིན་ནམ། དེ་མ་གྲུབ་པར་ཡང་སྔ་མའི་ཉམས་སུ་
མྱོང་བར་གྲུབ་པ་མ་ཡིན་ནོ། །དེའི་ཚེ་ཡང་འདི་དོན་ཡིན་ལ་འདི་ནི་ཤེས་པའོ་ཞེས་པ་དང་། དེ་བཞིན་དུ་དོན་དང་ཤེས་པ་དེ་དག་ཤེས་པ་ཡིན་ནོ་ཞེས་བྱ་བ་འདིའི་གཏམ་ཟིན་པ་སྟེ་བཟློག་པ་ཡིན་ནོ། །དེའི་ཕྱིར་འགྲོ་བ་མ་ལུས་པ་ལོང་བའམ་ལྐུགས་པར་འགྱུར་རོ། །དེ་བས་ན་གལ་ཏེ་དཀར་པོ་ལ་སོགས་པ་
སྣང་བར་འགྱུར་ན། གང་སྣང་བ་གསལ་བར་མྱོང་བར་འགྱུར་རོ། །གལ་ཏེ་དཀར་པོ་ལ་སོགས་པ་མངོན་པར་གསལ་བ་ལས་གཞན་གྱི་རང་བཞིན་ཡིན་ན། དེའི་ཚེ་དཀར་པོ་ལ་སོགས་པ་གསལ་བར་མི་འགྱུར་རོ། །ཅི་སྟེ་རང་དངོས་ཡིན་ན་དེ། །རང་ཉིད་རབ་ཏུ་གསལ་བར་འགྱུར། །གང་ལ་དེ་མི་
གསལ་ན་ཡང་། །དོན་ཡང་མི་གསལ་ཉིད་དུ་འགྱུར། །ཞེས་བྱ་བ་ལ། འོན་ཏེ་གང་འདི་རིག་པ་གསལ་བར་ཉམས་སུ་མྱོང་བར་སྣང་བ་དེ་དཀར་པོ་ལ་སོགས་པའི་ཤེས་པའི་ངོ་བོ་ཉིད་དེ། དཀར་པོར་དམིགས་པ་གསལ་བའི་ངོ་བོ་ཉིད་ཡིན་ན་ནི། དེ་ལ་གསལ་བར་བྱེད་པ་གཞན་མེད་པའི་ཕྱིར།
རང་ཉིད་གསལ་བར་འགྱུར་རོ། །འོན་ཏེ་རང་གི་ངོ་བོ་ཉིད་ཀྱིས་གསལ་བ་མ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། གསལ་བར་བྱེད་པ་སྟེ་གང་གི་ཕྱིར་དཀར་པོ་ལ་སོགས་པ་མངོན་པར་གསལ་བ་དེའི་གསལ་བྱེད་མི་གསལ་བར་འགྱུར་ན། དོན་མི་གསལ་བ་ཉིད་དུ་འགྱུར་རོ། །གསལ་བའི་ངོ་བོ་ཉིད་དུ་
རིག་པ་མ་ཡིན་ན། དོན་མངོན་སུམ་དུ་བྱ་བར་མི་རིགས་ཏེ། དཔེར་ན་རྗེས་སུ་དཔག་པར་བྱ་བའི་དོན་བཞིན་ནོ། །དེའི་ཕྱིར་གཟུང་བར་བྱ་བ་གསལ་བའི་རྣམ་པར་སྣང་བ་ཉིད་མངོན་སུམ་ཉིད་དེ། དེ་ཡང་བློ་ཡི་ངོ་བོ་ཉིད་དོ། །དེ་བཞིན་དུ་རྗེས་སུ་དཔོག་པ་ལ་ཡང་མི་གསལ་བར་སྣང་བ་ཉིད་དོན་གྱི་ལྐོག་ཏུ་

གྱུར་པའོ། །གལ་ཏེ་མི་གསལ་བར་མྱོང་བ་མེད་ན་དེ་ལྐོག་ཏུ་གྱུར་པའི་དོན་རྟོགས་པ་མེད་དོ། །གསལ་བ་ནི་བློའི་ངོ་བོ་ཉིད་ཡིན་པའི་ཕྱིར་བློའི་ངོ་བོ་ཉིད་གསལ་བ་དང་མི་གསལ་བའི་རྣམ་པས་གལ་ཏེ་རང་ཉིད་མྱོང་བ་མ་ཡིན་ན། དོན་ཐམས་ཅད་མཐོང་བ་མེད་པ་ཉིད་ཀྱི་ཕྱིར་ཤེས་པ་རང་རིག་པའོ་
ཞེས་བྱ་བ་འདི་གནས་པ་ཡིན་ནོ། །དོན་ཀུན་མཐོང་མེད་ཚུལ་འདི་ནི། །བདག་རིག་མིན་པའི་ཕྱོགས་དག་ལ། །བློ་མངོན་སུམ་མིན་རབ་སྨྲ་བ། །གང་ཡིན་དེ་ལའང་ལན་བརྗོད་དོ། །ཞེས་བྱ་བ་ནི། རྒོལ་བ་གང་ཞིག་བློ་མངོན་སུམ་མ་ཡིན་པར་སྨྲ་བ་དེ་ལ་ཡང་དེ་ན་ཀུན་མཐོང་བ་མེད་པ་འདིས་
ལན་བརྗོད་པ་སྟེ་ལན་བཏབ་པ་ཡིན་ནོ། །ཚུལ་ནི་སྔར་བསྟན་པ་ཉིད་བཞིན་དུ། གསལ་བ་དང་མི་གསལ་བར་མྱོང་བ་མངོན་སུམ་ཉིད་མ་ཡིན་ན། དོན་རིག་པ་མེད་པར་འགྱུར་ཞེས་བྱ་བ་ཡིན་ནོ། །གཞན་ཡང་། རྟེན་དམིགས་གོམས་པའི་བྱེ་བྲག་ལས། །ཐ་དད་པར་ནི་འཇུག་པ་ཅན། །བདེ་སྡུག་
འདོད་པ་ལ་སོགས་པའི། །ཐ་དད་པ་ཡི་བློ་ཉིད་དག། །མངོན་སུམ་དེ་ལས་ཐ་དད་གཞན། །ཅུང་ཟད་གསལ་མིན་ཤེས་གང་དེ། །ཞེས་བྱ་བ་ལ། བློ་ནི་གདོན་མི་ཟ་བར་མངོན་སུམ་ཡིན་ཏེ། གང་གི་ཕྱིར། བདེ་བ་ལ་སོགས་པ་ཉིད་ཀྱི་ཐ་དད་པ་རྣམས་མིག་ལ་སོགས་པ་རྟེན་དང་དམིགས་པ་གཟུགས་ལ་སོགས་
པ་དང་། སྔར་བདེ་བ་ལ་སོགས་པ་ལ་གོམས་པའི་བྱེ་བྲག་གིས་བདེ་བ་ལ་སོགས་པའི་ངོ་བོ་ཉིད། ཐ་དད་པར་འཇུག་པ་གང་ལ་ཡང་ཡོད་པ་དེ་བདེ་བ་ལ་སོགས་པར་ཐ་དད་པར་དེ་དག་ནི་ཐམས་ཅད་ཀྱི་མངོན་སུམ་ཡིན་ནོ། །དེའི་ཕྱིར་བློ་ལྐོག་ཏུ་གྱུར་པ་ཡིན་ནོ་ཞེས་ཟེར་བའི་དམ་བཅའ་བ་ལ་མངོན་སུམ་གྱིས་
གནོད་པ་ཡིན་ནོ། །འོན་ཏེ་བདེ་བ་ལ་སོགས་པ་ལ་བེམས་པོའི་ངོ་བོ་ཉིད་ཡིན་ལ། ཐ་དད་པའི་ཤེས་པས་རིག་པ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། གང་གི་ཕྱིར་བདེ་བ་ལ་སོགས་པ་དེ་དག་གིས་དབེན་པ་གང་དེ་དག་ལས་ཐ་དད་པའི་ཤེས་པ་གཞན་ཅུང་ཟད་ཀྱང་ནང་ན་རིག་པ་མེད་དོ་ཞེས་མངོན་སུམ་
གྱིས་རྟོགས་པར་བྱེད་དོ། །དེའི་ཕྱིར་བདེ་བ་ལ་སོགས་པ་ཉིད་བློ་ལ་རང་གསལ་བས་མངོན་སུམ་ཡིན་ནོ་ཞེས་བྱ་བར་གནས་སོ། །གལ་ཏེ་གཞན་གྱིས་རིག་ན་ནི། །གཞན་གྱིས་ཀྱང་ནི་དེ་མྱོང་འགྱུར། །ཞེས་བྱ་བ་ལ། འོན་ཏེ་བདེ་བ་ལ་སོགས་པ་མངོན་སུམ་ཡིན་ཡང་རང་རིག་པ་མ་ཡིན་ཏེ། འོ་ན་ཅི་ཞེ་ན།

བདེ་བ་ལ་སོགས་པ་ཤེས་པ་གཞན་གྱིས་རིག་པ་ཡིན་ནོ་ཞེ་ན། འདི་ལ་ཡང་དེ་ལས་ཐ་དད་པའི་ཤེས་པ་མེད་དོ་ཞེས་བསྟན་ཟིན་ཏོ། །གཞན་ཡང་བདེ་བ་ལ་སོགས་པ་བདག་ཉིད་དུ་སྐྱེས་པ་སྐྱེས་བུ་གཞན་གྱིས་མྱོང་ཞིང་ཁོང་དུ་ཆུད་པ་ཡིན་ཏེ། དཔེར་ན་བདག་
བཞིན་ནོ། །འདི་ལྟར་གང་གི་རྒྱུད་ལ་བདེ་བ་སྐྱེས་པ་དེས་འདི་ཉིད་མྱོང་བ་སྟེ། འདི་ལྟ་སྟེ་བདེ་བ་ལ་སོགས་པ་ཤེས་པ་གཞན་གྱིས་ཉམས་སུ་མྱོང་བའོ། །གཞན་གྱིས་ཀྱང་ཤེས་པ་གཞན་གྱིས་བདེ་བ་ལ་སོགས་པ་དེ་ཁོང་དུ་ཆུད་པའི་ཕྱིར། དེ་ཡང་ཉམས་སུ་མྱོང་བ་དང་ལྡན་པར་འགྱུར་
རོ། །དེས་བསྐྱེད་པའམ་དེར་སྣང་བའི། །བློས་རིག་གཞན་གྱིས་མ་ཡིན་ན། །ཞེས་བྱ་ནི། འོན་ཏེ་བདེ་བ་ལ་སོགས་པ་དེ་དག་ལས་སྐྱེས་པ་དང་བདེ་བ་ལ་སོགས་པར་སྣང་བའི་བློས་བདེ་བ་ལ་སོགས་པ་རིག་པ་ཡིན་ཏེ། རྒྱུད་སོ་སོ་བ་བཞིན་ནོ། །གཞན་གྱི་ཕ་རོལ་གྱིས་ནི་མ་ཡིན་ཏེ། ཕ་རོལ་
གྱི་བདེ་བ་ལ་སོགས་པ་རྣམས་ལས་སྐྱེས་པ་དང་། དེར་སྣང་བའི་བློས་རིག་པ་ནི་མ་ཡིན་ཏེ། དེའི་ཕྱིར་གཞན་གྱིས་ཉམས་སུ་མྱོང་བ་ནི་མ་ཡིན་ནོ་ཞེ་ན། འདིར་སྨྲས་པ། དམིགས་པར་བྱེད་པ་གཞན་ལ་ཡང་། །འདི་གཉིས་གདོན་མི་ཟ་བར་ཡོད། །ཅེས་བྱ་བ་ནི། ཕ་རོལ་གྱི་བདེ་བ་ལ་
དམིགས་པའི་སྐྱེས་བུ་གཞན་ལ་ཡང་བདེ་བ་ལ་སོགས་པ་ལས་སྐྱེས་པ་དང་དེར་སྣང་བ་འདི་གཉིས་ཡོད་པ་ཡིན་ཏེ། དེའི་ཕྱིར་དེས་ཀྱང་ཉམས་སུ་མྱོང་བ་ཡིན་ནོ། །ཅི་སྟེ་དེ་ལས་སྐྱེས་མིན་ཞིང་། །དེར་སྣང་བ་ཅན་མ་ཡིན་ན། །བློ་ནི་ཡུལ་མེད་ཐོབ་པར་འགྱུར། །དེ་མི་འཛིན་ན་སྤྱི་དག་ཀྱང་། །མི་
འཛིན་ཞེས་ནི་སྔར་བཤད་དེ། །དེ་དངོས་ཅུང་ཟད་ཀྱང་དངོས་མིན། །ཞེས་བྱ་བ་ལ། འོན་ཏེ་སྐྱེས་བུ་གཞན་ཞིག་ཕ་རོལ་གྱི་བདེ་བ་ལས་བློ་མ་སྐྱེས་ཤིང་། དེ་ཕ་རོལ་གྱི་བདེ་བར་སྣང་བ་ཅན་ཡང་མ་ཡིན་གྱི། འོན་ཀྱང་རྟགས་ཀྱིས་སྟོབས་ཀྱིས་སྐྱེས་པའོ་ཞེ་ན། དེ་ལྟ་ན་འོ་ན་ནི་ཕ་རོལ་གྱི་བདེ་བ་
ཤེས་པའི་བློ་གཞན་དེ་ཡུལ་མེད་པར་འགྱུར་ཞིང་། གཞན་གྱི་བདེ་བ་མི་འཛིན་པར་ཐལ་བར་འགྱུར་རོ། །འོན་ཏེ་ཕ་རོལ་གྱི་བདེ་བ་ནི་མི་སྣང་གི། འོན་ཀྱང་བདེ་བ་ཉིད་ཀྱི་སྤྱི་སྐྱེས་བུ་གཞན་གྱིས་འཛིན་ཏེ། རྗེས་སུ་དཔག་པ་སྤྱིའི་ཡུལ་ཅན་ཡིན་པའི་ཕྱིར་རོ་ཞེ་ན། ཕ་རོལ་གྱི་བདེ་བ་དེ་མི་འཛིན་

