Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 125

Văn bản gốc(Tây Tạng)

Trang 5 / 19 (50.000 ký tự/trang)
ཐོང་ངོ་ཞེས་བྱ་བའི་དོན་ཏོ། །སྐྱེ་བ་སྐྱེད་མོས་ཚལ་དུ་འགྲོ་བ་
བཞིན། །ཞེས་བྱ་བ་ལ། དཔེར་ན་སྐྱེད་མོས་ཚལ་ངན་པ་ནས་བཟང་པོར་འགྲོ་བས་ན། མངོན་པར་ལྷག་པར་དགའ་བ་སྐྱེ་བ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་རྣམས་བསོད་ནམས་ཀྱི་ཚོགས་དང་ལྡན་པས་མི་ལ་སོགས་པའི་གནས་ནས་ཤི་འཕོས་ཏེ་མིའི་ལོངས་སྤྱོད་བཏང་ནས་ལྷ་ལ་

སོགས་པའི་གནས་ལེན་པས་ན་སྐྱེད་མོས་ཚལ་ངན་པ་བོར་ནས་བཟང་པོ་ལེན་པ་བཞིན་དུ་དགའ་བའི་མཆོག་སྐྱེའོ་ཞེས་བྱ་བའི་དོན་ཏོ། །འབྱོར་པའི་དུས་དང་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་ལྷའི་གནས་སུ་སྐྱེས་ན་བརྒྱ་བྱིན་དང་ཚངས་པ་ལ་སོགས་པ་ལྷའི་
བདག་པོར་འགྱུར་བ་དང་། མིའི་ནང་དུ་སྐྱེས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་སོགས་པ་མིའི་བདག་པོར་འགྱུར་བ་ནི་འབྱོར་པའི་དུས་ཞེས་བྱའོ། །རྒུད་པའི་དུས་ན་ཡང་ཞེས་བྱ་བ་ལ། ལོངས་སྤྱོད་བཏང་ནས་འཆི་བའི་དུས་ལ་བབ་པ་ནི་རྒུད་པའི་དུས་ཞེས་བྱའོ། །ཉོན་མོངས་སྡུག་བསྔལ་
དག་གིས་མི་འཇིགས་སོ། །ཞེས་བྱ་བ་ལ། བྱང་ཆུབ་ཀྱི་སེམས་ལྡོག་པ་ནི་ཡང་ན་འདོད་ཆགས་ལ་སོགས་པའི་ཉོན་མོངས་པས་བཅིངས་པར་དོགས་པས་བྱང་ཆུབ་ཀྱི་སེམས་བོར་ནས་མྱ་ངན་ལས་འདའ་བའམ། ཡང་ན་སྐྱེ་བ་དང་རྒས་པ་ལ་སོགས་པའི་སྡུག་བསྔལ་གྱིས་འཇིགས་ནས་བྱང་
ཆུབ་ཀྱི་སེམས་འདོར་གྲང་ན། བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་ཚོགས་ཀྱིས་སྒྱུ་མ་ལ་སོགས་པ་ལྟ་བུར་མཐོང་བས་ལྷ་དང་མི་ལ་སོགས་པའི་འབྱོར་པའི་དུས་ན་ཡང་འདོད་ཆགས་ལ་སོགས་པའི་ཉོན་མོངས་པས་མི་གོས་པའི་ཕྱིར། ཉོན་མོངས་པས་མི་འཇིགས་ལ། བྱང་ཆུབ་སེམས་
དཔའི་བསོད་ནམས་ཀྱི་ཚོགས་ཀྱིས་ཚེ་གཅིག་ཏུ་འཆི་ཞིང་སྐྱེ་བ་ལེན་པས་ན་སྐྱེད་མོས་ཚལ་གཅིག་ནས་གཅིག་ཏུ་འཕོ་བ་འདྲ་བར་མཐོང་བས་སྐྱེ་བ་དང་རྒ་བའི་སྡུག་བསྔལ་གྱི་འཇིགས་པ་མེད་པས་བྱང་ཆུབ་ཀྱི་སེམས་ག་ལ་ལྡོག་སྟེ་མི་ལྡོག་གོ་ཞེས་བྱ་བའི་དོན་ཏོ། །སྐྱེ་བས་ན་སྐྱེད་མོས་ཚལ་དང་
འདྲའོ་ཞེས་བསྟན་པའི་དོན་རྒྱས་པར་བཤད་པའི་ཕྱིར། རང་གི་ཡོན་ཏན་སེམས་ཅན་ཕན་པར་དགའ། །བསམ་བཞིན་སྐྱེ་དང་རྫུ་འཕྲུལ་རྣམ་པར་འཕྲུལ། །རྒྱན་དང་ཟས་དང་ས་མཆོག་རྣམ་བཞི་སྟེ། །རྩེད་མོ་དགའ་བའི་སྙིང་རྗེ་མེད་ལ་མེད། །ཅེས་སྨོས་ཏེ། སེམས་ཅན་དག་སྐྱེད་
མོས་ཚལ་དུ་འགྲོ་བས་ན་རྣམ་པ་བཞི་བྱེད་དེ། ལུས་བཀྲུས་ནས་རྒྱན་ལ་སོགས་པས་བརྒྱན་པར་བྱེད་པ་དང་། ས་གཞི་བདེ་བ་དག་ཏུ་གནས་པར་བྱེད་པ་དང་། གླུ་གར་ལ་སོགས་པ་རྩེད་མོ་རྣམ་པ་སྣ་ཚོགས་བྱེད་པ་སྟེ། དེ་ལྟ་བུ་སྐྱེད་མོས་ཚལ་དུ་ནི་སེམས་འཇུག་ཅིང་ལྡོག་པ་མེད་དོ། །དེ་བཞིན་

དུ་བྱང་ཆུབ་སེམས་དཔའ་ཚེ་གཅིག་ནས་གཅིག་གིས་སྐྱེད་མོས་ཚལ་དུ་རྒྱུ་བས་ན་སྦྱིན་པ་དང་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་གཟུངས་དང་ཤེས་རབ་ཀྱི་རྒྱན་ལ་སོགས་པ་རང་གི་ཡོན་ཏན་གྱི་རྒྱན་ཡིན་ནོ། །སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བར་བྱས་པ་དགའ་བའི་སེམས་ནི་ཁ་ཟས་
བཟང་པོ་ལྟ་བུའོ། །སེམས་ཅན་གྱི་དོན་དུ་ལྷ་དང་མི་ལ་སོགས་པའི་གནས་དེ་དང་དེ་དག་ཏུ་སྐྱེ་བར་བྱའོ་ཞེས་བསམ་བཞིན་དུ་སྐྱེ་བ་ནི་སྐྱེད་མོས་ཚལ་གྱི་མཆོག་དང་འདྲའོ། །སེམས་ཅན་གྱི་དོན་དུ་མངོན་པར་ཤེས་པ་ལྔས་རྫུ་འཕྲུལ་རྣམ་པ་སྣ་ཚོགས་མཛད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་
ཀྱི་རྩེད་མོ་སྟེ་ཡོན་ཏན་དེ་བཞི་དང་ལྡན་ན་བྱང་ཆུབ་སེམས་ལས་ག་ལ་ལྡོག་སྟེ་མི་ལྡོག་གོ་ཞེས་བྱ་བའི་དོན་ཏོ། །ཡོན་ཏན་དེ་བཞི་ཡང་བདག་དང་གཞན་གྱི་དོན་སྤངས་པ་སྙིང་རྗེ་མེད་པའི་ཉན་ཐོས་དང་རང་སངས་རྒྱས་ལ་མི་སྲིད་དེ་དེ་མེད་དོ་ཞེས་བྱ་བའི་དོན་ཏོ། །སྡུག་བསྔལ་གྱི་འཇིགས་པ་བཟློག་
པར་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། དེ་ལྟར་བྱང་ཆུབ་སེམས་དཔའ་ཉོན་མོངས་པས་འཇིགས་པ་ཡང་མེད་འཆི་བའི་སྡུག་བསྔལ་གྱི་འཇིགས་པ་མེད་དུ་ཟིན་ཀྱང་འཁོར་བ་ན་སེམས་ཅན་གྱི་དོན་དུ་མགོ་དང་རྐང་ལག་ལ་སོགས་པ་གཏོང་བའི་སྡུག་བསྔལ་གྱིས་འཇིགས་པར་འགྱུར་རོ་སྙམ་
པ་ལ། སྡུག་བསྔལ་དེ་ཡང་མེད་པར་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །གཞན་ཕྱིར་བརྩོན་ལྡན་སྙིང་རྗེ་ཅན་དག་ནི། །དེ་དག་མནར་མེད་པ་ཡང་དགའ་འཛིན་ན། །གཞན་ལ་བརྟེན་པའི་སྡུག་བསྔལ་འབྱུང་བ་ཡིས། །སྲིད་པ་དག་ན་དེ་འདྲ་ག་ལ་སྐྲག །
ཅེས་བྱ་བ་ལ། གཞན་གྱི་ཕྱིར་ཞེས་བྱ་བ་ནི་སེམས་ཅན་གཞན་ཚེ་འདིར་མི་དགེ་བ་ལས་བཟློག་ཅིང་དགེ་བ་ལ་བཞག་པ་དང་། ཚེ་རབས་གཞན་དུ་མྱ་ངན་ལས་འདས་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་བཞག་པ་ནི་གཞན་གྱི་ཕྱིར་ཞེས་བྱའོ། །དེའི་ཆེད་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་
སྤྱོད་པ་ནི་བརྩོན་པ་དང་ལྡན་པ་ཞེས་བྱའོ། །སེམས་ཅན་གཞན་སྡུག་བསྔལ་བས་བདག་ཀྱང་སྡུག་བསྔལ་བར་འགྱུར་བས་ན་སྙིང་རྗེ་ཅན་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་དེ་དག་ནི་སེམས་ཅན་གྱི་དོན་དུ་འགྱུར་ན་མནར་མེད་པའི་སེམས་ཅན་དམྱལ་བ་ན་གནས་ན་ཡང་དགའ་ཞིང་བདེ་བ་སྟེ།

སྐྱོ་བ་མེད་ན་སེམས་ཅན་གྱི་དོན་དུ་འཁོར་བ་ན་མགོ་དང་རྐང་ལག་ལ་སོགས་པ་བཏང་བ་ཙམ་གྱི་སྡུག་བསྔལ་གྱིས་ག་ལ་སྐྲག་སྟེ་མི་སྐྲག་གོ་ཞེས་བྱ་བའི་དོན་ཏོ། །སེམས་ཅན་ཡལ་བར་འདོར་དུ་མི་རུང་བར་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། དེ་ལྟར་བྱང་ཆུབ་ཀྱི་སེམས་
ལས་ཀྱང་མི་ལྡོག་པ་སྡུག་བསྔལ་གྱིས་མི་སྐྲག་ཏུ་ཟིན་ཀྱང་བྱང་ཆུབ་ཀྱི་སེམས་དང་ལྡན་པ་དག་སེམས་ཅན་གྱི་དོན་མི་བྱེད་དེ་ཡལ་བར་འདོར་རོ་སྙམ་པ་ལ། བྱང་ཆུབ་ཀྱི་སེམས་དང་ལྡན་པ་རྣམས་ཀྱིས་སེམས་ཅན་གྱི་དོན་འདོར་དུ་མི་རུང་བར་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་
དོན་ཏོ། །སློབ་དཔོན་ཐུགས་རྗེ་ཆེན་པོས་རྟག་ཏུ་རྟེན། །ཞེས་བྱ་བ་ལ། འཇིག་རྟེན་ན་བདག་གི་དོན་བྱ་བ་རྣམས་ལ་གཞན་གྱིས་མ་བསྐུལ་བར་མ་བྱས་ན་ཡང་ངོ་ཚ་ཞིང་ཁྲེལ་བ་ཡིན་ན་གཞན་གྱིས་བདག་གི་དོན་བྱས་ལ་གཞན་གྱིས་བསྐུལ་ཏེ་མ་བྱས་ན་ཧ་ཅང་ཁྲེལ་ཞེས་པའོ། །དེ་ལྟ་བུ་
ཡིན་པ་ལས་སློབ་དཔོན་དང་མཁན་པོ་མཛངས་པ་ལ་བརྟེན་པ་རྣམས་ནི་གདོན་མི་ཟ་བར་གཞན་གྱིས་བསྐུལ་མི་དགོས་པར་བདག་དོན་བྱེད་པར་འགྱུར་རོ། །དེ་དང་འདྲ་བར་བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན་སྡུག་བསྔལ་བ་རྣམས་ལ་རྟག་ཏུ་དོན་གྱིས་ཤིག་ཅེས་བསྐུལ་བའི་སྙིང་རྗེ་ཆེན་པོའི་
སློབ་དཔོན་གྱིས་རྒྱུན་དུ་བསྟེན་ཏེ། སེམས་ཅན་གྱི་དོན་བྱ་བར་བསྐུལ་མ་འདེབས་སོ་ཞེས་བྱ་བའི་དོན་ཏོ། །ཕ་རོལ་སྡུག་བསྔལ་བས་ནི་སེམས་གདུངས་ན། །ཞེས་བྱ་བ་ལ། གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ལ་སློབ་དཔོན་སྙིང་རྗེ་ཆེན་པོས་བསྟེན་པར་མ་ཟད་ཀྱི། སེམས་ཅན་
གཞན་གྱི་སྡུག་བསྔལ་བ་མཐོང་ན་ཤིན་ཏུ་བདག་ཉིད་སྡུག་བསྔལ་བར་འགྱུར་བའི་རང་བཞིན་ཅན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཞན་གྱི་བྱ་བ་ཉེ་བར་གནས་པ་ལ། །གཞན་གྱིས་བསྐུལ་བ་ཤིན་ཏུ་ངོ་ཡང་ཚ། །ཞེས་བྱ་བ་ལ། དེ་ལྟར་སློབ་དཔོན་སྙིང་རྗེ་ཆེན་པོས་ཀྱང་བསྟེན་གཞན་སྡུག་བསྔལ་བས་
ཀྱང་བདག་སྡུག་བསྔལ་བའི་རང་བཞིན་ཅན་ཡང་ཡིན་པས་དེ་སེམས་ཅན་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གཞག་པའི་སྐབས་སུ་བབ་ལ། སེམས་ཅན་གྱི་དོན་བྱེད་པ་རྣམས་དགེ་བའི་བཤེས་གཉེན་གྱིས་བསྐུལ་ནས་དོན་བྱེད་པར་འགྱུར་ལ། བྱང་ཆུབ་སེམས་དཔའ་ལྷག་པར་ངོ་ཚ་བར་བྱ་བ་ཡིན་ནོ་

