Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 183
Văn bản gốc(Tây Tạng)
Trang 15 / 19 (50.000 ký tự/trang)
དེ་ལ་མི་སླུ་བ་ཡིན་ནོ་ཞེ་ན། དེ་ལྟར་ཡིན་ན་དོན་བྱེད་པ་ལ་ཕྱོགས་པའི་ ཚད་མའི་ཐ་སྙད་རྒྱུ་ནི་དེ་ལས་མི་སླུ་བ་ཁོ་ན་ཡིན་གྱི་དོན་གྱིས་འཕངས་པའི་གནོད་པ་མེད་པ་ནི་མཚན་ཉིད་མ་ཡིན་ནོ། །མི་སླུ་བའི་མཚན་ཉིད་དེ་ཉིད་དོགས་པའི་སྒོ་ནས་མཇུག་བསྡུ་བ་སྟོན་པ་ནི། དེའི་ཕྱིར་ཞེས་བྱ་བའོ། །འདིས་ནི་གང་ལ་དོན་བྱེད་པ་ལ་མི་སླུ་བ་ཡོད་པ་དེ་ཚད་མ་ཡིན་ནོ་ཞེས་བརྗོད་པར་འགྱུར་ རོ། །གང་ལས་གནོད་པ་མེད་པ་ཚད་མར་འགྱུར་བ། གང་དུ་ཡུལ་གནོད་པ་དེ་ཚད་མ་མ་ཡིན་པ་ནི་མ་ཡིན་ནོ། །འདི་ཉིད་གསལ་བར་བྱེད་པ་ན། སྡུད་པ་ནི་གལ་ཏེ་ཞེས་བྱ་བའོ། །རང་ངམ་ཞེས་བྱ་བ་ནི་དོན་བྱེད་པར་སྣང་བ་བཞིན་དུ་རང་གི་ངོ་བོས་སོ། །གཞན་གྱིས་ནི་ཞེས་བྱ་བས་ནི་སྒྲུབ་པར་བྱེད་པ་ སྣང་བ་བཞིན་དུ་དོན་བྱེད་པར་སྣང་བའི་ཤེས་པ་གཞན་གྱི་རང་བཞིན་གྱིས་སོ། །གལ་ཏེ་རེ་ཞིག་རྨི་ལམ་དང་ཅིག་ཤོས་ཀྱི་རྣམ་པར་དབྱེ་བ་བདེན་པར་ཡོད་པ་མ་ཡིན་ནམ། གནོད་པ་མེད་པར་ནི་དེར་མི་འབྱུང་སྟེ། རྨི་ལམ་ན་ཡང་དོན་བྱེད་པར་སྣང་བ་མཐོང་བའི་ཕྱིར་རོ། །དེས་ན་རྨི་ལམ་དང་ཅིག་ཤོས་ཀྱི་ཚད་མ་ དང་གཞན་པའི་རྣམ་པར་བཞག་པ་ཡང་གནོད་པས་བྱས་པ་ཉིད་དོ་ཞེ་ན། དེ་ཉིད་དུ་ན་ནི། རྨི་ལམ་མིན་ཁྱད་མེད་ཅེས་སྨོས་སོ། །རྨི་ལམ་དང་ཞེས་བྱ་བ་ནི་རྣམ་པར་འགྲེལ་པའོ། །འོ་ན་ཚད་མ་དང་ཅིག་ཤོས་ཀྱི་རྣམ་པར་དབྱེ་བ་ནི་དེ་ཁོ་ན་ཉིད་དུ་འགྱུར་རོ་སྙམ་ན། དེ་བཞིན་དུ་ཞེས་སྨོས་སོ། །འདི་གཉི་ག་ཐ་སྙད་ ཙམ་དུ་ཇི་ལྟར་འགྱུར་ཞེ་ན། འཆད་པར་འགྱུར་རོ་ཞེས་སྨོས་ཏེ། ཐ་སྙད་ལས་ནི་ཚད་མ་ཉིད་ཅེས་བྱ་བའི་ནང་འདིར་རོ། །ཇི་སྐད་དུ་རྨི་ལམ་ན་ཡང་དོན་བྱེད་པར་སྣང་བ་ཡོད་དོ་ཞེས་བརྗོད་པ་དེར་ཡང་དོན་བྱེད་པར་སྣང་བ་ཙམ་གྱིས་ནི་ཚད་མ་མ་ཡིན་ན། གང་གི་མཚན་ཉིད་ཧ་ཅང་ཁྱབ་པའི་སྐྱོན་དུ་འགྱུར་འོན་ཀྱང་ དོན་བྱེད་པར་གནས་པར་མི་འགྱུར་བའི་རང་བཞིན་ནི་མི་སླུ་བ་ཡིན་ལ། དེ་ཡང་ཚད་མ་ཡིན་ནོ་སྙམ་དུ་ཞེ་ལ་བཞག་འདི་ནི་སྨྲས་སོ། །གལ་ཏེ་གཉི་ག་ལ་ཡང་དོན་བྱེད་པ་རིང་དུ་གནས་པ་མེད་པ་མ་ཡིན་ནམ། མོད་ལ་འགྱུར་བ་ནི་རེས་འགའ་སད་པ་ལ་ཡང་ཡོད་པའི་ཕྱིར་ཅི་ལྟར་མི་གཡོ་བ་དང་ཅིག་ཤོས་རྣམ་ པར་གཞག་ཅེ་ན། བདེན་ཏེ་ཞིབ་མོར་བརྟགས་ན་རྨི་ལམ་དང་ཅིག་ཤོས་དག་ཁྱད་པར་འགའ་ཡང་མེད་དོ་ཞེས་བརྗོད་ཟིན་པ་ཉིད་དོ། །དཔེར་ན་སད་པའི་གནས་སྐབས་ན་ཕྱི་རོལ་དུ་སྒྲོ་འདོགས་པ་དང་། ཉི་མ་དེ་འདས་ཏེ་མཚན་མོ་ལ་སོགས་པས་བར་དུ་ཆོད་ཀྱང་དོན་བྱེད་པར་སྣང་བ་ཉམས་སུ་མྱོང་བ་ལ་དྲན་པ་ཡོད་པ་ན་ བདེན་པར་སྒྲོ་འདོགས་པ་དང་། དེས་བྱས་པའི་ཕན་པ་རིམ་གྱིས་ཟད་པས་ཅུང་ཟད་རྗེས་སུ་འཇུག་པར་རློམ་པ་དེ་བཞིན་དུ་རྨི་ལམ་དུ་ནི་མ་ཡིན་ཏེ། དེའི་སྒྲོ་འདོགས་པ་ནི། གཉིད་ཀྱི་ཆའི་མཐར་ཐུག་པའི་ཡིན་པའི་ཕྱིར་རོ། །དེས་དོན་བྱེད་པ་བརྟན་པ་དང་མི་བརྟན་པ་ཞེས་བྱ་བ་ནི། སྒྲོ་འདོགས་བརྟན་པ་ དང་མི་བརྟན་པ་ཡིན་ནོ་ཞེས་བརྗོད་པར་འགྱུར་རོ། །དེ་ཉིད་སྟོན་པ་ནི་རྨི་ལམ་གྱི་ཞེས་བྱ་བའོ། །དོན་བྱེད་པ་ཞེས་བྱ་བ་ནི། དོན་བྱེད་པར་སྣང་བའོ། །གོམས་པ་ཞེས་བྱ་བ་ནི་བག་ཆགས་སོ། །དོན་བྱེད་པར་སྣང་བ་འདི་ནི་གོམས་པའི་སྟོབས་ལས་བྱུང་བ་ཡིན་གྱི། བདེན་པས་བྱས་པ་ནི་མ་ཡིན་ནོ་ཞེས་ངེས་པའི་ཕྱིར་ ན། ཚིམ་པ་ནི་ཡོད་པ་མ་ཡིན་ནོ། །སད་པས་ནི་བཟློག་པའི་ཕྱིར་ན་ཡོངས་སུ་ཚིམ་པ་ཡོད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདིས་ནི་བག་ཆགས་བརྟན་པ་དང་མི་བརྟན་པ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །དེའི་ཕྱིར་མི་སླུ་བའི་མཚན་ཉིད་ལ་འཁྲུལ་པ་མེད་པས་ན་ཧ་ཅང་ཁྱབ་པར་མཚུངས་པ་མ་ཡིན་ནོ། །ཀུན་རྫོབ་ ལ་བརྟེན་པའི་ཕྱིར་མི་སྲིད་པའི་གོ་སྐབས་མེད་པ་ཁོ་ནའོ། །དོན་བྱེད་པར་སྣང་བས་མ་ཁྱབ་པ་ཡང་མ་ཡིན་ནོ་ཞེས་བརྗོད་ཟིན་པས། མ་ཁྱབ་པ་བསྟན་པར་བྱ་བའི་ཕྱིར་མི་སླུ་བས་ཀྱང་མི་སླུ་བ་ཞེས་འདིས་གང་བརྗོད་པ་དེ་ཡང་སྤངས་པ་ཡིན་ནོ། །འདི་ནི་གཞན་ཉིད་ལ་སྐྱོན་ཡིན་ནོ་ ཞེས་སྨྲས་པ་ནི། གནོད་པ་མེད་པ་ཉིད་ཡིན་ན་ནི། ཐུག་པ་མེད་པ་ཁོ་ན་སྟེ་ཞེས་བྱ་བའོ། །འདི་ལ་ཤེས་པ་སྐྱེས་པ་ཉིད་ན་གནོད་པ་མེད་པ་མཚན་ཉིད་དུ་བརྗོད་དམ། དུས་གཞན་དུ་ཞེས་རྣམ་པར་རྟོག་པ་ཐ་དད་པའི་ཕྱིར་རོ། །ཐ་མི་དད་ན་ནི་དེའི་ཚེ་ཉིད་དོན་བྱེད་པ་ཡང་ཐོབ་པའི་ཕྱིར་མི་འཇུག་པར་ཐལ་བ་སོ་ན་ འདུག་གོ། །ཐ་དད་པ་ཡིན་ན་དེའི་བྱ་བ་སྒྲུབ་པའི་རང་བཞིན་ལ་འདིས་མ་རེག་པའི་ཕྱིར་གང་ལ་མི་སླུ། ཆུ་མཐོང་བ་ལ་ནི་མེ་ཐོབ་པ་མི་སླུ་བ་མ་ཡིན་ནོ། །གལ་ཏེ་རང་ངམ་གཞན་གྱི་དོན་བྱེད་པས་བྱས་པ་མི་སླུ་བ་མ་ཡིན་མོད། རང་གི་ངོ་བོ་རིག་པ་ཙམ་ཉིད་དེ་ཚད་མར་འགྱུར་རོ་ཞེ་ན། དེའི་རང་བཞིན་ རིག་པ་ཙམ་དེ་ནི་ཞེས་སྨོས་སོ། །དེའི་ཞེས་བྱ་བ་ནི་ཤེས་པ་ལ་སྣང་བ་སྟེ། ཕྱི་རོལ་ལམ་བརྫུན་པའམ། ཤེས་པའི་རང་བཞིན་ཉིད་དོ། །དེའི་སྒྲ་མེད་ན་ནི་རང་བཞིན་ཞེས་བྱ་བས་དངོས་པོའི་རང་བཞིན་འཛིན་པར་ཤེས་པར་འགྱུར་རོ། །གལ་ཏེ་རང་གི་རང་བཞིན་འཛིན་པ་ཉིད་ནི་ཚད་མར་མི་འདོད་དོ། ། དེ་ཅི་ལྟར་ཤེས་པ་ཐམས་ཅད་ལ་མཚུངས་ཤེ་ན། འོ་ན་དངོས་པོའི་རང་བཞིན་དེ་ཉིད་ནི་དོན་བྱེད་པ་ལ་མི་སླུ་བ་ཉིད་ལས་ཡིན་པའི་ཕྱིར་མི་སླུ་བ་སྤངས་པ་ལ་སྣང་བའི་རང་བཞིན་རིག་པ་ཉིད་གནས་པར་འགྱུར་ལ། སྣང་བའི་རང་བཞིན་རིག་པ་ཡང་ཐུན་མོང་ཡིན་པའི་ཕྱིར་ན་དོན་བྱ་བ་དོན་དུ་གཉེར་བ་རྣམ་པར་ ཕྱེ་ནས་འཇུག་པ་དང་ལྡོག་པ་མི་འཐད་པའི་ཕྱིར། ཐ་སྙད་པ་རྣམས་ཚད་མས་འཇུག་པའི་གཏམ་ཡང་ག་ན་ཡོད། རང་གི་ངོ་བོ་རིག་པ་ནི་དེ་ཁོ་ན་ཉིད་ཀྱི་ཚད་མར་འགྱུར་བའི་ཕྱིར་ཐ་སྙད་པ་སྨོས་སོ། །དེ་ལྟ་ན་དོན་ལ་མི་སླུ་བའི་སྒོ་ནས་རང་རིག་པའི་ཚད་མར་ཅི་ལྟར་འགྱུར་ཞེ་ན། དེ་ལྟ་མ་ཡིན་ཏེ་དོན་ཡོངས་ སུ་བཅད་པའི་མཚན་ཉིད་ཀྱི་དོན་བྱེད་པ་ནི། དེའི་རང་གི་ངོ་བོར་འགྱུར་བ་ཡིན་པས་སྐྱེས་པའི་དུས་ཉིད་ལ་གསལ་བ་དང་འདི་མཐོང་ངོ་ཞེས་ཐ་སྙད་དུ་བྱས་པ་ཡིན་པའི་ཕྱིར་སྐྱོན་མེད་དོ། །དེ་ལྟར་མི་སླུ་བ་ཚོལ་བ་ན་ཕྱི་མའི་དོན་བྱེད་པ་ལ་ལྟོས་པ་ཉིད་མི་སླུ་བར་རིགས་སོ། །དེས་ན་དེ་ཁོ་ན་ཉིད་དོ་ཞེས་བསྟན་པ་མ་ ཡིན་ནོ། །དེས་ན་རྣམ་པར་རྟོག་པ་གཉིས་པ་ལུས་པ་ན། ཚད་མའི་ཚུལ་ཅི་འདྲ་བར་གནས་པ་དེ་སྟོན་པ་ནི་དེའི་ཕྱིར་འབྱུང་འགྱུར་དོན་ཡུལ་དང་ཞེས་བྱ་བའོ། །གང་གི་ཕྱིར་དེ་ཁོ་ནར་ཚད་མ་དང་ཚད་མ་མ་ཡིན་པའི་རྣམ་པར་དབྱེ་བ་མེད་པའི་གཏན་ཚིགས་དེའི་ཕྱིར་ཐ་སྙད་རྗེས་སུ་འཇུག་པར་བྱེད་པ་ནི་སྐྱོད་པར་བྱེད་པ་ སྟེ། ཐ་སྙད་ལ་རྟེན་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །ཅི་འདྲ་བ་ཞིག་ཅེ་ན། ད་ལྟར་བའི་ཡུལ་ལ་ཞུགས་ཀྱང་ཐོབ་པར་བྱ་བ་འབྱུང་བར་འགྱུར་བའི་ཡུལ་ཅན་དང་། གཟུགས་ལ་ཞུགས་ཀྱང་རེག་བྱ་ལ་སོགས་པ་སྤྱོད་ཡུལ་དུ་བྱེད་པ་ཅན་ཏེ། གང་ཞིག་དེ་ལྟར་གྱུར་པ་དེ་ནི་ཐ་སྙད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། ། ཡང་ན་ཐ་སྙད་པ་གང་ཡིན་པ་དེ་ནི་འདི་ལྟ་བུ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡང་ཇི་ལྟར་གཞན་ཡུལ་དུ་གྱུར་པ་ན་ཡུལ་གཞན་རྣམ་པར་འཇོག་ཅེ་ན། ལྷག་པར་སྒྲོ་བཏགས་པས་ཞེས་སྨོས་ཏེ། གཅིག་ཏུ་སྒྲོ་བཏགས་པས་སོ། །གལ་ཏེ་ཐ་སྙད་ལ་ལྷག་པར་སྒྲོ་འདོགས་པར་སྲིད་ཀྱང་དེ་ལ་ལྟོས་པ་ཉིད་ཀྱིས་ཚད་ མར་རྣམ་པར་གཞག་པས་ཅི་ཞིག་བྱ། མཐོང་བཞིན་པ་ཉིད་ཡིན་པར་འགྱུར་རོ་ཞེ་ན། བཤད་པ་འབྱུང་བར་འགྱུར་བའི་དོན་དང་ཡུལ་གཞན་དེ་དག་ཐོབ་པ་དོན་དུ་གཉེར་བ་དང་། དེ་དག་གི་དོན་བྱ་བ་དོན་དུ་གཉེར་བ་སྟེ། ཐ་དད་པ་མེད་པར་བསྟན་ཏོ། །གལ་ཏེ་མཐོང་བ་གང་ཡིན་པ་དེ་ཉིད་ཕྱིས་དོན་བྱེད་པ་ཡིན་ པ་དེས་འབྱུང་བར་འགྱུར་བའི་དོན་དང་། གཅིག་པ་ཉིད་དུ་རིགས་པ་མ་ཡིན་ནམ། ཡུལ་གཞན་དང་གོ་ཇི་ལྟར་གཅིག་པར་རིགས་ཤེ་ན། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །དེ་བཞིན་དུ་འབྱུང་བར་འགྱུར་བའི་རང་བཞིན་ཡང་གཟུགས་ལ་སོགས་པའི་རང་བཞིན་འཛིན་པའི་ནང་དུ་མི་འདུའོ་ཞེས་འབྲེལ་ཏོ། ། འོ་ན་ཇི་ལྟར་གང་དུ་འདུས་ཤེ་ན། ལྷག་པར་སྒྲོ་བཏགས་པས་ནི་ཞེས་གསུངས་སོ། །དེ་གཅིག་ཉིད་ཡིན་པ་ཞེས་བྱ་བ་ནི་སྣང་བཞིན་པའི་གཟུགས་ལ་སོགས་པའི་རང་བཞིན་དང་གཅིག་པ་ཉིད་དོ། །ཡུལ་གཞན་ཡང་ཡིན་ནོ་ཞེས་བྱ་བ་ནི་རེག་བྱ་ལ་སོགས་པའི་མཚན་ཉིད་ཀྱང་གཅིག་ཡིན་ནོ་ཞེས་འབྲེལ་ཏོ། །ཡང་གི་ སྒྲས་ནི་འབྱུང་བར་འགྱུར་བའི་རང་བཞིན་ཡང་ངོ་། །དེ་ལྟར་གཟུགས་ཙམ་མཐོང་བ་ནི་བུམ་པ་བདག་གིས་མཐོང་ངོ་སྙམ་དུ་ལྷག་པར་ཞེན་པ་ན། གཟུགས་དང་རེག་པ་གཅིག་ཉིད་དུ་རྣམ་པར་འཇོག་པར་བྱེད་པ་ཉིད་དུ་དམིགས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡང་ན་བདག་གིས་མཐོང་བ་གང་ཡིན་པའི་དེ་ཉིད་འདིའོ་ ཞེས་བྱ་བས་སོ། །དེ་ལྟར་ཚད་མའི་ཚུལ་ལུགས་དཔྱད་ནས་སྐབས་ཉིད་མཇུག་སྡུད་པར་བྱེད་པ་ནི། དེས་ན་ཞེས་བྱའོ། །བརྟགས་པའི་རང་བཞིན་ཐ་མི་དད་པའི་སྒོ་ནས་སོ། །ཀྱང་གི་སྒྲས་ནི་ཀླུ་གྲུབ་པས་ཀྱང་ངོ་། །དེ་ཉིད་ཀྱི་ཕྱིར་བཤད་པ་ནི་གཉིས་རིམ་གྱིས་སུན་འབྱིན་པ་ནི། དང་པོ་ གནོད་པ་མེད་པ་ནི་ཞེས་བྱ་བ་ལ་སོགས་པའོ། །ཐམས་ཅད་ལ་ཞེས་བྱ་བ་ནི་ཚད་མ་དང་ཚད་མ་མ་ཡིན་པ་རྣམས་ལ་སྟེ། སྐྱེས་པའི་དུས་ཉིད་ན་གནོད་པ་དང་ཅིག་ཤོས་ཀྱི་ངེས་པ་ཉམས་སུ་མ་མྱོང་བའི་ཕྱིར་རོ། །ངེས་པ་ཡོད་ན་ཡང་། ཚད་མ་མ་ཡིན་པ་ནི་གཞན་ལས་རྣམ་པར་གནས་སོ་ཞེས་བྱ་བ་ལེགས་པར་ མི་གནས་པར་འགྱུར་རོ། །གདོན་མི་ཟ་བར་དུས་ཕྱིས་འབྱུང་བ་གནོད་པ་སེལ་བའི་ངེས་པས་ཚད་མར་བརྗོད་པ་དགོས་པའི་ཕྱིར་དེ་ཡང་གནོད་པ་མེད་པ་ལ་ལྟོས་པས་དེ་ཁོ་ན་བཞིན་ཐུག་པ་མེད་པའི་རྣམ་པར་རྟོག་པ་སྤང་བར་དཀའོ་ཞེས་བྱ་བའི་དོན་ཏོ། །དུས་ཕྱིས་ཞེས་བྱ་བ་ནི་བརྗོད་པར་འདོད་པ་གཞན་ མེད་པའི་ཕྱིར་ན། དུས་ཀྱི་ཁྱད་པར་ཉིད་ཀྱིས་ལས་ཀྱི་མཚན་ཉིད་ཀྱི་གཉིས་པ་ངོ་བོ་ཉིད་ཀྱིས་གྲུབ་པོ། །གནོད་པ་མེད་པ་ཡིན་ན་སྟེ། གནོད་པ་སེལ་བའི་མཚན་ཉིད་ཀྱི་ངེས་པ་ཁས་ལེན་ནའོ། །དེ་ལ་ཡང་ཞེས་བྱ་བ་དུས་ཕྱིས་འབྱུང་བ་གནོད་པ་སེལ་བའི་ངེས་པ་ལའོ། །འདི་ཉིད་སྡུད་པར་བྱེད་པ་ནི་དང་ པོ་གནོད་པ་མེད་པ་ནི་ཞེས་བྱ་བའོ། །གནོད་བྱེད་མེད་དོ་ཞེས་བྱ་བའི་ངེས་པ་གང་ཡིན་པ་དེར་ཡང་། གནོད་བྱེད་ཡོད་པ་ཅི་ལྟར་དོགས་པ་མ་ཡིན། དོགས་པ་ཅི་སྟེ་མེད་ཅེས་འདོན་པ་ནི་དོན་གཅིག་གོ། །དེ་ལ་ཡང་དུས་ཕྱིས་ཀྱི་གནོད་བྱེད་མེད་པའི་ངེས་པ་དོན་དུ་གཉེར་བར་བྱ་བའི་ཕྱིར་ཐུག་པ་མེད་པ་ ཉིད་དོ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་ཉ་ཕྱིས་ལ་དངུལ་དུ་ཤེས་པའི་གནོད་བྱེད་འདི་ནི། དངུལ་མ་ཡིན་ནོ་སྙམ་པའི་ཤེས་པ་གཉིས་ཡིན་ལ། དེའི་རྗེས་སུ་འཛིན་པར་བྱེད་པ་ཡང་ཉ་ཕྱིས་སུ་ཤེས་པ་ཡིན་པའི་ཕྱིར་དེ་ཙམ་གྱིས་མཐར་ཐུག་པ་ན་ཐུག་པ་མེད་པ་ག་ལ་འགྱུར་ཞེ་ན། དེ་ལྟར་ན་འོ་ན་ཉ་ཕྱིས་མཐོང་བ་ ལ་ཡང་ཟླ་བ་གཉིས་སུ་མཐོང་བ་ལྟར་འབྱུང་བར་འགྱུར་བའི་གནོད་པ་སྲིད་པའི་ཕྱིར། མཐར་ཐུག་པ་ག་ལ་ཡོད་དོ། །གང་ཞིག་གནོད་བྱེད་མ་སྐྱེས་ཀྱང་། །རྨོངས་པ་ཡིས་ནི་རྟོག་བྱེད་པ། །དེ་ནི་ཐ་སྙད་ཐམས་ཅད་ལ། །ཐེ་ཚོམ་བདག་ཉིད་ཉམས་པར་འགྱུར། །ཞེས་བྱ་བ་སྡིག་པ་ཙམ་ནི་དོན་བྱེད་པའི་ཕྱིར་ རོ། །གལ་ཏེ་ཡང་གོམས་པ་ལས་ནོར་བུ་དང་དངུལ་ལ་སོགས་པའི་རང་བཞིན་ལྟར་ཉ་ཕྱིས་ཀྱི་དོན་བྱ་བ་སྒྲུབ་པའི་རང་བཞིན་གྱི་ཁྱད་པར་གསལ་བ་ཡིན་ན། དེའི་ཚེ་དོན་བྱ་བ་དོན་དུ་གཉེར་བས་ཚད་མ་འཚོལ་ལ་དེ་ཚོལ་བའི་བྱེད་པ་ནི་དོན་བྱེད་པ་སྒྲུབ་པ་ངེས་པ་ཉིད་ན་རྫོགས་པར་གྱུར་པས་ཐུག་པ་མེད་པ་ལྡག་ པ་ཡིན་མོད་ཀྱི། འོན་ཀྱང་དེ་ལྟ་ཡིན་ན་མི་སླུ་བ་ཚད་མར་འགྱུར་རོ་སྙམ་དུ་དགོངས་པའོ། །ཡང་ན་གནོད་པ་མེད་པ་ཡིན་ན། ཚད་མ་ཉིད་མི་གནས་པ་ཉིད་དོ་ཞེས་རྟོགས་པར་བྱའོ། །ཚད་མ་ཉིད་རྣམ་པར་གནས་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སྐྱེ་བའི་དུས་ན་གནོད་པ་མེད་པ་ནི་ཐམས་ཅད་ལ་ཡོད་པས་ན་ ཧ་ཅང་ཁྱབ་པར་འགྱུར་རོ། །འབྱུང་བར་འགྱུར་བའི་གནོད་བྱེད་མེད་པར་ངེས་པ་ནི་མི་སྲིད་པ་ཉིད་ཀྱིས་མཚན་ཉིད་མ་ཡིན་ཏེ། འབྱུང་བར་འགྱུར་བ་ལ་ཚད་མ་བྱེད་པ་མེད་པའི་ཕྱིར་རོ། །མ་ངེས་པ་ཡང་མཚན་ཉིད་མ་ཡིན་ནོ། །གོམས་པ་ལས་སྒྲུབ་པར་བྱེད་པའི་རང་གི་ངོ་བོ་ངེས་ན་ནི་སྔ་མ་བཞིན་དོན་བྱ་བ་ངེས་པ་དྲངས་ པ་ཡིན་ནོ། །དེས་ན་གནོད་པ་མེད་པའི་རྟོགས་པ་ནི་དོན་དམ་པའམ་ཀུན་རྫོབ་ཏུ་ཡང་མཚན་ཉིད་མ་ཡིན་གྱི། མི་སླུ་བ་ཅན་གྱི་ཀུན་རྫོབ་ཁོ་ནར་མཚན་ཉིད་ཡིན་ལ། མཚན་ཉིད་ཀྱི་སྐྱོན་འགའ་ཡང་མེད་དོ་ཞེས་བྱ་བར་གནས་སོ། །གང་ཡང་དུང་ལ་སེར་པོར་ཤེས་པས་ཧ་ཅང་ཁྱབ་པ་རྩོད་པ་དེ་ལ་སྨྲ་བ་ ནི། དུང་སེར་པོར་ཞེས་བྱ་བའོ། །འདི་ལ་ཚད་མ་མི་སྲིད་པ་ག་ལས་ཡིན་ཞེ་ན། དེ་ལྟ་ཞེས་བྱ་བ་སྨོས་སོ། །དུང་སེར་པོའི་རྣམ་པས་བསྒྲུབ་པར་བྱ་བའི་དོན་བྱེད་པ་ཐོབ་པ་མེད་པའི་ཕྱིར་རོ། །དུང་ཙམ་ལ་མི་སླུ་བ་ཡོད་དོ་ཞེ་ན། མཐོང་བཞིན་པའི་སེར་པོའི་རྣམ་པ་ལས་མ་གཏོགས་པའི་དུང་ནི་སྣང་བ་མེད་དོ། །དབྱིབས་ ཙམ་སྣང་ངོ་ཞེ་ན། དབྱིབས་ཀྱང་སེར་པོའི་རྣམ་པ་ལས་མ་གཏོགས་པར་ནི་སྣང་བ་མེད་དོ། །སེར་པོའི་རྣམ་པ་ལ་ཡང་བསླུས་པའི་ཕྱིར། གཞན་གང་དུ་མི་སླུ་བ་ཡོད། །དེས་ན་མངོན་སུམ་གྱི་ཚད་མ་མ་ཡིན་ནོ། །སླུ་བ་མེད་པའི་དོན་འཁྲུལ་པ་མེད་པར་བྱ་བའི་དབྱིབས་ཙམ་ལ་ནི་ཚད་མ་གཞན་མི་བཟློགས་ སོ་ཞེས་བསྟན་པ་ནི། དབྱིབས་ཙམ་གྱི་ཞེས་བྱ་བའོ། །གྲུབ་པ་ནི་ཐོབ་པའོ། །རྗེས་སུ་དཔག་པ་དེ་ཉིད་སྟོན་པ་ནི་འདི་ལྟར་ཞེས་བྱ་བའོ། །སྣང་བ་ནི་དུང་དང་དཀར་པོ་ལྟར་རབ་རིབ་ཅན་ལ་དོན་གྱིས་ན་འབྲས་བུའི་རྟགས་ཡིན་ནོ། །དེ་ལ་ཡང་ཁ་དོག་སེར་པོ་མེད་ཀྱང་། དབྱིབས་ཀྱིས་བསྒྲུབ་བྱ་ཆུ་འཛིན་ པ་ལ་སོགས་པའི་དོན་བྱེད་པར་གྲུབ་པའི་ཕྱིར། དེ་འདྲ་བའི་སྣང་བ་དབྱིབས་ཙམ་གྱི་མཚན་ཉིད་ཀྱི་བདག་པོའི་རྐྱེན་དང་འབྲེལ་པར་གྲུབ་པོ། །དེས་ནི་དེ་ལ་རྗེས་སུ་དཔག་པ་ཡིན་གྱི་གཞན་ལ་ནི་མ་ཡིན་ནོ་ཞེས་སྟོན་པ་ནི། གང་གིས་ཞེས་བྱ་བའོ། །དུང་དཀར་པོ་མ་མཐོང་མ་ཐོས་པའི་མིག་སེར་ ཅན་གང་གིས་སེར་པོར་སྣང་བ་དུང་སེར་པོ་མེད་པར་འཁྲུལ་པ་ནམ་ཡང་མ་མཐོང་གི། འོན་ཀྱང་དུང་སེར་པོར་སྣང་བ་ན་འདི་འདྲ་བའི་དུང་ཉིད་ཡོད་པར་འགྱུར་རོ་སྙམ་པར་རློམ་པའི་རྟོགས་པ་པོ་དེ་ནི་སླུ་བ་ཁོ་ནའོ། །གང་དུ་སླུ་ཞེ་ན། ཇི་ལྟར་མངོན་པར་འདོད་པའི་དུང་སེར་པོ་ལའོ། །གང་ལས་ཤེ་ན། ཇི་ལྟར་ བསམ་པའི་དུང་སེར་པོ་ལ་བསླུས་པའི་ཕྱིར་ཏེ། མཐོང་བའི་ཕྱིར་རོ། །སྔ་མ་ལ་ནི་རྟོགས་པ་འདི་མེད་དོ་ཞེས་སྨྲས་པ་ནི། འཁྲུལ་པ་རིག་པ་གང་ཡིན་པ་ཞེས་བྱ་བའོ། །དེའི་དཔྱད་པ་ཉིད་བརྗོད་པ་ནི་གཞན་ལ་ཞེས་བྱ་བའོ། །འདིས་ནི་རྗེས་སུ་དཔག་པ་བསྟན་ཏོ། །གཞན་ལ་ཞེས་བྱ་བ་ནི། སེར་པོའི་ རང་བཞིན་ལ་སྟེ། གསེར་དུ་གཏོགས་པའི་སེར་པོ་ཡང་ཡོད་པའི་ཕྱིར་ན་སེར་པོའམ་དཀར་པོ་ཞེས་ཐེ་ཚོམ་ཟའོ། །བཟློག་པར་གྱུར་པ་ཡིན་ཡང་རུང་སྐྱེ་ཞེས་བྱ་བ་ནི་འདི་ནི་རབ་རིབ་ཀྱི་སྐྱོན་ཉིད་ཡིན་གྱི། དུང་གི་དཀར་པོ་ཉིད་དོ་ཞེས་ཐེ་ཚོམ་ལས་ཟློག་པ་ངེས་པར་འགྱུར་བ་ཡིན་ཏེ། རིགས་པ་འགའ་ཞིག་ གིས་རྣམ་པར་གཞག་པའི་ཕྱིར་རོ། །འོན་ཀྱང་རིགས་པ་དེ་རྣམ་པ་ཐམས་ཅད་དུ་ཕྱིན་ཅི་ལོག་གི་དོགས་པ་བསལ་བར་མི་འགྱུར་བའི་ཕྱིར་ན། ཐེ་ཚོམ་གྱི་བྱེ་བྲག་ཉིད་དོ། །དེ་ལྟ་མ་ཡིན་ན་དབྱིབས་རྗེས་སུ་དཔག་པའི་དོན་མེད་པར་འགྱུར་བའི་ཕྱིར་ཏེ། དུང་དཀར་པོར་གྲུབ་པ་ཉིད་ཀྱིས་གྲུབ་ པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་མཇུག་སྡུད་པར་རྗེས་སུ་དཔག་པ་དང་། ཐེ་ཚོམ་ཉིད་བརྗོད་དོ། །འདིས་ནི་ཞེས་བྱ་བ་ལ་སོགས་པ་ནི་ནོར་བུ་སྒྲོན་མའི་འོད་དག་ལ་ཞེས་བྱ་བ་དེར་སྤྲོ་བར་འགྱུར་རོ། །གལ་ཏེ་གཉི་ག་ཡང་རང་གི་རང་བཞིན་རིག་པའི་བདག་ཉིད་ཅན་ཡིན་པའི་ཕྱིར། གཅིག་ཚད་མ་ཡིན་ལ་གཞན་ནི་ ཚད་མ་མ་ཡིན་ནོ་ཞེས་ཅི་ལྟར་རྟོགས་ཞེས་བསམས་ནས་རྩོད་པ་བྱེད་པ་ནི། ཅི་སྟེ་ཞེས་སྨོས་པ་ཡིན་ནོ། །ལེན་དུ་འདི་ཡང་ཞེས་བྱ་བ་སྟེ། ཐ་སྙད་ལས་ནི་ཚད་མ་ཉིད་ཅེས་བྱ་བ་འདིར་རོ། །གལ་ཏེ་སྣང་བའི་སེར་པོ་ཐོབ་པ་མེད་པའི་ཕྱིར། །དུང་སེར་པོར་ཤེས་པ་ཚད་མ་མ་ཡིན་པ་མ་ཡིན་ནམ། དེ་བཞིན་དུ་ སྒྲ་ལས་བྱུང་བའི་ཤེས་པ་ལ་ཡང་ཐོབ་པར་བྱ་བ་འགའ་ཡང་མེད་པའི་ཕྱིར། དེ་ཡང་ཚད་མར་མི་འགྱུར་རོ་ཞེས་དོགས་པ་ལ། བཏབ་ཟིན་པ་ཉིད་ཀྱི་ལན་དྲན་པ་བྱེད་པ་ནི་སྒྲའི་ཡུལ་ཅན་གྱི་ཤེས་པ་ནི་ཞེས་བྱ་བའོ། །གལ་ཏེ་སྔར་སླུ་བ་མེད་པ་ཅན་ཉིད་ཚད་མར་བརྗོད་པ་མ་ཡིན་ནམ། དེ་ལྟ་གོ་མངོན་པར་ འདོད་པ་སྟོན་པ་ཉིད་ཅི་ལྟར་བརྗོད་ཅེ་ན། མངོན་པར་བསམས་པའི་དོན་ཞེས་སྨོས་སོ། །འདིས་ནི་མངོན་པར་འདོད་པའི་དོན་སྟོན་པར་བྱེད་པ་ཉིད་ནི་མི་སླུ་བ་ལས་གཞན་མ་ཡིན་གྱི། འོན་ཀྱང་མི་སླུ་བ་ཉིད་དོ་ཞེས་བརྗོད་པ་ཡིན་ནོ། །འདི་ཉིད་སྡུད་པ་ནི་གཞལ་བྱའི་རང་བཞིན་ཞེས་བྱ་བ་ལ་སོགས་པའོ། ། དེར་ནི་ཞེས་བྱ་བ་ནི། གཞལ་བྱའི་རང་བཞིན་ལའོ། །གལ་ཏེ་སླུ་བ་ལ་སོགས་པའི་རང་བཞིན་རིག་པ་ཉིད་འདིར་མངོན་པར་འདོད་པ་དང་། རྫོགས་པ་ཐོབ་པ་ཡིན་དུ་ཆུག་མོད། དེ་ལྟ་ན་ཡང་མི་སླུ་བ་ཉིད་ནི་ཐམས་ཅད་དུ་དོན་བྱེད་པ་ཐ་དད་པ་ཡིན་པར་གཞན་དུ་དམིགས་སོ་ཞེས་བརྒལ་ཞིང་བརྟག་པ་ན་ཁྱོད་ཀྱིས་ ལན་ཅུང་ཟད་གདབ་དགོས་སོ་ཞེ་ན། གལ་ཏེ་གཞན་གྱིས་མི་སླུ་བར་འགྱུར་རོ་ཞེས་བྱ་བའི་ཞེན་པ་འདི། དེ་ཁོ་ནའམ་ཐ་སྙད་དུ་ཡིན་ཕྱོགས་དང་པོ་བརྗོད་པ་ནི་འདིར་རང་གི་ངོ་བོར་ཞེས་བྱ་བའོ། །ཨརྠ་ཀྲེ་ཡ་ཛ་ཏེ་ཞེས་བྱ་བ་ནི་དོན་བྱེད་པ་གྲུབ་པའམ་དོན་བྱེད་པའི་རྣམ་པའོ། །གལ་ཏེ་དེའི་དོན་བྱེད་པ་འགའ་ཡང་མེད་དོ་ཞེས་ བྱ་བ་ནི་འདིར་ལོག་པར་རྟོགས་པ་མེད་དེ། དེ་ལྟ་ན་ནི་འཇུག་པ་ཉིད་དུ་མི་འགྱུར་རོ། །དོན་བྱེད་པ་གཞན་གྱིས་མི་སླུ་བར་འགྱུར་བར་རིགས་སོ་ཞེས་བྱ་བ་འདི་ལ་ནི་ཅུང་ཟད་ཀྱང་མ་བརྗོད་དོ་ཞེ་ན། གཟུགས་ལ་སོགས་པ་ལ་ཡང་ཞེས་སྨོས་སོ། །འདི་དག་རང་གི་རང་བཞིན་རིག་པ་འབའ་ཞིག་ཉིད་ནི་རིག་པ་ཙམ་མོ། ། གཞན་ལ་ཞེས་བྱ་བ་ནི་བྱ་བའི་རང་བཞིན་ནམ། དེའི་སྒྲུབ་བྱེད་ཀྱི་རང་བཞིན་ལའོ། །འདིར་བསམ་པ་ནི་འདི་ཡིན་ཏེ། གལ་ཏེ་ཡུལ་འཛིན་པའི་ཤེས་པ་དེ་ཉིད་གཞན་ལ་ཡང་ཚད་མ་ཡིན་ན་ནི་དེའི་ཚེ་དེས་ཉེ་བར་གཞག་པའི་དོན་བྱེད་པ་དེའི་མི་སླུ་བར་འགྱུར་ན། དེ་ལྟར་ཡང་མ་ཡིན་ཏེ། གང་དུ་ཞེས་བྱ་བ་ལ་ སོགས་པའོ། །གལ་ཏེ་གཞན་དང་གཅིག་ཏུ་སྒྲོ་འདོགས་ན་དེའི་ཚེ་ཧ་ཅང་ཐལ་བར་འགྱུར་རོ་སྙམ་དུ་དོགས་ན། ཁྱད་པར་སྟོན་པར་བྱེད་པ་ནི་དེ་ལ་ཞེས་བྱ་བའོ། །འབྱུང་བར་འགྱུར་བའི་རང་བཞིན་ལ་ནི། མཐོང་བཞིན་དེའི་རྒྱུ་ཡིན་པ་ཉིད་དོ། །ཡང་ན་མཐོང་བཞིན་དེ་འདིའི་རྒྱུ་ཡིན་པ་ཉིད་དེ། ཉེ་བར་ལེན་པ་དང་ཉེ་ བར་ལེན་པ་ལས་བྱུང་བའི་དངོས་པོ་ཉེ་བ་ཉིད་དུ་བརྗོད་པར་འདོད་པའི་ཕྱིར་རོ། །དེ་དང་ཚོགས་པ་གཅིག་པ་ལ་རག་ལས་པ་ཉིད་ཀྱིས་ཞེས་བྱ་བ་ནི། གཟུགས་དང་ལྷན་ཅིག་ཚོགས་པ་གཅིག་ལ་རག་ལས་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཚོགས་པ་གཅིག་ལ་རག་ལས་པ་ཉིད་ ཀྱང་སྐབས་ཀྱིས་གང་དུ་རྒྱུད་རྣམ་པར་དབྱེ་བ་བྱེད་པ་འཇུག་པའམ། དོན་གཅིག་བྱེད་པ་ཉིད་ཁྱད་པར་ཅན་འདོད་པ་ཡིན་ཏེ། གཞན་དུ་ན་དུ་བ་དང་ཐལ་བ་བཞིན་དུ་གསལ་བར་འཁྲུལ་པར་འགྱུར་རོ། །ཅི་སྐད་དུ་བཤད་པ་གཅིག་ཏུ་ལྷག་པར་ཞེན་པ་མེད་ན་ཚད་མ་ཉིད་མེད་པར་བརྗོད་པ་ནི། སྨིག་ རྒྱུ་ལ་ཆུར་ཤེས་པ་གང་ལ་ཆུས་བསྒྲུབ་པར་བྱ་བའི་དོན་བྱ་བ་ལས་སྨིག་རྒྱུས་བསྒྲུབ་པར་བྱ་བའོ། །དོན་བྱེད་པ་ཐ་དད་པར་མངོན་པར་འདོད་པ། ཆུའི་ཤེས་པ་དེ་ནི་ཚད་མ་མ་ཡིན་པ་ཉིད་དོ་ཞེས་འབྲེལ་ཏོ། །སྤྱིར་བརྗོད་པའི་དོན་ཁྱད་པར་གྱི་མཐར་ཐུག་པ་བྱེད་པ་ནི། དཔེར་ན་ཆུ་འཛིན་པའི་ཤེས་པ་ལས་ཞེས་བྱ་ བའོ། །གལ་ཏེ་ཆུ་དང་སྨིག་རྒྱུ་དག་གི་ཐ་དད་པ་ལ་བརྟེན་པ་ཉེས་པ་ཡིན་ལ། མཐོང་བཞིན་དང་ཐོབ་པ་གཉིས་ཀྱིས་ཐ་དད་པ་གང་གིས་ཟློག །འོན་ཏེ་མེའོ་ཞེས་བྱ་བར་རྟོགས་པར་མཚུངས་པས་གཅིག་ཉིད་ཡིན་ན། དེའི་ཚེ་ཆུ་དང་སྨིག་རྒྱུ་དག་ལ་ཡང་དངོས་པོ་ཉིད་མཚུངས་པ་དེས་ན། དེ་ལ་ཡང་འགྱུར་རོ། ། དོན་བྱེད་པ་གནས་པ་ཡང་སྤྱིར་བསྟན་པའི་ཕྱིར་རོ། །རི་མོའི་ཤེས་པ་ཡང་གི་སྒྲས་བསྡུས་པས་ཀྱང་ཅི་བྱ་སྟེ། ཤེས་པ་གཞན་དང་གཞན་ཉིད་མི་སླུ་བ་ཡིན་པར་འགྱུར་མོད་ཅེ་ན། དེ་ཉིད་ཀྱི་ཕྱིར་ཞེས་སྨོས་ཏེ། དེ་ལྟ་བུ་ཁོ་ནར་བསམས་ནས་ཞེས་བྱ་བའི་དོན་ཏོ། །ཡང་རྣམ་འགྲེལ་གྱི་ཆ་རྗེས་སུ་ བརྗོད་པ་ནི། མངོན་པར་འདོད་པ་དེ་སྟོན་པ་ལ་གཙོར་བྱེད་པ་བསྟན་པའི་ཕྱིར་རོ། །འདིས་ནི་དོན་བྱེད་པ་གནས་པ་ཙམ་མི་སླུ་བ་མ་ཡིན་གྱི། འོན་ཀྱང་མངོན་པར་འདོད་པ་དོན་བྱེད་པ་གནས་པ་ཡིན་པར་འདོད་དོ་ཞེས་བརྗོད་པ་ཡིན་ནོ། །དེས་ཅིར་འགྱུར་ཞེ་ན། དེ་ལྟ་ཡིན་དང་ཞེས་སྨོས་སོ། །ལྷག་མ་ ནི་རྟོགས་པར་སླའོ། །དེ་ལ་སྣམ་བུ་ཐོབ་པ་ན་བུམ་པའི་ཤེས་པ་ཚད་མ་བཀག་པས་ནི་ཆུའི་ཤེས་པ་བཤད་པ་ཡིན་ནོ། །ཇི་སྲིད་ཉ་ཕྱིས་མ་ཐོབ་ཀྱི་བར་དུ་དངུལ་གྱི་ཤེས་པ་ཡང་ནས་ཡང་དུ་བྱུང་ཡང་། མངོན་པར་འདོད་པ་ལ་མི་སླུ་བ་མེད་པས་ཚད་མ་ཉིད་ཡིན་པ་བཀག་པས་ནི། རི་མོའི་ཤེས་པའི་ རྒྱུན་དུ་བྱུང་ཡང་དེ་ཙམ་གྱིས་ཚད་མ་མ་ཡིན་ཏེ། ཤེས་པའི་སྐད་ཅིག་མ་གཞན་མ་སྐྱེས་ན་ཚད་མ་དང་པོའི་ཤེས་པ་ཚད་མ་མ་ཡིན་པར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་གློག་ལ་སོགས་པ་བཞན་དུ་དང་པོ་མཐོང་བ་ཡང་། མངོན་པར་འདོད་པ་ལ་མི་སླུ་བའི་ཕྱིར་ཚད་མ་ཡིན་ནོ་ཞེས་བརྗོད་པར་ འགྱུར་རོ། །མངོན་པར་འདོད་པ་སླུ་མེད་ཕྱིར། །ཞེས་བྱ་བ་ལ་སོགས་པ་ནི། སྡུད་པར་བྱེད་པའོ། །རིགས་མཐུན་འདྲ་བའོ། །རིགས་མཐུན་པའི་ཤེས་པ་སྐྱེ་བ་ཙམ་གྱིས་ནི་མ་ཡིན་ཏེ། དངུལ་གྱི་ཤེས་པའི་རྒྱུན་ཡང་ཐལ་བར་འགྱུར་བའི་ཕྱིར་རོ། །རིགས་མི་མཐུན་པའི་ཤེས་པ་ཙམ་གྱིས་ ཀྱང་མ་ཡིན་ཏེ། ཤིན་ཏུ་ཐ་དད་པ་བུམ་པ་ལ་སོགས་པའི་ཤེས་པ་ཡང་ཚད་མ་ཉིད་དུ་ཐལ་བའི་ཕྱིར་རོ། །གལ་ཏེ་དེ་ལྟ་ན་ངལ་བ་མང་པོས་མི་སླུ་བ་ཁས་བླངས་པ་འདིས་ཅི་བྱ་སྟེ། རྟོགས་པ་ཙམ་ནི་སྤྱིར་ཚད་མར་གྲུབ་པ་ཡིན་ན། གནོད་པར་བྱེད་པ་དམིགས་ཀྱིས་སེལ་བ་ནི། སྤོང་བར་བྱེད་པ་ཡིན་ ནོ་ཞེས་བྱ་བ་ཉིད་ལེགས་པ་ཡིན་ནོ་ཞེ་ན། གནོད་པར་བྱེད་པའི་ཤེས་པའི་རྣམ་པར་གནས་པ་སྟེ། རྣམ་པར་གཞག་པ་གང་ཡིན་པ་དེ་ཡང་དེ་ལྟ་བུའི་རྣམ་པ་ཉིད་དེ། མི་སླུ་བའི་རྣམ་པ་ཉིད་དོ། །དཔེར་ན་ཤེས་པ་སྔ་མའི་བསམ་པའི་དབང་གིས་ཤེས་པ་ཕྱི་མ་མི་སླུ་བའོ་ཞེས་རྣམ་པར་གཞག་པ་དེ་ བཞིན་དུ་གནོད་པར་བྱེད་པ་ཡང་ཡིན་ནོ། །དེས་ན་གནོད་བྱེད་ཀྱི་རྣམ་པར་གནས་པ་ཡང་མི་སླུ་བའི་རྣམ་པ་ལས་ཡིན་ནོ། །མངོན་པར་འདོད་པའི་ངོ་བོར་མ་བྱས་ན་ནི། དོན་དམ་པར་གནོད་བྱ་དང་གནོད་བྱེད་ཀྱི་དངོས་པོ་ཡོད་པ་མ་ཡིན་ནོ་ཞེས་སྟོན་པ་ནི་དེ་ཉིད་དུ་ན་ཞེས་བྱ་བའོ། །དོན་དམ་པར་ནི་རིགས་ མི་མཐུན་པའི་རྣམ་པར་ཤེས་པ་སྐྱེས་པ་འབའ་ཞིག་ཏུ་ཟད་ཀྱི། དེ་གནོད་པར་བྱེད་པ་ནི་མ་ཡིན་ཏེ། སྔར་ཅི་སྐད་བཤད་པ་བཞིན་ནོ། །ལྷག་པ་ཡང་བརྗོད་པ་ནི། གལ་ཏེ་རིགས་མི་མཐུན་པའི་ཞེས་བྱ་བའོ། །རིགས་མཐུན་པའི་ཤེས་པ་སྐྱེས་པ་གནོད་བྱེད་དུ་ཁས་མ་བླངས་པའི་ཕྱིར། གལ་ཏེ་རིགས་ མི་མཐུན་པའི་ཤེས་པ་སྐྱེ་བ་གནོད་བྱེད་དུ་གཞན་འདོད་ན་དེའི་ཚེ་བུམ་པའི་ཤེས་པ་ཞེས་བྱ་བ་ལ་སོགས་པ་རྟོགས་པར་བླའོ། །གལ་ཏེ་མིན་ཞེས་བྱ་བ་གཞན་གྱིའོ། །རིགས་མི་མཐུན་པའི་ཤེས་པ་ལ་ཡང་གལ་ཏེ་མ་ཡིན་ནོ་སྙམ་དུ་ཤེས་པ་ལྷན་ཅིག་བྱེད་པ་ཡིན་པ་དེའི་ཚེ། གནོད་བྱེད་ཡིན་ན། གང་གི་ ཚེ་བུམ་པའི་ཤེས་པ་ཡོད་པ་ན། སྣམ་བུའི་ཤེས་པར་འགྱུར་བ་དེའི་ཚེ་ནི་བུམ་པ་མེད་དོ་སྙམ་པའི་རྟོགས་པ་མེད་པ་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། །མིན་ནོ་སྙམ་པའི་ཞེས་བྱ་བ་ནི་སུན་འབྱིན་པའོ། །འགའ་ཞིག་གི་སྒྲུབ་པ་དང་འགོག་པ་རྣམ་པར་རྟོག་པས་སྒྲུབ་པ་ ངག་ནི། བསྒྲུབ་བྱར་བསྟན་པའི་རང་བཞིན་ཡིན་པའི་ཕྱིར་ན། གདོན་མི་ཟ་བར་ཚད་མ་ལ་ལྟོས་དགོས་ཏེ། དེ་ལྟ་མ་ཡིན་ན་ནི་ཐམས་ཅད་ཀྱི་ཐམས་ཅད་འགྲུབ་པར་ཐལ་བར་འགྱུར་རོ། །དེས་ན་གལ་ཏེ་འདི་བག་ཆགས་ཙམ་དང་འབྲེལ་པ་ཡིན་ན། དེའི་ཚེ་དེ་ལྟ་བུའི་ལྷན་ཅིག་བྱེད་པ་ལ་ལྟོས་པས་ཅི་ བྱ་སྙམ་དུ་དགོངས་པའོ། །གཞན་གྱིས་སྨྲས་པ་ནི། དངོས་པོ་མེད་པའི་མཚན་ཉིད་ཀྱི་ཚད་མ་ཡོད་པ་ཡིན་ལ། དེ་ལས་ནི་མ་ཡིན་ནོ་སྙམ་པའི་ཤེས་པ་འདི་ཡིན་ཞེ་ན། དེ་དཔྱད་བྱ་ཞེས་བྱ་བ་ནི་སུན་འབྱིན་པའོ། །དེ་འམ་བདག་ཡོངས་སུ་མ་གྱུར་པའམ། ཡང་ན་དོན་གཞན་ཤེས་པ་ཡིན་ཞེས་གཞན་ འདོད་པ་མ་ཡིན་ནམ་ཞེ་ན་བདེན་ཏེ། བདག་དགོས་པར་བྱ་བའི་བདག་ཉིད་ཀྱིས་རྣམ་པར་འགྱུར་བས་སྟོང་པ་ཙམ་ནི། མེད་པར་དགག་པ་ཡིན་པས། དེ་ནི་ཇི་ལྟར་འགའ་ཞིག་གི་རྟོག་པའམ། རྟོགས་པའི་རྒྱུར་འགྱུར་ཞེས་བྱ་བ་ལ་སོགས་པས་སུན་དབྱུང་བླ་བའི་ཕྱིར། ཡལ་བར་དོར་ནས། ཡང་ན་ དོན་གཞན་ཤེས་པ་ཡིན། །ཞེས་བྱ་བ་མདུན་དུ་བྱ་སྟེ། དཔེར་ན་གཞལ་བྱ་གཞན་མངོན་སུམ་ལ་སོགས་པས་རིག་པར་བྱ་བ་དེ་བཞིན་དུ་དངོས་པོ་མེད་པར་ཡང་ཤེས་པ་གཞན་གྱིས་རིག་པར་བྱ་བར་བརྒྱ་ལ་འདོད་པར་འགྱུར་སྙམ་པས། རྣམ་པར་རྟོག་པ་གཉིས་པའོ། །ཅི་དེའི་ཞེས་བྱ་བ་ནི་དགག་པར་བྱ་ བའིའོ། །རྣམ་པར་རྟོག་པ་དང་པོ་ལ་བརྗོད། ཁྱད་པར་མེད་པར་ཐལ་བར་འགྱུར། །ཞེས་བྱ་བ་ནི། མཚུངས་པར་ཐལ་བར་འགྱུར་བ་སྟེ། གང་ཡང་རུང་བ་འགའ་ཞིག་རྟོགས་པས་ཐམས་ཅད་འགག་པར་འགྱུར་རོ། །དེས་ན་གཟུགས་མཐོང་བ་ན་རོ་འགོག་པར་ཐལ་བར་འགྱུར་རོ། །གལ་ཏེ་ ཡང་དོན་གཞན་ཤེས་པ་ཡིན་ཞེས་བྱ་བ་འདིར་ཤེས་པ་གཅིག་ལ་འཁྲུལ་པ་མེད་པའི་མཚན་ཉིད་ཀྱི་ཟླ་བོ་དམིགས་པ་ཉིད་བརྗོད་པར་འདོད་པ་མ་ཡིན་ནོ། །དེས་ན་ཐལ་བར་ག་ལ་འགྱུར། དེ་ཉིད་ཀྱི་ཕྱིར་བྲམ་ཟེའི་འདོད་པའི་རྗེས་སུ་འབྲང་བ་རྣམས་ཀྱིས་དམིགས་པར་རུང་བའི་དོན་མ་དམིགས་པ་ དངོས་པོ་མེད་པའི་སྒྲུབ་བྱེད་ཡིན་ནོ་ཞེས་བསྒྲགས་པ་ཡིན་ནོ་ཞེ་ན། ཕྱོགས་འདི་ལ་ཅི་ལྟར་གྲགས་པའི་མཐོ་རིས་དང་རྣལ་འབྱོར་པ་དང་། ལུས་དང་ལྡན་པའི་ལྷ་ལ་སོགས་པ་མ་བཀག་པ་མ་ཡིན་ནམ། དེ་ལ་ནི་མི་ཤེས་པ་གཅིག་ལ་འདྲེ་བ་ལྟ་བར་མི་ནུས་པའི་ཕྱིར་རོ། །དེས་ན་དངོས་པོ་ མེད་པ་ཚད་མར་སྨྲ་བའི་སྐྱེས་བུའི་བྱེད་པ་སོང་བར་གྱུར་ཏོ། །དེས་ན་གལ་ཏེ་ཇི་སྐད་བརྗོད་པའི་ཟླ་བོའི་ཤེས་པ་ནི་འདི་འདོད་པ་མ་ཡིན་པ་དེའི་ཚེ་ཁྱད་པར་མེད་པར་ཐལ་བར་འགྱུར་ཞེས་བྱ་བ་རིགས་པར་བརྗོད་པ་ཡིན་ནོ། །འོ་ན་དངོས་པོ་ལ་སྐྱོན་འདི་མེད་དོ་ཞེ་ན། དེའི་ཚེ་ཡང་ངེས་པའི་རྣམ་ པ་ཅན་ཟླ་བོ་མཐོང་བ་ཉིད་གཞན་མེད་པར་ངེས་པ་སྐྱེ་བར་ནུས་པའི་ཕྱིར། དེ་ནི་མངོན་སུམ་གྱི་བྱེད་པ་ཉིད་ཡིན་ཏེ། དངོས་པོ་མེད་པའི་ཚད་མར་སྨྲས་པས་ཅི་ཞིག་བྱ། རྣམ་པར་རྟོག་པ་གཉིས་པ་སུན་འབྱིན་པ་ནི། དགག་པར་བྱ་བ་དེའི་དངོས་མེད་གང་ཡིན་པ་དེ་རིག་ན་ནི་སྟེ་རིག་པར་ཁས་ལེན་ན། དེའི་ཞེས་འབྲེལ་པ་མེད་པར་འགྱུར་ཏེ། འབྲེལ་པར་མི་འགྱུར་རོ། །དེ་ཉིད་བརྗོད་པ་ནི། མེད་པ་ནི་རང་གི་ངོ་བོས་ཞེས་བྱ་བས་ཡིན་ཏེ། ཁྱོད་ཀྱི་ཁས་བླངས་པ་སྙམ་དུ་བསམས་པའོ། །དེ་ལྟ་ན་ཡང་དེའི་ཞེས་བྱ་བའི་འབྲེལ་པ་ཉེས་པ་ཅི་ཡོད་ཅེ་ན། དངོས་པོ་མེད་པའི་ཞེས་སྨོས་སོ། །གལ་ཏེ་བུམ་པ་ ལ་སོགས་པ་ཡང་གང་གིས་འགའ་ཞིག་དང་། འབྲེལ་པར་མཐོང་བ་དེའི་ཚེ་འབྲེལ་པ་ཅན་དུ་ངེས་པ་མ་ཡིན་ནམ། དེ་བཞིན་དུ་དངོས་པོ་མེད་པ་ཡིན་ཡང་འབྲེལ་པ་ཅན་དང་ལྷན་ཅིག་མཐོང་བ་ན། འབྲེལ་པ་ཅན་དུ་གཟུང་བར་འགྱུར་རོ་ཞེ་ན། བུམ་པ་རྟོགས་པ་ན་ནི་ཞེས་བྱ་བ་སྨོས་སོ། །དེ་དང་འབྲེལ་པ་ཉིད་ནི་ བུམ་པ་དང་འབྲེལ་པའོ། །དེའི་ཚེ་ཞེས་བྱ་བ་ནི་བུམ་པ་ཡོད་པའི་དུས་སུའོ། །གལ་ཏེ་དངོས་པོ་དང་དངོས་པོ་མེད་པ་དག་དུས་མཚུངས་པ་མི་སྲིད་པའི་ཕྱིར་གལ་ཏེ་དེའི་ཚེ་མ་རྟོགས་པའི་བུམ་པ་དང་ཡང་དངོས་པོ་མེད་པ་འབྲེལ་པར་རིག་ན་དེའི་ཚེ་སྐྱོན་ཅི་ཡོད་ཅེ་ན། མ་རྟོགས་པའི་བུམ་པ་དང་ཞེས་ སྨོས་སོ། །མ་རྟོགས་པ་ནི་འབྲེལ་པ་ཅན་ཉིད་དུ་ངེས་པར་ནུས་པ་མ་ཡིན་ནོ། །དེས་ན་ཅི་ལྟར་གཉི་ག་དུས་གཅིག་ཏུ་མི་རྟོགས་པ་འདི་རང་བཞིན་ཡིན་པ་དེ་བཞིན་དུ་འབྲེལ་པ་ཅན་ཉིད་དུ་ངེས་པ་ཡང་མ་ཡིན་ནོ་ཞེས་བྱ་བར་གྲུབ་པོ། །འདིར་ཕ་རོལ་པོ་གཅིག་མཐོང་ཡང་གཞན་གྱི་བློ་ཁོང་ནས་ཕྱུང་ནས་འབྲེལ་པ་ ཅན་ཉིད་དུ་ངེས་པར་ནུས་པ་མ་ཡིན་གྱི་བློ་མཐོང་བ་ཉིད་དེ། གཉི་ག་དུས་གཅིག་ཏུ་མཐོང་བ་ལ་ནི། གདོན་མི་ཟ་བར་ལྟོས་པར་བྱ་བ་མ་ཡིན་ནོ་སྙམ་པ་ན། ཅི་སྟེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དངོས་པོ་མེད་པ་དང་བུམ་པ་འབྲེལ་པ་ཉིད་དུ་རྟོགས་སོ་ཞེས་ཁོང་དུ་ཆུད་པར་བྱའོ། །འདི་ ཉིད་གསལ་བར་བྱ་བའི་ཕྱིར་སྨྲས་པ་ནི་རྒྱུ་ཡོད་ན་ཞེས་བྱ་བ་ལ་སོགས་པའི་དངོས་པོ་ཡོད་ན་ཞེས་བྱ་བ་ནི་སྔར་རོ། །དངོས་པོ་མེད་པ་ཞེས་བྱ་བ་ནི། ཞིག་ནས་མེད་པའོ། །དངོས་པོ་མེད་པ་ཡིན་ན་ཞེས་བྱ་བ་ནི། སྔ་ན་མེད་པ་ཡོད་ནའོ། །དངོས་པོ་ཡིན་པས་ཞེས་བྱ་བ་ནི་མྱུ་གུ་ལ་སོགས་པའོ། །དངོས་པོ་ མེད་པའི་རྒྱུ་སྤངས་པ་ན་མ་ཁྱབ་པའི་ཚུལ་འདི་དགོད་པར་མི་འོས་སོ་སྙམ་དུ་བསམས་ནས། དེ་ཡང་མ་ཡིན་ཏེ་ཞེས་གསུངས་ཏེ། འོ་ན་ནི་རི་བོང་གི་རྭ་མེད་པ་ཞེས་བརྗོད་པར་མི་ནུས་ཏེ། རི་བོང་གི་རྭ་དངོས་པོ་ལྟར་ཡོད་ན་མེད་པ་དེ་འགྱུར་བ་མ་ཡིན་ཞིང་། དེར་ནི་ཟློག་པ་དངོས་པོ་མེད་པ་ཡོད་ན་ དངོས་པོར་འགྱུར་བ་ཡང་མ་ཡིན་ནོ། །དེ་ལྟར་གྱུར་ན་ནི་ཞིག་ནས་མེད་པ་དང་སྔ་ན་མེད་པ་དག་ཁོ་ན་དངོས་པོ་དང་འབྲེལ་པར་བརྗོད་པར་འགྱུར་གྱི་གཏན་མེད་པ་ནི་མ་ཡིན་ནོ། །ཞིག་ནས་མེད་པ་དང་། སྔ་ན་མེད་པ་དག་ལ་ཡང་རྒྱུ་དང་འབྲས་བུ་ལྟར་དངོས་པོ་དང་འབྲེལ་ལ། འབྲེལ་པའི་བློ་ལེགས་ པ་མ་ཡིན་ནོ་ཞེས་སྐྱོན་གཞན་གྱི་སྒོ་ནས་སྟོན་པ་ནི། གཞན་ཡང་ཞེས་བྱ་བའོ། །རྒྱུ་དང་འབྲས་བུའི་རང་བཞིན་ནི། །གཉིས་པ་དེ་མེད་པར་ཡང་ངོ་། །གལ་ཏེ་རྒྱུ་དང་འབྲས་བུ་དག་ཅིག་ཅར་མ་དམིགས་པ་དེ་ལྟ་ན་ཡང་གཞན་དང་བྲལ་བའི་གནས་སྐབས་ན་གཅིག་གི་རང་བཞིན་རྟོགས་པ་ཡོད་པ་ཡིན་ ནོ། །དེས་ན་སྔར་ཉམས་སུ་མྱོང་བའི་ས་བོན། མྱུ་གུའི་དུས་སུ་དྲན་པས་རྣམ་པར་བཞག་ནས་འདིའི་འབྲས་བུ་ཡིན་ནོ་ཞེས་འབྲེལ་པ་གྲུབ་པ་དང་རྗེས་སུ་མཐུན་པར་འགྱུར་བ་ཡིན་ནོ། །དེ་ལྟར་རྟོགས་པ་ན་ཡང་དུས་གཞན་དུ་ས་བོན་ཙམ་མཐོང་བ་ན། མྱུ་གུ་ཁོང་ནས་ཕྱུང་སྟེ། མྱུ་གུའི་རྒྱུ་ནི་འདི་ཡིན་ ནོ་ཞེས་བྱ་བར་ཡང་བདེ་བླག་ཏུ་འགྱུར་རོ། །དེ་བཞིན་དུ་དངོས་པོ་མེད་པ་འདི་ནི་དངོས་པོ་དང་བྲལ་བའི་དུས་ན་རྟོགས་པ་མ་ཡིན་ནོ། །དེས་ཇི་ལྟར་ན་དངོས་པོའི་དུས་སུ་དེ་ཁོང་ནས་དབྱུང་། དེ་ཉིད་དུ་ན་ཞེས་བྱ་བ་དེ་དོན་དམ་པར་རོ། །བག་ཆགས་ལས་བྱུང་བའི་ཐ་སྙད་ཙམ་གྱིས་ནི། བུམ་པའི་ དངོས་མེད་ཅེས་འབྲེལ་ལམ་དུ་ཞུགས་པ་རྣམ་པར་རྟོག་པའི་བློ་ལ་སྣང་བར་འགྱུར་རོ། །དེས་ན་དེ་ལྟ་བུའི་རང་བཞིན་མེད་ཀྱང་ས་ཕྱོགས་ལ་སོགས་པ་དངོས་པོའི་རང་བཞིན་གྱི་ཁྱད་པར་དུ་འབྲེལ་པ་ཉིད་ཀྱིས་ཐ་སྙད་དུ་སླུ་བའི་གནས་མ་ཡིན་ནོ། །རང་བཞིན་གྱི་ཁྱད་པར་ཡང་དེ་བུམ་པ་ལ་ལྡོག་ པ་ཉིད་དོ། །གལ་ཏེ་ལྡོག་པ་དངོས་པོ་མེད་པ་ཉིད་མ་ཡིན་ནམ་ཞེ་ན། དངོས་པོ་མེད་པ་ནི་མི་བདེན་མོད་ཀྱི་དངོས་པོ་མེད་པའི་གཞལ་བྱ་གཞན་ནམ་ཐ་དད་པར་ཉམས་སུ་མྱོང་བར་བྱ་བ་ནི་མ་ཡིན་ནོ་ཞེས་བྱ་བའི་སྐབས་ཡིན་ནོ། །དེ་ལས་ལྡོག་པའི་རང་བཞིན་ཉིད་ནི། འདི་ལོག་པ་ཞེས་ཁྱད་པར་ གཞན་སྤོང་བས་བརྗོད་པ་ཡིན་ནོ། །གལ་ཏེ། མེད་ལ་དབྱེ་བ་འདི་དག་ཏུ། །མི་འགྱུར་དེ་འདི་དངོས་པོ་ཉིད། །ཅེས་བརྗོད་པའི་ཕྱིར། དངོས་པོ་མེད་པ་ཡོད་པའི་དངོས་པོ་ཉིད་དེ། སྔ་ན་མེད་པ་ལ་སོགས་པ་དབྱེ་བ་རྣམ་པར་གནས་པའི་ཕྱིར་རོ་ཞེ་ན། སྟོང་པའི་ཡུལ་གང་ཡིན་པ་ཞེས་གསུངས་ སོ། །སྟོང་པ་ནི་གཞན་ལ་ལྟོས་པ་སྟེ། དངོས་པོ་མེད་པ་ཞེས་བྱ་བའི་དོན་ཏོ། །སྔ་ན་མེད་པའི་དུས་སུ་ས་ཕྱོགས་ཀྱི་བུམ་པས་སྟོང་པ་ཅི་འདྲ་བ་དེ་འདྲ་བ་ཉིད་ནི། ཞིག་ནས་མེད་པའི་དུས་སུ་ཡང་ཡིན་ནོ། །དེ་བཞིན་དུ་གཞན་དུ་ཡང་སྦྱར་རོ། །དེས་ན་སྟོང་པའི་ཡུལ་ནི་དངོས་པོ་མེད་པ་ཐམས་ ཅད་ལ་མཚུངས་པ་ཉིད་དོ། །དེ་ལ་ཞེས་བྱ་བ་ནི་སྟོང་པའི་ཡུལ་ལའོ། །དེའི་ཕྱིར་དེ་ཁོ་ན་མ་ཡིན་པས་ན། རྣམ་པར་རྟོག་པའི་བཟོས་སྦྱར་བའི་དབྱེ་བ་ཉིད་ནི། དངོས་པོ་བསྒྲུབ་པ་ལ་ནུས་པ་མ་ཡིན་ནོ། །གལ་ཏེ་རྣམ་པར་རྟོག་པ་ལ་སྣང་བ་ཙམ་གྱིས་ནི། དེ་ཁོ་ན་མ་ཡིན་པར་མི་འགྱུར་ཏེ། བུམ་པ་དང་སྣམ་བུ་ལ་སོགས་པའི་རབ་ཏུ་དབྱེ་བ་ཡང་དེ་བཞིན་དུ་ཐལ་བའི་ཕྱིར་རོ་ཞེ་ན། ཅི་ལྟར་དངོས་པོའི་དབྱེ་བ་ནི། །ཞེས་སྨོས་སོ། །བསམ་པ་ནི་འདི་ཡིན་ཏེ། གལ་ཏེ་བུམ་པ་ལ་སོགས་པ་ལྟར་དངོས་པོ་མེད་པའི་དབྱེ་བ། སྔ་ན་མེད་པ་ལ་སོགས་པའི་རང་བཞིན་དུ་བདེན་པ་ཡིན་ན། དེའི་ ཚེ་བུམ་པ་ལ་སོགས་པའི་དབྱེ་བ་ཁོ་ན་བཞིན་དུ་ཐ་དད་པར་གཞན་གྱི་མངོན་སུམ་ལ་སྣང་བར་འགྱུར་ན། དེ་ལྟ་ན་ཡང་མ་ཡིན་ནོ། །དེའི་ཕྱིར་རྟགས་མེད་པར་སྐྱེས་པའི་རྣམ་པར་རྟོག་པ་ལ་ནི་མངོན་སུམ་གྱི་རྗེས་སུ་གཟུང་བ་ཁོ་ན་ཡིད་ཆེས་པར་བྱ་བ་འོས་པ་ཡིན་གྱི། གཞན་ནི་མ་ཡིན་པའི་ཕྱིར་ན། གཞན་གྱིས་བྱས་པའི་རབ་ཏུ་དབྱེ་བ་ཉིད་ཀྱིས་ནི་དངོས་པོ་ཉིད་དུ་ཡིད་ཆེས་པ་མ་ཡིན་ནོ། །གལ་ཏེ་རྟོགས་པ་ཞེས་བྱ་བའི་སྒྲུབ་བྱེད་ནི་གདོན་མི་ཟ་བར་མངོན་སུམ་ལ་མི་ལྟོས་པ་མ་ཡིན་ནམ། དངོས་པོའི་རང་བཞིན་མཐའ་དག་མངོན་སུམ་གྱིས་རྟོགས་པར་བྱའོ་ཞེས་བྱ་ བའི་ངེས་པ་ནི་ཡོད་པ་མ་ཡིན་ནོ། །གཞལ་བྱ་དངོས་པོ་མེད་པ་ལ་ཡང་ཚད་མ་ཡང་དངོས་པོ་མེད་པ་ཉིད་རྗེས་སུ་མཐུན་པ་ཡིན་ནོ་སྙམ་དུ་དོགས་ན། གལ་ཏེ་དེ་ནི་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར་དེའི་དངོས་པོ་མེད་པར་རིག་ན་ནི་ཞེས་བྱ་བ་ལ་སོགས་པ་དངོས་པོ་མེད་པའི་གཞལ་བྱ་སུན་ཕྱུང་ ནས། ཚད་མ་ཉིད་ཡིན་པ་སུན་འབྱིན་པ་རྒྱས་པར་བཤད་པའི་དོན་དུ་གཞི་འདིང་བར་བྱེད་དོ། །གཞལ་བྱ་དངོས་པོ་མེད་པ་ལ། །གང་གི་དངོས་མེད་ཚད་མ་ཡིན། །ཞེས་དོན་གྱིས་འཕངས་པའོ། །གཞན་གྱི་ལན། ཚད་མའི་དངོས་པོ་མེད་ཅེས་འབྲེལ་པར་བྱས་ཏེ། སུན་འབྱིན་པར་བྱེད་པ་ ནི་ཚད་མ་མེད་ལས་ཞེས་བྱ་བ་སྟེ། ཚད་མ་སྔ་མ་མེད་པའི་ཕྱིར་གཞལ་བྱ་དངོས་པོ་མེད་པར་རིག་པར་ཁས་ལེན་ན་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །ཅི་ལྟར་ཡུལ་དང་དུས་ཀྱིས་ཆོད་པའི་དངོས་པོ་ཐམས་ཅད་ཀྱི་མེད་པར་རིག་པ་མ་ཡིན་ཞེས་བྱ་བ་ནི་ལྷག་མ་སྟེ་ཚད་མ་ལྔ་ལྡོག་པ་ཡོད་པའི་ ཕྱིར་རོ། །ཇི་ལྟར་ཀུན་དུ་གཉིད་ལོག་མིན། །ཞེས་བྱ་བ་ནི་ཤིན་ཏུ་གཉིད་ལོག་པ་ལ་ཚད་མ་ལྔ་ལྡོག་པ་ཡོད་པའི་ཕྱིར་འགྲོ་བ་མཐའ་དག་མེད་པར་རིག་པར་འགྱུར་རོ་ཞེས་སྦྱར་རོ། །ཚད་མ་མེད་ལས་རིག་ན་ནི། །ཞེས་བྱ་བ་ནིའི་སྒྲ་ནི་གསལ་བའི་དོན་ཏེ། གལ་ཏེ་ཚད་མ་ལོག་པ་ལས་མེད་པར་ རིག་ན་དེའི་ཚེ་གཉིད་ལོག་པ་དང་ར་རོ་བ་དང་བརྒྱལ་བ་ལ་སོགས་པ་དག་ཏུ་འགྲོ་བ་མཐའ་དག་ལ་ཚད་མ་ལོག་པར་གསལ་ལོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་མེད་པར་དགག་པའི་ཕྱིར་ནི་སྔར་བཏང་སྙོམས་སུ་བཞག་གོ། །གལ་ཏེ་མེད་པ་འཛིན་པའི་ཞེས་བྱ་བ་ལ་སོགས་པ་ནི། བསྒྲུབ་པ་ ལྷག་པའི་དོན་དུ་རྗེས་སུ་བརྗོད་པའོ། །དངོས་མེད་ཡིན་འདོད་ན་ཞེས་བྱ་བ་ནི་དངོས་པོ་མེད་པའི་ཚད་མའོ། །དེས་ན་ཀུན་དུ་གཉིད་ལོག་པས་ཁམས་གསུམ་པའི་དངོས་པོ་མེད་པར་རིག་པར་མི་ཐལ་ལོ་སྙམ་དུ་བསམས་པའོ། །ལན་སྨྲས་པ་ནི། དེ་ནི་དངོས་པོ་རིག་མེད་པར། །ཞེས་བྱ་བ་ལ་སོགས་པའོ། ། བུམ་པ་ལ་སོགས་པའམ་རྟོགས་པ་པོ་འགའ་ཞིག་གོ། །ཇི་ལྟར་སྔོན་པོ་ལ་སོགས་པའི་བློ་ནི་སེར་པོ་ལ་སོགས་པ་ལ་གདོན་མི་ཟ་བར་མི་ལྟོས་པ་དེ་བཞིན་དུ་བུམ་པ་ལ་སོགས་པ་འཛིན་པའི་བློ་དང་ས་ཕྱོགས་ལ་སོགས་པའི་ཟླའོ་རྟོགས་པ་ལ་ཇི་ལྟར་ལྟོས། གཞན་དྲན་པ་མེད་ན་སྔོན་པོ་ལ་ སོགས་པའི་རྟོགས་པར་མི་འགྱུར་བ་ནི་མ་ཡིན་ནོ། །གཞན་གྱིས་སྨྲས་པ་ནི། གལ་ཏེ་ཞེས་བྱ་བ་སྟེ། དངོས་དང་འབྲེལ་པ་གཟུང་བྱ་ཞིང་། །འགལ་ཟླ་དག་ཀྱང་དྲན་བྱས་ནས། །ཞེས་བྱ་བ་ལ་སོགས་པ་བརྗོད་པའི་ཕྱིར་རོ། །སུན་འབྱིན་པ་ནི། གལ་ཏེ་དེ་ལྟ་ཡིན་ན་དེའི་ཚེ་ཚོགས་པས་ ཤེས་པ་ཙམ་སྐྱེ་བ་ཞེས་བྱ་བར་འགྱུར་མོད། དངོས་པོ་མེད་པ་འཛིན་པ་ཞེས་བྱ་བ་འདི་ནི་མེད་པར་གྱུར་ཏོ། །གལ་ཏེ་སྔོན་པོ་མཐོང་བ་ན་སྣང་བ་དང་དབང་པོ་ལ་སོགས་པའི་ཚོགས་པ་ལ་ལྟོས་ནས། ཅི་དེའི་ཚེ་སྔོན་པོ་མ་བཟུང་བར་འགྱུར་རམ་ཞེས་དོགས་པ་ལ། དངོས་པོ་ལས་ནི་ཐ་དད་ པ། །ཞེས་སྨོས་སོ། །འདི་སྙམ་དུ་བསམས་པ་ཡིན་ཏེ། སྔོན་པོ་མཐོང་བ་ན་མི་ལྡན་པ་རྣམ་པར་གཅོད་པས། དབང་པོ་ལ་སོགས་པ་ཁོངས་སུ་འདུས་པ་ན། ཡུལ་ཡང་དེར་འདུས་པའི་ཕྱིར་གཞན་གྱིས་དབེན་པར་ཡུལ་གྱི་རང་བཞིན་ལ་མངོན་པར་ཕྱོགས་པའི་བློ་སྐྱེ་བ་ཡིན་ནོ། །དེ་བཞིན་ དུ་གལ་ཏེ་དངོས་པོ་མེད་པ་ཡང་ཚོགས་པ་དེའི་ཁོངས་སུ་གཏོགས་པས་རང་གི་ཡུལ་ཅན་གྱི་བློའི་རྒྱུར་འགྱུར་བ་དེའི་ཚེ་དེ་ཡང་གཞན་གྱི་རང་བཞིན་ལས་ལོག་པའི་རང་བཞིན་སྣང་བར་ཐལ་བར་འགྱུར་རོ། །དེས་ན་དངོས་པོ་ལས་ནི་ཐ་དད་ཅེས་བྱ་བ་འདིས་ཐལ་བ་ཟློག་པར་བརྗོད་པ་ཡིན་ནོ། །དངོས་པོ་ ལས་ནི་ཞེས་བྱ་བ་ནི་ས་ཕྱོགས་སམ་བུམ་པ་ལས་སོ། །དེའི་ཕྱིར་སྔོན་པོ་བཞིན་དུ་དངོས་པོ་མེད་པ་ནི་ཡུལ་ཉིད་ཀྱིས་ཚོགས་པ་དེའི་ཁོངས་སུ་གཏོགས་པའི་སྐྱེད་བྱེད་མ་ཡིན་ནོ། །དེས་ན་ཡུལ་ལ་མི་ལྟོས་པའི་ཚོགས་པ་དེ་ཙམ་ལས་སྐྱེས་པའི་ཤེས་པ་ནི། ཡུལ་མེད་པ་ཁོ་ནའོ། །འདི་སྐད་དུ་རྟོག་པ་མ་ གཏོགས་པ་དངོས་པོ་མེད་པ་ཞེས་བྱ་བ་གཞན་ནི་མེད་དོ་ཞེས་བརྗོད་པ་ཡིན་ནོ། །འདི་མེད་ཅེས་བྱ་བའི་ཤེས་པ་ནི་ཞེས་བྱ་བ་ནི་ཕྱིར་ཟློག་པའོ། །དེ་ཡི་ལྡོག་པ་རིག་ཡིན་ན། །ཞེས་བྱ་བ་ནི། བུམ་པ་ལ་སོགས་པ་དེའི་ལྡོག་པ་མེད་པའོ། །ཡང་ན་དེ་ལས་ཐ་དད་རིག་ཡིན་ན། །ཞེས་བྱ་བ་ཡིན་ཏེ། དངོས་པོ་མེད་པ་ དངོས་པོ་ལས་ཐ་དད་པར་རིག་ནའོ། །སུན་འབྱིན་པར་བྱེད་པ་ནི། དེ་ནི་གང་ལས་སྐྱེས་པ་ཡིན། །ཞེས་བྱའོ། །དངོས་པོ་མེད་པའི་མཚན་ཉིད་ཀྱི་ཡུལ་ལས་སྐྱེ་བར་ཁས་ལེན་ན། གཞན་གྱིས་བདེན་པར་མངོན་སུམ་དུ་བྱེད་པར་ཐལ་ལོ་སྙམ་དུ་དོགས་པའོ། །བརྒྱ་ ལ་གཞན་དབང་པོ་ཉིད་རྒྱུར་སྨྲ་བར་འགྱུར་བས་སྨྲས་པ་ནི་དྲན་མེད་དབང་པོ་ཞེས་བྱའོ། །སྔར་མཐོང་བའི་བུམ་པ་ལ་སོགས་པ་དྲན་པ་མེད་པར་དབང་པོ་འབའ་ཞིག་ནི་རྒྱུ་མ་ཡིན་གྱི། འོན་ཀྱང་དྲན་པ་ཉིད་དུ་ཤེས་པ་དོགས་པའོ། །གལ་ཏེ་ངེས་པ་འདི་ཅི་ཞིག་ཡིན། གང་གི་ཕྱིར་དབང་པོའི་བྱེད་པ་ འཇུག་པ་ལ། བུམ་པ་ཡང་དྲན་པ་དེས་ན་བུམ་པ་མེད་དོ་ཞེས་བྱ་བར་འགྱུར་བ་ཡིན་ནོ་ཞེ་ན། འདིར་བསམ་པར་བྱ་སྟེ། དབང་པོ་དེ་དངོས་པོ་མེད་པ་ལ་བྱེད་པ་འཇུག་གམ་ས་ཕྱོགས་ལ་སོགས་པ་གཞན་ལ། ཕྱོགས་དང་པོ་ལ་བརྗོད་པ་ནི། དབང་པོ་དྲན་པ་དང་ལྡན་པ་ཞེས་བྱ་བའོ། །ལྡན་པ་ཞེས་བྱ་བ་ནི་ འབྲེལ་བ་སྟེ། དབང་པོས་དངོས་པོ་མེད་པ་དང་ལྡན་པར་གྱུར་པའི་ཁྱད་པར་དང་ཁྱད་པར་ཅན་གྱི་དངོས་པོ་མཚན་ཉིད་ཀྱི་འབྲེལ་པའོ། །ཡུལ་མི་ཉེ་བའི་དབང་པོ་ཡོད་པ་ཙམ་ནི་ཤེས་པ་དེའི་རྒྱུར་འགྱུར་བ་མ་ཡིན་ནོ། །དེས་ན་དབང་པོ་དང་དྲན་པ་དང་། དབང་པོ་དང་ཡུལ་ཕྲད་པ་དེ་ལས་དངོས་པོ་མེད་ པའི་ཤེས་པ་འབྱུང་བར་ཁས་ལེན་ན་ནི། དངོས་པོ་མེད་པའི་ཤེས་པ་དེ་ནི་མངོན་སུམ་ཉིད་དུ་འགྱུར་གྱི། དངོས་པོ་མེད་པའི་ཚད་མས་ནི་མ་ཡིན་ཏེ། དཔེར་ན་རིགས་པ་ཅན་རྣམས་ཀྱི་ལྟ་བུར་འགྱུར་རོ། །འོན་ཀྱང་རང་གི་ངོ་བོར་སྣང་བ་རྙེད་པར་དཀའ་བས་མངོན་སུམ་དུ་ཡང་ག་ལ་འགྱུར། ཁྱོད་འདོད་པས་ འདི་ལྟར་འགྱུར་རོ་ཞེས་བྱ་བ་ནི་འགྱུར་གྱི་སྒྲའི་དོན་ཏོ། །རྣམ་པར་རྟོག་པ་གཉིས་པ་སློང་བར་བྱེད་པ་ནི། གལ་ཏེ་དབང་པོ་གཞན་ལ་འཇུག་ན་ཞེས་བྱ་བ་སྟེ་ས་ཕྱོགས་ལ་སོགས་པ་ལའོ། །ལན་དུའོ། །འོ་ན་གཞན་ཤེས་རྒྱུ་མ་ཡིན་ཏེ། དབང་པོ་ཞེས་བྱ་བ་ལྷག་མ་སྟེ། དངོས་པོ་མེད་པར་ཤེས་པའི་རྒྱུ་མ་ཡིན་ ནོ། །དེ་ཉིད་ཀྱི་ཕྱིར། མེད་ཤེས་ཉིད་ན་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡུལ་ལ་མི་ལྟོས་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །གཞན་གྱིས་སྨྲས་པ་ནི། མེད་ཤེས་དེ་ནི་མ་ཡིན་ཏེ། །སླུ་བ་མེད་པའི་ཕྱིར་རོ་ཞེས་འབྲེལ་ཏོ། །བསམ་པ་ནི་འདི་ཡིན་ཏེ། མི་སླུ་བ་ལས་ཚད་མ་ཡིན་གྱི་སྐྱེ་བ་ཡུལ་ལ་ལྟོས་ པས་གོ་ཅི་ཞིག་བྱ་ཞེས་བྱ་བ་ཡིན་ནོ། །འདི་ལ་བཞད་གད་དུ་བྱེད་པ་ནི། དེ་ནི་ཚད་མ་གཞན་ཉིད་ཅིག །ཅེས་བྱའོ། །ཡུལ་ལ་མི་ལྟོས་པར་སྐྱེ་བ་ཡིན་ཡང་མི་སླུ་བ་ཅན་གང་ཡིན་པ་དེ་ནི་ཚད་མ་གཞན་ཁོ་ན་ཞིག་གོ། །རྗེས་སུ་དཔག་པ་ལ་ཡང་བརྒྱུད་ནས་ཡུལ་ལས་སྐྱེས་པ་ཉིད་མི་སླུ་བར་ བྱེད་པ་ཡིན་ནོ། །གང་ལ་བརྒྱུད་ནས་དོན་ལ་སྐྱེ་བ་ཉིད་དུ་བསམ་པ། འདི་ནི་བརྟག་པའི་སྒོ་ནས་འོངས་པའི་རྟོགས་པ་མ་ཡིན་ནོ། །གལ་ཏེ་མེད་པའི་ཤེས་པ་ལ་འཇུག་པས་དངོས་པོ་མེད་པ་ཐོབ་པ་མཐོང་བ་མ་ཡིན་ནམ་ཞེ་ན། དངོས་མེད་ལོགས་ཤིག་པ་ལ་ནི། །ཞེས་སྨོས་སོ། །ས་ཕྱོགས་ ལས་གཞན་པའི་དངོས་པོ་མེད་པ་ཐོབ་པ་ནི་མེད་ཀྱི། འོན་ཀྱང་ས་ཕྱོགས་ཙམ་ཐོབ་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་བརྗོད་པ་ནི། མི་སླུ་འབའ་ཞིག་པ་ལ་ཡིན། །ཞེས་བྱ་བའོ། །དེ་ནི་ཞེས་བྱ་བ་ནི་འབའ་ཞིག་པའོ། །འདི་ལ་དངོས་པོ་མེད་པའི་ཚད་མའི་སྐྱེས་བུའི་བྱེད་པ་མེད་དོ་ཞེས་བྱ་ བའི་དོན་ཏོ། །གལ་ཏེ་འབའ་ཞིག་ཏུ་འཛིན་པ་དངོས་པོ་མེད་པ་རྟོགས་པ་མེད་ན་མི་འགྱུར་བ་མ་ཡིན་ནམ། དེས་ན་མངོན་སུམ་གྱི་དངོས་པོ་འཛིན་པའི་དུས་སུ་འབའ་ཞིག་པར་འཛིན་པ་ཉིད་དངོས་པོ་མེད་པའི་ཚད་མའི་འབྲས་བུ་ཡིན་ནོ་ཞེ་ན། དངོས་མེད་བློ་ནི་མེད་པར་ངེས། །ཞེས་སྨོས་སོ། །ས་ ཕྱོགས་འབའ་ཞིག་རྟོགས་པ་ན། །དབྱུག་པ་ཅན་ལ་དབྱུག་པ་ལྟར། །ཁྱད་པར་དུ་གྱུར་པའི་དངོས་པོ་མེད་པ་ཞེས་བྱ་བ་འགའ་ཞིག་ཀྱང་རྟོགས་པ་མེད་པ་ནི་མེད་དོ། །འོ་ན་འབའ་ཞིག་ཏུ་འཛིན་པ་ཉིད་དུ་ཇི་ལྟར་འགྱུར་ཞེ་ན། གཞན་དང་འདྲེ་བ་མེད་པར་ནི། །ཞེས་སྨོས་སོ། །ཇི་སྲིད་དུ་གཞན་གྱི་རང་ བཞིན་དང་མ་འབྲེལ་པར་སྣང་བ་དེ་ཙམ་ཉིད་ཀྱིས་འབའ་ཞིག་པར་འཛིན་པ་ཡིན་གྱི། འདིར་ཁྱད་པར་ལྷག་པ་ལ་ལྟོས་པ་ནི་མ་ཡིན་ནོ། །དེས་ན་མངོན་སུམ་གྱི་འབའ་ཞིག་པ་གང་ཡིན་པའམ། འབའ་ཞིག་འཛིན་པའི་རང་བཞིན་གྱི་མངོན་སུམ་ལ་མི་སླུ་བ་ཡིན་གྱི། དངོས་པོ་མེད་པའམ་དེ་འཛིན་པ་ འབའ་ཞིག་ལ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་དེ་ནི་ཞེས་བྱ་བ་ནི་མཇུག་སྡུད་པའོ། །གང་གི་ཕྱིར་དངོས་པོ་མེད་པ་གཞན་ལ་མི་སླུ་བ་མེད་པའི་གཏན་ཚིགས་དེའི་ཕྱིར་རྟོགས་པ་པོ་མ་རྨོངས་པ་ལ་ལྟོས་ཏེ། འབའ་ཞིག་འཛིན་པ་དེ་ནི་མངོན་སུམ་ཉིད་དོ། །གལ་ཏེ་འོ་ན་རྨོངས་པས་དེ་ལྟར་ཐ་སྙད་ མི་བྱེད་པ་དེའི་ཚེ་དངོས་པོ་མེད་པའི་ཚད་མའི་གོ་སྐབས་ཅི་སྟེ་མེད་ཅེ་ན། དེ་ལྟ་མིན་ན་ནི་དམིགས་པ་ཞེས་སྨོས་སོ། །རྟོག་པ་པོ་རྨོངས་པ་ལ་ལྟོས་ནས་ནི་འབའ་ཞིག་པར་འཛིན་པ་རྗེས་སུ་དཔག་པའི་རང་བཞིན་སྣང་བ་མི་དམིགས་པ་ཉིད་ཐ་སྙད་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་ བྱ་བའི་དོན་ཏོ། །གལ་ཏེ་དངོས་མེད་ཅེས་བྱ་བ་ནི་གཞན་གྱིའོ། །ས་ཕྱོགས་གང་ཡིན་པ་དེ་ཐམས་ཅད་འབའ་ཞིག་པ་ནི་མ་ཡིན་གྱི། འོན་ཀྱང་ཁྱད་པར་ཅན་ཡིན་ནོ། །ཁྱད་པར་དེ་ཡང་དངོས་པོ་མེད་པ་ལས་གཞན་མ་ཡིན་ཏེ། དེ་ལྟ་མ་ཡིན་ན་བུམ་པ་དང་བཅས་པ་ཡང་འབའ་ཞིག་ཡིན་པར་ འགྱུར་རོ། །དེས་ན་དངོས་པོ་མེད་པ་རིག་པ་མེད་ན་འབའ་ཞིག་ཏུ་ག་ལས་འཛིན། དངོས་པོ་མེད་པ་ལ་ཡང་མངོན་སུམ་གྱི་བྱེད་པ་མེད་པའི་ཕྱིར། དངོས་པོ་མེད་པའི་ཚད་མ་གྲུབ་པ་ཡིན་ནོ་སྙམ་དུ་བསམས་པའོ། །ཟློག་པ་ལ་ཡང་ན་ཚུངས་སོ་ཞེས་ལན་སྨྲས་པ་ནི། དེ་ཡང་ཞེས་བྱ་བ་སྟེ། དངོས་པོ་ མེད་པར་རིག་པའོ། །འབྲེལ་པ་རྟོགས་ན་དངོས་པོ་མེད་པའི་ཕྱིར་ཕན་ཚུན་བསྟེན་པ་ཡིན་ཏེ། རང་དབང་དུ་དངོས་པོ་མེད་པ་རྟོག་པ་བཀག་པའི་ཕྱིར་རོ། །ཉེས་པ་གཞན་ཡང་སྨྲས་པ་ནི་ཅི་ལྟར་ཞེས་བྱ་བའོ། །གང་རྟོགས་པའི་སྟོབས་ཀྱིས་ཕྱོགས་འབའ་ཞིག་པར་རྟོགས་པར་བྱ་བ་དངོས་པོ་མེད་པ་དེ་ཉིད་མ་ འབྲེལ་པར་རྟོགས་པའམ། འབྲེལ་པར་རྟོགས་པ་ཞིག་འབའ་ཞིག་པར་རྟོགས་པའི་རྒྱུ་ཡིན་ན་ཕྱོགས་ཕྱི་མ་ལ་ནི། ས་ཕྱོགས་དང་ཡང་འབྲེལ་བར་རྟོགས་པའི་ཕྱིར་དངོས་པོ་མེད་པར་མི་འགྱུར་རོ། །འབའ་ཞིག་པར་རྟོགས་པའི་རྒྱུར་ཡང་མི་འགྱུར་ཏེ། དེའི་རང་གི་ངོ་བོ་བཞིན་ནོ། །དེས་ན་དངོས་པོ་མེད་པ་འབའ་ ཞིག་པར་རྟོགས་དགོས་སོ། །དེ་བཞིན་དངོས་པོའང་དངོས་པོ་མེད་པར་ཡང་འཇལ་བར་བྱེད་དོ་ཞེས་འབྲེལ་ཏོ། །ཅི་སྟེ་ཡང་དངོས་པོ་མེད་པ་འབའ་ཞིག་མི་རྟོགས་ཀྱི། འོན་ཀྱང་དངོས་པོ་མེད་པ་གཞན་ལ་ལྟོས་པ་ཡིན་ཏེ། དངོས་པོ་འབའ་ཞིག་ཀྱང་དེ་བཞིན་ནོ་ཞེ་ན། འདི་ལ་བཤད་པ་ནི་དེ་ལྟ་ནི། མིན་ན་ཞེས་ བྱ་བའོ། །གལ་ཏེ་དངོས་པོ་མེད་ཅེས་བྱ་བ་ལ་སོགས་པའི་ཚིག་ལེའུར་བྱས་པའི་འབྲེལ་པ་ནི་དངོས་པོ་མེད་པ་མ་རྟོགས་པར་ཞེས་བྱ་བ་ལ་སོགས་པའོ། །ཅི་ལྟར་དངོས་མེད་ཅེས་བྱ་བ་ལ་སོགས་པའི་ཚིག་ལེའུར་བྱས་པ་ནི། དངོས་པོ་མེད་པ་འབའ་ཞིག་པ་ཡང་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་ ཡང་ཞེས་བྱ་བ་ནི་དངོས་པོ་མེད་པ་ལའོ། །ཐུག་པ་མེད་པར་ཐལ་བ་ཁས་བླངས་ན་ནི་སྔོན་མེད་པ་ལ་སོགས་པ་བཞིན་དུ་དངོས་པོ་མེད་པ་གཞན་དང་གཞན་ཚད་མས་མ་གྲུབ་པོ་ཞེས་བྱ་བ་སུན་འབྱིན་པ་ཡིན་པར་རྟོགས་པར་བྱའོ། །གལ་ཏེ་འབའ་ཞིག་པ་ལས་དངོས་པོ་མེད་པ་གཞན་མ་ཡིན་ལ། དེས་ན་མངོན་སུམ་ཉིད་ཀྱི་ཡུལ་ཡིན་པའི་ཕྱིར་དངོས་པོ་མེད་པ་ཚད་མ་གཞན་མེད་ན། དེ་ལྟ་ན་འོ་ན་མི་དམིགས་པ་ཡང་མངོན་སུམ་ལས་གཞན་དུ་དངོས་པོ་མེད་པ་སྒྲུབ་བྱེད་ཀྱི་ཚད་མར་ཅི་ལྟར་ཁས་ལེན་ཅེ་ན། དེ་ཉིད་དྲན་པའི་དོན་ལ་ལྟོས་ཏེ་མི་དམིགས་པ་ཡིན་ནོ་ཞེས་སྨོས་སོ། །ཇི་ལྟར་ དམིགས་པ་མི་དམིགས་པ་ཡིན་ཞེ་ན། མ་ཡིན་པར་འཇུག་པས་ནུས་པ་ལ་སོགས་པ་དགག་པར་བྱ་བ་དྲན་པའི་དོན་ལ་ལྟོས་ཞེས་བྱ་བའི་དོན་ཏོ། །དེས་ན་འདིར་རྟོགས་པ་དེ་ཉིད་མ་དམིགས་པར་སྨྲས་པས། ཁོ་བོ་ཅག་གིས་མི་དམིགས་པ་དངོས་པོ་མེད་པ་ལྟར་མངོན་སུམ་ལས་ཐ་དད་ པའི་ཚད་མར་ཁས་བླངས་པ་ནི་མ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །གལ་ཏེ་གཅིག་ནི་དགག་པའི་གཏན་ཚིགས་ཞེས་གསུངས་པའི་ཕྱིར་མི་དམིགས་པ་མངོན་སུམ་ལས་ཐ་དད་པར་ཁས་བླངས་པ་མ་ཡིན་ནམ། དེ་ལྟ་མ་ཡིན་ན་ཇི་ལྟར་དགག་པ་འགྲུབ་ཅེས་དོགས་ན། དངོས་པོ་མེད་པ་ བསྒྲུབ་པ་ནི། །ཞེས་སྨྲས་ཏེ། དངོས་པོ་མེད་པ་ཐ་སྙད་སྒྲུབ་པའོ། །རྨོངས་པ་ལ་ནི་ཐ་སྙད་ལ་ལྟོས་ཏེ་མི་དམིགས་པ་མངོན་སུམ་ལས་ཐ་དད་པར་ཁས་བླངས་པ་ཡིན་ཞེས་བྱ་བའི་དོན་ཏོ། །གལ་ཏེ་འབའ་ཞིག་དམིགས་པ་ཉིད་ཀྱི་ཕྱིར་མངོན་སུམ་དངོས་པོ་མེད་པའི་ཐ་སྙད་ཀྱི་རྒྱུ་ཡིན་ན། དེའི་ཚེ་དེར་ མེད་པ་ཐམས་ཅད་ལ་དངོས་པོ་མེད་པའི་ཐ་སྙད་དུ་ཅི་སྟེ་མི་འགྱུར་ཞེ་ན། མེད་པའི་ཐ་སྙད་ནི་ཞེས་སྨོས་སོ། །བག་ཆགས་ཀྱི་དབང་གིས་ཞེས་བྱ་བ་ནི། དོན་དུ་གཉེར་བ་ལ་སོགས་པས་གང་དུ་དྲན་པ་དེར་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཅི་ལྟར་ཁྱོད་ཀྱི་མི་དམིགས་པ་མངོན་སུམ་ལས་ཐ་མི་དད་པ་དེ་བཞིན་ དུ་དེ་ཁོ་ནར་བདག་ཅག་གི་དངོས་པོ་མེད་པའི་ཚད་མ་ཡང་ཡིན་ནོ། །ཤེས་པ་དེ་ཉིད་ནི་ས་ཕྱོགས་ལ་ལྟོས་ནས། མངོན་སུམ་ཡིན་ཞིང་། དགག་པར་བྱ་བ་ལ་ལྟོས་ནས་མེད་དོ་སྙམ་པའི་ཤེས་པ་སྐྱེད་པ་ནི། དངོས་པོ་མེད་པའི་ཚད་མ་ཡིན་པའི་ཕྱིར་ཉེས་པ་ཅི་ཡོད་སྙམ་ན། དེ་ཡང་སྙིང་པོ་ཡོད་པ་མ་ ཡིན་ཏེ། གང་གི་ཕྱིར་དངོས་པོ་མེད་པ་ཞེས་བྱ་བའི་གཞལ་བྱ་གཞན་བཀག་པའི་ཕྱིར་ན། བཀག་པའི་རྣམ་པར་རྟོག་པས་ཀྱང་། དངོས་པོ་རང་བཞིན་དེ་ཉིད་ཤེས་པར་བྱ་བ་ཡིན་ནོ། །དེས་ན་བྱེད་པ་ལྷག་པ་མེད་པའི་ཕྱིར་ཚད་མ་གཞན་དུ་རྣམ་པར་འཇོག་པར་མི་རིགས་ སོ། །སྔོན་མཐོང་བའི་རྗེས་སུ་འབྲངས་ནས་རྟགས་ཀྱིས་རྨོངས་པ་ལ་ཐ་སྙད་ལྷག་པ་སྒྲུབ་པ་དེ་ལ། མི་དམིགས་པ་ཉིད་ནི་འགལ་བ་མེད་དོ། །དེ་ལྟར་ཁས་ལེན་ན་ནི། མི་དམིགས་པ་ཉིད་ཡིན་གྱི། དངོས་པོ་མེད་པ་ཞེས་བྱ་བའི་ཚད་མ་གཞན་ནི་མ་ཡིན་ནོ། །དེ་ལྟར་གནོད་པར་བྱེད་པ་རྟག་པའི་ སྐབས་ལས་འཕྲོས་པ། དངོས་པོ་མེད་པ་ཚད་མའམ་གཞལ་བྱ་མ་ཡིན་ནོ་ཞེས་གཞུང་བཙུགས་པ་ཡིན་ནོ། །དེས་ན་མངོན་པར་འདོད་པའི་དབང་མ་གཏོགས་པར། རིགས་མི་མཐུན་པའི་རིག་པ་སྐྱེ་བ་ཙམ་གནོད་པར་བྱེད་པ་ཡིན་ན། བུམ་པའི་ཤེས་པ་ལ་ཡང་སྣམ་བུའི་ཤེས་པས་གནོད་པར་ འགྱུར་རོ་ཞེས་བྱ་བར་གནས་སོ། །བུམ་པའི་ཤེས་པ་ལ་ནི་སྣམ་བུའི་ཤེས་པ་གནོད་པ་ཡང་མ་ཡིན་ནོ། །དེ་བཞིན་དུ་སད་པའི་ཤེས་པ་ཡང་རྨི་ལམ་གྱི་ཤེས་པའི་གནོད་པ་མ་ཡིན་ནོ། །དེས་ན་སད་པའི་ཤེས་པས་རྨི་ལམ་གྱི་ཤེས་པ་མི་གནོད་པའི་ཕྱིར། ཚད་མར་ཐལ་བ་མ་སྤངས་སོ། །དེས་ ན་གནོད་པ་མེད་པ་ཉིད་ནི་ཚད་མའི་མཚན་ཉིད་མ་ཡིན་ནོ། །གལ་ཏེ་རེ་ཞིག་ཐ་སྙད་དུ་གནོད་པར་བྱ་བ་དང་གནོད་པར་བྱེད་པའི་དངོས་པོ་སྤང་བར་དཀའ་ལ་རྣམ་པ་གཅིག་ཏུ་ངེས་པའི་མངོན་སུམ་གྱིས་གཞན་དངོས་པོ་མེད་པར་ཐ་སྙད་བྱེད་པའི་ཕྱིར་གནོད་པར་བྱེད་པ་གཞན་གྱིས་ཅི་བྱ། དེས་ན་ སད་པའི་ཤེས་པ་ཡང་རྣམ་པ་གཅིག་ཏུ་ངེས་པའི་ཕྱིར་ན་རྨི་ལམ་གྱི་ཤེས་པའི་གནོད་བྱེད་ཅི་སྟེ་མ་ཡིན་ན། དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གང་གི་ཕྱིར་རང་གི་རྣམ་པ་ངེས་པ་ཅན་གྱི་རིགས་མི་མཐུན་པའི་ཤེས་པ་སྐྱེ་བ་འབའ་ཞིག་གནོད་པར་བྱེད་པ་ཡིན་པ་དེའི་ཕྱིར་རོ། །དེ་བཞིན་དུ་བཟློག་པ་ཡང་ ཞེས་བྱ་བ་ནི་རྨི་ལམ་གྱི་ཤེས་པ་ཡང་སད་པའི་ཤེས་པའི་གནོད་བྱེད་ཡིན་པའམ། བུམ་པ་ཞེས་བྱ་བ་ཡང་སྣམ་བུ་ཤེས་པའི་གནོད་བྱེད་ཡིན་པར་འགྱུར་རོ། །འབའ་ཞིག་འཛིན་པས་ན་ཞེས་སྨྲས་ཏེ། སད་པའི་ཤེས་པ་ཡང་འབའ་ཞིག་འཛིན་པའི་ཕྱིར་གནོད་བྱེད་ཡིན་ལ། འབའ་ཞིག་འཛིན་པ་དེ་ནི་ རྨི་ལམ་དང་བུམ་པའི་ཤེས་པ་ལ་ཡང་ཡོད་པ་ཡིན་ནོ། །དེས་ན་འདི་དག་ཀྱང་གནོད་བྱེད་དུ་འགྱུར་རོ། །འདི་ནི་རིགས་སོ་ཞེས་བྱ་བ་ནི་འདི་དོན་དམ་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེས་ན་གནོད་པ་དང་མི་གནོད་པ་ཉིད་རྣམ་པར་བསླད་པ་མ་ཡིན་པའི་ཕྱིར་དེའི་མཚན་ཉིད་ཅན་ཚད་མ་དང་ཚད་ མ་མ་ཡིན་ཡང་རྣམ་པར་བསྙད་པ་ཁོ་ནའོ་སྙམ་དུ་དགོངས་པའོ། །ཐ་སྙད་དུ་ནི་སྐྱེས་བུའི་བསམ་པའི་དབང་གིས་སད་པའི་ཤེས་པ་ཉིད་རྨི་ལམ་གྱི་ཤེས་པའི་གནོད་པར་བྱེད་པ་ཡིན་ལ། ཉ་ཕྱིས་མཐོང་བ་ཉིད་དངུལ་དུ་མཐོང་བའི་གནོད་པར་བྱེད་པ་ཡིན་གྱི་བཟློག་པར་ནི་མ་ཡིན་ནོ། །དེའི་ ཕྱིར་ཞེས་བྱ་བ་ལ་སོགས་པ་ནི་མཇུག་སྡུད་པའོ། །འབྲས་བུ་བརྗོད་པ་ནི། དེའི་ཕྱིར་གཞན་པ་དག་དང་ཞེས་བྱའོ། །དེ་ལྟར་མི་སླུ་བ་ཉིད་ཀུན་དུ་ཐ་སྙད་པ་དང་། དོན་དམ་པའི་ཚད་མ་དག་གི་སྤྱིའི་མཚན་ཉིད་ཡིན་ནོ་ཞེས་གནས་སོ། །འདིར་ཕྱིར་ཟློག་པར་བྱེད་པ་ནི་གལ་ཏེ་བཅོམ་ལྡན་འདས་ ཞེས་བྱ་བ་ལ་སོགས་པའོ། །དོན་འདི་ཡིན་ཏེ་སྐྱེས་བུའི་དོན་འགྲུབ་པ་ཐམས་ཅད་ཀྱི་རྒྱུ་ཡིན་པ་ཉིད་ཀྱིས་བཅོམ་ལྡན་འདས་བསྒྲུབ་པར་འདོད་པ་ཡིན་ལ། དེའང་མངོན་སུམ་ལ་སོགས་པའི་ཚད་མ་ཉིད་ཀྱིས་ཡིན་ཏེ། ཅི་སྐད་དུ་ཡང་ཤེས་པར་ནི་ཞེས་བྱ་བ་ལ་སོགས་པ་བཞིན་ནོ། །དེས་ན་བཅོམ་ ལྡན་འདས་བསྒྲུབས་པས་ཅི་བྱ་ཞེས་བྱ་བ་ཡིན་ནོ། །དེ་ནི་མེད་དོ་ཞེས་བྱ་བ་ལ་སོགས་པ་ནི་སྒྲུབ་པའི་མཐའ་ཡིན་ནོ། །རང་དངོས་ཏེ་རང་གི་མཚན་ཉིད་འཛིན་པ་ལ་ནི་མངོན་སུམ་འཇུག་པ་ཡིན་ནོ་ཞེས་སྦྱར་རོ། །གཞན་དུ་ཞེས་བྱ་བ་ནི་སྤྱིའི་མཚན་ཉིད་འཛིན་པ་ལ་རྗེས་སུ་དཔག་པ་འཇུག་པ་ཡིན་ནོ། །གལ་ ཏེ་མངོན་སུམ་དང་རྗེས་སུ་དཔག་པ་ལ་ཚད་མ་ཡིན་པ་དང་གཞན་མ་ཡིན་པ་ནི་ཞེས་བྱ་བ་ག་ལ་རྟོགས་ཤེ་ན། འདི་ཡང་ཕྱི་ནས་འཆད་འགྱུར་ཏེ། །ཞེས་གསུངས་ཏེ། མངོན་སུམ་གྱི་ལེའུར་རོ། །སྐབས་སུ་བབ་པ་ལ་ནི་འདི་གཉིས་ཀྱི་བྱེད་པ་མེད་དོ་ཞེས་སྟོན་པ་ནི་རེ་ཞིག་ཅེས་བྱ་བ་ལ་སོགས་པའོ། །གང་གི་ དོན་དུ་བཅོམ་ལྡན་འདས་འཚོལ་བ་འཇིག་རྟེན་ཕ་རོལ་ལ་སོགས་པ་དེ་ནི་སྐབས་སུ་བབ་པ་ཡིན་ལ་དེ་ལ་ནི་གང་ཞིག་འཇིག་རྟེན་ཕ་རོལ་རྟོགས་པར་བྱ་དགོས་པའི་སྐྱེས་བུ་དེའི་དེ་ལྟའི་སྐད་ཅིག་གཞན་གྱི་ཡང་གཏམ་ཙམ་མི་ཤེས་ན། སྐྱེས་བུ་གཞན་ལྟ་སྨོས་སུ་ཡང་ཅི་ཞིག་ཡོད་ཅེས་བྱ་བ་ནི། ཚིགས་སུ་བཅད་ པར་རང་དངོས་སྨོས་པའི་ལྷུར་བྱ་བའི་དོན་ཏོ། །རྗེས་སུ་དཔག་པའི་སྤྱིའི་ཡུལ་འཛིན་པར་བརྗོད་པའི་ལྷུར་བྱ་བ་བརྗོད་པ་ནི་རྗེས་སུ་དཔག་པ་ནི་ཞེས་པའོ། །དཔེ་དང་ཐུན་མོང་བའི་རང་བཞིན་དུ་ངེས་པ་ནི། ཁྱབ་པར་འབྲེལ་བ་རྟོགས་པ་མེད་པ་མ་ཡིན་ནོ་ཞེས་བྱ་བར་ནི་གསལ་ལོ། །དེ་ལ་ ནི་མངོན་སུམ་གྱི་བྱེད་པ་མེད་དོ་ཞེས་བསྟན་པ་ནི། རང་གི་ངོ་བོ་རིག་པ་ཞེས་བྱ་བའོ། །རྗེས་སུ་དཔག་པའི་བྱེད་པ་ཡོད་དོ་ཞེས་དོགས་ན། རྗེས་སུ་དཔག་པ་དེ་ཉིད་ཀྱི་བསྒྲུབ་བྱ་བསྒྲུབས་ནས་བསྒྲུབ་བྱ་དང་སྒྲུབ་བྱེད་ཀྱི་འབྲེལ་བ་འཛིན་པའམ། དེ་སྟེ་རྗེས་སུ་དཔག་པ་གཞན་གྱིས་ཞེས་རྣམ་པར་ རྟོག་པ་གཉིས་སོ།། །།དང་པོ་ལ་ནི་ཇི་སྲིད་རྗེས་སུ་དཔག་པ་མེད་པ་དེ་སྲིད་དུ་ཁྱབ་པ་མི་འཛིན་ལ། ཇི་སྲིད་ཁྱབ་པ་མ་བཟུང་བ་དེ་སྲིད་དུ་ཡང་རྗེས་སུ་དཔག་པ་མེད་པའི་ཕྱིར་ཕན་ཚུན་བརྟེན་པ་ཉིད་དུ་གསལ་ལོ། །གཉིས་པ་ལ་ཡང་རྗེས་སུ་དཔག་པ་གཞན་གཅིག་ལ་ལྟོས་ལ། དེ་ཡང་གཞན་ གཅིག་ལ་ལྟོས་པའི་ཕྱིར་གཉི་ག་ཡང་གཅིག་ལ་གཅིག་བརྟེན་པའི་སྒྲས་བསྡུས་སོ། །གལ་ཏེ་འདི་མཐོང་བའི་རྗེས་སུ་དཔག་པ་ལ་ཡང་ཉེས་པ་འདི་མཚུངས་པ་ཡིན་པ་དེ་ལྟ་ན་ཡང་འཇིག་རྟེན་ཕ་རོལ་སྨོས་པ་ནི། སྐྱེས་བུའི་དོན་མཆོག་སྒྲུབ་པ་ལས་གཙོར་ཕྱོགས་པའི་ཕྱིར་རོ། །བསྲེག་པ་ལ་སོགས་ པ་སྒྲུབ་པ་ལ་ནི་དེ་དག་གི་བྱེད་པ་མེད་ཀྱང་ཤིན་ཏུ་ཆད་པ་ཡོད་པ་མ་ཡིན་ནོ། །གལ་ཏེ་ཐ་སྙད་དོན་དམ་པ་མ་ཡིན་ནམ། གལ་ཏེ་དེ་ལྟ་ན་རྗེས་སུ་དཔག་པ་ཐམས་ཅད་དུ་ཉེ་བར་མཁོ་བ་མ་ཡིན་པའི་ཕྱིར་དང་། སྐད་ཅིག་མ་འཛིན་པའི་མངོན་སུམ་ཡང་ཐོབ་པར་བྱ་བ་ལ་ཉེ་བར་མི་མཁོ་བའི་ཕྱིར་མངོན་སུམ་ དང་རྗེས་སུ་དཔག་པ་ནི་ཚད་མ་ཡིན་ནོ་ཞེས་བྱ་བ་དོན་མེད་དོ་ཞེ་ན། མངོན་སུམ་དང་རྗེས་སུ་དཔག་པ་ནི་ཞེས་སྨོས་སོ། །གལ་ཏེ་ཐ་སྙད་དོན་དམ་པ་མ་ཡིན་པ་མ་ཡིན་ནམ། དེ་ལ་བརྟེན་པའི་ཚད་མ་ཅི་དགོས་ནས་བརྗོད། དེའི་དོན་དུ་ནི་འདི་ཉིད་ཀྱི་གཞུང་དགོད་པ་ཡང་དོན་མེད་དོ་ཞེ་ན། ཐམས་ ཅད་མཁྱེན་པར་སྒྲུབ་པ་དང་རྗེས་སུ་མཐུན་པ་ཞེས་སྨོས་སོ། །བསམ་པ་ནི་འདི་ཡིན་ཏེ། ཐ་སྙད་ཉིད་ལ་བརྟེན་ཏེ། ཁྱབ་པ་འཛིན་པ་སྔོན་དུ་བཏང་བའི་རྗེས་སུ་དཔག་པས་བཅོམ་ལྡན་འདས་བསྒྲུབ་པ་ནི། དེའི་སྒོ་ནས་འཇིག་རྟེན་ཕ་རོལ་པོ་ལ་སོགས་པ་ངེས་པའི་ཕྱིར་ན། སྐྱེས་བུའི་དོན་ མཆོག་གྲུབ་པའི་ཕྱིར་ཀུན་རྫོབ་པ་དང་། དོན་དམ་པའི་ཚད་མ་གཉི་ག་ཡང་བརྟེན་པར་རིགས་སོ། །འདིར་འདི་དཔྱད་དེ་ཐ་སྙད་པའི་ཚད་མ་དེ་ཞེན་པར་བྱས་པའི་དོན་ཐོབ་པར་ནུས་པ་འམ་མི་ནུས་པ་ཞིག་ཡིན། ནུས་ན་ནི་འཇིག་རྟེན་ཕ་རོལ་ལ་སོགས་པ་ལ་ཡང་དེ་ཉིད་ཚད་མ་ཡིན་འདོད། འདིར་ བཅོམ་ལྡན་འདས་དོན་དུ་གཉེར་བས་གོ་ཅི་ཞིག་བྱ་སྟེ། ཐམས་ཅད་དུ་ཚུལ་གསུམ་ཡོངས་སུ་དག་པ་ཐུན་མོང་ཡིན་པ་ཉིད་ཀྱིས་རིགས་མཐུན་པའི་ཕྱིར་རོ། །འོན་ཏེ་མི་ནུས་ན་དེའི་ཚེ་ཐམས་ཅད་མཁྱེན་པ་བསྒྲུབ་པར་ཡང་མི་ནུས་པ་ཉིད་པས་དེས་བསྒྲུབ་པའི་ཐམས་ཅད་མཁྱེན་པའི་སྒོ་ནས་མངོན་པར་མཐོ་བ་ དང་ངེས་པར་ལེགས་པར་ཅི་ལྟར་འགྲུབ། རྗེས་སུ་དཔག་པ་ཐམས་ཅད་མཁྱེན་པའི་སྒྲུབ་བྱེད་ཡིན་གྱི། འཇིག་རྟེན་ཕ་རོལ་ལ་སོགས་པ་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ནི་འགལ་བ་ཡང་ཡིན་ནོ། །ཐམས་ཅད་མཁྱེན་པ་གྲུབ་པ་ནི་འཇིག་རྟེན་ཕ་རོལ་ལ་སོགས་པ་གྲུབ་པ་མེད་ན་མེད་པའི་ཕྱིར་རོ། །ཉེ་བར་མཁོ་བའི་ ཐམས་ཅད་མཁྱེན་པའི་ཕྱོགས་ལ་ཡང་། སྲིད་པ་གཅིག་ལས་གྱུར་པའི་ལམ་གོམས་པས་ནི། དེ་སྲིད་པར་རྗེས་སུ་མི་དཔོགས་པ་དེས་ན། འཇིག་རྟེན་ཕ་རོལ་དང་བདག་མེད་པ་ངེས་པ་ལ་སོགས་པ་ལ་གདོན་མི་ཟ་བར་ལྟོས་དགོས་ཏེ། དེ་ལྟར་མ་ཡིན་ན་བསྒོམ་པ་ལ་མངོན་པར་སྦྱོར་བ་མི་འཐད་ པའི་ཕྱིར་རོ། །དེས་ན་ཇི་སྲིད་འཇིག་རྟེན་ཕ་རོལ་མ་གྲུབ་པ་དེ་སྲིད་དུ། ཐམས་ཅད་མཁྱེན་པ་མི་འགྲུབ་ལ། ཇི་སྲིད་ཐམས་ཅད་མཁྱེན་པ་མ་གྲུབ་པ་དེ་སྲིད་དུ་ཡང་འཇིག་རྟེན་ཕ་རོལ་མི་འགྲུབ་པའོ། །འོན་ཏེ་འཇིག་རྟེན་ཕ་རོལ་གྱི་སྒྲས་བདེ་བ་དང་སྡུག་བསྔལ་སྒྲུབ་པར་བྱེད་པའི་ལས་ཀྱི་ཁྱད་པར་བརྗོད་པར་འདོད་ ཅིང་། དེ་ལ་ཡང་ཐ་སྙད་པའི་ཚད་མ་མི་འཇུག་པའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་ཀྱིས་རིག་པར་བྱ་བ་ཡིན་ནོ། །ཐམས་ཅད་མཁྱེན་པ་ཡང་རྗེས་སུ་དཔག་པས་གྲུབ་པའི་བདག་མེད་པ་ལ་སོགས་པ་གོམས་པ་ལས་ཡིན་པའི་ཕྱིར། ཕན་ཚུན་བསྟེན་པ་ཉེས་པ་མེད་དོ་ཞེ་ན། དེ་ལྟར་ན་ཁྱབ་པར་འབྲེལ་པ་རྟོགས་པ་ མེད་པ་ལ་སོགས་པ་བརྗོད་པ་ཅི་ཞིག་དགོས་དེ་ལྟར་ཁྱབ་པ་རྟོགས་པའི་བློ་མེད་པའི་ཕྱིར་ན། སླར་ཐམས་ཅད་མཁྱེན་པ་ཉིད་ཀྱང་གྲུབ་པ་བཀག་པར་འགྱུར་བའི་ཕྱིར། སྐྱོན་སྤོང་འདིའི་འབྲས་བུ་ནི་རིགས་པ་ཞིག་གོ། །འོན་ཏེ་ཐམས་ཅད་མཁྱེན་པ་ཉིད་ནི་ཐ་སྙད་ཙམ་གྱིས་གྲུབ་པོ་ཞེ་ན། དེ་ལྟར་ཐམས་ཅད་མཁྱེན་པ་ གྲུབ་ན། དེས་ཉེ་བར་བསྟན་པའི་ལམ་རྗེས་སུ་བསྒྲུབས་པས་མངོན་པར་མཐོ་བ་དང་། ངེས་པར་ལེགས་པར་ཐོབ་པ་ཞེས་བྱ་བའི་དོན་འདི་བསྟན་པ་ཡིན་ཡང་། གལ་ཏེ་ཐ་སྙད་ཀྱིས་ཐམས་ཅད་མཁྱེན་པ་གྲུབ་པར་བརྗོད་ན་དེའི་འཇིག་རྟེན་ཕ་རོལ་ལ་སོགས་པ་ཡང་། དེ་བཞིན་དུ་འགྱུར་ བ་རག་མོད། ད་ནི་ཐ་སྙད་ཀྱི་སྒྲས་ཉེ་བར་མཁོ་བ་མེད་དེ། ངེས་པར་ལེགས་པའི་བདག་ཉིད་ཐམས་ཅད་མཁྱེན་པ་ཡང་ཐ་སྙད་ཙམ་ཡིན་ན། དོན་དམ་པ་གཞན་མེད་པའི་ཕྱིར་རོ། །དེ་ལྟ་ན་ཡང་གལ་ཏེ་དེའི་སྒྲུབ་བྱེད་ཀུན་རྫོབ་པར་བརྗོད་ན་བརྗོད་ལ་རག་སྟེ། རང་གི་བསྒྲུབ་པར་བྱ་བ་ལ་ནུས་པ་ནི་བསྙོན་པར་དཀའོ། ། དེ་ལྟར་ཡིན་དང་ངེས་པར་ལེགས་པའི་ཡན་ལག་སྐད་ཅིག་མ་ཉིད་ལ་སོགས་པ་ལ་རྗེས་སུ་དཔག་པ་ཉིད་མཐུ་ཐོགས་པ་མེད་པ་ཡིན་པའི་ཕྱིར། ཐམས་ཅད་མཁྱེན་པའི་ཚོལ་བ་ནི་དོན་མེད་དོ། །དེའི་ཡུལ་མ་ཡིན་པ་མངོན་པར་མཐོ་བ་ལ་ནི། དེའི་ཉེ་བར་བསྟན་པ་ཉིད་འཇུག་བྱེད་ཡིན་ན། ཉེ་བར་ བསྟན་པ་ནི་ཕྱིན་ཅི་ལོག་ཏུ་དོགས་པ་དང་མ་བྲལ་བར་འབད་པས་བསྒྲུབ་པ་ཡིན་ནོ། །དེས་ན་ཅི་ལྟར་ཚད་མའི་བྱེད་པ་སྤངས་ནས་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་ལས་སྐྱེས་བུའི་དོན་ཐམས་ཅད་གྲུབ་ཅེ་ན། འདི་ལ་བརྗོད་པ། ཚད་མ་མེད་པར་ཀུན་མཁྱེན་ལ། །དོན་ཀུན་འགྲུབ་མིན་དེ་ལྟ་ ནའང་། །ཀུན་རྫོབ་པ་ཡི་ཚད་མ་ནི། །ཀུན་མཁྱེན་ཉིད་དང་བཅས་པར་འདོད། །འདི་ལྟར་ཚད་མའི་ཡུལ་ནི་རྣམ་པ་གཉིས་ཏེ། གཞན་དང་ཐུན་མོང་བ་འཇིག་རྟེན་ཕ་རོལ་དང་། གཟུགས་དང་ཚོར་བ་ལ་སོགས་པ་དང་། ཐུན་མོང་མ་ཡིན་པ་བདག་མེད་པ་དང་། སྐད་ཅིག་མ་ཉིད་ལ་སོགས་པའོ། ། དེ་ལ་དང་པོ་ལ་ནི་ཐམས་ཅད་མཁྱེན་པ་མེད་ཀྱང་ཚད་མ་རྙེད་པར་སྲིད་ཀྱི། གཉིས་པ་ལ་ནི་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་ཉེ་བར་བསྟན་པ་མེད་པར་སྐད་ཅིག་མ་ལ་སོགས་པ་ཀུན་དུ་རྟོགས་པ་སྐྱེ་བ་མི་སྲིད་པའི་ཕྱིར་ཏེ། ཤེས་པར་འདོད་པ་མ་སྐྱེས་པར་དེའི་སྒྲུབ་པར་བྱེད་པ་ལ་སྤྱོད་པ་མི་འཇུག་ པའི་ཕྱིར་རོ། །དང་པོ་ལ་ནི་གཟུགས་ལ་སོགས་པ་ཉེ་བ་ལ་རེ་ཞིག་མངོན་སུམ་དགག་ཏུ་མེད་ལ། གཟུགས་ལ་སོགས་པའི་ཐ་སྙད་ཀྱང་འཇིག་རྟེན་ན་གྲུབ་པ་ཡིན་ནོ། །འཇིག་རྟེན་ཕ་རོལ་ཡང་ཚུ་རོལ་མཛེས་པ་མ་རྟོགས་པས། བརྗོད་པ་ཕྱིས་ཤེས་པར་འདོད་པས་སྲིད་པས་སྤྱོད་པ་འཇུག་པ་རྙེད་ པར་སླ་བའི་ཕྱིར་རོ། །འཇིག་རྟེན་ཕ་རོལ་ལ་སོགས་པ་ལ་མི་འཇུག་སྟེ་ཞེས་གང་བརྗོད་པ་དེ་ལ་འཇིག་རྟེན་ཕ་རོལ་གྱི་སྒྲས་ནི། ཐབས་དང་ལྡན་པའི་མངོན་པར་མཐོ་བའི་ཆ་བརྗོད་ལ། སོགས་པའི་སྒྲས་ནི་སྐད་ཅིག་མ་ཉིད་ལ་སོགས་པ་ངེས་པར་ལེགས་པ་ཡན་ལག་དང་བཅས་པ་གཟུང་ངོ་། །འོ་ན་ སྐད་ཅིག་མ་ཉིད་ལ་སོགས་པ་ལ་ཡང་གཞན་དག་གིས་སུན་དབྱུང་བའི་དོན་དུ་བརྟགས་པའི་ཕྱིར་རོ། །སྤྱོད་པ་འཇུག་པ་བཟློག་ཏུ་མེད་དོ་ཞེ་ན་དེ་ལྟ་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱི་གསུང་མེད་པར་དེ་དག་གི་སུན་དབྱུང་བའི་བསམ་པ་ཉིད་ཀྱང་མི་འབྱུང་བའི་ཕྱིར་རོ། །དེས་ན་རང་བཞིན་གྱི་ཁྱད་ པར་དང་ལྡན་པའི་བཅོམ་ལྡན་འདས་ཀྱི་བཀའ་ཉིད་སྒྲུབ་པར་བྱེད་པ་དང་། སུན་འབྱིན་པ་བརྗོད་པ་དག་སྒྲུབ་པར་བྱེད་པ་ཡིན་ནོ། །འོན་ཏེ་སྐྱེ་བ་གཞན་གྱི་དབང་གིས་ཅི་ཞིག་ལྟར་དེ་ལྟར་སྤྱོད་པ་དང་འཇུག་པ་ཡིན་ཏེ། འདི་ལ་ནི་གནོད་པར་བྱེད་པ་མེད་དོ་ཞེ་ན་མ་ཡིན་ཏེ། དེ་ལྟ་བུའི་བཀའ་ལ་མ་ བརྟེན་པར་ནི་སྐྱེ་བ་གཞན་དུ་གོམས་པ་ཡང་མེད་པའི་ཕྱིར་རོ། །འདི་ག་ལས་ཡིན་གལ་ཏེ་དེ་ལྟར་ན་ཡང་བཅོམ་ལྡན་འདས་གྲུབ་པ་དང་། ཉེ་བར་བསྟན་པ་ལས་བདག་མེད་པ་ལ་སོགས་པ་ཚད་མ་རྙེད་ན་དེ་གོམས་པ་ལས་བཅོམ་ལྡན་འདས་གྲུབ་པའི་ཕྱིར་འཁོར་ལོ་ཡིན་ནོ་ཞེ་ན། ཉེས་པ་འདི་ནི་ མེད་དོ། །གྲུབ་པ་ནི་རྣམ་པ་གཉིས་ཏེ། སྐྱེས་པ་དང་ངེས་པའོ། །དེ་ལ་གལ་ཏེ་བཅོམ་ལྡན་འདས་འདས་པའམ་ད་ལྟར་བའི་ཉེ་བར་བསྟན་པ་ལས་རྣམ་འགྲེལ་ལས་བཤད་པའི་ཚུལ་དུ་སྤྱིར་བཅོམ་ལྡན་འདས་ངེས་པར་གྱུར་ན་ཉེས་པ་ཅི་འདྲ་བ་ཞིག་ཡོད། གལ་ཏེ་རང་གི་ཉེ་བར་བསྟན་པ་ལ་ སོགས་པ་ལས་དེ་སྐྱེ་བ་ཉིད་དུ་བརྗོད་པར་འདོད་པ་ཡིན་ན་ནི་ཉེས་པར་འགྱུར་རོ། །སྐྱེ་བ་ཡང་བརྗོད་པར་འདོད་པ་ནི་ཡིན་མོད་ཀྱི། འོན་ཀྱང་རང་གི་མཚན་ཉིད་ཐ་དད་པའི་བཅོམ་ལྡན་འདས་གཞན་ཉིད་ཡིན་ནོ། །འོ་ན་ཉེ་བར་སྟོན་བྱེད་ཅི་ལྟར་སྐྱེ་ཞེ་ན། ཐམས་ཅད་མཁྱེན་པ་གཞན་གྱི་ཉེ་བར་བསྟན་པ་ལས་ གཞན་གྱི་ལས་ཡིན་པའི་ཕྱིར་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཕྱོགས་ཀྱང་ཐོག་མ་མེད་པ་ཉིད་དོ། །དེ་བཞིན་དུ་བསྐྱེད་པར་ནི་ཐམས་ཅད་མཁྱེན་པའི་གཞན་དང་གཞན་ཡང་རྟོགས་པར་བྱའོ། །འོ་ན་སྟོན་པར་བྱེད་པ་ཇི་ལྟར་ངེས་ཤེ་ན། གལ་ཏེ་སྐྱེས་བུའི་ཁྱད་པར་གྱི། རང་བཞིན་གྱི་དོན་དུ་ གཉེར་ན་དེའི་ཚེ་ད་ལྟར་བྱུང་བ་ན་གནས་སུ་མངོན་སུམ་ལས་སམ། འདས་པ་ལ་ནི་གསུང་རབ་ཀྱི་མཚན་ཉིད་འབྲས་བུའི་རྟགས་ལས་སྐྱེས་པའི་རྗེས་སུ་དཔག་པ་ལས་སོ། །འོན་ཏེ་ཐམས་ཅད་མཁྱེན་པའི་ཡོན་ཏན་གྱི་ངེས་པ་སེམས་ན་དེའི་ཚེ་དངོས་སུ་དེ་མ་ངེས་ཀྱང་གཞན་གྱི་ སྨྲ་བ་ཟློག་པར་བྱེད་པ་དང་། རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱི་ཡོན་ཏན་གྱི་ཚོགས་ཀྱི་སྒོ་ནས་ཡིད་ཆེས་སུ་རུང་བའི་གསུང་ཉེ་བར་སྟོན་པ་ལས་སྤྱོད་པ་རྗེས་སུ་དཔག་པ་རྙེད་པ་དེ་ཙམ་གྱིས་འདོད་པ་གྲུབ་པོ། །དེ་ལྟར་བཅོམ་ལྡན་འདས་ཀྱི་ཉེ་བར་བསྟན་པ་ལས་ངེས་པར་ལེགས་པའི་མཚན་ཉིད་ཐམས་ ཅད་མཁྱེན་པ་ཞེས་བྱ་བའི་འབྲས་བུ་བསྒྲུབས་སོ། །དོན་གཅིག་ཉིད་ཡིན་ན་གཉིས་དོན་མེད་དོ་ཞེས་ཀྱང་གདགས་པར་མི་བྱ་སྟེ། བཅོམ་ལྡན་འདས་ནི་ཚད་མ་སྐྱེས་པའི་སྒོ་ནས་བྱེད་པ་འཇུག་པ་ཡིན་ལ། ཚད་མ་དག་ཀྱང་དེ་ཁོ་ན་ངེས་པའི་སྒོ་ནས་བྱེད་པ་འཇུག་པ་ཡིན་ནོ། །དེས་ན་བཅོམ་ལྡན་འདས་ནི་ མིག་དང་གཟུགས་ལ་སོགས་པའི་གནས་ལྟ་བུ་ཡིན་པར་འདོད་དོ། །མངོན་པར་མཐོ་བ་ཡང་ཚད་མ་དང་བཅས་པའི་བཅོམ་ལྡན་འདས་ཉིད་ལས་ཡིན་ཏེ། ངག་དང་པོ་ཇི་སྐད་བརྗོད་པ་བཞིན་ནོ། །འོ་ན་ཅིའི་དོན་དུ་ཚད་མའི་བྱེད་པ་འཇུག་པར་བསྟན་ཞེ་ན། ཐ་སྙད་པ་ཉིད་དུ་བསྒྲུབ་པའི་ཕྱིར་རོ། ། གཉིས་སུ་མེད་པར་བསྒྲུབ་པའི་ཕྱིར་ཚད་མའམ་དེ་ཉིད་ནི་ཐ་སྙད་པ་ལ་མ་བརྟེན་པ་བདག་ཉིད་གནས་པར་ནུས་པ་མ་ཡིན་ནོ། །དེ་སྐད་དུ་ཡང་དེའི་ཕྱིར་ལམ་བསྒོམ་པ་ལ་སོགས་པའི་རྒྱུན་ལ་མངོན་པའི་ང་རྒྱལ་བསྟན་པ་ཡིན་ཡང་། འདི་ཐམས་ཅད་ཐ་སྙད་པ་ཡིན་ནོ་ཞེས་འཆད་པར་འགྱུར་རོ། ། འོ་ན་གཉིས་མེད་པ་ལས་ཐམས་ཅད་མཁྱེན་པ་ཡང་ཐ་སྙད་ཉིད་དུ་འགྱུར་ཏེ། རང་གི་ངོ་བོ་ལས་ལྷག་པ་ཕྲ་མོ་ཡང་རིག་པ་མེད་པའི་ཕྱིར་རོ། །འོན་ཀྱང་དེའི་བདག་པོར་གྱུར་པས་ཉེ་བར་སྟོན་པར་སྣང་བ་ལས་རྗེས་སུ་སྒྲུབ་པར་བྱེད་པ་རྣམས་དོན་དེ་དང་དེ་གྲུབ་པའི་ཕྱིར་ཐམས་ཅད་མཁྱེན་པ་ཞེས་རྣམ་པར་ འཇོག་པས་ན་ཐ་སྙད་པ་ཉིད་ལས་མི་འདའོ། །དེས་ན་གཉི་ག་ཐ་སྙད་པ་ཡིན་ན་ཐམས་ཅད་མཁྱེན་པ་བསྒྲུབ་པ་དང་རྗེས་སུ་མཐུན་པ་ཞེས་བྱ་བའི་ཚད་མ་ལ་ལྟོས་ནས་གཙོ་བོར་སྟོན་པར་བྱེད་པའི་ཚུལ་ལུགས་འདི་ཅི་ལྟར་ཡིན་ཞེ་ན། བདེན་ཏེ་ཐམས་ཅད་མཁྱེན་པ་ཉིད་བསྒྲུབ་བྱ་ཡིན་པའི་ཕྱིར་ དང་། སྒྲུབ་པར་བྱེད་པའི་ཚད་མ་ཡང་དེ་ཉིད་ལས་རྙེད་པའི་ཕྱིར་རོ། །དེ་ལྟར་གལ་ཏེ་སྐྱེས་བུ་ལ་ཉེ་བར་མཁོ་བ་ཉིད་ཀྱིས་མིག་ལ་སོགས་པ་ཡང་གཙོ་བོར་བརྗོད་ན་དེའི་ཚེ་ཚད་མ་མེད་དེ། ཡུལ་གཅོད་པ་ལ་ལྟོས་པའི་ཚད་མའི་ཐ་སྙད་ནི། དེ་དག་ལ་འགོག་པ་ཡིན་ནོ། །བཅོམ་ལྡན་ འདས་ནི་འབྱུང་བར་འགྱུར་བའི་རང་བཞིན་ལ་ཉེ་བར་མཁོ་བ་ཉིད་ཀྱིས་གཙོར་གྱུར་པ་ཡིན་ནོ། །ཚད་མ་ཡང་བརྒྱུད་པ་ཉིད་ཀྱིས་ཕན་འདོགས་པར་བྱེད་པ་ཡིན་ཏེ། དེས་ན་དེ་ལ་ལྟོས་ནས་བཅོམ་ལྡན་འདས་ཉིད་གཙོ་བོ་ཡིན་ནོ། །གལ་ཏེ་དེ་ལྟ་ན་སྐྱེས་བུས་བྱས་པའི་ལུང་ཕན་འདོགས་པར་ བྱེད་པ་ཉིད་ཡིན་ན། ཇི་ལྟར་འོག་ཏུ་སྐྱེས་བུས་བྱས་པ་དང་མ་བྱས་པ་གཉི་ག་སུན་འབྱིན་ཅེ་ན། སྐྱེས་བུས་བྱས་པ་ཕན་འདོགས་པར་བྱེད་པ་ནི། བདེན་ན་འོན་ཀྱང་ཚད་མས་ཕན་བཏགས་པ་ཡིན་གྱི། ཕྱི་རོལ་གྱི་དོན་ངེས་པར་བྱེད་པའི་ཚད་མ་ཉིད་ཀྱིས་ནི་མ་ཡིན་ནོ། །ཚད་མས་ཕན་བཏགས་པ་ཡང་ བཅོམ་ལྡན་འདས་ཀྱི་ལུང་ཉིད་ཡིན་ན། ངེས་པར་ལེགས་པ་ཡན་ལག་དང་བཅས་པ་ལ་ནི། དངོས་ཡིན་ལ་མངོན་པར་མཐོ་བ་ལ་ནི་བརྒྱུད་ནས་ཡིན་ཏེ། དེ་བརྗོད་པ་དང་འདི་བརྗོད་པ་སྐྱེ་གནས་གཅིག་པའི་ཕྱིར་རོ། །དེ་ལྟར་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་དང་། ངེས་པར་ལེགས་པ་ཡན་ ལག་དང་བཅས་པ་ལ་ཚད་མར་སྐྱེད་པའི་སྒོ་ནས་མཐོ་རིས་དང་བྱང་གྲོལ་གྱི་ཐབས་ལ་འཇུག་པར་བྱེད་པའི་ཕྱིར་ན་བདག་ཅག་ལ་སོགས་པའི་ཚད་མ་ལ་ལྟོས་ནས། ཉེ་བར་མཁོ་བ་ཞེས་བྱ་བའི་ཐམས་ཅད་མཁྱེན་པ་ཚད་མའི་གཙོ་བོ་ཉིད་དུ་བསྟན་ཏོ། །སྒྲིབ་པ་མེད་པའི་བསོད་ནམས་དང་། ཡེ་ཤེས་ཀྱི་ ཚོགས་བསགས་པའི་ཕྱིར་འདི་སྤྱོད་ཡུལ་ཇི་ཙམ་ཡིན་ཞེས་བྱ་བ་ནི་ངེས་པར་མི་ནུས་སོ། །ཐམས་ཅད་ཐམས་ཅད་མཁྱེན་པའི་ཕྱོགས་ལ་ནི་སྤྱོད་ཡུལ་ལ་ལྟོས་པའི་བདག་ཉིད་ཆེ་བ་ཆེན་པོ་ཡོད་པའི་ཕྱིར་ཁྱད་པར་གསལ་ལོ། །རིག་བྱེད་དང་དབང་ཕྱུག་ལ་སོགས་པ་ནི་ཚད་མ་གཉིས་ལས་དམན་ པའི་ཕྱིར་དེ་ལ་ལྟོས་ཏེ་བཅོམ་ལྡན་འདས་ཀྱི་བདག་ཉིད་ཆེན་པོ་བསམ་པས་ཅི་བྱ་སྙམ་དུ་དགོངས་པའོ། །གལ་ཏེ་ཐམས་ཅད་མཁྱེན་པའི་ཕྱོགས་འདོད་པ་ཡིན་ཡང་ཐེ་ཚོམ་ཟ་བའི་ཕྱིར་མི་གནས་པ་ཉིད་མ་ཡིན་ནམ། ཅི་ལྟར་དེ་ལ་ལྟོས་ནས་ཚད་མའི་སྤྱོད་ཡུལ་ཁྱད་པར་དུ་འཕགས་པ་གསལ་བར་ འགྱུར། གང་དག་ལ་ཚད་མ་གཉིས་མེད་པའི་ཕྱིར། ཐམས་ཅད་མཁྱེན་པ་དེར་ཐེ་ཚོམ་ཟ་བ་དེ་ལ་ལྟོས་ནས་བདག་ཉིད་ཆེན་པོ་སེམས་པ་ནི་ཤིན་ཏུ་དད་པ་ཆེའོ་ཞེ་ན། བདེན་ཏེ་འདི་ལྟ་བུའི་བརྗོད་པ་ནི་སྲིད་པ་ལ་བསམ་པ་ཡིན་ཏེ། གལ་ཏེ་ཚོགས་པའི་ཁྱད་པར་ ལས་དེ་འདྲ་བ་སྐྱེས་པར་འགྱུར་ན། དེའི་ཚེ་ཚད་མ་གཉིས་མ་ཞུགས་པས་ངེས་པ་མེད་ཀྱང་གནོད་བྱེད་མེད་པའི་ཕྱིར། དེའི་བདག་ཉིད་ཆེན་པོ་གང་གིས་བཟློག་སྙམ་དུ་བསམས་པ་ཡིན་ནོ། །གནོད་བྱེད་མེད་པ་ཡང་མདུན་དུ་འཆད་པར་འགྱུར་རོ། །རིག་བྱེད་ལ་སོགས་པ་མངོན་སུམ་ལ་ ལྟོས་ནས་དམན་པ་དེ་ཉིད་སྟོན་པར་འདོད་པས། བསམ་པ་འདིས་བྱ་བའི་སྐབས་སྟོན་པ་ན། ཕྱོགས་སྔ་མ་དགོད་པ་ནི་གལ་ཏེ་ཞེས་བྱ་བ་ལ་སོགས་པའོ། །དེའི་ཚེ་ཞེས་བྱ་བའི་མངོན་སུམ་གྱིའོ། །བསྟན་བཅོས་ནི་དེ་ལྟ་མ་ཡིན་པའི་ཕྱིར་ཞེས་བྱ་བ་ནི། གང་གིས་མངོན་སུམ་དང་རྗེས་སུ་དཔག་པ་དག་ བཞིན་དུ་འདིར་སྐྱོན་དུ་འགྱུར། ཉེ་བའི་མཚན་ཉིད་ཙམ་གྱི་ཡུལ་ཅན་ནམ། འབྲེལ་པ་འཛིན་པ་ལ་ལྟོས་པ་མ་ཡིན་ནོ། །དེ་ཉིད་ལས་ཞེས་བྱ་བ་ནི་བསྟན་བཅོས་ལས་སོ། །འདི་ལ་བརྗོད་པ་ཞེས་བྱ་བ་ལ་སོགས་པ་ནི་ལེན་ནོ། །དོན་གྱི་དེ་ཉིད་རྒྱུ་ཅན་མིན། །ཞེས་བྱ་བ་ནི། ཕྱིའི་དོན་དང་མ་འབྲེལ་པའི་ཕྱིར་རོ། །དེ་ ཉིད་ཀྱི་ཕྱིར་སྨྲ་བ་པོའི་འདོད་པས་ཡུལ་དུ་བྱས་པ་ཁོ་ན་ལ་ཚད་མ་ཡིན་གྱི། དངོས་པོ་ནི་དེ་ལྟ་བུ་འམ་གཞན་དུ་ནི་ཡིན་ཞེས་ངེས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་སྒྲ་རྣམས་ནི་སྨྲ་བ་པོ་ཉེས་པས་སྐྱོན་ཆགས་པ་མ་ཡིན་ནམ། དེ་སྐད་དུ་ཡང་། སྐྱེས་བུས་བྱས་པ་དག་ལ་ནི། །ཉེས་པ་ཡོད་ མེད་བརྟགས་པར་རིགས། །བྱེད་པོ་མེད་ཕྱིར་རིག་བྱེད་ལ། །ངེས་པའི་དོགས་ངེད་དེ་ལ་མེད། །ཅེའོ། །དེས་ན་བསྟན་བཅོས་གཞན་ཚད་མ་མ་ཡིན་མོད། སྐྱེས་བུས་བྱས་པ་ནི་མ་ཡིན་ཞེ་ན། སྐྱེས་བུས་མ་བྱས་པའི་སྒྲ་ནི་མེད་དོ་ཞེས་ཕྱིས་བསྟན་པར་བྱའོ་ཞེས་གསུངས་སོ། །ཕྱིས་བསྟན་པར་ བྱའོ་ཞེས་བྱ་བ་ནི། དེའི་བརྗོད་པ་ཉིད་ལས་དེ་ལ་སྨྲ་བ་པོ་ཡོད་པར་རྟོགས་སོ་ཞེས་བྱ་བ་དེར་རོ། །གལ་ཏེ་སྐྱེས་བུས་བྱས་པ་མ་ཡིན་ན་འོ་ན་ཅི་ཡིན་ཞེ་ན། སྐྱེས་བུས་བྱས་པ་ཉིད་ནི་འགྱུར་རོ་ཞེས་གསུངས་ཏེ། སྐྱེས་བུས་བྱས་པ་ཁོ་ན་སྟེ། ཅི་ལྟ་བུའི་གོ་རིམས་བཀོད་པ་ནི་སྐྱེས་བུའི་འདོད་པའི་རྗེས་སུ་ འགྲོ་ལྡོག་གི་རྗེས་སུ་བྱེད་པ་མཐོང་བའི་ཕྱིར་རོ། །དེ་ལ་ཡང་ཞེས་བྱ་བ་ནི། ངག་སྐྱེས་བུས་བྱས་པར་གནས་པ་ནའོ། །ཚིགས་སུ་བཅད་པའི་དོན་འགྲེལ་པ་ནི་སྨྲ་བ་པོ་ནི་ཞེས་བྱ་བ་ལ་སོགས་པའོ། །གལ་ཏེ་སྨྲ་བར་འདོད་པ་ཡིན་ལ། འདོད་པ་ལས་འབད་རྩོལ། འབད་རྩོལ་བ་ལས་ནི་ གནས་དང་བྱེད་པ་ཕྲད་པའི་རང་བཞིན་སྐྱེས་བུའི་བྱེད་པ་མ་ཡིན་ནམ། དེས་ན་ཅི་ལྟར་འདོད་པ་ཉིད་བྱེད་པ་ཡིན་ཞེ་ན། བརྗོད་པར་སྐུལ་བར་བྱེད་པ་པོའི་འབད་རྩོལ་ལས་སྐུལ་བྱེད་ཉིད་གཞན་མ་ཡིན་ནོ། །དེས་ན་སྐྱེས་བུའི་འབད་རྩོལ་ཉིད་རྐན་ལ་སོགས་པའི་སྐུལ་བ་བྱེད་པ་ཡིན་ལ། དེ་ཡང་འདོད་ པ་ལ་ལྟོས་པའི་ཕྱིར་རྒྱུ་ལ་འབྲས་བུ་ཉེ་བར་བཏགས་པས་དེ་ཉིད་བྱེད་པ་ཡིན་པར་བརྗོད་དོ། །དེ་ཡང་རྣམ་པ་གཉིས་ཏེ། གང་གིས་དེ་རྗོད་པར་བྱེད་པའི་ཚིག་སྦྱོར་བ་ལ་འཇུག་པར་བྱེད་པ་དོན་འདི་བསྟན་པར་བྱའོ་སྙམ་པ་དེ་ལྟ་བུའི་རྣམ་པ་ཅན་ནི་གཅིག་ཡིན་ལ། སྒྲུབ་པའི་ཚིག་ཉིད་བརྗོད་པ་ ཙམ་ལ་འཇུག་པར་བྱེད་པ་ཡང་གང་ཡིན་པ་དེ་ནི་གཞན་ཡིན་ནོ། །དེ་ལ་འདི་ནི་གཟུང་བར་བྱ་བ་མ་ཡིན་ཏེ། དོན་སྟོན་པའི་སྐབས་ཡིན་པའི་ཕྱིར་རོ། །དེས་ན་དང་པོ་འཛིན་པ་ན་སྨྲ་བ་པོའི་བརྗོད་པར་འདོད་པ་ཞེས་བྱ་བ་ནི་བྱེད་པོ་ཉིད་སྨྲ་བ་པོར་གཟུང་ངོ་། །བརྗོད་པར་འདོད་པ་ཞེས་བྱ་བ་ནི་ དོན་སྟོན་པར་འདོད་པའོ། །སྤྱིའི་དོན་བརྗོད་པ་ནི། བརྗོད་པར་འདོད་པའི་ཡུལ་གྱི་དོན་ཅེས་བྱ་བ་ལ་སོགས་པའོ། །བརྗོད་པར་འདོད་པའི་ཡུལ་ཞེས་བྱ་བ་འདིས་ནི། སྟོན་པ་པོའི་བློ་ལ་ཡང་གསལ་བར་བརྗོད་པ་ཡིན་ནོ། །རབ་རིབ་ཅན་གཉིས་བཞིན་དུ་གཅིག་ཉིད་དུ་མངོན་པར་ཞེན་པའི་ཕྱིར་ན་ དེ་ཉིད་སྨྲ་བ་པོ་དང་ཉན་པ་པོ་གཉི་ག་ལ་ཡང་སྣང་ངོ་ཞེས་ཐ་སྙད་དུ་བྱེད་དོ། །དེ་ཁོ་ན་ཉིད་དུ་ནི་དེ་བདག་ཉིད་སོ་སོ་ལ་ཐ་དད་པ་ཤེས་པའི་རྣམ་པ་ཙམ་ཉིད་དོ། །ཐ་དད་པ་དེ་ཉིད་ཀྱི་ཕྱིར་ན། དེ་ཉིད་ལ་སྒྲ་ཚད་མ་ཡིན་ཏེ་ཞེས་བྱ་བ་ནི་རྒྱུར་གྱུར་པ་སྨྲ་བ་པོ་སེམས་ཀྱི་རྣམ་པ་ལ་ཡིན་ཏེ། འབྲས་བུ་ནི་སྨྲ་བ་པོའི་ སེམས་ཀྱི་རྣམ་པ་རྗེས་སུ་དཔོག་པར་བྱེད་པ་ཡིན་པའི་ཕྱིར་རོ། །སྒྲའི་བྱེད་པ་ན