ན་དེ་ལ་གནས་པའི་སྤྱི་ཡང་མི་འཛིན་པ་ཡིན་ནོ། །ཞེས་སྔར། དེའི་མཚུངས་མིན་ཞིང་གསལ་བ་མིན། །ཞེས་བྱ་བར་བསྟན་ཟིན་ཏོ། །གཞན་ཡང་གང་གིས་རྗེས་སུ་དཔོག་པའི་ཡུལ་དུ་གྱུར་པའི་སྤྱི་དེ་ནི་དངོས་པོ་ཅུང་ཟད་ཀྱང་མ་ཡིན་ཏེ། འདི་ཡང་སྔར་བསྟན་ཟིན་ཏོ། །ཉེ་བར་བསྡུ་བར་བྱ་བའི་
ཕྱིར། །དེ་ཕྱིར་དོན་སྣང་བ་འདི་ནི། །བློ་དེ་ལས་ནི་གཞན་མ་ཡིན། །དེས་མངོན་སུམ་དང་བདག་རིགས་གྲུབ། །ཅེས་བྱ་བ་སྨོས་ཏེ། གང་གི་ཕྱིར་བློ་གཞན་གྱིས་ཕ་རོལ་གྱི་བདེ་བ་ཤེས་པའི་ངོ་བོ་ཉིད་དང་དོན་སྣང་བ་འདི་ནི་ཕ་རོལ་གྱི་བདེ་བ་ཤེས་པའི་བློ་དེ་ལས་གཞན་པ་མ་ཡིན་ཏེ། འོན་ཀྱང་
བདག་ཉིད་ཡིན་ནོ། །བློ་དེ་ལས་མངོན་སུམ་ཉིད་དང་། བདག་རིག་པ་དེ་དག་གྲུབ་པ་སྟེ། ཕ་རོལ་གྱི་བདེ་བར་སྣང་བ་ནི་ཤེས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་དང་། རང་གི་ངོ་བོ་ཉིད་ཀྱིས་སྣང་བའི་ཕྱིར་རོ། །གལ་ཏེ་དེ་ལ་འཛིན་བྱེད་ཀྱང་། །མངོན་སུམ་ཉིད་ནི་མིན་ཞེ་ན། །ཞེས་བྱ་བ་ནི། འོ་ན་གལ་
ཏེ་གཞན་གྱིས་ཕ་རོལ་གྱི་བདེ་བ་ཤེས་ན་འོ་ན་ནི་གཞན་གྱི་བདེ་བ་དེ་མངོན་སུམ་གྱིས་མི་འཛིན་ཏེ། དེའི་ཕྱིར་དེས་ཉམས་སུ་མྱོང་བ་མ་ཡིན་ནོ། །གང་ཞིག་རང་གི་བདེ་བ་ལ་སོགས་པ་མངོན་སུམ་དུ་བྱེད་པ་དེས་བདེ་བ་ལ་སོགས་པ་ཉམས་སུ་མྱོང་བ་ཡིན་ཞེ་ན། དེ་ལ་སྨྲས་པ། དོན་མཚུངས་དེ་དག་
ཅིས་ཐ་དད། །ཅེས་བྱ་བ་སྟེ། གང་བདེ་བ་ལ་སོགས་པ་འཛིན་པར་བྱེད་པ་དེ་ཉིད་ཉམས་སུ་མྱོང་བའི་ཤེས་པ་སྟེ། བདེ་བ་ལ་སོགས་པ་དེ་ཉིད་གཞན་གྱི་ཤེས་པ་ཡང་རིག་པ་ཡིན་ཏེ། དེའི་ཕྱིར་གང་ལ་དོན་དེ་ཡུལ་དང་མཚུངས་ལ་སྟེ་འདྲ་བ་རང་དང་གཞན་གྱི་ཤེས་པ་དག་ལ་ཡོད་པ་དེ་དག་གི་
ཐ་དད་པ་འདི་མངོན་སུམ་ཡིན་གྱི། ཤེས་པ་ཡིན་ལ་གཞན་ནི་མ་ཡིན་ནོ་ཞེས་བྱ་བ་ཅི་སྟེ། ཡོད་དེ་མེད་པ་ཉིད་ཀྱི་ཕྱིར་མངོན་སུམ་དང་ལྐོག་ཏུ་གྱུར་པ་ཉིད་ཀྱང་མཚུངས་པར་འགྱུར་ཏེ། གཟུང་བར་བྱེ་བྲག་མེད་པའི་ཕྱིར་རོ། །གལ་ཏེ་མཐོང་མེད་ལས་དོན་གཅིག། །ལྷན་སོགས་མྱོང་བར་ངེས་
ན་ནི། །གཞན་གྱིས་རྣམ་ཀུན་མི་འཛིན་ཅིང་། །མྱོང་བའི་ཐ་དད་དག་ཀྱང་གསལ། །ཞེས་བྱ་བ་ལ། འོན་ཏེ་རང་དང་གཞན་གྱི་ཤེས་པ་དག་དོན་གཅིག་པ་ཉིད་ཡིན་ན། གཅིག་ལ་དགའ་བ་དང་བདེ་བའི་རང་བཞིན་ཅན་དུ་མྱོང་བ་ཡིན་ལ། གཞན་ལ་ནི་གདུང་བ་ལ་སོགས་པའི་བདག་ཉིད་དུ་མི་

འགྱུར་ཏེ། སྤྱིར་བདེ་བ་ཙམ་ཞིག་ཤེས་པའོ། །ཉམས་སུ་མྱོང་བར་ངེས་པ་དེ་མ་མཐོང་བའི་ཆོས་དང་ཆོས་མ་ཡིན་པའི་མཚན་ཉིད་ལས་འགྱུར་རོ། །ཡང་ན་གང་ལ་དོན་གཅིག་ལ་འདུས་པའི་ཤེས་པས་བདེ་བ་ལ་སོགས་པ་མྱོང་བ་ཡོད་པ་དེ་ལ་དགའ་བ་ལ་སོགས་པ་སྐྱེའོ། །
གཞན་གྱི་ཤེས་པ་ནི་ཕ་རོལ་གྱི་བདེ་བ་དང་དོན་གཅིག་ལ་འཕྲོད་པ་འདུ་བ་མ་ཡིན་ཏེ། དེས་ན་གཞན་གྱི་བདེ་བ་མྱོང་བ་མ་ཡིན་ནོ། །སོགས་པའི་སྒྲས་ནི་དབང་ཕྱུག་ལ་སོགས་པའི་རྒྱུ་གཟུང་ངོ་ཞེ་ན། གལ་ཏེ་དེ་ལྟ་ན་མ་མཐོང་བ་ལ་སོགས་པའི་རྒྱུ་ལས་ངེས་པ་སྐྱེ་བ་དེའི་ཚེ་མ་མཐོང་བ་ལ་སོགས་
པའི་སྟོབས་ཀྱིས་རྣམ་པ་ཐམས་ཅད་དུ་རྣམ་པ་གང་གིས་ཀྱང་སྐྱེས་བུ་གཞན་གྱིས་ཕ་རོལ་གྱི་བདེ་བ་ལ་སོགས་པ་འཛིན་པ་མ་ཡིན་ནོ་ཞེས་བྱ་བར་འདིར་ཅི་སྟེ་མི་འགྱུར། འདི་ལྟར་ཆོས་ལ་སོགས་པ་ཉིད་ཀྱིས་བདེ་བ་ལ་སོགས་པ་མྱོང་བ་གཅིག་ལ་གསལ་ཞིང་གཞན་མི་གསལ་བར་རྩོམ་པ་
དེ་ལ་ཕན་ཚུན་དུ་འཇུག་པའི་ཕྱིར། ཤེས་པ་ཉིད་བདེ་བ་ལ་སོགས་པ་སྣང་བ་དང་ལྡན་པར་རིགས་སོ། །བདེ་བ་ལ་སོགས་པ་སྣང་བའི་ཤེས་པ་མྱོང་བའི་ཐ་དད་པ་གསལ་བ་དང་མི་གསལ་བའི་ངོ་བོ་ཉིད་ཁོ་བོ་ཅག་གིས་ཀྱང་། རིགས་ཞེས་བྱ་བ་ཕན་ཚུན་རྟེན། །ཞེས་བྱ་བར་གསལ་བ་ཡིན་ནོ། །
དེ་ལྟར་རེ་ཞིག་རང་རིག་པ་མ་ཡིན་པའི་ཕྱོགས་ལ་སྤྱིར་སྐྱོན་བརྗོད་ནས། ད་ནི་བྱེ་བྲག་པ་ལ་ཁྱད་པར་དུ་སྐྱོན་བརྗོད་པར་བྱ་བའི་ཕྱིར། གང་དག་རྣལ་འབྱོར་མངོན་སུམ་གྱིས། །གཞན་གྱི་བདེ་བ་ལ་སོགས་མྱོང་། །འདོད་ལ་ཉམས་མྱོང་མཚུངས་འགྱུར་བས། །དེ་དག་དེ་བཞིན་སྙོན་སྨོངས་
འགྱུར། །ཞེས་བྱ་བ་སྨོས་ཏེ། བྱེ་བྲག་པ་གང་དག་རྣལ་འབྱོར་པ་ཡོད་པ་དེ་དག་གིས་མངོན་སུམ་ཁོ་ནས་གཞན་གྱི་བདེ་བ་རིག་པར་འདོད་དེ། རྣལ་འབྱོར་དེ་དག་ཀྱང་སྙོན་སྨོངས་པ་སྟེ་སྡུག་བསྔལ་མཚུངས་པར་ཉམས་སུ་མྱོང་བར་འགྱུར་ཏེ། མངོན་སུམ་ཉིད་ཀྱིས་གཞན་གྱི་སྡུག་བསྔལ་ལ་
སོགས་པ་འཛིན་པའི་ཕྱིར་རོ། །དེ་བས་ན་ནད་པ་བཞིན་དེའི་ཚེ་རྣལ་འབྱོར་དེ་དག་ཀྱང་ནད་པར་འགྱུར་རོ།། །།ཚད་མ་རྣམ་འགྲེལ་གྱི་འགྲེལ་པ། །བམ་པོ་བཅོ་བརྒྱད་པ། ཅི་སྟེ། གལ་ཏེ་ཡུལ་དབང་འདུས་མེད་ཕྱིར། །དེ་དག་གི་ནི་སྡུག་བསྔལ་དང་། །དེ་ལས་འབྱུང་ཅན་སྐྱེ་མིན་ན། །