ཞེས་བྱ་བའི་དོན་ཏོ། །ལེ་ལོ་ལ་ཡང་ཡོངས་སུ་སྨིན་པའི་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་བདག་དང་གཞན་གྱི་དོན་དུ་བྱང་ཆུབ་ཏུ་སེམས་བསྐྱེད་ནས་བརྩོན་འགྲུས་སྨྱུར་ཏེ་བྱ་དགོས་ཀྱི། ལེ་ལོ་བྱར་མི་རུང་བར་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་
བའི་དོན་ཏོ། །སེམས་ཅན་དག་གིས་ཁུར་ཆེན་མགོས་ཁྱེར་ལ། །སེམས་ཅན་མཆོག་ནི་དལ་གྱིས་འགྲོ་མི་མཛེས། །བདག་དང་གཞན་གྱི་རྣམ་མང་བཅིང་བས་བཅིངས། །བརྒྱ་འགྱུར་དུ་ཡང་བརྩོན་འགྲུས་བྱ་བར་རིགས། །ཞེས་བྱ་བ་ལ། འཇིག་རྟེན་ན་ཡང་ཁུར་ཆེན་པོ་ཁྱེར་བ་ལ་
ལམ་རིང་པོར་འགྲོ་བ་རྣམས་མ་བསྒྱུར་བར་དལ་གྱིས་སོང་ན་གནས་དེར་ཕྱིན་པར་མི་འགྱུར་བ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་བསྒྲལ་ལོ་ཞེས་བྱ་བའི་ཁུར་མགོས་ཁྱེར་ཏེ་གཅེས་པར་བྱས་ནས་བྱང་ཆུབ་ཀྱི་སེམས་བསྐྱེད་དེ་སངས་རྒྱས་ཀྱི་
སར་འགྲོ་དགོས་པ་དེ་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱོད་པ་ལ་བརྩོན་འགྲུས་དལ་གྱིས་འཇུག་པར་མི་རིགས་ཏེ། ཅིའི་ཕྱིར་ཞེ་ན། དཔེར་ན་འཕགས་པ་ཉན་ཐོས་ལྟ་བུ་བདག་འབའ་ཞིག་གི་དོན་དུ་བྱེད་ལ། བདག་ཉིད་ཀྱིས་ལས་དང་ཉོན་མོངས་པ་དང་འཚེ་བའི་བཅིང་བ་གཅོད་པར་རྩོམ་པ་ཡང་
གཙུབ་ཤིང་ལས་མེ་འབྱུང་བ་བཞིན་དུ་བརྩོན་འགྲུས་བསྒྱུར་ནས་ཚེ་གསུམ་མམ། བདུན་གྱིས་རང་གི་འབྲས་བུ་ཐོབ་པར་བྱེད་ན་བྱང་ཆུབ་སེམས་དཔའ་བདག་དང་གཞན་གཉི་གའི་རྒྱུད་ལ་ཡོད་པའི་ལས་དང་། ཉོན་མོངས་པ་དང་འཚེ་བའི་བཅིང་བས་བཅིངས་པ་དེ་བསལ་བར་བྱ་བའི་ཕྱིར།
ལེ་ལོ་བྱ་བར་མི་རིགས་ཀྱི་ཉན་ཐོས་པས་བསྐལ་པ་བརྒྱ་སྟོང་དུ་མས་བསླབས་ཏེ། བརྩོན་འགྲུས་རྩོམ་པའི་རིགས་སོ་ཞེས་བྱ་བའི་དོན་ཏོ། །བཅིང་བ་གསུམ་ནི་མངོན་པའི་ཆོས་མཛོད་ལ། །མཚམས་མེད་པ་ཡི་ལས་རྣམས་དང་། །ཉོན་མོངས་མི་བཟད་ངན་འགྲོ་དང་། །སྒྲ་མི་སྙན་དང་འདུ་ཤེས་
མེད། །སྒྲིབ་པ་དག་ནི་གསུམ་དུ་འདོད། །དེ་ལ་མཚམས་མེད་པ་ལྔ་ནི་ལས་ཀྱིས་བཅིངས་པའོ། །འདོད་ཆགས་དང་ཞེ་སྡང་ཆེན་པོ་ནི་ཉོན་མོངས་པས་བཅིངས་པའོ། །ངན་སོང་གསུམ་དང་བྱང་གི་སྒྲ་མི་སྙན་དང་འདུ་ཤེས་མེད་པའི་ལྷར་སྐྱེས་པ་ནི་ཚེའི་འཆིང་བའོ། །བྱང་ཆུབ་ཏུ་སེམས་

བསྐྱེད་པ་ལྷག་པར་བྱ་བའི་སྐབས་རྫོགས་སོ།། །།སེམས་བསྐྱེད་པའི་སྐབས་ཀྱི་རྗེས་ལ་སྒྲུབ་པའི་སྐབས་བཤད་པར་ཅིས་འབྲེལ་ཞེ་ན། གོང་དུ། སེམས་ཅན་དག་གི་ཁུར་ནི་མགོས་ཁྱེར་ལ། །སེམས་ཅན་མཆོག་ནི་དལ་གྱིས་འགྲོ་མི་མཛེས། །
བདག་དང་གཞན་གྱི་རྣམ་མང་བཅིང་བས་བཅིངས། །བརྒྱ་འགྱུར་དུ་ནི་བརྩོན་འགྲུས་བྱ་བའི་རིགས། །ཞེས་བྱ་བ་སྨོས་ཏེ། ཕ་རོལ་ཏུ་ཕྱིན་པ་ལ་བསྒྲུབ་པ་མེད་ན། སེམས་བསྐྱེད་པ་ཙམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མི་འཐོབ་སྟེ། དེ་ལས་ན་སེམས་བསྐྱེད་པ་ལ་གདོན་མི་ཟ་
བར་སྒྲུབ་པ་བརྩམས་དགོས་སོ། །དེའི་ཕྱིར་བྱང་ཆུབ་སེམས་དཔའི་སྒྲུབ་པ་ནི་གནས་ཆེན་པོ་སྟེ། བྱང་ཆུབ་ཀྱི་སེམས་ལ་གནས་པའི་ཕྱིར་རོ་ཞེས་འོག་ནས་ཀྱང་བཤད་དོ། །དེ་ལྟ་བས་ན་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་བརྟན་ནས་སྒྲུབ་པ་ལ་འཇུག་པར་བྱ་སྟེ། སེམས་ཀྱང་བསྐྱེད། སྒྲུབ་
པ་ལ་གནས་ནས་གདོད་བདག་དང་གཞན་གྱི་དོན་འགྲུབ་ཀྱི་སྒྲུབ་པ་མེད་ན་མི་འགྲུབ་པས་སེམས་བསྐྱེད་པའི་རྗེས་ལ་སྒྲུབ་པའི་སྐབས་བཤད་པར་འབྲེལ་ཏོ། །ཡང་ན་གོང་དུ་རིགས་ལ་གནས་པས་བྱང་ཆུབ་ཏུ་སེམས་བསྐྱེད་ནས་བྱང་ཆུབ་སེམས་དཔའི་བསླབ་པ་ལ་བསླབ་པར་བྱའོ་ཞེས་བཤད་པ་ལས། ད་
ཅི་ལ་དམིགས་ནས་བྱང་ཆུབ་སེམས་དཔའི་བསླབ་པ་ལ་སློབ་པར་བྱེད་པའི་བསླབ་པའི་དམིགས་པའི་ཁྱད་པར་སྟོན་ཏོ། །བསླབ་པའི་དམིགས་པའི་ཁྱད་པར་ཡང་རྣམ་པ་ལྔ་སྟེ། བདག་དང་གཞན་གྱི་དོན་དང་། དེ་ཁོ་ནའི་དོན་དང་། མཐུ་དང་། ཡོངས་སུ་སྨིན་པ་དང་། བླ་ན་མེད་པའི་བྱང་ཆུབ་བོ། །དེ་ལྔ་
ཡང་ཉན་ཐོས་ལ་སོགས་པ་ལས་ཁྱད་ཞུགས་ཏེ། ཇི་ལྟར་ཞེ་ན། ཉན་ཐོས་རྣམས་ཀྱི་བསླབ་པ་ནི་བདག་གི་དོན་ལ་དམིགས་པ་དང་། གང་ཟག་ལ་བདག་མེད་པའི་དེ་ཁོ་ནའི་དོན་ཡིན་པ་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གཅིག་ཙམ་གྱི་ནང་དུ་རྫུ་འཕྲུལ་བྱེད་ནུས་པས་མཐུ་
ཆུང་བ་དང་། བདག་ཡོངས་སུ་སྨིན་པར་བྱེད་པ་དང་། ཉན་ཐོས་ཀྱི་བྱང་ཆུབ་ལེན་པ་ཙམ་དུ་ཟད་ཀྱི་བྱང་ཆུབ་སེམས་དཔའ་ནི་དེ་ལས་ཀུན་བཟློག་པ་སྟེ། བདག་དང་གཞན་གྱི་དོན་ལ་དམིགས་པ་དང་། གང་ཟག་དང་ཆོས་ལ་བདག་མེད་པ་དེ་ཁོ་ནའི་དོན་ཡིན་པ་དང་། རྫུ་འཕྲུལ་ཡང་ཕྱོགས་བཅུའི་

འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འཇུག་པ་དང་། བདག་དང་སེམས་ཅན་གཉི་ག་སྨིན་པར་བྱེད་པ་དང་། བླ་ན་མེད་པའི་བྱང་ཆུབ་ལེན་པས་ཁྱད་ཞུགས་ཏེ། དེ་ལ་ཡང་བདག་དང་གཞན་གྱི་དོན་དང་། དེ་ཁོ་ནའི་དོན་དང་། མཐུ་དང་། ཡོངས་སུ་སྨིན་པར་བྱེད་པ་དང་། བཞི་ལ་ནི་རྒྱུའི་མཚན་
ཉིད་ལྟ་བུར་དམིགས་ལ། བླ་ན་མེད་པའི་བྱང་ཆུབ་ལ་ནི་འབྲས་བུའི་མཚན་ཉིད་ལྟ་བུར་དམིགས་པས། སེམས་བསྐྱེད་པའི་རྗེས་ལ་བསྒྲུབ་པའི་སྐབས་བཤད་པར་འབྲེལ་ཏོ། །ཡང་ན་གོང་དུ་རིགས་ལ་གནས་པས་བྱང་ཆུབ་ཏུ་སེམས་བསྐྱེད་ནས་བྱང་ཆུབ་སེམས་དཔའི་བསླབ་པ་ལ་བསླབ་
པར་བྱ་སྟེ། བྱང་ཆུབ་སེམས་དཔའི་བསླབ་པ་ཡང་གང་ལ་བསླབ་པར་བྱ་བ་དང་། ཇི་ལྟར་བསླབ་པར་བྱ་བ་དང་། གང་གིས་བསླབ་པར་བྱ་བ་དང་རྣམ་པ་གསུམ་མོ་ཞེས་སྨོས་པ་ལས། ད་གང་ལ་བསླབ་པར་བྱ་བ་དེ་སྟོན་ཏེ། གང་ལ་བསླབ་པར་བྱ་ཞེ་ན། བདག་དང་གཞན་གྱི་དོན་ལ་སོགས་པ་
རྣམ་པ་ལྔ་ལ་བསླབ་པར་བྱ་སྟེ། རྣམ་པ་ལྔ་པོ་དེ་ཡང་སྒྲུབ་པ་ལ་གནས་པ་རྣམས་ཀྱིས་འགྲུབ་པར་ནུས་ཀྱི་སྒྲུབ་པ་མེད་པ་རྣམས་ཀྱིས་འགྲུབ་པར་མི་ནུས་པར་བསྟན་པའི་ཕྱིར་སེམས་བསྐྱེད་པའི་རྗེས་ལ་སྒྲུབ་པའི་སྐབས་བཤད་པར་འབྲེལ་ཏོ། །གནས་རྩོམ་འབྲས་བུ་སྐྱེ་བ་ཆེ་བདག་ཉིད། །རྒྱལ་
སྲས་རྣམས་ཀྱི་སྒྲུབ་པ་ཡིན་པར་འདོད། །ཅེས་བྱ་བ་ལ། རྒྱལ་བ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་། ཆོས་ཀྱི་དབྱིངས་ལ་སྟེ། དེ་གཉིས་རྟོགས་པ་ལས་སྐྱེས་པ་རྣམས་ནི་རྒྱལ་བའི་སྲས་ཞེས་བྱ་སྟེ། དངོས་སུ་བྱང་ཆུབ་སེམས་དཔའ་ལ་བྱའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྒྲུབ་པ་
ནི་བསླབ་པ་གསུམ་ལྟ་བུའི་མཚན་ཉིད་ཡིན་པར་འདོད་དེ། གང་ཞེ་ན། གནས་ཆེ་བའི་བདག་ཉིད་དང་། རྩོམ་པ་ཆེ་བའི་བདག་ཉིད་དང་། འབྲས་བུ་ཆེ་བའི་བདག་ཉིད་དུ་འདོད་དོ། །དེ་ལ་དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ན་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་བསྒྲལ་བར་བྱའོ་ཞེས་
སེམས་བསྐྱེད་པ་དེ་ལས་སྒྲུབ་པ་འབྱུང་བས་ན། སྒྲུབ་པ་དེ་གནས་ཆེ་བའི་བདག་ཉིད་དོ། །དེ་ལྟར་སེམས་བསྐྱེད་ནས་མོས་པས་སྤྱོད་པའི་ས་ཡན་ཆད། ས་བཅུ་མན་ཆད་ཀྱི་དུས་ན་བདག་དང་གཞན་གྱི་དོན་དག་བྱེད་པ་རྩོམ་པ་ཆེ་བའི་བདག་ཉིད་དུ་འདོད་དོ། །དེ་ནས་སངས་རྒྱས་ཀྱི་ས་ཀུན་ཏུ་འོད་བླ་ན་

