Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 125
Văn bản gốc(Tây Tạng)
Trang 12 / 19 (50.000 ký tự/trang)
དག་ཐ་སྙད་ལ་མཁས་པར་བྱ་བའི་ཕྱིར་བུམ་པ་དང་སྣམ་བུ་དང་ལྷ་སྦྱིན་དང་མཆོད་ སྦྱིན་ཞེས་བྱ་བ་ལ་སོགས་པ་མིང་ཇི་ལྟར་ཤེས་པར་བྱེད་དོ། །དེ་ལྟར་མིང་ཇི་ལྟར་ཤེས་པར་བྱས་ནས། དེ་ནས་དོན་གྱི་དངོས་པོ་འདི་ལ་མིང་དུ་ཇི་སྐད་ཅེས་བྱ་ཞེའམ་མིང་འདི་སྐད་ཅེས་བྱ་བའི་དོན་ནི་འདི་ལྟ་བུ་ཡིན་ནོ། །མ་ཞེས་མིང་ལ་བརྟེན་ནས་དོན་ལ་རྟོགས་སོ། །སྦྱོར་བ་ཅན་གྱི་ཡིད་ལ་བྱེད་ པ་ལྔ་པས་བསྟན་པའི་ཕྱིར། རབ་ཏུ་རྟོགས་པའི་སྦྱོར་བ་དེ་ཡང་རྣམ་པ་བཅུ་གཅིག་ཏུ་རིག་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འོག་ནས་འབྱུང་བའི་ཆོས་བཅུ་གཅིག་རྟོགས་པ་ནི་རབ་ཏུ་རྟོགས་པའི་སྦྱོར་བ་ཞེས་བྱའོ། །གློ་བུར་དུ་བྱུང་བ་རབ་ཏུ་རྟོགས་པ་དང་ཞེས་བྱ་བ་ལ། མིང་དུ་བཏགས་ པ་དང་དོན་དུ་བཏགས་པའི་ཆོས་འདི་དག་ནི་གྱི་ན་བརྙན་མར་བཏགས་པར་ཟད་དོ་ཞེས་ཁོང་དུ་ཆུད་པ་ན་གློ་བུར་དུ་བྱུང་བ་རབ་ཏུ་རྟོགས་པ་ཞེས་བྱ་སྟེ། གང་གི་ཕྱིར་དོན་ལ་མིང་བཏགས་པ་རྣམས་ཀྱང་གྱི་ན་གློ་བུར་བཏགས་པ་ཡིན་ལ་མིང་ལ་དོན་དུ་བཏགས་པ་རྣམས་ཀྱང་གྱི་ན་གློ་བུར་བཏགས་པར་ ཁོང་དུ་ཆུད་པ་སྟེ། དེ་ནི་མོས་པ་སྤྱོད་པའི་ས་དྲོད་ཀྱི་དུས་ན་ཁོང་དུ་ཆུད་དོ། །ཡང་དག་པར་སྣང་བའི་མཚན་མ་རབ་ཏུ་རྟོགས་པ་དང་ཞེས་བྱ་བ་ལ། གཟུང་བ་དང་འཛིན་པའི་ཆོས་དེ་དག་ཡོད་པ་མ་ཡིན་པ་ལས་ཡོད་པ་ལྟ་བུར་སྣང་བ་ནི་ཡང་དག་པར་སྣང་བ་ཞེས་བྱ་སྟེ། འདི་ལྟར་སྣང་བར་བྱེད་ པའི་རྒྱུ་ལ་མཚན་མ་ཞེས་བྱའོ། །དེ་ལྟར་སྣང་བར་བྱེད་པའི་རྒྱུ་ནི་སེམས་དང་སེམས་ལས་བྱུང་བ་ཡིན་ཏེ། གཟུང་བ་དང་འཛིན་པ་འདི་དག་སེམས་དང་སེམས་ལས་བྱུང་བ་ལ་སྣང་བར་ཁོང་དུ་ཆུད་པ་ནི་ཡང་དག་པར་སྣང་བའི་མཚན་མ་རབ་ཏུ་རྟོགས་པ་ཞེས་བྱ་སྟེ། དེ་ཡང་མོས་པ་སྤྱོད་པའི་ས་རྩེ་ མོའི་དུས་ན་དེ་ལྟར་རྟོགས་སོ། །དོན་མི་དམིགས་པ་རབ་ཏུ་རྟོགས་པ་དང་ཞེས་བྱ་བ་ལ། གཟུགས་ནས་ཆོས་ཀྱི་བར་དུ་ཡུལ་དྲུག་ལ་བྱ་སྟེ་ཡུལ་དྲུག་པོ་དེ་དག་ལ་མི་རྟོག་ཅིང་དེ་དག་སེམས་ལ་སྣང་བ་ཐམས་ཅད་སྤངས་ནས་མི་སྣང་བར་གྱུར་ནས་དོན་མི་དམིགས་པ་རབ་ཏུ་རྟོགས་པ་ཞེས་ བྱའོ། །དེ་ཡང་མོས་པ་སྤྱོད་པའི་ས་བཟོད་པའི་དུས་ན་རྟོགས་སོ། །དམིགས་པ་མི་དམིགས་པ་རབ་ཏུ་རྟོགས་པ་དང་ཞེས་བྱ་བ་ལ། ཡུལ་དྲུག་ལ་དམིགས་པར་བྱེད་པའི་སེམས་མིག་གི་རྣམ་པར་ཤེས་པ་ནས་ཡིད་ཀྱི་རྣམ་པར་ཤེས་པའི་བར་དུ་མེད་པར་ཁོང་དུ་ཆུད་པ་ནི་དམིགས་ པ་མི་དམིགས་པ་རབ་ཏུ་རྟོགས་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གཟུང་བ་མེད་པ་དང་དེ་ལ་འཛིན་པར་བྱེད་པའི་སེམས་ཀྱང་ཡོད་པ་མ་ཡིན་ནོ་ཞེས་ཁོང་དུ་ཆུད་པའི་ཕྱིར་ཏེ། དེ་ནི་མོས་པ་སྤྱོད་པའི་སའི་འཇིག་རྟེན་གྱི་ཆོས་མཆོག་གི་དུས་ན་ཁོང་དུ་ཆུད་དོ། །ཆོས་ཀྱི་དབྱིངས་རབ་ཏུ་རྟོགས་པ་དང་ ཞེས་བྱ་བ་ལ། དེ་ལྟར་གཟུང་བ་དང་འཛིན་པ་གཉིས་སྤངས་ནས་མཐོང་བའི་ལམ་ནས་ཆོས་ཀྱི་དབྱིངས་ཐམས་ཅད་དུ་འགྲོ་བའི་མཚན་ཉིད་དུ་མཐོང་བ་ནི་ཆོས་ཀྱི་དབྱིངས་རབ་ཏུ་རྟོགས་པ་ཞེས་བྱ་སྟེ། དེའང་ས་དང་པོའི་ཚེའི་ཁོང་དུ་ཆུད་དོ། །གང་ཟག་ལ་བདག་མེད་པ་རབ་ཏུ་རྟོགས་པ་དང་ཞེས་བྱ་བ་ལ་ མཐོང་བའི་ལམ་ན་ཉན་ཐོས་རྒྱུན་དུ་ཞུགས་པ་ལ་སོགས་པས་ནི་གང་ཟག་ལ་བདག་མེད་པ་ལ་རབ་ཏུ་རྟོགས་ཏེ། ཕུང་པོ་ལྔ་ཙམ་དུ་ཟད་ཀྱི་མུ་སྟེགས་ཀྱིས་བརྟགས་པའི་བདག་ནི་ཡོད་པ་མ་ཡིན་ནོ་ཞེས་ཁོང་དུ་ཆུད་པའི་ཕྱིར་རོ། །ཆོས་ལ་བདག་མེད་པར་རབ་ཏུ་རྟོགས་པ་དང་ཞེས་བྱ་བ་ལ། བྱང་ཆུབ་ སེམས་དཔའ་རྣམས་ཀྱིས་ནི་མཐོང་བའི་ལམ་ལ་ཆོས་ལ་བདག་མེད་པར་རབ་ཏུ་རྟོགས་ཏེ། ཕུང་པོ་ལྔ་ཉིད་ཀྱང་རྨི་ལམ་གྱི་གཟུགས་བཞིན་དུ་མེད་དོ་ཞེས་ཁོང་དུ་ཆུད་པའི་ཕྱིར་རོ། །བསམ་པ་ཆུང་ངུ་རབ་ཏུ་རྟོགས་པ་དང་ཞེས་བྱ་བ་ལ། ཉན་ཐོས་རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་ཕྱིར་མི་ འོང་བ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་རྣམས་ནི་བསམ་པ་ཆུང་ངུས་རབ་ཏུ་རྟོགས་པ་ཞེས་བྱ་སྟེ། བདག་གི་དོན་ཙམ་དུ་བྱ་བ་དང་། གང་ཟག་ལ་བདག་མེད་པ་ཙམ་ལས་མ་རྟོགས་པའི་ཕྱིར་རོ། །རྒྱ་ཆེན་པོར་བདག་ཉིད་ཆེན་པོའི་བསམ་པ་རབ་ཏུ་རྟོགས་པ་ དང་ཞེས་བྱ་བ་ལ། ས་བཅུ་པའི་བྱང་ཆུབ་སེམས་དཔའ་རྣམས་དང་། དེ་བཞིན་གཤེགས་པ་རྣམས་ནི་རྒྱ་ཆེན་པོའི་བདག་ཉིད་ཆེན་པོའི་བསམ་པ་རབ་ཏུ་རྟོགས་པ་ཞེས་བྱ་སྟེ། བདག་དང་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བ་རྟོགས་པ་དང་། གང་ཟག་དང་ཆོས་ལ་བདག་མེད་པར་རྟོགས་པའི་ ཕྱིར་རོ། །ཇི་ལྟར་ཆོས་ཁོང་དུ་ཆུད་པའི་ཆོས་རྣམ་པར་གཞག་པའི་རབ་ཏུ་རྟོགས་པ་དང་ཞེས་བྱ་བ་ལ། མཐོང་བའི་ལམ་ས་དང་པོའི་དུས་ན་ཆོས་ཀྱི་དབྱིངས་རྟོགས་པ་ནི་ཇི་ལྟར་ཆོས་ཁོང་དུ་ཆུད་པ་ཞེས་བྱའོ། །དེ་ལྟར་ཆོས་ཀྱི་དབྱིངས་ཁོང་དུ་ཆུད་ནས་དེ་ཁོང་དུ་ཆུད་པའི་ཡོན་ཏན་སྐད་ཅིག་མ་གཅིག་ལ་ དེ་བཞིན་གཤེགས་པ་བརྒྱའི་ཞལ་ལྟ་བ་ལ་སོགས་པ་རྣམས་རྟོགས་པ་ནི་ཆོས་རྣམ་པར་གཞག་པ་རབ་ཏུ་རྟོགས་པ་ཞེས་བྱ་སྟེ། དེ་ཡང་ས་དང་པོའི་དུས་ན་ཡང་དག་པའི་ལྟ་བས་རྟོགས་སོ། །རྣམ་པར་གཞག་པའི་ཆོས་རབ་ཏུ་རྟོགས་པ་དང་ཞེས་བྱ་བ་ལ། ས་གཉིས་ནས་ས་བཅུ་མན་ཆད་ན་བསྒོམ་ པར་བྱ་བའི་ཆོས་རྣམས་ཀྱང་རབ་ཏུ་རྟོགས་ཤིང་དེའི་ཡོན་ཏན་སྐད་ཅིག་གཅིག་ལ་དེ་བཞིན་གཤེགས་པ་སྟོང་གི་ཞལ་མཐོང་བ་ལ་སོགས་པ་ནི་རྣམ་པར་གཞག་པའི་ཆོས་རབ་ཏུ་རྟོགས་པ་ཞེས་བྱ་སྟེ། འདི་ནི་བསྒོམ་པའི་ལམ་ན་ཡང་དག་པའི་རྟོག་པས་རྟོགས་སོ། །དབང་བྱེད་པ་ཡིད་ལ་བྱེད་པ་ ནི་རྣམ་པ་གསུམ་སྟེ་ཞེས་བྱ་བ་ལ། དབང་བྱེད་པའི་ཡིད་ལ་བྱེད་པ་ལ་རྣམ་པ་གསུམ་ཡོད་དེ། ཉོན་མོངས་པའི་སྒྲིབ་པ་དག་ལ་དབང་བྱེད་པ་དང་། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དག་ལ་དབང་བྱེད་པ་དང་། ད་ལྟར་མངོན་པར་བསྒྲུབ་པ་ལ་དབང་བྱེད་པའོ། །ཉོན་མོངས་པའི་སྒྲིབ་པ་ཤིན་ ཏུ་རྣམ་པར་དག་པ་དང་ཞེས་བྱ་བ་ལ། འདོད་ཆགས་ལ་སོགས་པ་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་ལ་བྱ་སྟེ། ཉོན་མོངས་པ་དེ་དག་ཉིད་རྣམ་པར་ཐར་པ་དང་མྱ་ངན་ལས་འདས་པ་ཐོབ་པར་བྱ་བ་ལ་བར་དུ་གཅོད་པ་ན་སྒྲིབ་པ་ཞེས་བྱའོ། །སྒྲིབ་པ་དེ་དག་སྤངས་ནས་ཕྱིས་ སེམས་ཀྱི་རྒྱུད་ལ་མི་སྐྱེ་བར་བྱས་པ་ནི་ཉོན་མོངས་པའི་སྒྲིབ་པ་ཤིན་ཏུ་རྣམ་པར་དག་པ་ཞེས་བྱ་སྟེ། འདིས་ནི་ཉོན་མོངས་པའི་སྒྲིབ་པ་དག་པ་ལ་དབང་བྱེད་པ་བསྟན་ཏོ། །ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཤིན་ཏུ་རྣམ་པར་དག་པ་དང་ཞེས་བྱ་བ་ལ། ཉོན་མོངས་པའི་སྒྲིབ་པ་ནི་གོང་དུ་བཤད་པར་ཟད་དོ། ། གཟུང་བ་དང་འཛིན་པའི་ཆོས་ལ་ཡོད་པར་ཆགས་པ་ནི་ཤེས་བྱའི་སྒྲིབ་པ་ཞེས་བྱ་སྟེ། དེ་ཡང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱ་བ་ལ་བར་དུ་གཅོད་པས་ན་སྒྲིབ་པའོ། །སྒྲིབ་པ་དེ་སྤངས་ནས་ཕྱིས་མི་སྐྱེ་བར་བྱས་པ་ལ་ཤེས་བྱའི་སྒྲིབ་པ་ཤིན་ཏུ་རྣམ་པར་དག་པ་ཞེས་བྱ་སྟེ། འདིས་ནི་ཉོན་མོངས་ པ་དང་ཤེས་བྱའི་སྒྲིབ་པ་དག་པ་ལ་དབང་བྱེད་པ་བསྟན་ཏོ། །ཡོན་ཏན་མངོན་པར་སྒྲུབ་པ་ཤིན་ཏུ་རྣམ་པར་དག་པ་ཞེས་བྱ་བ་ལ། ཡོན་ཏན་ནི་མངོན་པར་ཤེས་པ་དྲུག་དང་། སྟོབས་དང་མི་འཇིགས་པ་ལ་སོགས་པ་ལ་བྱའོ། །ཡོན་ཏན་དེ་དག་ཐོབ་པར་བྱ་བ་ལ་བར་དུ་གཅོད་པ་སྤངས་ནས་ཡོན་ཏན་དེ་དག་ མངོན་སུམ་དུ་བྱས་པ་ལ་ཡོན་ཏན་མངོན་པར་བསྒྲུབ་པ་ཤིན་ཏུ་རྣམ་པར་དག་པ་ཞེས་བྱ་སྟེ། འདིས་ནི་ཡོན་ཏན་མངོན་པར་བསྒྲུབ་པ་ལ་དབང་བྱེད་པ་བསྟན་ཏོ། །ཆོས་ལ་དེ་ཁོ་ན་ཉིད་ཀྱི་དོན་ཡོངས་སུ་ཚོལ་བ་ལ་ཚིགས་སུ་བཅད་པ་གཉིས་སོ་ཞེས་བྱ་བ་ལ་ཆོས་ནི་རྣམ་པ་གཉིས་ཏེ། ཀུན་ནས་ཉོན་ མོངས་པའི་ཆོས་དང་། རྣམ་པར་བྱང་བའི་ཆོས་སོ། །ཆོས་དེ་དག་གི་དེ་ཁོ་ན་ཉིད་ནི་ཆོས་དེ་དག་གི་མཚན་ཉིད་ཕྱིན་ཅི་མ་ལོག་པའི་རང་བཞིན་ཏེ། དེ་ཡང་ཀུན་བཏགས་ཀྱི་རང་བཞིན་དང་། གཞན་དབང་གི་རང་བཞིན་དང་། ཡོངས་སུ་གྲུབ་པའི་རང་བཞིན་ནོ། །ཆོས་དེ་དག་ཀྱང་འཇིག་རྟེན་ལས་འདས་ པའི་ཡེ་ཤེས་ཐོབ་པས་ནི་ཁོང་དུ་ཆུད་དོ། །ཡིད་ལ་བྱེད་པའི་ཚོལ་བའི་སྐབས་བཤད་པའི་རྗེས་ལ་ཆོས་ལ་དེ་ཁོ་ན་ཉིད་ཀྱི་དོན་ཡོངས་སུ་ཚོལ་བའི་སྐབས་བཤད་པར་འབྲེལ་པ་ཅི་ཡོད་ཅེ་ན། ཡིད་ལ་བྱེད་པ་ཞེས་བྱ་བ་ལ། རྩེ་གཅིག་པ་ཞེས་བྱ་བ་དང་། ཏིང་ངེ་འཛིན་ཅེས་བྱ་བ་དང་། མཉམ་པར་ གཞག་པ་རྣམས་ནི་དོན་གཅིག་སྟེ། མདོ་ལས་སེམས་མཉམ་པར་གཞག་པ་ཐོབ་ན་དེ་ཁོ་ན་ཉིད་ཁོང་དུ་ཆུད་པར་འགྱུར་རོ་ཞེས་འབྱུང་བས་ཡིད་ལ་བྱེད་པའི་སྐབས་ཀྱི་རྗེས་ལ་དེ་ཁོ་ནའི་སྐབས་བཤད་པར་འབྲེལ་ཏོ། །དེ་ཉིད་གང་ནི་གཉིས་ཀྱིས་རྟག་ཏུ་སྤངས། །ཞེས་བྱ་བ་ལ། གང་ཟག་དང་ཆོས་ ལ་བདག་མེད་པའི་རང་བཞིན་སྟོང་པ་ཉིད་ལ་དེ་ཉིད་ཅེས་བྱའོ། །སྟོང་པ་ཉིད་སོ་སོའི་སྐྱེ་བོ་ནས་འཕགས་པའི་དུས་ན། ཡང་གཟུང་བ་དང་འཛིན་པ་དང་བྲལ་བ་ཡིན་པས་རྟག་ཏུ་གཉིས་ཀྱིས་སྤངས་ཞེས་བྱ་སྟེ། དེ་ལྟར་རྟག་ཏུ་གཟུང་འཛིན་དང་བྲལ་ཡང་། གཟུང་ འཛིན་ལྟ་བུར་སྣང་བ་འདི་ནི་ཀུན་བརྟགས་ཀྱི་མཚན་ཉིད་དོ་ཞེས་བྱ་བའི་དོན་ཏོ། །ནོར་བའི་གནས་ཞེས་བྱ་བ་ལ་ནོར་བའི་གནས་ནི་གཞན་གྱི་དབང་གི་མཚན་ཉིད་དེ་ཐག་པ་ལ་སྦྲུལ་དུ་རྟོགས་པ་བཞིན་དུ་གཞན་དབང་སྟེ། གཟུང་བ་དང་འཛིན་པ་ལྟ་བུར་རྟོགས་པའི་རྒྱུ་བྱེད་པའི་ཕྱིར་ནོར་བའི་གནས་ཞེས་བྱའོ། ། གཞན་དབང་གིས་གཟུང་འཛིན་ལྟ་བུར་རྟོགས་པས་སོ། །སྤྲོས་པ་མེད་པར་རྣམ་པ་ཀུན་དུ་སྤྱོད་མི་ནུས་ཞེས་བྱ་བ་ལ་སྤྲོས་པ་མེད་ཅིང་བརྗོད་པར་མི་ནུས་པ་ནི་ཡོངས་སུ་གྲུབ་པའི་རང་བཞིན་ཏེ། ཡོངས་སུ་གྲུབ་པ་གཟུང་འཛིན་གྱི་ཆོས་མེད་པས་ན་སྤྲོས་པ་མེད་པའོ། །ཡོངས་སུ་གྲུབ་པ་དེ་མིང་དང་ ཚིག་དང་ཡི་གེས་འདི་འདྲའོ་ཞེས་ཐ་སྙད་དུ་མི་རུང་བས་ན་རྣམ་པ་ཀུན་དུ་བརྗོད་མི་ནུས་ཞེས་བྱའོ། །ཤེས་བྱ་ཞེས་བྱ་བ་ལ། དང་པོ་ཀུན་བརྟགས་ཀྱི་མཚན་ཉིད་ནི་ཤེས་པར་བྱ་བ་ཡིན་ཏེ། ཇི་ལྟར་ཤེས་པར་བྱ་ཞེ་ན། ཀུན་བརྟགས་ཀྱི་ཆོས་འདི་དག་ནི་རི་བོང་གི་རྭ་བཞིན་དུ་ཡོད་པ་མ་ཡིན་ནོ་ཞེས་ཤེས་པར་ བྱའོ། །སྤངས་པ་ཞེས་བྱ་བ་ལ། གཉིས་པ་གཞན་དབང་གི་མཚན་ཉིད་ནི་སྤང་བར་བྱ་བ་མ་ཡིན་ཏེ། གཞན་དབང་ལ་ཡོད་པའི་གཟུང་འཛིན་གྱི་དྲི་མ་སྦྱང་དགོས་པའི་ཕྱིར་རོ། །རྣམ་སྦྱངས་རང་བཞིན་དྲི་མ་མེད་པར་རིག །ཅེས་བྱ་བ་ལ། གསུམ་པ་ཡོངས་སུ་གྲུབ་པའི་མཚན་ཉིད་ནི་རྣམ་པར་སྦྱངས་ པ་ཡིན་པར་རིག་པར་བྱ་སྟེ། ཡོངས་སུ་གྲུབ་པ་ཉིད་ཀྱི་རང་བཞིན་ཉིད་རྣམ་པར་དག་ཅིང་དྲི་མ་མེད་པ་ཡིན་ཡང་གློ་བུར་གྱི་དྲི་མ་སྦྱང་བར་མི་བྱ་བ་མ་ཡིན་ཏེ། སྦྱང་དགོས་པའི་ཕྱིར་རོ། །དེ་ལྟར་ཡོངས་སུ་གྲུབ་པའི་རང་བཞིན་གྱིས་རྣམ་པར་དག་པ་ཡིན་ཡང་གློ་བུར་གྱི་དྲི་མ་སྦྱང་དགོས་པའི་རྣམ་པ་གསུམ་ བསྟན་པའི་ཕྱིར། དེ་ནི་ནམ་མཁའ་གསེར་དང་ཆུ་འདྲ་ཉོན་མོངས་རྣམ་དག་འདོད། །ཅེས་བྱ་བ་སྨོས་ཏེ། དཔེར་ན་ནམ་མཁའ་དང་གསེར་དང་ཆུ་རྣམས་རང་བཞིན་གྱིས་དག་ཀྱང་གློ་བུར་གྱི་དྲི་མ་སྤྲིན་དང་ས་རྡོ་དང་རྙོག་པ་བསལ་དགོས་པ་དེ་བཞིན་དུ་ཡོངས་སུ་གྲུབ་པའི་རང་བཞིན་ཡང་རང་བཞིན་གྱིས་རྣམ་ པར་དག་པ་ཡིན་མོད་ཀྱི་གློ་བུར་གྱི་དྲི་མ་སྦྱང་དགོས་སོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལས་གཞན་ནི་འཇིག་རྟེན་དག་ན་ཅི་ཡང་མེད། །ཅེས་བྱ་བ་ལ། དེའི་སྒྲས་ནི་ཆོས་ཀྱི་དབྱིངས་སྟོང་པ་ཉིད་ལ་བྱ་སྟེ། སྟོང་པ་ཉིད་ལས་གཞན་པའི་ཆོས་སྟོང་པར་མ་འདུས་པའི་ཆོས་ནི་འཇིག་རྟེན་ན་གཟུགས་ལ་སོགས་ པ་གང་ཡང་ཡོད་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ཕྱི་ནང་གི་ཆོས་ཐམས་ཅད་སྟོང་པས་ཁྱབ་པའི་ཕྱིར་རོ། །འགྲོ་བ་མ་ལུས་པ་ཡང་དེ་ལ་རྨོངས་པའི་བློ་ཞེས་བྱ་བ་ལ། དེ་ལྟར་སྟོང་པའི་མཚན་ཉིད་ཀྱིས་ཆོས་ཐམས་ཅད་ལ་ཁྱབ་པ་ལ། སྟོང་པའི་ཆོས་ཙམ་ཞིག་ཡོད་པར་ཟད་ཀྱི། དེ་ལས་ལྷག་པ་ གཞན་མེད་ན་སེམས་ཅན་ཐམས་ཅད་ཀྱང་སྟོང་པའི་ཆོས་དེ་ལ་མགོ་རྨོངས་ཏེ། སྟོང་པའི་ཆོས་མ་རྟོགས་མ་མཐོང་ངོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་འཇིག་རྟེན་གཏི་མུག་རྣམ་པ་ནི་མངོན་འཕེལ་ཞེས་བྱ་བ་ལ་འདི་ནི་འཇིག་རྟེན་དུ་ངོ་མཚར་དུ་བྱ་བ་སྟེ། སྟོང་པས་ཀུན་དུ་ཁྱབ་ཏུ་ཟིན་ཀྱང་སྟོང་པ་མི་མཐོང་ བའི་གཏི་མུག་དང་མ་རིག་པ་འདི་འཁོར་བ་ཐོག་མ་མེད་པ་ནས་ཇི་ལྟར་རྙེད་ཅིང་བསྐྱེད་ནས་འཕེལ་བ་ཞེས་བྱ་བའི་དོན་ཏོ། །ཡོད་པ་ཀུན་དུ་རྣམ་སྤངས་མེད་ལ་མངོན་པར་ཆགས། །ཞེས་བྱ་བ་ལ། དེ་ལྟར་སྟོང་པས་ཀུན་དུ་ཁྱབ་སྟེ། སྟོང་པར་མ་འདུས་པ་མེད་ན་ཡོད་པའི་ཆོས་སྟོང་པ་ནི་མ་སྤངས་ ཏེ། མ་མཐོང་བ་མེད་པའི་ཆོས་གཟུགས་ལ་སོགས་པ་རི་བོང་གི་རྭ་བཞིན་མེད་པ་ཡིན་མངོན་པར་ཆགས་ཤིང་ཡོད་པར་འཛིན་པར་བྱེད་དོ། །དེ་ནི་ངོ་མཚར་དུ་བྱ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡང་ན་མཚན་ཉིད་གསུམ་ལས་གཞན་པའི་ཆོས་ནི་འཇིག་རྟེན་ན་ཅི་ཡང་མེད་དེ། ཀུན་ནས་ ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཆོས་ཐམས་ཅད་ཀྱང་མཚན་ཉིད་གསུམ་དུ་འདུས་པའི་ཕྱིར་རོ། །དེ་ལྟར་མཚན་ཉིད་གསུམ་ཙམ་དུ་ཟད་ན་སེམས་ཅན་ཐམས་ཅད་ཀྱང་དེ་ལ་རྨོངས་ཏེ། མཚན་ཉིད་གསུམ་མ་མཐོང་བའི་གཏི་མུག་འདི་ལྟ་བུར་ཇི་ལྟར་སྤེལ་ཏེ་བསྐྱེད་ན་ཡོད་པའི་ཆོས་མཚན་ ཉིད་གསུམ་ནི་མ་མཐོང་ལ་མེད་པའི་ཆོས་གཟུང་བ་དང་འཛིན་པ་ལ་ནི་ཆགས་པར་བྱེད་ཅེས་བྱ་བའི་དོན་ཏོ། །ཆོས་ཀྱི་དབྱིངས་དེ་ལྟ་བུའི་མཚན་ཉིད་ལས། འཇིག་རྟེན་ན་གཞན་ཅི་ཡང་མེད་དེ་ཞེས་བྱ་བ་ལ། ཆོས་ཀྱི་དབྱིངས་གཟུང་འཛིན་དང་བྲལ་བ་ལ་ནི་སྟོང་པ་ཉིད་ལས་མ་གཏོགས་པའི་ཆོས་ གཟུགས་དང་སྒྲ་ལ་སོགས་པ་ཅི་ཡང་མེད་དེ། ཐམས་ཅད་སྟོང་པས་ཁྱབ་པའི་ཕྱིར་རོ། །ཆོས་ཉིད་ལས་ཆོས་ཐ་དད་པ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལ། ཅིའི་ཕྱིར་སྟོང་པས་ཁྱབ་ཅེ་ན། ཆོས་ཉིད་དེ་སྟོང་པ་ལས་ཆོས་ཏེ། གཟུགས་ལ་སོགས་པ་ལོགས་ཤིག་ན་ཐ་སྙད་ཐ་དད་ པར་ཡོད་པ་མ་ཡིན་པས་ན་ཐམས་ཅད་སྟོང་པས་ཁྱབ་ཅེས་བྱ་བའི་དོན་ཏོ། །དེ་ཁོ་ན་ཉིད་ལ་སྒྱུ་མ་ལྟ་བུར་ཡོངས་སུ་ཚོལ་བའི་ཚིགས་སུ་བཅད་པ་བཅོ་ལྔའོ་ཞེས་བྱ་བ་ལ། དེ་ཁོ་ན་ཚོལ་བའི་སྐབས་ཀྱི་རྗེས་ལ་དེ་ཁོ་ན་ལ་སྒྱུ་མ་ལྟ་བུར་ཡོངས་སུ་ཚོལ་བའི་སྐབས་བཤད་པར་འབྲེལ་པ་ཅི་ཡོད་ཅེ་ན། དེ་ཁོ་ན་ཞེས་ བྱ་བ་ལ། ཕྱིན་ཅི་མ་ལོག་པ་ཞེས་བྱ་བ་དང་། མ་ནོར་བ་ཞེས་བྱ་བ་དག་དོན་གཅིག་སྟེ། དེ་ཡང་ཡང་དག་པ་མ་ཡིན་པ་དང་། ཡང་དག་པ་སྟེ་རྣམ་པ་གཉིས་སོ། །དེ་ལ་ཡང་དག་པ་མ་ཡིན་པ་ལ་ཡང་ཡང་དག་པ་མ་ཡིན་པ་ཉིད་དུ་མཐོང་བ་དང་ཡང་དག་པ་ལ་ཡང་ཡང་དག་པ་ཉིད་དུ་མཐོང་བ་ན་དེ་ ཉིད་ལ་ཁོ་ན་ཤེས་པ་ཞེས་བྱའོ། །འདི་ལྟར་གོང་དུ། དེ་ཉིད་གང་ནི་རྟག་ཏུ་གཉིས་ཀྱིས་སྤངས་དང་ནོར་པའི་གནས། །སྤྲོས་པ་མེད་པ་རྣམ་པ་ཀུན་དུ་བརྗོད་མི་ནུས། །ཞེས་བྱའོ། །ཀུན་བརྟགས་དང་གཞན་དབང་དང་ཡོངས་སུ་གྲུབ་པའི་རང་བཞིན་གསུམ་རིམ་བཞིན་དུ་གཉིས་དང་བྲལ་བ་དང་། འཁྲུལ་ པའི་གནས་དང་། བརྗོད་དུ་མེད་ཅིང་སྤྲོས་པ་མེད་པའི་བདག་ཉིད་དུ་བཤད། དེ་ཁོ་ན་རྣམ་པ་གསུམ་པོ་དེ་ལ་རྣམ་པ་གང་གིས་ན་སྒྱུ་མ་ལྟ་བུར་ཡིན་པར་བརྟག་ཅིང་བཙལ་དགོས་ཏེ། དེའི་ཕྱིར་དེ་ཁོ་ན་ཉིད་ཚོལ་བའི་སྐབས་ཀྱི་རྗེས་ལ་དེ་ཁོ་ན་ཉིད་ལ་སྒྱུ་མ་ལྟ་བུར་ཡོངས་སུ་ཚོལ་བའི་སྐབས་བཤད་པར་ འབྲེལ་ཏོ། །ཡང་ན་ཐེག་པ་ཆེན་པོའི་མདོ་སྡེ་དེ་དང་དེ་དག་གི་ནང་ནས་ཆོས་ཐམས་ཅད་ནི་སྒྱུ་མ་ལྟ་བུའོ་ཞེས་བཤད་དེ། ཇི་ལྟར་ན་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་ཡིན་པར་བརྟག་ཅིང་བཙལ་བའི་ཕྱིར་ཚིགས་སུ་བཅད་པ་བཅོ་ལྔ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་སྒྱུ་མ་དེ་བཞིན་དུ། །ཡང་དག་མ་ཡིན་ ཀུན་རྟོག་སྟེ། །ཞེས་བྱ་བ་ལ། དཔེར་ན་སྒྱུ་མ་མཁན་གྱིས་སྔགས་དང་སྨན་གྱིས་ཡོངས་སུ་ཟིན་པའི་མཐུ་ལས་སྒྱུ་མའི་རྟ་དང་གླང་པོ་ལ་སོགས་པ་སྣང་བའི་རྒྱུ་རྡོ་དང་ཤིང་ལ་སོགས་པ་ལྟ་བུར་ནི་ཡང་དག་པ་མ་ཡིན་པ་ཀུན་དུ་བརྟགས་ཏེ། སེམས་དང་སེམས་ལས་བྱུང་བ་རྟེན་ཅིང་འབྲེལ་ཏེ་འབྱུང་ བ་གཞན་དབང་གི་མཚན་ཉིད་ཡིན་པར་འདོད་དེ། ཅིའི་ཕྱིར་ཞེ་ན། སྔགས་དང་སྨན་གྱིས་ཟིན་པའི་རྡོ་དང་ཤིང་བུས་ཡང་རྟ་དང་གླང་པོར་སྣང་བའི་རྒྱུ་བྱེད་པ་དེ་བཞིན་དུ་གཞན་དབང་ཡང་གཟུང་བ་དང་། འཛིན་པ་ལྟ་བུར་སྣང་བའི་རྒྱུ་བྱེད་པས་ན་རྡོ་ཤིང་གི་ཚུལ་ལྟ་བུར་བལྟའོ། །ཇི་ལྟར་སྒྱུ་མ་བྱས་པ་ལྟར། ། ནོར་བ་གཉིས་ཞེས་བྱ་བ་ལ། །དཔེར་ན་སྒྱུ་མ་མཁན་གྱི་སྨན་དང་སྔགས་ཀྱི་མཐུས་རྡོ་དང་ཤིང་ལ་སོགས་པ་ལས་སྒྱུ་མའི་གཟུགས་རྟ་དང་གླང་པོ་ལ་སོགས་པ་སྒྱུ་མའི་དབྱིབས་སྣ་ཚོགས་སྣང་བ་ལྟར་ནི་གཞན་དབང་ལ་ཀུན་བརྟགས་ཀྱི་མཚན་ཉིད་ནོར་བ་གཉིས་སུ་སྣང་བར་བལྟས་ཏེ། ནོར་བ་གཉིས་ནི་གཟུང་ བ་ལྟ་བུར་སྣང་བ་དང་། འཛིན་པ་ལྟ་བུར་སྣང་བའོ། །ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པ་ལ་ནོར་བ་གཉིས་ཏེ་ཞེས་བྱ་བ་ལ། ཡང་དག་མ་ཡིན་ཀུན་རྟོག་ནི་གཞན་གྱི་དབང་གི་མཚན་ཉིད་དེ། དེ་ལ་ནོར་བ་གཉིས་སྣང་བ་ནི་ཀུན་བརྟགས་ཀྱི་མཚན་ཉིད་དོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་དེ་ལ་དེ་མེད་བཞིན། ། དེ་ལྟར་དམ་པའི་དོན་དུ་འདོད། །ཅེས་བྱ་བ་ལ། མདོ་སྡེ་དག་གིས་ནང་ནས་དོན་དམ་པའི་བདེན་པ་དང་། ཀུན་རྫོབ་ཀྱི་བདེན་པ་ཞེས་འབྱུང་བ་བདེན་པ་གཉིས་ཀྱི་མཚན་ཉིད་སྤྱོད་དེ། དཔེར་ན་སྒྱུ་མའི་རྟ་དང་གླང་པོ་ལ་སོགས་པའི་དབྱིབས་རྡོ་དང་ཤིང་ལ་སོགས་རྒྱུ་ལས་རྟ་དང་གླང་པོར་སྣང་མོད་ཀྱི། རྡོ་དང་ ཤིང་དེ་ལ་རྟ་དང་གླང་པོའི་རང་བཞིན་མེད་པ་དེ་ལྟར་གཞན་གྱི་དབང་གི་མཚན་ཉིད་ལ་ཀུན་དུ་རྟོག་པའི་རང་བཞིན་གཟུང་བ་དང་འཛིན་པ་གཉིས་མེད་དེ། གཟུང་འཛིན་དང་བྲལ་ནས་ཡོངས་སུ་གྲུབ་པའི་མཚན་ཉིད་དུ་གྱུར་པ་ནི་དོན་དམ་པའི་བདེན་པ་མ་ཡིན་པར་འདོད་དོ་ཞེས་བྱ་བའི་དོན་ཏེ། འདིས་ནི་དོན་དམ་པའི་ བདེན་པའི་མཚན་ཉིད་བཤད་དོ། །ཇི་ལྟར་དེ་དག་དམིགས་པ་བཞིན། །དེ་དག་ཀུན་རྫོབ་བདེན་པའོ། །ཞེས་བྱ་བ་ལ། དཔེར་ན་སྒྱུ་མའི་ཤིང་དང་། རྡོ་བ་ལས་རྟ་དང་གླང་པོ་ལ་སོགས་པའི་དབྱིབས་སྣ་ཚོགས་སྣང་བ་ལྟར་གཞན་གྱི་དབང་གི་མཚན་ཉིད་ལས། ཀུན་བརྟགས་ཀྱི་མཚན་ཉིད་གཟུང་ བ་དང་། འཛིན་པར་སྣང་བ་ཐམས་ཅད་ནི་ཀུན་རྫོབ་ཀྱི་བདེན་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདིས་ནི་ཀུན་རྫོབ་ཀྱི་བདེན་པའི་མཚན་ཉིད་བསྟན་ཏོ། །ཇི་ལྟ་བུར་ནི་དེ་མེད་ན། །དེ་ཡི་རྒྱུ་ཡང་སྣང་བར་བྱེད། །ཅེས་བྱ་བ་ལ། དཔེར་ན་སྒྱུ་མ་མཁན་གྱི་སྔགས་དང་སྨན་གྱི་མཐུས་རྡོ་དང་ཤིང་ལས་རྟ་དང་ གླང་པོ་ལ་སོགས་པ་སྣང་བ་དང་སྔགས་དང་སྨན་གྱི་མཐུ་ཚད་ནས་རྟ་དང་གླང་པོའི་དབྱིབས་མེད་དེ་མི་སྣང་བར་གྱུར་ན་གླང་པོ་ལ་སོགས་པའི་དབྱིབས་ཀྱི་རྒྱུ་ལས་སྣང་བ་རྙེད་དེ་རྟ་དང་གླང་པོ་ནི་མི་མཐོང་གི་རྡོ་དང་ཤིང་བུ་མཐོང་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་ཤིན་ཏུ་གནས་ གྱུར་ན། །མེད་པར་རྟོགས་པ་དམིགས་པར་འགྱུར། །ཞེས་བྱ་བ་ལ། དེ་བཞིན་དུ་ནམ་གཟུང་བ་དང་། འཛིན་པ་གཉིས་མེད་པར་རྟོགས་ན་ཀུན་གཞི་རྣམ་པར་ཤེས་པ་གཞན་དབང་གི་མཚན་ཉིད་གནས་གྱུར་ན་གཉིས་དང་བྲལ་བའི་རྣམ་པར་ཡོངས་སུ་གྲུབ་པའི་མཚན་ཉིད་དམིགས་པར་འགྱུར་ཏེ། དཔེར་ ན་ཐག་པ་ལ་སྦྲུལ་དུ་མཐོང་བ་དང་བྲལ་ན་ཐག་པ་མཐོང་བ་བཞིན་ནོ། །གནས་གྱུར་ན་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པའི་དོན་ཡང་དག་པར་དམིགས་སོ་ཞེས་བྱ་བ་ལ། ནམ་ཀུན་གཞི་གནས་གྱུར་ན་གཞན་དབང་ལ་གཟུང་བ་དང་འཛིན་པའི་ནོར་བ་གཉིས་མེད་པར་འགྱུར་ཏེ། གཟུང་འཛིན་དང་བྲལ་ ནས་དེའི་ཚེ་དག་པ་འཇིག་རྟེན་པའི་ཡེ་ཤེས་རྒྱབ་ནས་ཐོབ་པས་ཡང་དག་པ་མ་ཡིན་པར་ཀུན་དུ་རྟོག་པ་གཞན་གྱི་དབང་གི་དོན་མ་ནོར་བར་རྟོགས་པར་འགྱུར་ཏེ། ཇི་ལྟར་རྟོགས་ཤེ་ན། གཉིས་དང་བྲལ་བའི་མཚན་ཉིད་དུ་རྟོགས་ཤིང་མཐོང་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ཡི་རྒྱུ་ལས་ཇི་ ལྟ་བུར། །འཇིག་རྟེན་མ་ནོར་འདོད་བཞིན་སྤྱོད། །ཅེས་བྱ་བ་ལ། དེའི་སྒྲས་ནི་རྟ་དང་གླང་པོའི་བྱད་གཟུགས་སུ་སྣང་བ་ལ་བྱ་སྟེ། དེའི་རྒྱུ་ནི་རྡོ་དང་ཤིང་བུ་ལ་སོགས་པའོ། །དཔེར་ན་རྡོ་དང་ཤིང་བུ་ལས་རྟ་དང་གླང་པོའི་བྱད་གཟུགས་སུ་སྣང་བའི་བྱད་གཟུགས་རྣམས་མི་སྣང་བར་གྱུར་ན་དེའི་རྒྱུ་ རྡོ་དང་ཤིང་བུ་ལ་འཇིག་རྟེན་པ་རྣམས་མ་ནོར་བར་སྤྱོད་པ་དང་། འདོད་བཞིན་སྤྱོད་དོ་མ་ནོར་བར་སྤྱོད་པ་ནི་རྟ་དང་གླང་པོ་ལྟ་བུར་ནོར་བ་མ་མཐོང་གི་རྡོ་དང་ཤིང་ཉིད་དུ་མ་ནོར་བར་མཐོང་བའི་ཕྱིར་རོ། །འདོད་བཞིན་སྤྱོད་པ་ནི་དེ་དག་ལ་ཆགས་པ་དང་འཇིགས་པར་སྤྱོད་པའི་ཕྱིར་རོ། །དེ་བཞིན་ཤིན་ཏུ་གྱུར་ན་ ཡང་། །མ་ལོག་རྣལ་འབྱོར་འདོད་བཞིན་སྤྱོད། །ཅེས་བྱ་བ་ལ། དེ་དང་འདྲ་བར་གཞན་དབང་གནས་གྱུར་ཏེ། །གཟུང་འཛིན་གཉིས་སྤངས་ན་ཕྱིན་ཅི་མ་ལོག་པ་ལ་གནས་པའི་རྣལ་འབྱོར་པ་རྣམས་མ་ལོག་པར་སྤྱོད་པ་དང་དེ་བཞིན་སྤྱོད་དོ། །ཇི་ལྟར་མ་ལོག་པར་སྤྱོད་ཅེ་ན། གཟུང་བ་དང་འཛིན་ པའི་འཁྲུལ་པ་མ་མཐོང་བས་ན་མ་ནོར་བར་སྤྱོད་དོ། །ཇི་ལྟར་འདོད་བཞིན་སྤྱོད་ཅེ་ན། དེ་ཕན་ཆད་ཆགས་པ་དང་འཇིགས་པ་མེད་པར་སྤྱོད་པའི་ཕྱིར་རོ། །དེ་ཡི་སྣང་བ་དེ་ལ་ཡོད། །དེ་ཡི་དངོས་པོ་མེད་པ་སྟེ། །དེ་ཕྱིར་སྒྲ་ལ་སོགས་པ་ལ། །ཡོད་དང་མེད་པར་བརྗོད་པ་ཡིན། །ཞེས་བྱ་བ་ལ། དེའི་ སྒྲ་ནི་སྒྱུ་མའི་རྟ་དང་གླང་པོའི་དབྱིབས་སུ་སྣང་བའི་རྒྱུ་རྡོ་དང་ཤིང་བུ་ལ་བྱ་སྟེ། རྡོ་དང་ཤིང་བུ་དེ་ལ་རྟ་དང་གླང་པོ་ལ་སོགས་པའི་བྱད་གཟུགས་སུ་འཁྲུལ་པ་སྣང་བ་ཙམ་ནི་མེད་པ་མ་ཡིན་པས་སྒྱུ་མ་ལ་སོགས་པ་ལ་ཡོད་པ་ཞེས་ཀྱང་མི་བརྗོད་དེ། དེ་ལྟར་འཁྲུལ་པར་སྣང་བ་ཙམ་ཡོད་ཀྱང་རྟ་དང་གླང་པོའི་དངོས་པོ་ ཉིད་ཡོད་ཀྱང་མ་ཡིན་པས་མེད་པ་ཞེས་བརྗོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དངོས་པོ་དེ་ལ་དངོས་མེད་མིན། །ཞེས་བྱ་བ་ལ། དངོས་པོའི་སྒྲས་ནི་རྟ་དང་གླང་པོ་སྣང་བར་བྱེད་པའི་རྒྱུ་རྡོ་དང་ཤིང་བུ་ལ་བྱ་སྟེ། རྡོ་དང་ཤིང་བུ་ལས་རྟ་དང་གླང་པོའི་དབྱིབས་སུ་སྣང་བ་འཁྲུལ་པ་ཙམ་དུ་མེད་པ་མ་ཡིན་ པས་ན་དངོས་མེད་མིན་ཞེས་བྱའོ། །དངོས་མེད་དངོས་པོ་ཉིད་མ་ཡིན། །ཞེས་བྱ་བ་ལ། དེ་ལྟར་འཁྲུལ་པ་ཙམ་དུ་ནི་སྣང་ཡང་རྟ་དང་གླང་པོའི་དངོས་པོ་ཉིད་མེད་དེ། དེ་བས་ན་རྟ་དང་གླང་པོའི་དངོས་པོ་ཉིད་དུ་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དངོས་དང་དངོས་མེད་བྱེ་བྲག་མེད། །རྒྱུ་ལ་སོགས་པ་ བརྗོད་པ་ཡིན། །ཞེས་བྱ་བ་ལ། དེ་ལྟར་འཁྲུལ་པ་ཙམ་དུ་ནི་ཡོད་ཀྱི་དངོས་པོ་ཉིད་མེད་པས་ན་དངོས་པོ་དང་དངོས་པོ་མེད་པ་གཉིས་བྱེ་བྲག་མེད་ཅིང་དོན་གཅིག་པར་སྒྱུ་མ་ལ་སོགས་པ་བརྗོད་པ་ཡིན་ཏེ། ཇི་ལྟ་ཞེ་ན། གང་འཁྲུལ་པའི་དངོས་པོ་ཙམ་དུ་ཡོད་པ་དེ་ཉིད་ལ་བརྟགས་ན་དོན་དམ་པར་བ་ལང་ ལ་སོགས་པའི་རང་བཞིན་དུ་མེད་པ་ཡིན་པས་ཡོད་པ་དང་མེད་པ་གཉིས་བྱེ་བྲག་མེད་དེ་དོན་གཅིག་པར་བརྗོད་པ་དང་། གང་བ་ལང་ལ་སོགས་པའི་དངོས་པོ་མེད་པ་ཉིད་ལ་འཁྲུལ་པ་ཙམ་དུ་སྣང་བའི་དངོས་པོ་མེད་པ་མ་ཡིན་ཏེ། ཡོད་པས་ན་དངོས་པོ་མེད་པ་དང་དངོས་པོ་གཉིས་སུ་ཡང་བྱེ་བྲག་ མེད་དེ་དོན་གཅིག་གོ། །དངོས་མེད་མ་ཡིན་དེ་མ་ཡིན། །ཞེས་བྱ་བ་ལ། དངོས་པོ་མེད་པ་མ་ཡིན་པ་ནི་འཁྲུལ་པ་ཙམ་དུ་ཡོད་པའི་ཕྱིར་ཏེ། འཁྲུལ་པ་ཙམ་དུ་ཡོད་པ་དེ་ལ་ཡང་བ་ལང་ལ་སོགས་པའི་རང་བཞིན་ཉིད་མེད་པས་དེ་མ་ཡིན་པ་ཞེས་བྱ་སྟེ། དེ་དངོས་པོར་ཡོད་པ་མ་ཡིན་ནོ་ཞེས་བྱ་ བའི་དོན་ཏོ། །དེ་ལ་དེ་ལྟ་བུར་སྣང་བ་ལ་སོགས་པ་ཡོད་པ་གང་ཡིན་པ་དེ་ཉིད་བ་ལང་ལ་སོགས་པའི་དངོས་པོ་མེད་པ་ཉིད་དོ་ཞེས་བྱ་བའི་དངོས་པོ་དང་དངོས་པོ་མེད་པ་གཉིས་བྱེ་བྲག་མེད་པར་སྟོན་ཏོ། །རྟ་དང་གླང་པོ་ལ་སོགས་པར་འཁྲུལ་པ་ཙམ་དུ་སྣང་བར་ཡོད་པ་གང་ཡིན་པ་དེ་ཉིད་ ལ་བ་ལང་ལ་སོགས་པའི་རང་བཞིན་མེད་པས་ན། དངོས་པོ་དང་དངོས་པོ་མེད་པ་གཉིས་དོན་གཅིག་གོ་ཞེས་བྱ་བའི་དོན་ཏོ། །བ་ལང་ལ་སོགས་པ་མེད་པ་སྟེ་ཡིན་པ་དེ་ཉིད་དེ་ལྟ་བུའི་སྣང་བར་ཡོད་པའོ་ཞེས་བྱ་བ་ལ་དོན་དམ་པར་བ་ལང་ལ་སོགས་པར་སྣང་ཡང་བ་ལང་ལ་སོགས་པའི་དངོས་པོ་མེད་པ་དེ་ཉིད་ ལ་འཁྲུལ་པ་ཙམ་དུ་སྣང་བའི་དངོས་པོ་ཡོད་པས་ན་དེ་དངོས་པོ་མེད་པ་དང་དངོས་པོ་གཉིས་སུ་དོན་གཅིག་གོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཉིས་སྣང་དེ་ལ་ཡོད། །དེ་ཡི་དངོས་པོ་མེད་པ་སྟེ། །དེ་ཕྱིར་ཡོད་དང་མེད་པར་ནི། །གཟུགས་ལ་སོགས་པ་བརྗོད་པའོ། །ཞེས་བྱ་བ་ལ། དཔེར་ ན་སྒྱུ་མའི་རྒྱུ་ཤིང་དང་རྡོ་བ་ལ་རྟ་དང་གླང་པོ་ཙམ་དུ་འཁྲུལ་པར་སྣང་བ་ཡོད་པས་དེ་བཞིན་དུ་ཡང་ཡང་དག་པ་མ་ཡིན་པའི་ཀུན་རྟོག་པ་གཞན་གྱི་དབང་གི་མཚན་ཉིད་དེ་ལ་གཟུང་བ་ལ་སོགས་པའི་གཟུང་བ་དང་འཛིན་པ་གཉིས་སུ་སྣང་བ་འཁྲུལ་པ་ཙམ་དང་ཀུན་རྫོབ་ཏུ་ཡོད་པ་ཞེས་བྱ་སྟེ། དེ་བས་ན་ གཟུགས་ལ་སོགས་པ་ལ་ཡང་ཡོད་པར་ཡང་བརྗོད་དོ། །དེའི་ཕྱིར་དབུས་དང་མཐའ་རྣམ་པར་འབྱེད་པ་ལས་ཀྱང་། ཡང་དག་མ་ཡིན་ཀུན་རྟོགས་ཡོད། །ཅེས་བཤད་དེ། གཟུང་བ་དང་འཛིན་པ་གཉིས་སུ་ཀུན་རྫོབ་ཏུ་ཡོད་ཅེས་བྱ་བའི་དོན་ཏོ། །དེ་ལྟར་གཟུང་འཛིན་གཉིས་འཁྲུལ་པར་སྣང་ བ་ཙམ་དུ་ཀུན་རྫོབ་ཏུ་ཡོད་ཀྱང་དོན་དམ་པར་ན་གཟུང་བའི་དངོས་པོ་དང་འཛིན་པའི་དངོས་པོ་ཉིད་མེད་དེ། དེ་བས་ན་གཟུགས་ལ་སོགས་པ་ལ་མེད་པ་ཞེས་བརྗོད་དོ། །དེ་བས་ན་དབུས་དང་མཐའ་རྣམ་པར་འབྱེད་པ་ལས་ཀྱང་། གཉིས་པོ་དེ་ན་ཡོད་མ་ཡིན། །ཞེས་བཤད་དོ། །དོན་དམ་པར་ ན་གཟུང་འཛིན་གཉིས་མེད་དོ་ཞེས་བྱ་བའི་དོན་ཏོ། །ཡང་ན་ནི་མི་མཐུན་པའི་ཕྱོགས་ཐམས་ཅད་བསལ་བ་སྤྲོས་པ་ཐམས་ཅད་དང་བྲལ་བ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་པའི་དུས་ན་བྱིས་པས་ཡོངས་སུ་བརྟགས་པའི་གཟུགས་ལ་སོགས་པའི་ཆོས་མེད་པར་མཐོང་སྟེ། དེ་བས་ན་དེའི་དངོས་ པོ་མེད་པ་ཞེས་བརྗོད་དོ། །དངོས་པོ་དེ་ལ་དངོས་མེད་མིན། །ཞེས་བྱ་བ་ལ། དངོས་པོའི་སྒྲ་ནི་གཞན་དབང་ལ་བྱ་སྟེ། གཞན་དབང་ལ་གཟུང་བ་དང་འཛིན་པ་ལྟ་བུར་སྣང་བ་འཁྲུལ་པ་ཙམ་དུ་མེད་པ་མ་ཡིན་པས་ན་དངོས་མེད་མིན་ཞེས་བྱའོ། །དངོས་མེད་དངོས་པོ་ཉིད་མ་ཡིན། །ཞེས་བྱ་བ་ལ། གཟུང་བ་དང་འཁྲུལ་པ་ཙམ་དུ་སྣང་བར་ཡོད་པ་དེ་ཡང་གཟུང་འཛིན་གྱི་རང་བཞིན་དུ་གྲུབ་པ་མེད་པས་དངོས་མེད་ཅེས་བྱ་སྟེ། དེ་ལྟར་དངོས་པོ་མེད་པས་ན་གཟུང་བ་དང་འཛིན་པ་གཉིས་དངོས་པོ་ཉིད་དུ་ཡོད་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དངོས་དང་དངོས་མེད་བྱེ་བྲག་མེད། །གཟུགས་ལ་སོགས་ པ་བརྗོད་པ་ཡིན། །ཞེས་བྱ་བ་ལ། དེ་ལྟར་སྣང་བ་ཙམ་དུ་ནི་ཡོད་པ་དང་རང་བཞིན་ནི་མེད་པས་ན་གཟུགས་ལ་སོགས་པའི་དངོས་པོ་དང་དངོས་པོ་མེད་པ་གཉིས་བྱེ་བྲག་མེད་ཅིང་དོན་གཅིག་པར་བརྗོད་དེ། ཇི་ལྟ་ཞེ་ན། ཀུན་རྫོབ་པའི་དངོས་པོ་ཙམ་དུ་ཡོད་པ་དེ་ཉིད་དོན་དམ་པར་རང་བཞིན་མེད་པ་དང་དོན་ དམ་པར་རང་བཞིན་མེད་པ་ཉིད་ལ་ཡང་ཀུན་རྫོབ་ཏུ་གྲུབ་པ་ཙམ་དུ་དངོས་པོ་ཡོད་པས་ན་དངོས་པོ་དང་དངོས་པོ་མེད་པ་དོན་གཅིག་གོ། །གཉིས་པོར་སྣང་བར་ཡོད་པ་གང་ཡིན་པ་དེ་ཉིད་གཉིས་པོ་མེད་པའོ་ཞེས་བྱ་བ་ལ། གཉིས་པོར་སྣང་བ་ནི་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པ་སྟེ། གཟུང་ འཛིན་གཉིས་སུ་སྤངས་བའི་ཕྱིར་རོ། །ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པ་དེ་ལ་གང་གི་ཚེ་ན་མིང་དང་གཟུགས་ལ་སོགས་པ་གཉིས་དང་བྲལ་བའི་སེམས་དང་སེམས་ལས་བྱུང་བའི་རང་བཞིན་ཙམ་དུ་ཤེས་པ་དེའི་ཚེ་ན་གཉིས་སུ་འཛིན་པ་ལས་ལོག་པར་གྱུར་ནས་གཉིས་མེད་པའི་སེམས་ དང་སེམས་ལས་མཐོང་བ་ཙམ་དུ་འགྱུར་ཏེ། དེ་ལྟར་ན་གཉིས་པོར་སྣང་བ་ཡོད་པ་གང་ཡིན་པ་དེ་ཉིད་གཉིས་པོ་མེད་པ་ཞེས་བྱའོ། །ཅིའི་ཕྱིར་ན་གཅིག་ཏུ་ཡོད་པ་ཁོ་ནར་ཡང་ཆད་པར་མི་བཤད་མེད་པ་ཁོ་ནར་ཡང་ཆད་པར་མི་བཤད་དེ་གཉིས་བྱེ་བྲག་མེད་པར་ཡང་ཅིའི་ཕྱིར་མི་བཤད་ཅེ་ན། དེའི་ ཕྱིར། སྒྲོ་བཏགས་པ་དང་སྐུར་འདེབས་མཐའ། །དགག་པའི་ཕྱིར་ནི་འདོད་པ་ཡིན། །ཐེག་པ་ཆུང་བས་འགྲོ་བ་ཡང་། །དགག་པའི་ཕྱིར་ནི་དེ་ཉིད་དོ། །ཞེས་བྱ་བ་སྨོས་ཏེ། ཡོད་པ་དང་མེད་པ་གཅིག་ཏུ་ཆད་པར་བཤད་པ་དང་། བྱེ་བྲག་མེད་པར་བཤད་པ་ནི་གོ་རིམས་བཞིན་དུ་རྣམ་པ་གསུམ་ དགག་པའི་ཕྱིར་བཤད་དེ། སྒྲོ་འདོགས་པའི་མཐའ་དགག་པ་དང་། སྐུར་པ་འདེབས་པའི་མཐའ་དགག་པ་དང་། ཐེག་པ་ཆུང་ངུས་དབྱུང་བ་དགག་པའི་ཕྱིར་རོ། །དེ་ལ་མོས་པ་སྤྱོད་པའི་ས་བཟོད་པའི་དུས་ན་རྣམ་པར་ཤེས་པ་ཉིད་རྣམ་པ་གཉིས་སུ་སྣང་བར་ཟད་ཀྱི་རྣམ་ པར་ཤེས་པ་ལས་མ་གཏོགས་པའི་ཕྱིའི་དོན་མེད་པར་ཁོང་དུ་ཆུད་དེ། དེའི་ཚེ་དངོས་པོ་མེད་པ་ལ་དངོས་པོ་མེད་པར་རིག་ནས་སྒྲོ་མི་འདོགས་པའི་མཐའ་བཀག་གོ། །མོས་པ་སྤྱོད་པའི་ས་དྲོད་དང་རྩེ་མོའི་དུས་ན་གཟུང་བ་དང་འཛིན་པ་གཉིས་འཁྲུལ་བར་སྣང་བ་ཙམ་དུ་ཡོད་པར་ཁོང་དུ་ཆུད་ པས་ཀུན་རྫོབ་ཀྱི་དངོས་པོ་ལ་ཀུན་རྫོབ་ཙམ་དུ་ཡོད་པར་རིག་སྟེ་མེད་དོ་ཞེས་སྐུར་པ་མི་འདེབས་པའི་མཐའ་བཀག་གོ། །ཡོད་པ་དང་མེད་པ་གཉིས་ཁྱད་པར་མེད་པར་ཁོང་དུ་ཆུད་པས་ཉན་ཐོས་ཀྱི་མྱ་ངན་ལས་འདས་པར་མི་འཇུག་སྟེ། དེ་བས་ན་ཉན་ཐོས་ཀྱི་ཐེག་པ་འབྱུང་བ་བཀག་གོ། །ཇི་ལྟ་ ཞེ་ན། ཉན་ཐོས་རྣམས་ནི་གཟུགས་ལ་སོགས་པའི་དངོས་པོ་ཡོད་པར་རྟོག་ཅིང་དེའི་སྒོ་ནས་སྡུག་བསྔལ་གྱིས་སྐྲག་པས། སྐྱེ་བ་དང་འཇིག་པའི་རྣམ་པར་བསྒོམས་པའི་སྒོ་ནས་སྐྱོ་བར་བྱེད་དོ། །སྐྱོ་ནས་འདོད་ཆགས་དང་བྲལ་བར་བྱེད་དོ། །དེ་ནས་འཁོར་བ་ལས་འབྱུང་སྟེ། མྱ་ངན་ལས་ འདས་པ་ལ་འཇུག་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་གང་གཞན་གྱི་དབང་གི་མཚན་ཉིད་ལས་རྣམ་པ་གཉིས་སུ་སྣང་བ་ཙམ་དུ་ཡོད་པར་བཤད་པ་དེ་ཉིད་རྣམ་པར་ཤེས་པ་ལས་མ་གཏོགས་པར་གཟུགས་ལ་སོགས་པ་ཀུན་བརྟགས་ཀྱི་ཆོས་ཡོད་པ་མ་ཡིན་པར་ཁོང་དུ་ ཆུད་པ་ལ་གང་ཀུན་བརྟགས་ཀྱི་མཚན་ཉིད་དུ་ཡོད་པ་མ་ཡིན་པར་བཤད་པ་དེ་ཉིད་ལ་ཀུན་རྫོབ་ཏུ་འཁྲུལ་བར་སྣང་བ་ཙམ་དུ་ཡོད་པར་ཁོང་དུ་ཆུད་པས་འཁོར་བར་སྐྱོ་བ་མེད་དོ། །འཁོར་བར་མི་སྐྱོ་ན་ཉན་ཐོས་ལྟར་མགོའི་ཐོད་ལ་མེ་བསད་པའི་ཚུལ་དུ་བརྩོན་འགྲུས་མྱུར་ནས་མྱ་ངན་འདས་པ་ལ་མི་ འཇུག་སྟེ། དེ་བས་ན་གཉིས་ཁྱད་པར་མེད་པར་རྟོགས་པས་ནི་ཉན་ཐོས་ཀྱི་ཐེག་པས་འབྱུང་བ་ལས་བཀག་པ་ཡིན་ནོ། །ནོར་བའི་རྒྱུ་ནི་ནོར་བ་དང་། །གཟུགས་ཀྱི་རྣམ་པར་རིག་པར་འདོད། །གཟུགས་མེད་པ་ཡི་རྣམ་པར་རིག །ཅེས་བྱ་བ་ལ། བྱིས་པ་རྣམས་ཀྱི་རྣམ་པར་རིག་པ་ནི་རྣམ་པ་ གཉིས་སུ་འཇུག་པར་འདོད་དེ། ནོར་བའི་རྒྱུ་དང་ནོར་བའོ། །དེ་ལ་ནོར་བའི་རྒྱུ་ནི་མིག་གི་དབང་པོ་ནས་ལུས་ཀྱི་དབང་པོའི་བར་དུ་དབང་པོ་ལྔ་དང་། གཟུགས་ནས་རེག་བྱའི་བར་དུ་ཡུལ་ལྔ་ལ་བྱའོ། །དེ་དག་ཐམས་ཅད་དང་པོ་ཡང་རྣམ་པར་ཤེས་པ་འཁྲུལ་པ་ལ་སྣང་ལ། ཕྱིས་ཀྱང་སེམས་འཁྲུལ་ པའི་རྒྱུ་བྱེད་པའི་ཕྱིར་ཏེ། ནོར་བའི་རྒྱུ་ལ་ནི་གཟུགས་ཀྱི་རྣམ་པར་རིག་པ་ཞེས་བྱ་བར་འདོད་དོ། །ནོར་བ་ནི་དབང་པོ་དང་ཡུལ་དེ་དག་ལ་འདི་དང་འདི་འདྲ་ཞེས་གཅོད་པར་བྱེད་པའི་མིག་ལ་སོགས་པའི་རྣམ་པར་ཤེས་པ་ལ་བྱ་སྟེ། ནོར་བ་ལ་ནི་གཟུགས་མེད་པའི་རྣམ་པར་རིག་པ་ཡིན་པར་འདོད་དོ་ཞེས་བྱ་ བའི་དོན་ཏོ། །དངོས་པོ་མེད་ཕྱིར་གཞན་མེད་འགྱུར། །ཞེས་བྱ་བ་ལ། དེ་ལྟར་དབང་པོ་ལྔ་དང་ཡུལ་ལྔའི་དབང་པོ་མེད་པར་གྱུར་ན་གཞན་ཡང་མེད་པར་འགྱུར་ཏེ། དབང་པོ་དང་ཡུལ་ལ་བརྟེན་ཅིང་དམིགས་པའི་རྣམ་པར་ཤེས་པ་རྣམས་ཀྱང་མེད་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། གཟུང་བ་མེད་ པ་དང་འཛིན་པ་མེད་པ་མི་རིགས་པའི་ཕྱིར་རོ། །གཟུགས་སུ་ནོར་བའི་རྒྱུ་རྣམ་པར་རིག་པ་དེ་ནི་གཟུགས་ཀྱི་རྣམ་པར་རིག་པ་གཟུགས་ཞེས་བྱ་བར་འདོད་དོ་ཞེས་བྱ་བ་ལ། གཟུགས་ཀྱི་སྒྲས་ནི་དབང་པོ་ལྔ་དང་ཡུལ་ལྔ་ལ་བྱ་སྟེ། དེ་དག་ཀྱང་རྣམ་པར་ཤེས་པ་ལས་བྱུང་བས་ན་གཟུགས་སུ་ ནོར་བའི་རྒྱུར་ནི་རྣམ་པ་ལྔར་རིག་པར་བྱའོ། །རྣམ་པར་རིག་པ་ལས་དབང་པོ་ལྔ་དང་ཡུལ་ལྔར་སྣང་བ་ལ་ནི་གཟུགས་ཀྱི་རྣམ་པར་རིག་པ་ཞེས་བྱ་བར་འདོད་དོ་ཞེས་བྱ་བའི་དོན་ཏོ། །གཟུགས་སུ་ནོར་བ་དེ་ཡང་རྣམ་པར་རིག་པ་གཟུགས་མེད་པ་དེ་ཉིད་ཅེས་བྱ་བ་ལ། གཟུགས་སུ་ནོར་བ་ འདི་ནི་སྔོན་པོ་འདི་ནི་སེར་པོ་ཞེས་རྟོགས་པའི་མིག་ལ་སོགས་པའི་རྣམ་པར་ཤེས་པ་ལ་བྱ་སྟེ། དེ་ནི་རྣམ་པར་རིག་པ་གཟུགས་མེད་དོ་ཞེས་བྱ་བའི་དོན་ཏོ། །རྒྱུ་མེད་པའི་ཕྱིར་རོ་ཞེས་བྱ་བ་ལ། ས་བོན་མེད་ན་འབྲས་བུ་མི་སྐྱེ་བ་བཞིན་དུ་རྣམ་པར་ཤེས་པ་རྣམས་སྐྱེ་བའི་རྒྱུ་ནི་ཡུལ་ལྔ་དང་དབང་ པོ་ལྔ་ཡིན་ཏེ། ཡུལ་ལྔ་དང་དབང་པོ་ལྔ་མེད་པར་གྱུར་ན་རྣམ་པར་ཤེས་པ་རྣམས་ཀྱང་མི་འབྱུང་ངོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་མིག་ལ་སོགས་པ་དབང་པོ་ཡང་མེད། གཟུགས་ལ་སོགས་པའི་ཡུལ་ཡང་མེད། །དེ་དག་མེད་པས་རྣམ་པར་ཤེས་པ་རྣམས་ཀྱང་མེད་པ་ཡིན་ན། ཅིའི་ཕྱིར་ ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་ལྟ་བུར་སྣང་བ་མཉམ་པ་ལ་གཟུང་བ་དང་འཛིན་པའི་དབང་པོ་མེད་ཀྱང་གཟུང་བ་དང་འཛིན་པ་ལྟ་བུར་སྣང་བ་སྲིད་པ་འཇིག་རྟེན་དུ་གྲགས་པའི་དཔེ་དང་གསུང་རབ་ལས་འབྱུང་བའི་དཔེ་བསྟན་ཏེ། འཇིག་རྟེན་དུ་གྲགས་པའི་དཔེ་བསྟན་པའི་ ཕྱིར། སྒྱུ་མའི་གླང་པོའི་བྱད་གཟུགས་འཛིན་པ་ཡི། །ནོར་བའི་ཕྱིར་ནི་གཉིས་སུ་བཤད་པ་ཡིན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྒྱུ་མའི་ཤིང་དང་རྡོ་བ་ལས་སྒྱུ་མའི་གླང་པོ་དང་རྟ་ལ་སོགས་པའི་བྱད་གཟུགས་སྣང་བ་གླང་པོ་དང་རྟ་ལ་སོགས་པའི་རང་བཞིན་དུ་ཡོད་པ་མ་ཡིན་པ་ལས་སྣང་ བས་ན་ནོར་བ་ཞེས་བྱ་སྟེ། དེ་ལྟར་ནོར་བའི་ཕྱིར་ན་གཉིས་སུ་བཤད་དེ། གཟུང་བར་བཤད་པ་དང་། འཛིན་པར་བཤད་པའོ། །ཇི་ལྟར་གཟུང་བར་བཤད་ཅེ་ན། །དེའི་ཕྱིར། ཇི་ལྟར་གཉིས་པོ་དེ་ན་མེད་པ་ལ། །གཉིས་པོ་དེ་དག་ཉེ་བར་དམིགས་པ་ཡིན། །ཞེས་བྱ་བ་སྨོས་ཏེ། དཔེར་ན་ རྟ་དང་གླང་པོ་དེ་སྣང་བའི་རྒྱུ་རྡོ་དང་ཤིང་ལ་གཟུང་བ་དང་འཛིན་པ་གཉིས་མེད་ཀྱང་གཟུང་བ་དང་འཛིན་པར་དམིགས་ཤིང་སྣང་སྟེ། དེ་ན་རྟ་དང་གླང་པོ་ལ་སོགས་པར་སྣང་བ་ནི་གཟུང་བའོ། །མ་རིག་པས་ཁེབས་པའི་བྱིས་པ་རྣམས་བདག་ཅག་གིས་རྟ་དང་གླང་པོ་འདི་དག་མཐོང་ངོ་སྙམ་དུ་སེམས་ པ་ནི་འཛིན་པའོ། །གསུང་རབ་ཀྱི་དཔེ་བསྟན་པའི་ཕྱིར། ཀེང་རུས་གཟུགས་བརྙན་འཛིན་པ་ནི། །ནོར་ཕྱིར་གཉིས་སུ་བཤད་པ་སྟེ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལས་དང་པོ་པའི་རྣལ་འབྱོར་པས་དུར་ཁྲོད་ལ་སོགས་པར་སོང་ནས་ཀེང་རུས་ལ་བརྟགས་པའོ། །དེ་ལྟར་ཇི་ལྟར་བརྟགས་ པ་བཞིན་དུ་བསྒོམས་པ་དང་ཏིང་ངེ་འཛིན་གྱི་དུས་ན། ཀེང་རུས་ལ་སོགས་པ་སེམས་ཀྱི་གཟུགས་བརྙན་སེམས་ལ་སྣང་ངོ་། །ཀེང་རུས་ཀྱི་གཟུགས་བརྙན་ཡོད་པ་མ་ཡིན་པ་ལ་སྣང་བས་ན་ནོར་བ་ཞེས་བྱ་སྟེ། དེ་ལྟར་ནོར་བ་ཡིན་པའི་ཕྱིར་གཉིས་སུ་བཤད་དེ། གཟུང་བར་བཤད་པ་དང་འཛིན་ པའོ། །ཇི་ལྟར་གཉིས་སུ་བཤད་ཅེ་ན། །དེའི་ཕྱིར། ཇི་ལྟར་དེ་ན་གཉིས་མེད་ལ། །གཉིས་སུ་ཉེ་བར་དམིགས་པ་བཞིན། །ཞེས་བྱ་བ་སྨོས་ཏེ། དཔེར་ན་ཀེང་རུས་ཀྱི་གཟུགས་བརྙན་སྣང་བའི་གནས་ནས་གཟུང་བ་དང་འཛིན་པ་གཉིས་མེད་ཀྱང་གཟུང་བ་དང་འཛིན་པ་གཉིས་སུ་ཉེ་བར་དམིགས་ ཤིང་སྣང་སྟེ། ཀེང་རུས་ཀྱི་གཟུགས་བརྙན་ནི་གཟུང་བའོ། །དེ་ལ་དམིགས་པར་བྱེད་པའི་རྣམ་པར་ཤེས་པ་ནི་འཛིན་པའོ། །དེ་དང་འདྲ་བར་གཞན་དབང་ལ་གཟུང་བ་དང་འཛིན་པ་གཉིས་སྣང་བ་གཟུང་འཛིན་གྱི་དངོས་པོར་ཡོད་པ་མ་ཡིན་ཡང་གཟུང་བ་དང་འཛིན་པ་གཉིས་སུ་སྣང་ངོ་ཞེས་བྱ་བའི་ དོན་ཏོ། །ཆོས་གང་ནོར་པའི་མཚན་ཉིད་ནི། །དེ་བཞིན་ཡོད་དང་མེད་པའི་ཕྱིར། །ཡོད་མེད་བྱེ་བྲག་མེད་པས་ན། །ཡོད་དང་མེད་པ་སྒྱུ་མ་འདྲ། །ཞེས་བྱ་བ་ལ། ཆོས་ནི་རྣམ་པ་གཉིས་ཏེ་མི་མཐུན་པའི་ཕྱོགས་འདོད་ཆགས་ལ་སོགས་པ་ཀུན་ནས་ཉོན་མོངས་པའི་ཆོས་དང་། གཉེན་པོའི་ ཕྱོགས་ཐ་དད་པ་ལ་སོགས་པ་རྣམ་པར་བྱང་བའི་ཆོས་སོ། །འདོད་ཆགས་ལ་སོགས་པ་ཀུན་ནས་ཉོན་མོངས་པའི་ཆོས་ཀྱང་གཟུང་བ་དང་འཛིན་པའི་ངོ་བོར་ཡོད་པ་མ་ཡིན་པར་ཡོད་པ་ལྟ་བུར་སྣང་བས་ན་ནོར་བའི་མཚན་ཉིད་ཅེས་བྱ་སྟེ། མི་མཐུན་པའི་ཕྱོགས་ཀྱི་ཆོས་དེ་དག་ནི་ཡོད་པར་ཡང་སྒྱུ་མའི་ ཡོད་པ་དང་འདྲ་སྟེ། མེད་པ་ཡང་སྒྱུ་མའི་མེད་པ་དང་འདྲ་ལ། ཡོད་མེད་བྱེ་བྲག་མེད་པ་ཡང་སྒྱུ་མའི་ཡོད་མེད་བྱེ་བྲག་མེད་པ་དང་འདྲ་བས་ན་ཡོད་པ་དང་མེད་པ་སྒྱུ་མ་དང་འདྲ་བའི་ཕྱིར་ཆོས་དེ་ཐམས་ཅད་སྒྱུ་མ་དང་འདྲ་ཞེས་བྱའོ། །ཇི་ལྟར་ཡོད་པ་སྒྱུ་མ་དང་འདྲ་ཞེ་ན། དཔེར་ན་སྒྱུ་མ་རྟ་དང་གླང་པོར་འདྲ་ བར་སྣང་བ་ཙམ་མེད་པ་མ་ཡིན་ཏེ། ཡོད་བཞིན་དུ་གཟུང་བ་དང་འཛིན་པར་སྣང་བ་དེ་དག་ཀྱང་སྣང་བ་ཙམ་དུ་འཁྲུལ་པར་མེད་པ་མ་ཡིན་ཏེ། ཡོད་པས་ན་ཡོད་པ་ཡང་སྒྱུ་མ་དང་འདྲ་བ་ཡིན་ནོ། །ཇི་ལྟར་མེད་པ་སྒྱུ་མ་དང་འདྲ་ཞེ་ན། ཇི་ལྟར་སྒྱུ་མའི་རྟ་དང་གླང་པོ་འདྲ་བར་སྣང་ཡང་རྟ་ཉིད་ཀྱི་རང་བཞིན་དང་གླང་ པོ་ཉིད་ཀྱི་རང་བཞིན་དང་མེད་པ་དེ་བཞིན་དུ་གཟུང་བ་དང་འཛིན་པ་ལྟ་བུར་སྣང་བ་དེ་དག་སྣང་ཡང་གཟུང་བའི་རང་བཞིན་དང་འཛིན་པའི་རང་བཞིན་ཉིད་དུ་གྲུབ་པར་མེད་པས་ན་མེད་པ་ཡང་སྒྱུ་མ་ལྟ་བུའོ། །ཡོད་མེད་བྱེ་བྲག་མེད་པ་ཇི་ལྟར་སྒྱུ་མ་ལྟ་བུར་ཞེ་ན། དཔེར་ན་སྒྱུ་མའི་རྟ་དང་གླང་པོར་སྣང་བ་ཙམ་དུ་ཟད་ ཀྱང་རྟ་དང་གླང་པོའི་རང་བཞིན་ཉིད་མེད་པས་ཡོད་པ་དང་མེད་པ་བྱེ་བྲག་མེད་པ་དང་། གང་ན་གླང་པོ་རྟའི་རང་བཞིན་མེད་པ་དེ་ན་རྟ་དང་གླང་པོར་སྣང་བ་ཙམ་ཡོད་པས་ཡོད་པ་དང་མེད་པར་བྱེ་བྲག་མེད་དོ། །དེ་དང་འདྲ་བར་གཟུང་བ་དང་འཛིན་པ་སྣང་བ་ཙམ་དུ་ཡོད་པས་ན་གཟུང་འཛིན་གྱི་རང་བཞིན་མེད་ པས་ཡོད་པ་དང་མེད་པ་བྱེ་བྲག་མེད་པ་དང་། གཟུང་འཛིན་རང་བཞིན་མེད་པ་ལ། སྣང་བ་ཙམ་ཡོད་པས་མེད་པ་ཡོད་པ་བྱེ་བྲག་མེད་དེ། དེ་བས་ན་ཡོད་པ་དང་མེད་པ་བྱེ་བྲག་མེད་པ་ཡང་སྒྱུ་མ་ལྟ་བུར་རིག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཡོད་པ་དང་མེད་པ་དེ་གཉིས་ཀྱི་བྱེ་ བྲག་མེད་པས་ན་མེད་པ་ཡང་མ་ཡིན་ཡོད་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ལ། སྣང་བ་ཙམ་དུ་ཡོད་ཀྱང་རང་བཞིན་མེད་པའི་ཕྱིར་ཡོད་པ་ཡང་མ་ཡིན་ནོ། །རང་བཞིན་མེད་ཀྱང་སྣང་བ་ཙམ་དུ་ཡོད་པས་ན་མེད་པ་ཡང་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་མི་མཐུན་པའི་ཕྱོགས་རྣམས་སྒྱུ་མ་ལྟ་བུར་བསྟན་ནས་ གཉེན་པོའི་ཆོས་རྣམས་ཀྱང་སྒྱུ་མ་ལྟ་བུར་བསྟན་པའི་ཕྱིར། གཉེན་པོའི་ཆོས་ནི་གང་ཡིན་པ། །དེ་བཞིན་མེད་དང་མེད་པའི་ཕྱིར། །དེ་བཞིན་མེད་པས་མཚན་མ་མེད། །སྒྱུ་མ་འདྲ་བར་བསྟན་པ་ཡིན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་གཉེན་པོའི་ཆོས་ནི་རྣམ་པ་གསུམ་སྟེ། བསྒྲུབ་ པར་བྱ་བའི་ཆོས་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་དང་། བཤད་པར་བྱ་བའི་ཆོས་གསུང་རབ་ཡན་ལག་བཅུ་གཉིས་དང་འཐོབ་པར་བྱ་བའི་ཆོས་མངལ་དུ་འཇུག་པ་ལ་སོགས་པ་སྟེ། ཆོས་དེ་དག་ཀྱང་མཚན་ཉིད་མེད་ཅིང་སྒྱུ་མ་དང་འདྲ་བར་བསྟན་ཏོ་ཞེས་བྱ་བའི་དོན་ ཏོ། །ཅིའི་ཕྱིར་ཞེ་ན། བསྒྲུབ་པར་བྱ་བའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡང་ཇི་ལྟར་བྱིས་པས་གཟུང་བ་དང་འཛིན་པ་ལྟ་བུར་བརྟགས་པ་ལྟར་ཡོད་པ་མ་ཡིན་པའི་ཕྱིར་སྒྱུ་མ་ལྟ་བུ་སྟེ། དེ་བཞིན་མེད་དང་ཞེས་བྱ་བ་དང་སྦྱར་རོ། །བཤད་པར་བྱ་བའི་ཆོས་གསུང་རབ་ཡན་ལག་ བཅུ་གཉིས་ཀྱང་ཇི་ལྟར་བཅོམ་ལྡན་འདས་ཀྱིས་མིང་དང་ཚིག་དང་ཡི་གེའི་ཚུལ་དུ་བཤད་པ་ལྟར་ཡོད་པ་མ་ཡིན་པས་སྒྱུ་མ་ལྟ་བུ་སྟེ། དེ་ནི་མེད་པའི་ཕྱིར་ཞེས་བྱ་བ་དང་སྦྱར་རོ། །འཐོབ་པར་བྱ་བའི་ཆོས་སངས་རྒྱས་ཀྱི་མངལ་དུ་འཇུག་པ་དང་། མངོན་པར་རྫོགས་པར་བྱང་ཆུབ་པ་དང་། མྱ་ངན་ ལས་འདས་པ་ལ་སོགས་པ་བསྟན་པ་ཡང་ཇི་ལྟར་བསྟན་པ་བཞིན་དུ་ཡོད་པ་མ་ཡིན་པས་ན་སྒྱུ་མ་ལྟ་བུ་སྟེ། དེ་ནི་དེ་བཞིན་མེད་པས་ཞེས་བྱ་བ་དང་སྦྱར་ཏེ། དེ་ཆོས་དེ་དག་མཚན་ཉིད་མེད་ཅིང་རང་བཞིན་ཡོད་པ་ཡང་མ་ཡིན་པར་སྣང་བས་ན་སྒྱུ་མ་ལྟ་བུ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ ཀུན་ནས་ཉོན་མོངས་པའི་ཕྱོགས་ཀྱང་སྒྱུ་མ་ལྟ་བུ་ཡིན་ལ། རྣམ་པར་བྱང་བའི་ཕྱོགས་ཀྱང་སྒྱུ་མ་ལྟ་བུ་ཡིན་ན་རྣམ་པར་བྱང་བའི་ཕྱོགས་སྒྱུ་མ་ལྟ་བུས་ཀུན་ནས་ཉོན་མོངས་པའི་ཕྱོགས་སྒྱུ་མ་ལྟ་བུར་ཇི་ལྟར་སྤང་སྙམ་པ་ལ། དེའི་ཕྱིར། དཔེའི་དོན་དུ་ཚིགས་སུ་བཅད་པ་ཞེས་བྱ་བ་སྨོས་ཏེ། ཀུན་ནས་ཉོན་མོངས་ པའི་ཕྱོགས་སྒྱུ་མ་ལྟ་བུ་ཡིན་ཡང་རྣམ་པར་བྱང་བའི་ཕྱོགས་སྒྱུ་མ་ལྟ་བུས་སྤང་དུ་རུང་བར་དཔེ་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་སྒྱུ་མའི་རྒྱལ་པོ་དག །སྒྱུ་མའི་རྒྱལ་པོ་གཞན་གྱིས་ཕམ། །གང་གིས་ཆོས་ཀུན་མཐོང་བ་ཡི། །རྒྱལ་སྲས་དེ་དག་ང་རྒྱལ་མེད། །ཞེས་བྱ་བ་ལ། དཔེར་ན་སྒྱུ་མའི་ རྒྱལ་པོའི་མཐུ་ཆུང་ངུ་ལ་ལ་ཞིག་འཁོར་དང་བཅས་ཏེ་གནས་འགའ་ཞིག་ན་འདུག་པ་ལས་སྒྱུ་མའི་རྒྱལ་པོ་མཐུ་དང་ལྡན་པ་འཁོར་དང་བཅས་པ་ལ་ལ་ཞིག་གིས་གནས་འགའ་ཞིག་ན་འདུག་པས་སྒྱུ་མའི་རྒྱལ་པོ་མཐུ་ཆུང་ངུ་ཕམ་སྟེ། ཕམ་པར་བྱས་ནས་གནས་ནས་བཏོན་པ་དེ་བཞིན་དུ་ཀུན་གཞི་རྣམ་པར་ ཤེས་པ་ནི་གནས་ལྟ་བུ་སྟེ། དེ་ན་མིག་ལ་སོགས་པའི་རྣམ་པར་ཤེས་པ་ཉོན་མོངས་པ་དང་བཅས་པ་ན་གནས་པ་ནི་སྒྱུ་མའི་རྒྱལ་པོ་ལྟ་བུ་སྟེ། ཅིའི་ཕྱིར་ཞེ་ན། རྒྱལ་པོ་དབང་དང་ལྡན་པ་དེ་བཞིན་དུ་དེ་དག་ཀྱང་ཀུན་ནས་ཉོན་མོངས་པའི་ཆོས་གཞན་སྐྱེ་བ་ལ་དབང་བས་ན་རྒྱལ་པོ་ལྟ་བུའོ། །ཀུན་ནས་ ཉོན་མོངས་པ་དང་ལྡན་པའི་སེམས་ལས་བྱུང་བ་ནི་སྒྱུ་མའི་རྒྱལ་པོའི་འཁོར་ལྟ་བུའོ། །ཀུན་གཞི་རྣམ་པར་ཤེས་པ་ལ་དད་པ་ལ་སོགས་པའི་དགེ་བ་དང་ལྡན་པའི་རྣམ་པར་ཤེས་པ་རྣམས་སྒྱུ་མའི་རྒྱལ་པོ་ལྟ་བུ་ལ། དེའི་འཁོར་གྱི་སེམས་ལས་བྱུང་བ་རྣམས་ནི་སྒྱུ་མའི་རྒྱལ་པོའི་འཁོར་ལྟ་བུ་སྟེ། ཀུན་ གཞི་ལ་ཡོད་པའི་ཉོན་མོངས་པ་རྣམས་དགེ་བའི་ཕྱོགས་སྤངས་པ་ནི་སྒྱུ་མའི་རྒྱལ་པོ་གཅིག་གིས་གཅིག་ཕམ་པར་བྱས་པ་ལྟ་བུ་ཡིན་ནོ་ཞེས་བྱང་ཆུབ་སེམས་དཔའ་གང་གིས་ཁོང་དུ་ཆུད་པའི་བྱང་ཆུབ་སེམས་དཔའ་དེ་ནི་ཆོས་གཉིས་ལ་ང་རྒྱལ་མེད་དེ། ཀུན་ནས་ཉོན་མོངས་པའི་ཕྱོགས་ལ་ཡང་ ང་རྒྱལ་མེད་ལ། རྣམ་པར་བྱང་བའི་ཕྱོགས་ལ་ཡང་ང་རྒྱལ་མེད་དོ། །ཇི་ལྟར་ང་རྒྱལ་མེད་ཅེ་ན། །བདག་གིས་རྣམ་པར་བྱང་བའི་ཕྱོགས་འདི་བསྒོམས་པས་ཀུན་ནས་ཉོན་མོངས་པའི་ཕྱོགས་འདི་སྤངས་སོ་ཞེས་མི་སེམས་པའི་ཕྱིར་རོ། །སྒྱུ་མའི་རྨི་ལམ་སྨིག་རྒྱུ་གཟུགས་བརྙན་མིག་ཡོར་ བྲག་ཅ་བཞིན། །ཆུ་ཡི་ཟླ་བའི་གཟུགས་འདྲ་སྦྲུལ་དང་མཚུངས་པར་ཤེས་པར་བྱ། །དྲུག་དང་དྲུག་དང་གཉིས་དང་དྲུག་གཉིས་གསུམ་ཡང་རེ་རེར་འདོད། །མཁྱེན་མཆོག་སངས་རྒྱས་རྣམས་ཀྱིས་འདུ་བྱེད་དེ་དག་གསུངས། །ཞེས་བྱ་བ་ལ། འཇིག་རྟེན་པའི་མཁས་ པ་དང་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཤེས་པ་བས། དེ་བཞིན་གཤེགས་པ་མཁྱེན་པ་འཕགས་པས་ན་སངས་རྒྱས་ནི་མཁྱེན་མཆོག་ཅེས་བྱ་སྟེ། མཁྱེན་མཆོག་སངས་རྒྱས་རྣམས་ཀྱིས་ནང་གི་སྐྱེ་མཆེད་དྲུག་དང་། ཕྱིའི་སྐྱེ་མཆེད་དྲུག་དང་། སེམས་དང་སེམས་ལས་བྱུང་བ་གཉིས་ དང་། དྲུག་གཉིས་ཏེ། ནང་གི་སྐྱེ་མཆེད་དྲུག་དང་། ཕྱིའི་སྐྱེ་མཆེད་དྲུག་དང་གསུམ་ནི་བཤད་པའི་ཆོས་དང་། ཏིང་ངེ་འཛིན་ལ་གནས་པའི་ཆོས་དང་། བསམས་བཞིན་དུ་སྲིད་པ་འཛིན་པ་གསུམ་སྟེ། འདུ་བྱེད་དེ་དག་ནི་སྒྱུ་མ་ལྟ་བུ་ཡིན་ནོ་ཞེས་བྱ་བ་ནས་སྤྲུལ་པ་དང་མཚུངས་པ་ ཡིན་ནོ་ཞེས་བཤད་དོ། །དེ་ཡང་འདུ་བྱེད་དེ་དག་དང་དཔེ་རེ་རེས་སྦྱར་ཏེ་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །དེ་ལ་མིག་གི་སྐྱེ་མཆེད་ནས་ཡིད་ཀྱི་སྐྱེ་མཆེད་ཀྱི་བར་དུ་ཡང་ནང་གི་སྐྱེ་མཆེད་དྲུག་ནི་སྒྱུ་མ་ལྟ་བུ་སྟེ། ཅིའི་ཕྱིར་ཞེ་ན། སྒྱུ་མའི་གླང་པོ་དང་མིག་ལ་སོགས་པ་ལ་བདག་དང་སེམས་ཅན་དང་ སྲོག་མེད་ཀྱང་བདག་དང་སེམས་ཅན་སྲོག་ལྟ་བུར་སྣང་བ་དེ་བཞིན་དུ་ནང་གི་སྐྱེ་མཆེད་དྲུག་ལ་ཡང་བདག་དང་སེམས་ཅན་སྲོག་མེད་མོད་ཀྱི་བདག་སེམས་ཅན་དང་སྲོག་ལྟ་བུར་སྣང་བས་ན་སྒྱུ་མ་ལྟ་བུའོ། །གཟུགས་ནས་ཆོས་ཀྱི་བར་དུ་ཕྱིའི་སྐྱེ་མཆེད་དྲུག་ནི་རྨི་ལམ་ལྟ་བུ་སྟེ། ཅིའི་ཕྱིར་ཞེ་ན། རྨི་ལམ་ ན་སྣང་བའི་གཟུགས་དང་སྒྲ་དང་བུད་མེད་དང་སྐྱེས་པ་ལ་སོགས་པ་རྣམ་པར་ཤེས་པར་ཀུན་དུ་ལོངས་སྤྱོད་པའི་ཡུལ་ལྟ་བུར་སྣང་ཡང་ཡོད་པ་མ་ཡིན་པ་དེ་བཞིན་དུ་ད་ལྟར་དངོས་སུ་གཟུགས་དང་སྒྲ་ལ་སོགས་པ་རྣམ་པར་ཤེས་པའི་ཡུལ་དུ་སྣང་ཡང་ཡོད་པ་མ་ཡིན་པའི་ཕྱིར། རྨི་ལམ་ལྟ་བུའོ། །སེམས་ དང་སེམས་ལས་བྱུང་བ་གཉིས་ནི་སྨིག་རྒྱུ་ལྟ་བུ་སྟེ། ཇི་ལྟ་ཞེ་ན། སྨིག་རྒྱུ་ཆུར་མེད་ཀྱང་ཆུ་ལྟ་བུར་ནོར་བར་བྱེད་པ་དེ་བཞིན་དུ་སྔོན་པོ་དང་སེར་པོ་ལ་སོགས་པའི་དངོས་པོ་འདི་དག་ཡོད་པ་མ་ཡིན་ཀྱང་སྔོན་པོ་སེར་པོ་ལྟ་བུར་ནོར་བར་འཛིན་པའི་ཕྱིར་སྨིག་རྒྱུ་ལྟ་བུའོ། །ཡང་མིག་གི་སྐྱེ་མཆེད་ནས་ཡིད་ ཀྱི་སྐྱེ་མཆེད་ཀྱི་བར་དུ་ནང་གི་སྐྱེ་མཆེད་དྲུག་ནི་གཟུགས་བརྙན་ལྟ་བུ་སྟེ། ཅིའི་ཕྱིར་ཞེ་ན། མེ་ལོང་གི་ནང་གི་གཟུགས་བརྙན་ཡོད་པ་མ་ཡིན་ཡང་གཟུགས་ཀྱི་དབང་གིས་མེ་ལོང་གི་ནང་དུའང་གཟུགས་བརྙན་སྣང་བ་དེ་བཞིན་དུ་ད་ལྟར་གྱི་ནང་གི་སྐྱེ་མཆེད་དྲུག་པོ་དེ་དག་ཀྱང་ཚེ་སྔ་མའི་ལས་ཀྱི་དབང་གིས་སྣང་ བས་ན་གཟུགས་བརྙན་ལྟ་བུའོ། །ཡང་གཟུགས་ནས་ཆོས་ཀྱི་བར་དུ་ཕྱིའི་སྐྱེ་མཆེད་དྲུག་ནི་མིག་ཡོར་ལྟ་བུ་སྟེ། མིག་ཡོར་ཞེས་བྱ་བ་ནི་སྐབས་འདིར་གྲིབ་མ་ལ་བྱའོ། །ཇི་ལྟ་ཞེ་ན། གདུགས་དང་ལུས་ལ་སོགས་པའི་དབང་གིས་གྲིབ་མ་བྱུང་བ་དེ་བཞིན་དུ་ཕྱིའི་སྐྱེ་མཆེད་ཀྱང་ནང་གི་སྐྱེ་མཆེད་ཀྱི་གྲིབ་ མ་ཡིན་ཏེ། ཀུན་གཞི་རྣམ་པར་ཤེས་པས་ནི་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་དྲུག་འབྱུང་ངོ་། །དེ་ལས་ནི་ཕྱིའི་སྐྱེ་མཆེད་དྲུག་སྣང་ཞིང་འབྱུང་བས་ན་ཕྱིའི་སྐྱེ་མཆེད་དྲུག་ནི་མིག་ཡོར་ལྟ་བུའོ། །བཤད་པའི་ཆོས་ཐམས་ཅད་ནི་བྲག་ཅ་ལྟ་བུ་སྟེ། ཅིའི་ཕྱིར་ཞེ་ན། བྲག་ཅ་ཡང་སྒྲའི་རང་ བཞིན་དུ་མེད་མོད་ཀྱི་རྣ་བའི་སྤྱོད་ཡུལ་དུ་འགྱུར་ཞིང་རྣ་བས་མཉན་དུ་ཡོད་པ་དང་འདྲ་བར་ཇི་སྙེད་དུ་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་ཇི་ལྟར་བཤད་པ་བཞིན་དུ་ཡོད་པ་མ་ཡིན་ཡང་རྣ་བའི་སྤྱོད་ཡུལ་དུ་འགྱུར་ཞིང་རྣ་བས་མཉན་དུ་རུང་བའི་ཕྱིར་བྲག་ཅ་ལྟ་བུའོ། །ཏིང་ངེ་འཛིན་ལ་གནས་ པའི་ཆོས་རྣམས་ནི་ཆུ་ཟླའི་གཟུགས་བརྙན་ལྟ་བུ་སྟེ། ཅིའི་ཕྱིར་ཞེ་ན། ཆུ་དངས་པའི་ནང་དུ་ཟླ་བའི་གཟུགས་བརྙན་སྣང་བ་དང་འདྲ་བར་ཏིང་ངེ་འཛིན་རྩེ་གཅིག་པ་ནི་ཆུ་དངས་པ་ལྟ་བུ་སྟེ། དེ་ལས་མཐའ་དག་སྐྱེ་མཆེད་དང་ཟིལ་གྱིས་གནོན་པའི་སྐྱེ་མཆེད་རྣམས་སྣང་བས་ཆུའི་ཟླ་བ་ལྟ་བུའོ། ། བསམས་བཞིན་དུ་སྲིད་པར་འཛིན་པ་ནི་སྤྲུལ་པ་ལྟ་བུ་སྟེ། ཅིའི་ཕྱིར་ཞེ་ན། དཔེར་ན་སྤྲུལ་པ་གནས་གཅིག་ནས་གཅིག་ཏུ་ཡང་ཆགས་པ་དང་ཞེ་སྡང་མི་བསྐྱེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་དུ་ཚེ་གཅིག་ནས་གཅིག་ཏུ་ལེན་ཅིང་འཛིན་ཀྱང་ཆགས་པ་དང་ཞེ་སྡང་མི་སྐྱེ་བས་ན་ སྤྲུལ་པ་ལྟ་བུའོ། །ཤེས་བྱའི་ཡོངས་སུ་ཚོལ་བའི་ཚིགས་སུ་བཅད་པ་སྟེ་ཞེས་བྱ་བ་ལ། ཤེས་བྱའི་རྣམ་པ་གཉིས་ཏེ། འཇིག་རྟེན་གྱི་ཆོས་དང་འཇིག་རྟེན་ལས་འདས་པའི་ཆོས་ཏེ། ཆོས་གང་དག་ནི་འཇིག་རྟེན་གྱི་ཆོས། ཆོས་གང་དག་ནི་འཇིག་རྟེན་ལས་འདས་པའི་ཆོས་ཡིན་པ་བརྟགས་ པ་ལ་ཚིགས་སུ་བཅད་པ་གཉིས་ཀྱིས་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །ཡང་དག་མིན་རྟོག་ཞེས་བྱ་བ་ལ། ཡང་དག་པ་མ་ཡིན་ལ་ཀུན་དུ་རྟོག་པ་ནི་གང་ཆོས་ཀྱི་དབྱིངས་དང་རྣམ་པར་མི་རྟོག་པའི་ཡེ་ཤེས་འཐོབ་པའི་རྗེས་སུ་མཐུན་པ་མ་ཡིན་པའི་རྟོག་པ་སྟེ། འདོད་པའི་ཁམས་ ནས་སྲིད་པའི་རྩེ་མོ་མན་ཆད་ཀྱི་སེམས་ཅན་རྣམས་ཀྱི་གཟུང་བ་དང་འཛིན་པར་ཀུན་དུ་རྟོག་པ་ནི་ཡང་དག་པ་མ་ཡིན་པར་ཀུན་དུ་རྟོག་པ་ཞེས་བྱའོ། །ཡང་དག་མིན་ཡང་ཡང་དག་མིན། །ཞེས་བྱ་བ་ལ། ཡང་དག་པ་ཡང་མ་ཡིན་ཡང་དག་པ་མ་ཡིན་པ་ཡང་མ་ཡིན་པའི་རྟོག་པ་ནི་སོ་སོའི་སྐྱེ་བོའི་དུས་ ན་དམ་པའི་ཆོས་ཉན་པ་དང་སེམས་པ་ལ་སོགས་པ་ནས་བརྩམས་ཏེ་མོས་པ་སྤྱོད་པའི་ས་འཇིག་རྟེན་གྱི་ཆོས་མཆོག་མན་ཆད་ཀྱི་རྟོག་པ་ལ་བྱ་སྟེ། དེའི་ཚེ་ན་གཟུང་བ་དང་འཛིན་པའི་རྟོག་པ་ཡོད་པས་ན་ཡང་དག་པ་མ་ཡིན་པ་ཞེས་བྱའོ། །ཆོས་ཀྱི་དབྱིངས་དང་འཇིག་རྟེན་ལས་འདས་པའི་ཡེ་ཤེས་རྟོགས་ པར་བྱ་བ་དང་རྗེས་སུ་མཐུན་ཞིང་དེའི་རྒྱུ་ལྟ་བུར་གནས་པས་ན་ཡང་དག་པ་མ་ཡིན་པ་ཡང་མ་ཡིན་པ་ཞེས་བྱའོ། །མི་རྟོག་ཅེས་བྱ་བ་ལ་མི་རྟོག་པ་ནི་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་དང་། འཇིག་རྟེན་ལས་འདས་པའི་ཡེ་ཤེས་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་བྱ་སྟེ། ཅིའི་ཕྱིར་ཞེ་ན། དེ་གཉིས་ལ་ གཟུང་བ་དང་འཛིན་པ་ལ་སོགས་པའི་རྟོག་པ་མེད་པས་ན་མི་རྟོག་པ་ཞེས་བྱའོ། །རྟོག་མིན་མི་རྟོག་པ་མ་ཡིན། །ཞེས་བྱ་བ་ལ། རྟོག་པ་ཡང་མ་ཡིན་མི་རྟོག་པ་ཡང་མ་ཡིན་པ་ནི་རྣམ་པར་མི་རྟོག་པའི་རྗེས་ལས་ཐོབ་པའི་དག་པའི་འཇིག་རྟེན་པའི་ཡེ་ཤེས་ལ་བྱ་སྟེ། ཡེ་ཤེས་དེ་ལ་གཟུང་བ་དང་ འཛིན་པ་ལྟ་བུར་རྟོག་པ་མེད་པས་ན་མི་རྟོག་པ་ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ནི་ཆོས་ཀྱི་དབྱིངས་ལ་རྟོགས་ཏེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་ནི་དག་པའི་འཇིག་རྟེན་པའི་ཡེ་ཤེས་ཀྱིས་དམིགས་པས་ན་གཟུང་འཛིན་དུ་རྟོག་པ་མེད་དོ། །མི་རྟོག་པ་ཡང་མ་ ཡིན་པ་ནི་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ནི་ཆོས་ཐམས་ཅད་ལ་སྒྱུ་མ་དང་སྨིག་རྒྱུ་ལྟ་བུར་རྟོག་པ་ཡོད་པའི་ཕྱིར། ཐམས་ཅད་ཤེས་པར་བྱ་སྟེ་བརྗོད། །ཅེས་བྱ་བ་ལ། བཞི་པོ་འདི་ཐམས་ཅད་ནི་ཤེས་པར་བྱ་བའི་ཡུལ་ཡིན་ཞེས་བརྗོད་དེ། ཤེས་པར་བྱ་བ་ཡང་དེ་ཙམ་ལས་ལྷག་པ་མེད་ པའི་ཕྱིར་རོ། །དེ་ཡང་དག་པ་མ་ཡིན་པར་ཤེས་པར་བྱའོ། །ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཡོངས་སུ་ཚོལ་བ་ལ་ཚིགས་སུ་བཅད་པ་གཉིས་ཏེ་ཞེས་བྱ་བ་ལ། ཉོན་མོངས་པ་དང་ལས་དང་ཚེ་གསུམ་ནི་ཀུན་ནས་ཉོན་མོངས་པ་སྟེ། ཇི་ལྟར་ན་ཀུན་ནས་ཉོན་མོངས་པར་འགྱུར། ཀུན་ ནས་ཉོན་མོངས་པའི་མཚན་ཉིད་གང་ཡིན་པ་བརྟག་པ་ནི་ཀུན་ནས་ཉོན་མོངས་པ་ཚོལ་བ་ཞེས་བྱའོ། །འཕགས་པའི་ལམ་དང་མྱ་ངན་ལས་འདས་པ་ན་རྣམ་པར་བྱང་བ་སྟེ། ཇི་ལྟར་ན་རྣམ་པར་བྱང་བའི་མཚན་ཉིད་གང་ཡིན་པ་བརྟག་པ་ནི་རྣམ་པར་བྱང་བ་ཡོངས་སུ་ཚོལ་བ་ཞེས་བྱ་སྟེ། དེ་གཉིས་བཙལ་ བ་ལ་ཚིགས་སུ་བཅད་པ་གཉིས་ཀྱིས་སྟོན་ཏོ་ཞེས་བྱ་བའི་དོན་ཏོ། །རང་གི་ཁམས་ལས་གཉིས་སུ་སྣང་། །ཞེས་བྱ་བ་ལ། ཁམས་ས་བོན་དང་རྒྱུ་ཞེས་བྱ་བ་ནི་དོན་གཅིག་སྟེ། ཀུན་གཞི་རྣམ་པར་ཤེས་པ་གཟུང་བ་དང་འཛིན་པའི་བག་ཆགས་དང་བཅས་པ་ནི་རང་གི་ཁམས་ཞེས་བྱའོ། །གཟུང་ འཛིན་གྱི་བག་ཆགས་ལས་གཟུང་བར་ཡང་སྣང་འཛིན་པར་ཡང་སྣང་བས་ན་གཉིས་སུ་སྣང་བའོ། །མ་རིག་ཉོན་མོངས་ལྷན་ཅིག་འཇུག །ཅེས་བྱ་བ་ལ། གཟུང་བ་དང་འཛིན་པར་སྣང་བར་ཡང་མ་ཟད་ཀྱི། གཟུང་བ་དང་འཛིན་པར་སྣང་བའི་དུས་ན་མ་རིག་པ་དང་ཉོན་མོངས་པ་ལྷན་ཅིག་འབྱུང་ཞིང་ སྣང་ངོ་ཞེས་བྱ་བའི་དོན་ཏོ། །འཇུག་ཅེས་བྱ་བའི་དོན་ནི་དེ་ལྟར་སྣང་བ་ལས་འཁོར་བར་སྐྱེས་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་མ་རིག་པ་ནི་མ་རིག་པ་ཉིད་དོ། །ཉོན་མོངས་པའི་སྒྲས་ནི་འདོད་ཆགས་དང་། ཁོང་ཁྲོ་བ་དང་། ང་རྒྱལ་དང་། མ་རིག་པ་དང་། ལྟ་བ་དང་། ཐེ་ཚོམ་སྟེ། ཉོན་མོངས་པ་ དྲུག་ལ་བྱ་བའམ། འདོད་ཆགས་དང་། ཁོང་ཁྲོ་བ་དང་། ང་རྒྱལ་དང་། མ་རིག་པ་དང་། འཇིག་ཚོགས་སུ་ལྟ་བ་དང་། མཐར་འཛིན་པར་ལྟ་བ་དང་། ལོག་པར་ལྟ་བ་དང་། ལྟ་བ་བསྙེམས་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་བསྙེམས་པ་དང་། ཐེ་ཚོམ་སྟེ་ཉོན་མོངས་པ་བཅུ་ལ་བྱའོ། ། འདིར་ཉོན་མོངས་པ་སྨོས་ཀྱི་ཉེ་བའི་ཉོན་མོངས་པ་དང་དངོས་སུ་མ་སྨོས་ཀྱང་ཉེ་བའི་ཉོན་མོངས་པ་ཁྲོ་བ་དང་། ཁོན་དུ་འཛིན་པ་ལ་སོགས་པ་ཡང་སྨོས་པ་ལྟ་བུར་བསྟན་ཏོ། །ཉོན་མོངས་པ་དྲུག་དང་། བཅུའི་ནང་དུ་མ་རིག་པ་ཡང་འདུས་མོད་ཀྱི་མ་རིག་པ་བཀར་ཏེ་ལོགས་ཤིག་ཏུ་སྨོས་པ་ནི་ཉོན་མོངས་ པ་ཐམས་ཅད་ལ་དབང་བྱེད་པར་བསྟན་པའི་ཕྱིར་ཏེ། རྨོངས་པ་མེད་པ་ལ་ནི་ཉོན་མོངས་པ་མི་སྐྱེ་རྨོངས་པ་ལས་ཉོན་མོངས་པ་འབྱུང་བའི་ཕྱིར་རོ། །རྣམ་པར་རྟོག་པ་རབ་ཏུ་འབྱུང་། །ཞེས་བྱ་བ་ལ། གཟུགས་དང་སྒྲ་ལ་སོགས་པ་ལྟ་བུར་གཟུང་བ་དང་འཛིན་པར་རྟོག་པ་ན་མ་ རིག་པ་དང་། ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་དང་། ལྷན་ཅིག་ཏུ་རྟོག་པ་འབྱུང་བ་ལ་རྣམ་པར་རྟོག་པ་རབ་ཏུ་འབྱུང་བ་ཞེས་བྱ་སྟེ། རང་གི་ཁམས་ལས་གཉིས་སུ་སྣང་བ་ཞེས་བྱ་བས་ནི་ཤེས་བྱའི་སྒྲིབ་པ་ལ་རྟོག་པ་བསྟན་ཏོ། །མ་རིག་ཉོན་མོངས་ལྷན་ཅིག་འཇུག །ཅེས་བྱ་བས་ནི་ཉོན་ མོངས་པའི་སྒྲིབ་པ་ལ་རྟོག་པ་བསྟན་ཏོ། །རྫས་གཉིས་དག་ནི་རྣམ་པར་སྤངས། །ཞེས་བྱ་བ་ལ། དེ་ལྟར་གཟུང་བ་དང་འཛིན་པར་སྣང་ཡང་རྫས་གཉིས་རྣམ་པར་སྤངས་པ་ཡིན་ཏེ། གཟུང་བའི་རང་བཞིན་ཡང་མེད་འཛིན་པའི་རང་བཞིན་ཡང་མེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཤེས་ན་ཀུན་ ནས་ཉོན་མོངས་པའི་མཚན་ཉིད་ཡོངས་སུ་བཙལ་བ་ཡིན་ནོ། །དམིགས་པའི་ཁྱད་པར་ཐོབ་པ་ཡི། །ཞེས་བྱ་བ་ལ། གང་གོང་དུ་ཆོས་ཀྱི་དམིགས་པ་ཐོབ་པ་བཤད་པ་ཉིད་དམིགས་པའི་ཁྱད་པར་ཐོབ་པ་ཞེས་བྱ་སྟེ། དེ་ཡང་སོ་སོའི་སྐྱེ་བོའི་དུས་ནས་ཉན་པ་དང་སེམས་པ་བྱེད་པ་ནས་ བརྩམས་ཏེ། མོས་པ་སྤྱོད་པའི་ས་ཆོས་མཆོག་མན་ཆད་ནས་ཆོས་ཐམས་ཅད་ནི་སེམས་ལས་གྱུར་པ་ཡིན་ནོ་ཞེས་ཤེས་པ་ནི་དམིགས་པའི་ཁྱད་པར་ཐོབ་པ་ཞེས་བྱ་སྟེ། དམིགས་པའི་ཁྱད་པར་ཐོབ་པའི་གང་ཟག་གིས་ཞེས་བྱ་བའི་ཐ་ཚིག་གོ། །རང་གི་ཁམས་ནས་ཞེས་བྱ་བ་ནི་ས་དང་པོ་ཐོབ་ པའི་ལས་བསྟན་ཏེ་རྣམ་པར་རྟོག་པའི་ཡེ་ཤེས་ཀྱི་རང་གི་ཁམས་དང་རྒྱུའི་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་དེ། ཆོས་ཀྱི་དབྱིངས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་སྐྱེ་བའི་རྒྱུ་བྱེད་པའི་ཕྱིར་ཁམས་ཞེས་བྱའོ། །དེ་བས་ན་དབུས་དང་མཐའ་རྣམ་པར་འབྱེད་པ་དང་མངོན་པའི་ཆོས་བསྡུ་བ་ལས་ ཀྱང་། ཉན་ཐོས་དང་རང་སངས་རྒྱས་དང་། སངས་རྒྱས་ཀྱི་ཆོས་ཀྱི་རྒྱུ་ཐམས་ཅད་འབྱུང་བའི་རྒྱུ་བྱེད་པས་ན་ཁམས་ཞེས་བྱའོ་ཞེས་བཤད་དོ། །གནས་པ་ནི་མིང་གི་ཕུང་པོ་བཞི་ལ་གནས་པ་སྟེ། གཟུང་བ་དང་འཛིན་པ་གཉིས་སྤངས་ནས། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་གཉིས་སུ་ མེད་པར་གནས་པ་ནི་མིང་ལ་གནས་པ་ཞེས་བྱའོ། །དོན་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་རྙེད་ནས་མིང་ལ་གནས་པར་གཞག་གོ། །རྣལ་འབྱོར་ཕྱིར་ཞེས་པ་ལ་རྣལ་འབྱོར་ནི་གོམས་པར་བྱེད་པ་ལ་བྱ་སྟེ། ས་དང་པོར་རྣམ་པར་མི་རྟོག་པའི་ཡེ་ཤེས་རྙེད་ནས་ས་གཉིས་ནས་ས་བཅུ་མན་ཆད་བསྒོམ་ པའི་ལམ་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་ཉིད་ལ་བསྒོམ་པའམ་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པ་ལ་བསྒོམ་པ་ནི་རྣལ་འབྱོར་པ་ཞེས་བྱའོ། །དེ་ཉིད་གཉིས་མེད་སྣང་འཇུག་པ། །ཞེས་བྱ་བ་ལ། དེ་ནས་སངས་རྒྱས་ཀྱི་སའི་དུས་ན་གནས་གཞན་དུ་གྱུར་ནས་རྣམ་པར་མི་རྟོག་པའི་སེམས་ དེ་ཉིད་རྣམ་པར་མི་རྟོག་པ་དང་བྲལ་ཏེ་རྣམ་པར་མི་རྟོག་པར་གྱུར་ནས་གཉིས་སུ་མེད་པ་མངོན་སུམ་དུ་བྱས་པ་ནི་གཉིས་མེད་སྣང་འཇུག་པ་ཞེས་བྱའོ། །དེས་ན་སེམས་རྣམ་པར་གྲོལ་བ་དང་ཤེས་རབ་རྣམ་པར་གྲོལ་བ་འཐོབ་སྟེ། དེ་ཕན་ཆད་ནམས་ཀྱང་གཉིས་སུ་སྣང་བ་ལ་མི་འཇུག་གོ། །དཔེར་ན་ ཅི་དང་འདྲ་ཞེ་ན། དཔེ་བསྟན་པའི་ཕྱིར། མདའ་དང་པགས་པ་བཞིན་དུའོ། །ཞེས་བྱ་བ་སྨོས་ཏེ། དཔེར་ན་མདའ་མེས་བསྲེགས་ན་དྲོད་ལ་བབ་པར་བྱས་ཏེ། དྲང་པོར་བསྲང་བ་དེ་ནམས་ཀྱང་ཕྱིས་ཡོན་པོར་འགྱུར་བ་དང་། པགས་པ་ཁེངས་པ། ཆུ་དང་མར་ལ་སོགས་པས་བསྐུས་ནས་རྩིས་ ཞེན་པར་བྱས་ཏེ། འཇམ་པོར་བྱས་ན་ཕྱིས་ཁེངས་ཤིང་རྩུབ་པོར་མི་འགྱུར་བ་དེ་བཞིན་དུ་ཞི་གནས་ནི་ཆུ་དང་སྣུམ་ལྟ་བུ། སྔོན་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་ལ་ཚུལ་བཞིན་མ་ཡིན་པར་རྟོགས་པས་སེམས་རྩུབ་པོར་བྱས་པ་བསྒོམ་པའི་ལམ་ན་ཞི་གནས་ཆུ་དང་སྣུམ་ལྟ་བུར་བསྒོམ་པས་སེམས་ གཉེན་པོར་བྱས་ཏེ། སངས་རྒྱས་ཀྱི་སར་སེམས་རྣམ་པར་གྲོལ་བ་ཐོབ་ན་སླར་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་རྟོག་པ་ལ་ཞུགས་ན་སེམས་ཁེངས་པ་དང་རྩུབ་པོ་རྣམས་སུ་ནམས་ཀྱང་མི་འགྱུར་རོ། །སྔོན་ལས་དང་པོའི་ཚེ་ན་ཡོད་པ་དང་མེད་པ་དང་རྟག་པ་དང་མི་རྟག་པ་ལ་སོགས་པ་ལྟ་བ་ངན་ པས་ལྟ་བ་ཡོན་པོར་བྱས་པ་བསྒོམ་པའི་ལམ་གྱི་དུས་ན་ལྷག་མཐོང་བསྒོམ་པའི་མེས་ལྟ་བ་ངན་པ་བསལ་ཏེ། ལྟ་བ་དྲང་པོར་བྱས་ནས་སངས་རྒྱས་ཀྱི་སར་ཤེས་རབ་རྣམ་པར་གྲོལ་བ་ཐོབ་པ་ན་དེ་ཕན་ཆད་ནམས་ཀྱང་ལྟ་བ་ངན་པ་ལ་འཇུག་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རྣམ་པར་བྱང་བའི་ མཚན་ཉིད་དེ་ལྟར་བཙལ་ལོ་ཞེས་བྱ་བའི་དོན་ཏོ། །རྣམ་པར་རིག་པ་ཙམ་ཡོངས་སུ་བཙལ་བ་ལ་ཚིགས་སུ་བཅད་པ་གཉིས་ཏེ་ཞེས་བྱ་བ་ལ། རྣམ་པར་རིག་པ་ཙམ་གྱི་སྒྲས་ནི་སེམས་ལས་བྱུང་བ་རྣམས་ཀྱང་གཟུང་སྟེ། ཙམ་གྱི་སྒྲས་ནི་སེམས་ལས་བྱུང་བ་ཙམ་དུ་ཟད་ཀྱི། ཕྱིའི་གཟུགས་ལ་སོགས་པའི་གཟུགས་ཡོད་པ་མ་ཡིན་པར་འགོག་གོ། །སེམས་ཙམ་དུ་སྨྲ་བ་ཁ་ཅིག་ནི་རྣམ་པར་རིག་པ་ཙམ་ཞེས་བྱ་བས་སེམས་ཙམ་དུ་ཟད་ཀྱི། སེམས་ལས་མ་གཏོགས་པར་སེམས་ལས་བྱུང་བའི་ཆོས་དང་ཕྱིའི་ཡུལ་རྣམས་མེད་ཀྱང་མེད་པར་འདོད་དོ། །འདིའི་ སྐབས་སུ་དེ་གཉི་ག་ལ་བྱ་བར་འདོད་དོ། །ཁམས་གསུམ་ཐམས་ཅད་ནི་སེམས་དང་སེམས་ལས་བྱུང་བ་ཙམ་དུ་ཟད་ཀྱི་ཕྱིའི་ཆོས་མེད་དོ་ཞེས་བརྟག་ཅིང་ཤེས་པར་བྱ་བ་ལ་ཚིགས་སུ་བཅད་པ་གཉིས་ཀྱིས་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །སེམས་ནི་གཉིས་སུ་རབ་ཏུ་སྣང་། །ཞེས་བྱ་བ་ ལ། སེམས་ཀྱི་སྒྲས་ནི་ཀུན་གཞི་ལ་སོགས་པ་རྣམ་པར་ཤེས་པ་དང་སེམས་ལས་བྱུང་བ་རྣམས་ལ་བྱ་སྟེ། སེམས་དང་སེམས་ལས་བྱུང་བ་ལས་གཟུང་བ་དང་འཛིན་པ་གཉིས་སུ་སྣང་བར་ཟད་ཀྱི་སེམས་ལས་ལོགས་ཤིག་ན་མེད་དོ་ཞེས་བྱ་བའི་དོན་ཏོ། །ཡང་ན་སེམས་ཉིད་གཟུང་འཛིན་ དུ་སྣང་བར་ཟད་ཀྱི། དེ་ལས་མ་གཏོགས་པར་སེམས་ལས་བྱུང་བ་དང་། གཟུང་འཛིན་མེད་དོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་ཆགས་ལ་སོགས་པ་སྣང་བར་འདོད། །ཅེས་བྱ་བ་ལ། ཇི་ལྟར་གཟུང་བ་དང་འཛིན་པ་སེམས་ལས་སྣང་བ་དེ་བཞིན་དུ་འདོད་ཆགས་ལ་སོགས་པ་ཉོན་མོངས་ པའི་ཆོས་ཀྱང་སེམས་ཉིད་ལ་སྣང་བར་འདོད་དོ་ཞེས་བྱ་བའི་དོན་ཏོ། །དད་པ་ལ་སོགས་པར་སྣང་ཡང་། །ཞེས་བྱ་བ་ལ། དད་པ་ལ་སོགས་པ་དགེ་བའི་ཆོས་རྣམས་ཀྱང་སེམས་ཉིད་ལ་སྣང་བར་འདོད་དོ་ཞེས་བྱ་བའི་དོན་ཏོ། །ཉོན་མོངས་དགེ་ཆོས་ཡོད་མ་ཡིན། །ཞེས་བྱ་བ་ལ། སེམས་ ཉིད་ལས་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དང་། དད་པ་ལ་སོགས་པ་དགེ་བའི་ཆོས་ཀྱང་སེམས་ལ་སྣང་བར་ཟད་ཀྱི་སེམས་མ་གཏོགས་པ་ལོགས་ཤིག་ན་དམིགས་པའི་ཡུལ་ལྟ་བུར་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སེམས་ལས་བྱུང་བ་རྣམས་དང་ལྡན་པའི་མཚན་ ཉིད་དུ་ནི་སེམས་ལས་བྱུང་བ་རྣམས་མེད་པ་མ་ཡིན་པར་འདོད་དོ། །རྣམ་པར་རིག་པ་ཙམ་དུ་སྨྲ་བ་གཉིས་པ་ལྟར་ན་ནི་སེམས་ཉིད་ལས་ཉོན་མོངས་པ་དང་། དགེ་བ་ལ་སོགས་པ་སེམས་ལས་བྱུང་བ་ལྟ་བུར་སྣང་གི་སེམས་ལས་མ་གཏོགས་པར་སེམས་ལས་བྱུང་བ་ཡོད་པར་མི་འདོད་ དོ་ཞེས་བྱ་བའི་དོན་ཏོ། །སེམས་ཉིད་སྣ་ཚོགས་སྣང་བ་སྟེ། །ཞེས་བྱ་བ་ལ་ཀུན་གཞི་ཉིད་རྣམ་པ་སྣ་ཚོགས་སུ་སྣང་སྟེ། འདོད་ཆགས་སུ་སྣང་བ་དང་། གཏི་མུག་ཏུ་སྣང་བ་དང་། ཞེ་སྡང་དུ་སྣང་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པའི་ཆོས་སུ་སྣང་ངོ་ཞེས་བྱ་བའི་དོན་ཏོ། ། སྣ་ཚོགས་པ་ཡི་རྣམ་པར་འཇུག །ཅེས་བྱ་བ་ལ། སེམས་ཉིད་དུས་གཅིག་ཏུ་དད་པ་དང་། བརྩོན་འགྲུས་དང་། ཤེས་རབ་དང་ཏིང་ངེ་འཛིན་ལ་སོགས་ཏིང་ངེ་འཛིན་ལྟ་བུར་སྣང་ངོ་ཞེས་བྱ་བའི་དོན་ཏོ། །སྣང་བ་དངོས་དང་ཞེས་བྱ་བ་ལ། སེམས་ལས་འདོད་ཆགས་ལ་སོགས་པར་ སྣང་བ་དང་། དད་པ་ལ་སོགས་པར་སྣང་བ་ཡང་སྣང་བ་ཙམ་དུ་ཡོད་པས་ན་སྣང་བ་ཙམ་གྱི་དངོས་པོར་ནི་ཡོད་པ་ཞེས་བྱའོ། །དངོས་པོ་མེད་པ་ཞེས་བྱ་བ་ལ། སྣང་བ་ཙམ་དུ་ཡོད་ཀྱང་འདོད་ཆགས་དང་དད་པ་ལ་སོགས་པའི་རང་བཞིན་ཡོད་པ་མ་ཡིན་པས་ན་དངོས་པོ་མེད་པ་ཞེས་བྱའོ། །དེའི་ ཕྱིར། དེ་ལ་ཆོས་ཀྱི་མིན་ཞེས་བྱ་བ་ལ། དེ་ལྟར་འདོད་ཆགས་ལ་སོགས་པ་དང་། དད་པ་ལ་སོགས་པ་སྣང་བ་ཙམ་དུ་ཡོད་ཀྱི་དངོས་པོ་མེད་པས་ན་གཞན་དབང་དེ་ལ་ཆོས་དེ་དག་གི་རང་བཞིན་ཡོད་པ་མ་ཡིན་པའམ། སྣང་བ་ཙམ་དེ་ལ་སྣང་ཡང་ཆོས་ཀྱི་རང་བཞིན་ཡོད་པ་མ་ཡིན་ནོ་ཞེས་བྱ་ བའི་ཐ་ཚིག་གོ། །མཚན་ཉིད་ཡོངས་སུ་ཚོལ་བ་ལ་ཚིགས་སུ་བཅད་པ་བརྒྱད་དེ་ཞེས་བྱ་བ་ལ། འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་རྣམས་ཀྱི་མཚན་ཉིད་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པའི་ཆོས་རྣམས་ཀྱི་མཚན་ཉིད་གང་ཡིན་པ་དེ་བརྟག་པའི་ཕྱིར་ཚིགས་སུ་བཅད་པ་བརྒྱད་ ཀྱིས་སྟོན་ཏེ། །ཆོས་དེ་དག་གི་མཚན་ཉིད་ཀྱང་མདོར་ན་མཚོན་བྱ་དང་མཚན་ཉིད་དང་མཚོན་བྱེད་དང་གསུམ་མོ། །གཅིག་གིས་ནི་མདོར་བསྟན་ཏོ། །ལྷག་མས་ནི་བཤད་དོ་ཞེས་བྱ་བ་ལ། ཚིགས་བཅད་བརྒྱད་ལས་ཚིགས་བཅད་དང་པོས་ནི་ཆོས་རྣམས་ཀྱི་མཚན་ཉིད་མདོར་བསྟན་ཏོ། །ཚིགས་ བཅད་ལྷག་མ་བདུན་གྱིས་ནི་མདོར་བསྟན་པའི་དོན་དེ་ཉིད་རྒྱས་པར་ཞིབ་དུ་འཆད་དོ་ཞེས་བྱ་བའི་དོན་ཏོ། །མཚོན་བྱ་དང་ནི་མཚན་ཉིད་དང་། །མཚོན་བྱེད་རབ་ཏུ་དབྱེ་བས་ནི། །སེམས་ཅན་རྣམས་ལ་ཕན་གདགས་ཕྱིར། །སངས་རྒྱས་རྣམས་ཀྱིས་རབ་ཏུ་བཤད། །ཅེས་བྱ་བ་ལ། མཚོན་ཆ་རྣམ་པ་ལྔ་སྟེ། གཟུགས་དང་། སེམས་དང་སེམས་ལས་བྱུང་བ་དང་། སེམས་དང་མི་ལྡན་པའི་འདུ་བྱེད་དང་། འདུས་མ་བྱས་ཏེ་འདི་ནི་མཚན་ཉིད་གསུམ་གྱི་གཞི་ཡིན་ནོ། །མཚན་ཉིད་རྣམ་པ་གསུམ་སྟེ། ཀུན་བརྟགས་དང་། གཞན་དབང་དང་། ཡོངས་སུ་གྲུབ་པའི་མཚན་ ཉིད་དོ། །མཚན་ཉིད་རྣམ་པ་ལྔ་སྟེ། གཞི་དང་། འཇོག་པ་དང་། སྣང་བ་དང་། མེ་ལོང་དང་། གནས་སོ། །དེ་གསུམ་ཕྱེ་སྟེ་བསྟན་ན་ནི་མཐའ་ཡས་ཏེ་མདོ་ཙམ་དུ་ན་རྣམ་པ་གསུམ་དུ་གཞག་གོ། །དེ་ལ་མཚོན་བྱ་དང་། མཚན་ཉིད་གཉིས་ནི་ཤེས་པར་བྱ་བའི་ཡུལ་ལྟ་བུའོ། །མཚོན་བྱེད་ ནི་ཤེས་པར་བྱ་བའི་ཡེ་ཤེས་ཏེ། དེ་བས་ན་འོག་ནས་ཀྱང་མཚོན་བྱ་དང་མཚན་ཉིད་གཉིས་མཚོན་པར་བྱེད་ཅིང་ཤེས་པར་བྱེད་པས་ན་མཚོན་བྱེད་ཅེས་བྱའོ་ཞེས་བཤད་དོ། །མཚོན་བྱ་དང་མཚན་ཉིད་དང་མཚོན་བྱེད་གསུམ་ནི་ཅིའི་ཕྱིར་བཤད་ཅེ་ན། དེ་གསུམ་ཡང་སེམས་ཅན་ལ་ཕན་གདགས་པར་ བྱ་བའི་ཕྱིར། སངས་རྒྱས་ཀྱིས་བཤད་དེ་ཞེས་བྱ་བའི་ཐ་ཚིག་གོ། །མཚོན་བྱ་བསྟན་པའི་ཕྱིར། སེམས་གང་ལྟ་བར་བཅས་པ་དང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་ཀྱི་སྒྲས་ནི་རྣམ་པར་ཤེས་པ་དང་། གཟུགས་བསྟན་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སེམས་འདི་རྣམ་པ་ གཉིས་སུ་སྣང་སྟེ། གཟུང་བར་སྣང་བ་དང་། འཛིན་པར་སྣང་བའོ། །དེ་ལ་དབང་པོ་ལྔ་དང་ཡུལ་ལྔ་ལྟ་བུར་སྣང་བ་ནི་གཟུང་བར་སྣང་བ་སྟེ། དེས་ནི་གཟུགས་བསྟན་ཏོ། །འཛིན་པར་སྣང་བ་ནི་མིག་གི་རྣམ་པར་ཤེས་པ་ནས་ཡིད་ཀྱི་རྣམ་པར་ཤེས་པའི་བར་དུ་རྣམ་པར་ཤེས་པ་དྲུག་ཏུ་སྣང་སྟེ། དེས་ ནི་སེམས་བསྟན་ཏོ། །ལྟ་བར་བཅས་ཞེས་བྱ་བའི་ལྟ་བའི་སྒྲས་ནི་སེམས་ལས་བྱུང་བ་རྣམས་ལ་བྱ་སྟེ། སེམས་ལས་བྱུང་བ་རྣམས་ལ་ཅིའི་ཕྱིར་ལྟ་བ་ཞེས་བྱ་ཞེ་ན། སེམས་ལས་བྱུང་བ་ཐམས་ཅད་ནི་གསལ་ཞིང་རྒོད་པའི་རང་བཞིན་ཡིན་པས་ལྟ་བ་ཞེས་བྱ་སྟེ། འདིས་ནི་སེམས་ལས་བྱུང་ བའི་ཆོས་བསྟན་ཏོ། །དེའི་གནས་དང་ཞེས་བྱ་བ་ལ། དེའི་གནས་ཞེས་བྱ་བ་ལ་སེམས་དང་མི་ལྡན་པའི་འདུ་བྱེད་བསྟན་ཏེ། སེམས་དང་མི་ལྡན་པའི་འདུ་བྱེད་རྣམས་ཀྱང་སེམས་དང་གཟུགས་དང་སེམས་ལས་བྱུང་བའི་གནས་སྐབས་ལས་བྱུང་བས་ན་དེའི་གནས་ཞེས་བྱའོ། །ཇི་ལྟ་ཞེ་ན། ནམ་གཟུགས་ དང་སེམས་ལས་བྱུང་བ་གསུམ་འདུས་ནས་བསྒྲིབས་ཏེ། སེམས་དང་སེམས་ལས་བྱུང་བའི་འགོག་པའི་གཟུགས་ལས་འགོག་པའི་སྙོམས་པར་འཇུག་པ་ཞེས་བྱ་བ་དང་། ཕུང་པོ་ལྔ་སྐྱེས་པ་ལ་སྐྱེ་བ་ཞེས་བྱ་བ་དང་། གཟུགས་ཀྱི་ཕུང་པོ་སྐྲ་དཀར་ལ་སོགས་པའི་མཚན་ཉིད་དུ་གཞན་དུ་གྱུར་པ་ལ་རྒ་བ་ ཞེས་བྱ་སྟེ། དེ་ལྟར་ན་དེ་གསུམ་གྱི་གནས་ལ་འདུ་བྱེད་སེམས་དང་མི་ལྡན་པར་གདགས་པར་ཟད་དོ། །མི་འགྱུར་བ་ཞེས་བྱ་བ་ལ། མི་འགྱུར་བ་ནི་འདུས་མ་བྱས་ནམ་མཁའ་དང་སོ་སོར་བརྟགས་པའི་འགོག་པ་དང་། མ་བརྟགས་པར་འགོག་པ་དང་། དེ་བཞིན་ཉིད་ལ་བྱ་སྟེ། འདུས་མ་བྱས་ལ་ཅིའི་ ཕྱིར་མི་འགྱུར་ཞེས་བྱ་ཞེ་ན། རྣམ་པར་རིག་པ་འདི་ལས་ནམ་མཁའ་ལ་སོགས་པའི་འདུས་མ་བྱས་སུ་སྣང་ལ། སེམས་ལ་སྣང་བའི་ནམ་མཁའ་ལ་སོགས་པ་མི་སྐྱེ་བ་དང་འཇིག་པའི་མཚན་ཉིད་དུ་འགྱུར་བ་མེད་པས་ན་འདུས་མ་བྱས་ལ་འགྱུར་བ་མེད་པ་ཞེས་བྱའོ། །དེ་ནི་མདོར་ན་མཚོན་བྱ་ཡིན། ། རབ་ཏུ་དབྱེ་བ་ཚད་མེད་དོ། །ཞེས་བྱ་བ་ལ། མདོ་ཙམ་དུ་ན་གཟུགས་དང་སེམས་དང་སེམས་ལས་བྱུང་བའི་ཆོས་དང་། སེམས་དང་མི་ལྡན་པའི་འདུ་བྱེད་དང་། འདུས་མ་བྱས་ལྔ་ནི་མཚོན་བྱ་ཞེས་བྱ་སྟེ། ལྔ་པོ་དེའི་མཚན་ཉིད་རེ་རེ་ནས་ཕྱེ་ནས་ནི་དཔག་ཏུ་མེད་པས་ཚད་མེད་པ་ཞེས་བྱ་སྟེ། ལྔ་པོ་ དེ་ནི་མཚན་ཉིད་རྣམ་པ་གསུམ་གནས་དང་། རྟན་ཡིན་པས་ན་མཚོན་བྱ་ཞེས་བྱའོ། །མཚན་ཉིད་བསྟན་པའི་ཕྱིར། སྨྲ་དོན་ཇི་བཞིན་འདུ་ཤེས་ཀྱི་མཚན་མ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལ་མཚན་ཉིད་རྣམ་པ་གསུམ་སྟེ། ཀུན་བརྟགས་ཀྱི་མཚན་ཉིད་དང་། གཞན་དབང་གི་ མཚན་ཉིད་དང་། ཡོངས་སུ་གྲུབ་པའི་མཚན་ཉིད་དོ། །ཀུན་བརྟགས་ཀྱི་མཚན་ཉིད་ཀྱང་རྣམ་པ་གསུམ་མོ། །དེ་བུམ་པ་དང་སྣམ་བུ་ཞེས་བརྗོད་པ་ནི་སྨྲ་བའོ། །བུམ་པ་དང་སྣམ་བུ་ནི་དོན་ཏོ། །ཇི་བཞིན་གྱི་འདུ་ཤེས་ནི་སེམས་ལས་བྱུང་བའི་ཆོས་ཏེ། འདི་ནི་བུམ་པ་ཉིད་ཡིན་གྱི་འདི་ནི་སྣམ་ བུ་མ་ཡིན་པ་དང་། འདི་ནི་སྔོན་པོ་ཉིད་ཡིན་གྱི་སེར་པོ་མ་ཡིན་ཞེས་རྟོག་པའོ། །མཚན་མའི་འདུ་ཤེས་པའི་ཡུལ་དུ་གྱུར་པ་བུམ་པ་དང་སྣམ་བུ་དང་སེར་པོ་དང་སྔོན་པོ་ལ་སོགས་པ་སྟེ། ཡུལ་གང་ལ་བརྟེན་ནས་འདུ་ཤེས་འཇུག་པའོ། །དོན་དུ་ན་ཐ་སྙད་ལ་མཁས་པ་ རྣམས་སྣམ་བུ་དང་བུམ་པ་དང་། སྣམ་བུ་ལ་སོགས་པ་ལ་འདི་ནི་བུམ་པ་འདི་ནི་སྣམ་བུ་ཞེས་རྟོག་པ་དང་། རྟོག་པ་དེའི་ཡུལ་བུམ་པ་དང་སྣམ་བུ་ལ་སོགས་པ་ལ་ཀུན་བརྟགས་ཀྱི་མཚན་ཉིད་ཅེས་བྱ་སྟེ། འདི་ནི་ཀུན་བརྟགས་ཀྱི་མཚན་ཉིད་རྣམ་པ་གཅིག་གོ། །དེའི་བག་ཆགས་ཞེས་བྱ་བ་ལ། སྨྲ་དོན་ཇི་བཞིན་གྱི་འདུ་ཤེས་ཀྱི་མཚན་མ་ལ་དེ་ཞེས་རྟོག་སྟེ། དེའི་བག་ཆགས་ཀུན་གཞི་ལ་རླན་པ་ཡང་ནམ་ཞིག་ན་སྨྲ་དོན་ཇི་བཞིན་གྱི་འདུ་ཤེས་འབྱུང་བའི་རྒྱུ་བྱེད་པས་ན་བག་ཆགས་ལ་ཡང་ཀུན་བརྟགས་ཀྱི་མཚན་ཉིད་ཅེས་བྱ་སྟེ། འདི་ནི་ཀུན་བརྟགས་ཀྱི་མཚན་ཉིད་རྣམ་པ་གཉིས་སོ། །དེ་ལས་ ཀྱང་ནི་དོན་སྣང་བ། །ཀུན་དུ་བརྟགས་པའི་མཚན་ཉིད་དོ། །ཞེས་བྱ་བ་ལ། བག་ཆགས་ལས་ནམ་ཐ་སྙད་ལ་མི་མཁས་པ་བྱིས་པ་རྣམས་ལ་སྐེ་དང་སྡེང་སྡེང་པོ་ལྟོ་ཟླུམ་པོ་འདི་ལ་མིང་དུ་བུམ་པ་ཞེས་བྱའོ་ཞེས་སྨྲ་བ་ཇི་བཞིན་པའི་དོན་གྱི་འདུ་ཤེས་མེད་པར་ཡང་སེམས་ལས་བུམ་པ་ལྟ་བུར་སྣང་ལ། བུམ་པ་ཉིད་ཡིན་པར་ནི་མི་ཤེས་ཀྱི་བུམ་པ་མཐོང་ན་ནི་འདི་ཅི་ཞིག་ཡིན་ནོ་སྙམ་པར་རྟོག་པ་འབྱུང་ན་ཡང་ཀུན་བརྟགས་ཀྱི་མཚན་ཉིད་དོ། །འདི་ནི་ཀུན་བརྟགས་ཀྱི་མཚན་ཉིད་རྣམ་པ་གསུམ་པའོ། །དེ་ཚིགས་བཅད་དེའི་དོན་མདོར་བསྡུས་ན། གང་ཀུན་དུ་རྟོག་པ་དང་། རྒྱུ་གང་ལས་ཀུན་དུ་རྟོག་པ་ གཉིས་ཀ་ཀུན་བརྟགས་ཀྱི་མཚན་ཉིད་ཡིན་པར་སྟོན་ཏོ། །གང་ཀུན་དུ་རྟོག་ཅེ་ན་ཐ་སྙད་ལ་མཁས་པས་འདི་བུམ་པ་ཡིན་ནོ་ཞེས་རྟོག་པ་དང་། ཐ་སྙད་ལ་མི་མཁས་པས་བུམ་པ་མཐོང་བ་ན་འདི་ཅི་ཞིག་ཡིན་ཞེས་རྟོག་པའོ། །རྒྱུ་གང་ལས་ཀུན་དུ་རྟོག་པ་དེ་ནི་དེའི་བག་ཆགས་ལས་ཀུན་དུ་རྟོག་པའོ། ། སྨྲ་བ་ཇི་བཞིན་པའི་དོན་གྱི་འདུ་ཤེས་པའི་མཚན་མ་དང་ཞེས་བྱ་བ་ལ། སྨྲ་བ་ནི་བུམ་པ་དང་སྣམ་བུ་ཞེས་བརྗོད་པའོ། །ཇི་བཞིན་པའི་དོན་གྱི་འདུ་ཤེས་ནི་བུམ་པ་ཞེས་བྱ་བའི་མིང་གི་དོན་ནི་ལྟོ་ཟླུམ་པོ་སྐེ་སྡེང་སྡེང་པོ་ཡིན་ནོ་ཞེས་མིང་དང་དོན་དུ་འབྲེལ་པར་ཤེས་ཤིང་རྟོག་སྟེ། དེའི་མཚན་མ་ནི་འདུ་ཤེས་ དེའི་ཡུལ་བུམ་པ་དང་སྣམ་བུ་ལ་སོགས་པ་སྟེ། འདི་ནི་ཀུན་བརྟགས་ཀྱི་མཚན་ཉིད་རྣམ་པ་གཅིག་གོ། །སྨྲ་བ་དེ་ཡི་བག་ཆགས་དང་། །ཞེས་བྱ་བ་ལ། སྨྲ་བའི་ས་བོན་ཀུན་གཞི་ལ་བསགས་ཏེ་ཡོད་པ་དེ་ཡང་ནམ་ཞིག་ན་རྣམ་པར་རྟོག་པའི་རྒྱུ་ཡིན་པས་ན་ཀུན་བརྟགས་ཞེས་བྱ་སྟེ། འདི་ནི་ཀུན་ བརྟགས་ཀྱི་མཚན་ཉིད་རྣམ་པ་གཉིས་སོ། །བག་ཆགས་དེ་ལས་དོན་གང་ཞེས་བྱ་བ་ལ། སྨྲ་བའི་བག་ཆགས་ཀུན་གཞི་ལ་བསགས་པ་དེ་ལས་ཐ་སྙད་མི་མཁས་པ་རྣམས་ལ་བུམ་པ་དང་སྣམ་བུ་ལྟ་བུར་སྣང་བ་ཡང་ཀུན་བརྟགས་ཞེས་བྱའོ་ཞེས་བྱ་བའི་དོན་ཏོ། །གང་ཐ་སྙད་ལ་མི་མཁས་པ་རྣམས་ ལས་ཞེས་བྱ་བ་ལས། བུམ་པའི་སྒྲ་ནི་ལྟོ་དང་ཟླུམ་པོ་ལ་བྱའོ་ཞེས་བུམ་པའི་མིང་དང་དོན་དུ་འབྲེལ་པ་ནི་མི་ཤེས་པའི་བྱིས་པ་ཤེད་མ་བྱེ་བ་རྣམས་ནི་ཐ་སྙད་ལ་མི་མཁས་པའོ་ཞེས་བྱའོ། །སྨྲ་བ་ཇི་བཞིན་པའི་དོན་གྱི་འདུ་ཤེས་མེད་པར་ཡང་སྣང་བར་འགྱུར་རོ་ཞེས་བྱ་བ་ལ། ཐ་སྙད་ལ་མི་མཁས་པ་རྣམས་ ལ་བུམ་པ་མཐོང་བ་ན་འདི་ནི་བུམ་པ་ཉིད་ཡིན་གྱི་གཞན་མ་ཡིན་ནོ་ཞེས་བརྗོད་པ་མེད་པར་ཡང་བུམ་པ་མཐོང་བ་ནའང་ཅི་ཞིག་ཡིན་ནོ་སྙམ་དུ་རྟོག་པས་ཡང་ཀུན་བརྟགས་ཀྱི་མཚན་ཉིད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཇི་ལྟར་བརྗོད་པའི་དོན་གྱི་འདུ་ཤེས་ནི་སེམས་ལས་བྱུང་བ་སྟེ་ཞེས་བྱ་བ་ལ། སྨྲ་བ་ཇི་ བཞིན་པའི་དོན་གྱི་འདུ་ཤེས་ཞེས་བྱ་བའི་དོན་འཆད་དེ་བུམ་པ་དང་སྣམ་བུ་ལ་སོགས་པར་བརྗོད་པའི་བུམ་པ་དང་སྣམ་བུའི་དངོས་པོ་མཐོང་ནས་འདི་ནི་བུམ་པ་ཡིན་གྱི་སྣམ་བུ་མ་ཡིན་ནོ་ཞེས་རྟོག་པ་ནི་སེམས་ལས་བྱུང་བའི་ཆོས་ཡིན་ཏེ། དེ་ལྟར་རྟོག་པ་ནི་སེམས་ལས་བྱུང་བའི་ཆོས་སྨྲ་བ་ཇི་བཞིན་པའི་ དོན་གྱི་འདུ་ཤེས་ཞེས་བྱའོ། །དེའི་དམིགས་པ་གང་ཡིན་པ་ནི་དེའི་མཚན་མའོ་ཞེས་བྱ་བ་ལ། སེམས་ལས་བྱུང་བ་དེ་དག་གི་ཡུལ་བུམ་པ་དང་། སྣམ་བུ་དང་། སེར་པོ་དང་། སྔོན་པོ་ལ་སོགས་པ་ལ་དེའི་མཚན་མ་ཞེས་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་རྒྱུ་བག་ཆགས་ལས་གང་ ཡོངས་སུ་བརྟགས་པ་དེ་གཉི་ག་ཀུན་དུ་བརྟགས་པའི་མཚན་ཉིད་དུ་དགོངས་སོ་ཞེས་བྱ་བ་ལ། རྒྱུ་བག་ཆགས་ལ་ཡང་ཀུན་བརྟགས་ཞེས་བྱ་སྟེ། ཀུན་བརྟགས་ཀྱི་ཆོས་སྣང་བའི་རྒྱུ་བྱེད་པའི་ཕྱིར། གང་ཐ་སྙད་ལ་མཁས་པ་རྣམས་ཀྱིས་བུམ་པའོ་ཞེས་བཏགས་པ་དང་། ཐ་སྙད་ལ་མི་མཁས་པ་ རྣམས་ཀྱིས་བུམ་པ་མཐོང་བ་འདི་ནི་ཅི་ཞིག་ཡིན་སྙམ་དུ་རྟོག་པ་ཡང་ཀུན་བརྟགས་ཞེས་བྱ་སྟེ། གཟུང་འཛིན་དུ་རྟོག་པ་ཡོད་པའི་ཕྱིར་ཏེ། དེ་ལྟར་ན་རྒྱུ་བག་ཆགས་དང་། ཡོངས་སུ་བརྟགས་པ་དང་གཉི་ག་ལ་ཀུན་བརྟགས་ཞེས་བྱའོ། །ཀུན་བརྟགས་ཀྱི་རྣམ་གྲངས་གཞན་ཡང་ བསྟན་པ་ནི། མིང་བཞིན་དུ་ནི་དོན་རྣམས་དང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བུམ་པ་དང་སྣམ་བུ་ལ་སོགས་པའི་མིང་ཇི་ལྟར་བརྗོད་པ་བཞིན་དུ་བུམ་པ་དང་སྣམ་བུ་ལ་སོགས་པའི་དོན་ཀྱང་དེ་བཞིན་དུ་ཡོད་དོ་ཞེས་རྟོག་པ་ནི་ཀུན་བརྟགས་ཀྱི་མཚན་ཉིད་དོ་ཞེས་བྱ་བའི་དོན་ཏོ། །དོན་བཞིན་མིང་ནི་རབ་ཏུ་སྣང་། ། ཞེས་བྱ་བ་ལ། བུམ་པ་དང་སྣམ་བུ་ལ་སོགས་པའི་དོན་ཇི་ལྟར་གཞག་པ་བཞིན་དུ་བུམ་པ་དང་སྣམ་བུའི་མིང་ཡང་ཡོད་དོ་ཞེས་རྟོག་པ་ནི། དོན་བཞིན་མིང་ནི་རབ་ཏུ་སྣང་། །ཞེས་བྱ་སྟེ། འདི་ཡང་ཀུན་བརྟགས་ཀྱི་མཚན་ཉིད