ཞེས་བྱ་བ་ནི། འོན་ཏེ་ཡུལ་ཏེ་འགྲོ་བ་བཟང་མོ་ལ་སོགས་པ་དང་། འདུས་པ་སྟེ་འབྲེལ་བ་དེ་མེད་པས་རྣལ་འབྱོར་པ་དེ་དག་ཡུལ་དང་དབང་པོ་འདུས་པ་དེ་ལས་འབྱུང་བ་གང་ལ་ཡོད་པའི་བདེ་བའམ་སྡུག་བསྔལ་དེ་སྐྱེ་བར་འགྱུར་བ་མ་ཡིན་ནོ། །འཁོར་བ་བ་གང་ཞིག་ཡུལ་དང་དབང་པོའི་འདུ་བ་
ཡོད་པ་དེ་ཉིད་ལ་དེ་ལས་འབྱུང་བའི་སྡུག་བསྔལ་ལ་སོགས་པ་སྐྱེ་བའི་རྣལ་འབྱོར་པ་ལ་ནི་མ་ཡིན་ནོ་ཞེ་ན། དེ་ནི་མི་བདེན་ཏེ། འདི་ལྟར། སྡུག་བསྔལ་ཀུན་ནས་འབྱུང་བ་དག། །སྡུག་བསྔལ་མྱོང་མིན་འོན་ཀྱང་ནི། །སྡུག་བསྔལ་ཤེས་པ་འབྱུང་བ་ཡིན། །སྡུག་བསྔལ་ལ་སོགས་མ་མྱོང་བ། །
གདུང་དང་ཕན་འདོགས་རྒྱུ་མ་ཡིན། །ཞེས་བྱ་བ་ལ། སྡུག་བསྔལ་འབྱུང་བ་ཙམ་ནི་སྡུག་བསྔལ་ཉམས་སུ་མྱོང་བ་དང་ལྡན་པ་མ་ཡིན་ཏེ། འོ་ན་ཅི་ཡིན་ཞེ་ན། སྡུག་བསྔལ་མངོན་དུ་བྱེད་པའི་ཉམས་སུ་མྱོང་བས་གདུང་བ་ཡིན་ཏེ། འདི་ལྟར་མིའི་བུ་མོ་དག་ལ་ཕན་ཚུན་རེག་པའི་དབང་པོ་
འབྲེལ་པ་ལས་སྐྱེས་པའི་བདེ་བ་ཐུན་མོང་བ་སྤུ་ལྡང་བ་ལ་སོགས་པར་སྣང་བ་མ་ཡིན་ནམ། དེ་ཕྱིར་ཉམས་སུ་མྱོང་ན་བདེ་བར་འགྱུར་གྱི། བདེ་བ་སྐྱེས་པ་ཙམ་གྱིས་ནི་མ་ཡིན་ནོ། །གང་གི་ཕྱིར་སྡུག་བསྔལ་ལ་སོགས་པར་རང་སྣང་བར་མ་གྱུར་ན། གདུང་བ་དང་ཕན་འདོགས་པའི་རྒྱུ་མ་
ཡིན་ནོ། །འོན་ཏེ་སངས་རྒྱས་པའི་རྣལ་འབྱོར་པས་ཀྱང་གཞན་གྱི་སྡུག་བསྔལ་རིག་པ་མ་ཡིན་ནམ། དེ་ཇི་ལྟར་གདུང་བར་མི་འགྱུར་ཞེ་ན། གང་ཚེ་བདག་ཉིད་སྡུག་བསྔལ་ན། །རང་ངོ་བོར་སྣང་གདུང་བ་ཡིན། །དེ་དམིགས་ཤེས་པ་དེ་ལྟར་མིན། །དེ་ཚེ་ཐལ་བར་འགྱུར་བ་མེད། །ཅེས་བྱ་བ་
སྨོས་ཏེ། གང་གི་ཚེ་སྡུག་བསྔལ་རང་གི་ངོ་བོ་ཉིད་ཀྱིས་ཉམས་སུ་མྱོང་བར་སྐྱེས་པར་གྱུར་པའི་བདག་ཉིད་ཀྱིས་གདུང་བ་དང་། གདུང་བ་མེད་པར་ཁས་ལེན་པ་དེའི་ཚེ་དེ་སྡུག་བསྔལ་བར་འགྱུར་གྱི་སྡུག་བསྔལ་གསུམ་ལ་དམིགས་པའི་ཤེས་པ་ཙམ་གྱིས་གདུང་བ་ནི་མ་ཡིན་གྱི། འདི་ལྟར་
ཁས་ལེན་པའི་ཚེ་རྣལ་འབྱོར་པ་གཞན་གྱི་སྡུག་བསྔལ་རིག་པ་ཡིན་ཡང་ནད་པར་ཐལ་འགྱུར་བ་ནི་མེད་དེ། འདི་ལྟར་སྐམ་ལ་གནས་པ་ཆུ་ལ་དམིགས་པ་ལ་སོགས་པ་བཞིན་བདེ་བ་ལ་སོགས་པ་ལ་དམིགས་པ་མ་ཡིན་ནོ། །ཁྱེད་ཀྱི་ལུགས་ཀྱིས་ན་སྐམ་ལ་གནས་པ་བཞིན་བདེ་བ་

ཐམས་ཅད་ལ་དམིགས་པ་སྟེ། ཤེས་པ་གཞན་གྱིས་ཉམས་སུ་མྱོང་བའི་ཕྱིར་བདེ་བ་མྱོང་བ་ཉིད་ཡིན་གྱི། ཕན་འདོགས་པར་སྐྱེ་བར་ནི་མ་ཡིན་པའི་ཕྱིར། སྐྱོན་ཡོད་པ་ཡིན་ནོ། །དེས་ན་ཤེས་པ་ཐམས་ཅད་ཀྱི། །དམིགས་མྱོང་དག་ནི་ཐ་དད་མིན། །དོན་
དང་འདྲ་བ་དམིགས་པ་སྟེ། རང་ཉིད་གསལ་བ་བདག་རིག་ཡིན། །ཞེས་བྱ་བ་ལ། གང་གི་ཕྱིར་བདེ་བ་ཉམས་སུ་མྱོང་བར་སྐྱེས་པ་ཕན་འདོགས་པ་ཡིན་གྱི། དེ་ལ་དམིགས་པའི་ཤེས་པ་གཞན་ནི་མ་ཡིན་ནོ། །རྒྱུ་དེའི་ཕྱིར་ཤེས་པ་ཐམས་ཅད་ཀྱི་དམིགས་པ་དང་མྱོང་བ་དེ་དག་ཐ་དད་པ་
ཡིན་ཏེ། དོན་དང་འདྲ་བ་སྟེར་བར་ནུས་པ་ནི་དམིགས་པ་ཡིན་ལ། རིག་པ་ཉམས་སུ་མྱོང་བ་ནི་རང་ཉིད་གསལ་བར་སྣང་བར་གྱུར་པ་མ་ཡིན་ནམ། དེ་བས་ན་བདེ་བ་ནི་རང་རིག་པ་ཉིད་དུ་རིག་པའི་ཕྱིར། ཤེས་པ་ཐམས་ཅད་རང་རིག་པ་ཉིད་དོ་ཞེས་བྱ་བར་གནས་སོ། །གཞན་དུ་ན་བདེ་བ་ལ་
སོགས་པའི་བྱེ་བྲག་མེད་པར་འགྱུར་རོ། །གཞན་ཡང་གལ་ཏེ་ཤེས་པ་རང་རིག་པ་མ་ཡིན་ན་ནི། ནམ་ཡང་ཤེས་པ་འདི་རྟོགས་པ་ཞེས་བྱ་བར་མི་འགྱུར་རོ། །དེའི་ཕྱིར། གཞན་ཡང་མངོན་སུམ་ཉིད་མེད་ན། །བློ་ནི་རྟགས་ལས་རྟོགས་པར་འགྱུར། །དེ་ཡང་དབང་པོ་དོན་དམ་བློ། །ཡིད་བྱེད་སྔ་མ་
ཉིད་ཀྱང་འགྱུར། །འདི་ཡི་འབྲས་བུའི་རྒྱུ་ཚོགས་ན། །འབྲེལ་པ་ཅན་གཞན་ཡོད་མ་ཡིན། །ནུས་པ་མཐོང་བ་མེད་ཕྱིར་རོ། །ཞེས་བྱ་བ་ལ། གཟུགས་ལ་སོགས་པའི་བློ་ལ་མངོན་སུམ་ཉིད་མེད་པ་ན་རྟགས་ལས་རྟོགས་པར་འགྱུར་ཏེ། ཚད་མ་གཞན་མེད་པའི་ཕྱིར་རོ། །བློའི་རྟགས་དེ་
ཡང་དབང་པོ་ཡིན་ནམ། ཕྱི་རོལ་གྱི་དོན་ཡིན་ནམ། དོན་གྱི་བློ་ཡིན་ནམ། སྔོན་གྱི་ཡིད་ལ་བྱེད་པ་ཡིན་ཏེ། རྣམ་པ་བཞིར་བརྟག་པར་བྱའོ། །འོ་ན་ཅིའི་ཕྱིར་བདག་ལ་སོགས་པ་གཞན་དག་ཀྱང་རྟག་པར་མི་བྱེད་ཅེ་ན་འབྲས་བུ་གཟུགས་མཐོང་བའི་རྒྱུ་ཚོགས་པ་ན་འབྲེལ་པ་ཅན་གཞན་ཡོད་པ་མ་
ཡིན་ཏེ། མིག་ལ་སོགས་པ་མ་རྟོགས་པ་ཤེས་པ་སྐྱེ་བའི་ནུས་པ་མ་མཐོང་བའི་ཕྱིར་རོ། །དེ་ལ་རྗེས་སུ་འགྲོ་བ་དང་ལྡོག་པ་ཡིས་གཞན་པའི་ནུས་པ་དེར་མ་མཐོང་བའི་ཕྱིར་རོ། །དོན་གྱིས་གོ་བ་ཡང་འབྲེལ་པ་མཐོང་བ་ལས་འཐད་པའི་ཕྱིར་ལ། དེ་ཡང་མེད་དོ། །འོན་ཏེ་དབང་པོ་ལ་

སོགས་པ་ཉིད་ཀྱི་ནང་ནས་གཅིག་རྟགས་ཡིན་ནོ་ཞེ་ན། དེའི་ཕྱིར། དེ་ལ་འཁྲུལ་ཕྱིར་དབང་པོ་མིན། །ཞེས་བྱ་བ་སྨོས་ཏེ། དེ་ལ་དབང་པོ་ལ་སོགས་པའི་ནང་ནས་དབང་པོ་ནི་རྟགས་མ་ཡིན་ཏེ། འཁྲུལ་པར་འགྱུར་བའི་ཕྱིར་ལ། རྟགས་ནི་མ་འཁྲུལ་པ་ཡིན་པའི་ཕྱིར་རོ། །དབང་པོ་བློ་ལ་མི་
འཁྲུལ་པ་མ་ཡིན་ཏེ། རྒྱུ་ཉིད་དུ་ཁས་བླངས་པའི་ཕྱིར་རོ། །རྒྱུའི་ནུས་པ་ཡང་འབྲས་བུ་མཐོང་བ་ངེས་པ་ཡིན་གྱི། དབང་པོའི་འབྲས་བུ་ཤེས་པ་ཡིན་པར་གྲུབ་པ་ཡང་མ་ཡིན་ན། གང་གིས་དེ་རྟགས་སུ་འགྱུར། དེ་བཞིན་དོན་དང་བློ་ཡིད་བྱེད། །ཤེས་ཡིན་དེ་དག་ཀྱང་མི་འགྲུབ། །
མ་གྲུབ་པ་ནི་རྟགས་ཉིད་མིན། །ཞེས་བྱ་བ་ལ། དེ་བཞིན་དུ་འོན་ཀྱང་རྟགས་མ་ཡིན་ཏེ། དེ་ཡང་དབང་པོ་བཞིན་འཁྲུལ་པ་ཉིད་ཀྱི་ཕྱིར་རོ། །བློ་དང་ཡིད་ལ་བྱེད་པ་དེ་དག་ཀྱང་ཤེས་པ་ཡིན་ཏེ། དེ་བས་ན་དེ་དག་མངོན་སུམ་གྱིས་མ་གྲུབ་པ་ཡིན་ནོ། །དེས་ན་ཤེས་པའི་ངོ་བོ་ཉིད་ཡིན་
པའི་ཕྱིར་བློ་དང་ཡིད་ལ་བྱེད་པ་མ་གྲུབ་པ་སྟེ། རྟགས་མ་ཡིན་ནོ། །འོན་ཏེ་མ་གྲུབ་ཀྱང་ཡོད་པ་ཙམ་གྱི་རྟགས་མ་ཡིན་ནམ་ཞེ་ན། དེ་ནི་མ་ཡིན་ཏེ། དུ་བ་ལ་སོགས་པ་མ་གྲུབ་ན་རྟགས་ཉིད་མ་ཡིན་པའི་ཕྱིར་རོ། །གལ་ཏེ་མ་གྲུབ་ཀྱང་རྟགས་ཡིན་ན་དེའི་ཚེ་ཐམས་ཅད་ཀྱང་རྟགས་ཉིད་
དུ་འགྱུར་བའི་ཕྱིར་ཐམས་ཅད་ཀྱིས་ཐམས་ཅད་གྲུབ་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར། མ་གྲུབ་ན་ནི་རྟགས་ཉིད་མིན། །ཞེས་བྱ་བ་སྨོས་སོ། །གལ་ཏེ་དོན་གསལ་རྟགས་ཡིན་པར། །འདོད་ན་དེ་ཤེས་མ་ཡིན་ནམ། །ཞེས་བྱ་བ་ནི། དེ་བཞིན་དུ་དོན་གྱི་གསལ་བ་ཡོད་པ་དེ་བློའི་རྟགས་
ཡིན་ཏེ། འདི་ལྟར་དོན་ནི་ཡོད་པ་ཙམ་གྱིས་གསལ་བ་མ་ཡིན་ཏེ། དོན་ཐམས་ཅད་ཀྱིས་གསལ་བར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་བས་ན་ཐམས་ཅད་ཀྱིས་ཐམས་ཅད་མཁྱེན་པར་འགྱུར་རོ། །དེའི་ཕྱིར་བློས་དོན་གསལ་བར་བྱས་པ་དེ་དེའི་རྟགས་ཡིན་ནོ། །དེ་ལ་དེ་ཉིད་དོན་
གསལ་བར་ཤེས་པར་བྱས་པ་དེ་ཡང་མངོན་སུམ་ཡིན་པའི་ཕྱིར་བློ་ཡང་མངོན་སུམ་ཡིན་ནོ་ཞེ་ན་འོན་ཏེ་གསལ་བར་བྱས་པའི་ངོ་བོ་ཉིད་ཀྱང་རྟགས་མ་ཡིན་ཏེ། དེ་ལྐོག་ཏུ་གྱུར་པ་ཡིན་པའི་ཕྱིར་རོ། །འོན་ཀྱང་། འདིས་ནི་དོན་གསལ་གསལ་བ་སྟེ། །གསལ་བ་ཉམས་མྱོང་མ་ཡིན་ལ། །