མེད་པའི་བྱང་ཆུབ་ཀྱི་འབྲས་བུ་ལེན་པས་འབྲས་བུ་ཆེ་བའི་བདག་ཉིད་དེ། དེའི་ཕྱིར་ན་བྱང་ཆུབ་སེམས་དཔའི་སྤྱོད་པ་ནི་ཐོག་མར་ཡང་དགེ། བར་དུ་ཡང་དགེ། ཐ་མར་ཡང་དགེ་བ་ཞེས་བྱའོ། །དེ་ལ་གནས་ཆེ་བས་ཐོག་མར་དགེའོ། །རྩོམ་པ་ཆེ་བས་བར་དུ་དགེ་
བའོ། །འབྲས་བུ་ཆེ་བས་ཐ་མར་དགེ་བའོ། །དེ་ལྟར་ཆེ་བ་རྣམ་པ་གསུམ་དང་ལྡན་པ་ཡིན་པས་ན། རྟག་ཏུ་ལེན་པ་ཆེན་པོ་བཟོད་པ་ཆེ། །དོན་ཆེན་ཡང་དག་བསྒྲུབ་པའི་བྱ་བ་བྱེད། །ཅེས་སྨོས་སོ། །དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ན་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་
ཆུབ་ཏུ་བསྒྲལ་བར་བྱའོ་ཞེས་ཁས་བླངས་པས་ན་ལེན་པ་ཆེའོ། །དེ་ནས་མོས་པས་སྤྱོད་པའི་ས་ཡན་ཆད་ས་བཅུ་མན་ཆད་ཀྱི་དུས་ན་བདག་དང་གཞན་གྱི་དོན་དུ་དཀའ་བ་སྤྱོད་པ་རྣམ་པ་སྣ་ཚོགས་ཀྱི་མི་སྐྱོ་བས་ན་བཟོད་པ་ཆེ་བའོ། །མཇུག་ཏུ་སངས་རྒྱས་ཀྱི་ས་དེའི་ཚེ་བླ་ན་མེད་པའི་བྱང་ཆུབ་
ཏུ་སངས་རྒྱས་ནས་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྒྲུབས་པས་ན། དོན་ཆེན་པོ་ཡང་དག་པར་བསྒྲུབ་པའི་བྱ་བ་བྱེད་པ་ཞེས་བྱའོ། །བདག་དང་གཞན་གྱི་དོན་ལ་ཁྱད་པར་མེད་པའི་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། སེམས་བསྐྱེད་ནས་སྒྲུབ་པ་ལ་གནས་པར་བྱའོ་ཞེས་སྨོས་ཏེ། དེ་ཡང་
བདག་གི་དོན་བསྒྲུབ་པ་དང་། གཞན་གྱི་དོན་བསྒྲུབ་པར་བྱའོ། །དེ་ལ་བདག་གི་དོན་ནི་ཉོན་མོངས་པ་དང་སྡུག་བསྔལ་སྤངས་པ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་བ་ཐོབ་པར་བྱ་སྟེ། ཇི་ལྟར་བདག་ལ་དེ་ལྟར་སྒྲུབ་པ་དེ་བཞིན་དུ་སེམས་ཅན་གཞན་ལ་ཡང་དེ་དང་འདྲ་བར་སྒྲུབ་པར་
བྱེད་དོ་ཞེས་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །གཞན་ཡང་བདག་ཏུ་མཉམ་པའི་སེམས་བསྐྱེད་པ། །ཞེས་བྱ་བ་ལ། དེ་ཁོ་ན་མངོན་སུམ་དུ་མ་གྱུར་ཀྱང་བདག་གི་སེམས་བསྐྱེད་པས་མོས་པས་སྤྱོད་པའི་ས་ན་མཉམ་པ་དང་། སེམས་པ་ལ་སོགས་པའི་སྒོ་ནས་ཡེ་
ཤེས་ཀྱི་ཚོགས་ཀྱིས་བདག་གང་ཡིན་པ་སེམས་ཅན་གཞན་ཡང་དེ་ཡིན། གཞན་གང་ཡིན་པ་བདག་ཀྱང་དེ་ཡིན་ནོ་ཞེས་བདག་དང་སེམས་ཅན་གཞན་དུ་སེམས་མཉམ་པ་རྙེད་པ་དང་། ས་དང་པོ་ཐོབ་པའི་དུས་ན་ཆོས་ཀྱི་དབྱིངས་ཐམས་ཅད་དུ་འགྲོ་བའི་མཚན་ཉིད་དུ་རྟོགས་པས་བདག་དང་གཞན་

དུ་སེམས་མཉམ་པ་ཉིད་རྙེད་དོ་ཞེས་བྱ་བའི་དོན་ཏོ། །ཡང་ན་བདག་པས་གཞན་མཆོག་སྡུག་བྱེད་པ། །ཞེས་བྱ་བ་ལ། ཡེ་ཤེས་ཀྱིས་བདག་དང་གཞན་མཉམ་པ་ཉིད་དུ་རྟོགས་པ་ཡང་མ་ཟད་ཀྱི། སྙིང་རྗེ་ཆེན་པོས་བདག་པས་ཀྱང་ལྷག་པར་གཞན་ལ་སྡུག་པ་དང་གཅེས་པ་དང་ཕོངས་
པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་བདག་པས་གཞན་དོན་མཆོག་ཏུ་ཤེས། །བདག་གི་དོན་དང་གཞན་གྱི་དོན་ཀྱང་གང་། །ཞེས་བྱ་བ་ལ། གོང་དུ་བཤད་པ་ལྟར་ཡེ་ཤེས་ཀྱིས་ནི་བདག་དང་གཞན་མཉམ་པ་ཉིད་དུ་རྟོགས། སྙིང་རྗེས་བདག་པས་སེམས་ཅན་གཞན་ལ་གཅེས་པར་འཛིན་
ཏེ་གཞན་གྱི་དོན་བྱ་བ་ལ་མཆོག་ཏུ་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་དེ་དག་ལ་འདི་ནི་བདག་གི་དོན། འདི་ནི་གཞན་གྱི་དོན་ཞེས་ཐ་དད་པར་དབྱེ་བ་ཅི་ཡང་མེད་ཀྱི་དོན་བྱས་པ་གང་གཞན་གྱི་དོན་བྱས་པ་དེ་ཉིད་བདག་གི་དོན་ཡང་དེ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་གྱི་དོན་ཁྱད་པར་དུ་བྱ་
བའི་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། གོང་དུ་བྱང་ཆུབ་སེམས་དཔའ་རྣམས་ནི་བདག་པས་གཞན་ལ་གཅེས་པར་བྱེད་དོ་ཞེས་བཤད་པ་ཇི་ལྟར་ན་བདག་པས་གཞན་ལ་གཅེས་པར་བྱེད་དོ་ཞེས་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་སྙིང་རྗེའི་བདག་ཉིད་གཞན་
དོན་ཕྱིར། །བདག་ལ་སྡུག་བསྔལ་གདུང་བར་བྱེད་པ་ལྟར། །ཇི་ལྟར་འཇིག་རྟེན་པ་དག་དགྲ་དག་ལ། །གདུང་བར་བྱ་བའི་སྙིང་རྗེ་ཡོད་མ་ཡིན། །ཞེས་བྱ་བ་ལ། དཔེར་ན་སྙིང་རྗེ་ཆེན་པོའི་རང་བཞིན་ཅན་བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་གཞན་བདེ་བ་དང་། ལེགས་པ་ལ་གཞག་པའི་
ཕྱིར་སེམས་ཅན་གཞན་གྱི་དོན་དུ་ལོངས་སྤྱོད་དང་། སྲིད་གཏོང་བ་དང་། མགོ་རྐང་ལག་ལ་སོགས་པ་བཅད་པའི་སྡུག་བསྔལ་གྱིས་བྱང་ཆུབ་སེམས་དཔའ་རང་ཉིད་ལ་མི་བདེ་བ་དང་གནོད་པ་བྱེད་པ་ལྟ་བུ་འཇིག་རྟེན་ན་དགྲ་དང་གཤེད་པོ་ལ་སོགས་པ་ལས་གནོད་པར་བྱའོ་ཞེས་བསད་པ་དང་བཅད་པ་ལ་
སོགས་པ་གནོད་པ་སྣ་ཚོགས་ཀྱིས་གནོད་པར་བྱེད་དུ་བཅུག་ཀྱང་གཞན་གྱི་དོན་དུ་བྱང་ཆུབ་སེམས་དཔའ་བདག་ལ་གནོད་པར་བྱེད་པའི་གནོད་པ་དེ་ཙམ་མི་ནུས་སོ་ཞེས་བྱ་བའི་དོན་ཏོ། །གཞན་གྱི་དོན་སྒྲུབ་པའི་དབྱེ་བའི་ཚིགས་སུ་བཅད་པ་གཉིས་ཏེ་ཞེས་བྱ་བ་ལ་གོང་དུ་སྒྲུབ་པའི་གནས་དང་། རྩོམ་པ་

དང་། འབྲས་བུ་ཡང་བཤད། བདག་དང་གཞན་གྱི་དོན་ལ་བྱེ་བྲག་མེད་པ་ཡང་བསྟན། བདག་པས་གཞན་པའི་དོན་གཅེས་པར་བྱེད་པ་ཡང་བསྟན་ནས་ད་ནི་ཚིགས་སུ་བཅད་པ་གཉིས་ཀྱིས་སེམས་ཅན་རྣམ་པ་གསུམ་ལ་དོན་རྣམ་པ་བཅུ་གསུམ་གྱིས་བྱེད་དོ་ཞེས་བསྟན་
པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །ཆུང་འབྲིང་དམ་པའི་ཆོས་ཉིད་གནས་པ་དག །ཅེས་བྱ་བ་ལ། སེམས་ཅན་གསུམ་ཞེས་སྟོན་ཏེ། ཉན་ཐོས་ཀྱི་ཐེག་པའི་རིགས་ཅན་རྣམས་ནི་ཆུང་ངུའི་ཆོས་ཉིད་ལ་གནས་པ་ཞེས་བྱའོ། །རང་སངས་རྒྱས་ཀྱི་ཐེག་པ་ལ་
གནས་པའི་རིགས་ཅན་རྣམས་ནི་འབྲིང་གི་ཆོས་ཉིད་ལ་གནས་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའི་རིགས་ཅན་གྱི་གང་ཟག་རྣམས་ནི་དམ་པའི་ཆོས་ཉིད་ལ་གནས་པ་ཞེས་བྱའོ། །ལེགས་པར་བསྟན་དང་ཞེས་བྱ་བ་ལ། །ཆོ་འཕྲུལ་རྣམ་པ་གསུམ་ཡོད་དེ། རྗེས་སུ་བསྟན་པའི་ཆོ་འཕྲུལ་
དང་། བཤད་པའི་ཆོ་འཕྲུལ་དང་། རྫུ་འཕྲུལ་གྱི་ཆོ་འཕྲུལ་ལོ། །དེ་གང་ཟག་རིགས་ཅན་གསུམ་རྣམས་སོ་སོའི་སེམས་བརྟགས་ན། ཁྱོད་ཀྱི་སེམས་འདོད་ཆགས་དང་བཅས་སོ་ཞེའམ། ཞེ་སྡང་དང་བཅས་སོ་ཞེའམ། གཏི་མུག་དང་བཅས་སོ་ཞེས་སྟོན་པ་ནི་རྗེས་སུ་བསྟན་པའི་ཆོ་
འཕྲུལ་ཞེས་བྱའོ། །དེ་ནས་དེའི་གཉེན་པོར་མི་གཙང་བ་དང་བྱམས་པ་ལ་སོགས་པ་འཆད་པ་ནི་བཤད་པའི་ཆོ་འཕྲུལ་ཞེས་བྱ་སྟེ། བསྟན་པ་ལ་དད་པ་རྣམས་ལ་ཆོ་འཕྲུལ་རྣམ་པ་གཉིས་བཤད་པ་ནི་ལེགས་པར་བཤད་པ་ཞེས་བྱ་སྟེ། འདི་ནི་དོན་གཅིག་པ་རྣམ་པ་གཅིག་གོ། །མགུ་
བྱེད་ཅེས་བྱ་བ་ལ། བསྟན་པ་ལ་མ་དད་པའི་མུ་སྟེགས་ལ་སོགས་པ་ལ་རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་གཅིག་ལས་དུ་མར་སྤྲུལ་པའི་ཆོ་འཕྲུལ་བསྟན་པས་དད་པར་བྱས་ནས། སངས་རྒྱས་ཀྱི་བསྟན་པ་ལ་བཙུད་པ་ནི་མགུ་བར་བྱེད་པ་ཞེས་བྱ་སྟེ། འདི་ནི་དོན་བྱེད་པ་རྣམ་པ་གཉིས་སོ། །འཇུག་
པ་ཞེས་བྱ་བ་ལ། དཀོན་མཆོག་གསུམ་ལ་སྐྱབས་སུ་བཏང་ནས་ཁྲིམས་འཛིན་དུ་བཅུག་པ་ན་འཇུག་པ་ཞེས་བྱ་སྟེ། འདི་ནི་དོན་གསུམ་པའོ། །དོན་ལ་ངེས་པ་ཞེས་བྱ་བ་ལ། ཐེག་པ་གསུམ་གྱི་རིགས་ཅན་སོ་སོའི་ཐེག་པའི་ཆོས་ལ་ཐེ་ཚོམ་དུ་གྱུར་པའི་ཐེ་ཚོམ་སེལ་བའི་དོན་ལ་ངེས་པ་ཞེས་

བྱ་སྟེ། འདི་ནི་དོན་བྱེད་པ་བཞི་པའོ། །དགེ་བར་ཡོངས་སུ་སྨིན་བྱེད་ཅེས་བྱ་བ་ལ། ཐེ་ཚོམ་བསལ་བ་རྣམས་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱོད་དུ་བཅུག་པ་ནི་ཡོངས་སུ་སྨིན་པར་བྱེད་པ་ཞེས་བྱ་སྟེ། འདི་ནི་དོན་བྱེད་པ་ལྔ་པའོ། །དེ་ལྟར་ལུང་བསྒོའོ་ཞེས་བྱ་བ་ལ། བསམ་གཏན་གྱི་མན་ངག་
མེད་པ་རྣམས་ལ། བསམ་གཏན་གྱི་མན་ངག་སྦྱིན་པའི་ལུང་བསྒོ་བ་ཞེས་བྱ་སྟེ། འདི་ནི་དོན་བྱེད་པ་དྲུག་པའོ། །གནས་དང་ཞེས་བྱ་བ་ལ། བསམ་གཏན་གྱི་མན་ངག་ཐོབ་པ་རྣམས་ལ། སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་ཐོབ་པར་བྱས་པ་ནི་གནས་པ་རྣམས་ཀྱིས་བྱ་ཞེས་བྱ་སྟེ།
འདི་ནི་དོན་བྱེད་པ་བདུན་པའོ། །བློ་གྲོས་བྱེད་ཅེས་བྱ་བ་ལ། ཤེས་རབ་བསྐྱེད་ནས་ཐེག་པ་སོ་སོའི་མྱ་ངན་ལས་འདས་པ་དང་ཐར་པ་ཐོབ་པར་བྱེད་པའི་བློ་གྲོས་བྱེད་ཅེས་བྱ་སྟེ། འདི་ནི་དོན་བྱེད་པ་བརྒྱད་པའོ། །ཡོན་ཏན་ལྡན་པ་ཐོབ་དང་ཞེས་བྱ་བ་ལ། ཐར་པ་ཐོབ་པ་རྣམས་ཀྱིས་མངོན་པར་
ཤེས་པ་དང་། བྱང་ཆུབ་ཀྱི་ཕྱོགས་དང་། མཐའ་དག་སྐྱེ་མཆེད་ཅེས་པ་ལ་སོགས་པའི་ཡོན་ཏན་ཐོབ་པར་བྱས་པའི་ཡོན་ཏན་དང་ལྡན་པ་ཐོབ་པ་ཞེས་བྱ་སྟེ། འདི་ནི་དོན་བྱེད་པ་དགུ་པའོ། །དེ་བཞིན་དུ་རིགས་སུ་སྐྱེས་དང་ཞེས་བྱ་བ་ལ། འདི་ཡན་ཆད་དུ་ནི་ཐེག་པ་གསུམ་གྱི་རིགས་ལ་
གནས་པ་གང་ཟག་རྣམས་ལ་སྤྱིར་ཐུན་མོང་དུ་དོན་ཇི་ལྟར་བྱེད་པ་བསྟན་ནས། ད་ནི་ཐེག་པ་ཆེན་པོའི་རིགས་ཅན་འབའ་ཞིག་གི་དོན་ཐུན་མོང་མ་ཡིན་པར་བྱེད་པ་སྟོན་ཏེ། མོས་པས་སྤྱོད་པའི་སའི་རིམ་པ་ནས་ས་དང་པོ་ཐོབ་པར་བྱ་བ་ནི་རིགས་སུ་སྐྱེས་པ་ཞེས་བྱ་སྟེ། ས་བཅུ་ལས་ཀྱང་ས་དང་པོ་ཐོབ་
པར་བྱས་ན་སངས་རྒྱས་ཀྱི་རིགས་སུ་སྐྱེས་སོ་ཞེས་གསུངས་སོ། །འདི་ནི་དོན་བྱེད་པ་བཅུ་པའོ། །ལུང་བསྟན་ཞེས་བྱ་བ་ལས་བརྒྱད་པའི་དུས་ན་ལུང་བསྟན་པ་ཐོབ་པ་ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན། ས་བརྒྱད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པས་སངས་རྒྱས་ཀྱི་
ཞིང་ཆེ་གེ་མོ་ཞིག་ཏུ་སངས་རྒྱས་ཀྱི་མཚན་འདི་ཞེས་བྱ་བར་འགྱུར་རོ་ཞེས་ལུང་སྟོན་པའི་ཕྱིར་ཏེ། འདི་ནི་དོན་བྱེད་པ་བཅུ་གཅིག་པའོ། །དབང་བསྐུར་དང་ཞེས་བྱ་བ་ལ་ས་བཅུ་པའི་དུས་ན་ནི་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འོད་ཟེར་གྱིས་ཆོས་ཀྱི་རྒྱལ་པོའི་རྒྱལ་ཚབ་ཏུ་དབང་བསྐུར་

བར་མཛད་དེ། འདི་ནི་དོན་བྱེད་པ་བཅུ་གཉིས་པའོ། །དེ་བཞིན་གཤེགས་མཁྱེན་བླ་མེད་གོ་འཕང་དང་། །ཞེས་བྱ་བ་ལ། སངས་རྒྱས་ཀྱི་ས་ཀུན་དུ་འོད་དུ་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་ཡེ་ཤེས་བཞི་ཐོབ་པར་བྱས་པ་ནི་དེ་བཞིན་གཤེགས་པའི་མཁྱེན་པ། བླ་ན་མེད་
པའི་གོ་འཕང་ལ་གཞག་པ་ཞེས་བྱ་སྟེ། འདི་ནི་དོན་བྱེད་པ་བཅུ་གསུམ་པའོ། །གཞན་དོན་དེ་གསུམ་བཅུ་གསུམ་བདག་ཉིད་དོ། །ཞེས་བྱང་ཆུབ་སེམས་དཔའ་གཞན་གྱི་དོན་བྱེད་པ་ནི། སེམས་ཅན་རྣམ་པ་གསུམ་ལ་དོན་རྣམ་པ་གསུམ་བྱེད་དོ་ཞེས་བྱ་བའི་དོན་ཏོ། །གཞན་གྱི་དོན་སྒྲུབ་པ་ལ་
ཚིགས་སུ་བཅད་པ་ཞེས་བྱ་བ་ལ། གཞན་གྱི་སྒྲས་ནི་ཉན་ཐོས་ཀྱི་རིགས་ཅན་དང་། རང་སངས་རྒྱས་ཀྱི་རིགས་ཅན་དང་། ཐེག་པ་ཆེན་པོའི་རིགས་ཅན་རྣམས་ལ་བྱ་སྟེ། སེམས་ཅན་དེ་དག་གི་དོན་སྒྲུབ་པ་ལ། སེམས་ཅན་དེ་དག་གི་བསམ་པ་ཆེ་ཆུང་དང་སྣོད་ཆེ་ཆུང་ལས་ཆོས་ཀྱང་དེ་དང་འཚམ་
པར་སོ་སོའི་ཐེག་པ་འཆད་པ་ནི་ཅི་རིགས་དོན་བྱེད་པ་སྟེ། དེ་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །སྐྱེ་བོ་མཐུན་པ་ཞེས་བྱ་བ་ལ། ཉན་ཐོས་ཀྱི་རིགས་ཅན་གྱི་གང་ཟག་རྣམས་ནི་དབང་པོ་རྟུལ་ཞིང་སྣོད་ཆུང་བ་ཡིན་པས་ཉན་ཐོས་ཀྱི་ཐེག་པའི་ཆོས་ཉིད་བཤད་ཀྱི་ཐེག་པ་ཆེན་
པོའི་ཆོས་མ་བཤད་པ་དང་། རང་སངས་རྒྱས་ཀྱི་རིགས་ཅན་གྱི་སྐྱེ་བོ་རྣམས་ནི་ཤེས་རབ་འབྲིང་ལ་སྣོད་འབྲིང་ཡིན་པས་རང་སངས་རྒྱས་ཀྱི་ཆོས་ཉིད་བཤད་ཀྱི་ཐེག་པ་ཆེན་པོ་མི་བཤད་པ་དང་། ཐེག་པ་ཆེན་པོའི་རིགས་ཅན་གྱི་སྐྱེ་བོ་རྣམས་ནི་ཤེས་རབ་རྣོ་བ་སྣོད་ཆེན་པོ་ཡིན་པས་ཐེག་པ་ཆེན་པོའི་
ཆོས་ཉིད་བཤད་ཀྱི། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པའི་ཆོས་མི་བཤད་པ་སྟེ། དེ་བས་ན་འཕགས་པ་དཀོན་མཆོག་བརྩེགས་པ་ལས་ཀྱང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་རྣམས་ལ་ཟབ་ཅིང་རྒྱ་ཆེ་བའི་ཆོས་འཆད་པ་ནི། བྱང་ཆུབ་སེམས་དཔའི་འཁྲུལ་པའོ་ཞེས་གསུངས་སོ། །ཕྱིན་
ཅི་མ་ལོག་འཆད་པ་དང་། །ཞེས་བྱ་བ་ལ། ཉན་ཐོས་དང་རང་སངས་རྒྱས་དང་ཐེག་པ་ཆེན་པོའི་རིགས་ཅན་རྣམས་ལ་ཡང་རྣམ་པ་གསུམ་ཡོད་དེ། འདོད་ཆགས་ཀྱི་ཤས་ཆེ་བ་དང་། ཞེ་སྡང་གི་ཤས་ཆེ་བ་དང་། གཏི་མུག་གི་ཤས་ཆེ་བ་སྟེ། དེ་དག་ལ་ཡང་རྗེས་སུ་བསྟན་པའི་ཆོ་འཕྲུལ་

གྱིས་སེམས་བརྟགས་ནས་བཤད་པའི་ཆོ་འཕྲུལ་གྱིས་འདོད་ཆགས་ཅན་ལ་མི་གཙང་བ་བསྒོམ་པ་སྟོན། ཞེ་སྡང་ཅན་ལ་བྱམས་པ་བསྒོམ་པ་སྟེ། གཏི་མུག་ཅན་ལ་རྟེན་ཅིང་འབྲེལ་བར་འབྱུང་བ་བསྒོམ་པ་སྟོན་པ་ནི་ཕྱིན་ཅི་མ་ལོག་པར་འཆད་པ་ཞེས་བྱའོ། །མི་འགྱིང་བ་དང་ཞེས་བྱ་བ་
ལ། རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་འབར་བ་དང་། འཕུར་བ་ལ་སོགས་པ་བསྟན་ནས་སེམས་ཅན་མགུ་བར་བྱ་སྟེ། བསྟན་པ་ལ་དད་པ་བསྐྱེད་ཀྱང་བྱང་ཆུབ་སེམས་དཔའ་འདི་ལྟ་བུ་ཞིག་གིས་སེམས་ཅན་གྱི་དོན་བྱས་སོ་ཞེས་ལུས་དང་ངག་དང་ཡིད་ཀྱི་སྒོ་ནས་འགྱིང་བ་མེད་དེ། ལུས་ཀྱི་སྒོ་ནས་མི་
འགྱིང་བ་ནི་ལུས་མི་འཆོས་པའོ། །ངག་གི་སྒོ་ནས་མི་འགྱིང་བ་ནི་ངོམས་སྤྱོད་མི་བྱེད་པའོ། །སེམས་ཀྱི་སྒོ་ནས་མི་འགྱིང་བ་ནི་ང་རྒྱལ་ཆེ་བར་མི་སེམས་པའོ། །ང་རྒྱལ་མེད་ཅིང་ཅེས་བྱ་བ། རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་སེམས་ཅན་མགུ་བར་བྱས་ནས་སྐྱབས་སུ་བཏང་སྟེ། བསླབ་པ་འཛིན་དུ་བཅུག་
པ་རྣམས་ལ་ཡང་འདི་ནི་བདག་གིས་བཏུལ་ཏེ་བདག་གི་སློབ་མ་ཡིན་ནོ་སྙམ་དུ་སེམས་པས་ང་རྒྱལ་མེད་པ་ཞེས་བྱའོ། །མཁས་དང་ཞེས་བྱ་བ་ལ་ཐེག་པ་གསུམ་གྱི་རང་དང་སྤྱིའི་མཚན་ཉིད་ལ་མཁས་པས་སེམས་ཅན་མི་ཤེས་པ་རྣམས་ཀྱི་མི་ཤེས་པ་སེལ་བ་དང་། ལོག་པར་ཤེས་པ་རྣམས་ཀྱི་ལོག་
པར་ཤེས་པ་མེད་པར་བྱེད་པ་དང་། ཐེ་ཚོམ་དུ་གྱུར་པ་རྣམས་ཀྱི་ཐེ་ཚོམ་གཅོད་པར་བྱེད་པས་ན་མཁས་པ་ཞེས་བྱའོ། །བཟོད་ཅན་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་སེམས་ཅན་ས་བཅུ་དང་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་དགོད་པའི་ཕྱིར་སེམས་ཅན་གྱི་དོན་དུ་གྲང་བ་དང་། ཚ་བ་ལ་སོགས་པ་ཉམས་སུ་
ལེན་ཅིང་སྐྱོ་བ་མེད་པས་ན་བཟོད་པ་ཅན་ཞེས་བྱའོ། །དུལ་ཞེས་བྱ་བ་ལ་ལུས་བསྡམས་པ་དང་། ངག་བསྡམས་པ་དང་། ཡིད་བསྡམས་པས་དུལ་བ་ཞེས་བྱ་སྟེ། བདག་དེ་ལྟར་དུལ་ན་སེམས་ཅན་གཞན་ཡང་བྱང་ཆུབ་སེམས་དཔས་དུལ་བར་ནུས་སོ། །ཅིའི་ཕྱིར་ཞེ་ན། མདོ་དག་ལས་ཀྱང་
བདག་མ་གྲོལ་ན་སེམས་ཅན་གྲོལ་བར་མི་ནུས། བདག་མ་ཞི་ན་སེམས་ཅན་ཞི་བར་བྱ་བར་མི་ནུས། བདག་མ་དུལ་ན་སེམས་ཅན་གཞན་དུལ་བར་བྱ་བར་མི་ནུས་སོ་ཞེས་གསུངས་པའི་ཕྱིར་ཏེ། འདི་ཡན་ཆད་དུ་བྱང་ཆུབ་སེམས་དཔའ་སེམས་ཅན་ས་ལ་ཞུགས་པ་རྣམས་ལ་དོན་ཇི་ལྟར་བྱེད་པ་བསྟན་ཏོ། །

ཤིན་ཏུ་རིང་སོང་ཞེས་བྱ་བས་ས་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གཞན་ཡང་ས་ལ་འཇོག་པའི་སྒོ་ནས་སེམས་ཅན་གྱི་དོན་བྱེད་པ་སྟོན་ཏོ། །ས་དང་པོ་ཐོབ་པ་ནས་སངས་རྒྱས་ཀྱི་ས་མན་ཆད་ས་བཅུ་གཅིག་ལ་ཞུགས་པའི་དུས་ན་ནི་རིང་དུ་སོང་བ་ཞེས་
བྱ་སྟེ། ཅིའི་ཕྱིར་ཞེ་ན། ས་དེ་དག་ལ་ཉན་ཐོས་དང་རང་སངས་རྒྱས་དང་སོ་སོའི་སྐྱེ་བོ་རྣམས་ཀྱིས་འཇུག་པར་མི་ནུས་པའི་ཕྱིར་རོ། །དེ་ལ་ས་དང་པོའི་དུས་ན་ནི་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་རིགས་སུ་སྐྱེས་པ་ཞེས་བྱ་སྟེ། དེ་ཐོབ་དང་སེམས་ཅན་གཞན་དག་ས་དང་པོ་ཐོབ་པར་
བྱ་བ་དང་། དེ་བཞིན་གཤེགས་པའི་རིགས་སུ་སྐྱེ་བར་བྱེད་པའི་དོན་བྱེད་ནུས་སོ། །ས་བརྒྱད་པའི་དུས་ན་ནི་ལུང་བསྟན་པ་ཐོབ་ཅེས་བྱ་སྟེ། རྣམ་པར་མི་རྟོག་པ་ལྷུན་གྱིས་གྲུབ་པ་ཐོབ་པས་བདག་དེ་ལ་གནས་ན་སེམས་ཅན་གཞན་ཡང་དེ་ལ་འཇོག་པར་ནུས་སོ། །ས་བཅུ་པའི་དུས་ན་ནི་རྒྱལ་ཚབ་
ཏུ་དབང་བསྐུར་བ་ཐོབ་པ་ཞེས་བྱ་སྟེ། བདག་དེ་ལ་གནས་ན་སེམས་ཅན་གཞན་ཡང་གནས་ཏེ་ཐོབ་པར་བྱ་བར་ནུས་སོ། །སངས་རྒྱས་ཀྱི་སའི་དུས་ན་ནི་ཡེ་ཤེས་བཞི་ལ་གནས་པ་སྟེ། བདག་གིས་དེ་ཐོབ་པས་སེམས་ཅན་གཞན་ཡང་དེ་ལ་དགོད་པར་བྱ་བར་ནུས་སོ། །མི་ཟད་པ་ཞེས་བྱ་བ་ལ། བྱང་
ཆུབ་སེམས་དཔའི་སྒྲུབ་པ་ནི་མི་ཟད་པ་སྟེ། ཅིའི་ཕྱིར་ཞེ་ན། རྣམ་པ་བཞིས་མི་ཟད་པའི་ཕྱིར་རོ། །རྣམ་པ་བཞི་ནི་བྱང་ཆུབ་ཀྱི་སེམས་ཀྱིས་བསྒྲལ་བར་བྱ་བའི་སེམས་ཅན་མི་ཟད་པས་སེམས་ཅན་གྱི་དོན་དུ་བསྐྱེད་པའི་བྱང་ཆུབ་ཀྱི་སེམས་མི་ཟད་པ་དང་། བྱང་ཆུབ་ཀྱི་སེམས་མི་ཟད་པས་བསམ་པ་མི་
ཟད་པ་དང་། བསམ་པ་མི་ཟད་པས་བསམ་པ་ལས་བྱུང་བའི་སྙིང་རྗེ་མི་ཟད་པ་དང་། སྙིང་རྗེ་མི་ཟད་པས་ཐབས་དང་ཤེས་རབ་ཀྱང་མི་ཟད་པ་སྟེ་དེ་བས་ན་མི་ཟད་པ་ཞེས་བྱའོ། །རྒྱལ་སྲས་རྣམས་ཀྱི་སྒྲུབ་པ་མཆོག་ཡིན་ནོ། །ཞེས་བྱ་བ་ལ། གོང་དུ་བཤད་པ་ལྟ་བུའི་ཚུལ་དུ་བྱང་ཆུབ་སེམས་དཔའ་
རྣམས་སེམས་ཅན་གྱི་དོན་བྱེད་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྒྲུབ་པ་ནི་མཆོག་དམ་པ་མ་ནོར་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འགྱིང་བ་མེད་པས་མགུ་བར་བྱེད་པ་ཡི། །ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་སེམས་ཅན་དད་པ་བསྐྱེད་དེ་མགུ་བར་བྱས་