དེ་གསལ་ངེས་པ་མེད་ཕྱིར་རོ། །ཞེས་བྱ་སྟེ། དོན་གསལ་བ་ནི་མངོན་སུམ་གྱི་བློའི་རྟགས་ཡིན་པར་འདོད་པ་དེ་ལ་དོན་གསལ་བ་ཡང་འདི་ཉིད་ཀྱིས་གསལ་བ་ཡིན་ཏེ། གསལ་བ་མ་གྲུབ་པ་འདིས་དོན་གསལ་བ་བློའི་རྟགས་སུ་གྲུབ་པ་མ་ཡིན་པར་བརྗོད་དོ། །
རྒྱུ་ཅིའི་ཕྱིར་ཞེ་ན། གསལ་བ་ཉམས་སུ་མ་མྱོང་བ་དེའི་ཚེ་གསལ་བའི་དོན་གྱིས་གསལ་བ་ཉིད་མི་ཤེས་པའི་ཕྱིར་རོ། །དེ་བས་ན་གསལ་བའི་དོན་མ་གྲུབ་པའི་ཕྱིར་རྟགས་མ་ཡིན་ནོ། །འོན་ཏེ་དོན་གྱི་བྱེ་བྲག་འགའ། །དེ་ཉིད་གསལ་བར་འདོད་ན་ནི། །ཞེས་བྱ་བ་ནི། འོན་ཏེ་བློའི་ངོ་བོ་ཉིད་
ནི་གསལ་བ་ཞེས་མི་བྱའི། འོན་ཀྱང་དོན་གྱི་བྱེ་བྲག་འགའ་ཞིག་བློའི་བྱེད་པ་ལ་སྣང་དུ་རུང་བའི་མཚན་ཉིད་ཅན་ལ་གསལ་བ་ཞེས་བརྗོད་དོ་ཞེ་ན། དེ་ནི་མ་ཡིན་ཏེ། གང་གི་ཕྱིར། སྐྱེ་བ་དང་ནི་འཇིག་པ་ཡི། །དོན་ལ་བྱེ་བྲག་ཅུང་ཟད་མེད། །ཅེས་བྱ་བ་ལ། དོན་གང་ཞིག་ལ་སྐྱེ་བ་
དང་། འཇིག་པ་དང་། ལྡན་པ་མ་ཡིན་པའི་དོན་དེ་ལ་བློའི་ཆོས་ལས་བྱེ་བྲག་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །གལ་ཏེ་ཡང་དོན་ཉིད་ལ་གསལ་བའི་ངོ་བོ་ཉིད་ཀྱི་བྱེ་བྲག་འགའ་ཞིག་ཡོད་ན། དེ་ཉིད་ཤེས་པ་ཡིན་ཏེ། ཤེས་པ་གཞན་གྱིས་ཅི་ཞིག་བྱ། །ཞེས་བསྟན་ཟིན་ཏོ། །དེ་བས་
ན་རྟག་པའི་དོན་ལ་ཁྱད་པར་ཡོད་པ་མ་ཡིན་ནོ། །འོན་ཏེ་ཤེས་པའི་དུས་ན་སྣང་དུ་རུང་བའི་ངོ་བོ་ཉིད་ཀྱི་དོན་སྐྱེའོ་ཞེ་ན། དེའི་ཚེ། དེ་འདོད་ན་ཡང་ཤེས་སོ་སོར། །སྐད་ཅིག་འཇིག་པར་ཐལ་བར་འགྱུར། །ཞེས་བྱ་བ་ལ། ཁྱད་པར་དེ་འདོད་ན་ཤེས་པ་དང་ཤེས་པ་སོ་སོར་ཁྱད་པར་གཞན་
དང་གཞན་དུ་སྐྱེ་བའི་ཕྱིར་སྐད་ཅིག་འཇིག་པར་ཐལ་བར་འགྱུར་ཏེ། དེའི་ཕྱིར་ཤེས་པའི་དུས་ན་མ་རྟོགས་པའི་ངོ་བོ་ཉིད་ལས་ལོག་པ་ནི་ཁྱད་པར་གསལ་བའི་ངོ་བོ་ཉིད་རང་རིག་པ་སྐད་ཅིག་མ་ཡིན་པའི་ཕྱིར་དོན་གཞན་བརྟགས་ཏེ་ཅི་ཞིག་བྱ། གཞན་ཡང་། དེ་ཡང་ཤེས་པའམ་ཤེས་མིན་
འགྱུར། །ཞེས་བྱ་བ་ལ། དོན་གྱི་ཁྱད་པར་དེ་ཡང་སྣང་དུ་རུང་བའི་ངོ་བོ་ཉིད་དམ་མ་ཤེས་པ་གཅིག་བློའི་རྟགས་སུ་འགྱུར་གྲང་ན། གལ་ཏེ་ཤེས་པ་རྟགས་ཡིན་ན། །ཤེས་པ་ཡོངས་སུ་མ་བཅད་པར། །འདི་ཤེས་སོ་ཞེས་ཇི་ལྟར་ཤེས། །ཞེས་བྱ་བ་ལ། དེ་ལ་གལ་ཏེ་དོན་གྱི་ཁྱད་

པར་ཤེས་པ་ཉིད་བློའི་རྟགས་ཡིན་ན། དེའི་ཚེ་ཤེས་པ་མ་རྟོགས་པར་ཁྱད་པར་འདི་ནི་ཤེས་སོ་ཞེས་ཇི་ལྟར་ངེས་པར་བྱེད། འོན་ཏེ་ཁྱད་པར་རང་ཉིད་ཡོངས་སུ་གཅོད་པ་དེའི་ཚེ་བློ་དོན་མེད་པར་འགྱུར་ཏེ། ཁྱད་པར་དེ་ཉིད་ཤེས་པ་ཡིན་མོད། །འོན་ཏེ་མ་ཤེས་པའི་ཁྱད་པར་རྟགས་ཡིན་ན།
འདིའི་ཚེ། ཤེས་ཉིད་ཡོངས་སུ་མ་བཅད་པར། །དེ་ནི་ཇི་ལྟར་གོ་བྱེད་ཡིན། །ཞེས་བྱ་བ་ནི། དོན་དེ་ཁྱད་པར་ཅན་ཡང་ཤེས་པས་མ་རྟོགས་པར་བློའི་གོ་བར་བྱེད་པ་མ་ཡིན་ནོ། །གལ་ཏེ་དོན་ཤེས་པའོ་ཞེ་ན། དེའི་ཚེ་ཤེས་པ་ཡང་རྟོགས་པར་འགྱུར་ཏེ། དོན་ཤེས་པའི་ཚེ་དོན་
གཅོད་པར་འགྱུར་རོ། །དེ་ཅིའི་ཕྱིར་དོན་ཤེས་སོ་ཞེས་གཞི་མཐུན་པའི་ཕྱིར། དཔེར་ན་དཀར་པོའི་དོན་ཞེས་བྱ་བ་ལྟ་བུ་སྟེ། དཀར་པོ་ཉིད་ཐ་དད་པ་ནི་མ་ཡིན་ནོ། །འོན་ཏེ་དོན་ལས་ཐ་དད་པར་བལྟ་ན་ནི། དེའི་ཚེ། མ་མཐོང་བ་ཅན་གཞན་གྱི་ནི། །མཐོང་བ་ལ་ལར་མཐོང་བ་མེད། །ཅེས་
བྱ་བ་ལ། གལ་ཏེ་མཐོང་བའི་དོན་ལས་ཤེས་པ་ཐ་དད་ཅིང་རྟོགས་པ་མེད་ན་ནི། ཇི་ལྟར་མཐོང་བའི་ངོ་བོ་ཉིད་ཡོངས་སུ་གཅོད། །འོན་ཏེ་དོན་མཐོང་བའི་ཕྱིར་ཤེས་པ་ལྐོག་ཏུ་གྱུར་པ་ཡིན་ན་ཡང་། མཐོང་བ་ཞེས་བྱ་བ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། གང་གི་ཕྱིར་དོན་གང་ཞིག་ལ་མཐོང་བ་
དང་མ་མཐོང་བ་ཡོད་པ་དེ་དག་སྐྱེས་བུས་གཞན་མཐོང་བར་གྱུར་པ་ནི་རང་གིས་གང་དུ་ཡང་མཐོང་བ་མེད་དོ། །གལ་ཏེ་ཡང་མ་མཐོང་བར་ཡང་དོན་མཐོང་ན་ནི་རང་ཉིད་ཀྱིས་མཐོང་བར་འགྱུར་གཞན་གྱིས་མཐོང་བས་ཀྱང་རང་གིས་མཐོང་བར་འགྱུར་ཏེ། མཐོང་བའི་དོན་གྱི་ཁྱད་པར་གཅིག་པའི་
ཕྱིར་རོ། །འོན་ཏེ་དོན་གྱི་ཁྱད་པར་སྐྱེས་བུ་སོ་སོ་ལ་ཐ་དད་པའི་ཕྱིར། བདག་ཉིད་ཀྱིས་མཐོང་བའི་ཁྱད་པར་མཐོང་བའི་ཕྱིར་རང་གིས་མཐོང་བར་ཁོང་དུ་ཆུད་པར་འགྱུར་ཞིང་གཞན་གྱིས་མཐོང་བའི་ཁྱད་པར་མཐོང་བས་གཞན་གྱིས་མཐོང་བར་རྟོགས་པར་བྱའོ། །བྱེ་བྲག་དེ་གཞན་མཐོང་བ་
ལའང་། །ཡོད་ཕྱིར་རང་བློ་རྟོགས་པར་འགྱུར། །ཞེས་བྱ་བ་སྨོས་ཏེ། དོན་གྱི་ཁྱད་པར་གསལ་བའི་ངོ་བོ་ཉིད་དེ་གཞན་མཐོང་བ་ལ་ཡོད་ཀྱང་། དེ་ཉིད་ཀྱི་ཕྱིར་རང་གི་བློ་རྟོགས་པར་འགྱུར་རོ་ཞེ་ན། གལ་ཏེ་ཡང་དེ་ལྟ་བུའི་ཁྱད་པར་ཡོད་པ་དེ་ལྟ་ན་ཡང་དེ་རྣམས་རང་རིག་པ་དང་བྲལ་བས་དེ་དག་