ན་ཡང་འགྱིང་བ་མེད་དེ། ང་རྒྱལ་སྐྱེད་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །ང་རྒྱལ་མེད་པས་ནི་འཇུག་པ་སྟེ་ཞེས་བྱ་བ་ལ། རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་སེམས་ཅན་དད་པ་བསྐྱེད་ནས་སྐྱབས་སུ་བཏང་སྟེ། བསྟན་པ་ལ་འཛུད་ཀྱི་རྫུ་འཕྲུལ་བྱས་སོ་སྙམ་དུ་སེམས་པ་ཡང་མེད་ལ། འདི་དག་
ནི་བདག་གི་བསྟན་པ་ལ་འཇུག་སྟེ། བདག་གི་སློབ་མ་ཡིན་ནོ་སྙམ་དུ་སེམས་པའི་ང་རྒྱལ་ཡང་མེད་དོ་ཞེས་བྱ་བའི་དོན་ཏོ། །མཁས་པས་ནི་དོན་ལ་ངེས་པར་འགྱུར་རོ་ཞེས་བྱ་བ་ལ། ཐེག་པ་གསུམ་གྱི་རང་དང་སྤྱིའི་མཚན་ཉིད་ལ་མཁས་པས་ན་བདག་གིས་ཀྱང་དེ་ནི་ཕྱིན་ཅི་མ་ལོག་པར་རྟོགས་
ལ། སེམས་ཅན་གཞན་གྱི་ཡང་མི་ཤེས་པ་དང་ལོག་པར་ཤེས་པ་དང་། ཐེ་ཚོམ་གཅོད་པར་བྱེད་པས་ན་དོན་ལ་ངེས་པ་ཞེས་བྱའོ། །བཟོད་པས་ནི་དགེ་བ་ལ་ཡོངས་སུ་སྨིན་པར་བྱེད་པའི་སྒྲུབ་པ་ཞེས་བྱ་བ་ལ། སེམས་ཅན་རྣམས་ཕ་རོལ་ཏུ་ཕྱིན་པ་བཅུ་དང་། ས་བཅུའི་དགེ་བ་ལ་
བཀོད་ནས། ཡོངས་སུ་སྨིན་པར་བྱ་བའི་དོན་དུ་གྲང་བ་དང་། ཚ་བ་ལ་སོགས་པའི་སྡུག་བསྔལ་གྱིས་མི་སྐྱོ་བ་ནི་བཟོད་པ་ཞེས་བྱ་བའི་དོན་ཏོ། །དུལ་བས་ནི་ལུང་བསྒོ་བ་ལ་སོགས་པའི་སྒྲུབ་པ་སྟེ་ཞེས་བྱ་བ་ལ། བདག་ཉིད་ལུས་དང་ངག་དང་ཡིད་གསུམ་གྱི་སྡོམ་པ་ལ་གནས་པ་ནི་སེམས་
ཅན་མི་དགེ་བ་ལས་བཟློག་སྟེ། དགེ་བ་ལ་སོགས་པ་ལ་བཞག་པའི་ཕྱིར་ལུང་བསྒོ་བས་གདུལ་བར་ནུས་ཏེ། ཅིའི་ཕྱིར་ཞེ་ན། བདག་མ་དུལ་བར་གཞན་གདུལ་བར་མི་ནུས་པའི་ཕྱིར་རོ། །ཤིན་ཏུ་རིང་དུ་སོང་བས་ནི་རིགས་སུ་སྐྱེ་བ་ལ་སོགས་པ་སྒྲུབ་སྟེ་ཞེས་བྱ་བ་ལ། ས་བཅུ་གཅིག་ཐོབ་
པས་ནི་སེམས་ཅན་རྣམས་དེ་བཞིན་གཤེགས་པའི་རིགས་སུ་སྐྱེ་བ་བསྒྲུབ་པ་དང་། ལུང་བསྟན་པ་བསྒྲུབ་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་སྒྲུབ་པར་ནུས་ཀྱི་རིང་དུ་སོང་བའི་ས་མ་ཐོབ་པར་ནི་མི་ནུས་ཞེས་བྱ་བའི་དོན་ཏོ། །སྒྲུབ་པའི་ཁྱད་པར་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། འདོད་
ཁམས་ཀྱི་ལྷ་དང་མི་ནི་འདོད་པའི་ཡོན་ཏན་ལྔ་ཙམ་སྒྲུབ། གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་ལྷ་དག་ནི་བསམ་གཏན་གྱི་བདེ་བ་ཙམ་སྒྲུབ། ཉན་ཐོས་དང་རང་སངས་རྒྱས་རྣམས་ནི་བདག་གི་དོན་དུ་ཞི་བ་ཕྱོགས་གཅིག་པའི་མྱ་ངན་ལས་འདས་པ་ཙམ་སྒྲུབ་ཀྱི་དེ་དག་ལས་བྱང་ཆུབ་

སེམས་དཔའི་སྒྲུབ་པ་འཕགས་སོ་ཞེས་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་ཞེས་བྱ་བའི་དོན་ཏོ། །འདོད་པའི་སྐྱེ་བའི་འཇིགས་པ་ཆེན་པོ་ཡིན། །ཞེས་བྱ་བ་ལ། འདོད་པའི་ཁམས་སུ་སྐྱེས་པའི་སེམས་ཅན་རྣམས་ནི་རྟག་ཏུ་གཟུགས་ལ་སོགས་པ་འདོད་པ་
ལྔའི་ཡོན་ཏན་ལ་སྤྱོད་པས་དེའི་རྒྱུ་དང་རྐྱེན་གྱིས་ཚེ་འདིར་ཡང་བཅིང་བ་དང་གསད་པ་ལ་སོགས་པའི་ལུས་ཀྱི་སྡུག་བསྔལ་དང་སེམས་ལ་མི་བདེ་བ་ལ་སོགས་པ་སེམས་ཀྱི་སྡུག་བསྔལ་འབྱུང་ཞིང་དེའི་རྒྱུས་ཚེ་རབས་གཞན་དུ་ཡང་ངན་སོང་གསུམ་དུ་སྐྱེ་བར་འགྱུར་བས་ན་འཇིགས་པ་ཆེན་པོ་དང་ལྡན་པ་ཡིན་ནོ་ཞེས་བྱ་
བའི་དོན་ཏོ། །སྲིད་པའི་བདེ་དགའ་མི་བརྟན་ཕྱིན་ཅི་ལོག །ཅེས་བྱ་བ་ལ། སྲིད་པའི་སྒྲས་ནི་གཟུགས་དང་གཟུགས་མེད་པའི་ཁམས་ལ་བྱ་སྟེ། གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་ཏིང་ངེ་འཛིན་བདེ་བ་ལ་ཆགས་པའི་ཏིང་ངེ་འཛིན་ལ་བྱ་སྟེ། བདེ་བ་ནི་མི་བརྟན་པ་ཡང་ཡིན་ལ་
ཕྱིན་ཅི་ལོག་ཀྱང་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། མི་རྟག་པ་ཡོད་པ་དང་། དོན་དམ་པའི་སྡུག་བསྔལ་ཡོད་པའི་ཕྱིར་རོ། །དེ་ལ་མི་རྟག་པ་ཡོད་པ་ནི་བདེ་བ་དང་འགྲོགས་སུ་མེད་ཀྱི་ཤི་འཕོས་ནས་ངན་སོང་ལ་སོགས་པར་སྐྱེ་བར་འགྱུར་ཏེ། དེ་ལྟར་མི་རྟག་པ་ཡོད་པས་མི་བརྟན་
པའོ། །གནས་དེ་དག་ན་བདེ་བ་ཡང་མ་ཡིན། སྡུག་བསྔལ་ཡང་མ་ཡིན་པའི་འདུ་བྱེད་ཀྱི་སྡུག་བསྔལ་གྱིས་ཁྱབ་པ་དང་། དོན་དམ་པའི་སྡུག་བསྔལ་ཡོད་དོ། །དེས་སྡུག་བསྔལ་ཡིན་པར་མ་མཐོང་བས་ན་ཕྱིན་ཅི་ལོག་ཡོད་པ་ཞེས་བྱའོ། །སོ་སོ་རང་གིས་སྐྱེད་པ་རབ་ཞི་དགའ། །ཞེས་བྱ་བ་ལ།
འཕགས་པ་ཉན་ཐོས་དང་རང་སངས་རྒྱས་དག་ནི་སོ་སོ་རང་གི་རྒྱུད་ལ་ཡོད་པའི་སྐྱེ་བ་དང་། རྒ་བ་ལ་སོགས་པའི་སྡུག་བསྔལ་སྐྱེད་པར་བྱེད་པའི་རྒྱུ་ལས་དང་ཉོན་མོངས་པ་སྤངས་ནས་སྙིང་རྗེ་མེད་པའི་ཕྱིར་སེམས་ཅན་གྱི་དོན་ལ་བྱ་བ་སྤངས་ཏེ། ཞི་བ་ཕྱོགས་གཅིག་པའི་མྱ་ངན་ལས་འདས་པར་དགའ་
བར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །རྟག་ཏུ་ཀུན་གྱིས་སྐྱེད་པ་ཞི་བ་སྙིང་རྗེ་བདག །ཅེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་ནི་ཤེས་རབ་དང་ཡང་ལྡན། སྙིང་རྗེ་དང་ཡང་ལྡན་པ་ཡིན་ཏེ། ཤེས་རབ་དང་ལྡན་པས་འཁོར་བའི་མཐའི་བར་དུ་སེམས་ཅན་ཀུན་གྱི་དོན་ལ་ཡོད་པའི་སྐྱེ་བ་དང་། རྒ་བ་ལ་སོགས་

པའི་སྡུག་བསྔལ་སྐྱེད་པར་བྱེད་པའི་རྒྱུ་ཉོན་མོངས་པ་ཞི་བར་བྱས་ནས་སྙིང་རྗེ་དང་ལྡན་པས་ཉན་ཐོས་བཞིན་དུ་མྱ་ངན་ལས་འདས་པའི་དབྱིངས་འབའ་ཞིག་ཏུ་མ་ཞུགས་ཀྱི་སེམས་ཅན་གྱི་དོན་དུ་འཁོར་བ་ན་བཞུགས་སོ་ཞེས་བྱ་བའི་དོན་ཏོ། །ཚིགས་བཅད་འདིས་ནི་བྱང་ཆུབ་སེམས་དཔའི་སྒྲུབ་
པ་འཇིག་རྟེན་གྱི་སྒྲུབ་པ་དང་། འཇིག་རྟེན་ལས་འདས་པའི་སྒྲུབ་པ་ལས་ཀྱང་འཕགས་པར་སྟོན་ཏེ། ཤེས་རབ་དང་ལྡན་པས་ནི་བདག་དང་གཞན་གྱི་རྒྱུད་ལ་ཡོད་པའི་ཉོན་མོངས་པ་སེལ་བས་འཇིག་རྟེན་གྱི་སྒྲུབ་པས་ཀྱང་འཕགས་སོ། །སྙིང་རྗེ་ཡོད་པས་མྱ་ངན་ལས་འདས་པའི་ཕྱིར་ཉན་
ཐོས་ལ་སོགས་པའི་འཇིག་རྟེན་ལས་འདས་པའི་སྒྲུབ་པ་ལས་ཀྱང་འཕགས་སོ། །ད་ནི་ཚིགས་སུ་བཅད་པ་གཅིག་གིས་འཇིག་རྟེན་གྱི་བསྒྲུབ་པ་བས་བྱང་ཆུབ་སེམས་དཔའི་བསྒྲུབ་པ་ཆེས་ཁྱད་ཞུགས་ཏེ་འཕགས་སོ་ཞེས་བསྟན་པའི་ཕྱིར། སྐྱེ་བོ་རྨོངས་པ་བདག་གི་བདེ་དོན་བརྩོན། །རྟག་ཏུ་
དེ་རྙེད་མི་འགྱུར་སྡུག་བསྔལ་འགྱུར། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་སྨོས་ཏེ། སྐྱེ་བོའི་སྒྲས་ནི་སོ་སོའི་སྐྱེ་བོ་ལ་བྱའོ། །རྨོངས་པ་ཤེས་རབ་བྲལ་ཏེ་གཏི་མུག་གིས་ཁེབས་པའི་ཕྱིར་རོ། །སོ་སོའི་སྐྱེ་བོ་གཏི་མུག་གིས་ཁེབས་པ་དག་བདག་བདེ་བ་དང་སྐྱིད་པར་
བྱའོ་ཞེས་དེའི་ཆེད་དུ་ཞིང་རྨོ་བ་དང་། ཚོང་བྱ་བ་དང་། ཁང་ཁྱིམ་བརྩིག་པ་དང་། བུ་སྨད་བཙལ་བ་ལ་སོགས་པ་ལ་བརྩོན་པར་བྱེད་དེ། རྟག་ཏུ་ཤ་ཐང་ཆད་ཀྱང་བདེ་བ་དང་སྐྱིད་པ་མ་རྙེད་ཀྱི་དེའི་རྒྱུས་ཚེ་འདིར་ཡང་གྲང་བ་དང་། ཚ་བ་དང་བཀྲེས་པ་ལ་སོགས་པའི་སྡུག་བསྔལ་མྱོང་ལ།
ཚེ་རབས་གཞན་དུ་ཡང་ངན་སོང་གསུམ་ལ་སོགས་པའི་སྡུག་བསྔལ་མྱོང་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །བརྟན་པ་རྟག་ཏུ་ཕ་རོལ་དོན་བརྩོན་པ། །གཉི་གའི་དོན་བསྒྲུབས་མྱ་ངན་འདས་པར་འགྱུར། །ཞེས་བྱ་བ་ལ། བསྟན་པ་ནི་བྱང་ཆུབ་སེམས་དཔའ་ལ་བྱ་སྟེ། ཤེས་རབ་དང་བརྩོན་
འགྲུས་སུ་ལྡན་པའམ། བསམ་གཏན་དང་བརྩོན་འགྲུས་སུ་ལྡན་པའི་ཕྱིར་བསྟན་པ་ཞེས་བྱའོ། །རྟག་ཏུ་ཞེས་བྱ་བ་ནི་འཁོར་བའི་མཐའི་བར་དུའོ། །ཕ་རོལ་གྱི་དོན་ལ་བརྩོན་ཞེས་བྱ་བ་ནི་གཞན་ལ་ཕན་པ་དང་བདེ་བ་ལ་གཞག་པའི་ཕྱིར། བདག་ཉིད་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ཅེས་བྱ་བའི་དོན་ཏོ། །

དེ་ལྟར་མཛད་པའི་བྱང་ཆུབ་སེམས་དཔའ་དེས་གཞན་གྱི་ཆེད་དུ་བསྒྲུབས་ཀྱང་བདག་དང་གཞན་གཉི་གའི་དོན་བསྒྲུབས་ནས། མཇུག་ཏུ་བདག་ཉིད་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པར་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །སྤྱོད་ཡུལ་ཡོངས་སུ་བསྔོ་བར་ཚིགས་སུ་
བཅད་པ་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་རྣམས་ལུས་དང་ངག་དང་ཡིད་ཀྱི་སྒོ་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒྲུབས་པས་སེམས་ཅན་གྱི་དོན་བྱེད་པར་ཡང་མ་ཟད་ཀྱི། སྤྱོད་ཡུལ་ཡོངས་སུ་བསྔོ་བའི་སྒོ་ནས་ཀྱང་སེམས་ཅན་གྱི་དོན་བྱེད་པར་སྟོན་ཏེ། སྤྱོད་ཡུལ་ནི་ལུས་ཀྱི་སྒོ་ནས་སྤྱོད་ལམ་བཞི་
ལ་སྤྱོད་པ་དང་། མིག་གི་དབང་པོ་ནས་ཡིད་ཀྱི་དབང་པོའི་བར་དུ་དབང་པོ་དྲུག་གིས་སོ་སོའི་ཡུལ་མཐོང་བ་དང་ཐོས་པ་ལ་སོགས་པ་བྱས་པ་རྣམས་སེམས་ཅན་གྱི་དོན་དུ་བསྔོ་བར་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟ་ཇི་ལྟར་རྒྱལ་སྲས་སྤྱོད་པའི་ཚེ། །ཞེས་བྱ་བ་ལ་ཇི་ལྟ་
ཇི་ལྟར་ཞེས་བྱ་བ་ནི་གང་དང་གང་གི་ཚེ་ན་ཞེས་བྱ་བའི་དོན་ཏོ། །རྒྱལ་སྲས་སྤྱོད་པ་ཞེས་བྱ་བ་ནི་དོན་གྱིས་གྲོང་ལ་སོགས་པར་འཇུག་པའམ། སྤྱོད་ལམ་བཞིས་གནས་པ་ལ་བྱའོ། །དབང་པོའི་སྤྱོད་ཡུལ་སྣ་ཚོགས་འཇུག་གྱུར་པ། །ཞེས་བྱ་བ་ནི་མིག་གི་དབང་པོ་ནས་ཡིད་ཀྱི་དབང་པོའི་བར་དུ་དྲུག་གོ། །
དེའི་སྤྱོད་ཡུལ་ནི་གཟུགས་ནས་ཆོས་ཀྱི་བར་དུ་དྲུག་གོ། །འཇུག་པ་ནི་མིག་གིས་གཟུགས་མཐོང་བ་དང་། རྣ་བས་སྒྲ་ཐོས་པ་ནས་ཡིད་ཀྱིས་ཆོས་ཤེས་པའི་བར་དུའོ། །དེ་ལྟ་དེ་ལྟར་རིགས་པའི་མཐུན་ཚིག་གིས། །ཞེས་བྱ་བ་ལ། དེ་ལྟ་དེ་ལྟར་ཞེས་བྱ་བ་ནི་དེ་དང་དེའི་ཚེ་ན་ཞེས་བྱ་བའི་དོན་ཏོ། །རིགས་པ་
ཞེས་བྱ་བ་ནི་བདག་དང་གཞན་གྱི་དོན་དུ་འགྱུར་བའི་ཚིག་སྨྲ་བའི་ཕྱིར་རོ། །མཐུན་པའི་ཚིག་ནི་བདག་གིས་ཅི་དང་ཅི་མཐོང་བ་དང་། སེམས་ཅན་གྱི་དོན་དུ་བསྔོ་བའི་ཚིག་འབྲེལ་པ་སྟེ། ཅི་དང་ཅི་མཐོང་བ་དང་ཅི་ཐོས་པ་རྣམས་བདག་དང་གཞན་གྱི་དོན་བྱས་ནས་སེམས་ཅན་གྱི་དོན་དུ་བསྔོ་བས་ན། སེམས་ཅན་
ལ་ཕན་པའི་ཕྱིར་མངོན་པར་འདུ་བྱེད་ཅེས་བྱའོ། །སེམས་ཅན་རྣམས་ལ་མི་བཟོད་པ་དགག་པའི་ཕྱིར་ཚིགས་སུ་བཅད་པ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་འཁོར་བ་ན་སེམས་ཅན་གྱི་དོན་བྱེད་པའི་ཚེ་ཕན་བཏགས་ན་ཡང་སླར་གནོད་པ་བྱེད་པ་དང་། བྱང་ཆུབ་སེམས་དཔའ་ལ་བརྡེག་པ་དང་། བཙོག་པ་པ་

ལ་སོགས་པའི་གནོད་པ་བྱེད་པར་སེམས་པ་རྣམས་ལ་མི་བཟོད་པར་བྱ་བར་མི་རིགས་ཀྱི། དང་དུ་བླང་བ་རིགས་པར་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །རྟག་ཏུ་རང་དབང་མེད་པའི་སྐྱོན་སེམས་ཀྱིས། །སྐྱེ་བོས་ཉེས་པ་བློ་ལྡན་མི་སེམས་ཏེ། །ཞེས་བྱ་བ་ལ། བྱང་ཆུབ་
སེམས་དཔའ་ཤེས་རབ་དང་སྙིང་རྗེར་ལྡན་པ་ཡིན་ཏེ། དེ་ལ་ཤེས་རབ་ཀྱིས་ནི་སེམས་ཅན་གྱིས་བྱང་ཆུབ་སེམས་དཔའ་ལ་གནོད་པར་བྱས་ན་ཡང་སེམས་ཅན་དེ་དག་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་དབང་དུ་སོང་སྟེ། རྟག་ཏུ་ཡང་རང་དབང་མེད་པར་བྱང་ཆུབ་སེམས་དཔའ་ལ་བརྡེག་
པ་དང་། བཅིང་བ་ལ་སོགས་པའི་ཉེས་པ་བྱེད་པར་སེམས་ཀྱི་དབང་ཡོད་བཞིན་དུ་ཉེས་པ་བྱེད་པ་ནི་མ་ཡིན་ནོ་ཞེས་ཏེ་དེ་ལྟར་ཐུགས་སུ་ཆུད་པས་ན་ཉོན་མོངས་པ་རྣམས་ཀྱི་ཉེས་པར་དགོངས་ཀྱི་སེམས་ཅན་རྣམས་ཀྱི་ཉེས་པར་མི་དགོངས་སོ་ཞེས་བྱ་བའི་དོན་ཏོ། །མི་འདོད་བཞིན་དུ་ཤེས་པར་བྱེད་
པའི་སྐྱེ་བོ་ཡིན་པས་སྙིང་རྗེ་འཕེལ་ཕྱིར་རོ། །ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་རྣམས་ནི་ཐུགས་རྗེ་འཕེལ་ཏེ། དེ་བས་ན་དཔེར་ན་གཡུལ་དག་ཏུ་བདག་དང་གཞན་གཉི་ག་ལ་གནོད་པར་འགྱུར་བའི་འཐབ་མོ་ལ་འགྲོ་བ་དག །ཇོ་བོ་དང་རྒྱལ་པོ་ལ་སོགས་པའི་དབང་གིས་མི་འདོད་
བཞིན་དུ་འགྲོ་བ་དེ་དང་འདྲ་བར་སྐྱེ་བོ་འདི་དག་གནོད་པ་བྱེད་པ་ཡང་། འདོད་ཆགས་དང་། གཏི་མུག་དང་། ཞེ་སྡང་གི་དབང་དུ་གྱུར་པས་མི་འདོད་བཞིན་དུ་ཉེས་པ་བྱེད་པ་ཡིན་ནོ་ཞེས་ཐུགས་སུ་ཆུད་ནས་དེ་དག་ལ་ཐུགས་རྗེའི་གནས་སུ་དགོངས་ཀྱི། གནོད་པའི་ལན་གླན་པར་མི་
དགོངས་སོ་ཞེས་བྱ་བའི་དོན་ཏོ། །འདི་ཡན་ཆད་དུ་བྱང་ཆུབ་སེམས་དཔའི་སྒྲུབ་པ་རྒྱ་ཆེར་བསྟན་ཏོ། །སྒྲུབ་པའི་ཆེ་བ་ཉིད་ཀྱི་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། ད་ནི་ཚིགས་བཅད་གཅིག་གིས་སྒྲུབ་པའི་དོན་མདོར་བསྡུས་ནས་ཀྱང་སྟོན། བྱང་ཆུབ་སེམས་དཔའི་སྒྲུབ་པ་ཆེ་བའི་བདག་ཉིད་ཀྱང་
འཆད་དེ། ཆེ་བའི་བདག་ཉིད་ནི་ཟིལ་གྱིས་གནོན་པའི་ཆེ་བ་དང་། མྱ་ངན་ལས་འདས་པ་དང་། ཡོན་ཏན་འཕེལ་བ་ཆེ་བ་དང་། ཡོངས་སུ་མི་གཏོང་བ་ཆེ་བའོ། །སྲིད་རྒྱུད་མཐའ་དག་ཟིལ་གནོན་འགྲོ་བ་དང་། །ཞེས་བྱ་བས་ཟིལ་གྱིས་གནོན་པའི་ཆེ་བ་བསྟན་ཏེ། སྲིད་པ་ནི་ཁམས་གསུམ་ལ་བྱའོ། །

རྒྱུད་ཀྱི་སྒྲས་ནི་འགྲོ་བ་སྡུག་བསྔལ་བ་ལ་བྱ་སྟེ། བྱང་ཆུབ་སེམས་དཔས་གནས་ཆེ་བ་དང་། རྩོམ་པ་ཆེ་བ་དང་། འབྲས་བུ་ཆེ་བའི་སྒྲུབ་པ་དང་། གནས་པ་དང་། ཁམས་གསུམ་དང་འགྲོ་བའི་སེམས་ལྔའི་རྒྱུད་ཅན་ཐམས་ཅད་ཟིལ་གྱིས་གནོན་ན་མི་གནས་
པའི་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་བྱེད་དོ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་སེམས་ཅན་རྣམས་ནི་ཁམས་གསུམ་ན་འདོད་ཆགས་ལ་སོགས་པའི་ཉོན་མོངས་པས་གོས་ལ། བྱང་ཆུབ་སེམས་དཔའ་ནི་ཁམས་གསུམ་ན་གནས་ཀྱང་། ཆོས་ཐམས་ཅད་སྟོང་པར་ཐུགས་སུ་ཆུད་པས་ཁམས་
གསུམ་གྱི་ཉེས་པས་མི་གོས་པའི་ཕྱིར། ཁམས་གསུམ་ཟིལ་གྱིས་གནོན་ཏོ་ཞེས་བྱ་བའི་དོན་ཏོ། །སྒྲུབ་པ་འདི་ནི་ཞི་བའི་མཆོག་ཏུ་འགྲོ། །ཞེས་བྱ་བ་ལ། མྱ་ངན་ལས་འདས་པའི་ཆེ་བ་བསྟན་ཏེ། སྒྲུབ་པ་འདི་ཞེས་བྱ་བའི་སྒྲས་ནི་གནས་ཆེ་བ་དང་། རྩོམ་པ་ཆེ་བ་དང་། འབྲས་བུ་ཆེ་བའི་
སྒྲུབ་པ་ལ་བྱ་བར་སྙེགས་ཏེ། སྒྲུབ་པ་དེ་ལ་གནས་ན་ནི་མི་གནས་པའི་མྱ་ངན་ལས་འདས་པར་འགྲོ་བས་ན་ཞི་བའི་མཆོག་ཏུ་འགྲོ་བ་ཞེས་བྱའོ། །ཡོན་ཏན་རྣམ་པ་མང་པོ་འཕེལ་བྱེད་ཅིང་། །ཞེས་བྱ་བས་ཡོན་ཏན་འཕེལ་བའི་ཆེ་བ་བསྟན་ཏེ། སྒྲུབ་པ་དེ་ལ་གནས་ན་སྟོབས་དང་། མི་འཇིགས་པ་
དང་། མ་འདྲེས་པ་ལ་སོགས་པའི་ཡོན་ཏན་ཐོས་པས་ཡོན་ཏན་མང་པོ་འཕེལ་བར་བྱེད་པས་ཞེས་བྱའོ། །སྙིང་རྗེའི་བསམ་པས་སྐྱེ་བ་རྟག་ཏུ་སྡུད། །ཅེས་བྱ་བ་ལ། སེམས་ཅན་ཡོངས་སུ་མི་བཏང་བའི་ཆེ་བ་བསྟན་ཏེ། སྒྲུབ་པ་དེ་ལ་གནས་ན་སྙིང་རྗེ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་རྣམས་
སྙིང་རྗེའི་སེམས་ཀྱིས་འཁོར་བའི་མཐའི་བར་དུ་ཡང་སེམས་ཅན་ཡོངས་སུ་མི་གཏོང་ངོ་ཞེས་བྱ་བའི་དོན་ཏོ། །ཇི་སྐད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། རབ་འབྱོར་ཅི་སྟེ་གཟུགས་དངོས་པོར་འགྱུར་ཞིང་དངོས་པོ་མེད་པ་ཡང་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ལྷ་དང་མི་དང་ལྷ་མ་ཡིན་དུ་
བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་འབྱུང་བར་མི་འགྱུར་རོ་ཞེས་བྱ་བས་དོན་ནི་འདི་སྐད་སྟོན་པ་ཡིན་ཏེ། གལ་ཏེ་གཟུགས་ལ་སོགས་པའི་ཆོས་འདི་དག་ཇི་ལྟར་བྱིས་པའི་སྐྱེ་བོ་རྣམས་ཀྱིས་བརྗོད་ཅིང་དབང་པོས་བཟུང་བ་དེ་བཞིན་དུ་ཡང་དག་པར་གྲུབ་པར་འགྱུར་ན་ནི་འདི་དག་ཡོད་པ་ཡིན་