གིས་ཀྱང་མཐོང་བ་ཉིད་དུ་འགྱུར་རོ། །དེའི་ཕྱིར་རང་གཞན་གྱི་བློ་རྟོགས་པར་འགྱུར་ཏེ། གང་གི་ཕྱིར་རང་རིག་པས་རང་མཐོང་བ་ཉིད་དུ་འགྱུར་བས་སོ། །འོན་ཏེ་རང་མཐོང་བ་ཉིད་ཀྱང་ཤེས་པ་གཞན་གྱིས་མཐོང་བར་འགྱུར་ཏེ། དེའི་ཚེ་རང་མཐོང་བ་ཉིད་ལ་ཡང་
རང་མཐོང་བ་གཞན་ཡོད་པས་ཐུག་པ་མེད་པར་འགྱུར་རོ། །འོན་ཏེ་ཐམས་ཅད་དུ་མཐོང་བ་ཉིད་ནི་གཅིག་ཁོ་ནའོ་ཞེ་ན། དེ་ལྟ་ན་ནི་ཁྱད་པར་གཞན་གྱིས་མཐོང་བ་ཡོད་པ་ན་རང་གི་བློ་རྟོགས་པར་འགྱུར་རོ། །དེ་ཡི་རང་ཆོས་ལ་ལྟོས་པ། །མེད་པར་དོན་ཆོས་འབའ་ཞིག་ལས། །བློ་ནི་རྗེས་
དཔོག་མ་ཡིན་ཏེ། །རང་བློ་ལས་གཞན་རང་ཆོས་ཅི། །ཞེས་བྱ་བ་ལ། གང་གི་ཕྱིར་རང་གི་བློ་རྗེས་སུ་དཔོག་པ་ལ་དབང་པོ་ལ་སོགས་པ་རྟགས་མ་ཡིན་པ་དེའི་ཕྱིར་རང་གི་བློ་རྗེས་སུ་དཔོག་པ་ནི་རང་སྟེ་བདག་ཉིད་ཀྱི་ཆོས་ལ་ལྟོས་པ་མེད་པར་དོན་གྱི་ཆོས་ཀྱི་ཁྱད་པར་འབའ་ཞིག་ལས་
འཐད་པ་མ་ཡིན་ཏེ། ཡུལ་གྱི་ཆོས་དེ་སྐྱེ་བོ་ཐམས་ཅད་ཀྱི་ཐུན་མོང་བ་ཡིན་པའི་ཕྱིར་རོ། །དེ་བས་རང་གི་ཆོས་ཁོ་ན་རང་རང་གི་བློ་རྗེས་སུ་དཔོག་པ་ཡིན་ཏེ། ཆོས་དེ་ཡང་རང་གི་བློ་ལས་གཞན་ཅི་ཞིག་ཡིན་ཏེ་ཅི་ཡང་མེད་དོ། །བློ་དེ་ཡང་མངོན་སུམ་མ་ཡིན་ན་རྗེས་སུ་དཔག་པས་ཀྱང་ཅི་
ཞིག་དཔོག་པར་བྱེད། འོན་ཏེ་བདེ་བ་ལ་སོགས་པའི་བློ་རྒྱུ་མཚུངས་པ་ལས་སྐྱེས་པ་ཅན་གྱི་བློ་དེ་རྗེས་སུ་དཔོག་པ་སྟེ། བདག་ཉིད་ཀྱི་ཆོས་ཡིན་པའི་ཕྱིར་རོ་ཞེ་ན། བློ་རྒྱུ་མངོན་སུམ་གང་ཡིན་པ། །རྒྱུ་མཚུངས་པ་ལས་སྐྱེས་པ་ཅན། །བློ་ལས་དེ་ཇི་ལྟར་ཐ་དད། །གཞན་སྐྱེས་དེ་
ཡང་འཁྲུལ་པ་ཅན། །ཞེས་བྱ་བ་སྨོས་ཏེ། རང་གི་ཆོས་མཐོང་བའི་རང་བཞིན་ཅན་གང་ཡིན་པའམ། མངོན་སུམ་དུ་གྱུར་པའི་བདེ་བ་ལ་སོགས་པ་ནི་བློ་མངོན་སུམ་མ་ཡིན་པའི་རྒྱུ་ཡིན་ཏེ། དེ་གལ་ཏེ་བློ་དང་ལྷན་ཅིག་རྒྱུ་མིག་ལ་སོགས་པ་དང་མཚུངས་པར་སྐྱེ་བ་གང་ལ་ཡོད་པ་དེ་ལྟ་
བུར་གྱུར་པ་ནི། དེའི་ཚེ་རང་གི་ཆོས་དེ་དང་བློ་ལ་ཐ་དད་པ་ཅི་ཞིག་ཡོད། །དེའི་ཕྱིར་བདེ་བ་ལ་སོགས་པ་དང་རང་མཐོང་བ་ནི་རང་རིག་པ་ཁོ་ནའོ་ཞེས་བསྟན་པས་དེའི་བདག་ཉིད་ཅན་གྱི་བློ་ཡང་རང་རིག་པ་ཉིད་དོ། །འོན་ཏེ་བློ་མངོན་སུམ་མ་ཡིན་ན་དེའི་ཚེ་རང་གི་ཆོས་ཀྱང་མངོན་སུམ་མ་ཡིན་

པ་ཉིད་དུ་འགྱུར་ན། ཇི་ལྟར་རྗེས་སུ་དཔོག་པ་ཡིན། འོན་ཏེ་རང་གི་ཆོས་ནི་བློ་དང་རྒྱུ་མི་མཚུངས་པ་ལས་སྐྱེས་པ་ཅན་ཏེ། དེའི་ཚེ་བློ་ལས་གཞན་པའི་རྒྱུ་ལས་སྐྱེས་པ་རང་གི་ཆོས་ཡིན་ན་འཁྲུལ་པ་ཅན་དུ་འགྱུར་རོ། །རྒྱུ་གཞན་ལ་རག་ལས་ནས་སྐྱེ་བ་གང་ལ་ཡོད་པ་དེ་ནི་བློ་ལ་མི་འཁྲུལ་བར་
མི་འགྱུར་ཏེ། ཧ་ཅང་ཐལ་ཆེས་པའི་ཕྱིར་རོ། །འོན་ཏེ་བློས་བསྐྱེད་པ་ཉིད་ཀྱི་ཆོས་འགའ་ཞིག་བློའི་རྟགས་ཡིན་ནོ་ཞེ་ན། དེ་ལ་སྨྲས་པ། གཟུགས་སོགས་ཡུལ་ནི་ལྔ་པོ་དང་། །དབང་པོ་དག་དང་དམིགས་པ་དག། །མ་རྟོགས་དེ་ཡི་འབྲས་བུ་གཞན། །ཉེ་བར་མཚོན་པ་མ་ཡིན་ནོ། །
ཞེས་བྱ་བ་ཡིན་ཏེ། གཟུགས་ལ་སོགས་པའི་ཡུལ་ལྔ་དང་། མིག་གི་དབང་པོ་ལ་སོགས་པའི་དབང་པོ་དག་དང་གཟུགས་ལ་སོགས་པ་ལ་དམིགས་པ་དག་སྟེ། དེ་དག་མ་རྟོགས་པའི་བློ་དེའི་འབྲས་བུ་གཞན་དམིགས་པ་མ་ཡིན་ནོ། །དེའི་ཕྱིར་དབང་པོ་ལ་སོགས་པའི་ཚོགས་ནི་
དེའི་རྟགས་མ་ཡིན་ནོ། །འོན་ཏེ་གཟུགས་ལ་སོགས་པའི་ནང་ན་གང་ཡང་རུང་བ་ཞིག་བློའི་འབྲས་བུ་ཡིན་ནོ་ཞེ་ན། དེ་ཡང་མ་ཡིན་ཏེ། དེ་ལ་གཉིས་ནི་མངོན་སུམ་སྟེ། །གཟུགས་མཐོང་བ་ལས་སྐྱེས་པ་གང་། །དོན་ལྔ་དག་ལས་གཅིག་མཐོང་མིན། །གཞན་དུ་གསལ་བ་སྲིད་པ་
ཅན། །ཞེས་བྱ་བ་ལ། དེ་ལ་གཟུགས་ལ་སོགས་པ་རྣམས་ཀྱི་ནང་ནས་དབང་པོ་དང་ཤེས་པ་གཉིས་ནི་མངོན་སུམ་སྟེ། དེའི་ཕྱིར་དེ་ནི་འབྲས་བུའམ་རྟགས་མ་ཡིན་ནོ། །གཟུགས་ལ་སོགས་པའི་དོན་ལྔའི་ནང་ནས་དོན་གང་ཞིག་གཟུགས་མཐོང་བ་ལས་སྐྱེས་པའི་དོན་གཅིག་
ཀྱང་མཐོང་བ་མ་ཡིན་ནོ། །དེ་ལྟ་ཡིན་ན་གཟུགས་མཐོང་བ་མ་རྟོགས་པ་ལ་གསལ་བ་སྲིད་པ་ཅན་ཏེ་མ་བྱས་པ་སྐྱེ་བ་ཅན་ཡིན་ནོ། །འོ་ན་གལ་ཏེ་གཟུགས་མཐོང་བ་ལས་སྐྱེས་པ་ཉིད་ཀྱི་གཟུགས་ལ་སོགས་པ་མི་རྟོགས་པ་དེ་ལྟ་ན་ཡང་ཉེ་བར་གྱུར་པ་ཙམ་གྱིས་བློའི་རྟོགས་པར་བྱེད་
པའོ་ཞེ་ན། དེ་ལྟར་ཤེས་བྱེད་གང་ཡིན་ཏེ། །རྟགས་ཡིན་ཟེར་བ་བཞད་གད་རྒྱུ། །ཞེས་བྱ་བ་སྨོས་ཏེ། དངོས་པོ་གང་ཞིག་དེ་ལྟར་བསྒྲུབ་བྱ་མེད་ན་མེད་པ་དང་། རང་གི་ངོ་བོ་ཉིད་ཀྱིས་ཤེས་པ་མ་ཡིན་པ་དེ་ནི་ཉེ་བར་གྱུར་པ་ཙམ་གྱིས་བློའི་རྟགས་ཡིན་ནོ་ཞེས་ཟེར་བ་འདི་དག་ནི་

ཤིན་ཏུ་བཞད་གད་ཀྱི་རྒྱུ་ཡིན་ནོ། །མངོན་སུམ་གྱི་ཉམས་སུ་མྱོང་བ་མ་རྟོགས་པ་གཟུགས་ལ་སོགས་པའི་ངོ་བོ་ཉིད་རྟོགས་པ་མ་ཡིན་ཏེ། དེ་བས་ན་རྟགས་ཉིད་མ་ཡིན་ནོ། །ཡང་ན་དོན་རྟོགས་པ་ཡིན་དུ་ཆུག་ན་ཡང་དེ་ལྟ་མོད་ཀྱི་རྟགས་ནི་མ་ཡིན་ཏེ། རྟགས་
ཡོད་པ་དག་ཡིན་ན་ཡང་། །དེ་དང་ལྷན་ཅིག་དེ་མཐོང་མེད། །ཇི་ལྟར་རྟོགས་ཏེ་རྟགས་དག་ནི། །མ་མཐོང་ན་ནི་གསལ་བྱེད་མིན། །ཞེས་བྱ་བ་ལ། གཟུགས་ལ་སོགས་པའི་རྟགས་ཡོད་ན་ཡང་། བློ་དེ་གཟུགས་ལ་སོགས་པའི་རྟགས་དེ་དང་ལྷན་ཅིག་མཐོང་བ་མེད་པའི་སྐྱེས་བུའི་བློ་
ཇི་ལྟར་རྟོགས་པར་འགྱུར། གང་གི་ཕྱིར་རྟགས་ནི་སྔར་མ་མཐོང་བར་གསལ་བར་བྱེད་པ་མ་ཡིན་ཞིང་། མཐོང་བ་ཉིད་ཀྱི་མེའི་དུ་བ་ལས་ངེས་པ་སྐྱེ་བའི་ཕྱིར་རོ། །འོན་ཏེ་གཟུགས་ལ་སོགས་པའི་རྟགས་དེ་ཉིད་ལས་བློ་སྔ་མ་ཤེས་ཤིང་། དེའི་རྗེས་ལ་རྗེས་སུ་དཔོག་པ་སྟེ། གང་
མངོན་སུམ་གྱིས་མཐོང་བ་ཉིད་ཀྱི་དོན་ལ་རྗེས་སུ་དཔག་པའི་ཚད་མ་གཞན་གྱིས་ཁོང་དུ་ཆུད་པར་འགྱུར་རོ་ཞེས་བྱ་བ་འདི་ལ་ངེས་པ་ཡོད་པ་མ་ཡིན་ནོ་ཞེ་ན། རྟགས་དེ་ཉིད་ལས་འདི་སྔ་བར། །གྲུབ་པ་ཡིན་པར་སྨྲ་ན་ནི། །དཔེ་གཞན་བསྒྲུབ་པར་བྱ་བ་ཉིད། །དེ་ལ་ཡང་ཞེས་ཐུག་མེད་
འགྱུར། །ཞེས་བྱ་བ་སྨོས་ཏེ། གཟུགས་ལ་སོགས་པའི་རྟགས་དེ་ཉིད་ལས་བློ་ལ་སོགས་པའི་བསྒྲུབ་པར་བྱ་བ་སྔར་འབྲེལ་པ་ཤེས་པའི་དུས་སུ་བློ་ཁས་ལེན་པར་བྱེད་ན། དེའི་དཔེ་ལ་ཡང་དཔེ་གཞན་དགོས་པས། དཔེ་མེད་པར་རྗེས་སུ་དཔག་པ་མི་འཇུག་པའི་ཕྱིར་ཐུག་པ་མེད་པར་
འགྱུར་རོ། །འོན་ཏེ་དོན་གྱིས་གོ་བས་བློ་ཤེས་སོ་ཞེ་ན། དེ་ནི་མ་ཡིན་ཏེ། གལ་ཏེ་བློ་གྲུབ་ན་དེའི་ཚེ་གཞན་ཅི་ཞིག་ཡོད། གལ་ཏེ་རྟོགས་པར་མ་གྲུབ་པས་དོན་རྟོགས་པ་མི་སྐྱེའོ་ཞེ་ན། འོ་ན་དོན་རྟོགས་པ་ཞེས་བྱ་བ་འདི་ཅི་ཞིག་ཡིན། རྟོགས་པའི་ཡུལ་དུ་བྱས་པའོ་ཞེ་ན། རྟོགས་པ་
ཉིད་ཁོང་དུ་མ་ཆུད་པར་རྟོགས་པའི་ཡུལ་ཉིད་དུ་དེ་མ་གྲུབ་པ་མ་ཡིན་ནམ། འོན་ཏེ་རྟོགས་པ་ནི་མདུན་ན་གནས་པ་ཉིད་ཡིན་ནོ་ཞེ་ན་མདུན་ན་གནས་པ་ཡང་མ་རྟོགས་པར་བློ་ཡིས་ཇི་ལྟར་གོ་བར་འགྱུར། འོན་ཏེ་མདུན་ན་གནས་པ་རྟོགས་པ་ཉིད་ཡིན་ནོ་ཞེ་ན། དེའི་ཚེ་དེ་ལ་ཡང་མདུན་དུ་གནས་