གྱི་མེད་པ་མ་ཡིན་པར་འགྱུར་རོ། །དེ་ལྟར་ན་ནི་ཐེག་པ་ཆེན་པོ་རྣམ་པར་མི་རྟོག་པའི་ཡེ་ཤེས་འདིས་ལྷ་དང་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་ཁམས་གསུམ་ལས་འབྱུང་བར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། བྱིས་པ་དང་མཁས་པ་གཉིས་ལ་ཁྱད་པར་མེད་པའི་ཕྱིར་རོ། །གཉི་
གས་ཀྱང་དེ་ཁོ་ན་མཐོང་བའི་ཕྱིར་རོ། །དེ་བས་ན་བཅོམ་ལྡན་འདས་ཀྱིས་ཀྱང་ཇི་ལྟར་བྱིས་པ་རྣམས་བརྟགས་བཞིན་དུ་དངོས་པོ་ཡོད་པར་འགྱུར་བ་དང་། ཇི་ལྟར་མཐོང་བཞིན་ཡོད་ན་ནི། །ཐམས་ཅད་དེ་ཉིད་མཐོང་བར་འགྱུར། །ཞེས་གསུངས་པ་ལྟ་བུའོ། །གང་གི་ཕྱིར་གཟུགས་ལ་
སོགས་པའི་ཆོས་འདི་དག་བྱིས་པ་ཀུན་དུ་བརྟགས་པའི་བདག་ཉིད་དུ་རང་བཞིན་ཡོད་པ་མ་ཡིན་ཏེ། དེ་བས་ན་བྱང་ཆུབ་སེམས་དཔའ་རྣམས་དེ་ལྟར་ཚུལ་བཞིན་དུ་ཞུགས་ན། ཡོན་ཏན་མི་རྟོག་པའི་ཡེ་ཤེས་སྐྱེ་བར་འགྱུར་རོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་ཐེག་པ་ཆེན་པོ་སྟེ། ཡེ་
ཤེས་དེས་ལྷ་དང་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ཁམས་གསུམ་ལས་འབྱུང་བར་འགྱུར་བའི་དོན་ཏོ། །སྒྲུབ་པའི་སྐབས་བཤད་པ་རྫོགས་སོ། །བམ་པོ་དང་པོའི་འགྲེལ་པ་རྫོགས་སོ།། །།སྒྲུབ་པའི་སྐབས་བཤད་པའི་རྗེས་ལ། དེ་ཁོ་ནའི་སྐབས་བཤད་པ་
ཅིར་འབྲེལ་ཅེ་ན། གོང་དུ་བསྒྲུབ་པའི་རྗེས་ལ། སྲིད་རྒྱུ་མཐའ་དག་ཟིལ་གནོན་འགྲོ་བ་དང་། །སྒྲུབ་པ་འདི་ནི་ཞི་བའི་མཆོག་ཏུ་འགྲོ། །ཞེས་བྱ་བའི་ཚིགས་སུ་བཅད་པ་གཅིག་གིས་བྱང་ཆུབ་སེམས་དཔའི་སྒྲུབ་པ་ལ་གནས་པ་རྣམས་བདག་ཉིད་ཆེན་པོ་བཞི་འཐོབ་བོ་ཞེས་བཤད་དེ། བདག་
ཉིད་ཆེན་པོ་བཞི་པོ་དེ་ཡང་སྒྲུབ་པ་ལ་ཡང་གནས་ལ་དེ་ཁོ་ན་ཡང་མཐོང་བར་འགྱུར་ན་གདོད་འཐོབ་ཀྱི། སྒྲུབ་པ་ཡོད་ཀྱང་དེ་ཁོ་ན་མ་མཐོང་བ་རྣམས་ཀྱིས་ནི་མི་འཐོབ་བོ། །གོང་དུ་བདག་དང་གཞན་གྱི་དོན་བསྒྲུབ་པར་བྱའོ་ཞེས་བཤད་དོ། །བདག་དང་གཞན་གྱི་དོན་ལ་ཞུགས་པ་དེས་ཀྱང་བདག་ཉིད་ཉོན་
མོངས་པས་མ་བཅིངས་པར་བྱ་སྟེ། བདག་བཅིངས་ནས་གཞན་གྲོལ་བར་མི་ནུས་པའི་ཕྱིར་རོ། །དེ་ལ་ཉོན་མོངས་པ་ལས་ཐར་བར་བྱ་བའི་ཐབས་ནི་དེ་ཁོ་ན་མཐོང་བ་སྟེ། དེ་བས་ན་བསྒྲུབ་པའི་སྐབས་ཀྱི་རྗེས་ལ། ཉོན་མོངས་པས་མི་གོས་པའི་ཐབས་དེས། དེ་ཁོ་ནའི་སྐབས་བཤད་པར་འབྲེལ་

ལོ། །ཡང་ན་དང་པོ་ཉིད་དུ་གཙུག་གི་ལུས་སུ་གཞག་པ་ནི་རིགས་ལ་གནས་པའི་བྱང་ཆུབ་སེམས་དཔས་བྱང་ཆུབ་ཏུ་སེམས་བསྐྱེད་ནས་བྱང་ཆུབ་སེམས་དཔའི་བསླབ་པ་ལ་བསླབ་པར་བྱའོ་ཞེས་གླེངས་པ་ལ་བྱང་ཆུབ་སེམས་དཔའི་བསླབ་པ་གང་ཞེ་ན། དེའང་རྣམ་པ་གསུམ་
སྟེ། གང་ལ་བསླབ་པར་བྱ་བ་དང་། ཇི་ལྟར་བསླབ་པར་བྱ་བ་དང་། གང་གིས་བསླབ་པར་བྱ་བའོ། །གང་ལ་བསླབ་པར་བྱ་བ་རྣམ་པ་བདུན་ཏེ། བདག་གི་དོན་སྒྲུབ་པ་དང་། གཞན་གྱི་དོན་སྒྲུབ་པ་དང་། དེ་ཁོ་ནའི་དོན་དང་། མཐུའི་དོན་དང་། སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱ་བ་དང་། སེམས་
ཅན་ཡོངས་སུ་སྨིན་པར་བྱ་བ་དང་། བླ་ན་མེད་པའི་བྱང་ཆུབ་བོ་ཞེས་སྨོས་པ་ལས། བདག་དང་གཞན་གྱི་དོན་སྒྲུབ་པའི་འོག་ཏུ་དེ་ཁོ་ནའི་དོན་སྨོས་པས་ན་སྒྲུབ་པའི་རྗེས་ལ་དེ་ཁོ་ནའི་དོན་བཤད་པར་འབྲེལ་ཏོ། །དོན་དམ་པའི་མཚན་ཉིད་ཀྱི་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། དོན་དམ་པ་རྣམ་པ་
གཉིས་ཏེ། དེ་བཞིན་ཉིད་ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང་གཉིས་སུ་མེད་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། །དེ་བཞིན་ཉིད་ལ་ཅིའི་ཕྱིར་དོན་དམ་པ་ཞེས་བྱ་ཞེ་ན། འཕགས་པའི་ལམ་བསྒོམས་པའི་འབྲས་བུ་ཡིན་པས་དོན་ཞེས་བྱ་ལ། ཆོས་ཐམས་ཅད་དུ་གྱུར་པས་དམ་པ་ཞེས་བྱའོ། །
ཡང་ན་དོན་དམ་པ་ཞེས་བྱ་བ་ནི་ཡུལ་ལ་བྱ་སྟེ། རྣམ་པར་མི་རྟོག་པའི་ཡེ་ཤེས་དམ་པའི་ཡུལ་ཡིན་པས་དོན་དམ་པ་ཞེས་བྱའོ། །དེ་བཞིན་ཉིད་ཀྱི་མཚན་ཉིད་ཀྱི་དོན་དམ་པའི་མཚན་ཉིད་བཤད་པའི་ཕྱིར། ཡོད་མིན་མེད་མིན་དེ་བཞིན་གཞན་མ་ཡིན། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །
རྣམ་པར་མི་རྟོག་པའི་ཡེ་ཤེས་གཉིས་སུ་མེད་པའི་ཡེ་ཤེས་ནི་ཕྱིས་འཆད་དོ། །དེ་ལ་གཉིས་དང་བྲལ་ཞིང་གཉིས་སུ་མེད་པའི་དོན་ནི་དོན་དམ་པའི་མཚན་ཉིད་དེ་ཡང་གཉིས་སུ་མེད་པ་རྣམ་པ་ལྔས་དོན་དམ་པའི་མཚན་ཉིད་བསྟན་ཏོ། །དེ་ལ་དོན་དམ་པ་ཡོངས་སུ་གྲུབ་པའི་མཚན་ཉིད་དེ་ཀུན་
དུ་བརྟགས་པ་དང་། གཞན་གྱི་དབང་གི་མཚན་ཉིད་ལྟ་བུར་ཡོད་པ་མ་ཡིན་པས་ན་ཡོད་མིན་ཞེས་བྱའོ། །དོན་དམ་པ་དེ་ཡོངས་སུ་གྲུབ་པའི་ངོ་བོ་ནི་མེད་པ་མ་ཡིན་པས་ན་མེད་མིན་ཞེས་བྱའོ། །འདིས་ནི་གཉིས་སུ་མེད་པའི་དོན་གཅིག་བསྟན་ཏོ། །དེ་བཞིན་གཞན་མ་ཡིན་ཞེས་བྱ་བར་སྦྱར་

ཏེ། གཅིག་པ་མ་ཡིན་པས་དེ་བཞིན་མ་ཡིན་ལ། ཐ་དད་པ་མ་ཡིན་པས་གཞན་མེད་པའོ། །དེ་ལ་ཡོངས་སུ་གྲུབ་པ་དང་། ཀུན་བརྟགས་དང་གཞན་གྱི་དབང་དུ་མཚན་ཉིད་གཅིག་པ་མ་ཡིན་པས་དེ་བཞིན་མ་ཡིན་པ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ཞེ་ན། ཡོངས་སུ་བརྟགས་
པའི་རང་བཞིན་ནི་ཡོད་པ་མ་ཡིན་པ་ཕྱིན་ཅི་ལོག་ཏུ་སྣང་བ་ཡིན་ལ། ཡོངས་སུ་གྲུབ་པའི་རང་བཞིན་ནི་བདེན་པ་ཡང་དག་པ་ཕྱིན་ཅི་མ་ལོག་པ་ཡིན་པས་ཀུན་བརྟགས་དང་རང་བཞིན་གཅིག་པ་མ་ཡིན་ནོ། །གཞན་གྱི་དབང་གི་རང་བཞིན་ཡང་ཀུན་བརྟགས་ཀྱི་ཆོས་ཀྱི་རྟེན་དུ་གྱུར་པ་སྟེ།
རྟེན་ཅིང་འབྲེལ་པར་འབྱུང་བའི་ཀུན་ནས་ཉོན་མོངས་པའི་ངོ་བོ་ཡིན་ལ་ཡོངས་སུ་གྲུབ་པ་ཀུན་བརྟགས་ཀྱི་ཆོས་ཀྱི་རྟེན་དུ་མ་གྱུར་ལ། རྟེན་འབྲེལ་ཏེ་བྱུང་བ་མ་ཡིན་པ་རྣམ་པར་བྱང་བའི་ཆོས་ཡིན་པས་གཞན་དབང་དང་ཡང་རང་བཞིན་གཅིག་པ་མ་ཡིན་ནོ། །ཀུན་དུ་བརྟགས་པ་དང་། གཞན་གྱི་
དབང་གཉིས་དང་ཡོངས་སུ་གྲུབ་པ་ཐ་དད་པ་ཡང་མ་ཡིན་པས་ན་གཞན་མ་ཡིན་པ་ཞེས་བྱ་སྟེ། ཇི་ལྟར་ཞེ་ན། གཞན་གྱི་དབང་གི་རང་བཞིན་ལ་གཟུང་འཛིན་དུ་ཀུན་དུ་བརྟགས་པ་དང་བྲལ་བ་ཉིད་ལ་ཡོངས་སུ་གྲུབ་པའི་རང་བཞིན་ཞེས་བྱ་བར་ཟད་ཀྱི་དེ་ལ་མ་གཏོགས་པར་ཡོངས་སུ་གྲུབ་པའི་
རང་བཞིན་ལོགས་ཤིག་ན་མེད་པའི་ཕྱིར་རོ། །དེའི་དཔེ་ནི་འདུས་བྱས་དང་། འདུས་མ་བྱས་ཀྱི་མཚན་ཉིད་མི་རྟག་པ་ལ་སོགས་པ་བཞིན་ཏེ། གལ་ཏེ་འདུས་བྱས་དང་མི་རྟག་པ་གཅིག་ཏུ་གྱུར་ན་ནི་མི་རྟག་པ་བཞིན་དུ་འདུས་བྱས་རྟག་ཏུ་ཞི་བས་མི་སྣང་བའི་སྐྱོན་དུ་འགྱུར་རོ། །གལ་ཏེ་འདུས་
བྱས་དང་མི་རྟག་པ་ཐ་དད་པར་གྱུར་ན་ནི་མི་རྟག་པ་ལོགས་ཤིག་ཏུ་འདུས་བྱས་ལ་མི་རྟག་པ་མེད་པའི་ཕྱིར་འདུས་བྱས་ལ་མི་རྟག་པར་འགྱུར་བ་བཞིན་ཏེ། འདི་ནི་གཉིས་སུ་མེད་པའི་དོན་གཉིས་པའོ། །མི་སྐྱེ་མི་འཇིག་ཅེས་བྱ་བ་ལ་ཡོངས་སུ་གྲུབ་པ་དེ་ལས་དང་ཉོན་མོངས་པའི་རྒྱུ་རྐྱེན་གྱིས་མ་སྐྱེད་
པས་ན་མི་སྐྱེའོ། །མ་སྐྱེས་པའི་ཆོས་ལ་འགག་པ་མེད་པས་ན་མི་འཇིག་པ་སྟེ་འདུས་མ་བྱས་ཀྱི་རང་བཞིན་ཏེ་ཞེས་བྱ་བའི་དོན་ཏོ། །འདི་ནི་གཉིས་སུ་མེད་པའི་དོན་གསུམ་པའོ། །འབྲི་བར་མི་འགྱུར་ཏེ། འཕེལ་བ་མེད་ཅིང་ཞེས་བྱ་བ་ལ། འཁོར་བའི་དུས་དང་མྱ་ངན་ལས་འདས་པའི་

དུས་ན་ཡང་ཡོངས་སུ་གྲུབ་པ་དེ་ལ་འབྲི་བ་ཡང་མེད། འཕེལ་བ་ཡང་མེད་དེ་ནམ་མཁའ་བཞིན་ནོ། །དཔེར་ན་ནམ་མཁའ་ལ་གནས་པའི་སྤྲིན་ལ་སོགས་པ་བྲི་བར་གྱུར་ཀྱང་ནམ་མཁའ་ལ་བྲི་བ་མེད་པ་དང་། ནམ་མཁའ་ལ་སྔོན་མེད་པའི་སྤྲིན་ལ་སོགས་པ་
བྱུང་ན་ཡང་ནམ་མཁའ་གསར་དུ་བྱུང་བ་མེད་པ་དེ་བཞིན་དུ་འཕགས་པའི་ལམ་བསྒོམ་པའི་དུས་ན་འཁོར་བའི་ཆོས་ཉོན་མོངས་པ་བྲི་ཡང་སྟོང་པ་ཉིད་ལ་བྲི་བ་མེད་དེ། རྣམ་པར་བྱང་བའི་ཕྱོགས་བྱང་ཆུབ་ཀྱི་ཕྱོགས་འཕེལ་ན་ཡང་སྟོང་པ་ཉིད་ལ་འཕེལ་བ་མེད་དེ་འདི་ནི་གཉིས་སུ་མེད་པའི་དོན་བཞི་
པའོ། །རྣམ་པར་དག་པ་མེད་ལ་རྣམ་པར་དག་འགྱུར་བ། །ཞེས་བྱ་བ་ལ། དོན་དམ་པ་སྟོང་པ་ཉིད་དོ། །དེ་ནི་ནམ་མཁའ་དང་གསེར་དང་ཆུའི་ཁམས་དང་ཤེལ་ལ་སོགས་པ་རང་བཞིན་གྱིས་དག་པ་བཞིན་དུ་སྟོང་པ་ཉིད་ཀྱི་རང་བཞིན་གྱིས་དག་པ་སྟེ། ནམ་མཁའི་རང་བཞིན་གྱིས་
དག་པ་ལ་ཆུ་ལ་སོགས་པས་བཀྲུས་ཏེ་དག་པར་བྱར་མེད་པ་བཞིན་དུ། སྟོང་པ་ཉིད་ཀྱི་རང་བཞིན་ལ་ཡང་དྲི་མ་དག་པར་བྱར་མེད་པས་རྣམ་པར་དག་པ་མེད་པ་ཞེས་བྱའོ། །རང་བཞིན་ལ་དྲི་མ་བསལ་དུ་མེད་ཀྱང་དཔེར་ན་ནམ་མཁའ་ལ་གློ་བུར་གྱི་སྤྲིན་བསལ་བ་དང་། གསེར་ལ་གློ་བུར་གྱི་ས་རྡོ་
བསལ་བ་བཞིན་དུ་སྟོང་པ་ཉིད་ལ་ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་དྲི་མ་གློ་བུར་ཡོད་པ་བསལ་བར་མི་བྱ་བ་ཡང་མ་ཡིན་ཏེ། བསལ་ཞིང་དག་པར་བྱ་དགོས་པར་རྣམ་པར་དག་པར་འགྱུར་བ་ཞེས་ཀྱང་བྱ་སྟེ། འདི་ནི་གཉིས་སུ་མེད་པའི་དོན་ལྔ་པའོ། །དེ་ནི་དོན་མཚན་ཞེས་བྱ་བ་ལ།
གཉིས་སུ་མེད་པའི་མཚན་ཉིད་ལྔ་པོ་དེ་ནི་དོན་དམ་པའི་མཚན་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བདག་ཏུ་ལྟ་བའི་ཕྱིན་ཅི་ལོག་དགག་པའི་ཕྱིར་ཚིགས་སུ་བཅད་པ་ཞེས་བྱ་བ་ལ་དུ་མ་དང་མི་རྟག་པའི་མཚན་ཉིད་ཕུང་པོ་ལྔ་ལ་བདག་གིར་ལྟ་བའི་འཇིག་ཚོགས་སུ་ལྟ་བ་ལ་བདག་གིར་ལྟ་བའི་ཞེས་
བྱ་སྟེ། བདག་དང་བདག་གི་མེད་པ་ལ་བདག་དང་བདག་གིར་ལྟ་བས་ན་ཕྱིན་ཅི་ལོག་གོ། །ཕྱིན་ཅི་ལོག་དེ་སྐྱོན་ཡིན་པས་སྤང་དགོས་པར་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །དོན་དམ་པ་བཤད་པའི་སྐབས་སུ་བདག་ཏུ་ལྟ་བ་ཕྱིན་ཅི་ལོག་བཤད་པའི་སྐབས་