པ་གཞན་ཡོད་པས་ཐུག་པ་མེད་པར་འགྱུར་རོ། །དེ་བས་ན་མདུན་ན་གནས་པའམ་གཞན་ཡང་རུང་སྟེ། དོན་གྱི་ཆོས་བློ་གྲུབ་པར་བྱེད་པ་ལ་རྟགས་མ་ཡིན་པའི་ཕྱིར། དེ་ཕྱིར་བློ་ལས་དོན་གྲུབ་ཀྱི། །དོན་ལས་དེ་ནི་ནམ་ཡང་མིན། །དེ་མ་གྲུབ་ན་དོན་རང་ཉིད། །རབ་ཏུ་གྲུབ་པ་མེད་ཕྱིར་རོ། །
ཞེས་སྨོས་ཏེ། དེ་ལྟ་བས་ན་བློ་ལས་དོན་གྲུབ་ཀྱི། དོན་རྟོགས་པའམ་མ་རྟོགས་པ་ལས་དེ་ནི་ནམ་ཡང་གྲུབ་པ་མ་ཡིན་ནོ། །བློ་དེ་མ་གྲུབ་པར་ཡང་དོན་རང་ཉིད་མི་འགྲུབ་པའི་ཕྱིར་རོ། །གང་གི་ཚེ་བློ་ཉིད་ཀྱིས་དོན་ལ་ཁྱབ་པར་མཐོང་བ་དེའི་ཚེ་དེ་ཡིས་རྟོགས་པར་འགྱུར་གྱི། དེ་ལྟ་མ་ཡིན་ན་
ཅི་ཡང་རྟོགས་པ་མེད་པར་འགྱུར་ཏེ། རང་ཉིད་ཀྱིས་ཐམས་ཅད་རྟོགས་པར་མི་འགྱུར་ཏེ་བློའི་བྱེད་པ་མ་མཐོང་བའི་ཕྱིར་རོ། །གཞན་ཡང་། མངོན་སུམ་བློ་ནི་མཐོང་ནས་ཀྱང་། །དེ་ཡི་གཡོ་འགུལ་བརྗོད་ལ་སོགས། །གཞན་སེམས་རྗེས་དཔོག་མི་འགྱུར་ཏེ། །བདག་འབྲེལ་མཐོང་
བ་མེད་ཕྱིར་རོ། །ཞེས་བྱ་བ་ལ། ཁྱོད་ཀྱི་ལུགས་ཀྱིས་བདག་ཉིད་ལ་བློ་མངོན་སུམ་གྱིས་མ་མཐོང་བར་དེའི་གཡོ་འགུལ་ཏེ་ལུས་ཀྱི་བསྒུལ་བསྐྱོད་དང་བརྗོད་པ་སྟེ། ལུས་ཀྱི་གནས་སྐབས་ཀྱི་ཁྱད་པར་ལ་སོགས་པའི་འབྲས་བུ་མཐོང་ནས། གཞན་གྱི་རྒྱུད་ལ་ཡོད་པའི་གཞན་གྱི་སེམས་
རྗེས་སུ་དཔོག་པར་མི་འགྱུར་ཏེ། བདག་ཉིད་ལ་བློ་དང་གཡོ་འགུལ་ལ་སོགས་པ་འབྲེལ་པར་མ་མཐོང་བའི་ཕྱིར་རོ། །མ་མཐོང་བ་ཡང་བློ་མངོན་སུམ་མ་ཡིན་པའི་ཕྱིར་རོ། །དེ་བས་ན་གཞན་གྱི་སེམས་རྟོགས་པར་མི་འགྱུར་རོ། །གཞན་ཡང་། །ཡིད་ཀྱི་བློ་ཡང་མ་ཡིན་ཏེ། །དོན་རྟགས་
གྲུབ་པ་མེད་ཕྱིར་རོ། །ཞེས་བྱ་བ་ལ། རྗེས་སུ་དཔོག་པར་ཡང་མི་འགྱུར་རོ་ཞེས་བྱ་བར་བསྙེགས་སོ། །གལ་ཏེ་དོན་མཐོང་ནས་བློ་རྗེས་སུ་དཔོག་ན་ནི་དེའི་ཚེ་ཡིད་ཀྱི་བློ་ལ་དོན་ཡོད་པ་མ་ཡིན་ན་དེ་ལ་རྟགས་ཀྱིས་ཅི་ཞིག་བྱེད། དོན་མེད་པ་ཡང་འདས་པ་ནི་འགགས་ལ་མ་འོངས་པ་ནི་མ་སྐྱེས་
པའི་ཕྱིར་དང་། ཡུལ་ལ་སོགས་པ་ཆོད་པའི་དོན་ཡང་འཛིན་པར་ནུས་པའི་ཕྱིར་རོ། །གཞན་དུ་ན་དོན་ཐམས་ཅད་མཐོང་བར་འགྱུར་རོ་ཞེས་བསྟན་ཟིན་ཏོ། །འོ་ན་གལ་ཏེ་རྟག་ཏུ་བློ་མངོན་སུམ་མ་ཡིན་པ་དེ་ལྟ་ན་ཡང་གཞན་གྱི་སེམས་ལ་སོགས་པ་རྗེས་སུ་དཔོག་པར་འགྱུར་ཏེ། ཇི་སྲིད་

དུ་བློ་དོན་མཐོང་བའི་དུས་ན་མི་སྣང་བ་ལ་ཕྱིས་ཤེས་པ་གཞན་གྱིས་འཛིན་པ། དེ་ལྟ་ན་ནི་འབྲེལ་པ་འཛིན་པ་ན། གཡོ་འགུལ་ལ་སོགས་པའི་བྱ་བས་རྗེས་སུ་དཔོག་པར་བྱེད་དོ་ཞེ་ན། དེ་ལ་སྨྲས་པ། ཁྱོད་ཀྱི་བློ་ཡང་བློ་གཞན་གྱིས། །ཇི་ལྟར་རབ་ཏུ་གསལ་བར་
འགྱུར། །ཞེས་བྱ་བ་ལ། ཁྱེད་ཀྱི་ལུགས་ཀྱིས་ཤེས་པ་གཞན་གྱིས་བློ་སྔ་མ་ཇི་ལྟར་གསལ་བར་འགྱུར་ཏེ་མ་ཡིན་ནོ། །གང་གི་ཕྱིར། གསལ་མིན་བདག་མཚུངས་པ་ཡི་ཕྱིར། །གང་ལ་གསལ་བྱ་གསལ་བྱེད་དངོས། །ཞེས་བྱ་བ་ལ། ཤེས་པ་གཉི་ག་ཡང་མི་གསལ་བའི་བདག་
ཉིད་ཡིན་ན། ཉམས་སུ་མྱོང་བ་མེད་པར་མཚུངས་པའི་ཕྱིར། བུམ་པ་དང་སྣམ་བུ་བཞིན་གསལ་བར་བྱ་བ་དང་། གསལ་བར་བྱེད་པར་ཇི་ལྟར་འགྱུར་ཏེ་མ་ཡིན་ནོ། །འདི་ལྟར་གསལ་བས་མི་གསལ་བའི་བུམ་པ་ལ་སོགས་པ་གསལ་བར་བྱེད་དེ། ཡུལ་ནི་ཇི་ལྟར་གསལ་བ་ཡིན། །
གསལ་ལ་ངོ་བོ་འཕོ་ཕྱིར་རོ། །ཞེས་བྱ་བ་ལ། གལ་ཏེ་མི་གསལ་བའི་བདག་ཉིད་ཀྱི་གསལ་བ་མ་ཡིན་ན་ཡུལ་ཡང་བེམས་པོ་ཡིན་པའི་ཕྱིར། གསལ་བ་མ་ཡིན་པར་འགྱུར་ཏེ། དོན་ངོ་བོ་ཉིད་ཀྱིས་གསལ་བ་ནི་མ་ཡིན་ནོ། །འོན་ཀྱང་ཤེས་པ་གསལ་བ་ལ་དོན་གྱི་ངོ་བོ་ཉིད་འཕོ་བ་ལ་ཡུལ་
གསལ་བ་ཞེས་བརྗོད་དོ། །དཔེར་ན་སྒྲོན་མའི་འོད་ཟེར་ལ་སོགས་པ་བུམ་པ་ལ་སོགས་པ་ལ་འཕོས་པས་གསལ་བ་བཞིན་ནོ། །གལ་ཏེ་གསལ་བ་ལ་གཟུགས་འཕོས་པ་ལས་དོན་གསལ་བ་དེའི་ཚེ་གསལ་བ་ཡང་གསལ་བ་གཞན་ལ་འཕོས་པས་གསལ་བ་ཡིན་ནམ། འདི་ནི་མི་སྲིད་
དོ། །སྨྲས་པ། གསལ་བ་དེ་ཡང་དེའི་དངོས་ཏེ། །རང་ཉིད་རབ་ཏུ་གསལ་བར་བྱེད། །ཅེས་བྱ་བ་ལ། ཤེས་པའི་ངོ་བོ་ཉིད་ཀྱིས་གསལ་བ་དེ་ཡང་དེའི་ངོ་བོ་སྟེ་རང་གསལ་བའི་དངོས་པོར་རང་ཉིད་ཀྱིས་གསལ་བར་བྱེད་པ་ཡིན་གྱི། གསལ་བ་གཞན་ལ་ལྟོས་པ་ནི་མ་ཡིན་ནོ། །འོན་ཏེ་
བློ་སྔ་མ་མི་གསལ་བའི་བདག་ཉིད་ཡིན་ཡང་བློ་ཕྱི་མས་སྔ་མ་གསལ་བའི་བདག་ཉིད་དེ། དེ་བཞིན་དུ་བློ་སྔ་མ་ལ་གཟུགས་ཉེ་བར་འཕོས་པ་དོན་ཡང་བློ་ལ་གསལ་བ་ཡིན་ནོ་ཞེ་ན། འདིར་སྨྲས་པ། དེ་ལྟར་བློ་ནི་ཁས་ལེན་ན། །བློ་ལ་བློ་ནི་རང་རིག་པར། །གྲུབ་ཀྱི་གཞན་དུ་ཆོས་མཚུངས་

ཅན། །ཡུལ་ཡང་བློ་དང་ལྷན་ཅིག་ཅེས། །ཞེས་བྱ་བ་ལ། བློ་རང་ཉིད་གསལ་བ་དེ་ལྟར་ཁས་ལེན་ན་ནི་ད་ནི་མི་གསལ་བ་བློ་ལ་འཕོས་པ་ལས་གསལ་བར་འདོད་པ་འདི་ལ་བློ་ཡི་ཡུལ་ཅན་གྱི་བློ་གང་ཡིན་པ་དེ་རང་གི་ངོ་བོ་ཉིད་ཀྱིས་རིག་པར་གྲུབ་ཀྱི། དེ་ལྟ་མ་ཡིན་ཏེ། གལ་ཏེ་བློ་གསལ་བ་མ་ཡིན་
པ་དེའི་ཚེ་གཞན་གྱིས་གསལ་བར་བྱ་བའི་ཕྱིར། ཡུལ་ཡང་བློ་དང་ལྷན་ཅིག་ཆོས་མཚུངས་པ་ཅན་ཡིན་པས་ཡུལ་ཡང་བློའི་གསལ་བར་བྱེད་པར་འགྱུར་རོ། །དེའི་ཕྱིར་དོན་དང་ཤེས་པ་དག་ཐ་དད་པར་གྲུབ་པ་མ་ཡིན་ནོ། །དེ་ཕྱིར་ཁོ་བོས་བློ་གསལ་དངོས། །དེ་ནི་རང་ཉིད་གསལ་བར་འདོད། །
འདི་ལ་གཞན་དངོས་འཕོས་པས་ན། །གསལ་བར་གྱུར་པ་གསལ་བ་ཡིན། །ཞེས་བྱ་བ་ལ། གང་གི་ཕྱིར་ཤེས་པ་གཞན་གྱིས་འཛིན་པའི་ཤེས་པ་ལ་དོན་དང་ཤེས་པ་ཐ་དད་པ་མེད་པའི་ཕྱིར་རོ། །ཁོ་བོ་ཅག་ནི་བློ་གསལ་བའི་ངོ་བོ་ཉིད། དེ་ཡང་རང་ཉིད་ཀྱིས་སྣང་བ་འདོད་ཀྱི། གཞན་ནི་དོན་དེ་བློ་
འདི་ལས་གཟུགས་འཕོས་པས་གསལ་བར་གྱུར་པས་གསལ་བ་ཡིན་ནོ། །བློ་གཅིག་ནི་རང་གསལ་བར་བྱེད་པར་འདོད་པ་མ་ཡིན་ནམ། གཞན་ནི་གསལ་བར་བྱ་བ་སྟེ་འདྲ་བ་འབྱུང་བའི་ཕྱིར། དཔེར་ན་བུམ་པའི་གཟུགས་འཛིན་པ་བཞིན་ནོ་ཞེ་ན། འདིར་སྨྲས་པ། འདྲ་བ་ཡིན་ན་ཡང་བློ་གཞན། །
འདི་ཡིས་གསལ་བར་མི་འདོད་དེ། །རང་ཉིད་གསལ་བར་བྱེད་པའི་ཕྱིར། །དོན་དེའི་ངོ་བོ་གསལ་བར་འགྱུར། །ཞེས་བྱ་བ་ལ། བློ་ཕྱི་མ་ནི་བློ་སྔ་མ་དང་འདྲ་བར་གྱུར་པ་ཡིན་ཡང་། བློ་གཞན་དེ་སྔ་མ་བློ་ཕྱི་མ་དེས་འདྲ་བ་ལས་གསལ་བར་བྱ་བར་མི་འདོད་པས་བློ་སྔ་མ་རང་ཉིད་དེ་བདག་ཉིད་ཀྱིས་
གསལ་བའི་ཕྱིར་དང་མི་གསལ་བ་ནི་གསལ་བར་འགྱུར་གྱི་བྱེད་པར་འདོད་དེ། གསལ་བར་བྱེད་པ་ལ་ནི་ཆོས་འདྲ་བ་ཙམ་གྱིས་གཞན་ལ་ལྟོས་པ་མ་ཡིན་ནོ། །གལ་ཏེ་འདྲ་བར་རིག་པ་ལས་དོན་ཇི་ལྟར་གསལ་བར་འགྱུར་ཏེ་དོན་ནི་དེ་ནི་ངོ་བོ་སྟེ་གསལ་བའི་ངོ་བོ་ཉིད་ཀྱིས་གསལ་བར་འགྱུར་
གྱི། །གཞན་གྱིས་མྱོང་བ་ནི་མ་ཡིན་ནོ། །བློའི་ནི་གཉི་ག་ཡང་རང་གསལ་བ་ཉིད་ཡིན་པའི་ཕྱིར་གསལ་བར་བྱ་བ་དང་གསལ་བར་བྱེད་པའི་དངོས་པོ་མ་ཡིན་ནོ། །དཔེར་ན་སྒྲོན་མ་དག་བཞིན་དུ། །གསལ་བྱ་གསལ་བྱེད་ཁྱད་པར་གྱི། །མར་མེ་བུམ་པ་དེ་རྟེན་ཅན། །ཐ་སྙད་དུ་ནི་གྲགས་

པ་ཡིན། །ཞེས་བྱ་བ་ལ། དཔེར་ན་སྒྲོན་མ་གཉི་ག་ཡང་གསལ་བའི་ངོ་བོ་ཉིད་དེ། འདྲ་བ་ཡིན་ཡང་གསལ་བར་བྱ་བ་དང་གསལ་བར་བྱེད་པའི་དངོས་པོ་མ་ཡིན་ནོ། །དེ་བཞིན་དུ་བློའི་ཡང་ཡིན་ནོ། །དཔེར་ན་སྒྲོན་མ་དང་བུམ་པ་དག་དེ་ལ་བརྟེན་པ་ཅན་ཏེ་གསལ་བ་ལ་
བརྟེན་པ་སྟེ། བུམ་པ་གསལ་བར་བྱ་བ་ཡིན་ལ། གསལ་བར་བྱེད་པ་སྒྲོན་མ་ཡིན་ནོ་ཞེས་ཐ་སྙད་དུ་བྱེད་པ་དེ་བཞིན་དུ་ཤེས་པ་དང་དོན་དག་ཀྱང་གསལ་བར་བྱེད་པ་དང་གསལ་བར་བྱ་བའི་ཐ་སྙད་གདགས་ཀྱི། དོན་དམ་པར་ནི་རང་རིག་པ་ཁོ་ན་ཡིན་ནོ། །ཞར་ལ་འོངས་པ་དེ་ཙམ་དུ་རན་ནོ། །གཞན་
ཡང་། །ཡུལ་དང་དབང་པོ་ཙམ་གྱིས་ནི། །མཐོང་བ་ཞེས་བྱར་ངེས་པ་མེད། །དེའི་ཕྱིར་གང་ལས་འདི་དེའི་འམ། །ཡང་ན་ཤེས་པ་གཞན་གྱིར་སྣང་། །ཞེས་བྱ་བ་ལ། ཡུལ་དང་དབང་པོ་དེ་ཙམ་གྱི་བློ་མེད་པར་མཐོང་བ་ཞེས་བྱ་བའི་ངེས་པར་སྐྱེ་བ་མ་ཡིན་ཏེ། གལ་ཏེ་ཡང་ཡུལ་དང་དབང་
པོ་ཙམ་ཉིད་ཀྱིས་མཐོང་བ་ཞེས་བྱ་བའི་ངེས་པར་འགྱུར་ན། དེའི་ཚེ་དངོས་པོ་ཐམས་ཅད་མཐོང་བའོ་ཞེས་བྱ་བར་ངེས་པར་འགྱུར་རོ། །འོན་ཏེ་མཐོང་བ་ཉིད་ལ་མཐོང་བརྩེ་ཞེས་པ་ཡིན་གྱི་ཐམས་ཅད་མ་ཡིན་ནོ་ཞེ་ན། མཐོང་བ་ཞེས་བྱ་བ་འདི་ཅི་ཡིན། ཤེས་པའི་ཡུལ་དུ་བྱས་པའོ་ཞེ་ན། འོ་ན་
འདི་མཐོང་ཞེས་བྱ་བ་ཅི་ཞིག་ཡིན་ཏེ། འདི་ཉིད་ལ་ཡང་བརྩད་པ་མཚུངས་སོ། །འོན་ཏེ་གང་དུ་མིག་མངོན་དུ་ཕྱོགས་པ་འདི་ཉིད་མཐོང་བའོ་ཞེ་ན། འོ་ན་མིག་མངོན་དུ་ཕྱོགས་པ་ཞེས་ཇི་ལྟར་ཤེས་པ་ཡིན། དེ་བས་ན་མིག་གི་ཡང་མཐོང་བ་ཉིད་ཀྱིས་ཤེས་པ་གཞན་མིག་ལ་སོགས་པ་
ལ་ལྟོས་ནས་ཐུག་པ་མེད་པར་འགྱུར་རོ། །དེས་ན་གང་ཞིག་མཐོང་བ་ལས་འདི་མཐོང་བའོ་ཞེས་ངེས་པའི་ཕྱིར། མིག་ལ་སོགས་པ་དེ་འམ། ཤེས་པ་གཞན་གྱི་མཐོང་བ་ནི་རང་རིག་པ་ཡིན་ཏེ། གཞན་དུ་ན་མཐོང་བ་ཞེས་པ་ངེས་པ་ཉིད་དུ་མི་རུང་བའི་ཕྱིར་རོ། །དྲན་པ་ལས་ཀྱང་
བདག་རིག་གྲུབ། །ཤེས་པ་གཞན་གྱིས་མྱོང་ན་ནི། །ཡི་གེ་མང་སྡོད་མེད་པའི་ཕྱིར། །ཡི་གེ་རིང་སོགས་འཛིན་མི་འགྱུར། །ཞེས་བྱ་བ་ལ། ཡུལ་གྱི་ཤེས་པ་དང་དེའི་ཤེས་པའི་ཁྱད་པར་འབའ་ཞིག་ལས་ཤེས་པའི་རང་རིག་པ་གྲུབ་པ་མ་ཡིན་ཏེ། དྲན་པ་ལས་ཀྱང་བདག་ཉིད་

རིག་པ་གྲུབ་པ་ཡིན་ནོ། །འོན་ཏེ་དྲན་པ་ནི་ཉམས་སུ་མྱོང་བ་ཙམ་གྲུབ་ཀྱི། རང་རིག་པ་མ་ཡིན་ཏེ། རིག་པ་གཞན་གྱིས་ཀྱང་དོན་གྱི་ཤེས་པ་དྲན་པར་རིགས་སོ་ཞེ་ན། དེ་ནི་མ་ཡིན་ཏེ། གང་གི་ཕྱིར། ཤེས་པ་གཞན་གྱི་མྱོང་ན་ནི། །ཐུང་ངུ་དང་ཆ་གསུམ་པ་དང་ཟླ་བ་ཕྱེད་དང་ཟླ་བ་
གཅིག་ལ་སོགས་པ་རྫོགས་པར་འཛིན་པར་མི་འགྱུར་ཏེ། ཡི་གེའམ་མ་མོ་རྣམས་མང་པོ་མི་སྡོད་པའི་ཕྱིར། དཔེར་ན་ཐུང་ངུ་གཉིས་སྡོམ་པ་ནི་མ་མོ་གཉིས་པའི་དུས་སུ་སྡོད་པ་མེད་པའོ། །མི་སྡོད་ན་ཡང་མ་མོ་ལ་སོགས་པ་མི་སྡོད་པ་དག་མི་སྡོད་པའི་མ་མོ་སྔ་མ་དང་ལྷན་ཅིག་
འཛིན་པར་མི་ནུས་སོ་ཞེས་སྔར་བསྟན་ཏེ། དེའི་ཕྱིར་ཐུང་ངུ་དང་སུམ་འགྱུར་དང་ཟླ་བ་ལ་སོགས་པ་འཛིན་པ་མ་ཡིན་ནོ། །མ་མོ་རེ་རེ་འཛིན་པ་ན་རིང་པོ་ལ་སོགས་པ་འཛིན་པ་མ་ཡིན་ཏེ། དཔེར་ན་ཐུང་ངུ་དང་རིང་པོ་གཉིས་བརྗོད་པ་བཞིན་ནོ། །འོན་ཏེ་རང་རིག་པ་གང་ཡིན་པ་དེའི་
ཡང་ཇི་ལྟར་རིང་པོ་ལ་སོགས་འཛིན་པ་ཡིན་ནོ་ཞེ་ན། རིང་པོའི་རྣམ་པ་ཅན་གྱི་བློ་གཅིག་ཉམས་སུ་མྱོང་བ་ལ་རིང་པོ་འཛིན་པར་འཇོག་པ་ཡིན་ནོ། །འོན་ཏེ་ཡི་གེ་རྣམས་སྡོད་པའི་ཕྱིར། ཡི་གེ་སྡོད་པ་རྣམས་འཛིན་པ་ལས་རིང་པོ་ལ་སོགས་པ་འཛིན་ཏོ་ཞེ་ན། འདིར་སྨྲས་པ། སྡོད་
པ་ཡིན་ན་རིམ་ལྡན་མིན། །བློ་ནི་ཅིག་ཅར་སྣང་བའི་ཕྱིར། །ཡི་གེ་རིམ་མིན་རིང་པོར་འགྱུར། །ཞེས་བྱ་བ་ལ། ཡི་གེ་རྣམས་སྡོད་པ་ཡིན་ན་ནི་ཡི་གེ་དེ་དག་བློ་གཅིག་ལ་ཅིག་ཅར་སྣང་བ་ཡིན་ནམ། རིམ་གྱིས་བརྟགས་ན། དེ་ལ་གལ་ཏེ་ཅིག་ཅར་སྣང་བ་ཡིན་ན་དེའི་ཚེ་བློ་གཅིག་
ལ་ཅིག་ཅར་སྣང་བའི་ཕྱིར་ཇི་ལྟར་ཡི་གེ་རིང་པོར་འགྱུར་ཏེ། དུས་རིམ་པ་དང་ལྡན་པར་སྣང་བ་ཉིད་ལ་རིང་པོ་ཞེས་རྣམ་པར་འཇོག་པའི་ཕྱིར་དང་རིམ་པ་དང་ལྡན་པ་ཡང་མ་ཡིན་ནོ། །འོན་ཏེ་སྐྱོན་འདིར་མ་གྱུར་ཅིག་སྙམ་ནས་ཡི་གེ་རྣམས་རིམ་གྱིས་འཛིན་ནོ་ཞེ་ན། འདིར་སྨྲས་
པ། །རིམ་ལྡན་ཡི་གེའི་ཆ་ཕན་ཚུན། །འདྲེ་བ་མེད་ཅན་ཇི་ལྟར་ན། །རིམ་མིན་པ་ནི་སྐྱེད་པར་བྱེད། །ཅེས་བྱ་བ་ལ། རིམ་པ་དང་ལྡན་པའི་ཡི་གེའི་ཆ་སྔ་ཕྱིའི་ངོ་བོ་ཉིད་ཅན་ཕན་ཚུན་འདྲེ་བ་མེད་པ་སྟེ་མི་སྡོད་པས་སྦྱོར་བ་མེད་པ་རྣམས་ཀྱིས་ཇི་ལྟར་བློ་གཅིག་སྐྱེད་པར་བྱེད་

དེ། འདི་ལྟར་ཡུལ་ཉམས་སུ་མྱོང་བའི་བློ་དང་ཡུལ་ཐ་དད་ན་བློ་ཡང་ཐ་དད་པར་འགྱུར་ན། ཇི་ལྟར་རིམ་པར་ཤེས་པ་ཡིན། འོན་ཏེ་ཡི་གེའི་བདག་ཉིད་འདི་དག་ཉིད་རིང་པོ་ལ་སོགས་པར་ཤེས་པ་ཡིན་ཏེ། དེའི་ཕྱིར་རིང་པོ་དང་ཡུལ་གཅིག་པའི་ཕྱིར་དེ་འཛིན་
པའི་བློ་གཅིག་པུ་ཡིན་ནོ་ཞེ་ན། སྔ་མ་ཐ་མའི་བར་གནས་ན། །ཕྱི་མའི་སྒྲ་ནི་འཕེལ་བར་འགྱུར། །ཞེས་བྱ་བ་ལ། གལ་ཏེ་རིང་པོ་ལ་སོགས་པའི་བློ་གཅིག་པ་ཉིད་ཡིན་ན་ནི། དེའི་ཚེ་དང་པོའི་དུས་སུ་ཤེས་པས་དུས་ཡུན་རིང་པོར་སྡོད་པ་མེད་པར་འགྱུར་ཏེ། ཡི་གེ་དང་པོ་ཐོས་
པ་དང་ཐ་མ་ཐོས་པ་རིང་པོར་འགྱུར་རོ། །འོན་ཏེ་སྔ་མ་དང་ཕྱི་མའི་ཆ། མཐོང་བས་རིང་པོ་ལ་སོགས་པར་ཤེས་སོ་ཞེ་ན། དེ་ལྟ་ན་ནི་རིང་པོ་གཅིག་ཏུ་མི་འགྱུར་རོ། །འོན་ཏེ་སྔ་མ་ཡང་རྗེས་སུ་ཞུགས་ལ་ཕྱི་མའི་ཆ་ཡང་མཐོང་བའི་ཕྱིར། རིང་པོར་རྟོགས་པ་ཡིན་ནོ་ཞེ་ན། དེའི་ཚེ་ཐ་
མའི་བར་དུ་སྔ་མའི་ཆ་གནས་པ་ཡིན་ན་ནི། ཕྱི་མ་སྟེ་དུས་ཕྱིས་ཀྱི་སྒྲ་ལ་ཆ་རེ་རེས་འཕེལ་བས་ཆེན་པོར་འགྱུར་ཏེ། སྔ་མའི་ཆ་མ་འགགས་པའི་ཕྱིར་དང་གཞན་ཕྱི་མ་སྐྱེས་པའི་ཕྱིར་རོ། །གཞན་ཡང་ཐ་མའི་བློ་ཡིས་རིང་པོ་འདི་ཤེས་པར་བྱའོ། །དེའི་ཚེ། རིམ་མིན་པ་ནི་འཛིན་པའི་
ཕྱིར། །ཐ་མ་རིམ་ལྡན་བློར་མི་འགྱུར། །ཞེས་བྱ་བ་ནི། ཐ་མས་རིམ་པ་མ་ཡིན་པར་ཡི་གེ་འཛིན་པའི་ཕྱིར། རིམ་པ་འཛིན་པའི་བློར་མི་འགྱུར་རོ། །འོན་ཏེ་བློ་སྔ་མ་ལ་ལྟོས་ནས་རིམ་པ་རྟོགས་པ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། སྔ་མ་དང་ཕྱི་མ་དག་སོ་སོ་ཡིན་པའི་ཕྱིར་རོ། །
འོན་ཏེ་སྔར་ཉམས་སུ་མྱོང་བ་སྐྱེས་པ་གཅིག་པུ་ཡིན་ནོ་ཞེ་ན། དེ་ལ་སྨྲས་པ། དེའི་ཕྱིར་ཡུལ་ནི་མི་སྡོད་ཕྱིར། །བློ་ནི་རང་ཉིད་གནས་པ་ཡིན། །ཞེས་བྱ་བ་ལ། ཡི་གེ་སྔ་མའི་ཆའི་བློ་ནི་དུས་ཕྱི་མར་རང་ཉིད་གནས་པ་མ་ཡིན་ཏེ། དེས་ན་སྐད་ཅིག་མ་དང་པོ་ལས་ཕྱི་ནས་ཡུལ་
ཏེ་ཡི་གེའི་ཆ་མི་སྡོད་པའི་ཕྱིར། སྔར་གྱི་སྒྲ་ནི་སྒྲ་གཞན་གྱི་དུས་ན་ཡོད་པ་མ་ཡིན་ནོ། །འོན་ཏེ་སྔར་གྱི་ཡུལ་མེད་ཀྱང་བློ་སྡོད་པ་ཡིན་ནོ་ཞེ་ན། དེའི་ཚེ། སྡོད་ན་ཕྱིས་ཀྱང་རང་ཉིད་ནི། །མི་འཇིག་བྱེ་བྲག་མེད་ཕྱིར་རོ། །ཞེས་བྱ་བ་ལ། ཡུལ་མེད་ཀྱང་བློ་རང་ཉིད་གནས་

ན། བློ་དེ་ཕྱིས་ཀྱང་འཇིག་པར་མི་འགྱུར་བའི་ཕྱིར། ཡི་གེའི་བློ་ཤིན་ཏུ་རིང་པོ་ཉིད་དུ་འགྱུར་རོ། །འོན་ཏེ་ཡི་གེའི་ཆ་མེད་ན་ཡང་དེ་ཉམས་སུ་མ་མྱོང་བའི་ཕྱིར། བློ་གནས་ན་ཡང་ཤིན་ཏུ་རིང་པོར་མི་འགྱུར་རོ་ཞེ་ན། དེའི་ཚེ་ཡང་རིང་པོ་འཛིན་པར་མི་འགྱུར་ཏེ་ཆ་ཙམ་མཐོང་བའི་ཕྱིར་རོ། །
འོན་ཏེ་ཡི་གེ་ཆ་སྐྱེ་བ་རིམ་གྱིས་མ་ཡིན་གྱི། འོན་ཀྱང་ཡི་གེའི་བདག་ཉིད་གཅིག་པ་ཉིད་ཡིན་ཏེ། ཅིག་ཅར་སྐྱེ་ཞིང་དུས་གཞན་དུ་སྡོད་པའོ་ཞེ་ན། འདིར་སྨྲས་པ། ཡི་གེ་རིམ་མིན་སྡོད་ན་ཡང་། །ཅིག་ཅར་སྐྱེ་ལ་སྐྱོན་འདི་ཡིན། །འབད་པས་ཅིག་ཅར་འབྱུང་བའི་ཕྱིར། །རྩོལ་བ་ཕྱི་མ་
དོན་མེད་འགྱུར། །ཞེས་བྱ་བ་ནི། རིམ་པ་མ་ཡིན་པར་ཅིག་ཅར་སྐྱེ་བ་ན། ཡི་གེ་ཕྱི་མར་སྡོད་པ་ལ་ཡང་ཕྱིས་ཀྱང་འཇིག་པར་མི་འགྱུར་བ་སྐྱོན་འདི་ཡོད་དེ་བྱེ་བྲག་མེད་པའི་ཕྱིར་རོ། །གཞན་ཡང་རྩོལ་བ་གཅིག་གིས་ལན་ཅིག་ཡི་གེ་སྐྱེ་བའི་ཕྱིར། འབད་རྩོལ་ཕྱི་མ་རྣམས་དོན་མེད་
པ་ཉིད་དུ་འགྱུར་རོ། །འོན་ཏེ་ཡི་གེ་རྣམས་འབད་པས་སྐྱེ་བར་གསལ་བ་ཡིན་གྱི། མི་གསལ་བ་ནི་མ་ཡིན་ནོ་ཞེ་ན། འདིར་སྨྲས་པ། ཡི་གེ་རྣམས་གསལ་བ་ཡིན་ནའང་། །སྐྱོན་དེ་དག་ནི་འབྱུང་བར་འགྱུར། །ཞེས་བྱ་བ་ལ། ཡི་གེ་རྣམས་འབད་པས་གསལ་བར་ཁས་
ལེན་ན་ཡང་སྐྱོན་དེ་དག་དེ་འབད་པས་གཞན་དོན་མེད་པ་ཞེས་བྱ་བ་ཐོབ་པར་འགྱུར་ཏེ། འབད་རྩོལ་གཅིག་ཉིད་ཀྱིས་ཡི་གེ་རྣམས་གསལ་བར་གྱུར་པའི་ཕྱིར། བློ་གཅིག་གིས་རིང་པོ་ལ་སོགས་པ་འཛིན་པ་མ་ཡིན་ནོ། །འོན་ཏེ་བློ་དུ་མས་ཡི་གེ་རྣམས་རིང་པོར་ཤེས་སོ་ཞེ་ན།
འདིར་སྨྲས་པ། དུ་མས་དེ་འཛིན་བློ་ཐ་མ། །གང་ཡིན་པ་ནི་མྱོང་འགྱུར་ན། །དེ་ཡང་རིང་པོར་འཛིན་བྱེད་མིན། །དེས་ན་རིང་བློ་དྲན་མི་འགྱུར། །ཞེས་བྱ་བ་ལ། གལ་ཏེ་བློ་དུ་མས་རིང་པོ་ལ་སོགས་པ་དེ་རྣམས་འཛིན་ན། དེའི་ཚེ་ཡི་གེ་སོ་སོ་བ་ཙམ་འཛིན་པའི་བློ་དེ་ཉམས་
སུ་མྱོང་བར་མི་འགྱུར་ཏེ། འོན་ཀྱང་བློ་གང་ཞིག་ཐ་མར་གྱུར་པ་དེ་ཉམས་སུ་མྱོང་བར་ནི་འདོད་དོ། །བློ་དེ་ཡང་རིང་པོར་འཛིན་པར་བྱེད་པ་མ་ཡིན་ཏེ། ཡི་གེ་ཐ་མའི་ཆ་ཙམ་དེ་ཉིད་ཀྱིས་འཛིན་པའི་ཕྱིར་རོ། །དེ་བས་ན་རིང་པོའི་དྲན་པར་མི་འགྱུར་ཞིང་། སྔར་གྱི་ཉམས་སུ་མྱོང་

བ་ལས་དྲན་པ་སྐྱེ་བར་མི་འགྱུར་ན། རིང་པོ་ལ་སོགས་པ་རྟོགས་པར་ཇི་ལྟར་འགྱུར། འོན་ཏེ་ཡི་གེའི་ཆ་འཛིན་པར་བྱེད་པའི་བློ་སྔ་མ་རྣམས་བློ་གཞན་ཐ་དད་པས་འཛིན་ནོ། །དེས་ན་ཐམས་ཅད་དྲན་པར་འགྱུར་བའི་ཕྱིར། རིང་པོ་ལ་སོགས་པའི་བློ་
དྲན་པར་འགྱུར་རོ་ཞེ་ན། འདིར་སྨྲས་པ། བློ་རྣམས་སོ་སོ་ཐ་དད་པས། །མྱོང་ན་དེའི་སྒྲ་ཐོས་པ་ནི། །ཆོད་པ་མེད་པར་སྣང་མི་འགྱུར། །སྲེ་བར་བྱེད་པའང་བསལ་བ་ཡིན། །ཞེས་བྱ་བ་ལ། ཡི་གེའི་ཆ་འཛིན་པའི་བློ་རྣམས་བློ་གཞན་གྱིས་ཉམས་སུ་མྱོང་བ་ཡིན་ན་ནི། དེ་
དག་གི་སྒྲ་ཐོས་པ་མ་ཆོད་པར་སྣང་བར་མི་འགྱུར་ཏེ། བློ་འཛིན་པའི་བློ་རྣམས་དང་ཡི་གེའི་ཆ་འཛིན་པའི་བློ་དག་རྒྱུན་འཆད་པའི་ཕྱིར་རོ། །བར་ཆད་པ་དག་མི་འཆད་པར་བྱ་བར་ནི་མི་ནུས་སོ། །འོན་ཏེ་ཡི་གེའི་ཆ་འཛིན་པའི་བློ་དག་རང་འཛིན་པའི་བློ་དང་བར་ཆོད་པ་ཡིན་ཡང་མྱུར་དུ་འཇུག་
པར་འཛིན་པས་བར་མ་ཆོད་པར་སྣང་ངོ་ཞེ་ན། དེ་ལ་སྨྲས་པ། སྲེ་བར་བྱེད་པ་ཡང་སྔོན་དུ་བཀག་པ་ཉིད་དེ། ཡི་གེ་རྣམས་ཅིག་ཅར་ཐོས་པར་འགྱུར་ཞེས་བྱ་བ་ལ་སོགས་པར་བདེ་བླག་ཏུ་བཀག་པ་ཡིན་ནོ། །གཞན་ཡང་། གལ་ཏེ་འདིས་ཆད་པ་ཐོས་ནའང་། །རྣམ་ཆད་མེད་པར་
འཁྲུལ་པར་འགྱུར། །ཐུང་བ་གཉིས་དག་བརྗོད་པ་ན། །རྣམ་ཆད་མེད་པར་འཁྲུལ་པར་འགྱུར། །ཞེས་བྱ་བ་ལ། གལ་ཏེ་བློ་འཛིན་པར་བྱེད་པས་སྒྲ་ལ་སོགས་པར་བར་ཆད་མ་མཐོང་བ་པོའི་སྐྱེས་བུ་འདིའི་མྱུར་དུ་འཇུག་པས་མ་ཆོད་པར་འཁྲུལ་པ་ཡིན་ན། དེའི་ཚེ་ཐུང་བ་
གཉིས་བརྗོད་པ་ན་ཡང་ཆད་པ་མེད་པར་འཁྲུལ་པར་འགྱུར་ཏེ། གཅིག་པ་ཉིད་དུ་རྟོགས་པར་འགྱུར་རོ། །གཞན་ཡང་རིང་པ