མ་ཡིན་ནོ་བདག་ཏུ་ལྟ་བ་སྐབས་འདིར་བཤད་པ་ཅིར་འབྲེལ་ཞེ་ན། དོན་དམ་པ་ཞེས་བྱ་བ་ནི་གང་ཟག་ལ་བདག་མེད་པའི་སྟོང་པ་ཉིད་ཆོས་ལ་བདག་མེད་པའི་སྟོང་པ་ཉིད་ལ་བྱའོ། །དེ་ལ་བདག་ཏུ་ལྟ་བ་ནི་གང་ཟག་ལ་བདག་མེད་པའི་སྟོང་པ་ཉིད་དུ་མི་མཐུན་པ་སྟེ། དེ་བས་ན་ཇི་ཙམ་བདག་ཏུ་
ལྟ་བ་ཡོད་པ་དེ་ཙམ་དུ་གང་ཟག་ལ་བདག་མེད་པ་མ་རྟོགས་པས། གང་ཟག་བདག་མེད་པར་རྟོགས་པར་འདོད་པས་བདག་ཏུ་འདོད་པ་སྤོངས་ཤིག་ཅེས་བསྟན་པ་དང་། གང་ཟག་ལ་བདག་མེད་པའི་དོན་གཏན་ལ་དབབ་པའི་ཕྱིར། འདིར་བདག་ཏུ་ལྟ་བའི་སྐབས་བཤད་པར་འབྲེལ་
ཏོ། །མུ་སྟེགས་ཅན་རྣམས་བདག་ཏུ་ལྟ་བ་ཡང་ཡང་ན་ནི་བདག་ཡོད་དོ་ཞེས་དེ་ལྟར་སེམས་པའི་འཇིག་ཚོགས་ལ་ལྟ་བ་ཉིད་རང་བདག་གི་རང་བཞིན་ཡིན་གྲང་། ཡང་ན་འཇིག་ཚོགས་ལ་ལྟ་བའི་གནས་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་བདག་གི་རང་བཞིན་ཡིན་གྲང་། ཡང་ན་དེ་
གཉིས་ལ་མ་གཏོགས་པར་བདག་བྱ་བ་ཞིག་ལོགས་ཤིག་ན་ཡོད་པར་བརྟག་གྲང་ན། དེ་གསུམ་ཆར་ལྟར་མི་རིགས་པས་གང་ཟག་ལ་བདག་མེད་དོ། །དེ་ལ་བདག་ཏུ་ལྟ་བའི་རང་ཉིད་བདག་གི་རང་བཞིན་ཡིན་པར་མི་རིགས་པར་བསྟན་པའི་ཕྱིར། བདག་ཏུ་ལྟ་བ་རང་ཉིད་བདག་
མཚན་མིན། །ཞེས་བྱ་བ་སྨོས་ཏེ། བདག་ཏུ་ལྟ་བའི་སྒྲས་ནི་འཇིག་ཚོགས་ལ་ལྟ་བ་ལ་བྱ་སྟེ། འཇིག་ཚོགས་ལ་ལྟ་བ་དེ་ཉིད་མུ་སྟེགས་ཅན་གྱིས་བརྟགས་པའི་བདག་རྟག་པའི་མཚན་ཉིད་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། དེ་ཡི་མཚན་ཉིད་མི་འདྲ་ཕྱིར། །ཞེས་བྱ་བ་སྨོས་སོ། །འདི་
ལྟར་འཇིག་ཚོགས་ལ་ལྟ་བའི་མཚན་ཉིད་ཀྱང་གཞན་མུ་སྟེགས་ཅན་གྱིས་བརྟགས་པའི་བདག་ཉིད་དེའི་མཚན་ཉིད་ཀྱང་གཞན་ཏེ། དེ་གཉིས་མཚན་ཉིད་མི་འདྲ་བས་ན་འཇིག་ཚོགས་ལ་ལྟ་བ་ཉིད་བདག་གི་མཚན་ཉིད་མ་ཡིན་ནོ། །ཇི་ལྟར་མཚན་ཉིད་མི་འདྲ་བ་ཞེ་ན། མུ་སྟེགས་པས་ནི་བདག་དེ་
འདུས་མ་བྱས་པ་དང་། རྟག་པ་དང་ཁྱབ་པ་དང་། ལས་མི་བྱེད་པའི་མཚན་ཉིད་དུ་བརྟགས་སོ། །འཇིག་ཚོགས་ལ་ལྟ་བ་ནི་སེམས་ཀྱི་ཆོས་ཡིན་ཏེ། སེམས་ནི་འདུས་བྱས་དང་མི་རྟག་པ་དང་། མ་ཁྱབ་པ་དང་ལས་རྣམ་པ་གསུམ་བྱེད་པ་ཡིན་པས་མཚན་ཉིད་མི་འདྲའོ། །འཇིག་ཚོགས་

ལ་ལྟ་བའི་རྟེན་དུ་གྱུར་པ་ཕུང་པོ་ལྔ་ཡང་བདག་གི་མཚན་ཉིད་དུ་གྱུར་པ་མི་རིགས་པར་བསྟན་པའི་ཕྱིར། ངན་པའི་གནས་མིན་ཞེས་བྱ་བ་སྨོས་ཏེ། ངན་པའི་སྒྲས་ནི་འཇིག་ཚོགས་ལ་ལྟ་བ་ལ་སྙེགས་ཏེ། ཕུང་པོ་ལྔ་པོ་འདི་འཇིག་ཚོགས་སུ་ལྟ་བ་འདི་རྟེན་དུ་
གྱུར་པ་དང་། ཉོན་མོངས་པའི་གནས་ངན་ལེན་གྱིས་བསྐྱེད་པས་ན་ངན་པའི་གནས་ཞེས་བྱ་བ་སྟེ། ངན་པའི་གནས་ཀྱི་ཕུང་པོ་ལྔ་ཡང་བདག་གི་མཚན་ཉིད་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེའི་ཕྱིར་མཚན་ཉིད་མི་འདྲ་བའི་ཕྱིར་ཞེས་བྱ་བ་སྨོས་ཏེ། མུ་སྟེགས་པས་བརྟགས་པའི་མཚན་
ཉིད་ཀྱང་གཞན་ཕུང་པོ་ལྔའི་མཚན་ཉིད་ཀྱང་གཞན་ཏེ། མཚན་ཉིད་མི་འདྲ་བས་ན་ཕུང་པོ་ལྔ་ཉིད་བདག་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བདག་ནི་འདུས་མ་བྱས་པ་དང་། རྟག་པ་དང་ཁྱབ་པ་དང་། ལས་མི་བྱེད་པར་འདོད་ལ། ཕུང་པོ་ལྔ་ནི་འདུས་བྱས་དང་། མི་རྟག་པ་དང་། མ་ཁྱབ་
པ་དང་། ལས་བྱེད་པ་ཡིན་པས་མཚན་ཉིད་མི་འདྲའོ། །དེ་ཉིད་མ་གཏོགས་པར་བདག་ལོགས་ན་ཡོད་པར་ཡང་མི་རིགས་པར་བསྟན་པའི་ཕྱིར་གཉིས་མ་ཡིན་ཞེས་སྨོས་ཏེ། འཇིག་ཚོགས་ལ་ལྟ་བ་དང་། ཕུང་པོ་ལྔ་ལས་མ་གཏོགས་པར་བདག་བྱ་བ་དེ་ལོགས་ཤིག་ན་ཡོད་པ་ཡང་མ་
ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། མངོན་སུམ་གྱི་ཚད་མའི་ཡུལ་དུ་ཡང་མ་གྱུར། རྗེས་སུ་དཔག་པའི་ཚད་མའི་ཡུལ་དུ་ཡང་མ་གྱུར་པའི་ཕྱིར་རོ། །འདི་ལྟར་དངོས་པོ་ཡོད་པ་རྣམས་ནི་ཡང་ན་མངོན་སུམ་གྱི་ཚད་མའི་ཡུལ་དུ་འགྱུར་ཏེ་གཟུགས་ལ་སོགས་པ་ཡིན་ནོ། །ཡང་ན་རྗེས་སུ་
དཔག་པའི་ཚད་མའི་ཡུལ་དུ་འགྱུར་ཏེ། དཔེར་ན་མིག་གི་དབང་པོ་བ་ལྟར་མི་སྣང་ཡང་། མིག་གི་རྣམ་པར་ཤེས་པ་སྐྱེད་པའི་རྒྱུ་བྱེད་པའི་སྒོ་ནས་མིག་གི་དབང་པོ་ཡོད་པར་བརྟགས་ན་བདག་འདི་ནི་ཚད་མ་གཉི་གས་བརྟགས་ན་ཡང་ཡོད་པར་མ་མཐོང་བས་ན་ལོགས་ཤིག་ན་མེད་དོ། །གལ་
ཏེ་བདག་མེད་ན། ཅིའི་ཕྱིར་སེམས་ཅན་རྣམས་བདག་བདག་ཅེས་རྟོག་སྙམ་པ་ལ་དེའི་ཕྱིར། འདི་ནི་ནོར་ཙམ་སྐྱེས་ཞེས་སྨོས་ཏེ། དཔེར་ན་ཐག་པ་ལ་སྦྲུལ་དུ་འཁྲུལ་པའི་ཐག་པ་དེ་ཡོད་པ་མ་ཡིན་གྱི་སྦྲུལ་ལྟ་བུར་ནོར་བར་མཐོང་བ་དང་། རྨི་ལམ་ན་གཟུགས་རྣམ་པ་སྣ་ཚོགས་མཐོང་བ་ཡོད་པ་མ་

ཡིན་གྱི་ནོར་བར་མཐོང་བ་དེ་བཞིན་དུ། བདག་བདག་ཅེས་རྟོག་པ་འདི་ཡང་ཕྱིན་ཅི་ལོག་དང་། འཁྲུལ་པའི་སེམས་སྐྱེད་པར་ཟད་ཀྱི་དངོས་པོ་ཡོད་པའི་རྟོག་པ་ནི་མ་ཡིན་པའི་དོན་ཏོ། །འདི་ལྟར་བདག་ཡོད་པ་ནི་བདག་ཏུ་ཉོན་མོངས་པས་བཅིངས་པར་གྱུར་ལ། ཉོན་མོངས་པའི་
བཅིངས་པ་བཅད་ན་ཐར་པར་འགྱུར་བ་ཡིན་ན། བདག་མེད་ན་སུ་ཞིག་ཐར་པར་འགྱུར་སྙམ་པ་ལ་དེའི་ཕྱིར། ཐར་པ་ནོར་ཙམ་ཟད་པའོ། །ཞེས་སྨོས་ཏེ། དཔེར་ན་ཐག་པ་ལ་སྦྲུལ་དུ་འཁྲུལ་པ་དེ་སྦྲུལ་གྱི་འཁྲུལ་པ་དང་བྲལ་ཏེ། ཐག་པར་ཤེས་པར་གྱུར་པ་ན་ལུས་བདེ་བ་དང་།
སེམས་བདེ་བ་ཐོབ་པར་འགྱུར་རོ། །དེ་བཞིན་དུ་བདག་མེད་པ་ལ་བདག་ཏུ་འཁྲུལ་པ་ཟད་དེ། དེ་སྤངས་པ་ཉིད་ཐར་པ་དང་མྱ་ངན་ལས་འདས་པ་ཞེས་བྱ་བར་ཟད་ཀྱི་ཐར་པ་ཐོབ་པར་བྱེད་པའི་བདག་ནི་གང་ཡང་ཡོད་པ་མ་ཡིན་ནོ་ཞེས་སྟོན་ཏེ། དེ་བས་ན་ཙམ་གྱི་སྒྲས་ནི་བདག་ཡོད་
པ་ཡིན་པ་འགོག་གོ། །ཕྱིན་ཅི་ལོག་ཀུན་ཏུ་སྨད་པའི་ཚིགས་སུ་བཅད་པ་གཉིས་སོ་ཞེས་བྱ་བ་ལ། ཇི་ཙམ་དུ་སེམས་ཅན་སྤྱོད་ཅིང་གནས་པ་ཐམས་ཅད་ཕྱིན་ཅི་ལོག་ཡིན་ལ། ཕྱིན་ཅི་ལོག་གི་རྒྱུས་ནི་སྐྱེ་བ་དང་རྒ་བ་ལ་སོགས་པའི་སྡུག་བསྔལ་རྟག་ཏུ་མྱོང་སྟེ། དེ་ལྟར་སེམས་
ཅན་རྣམས་འཁྲུལ་པ་ལ་ཡང་གནས་སྡུག་བསྔལ་བ་ཡང་ཡིན་ན་འཁྲུལ་པ་ལ་གནས་པ་དང་། སྡུག་བསྔལ་ཡིན་པར་ཅིའི་ཕྱིར་མ་རྟོགས་ཤེ་ན། ཕྱིན་ཅི་ལོག་ལ་གནས་པ་དང་། མ་རིག་པས་ཁེབས་པས་མ་རྟོགས་ཏེ། དེ་བས་ན་ཕྱིན་ཅི་ལོག་ལ་སྨད་པའི་ཕྱིར་ཚིགས་སུ་བཅད་
པ་གཉིས་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །འཁྲུལ་ཙམ་གནས་ཞིང་རང་བཞིན་སྡུག་བསྔལ་བ། །སྐྱོ་བོས་རྟག་འཁྲུལ་ཅི་ཕྱིར་རྟོགས་མ་གྱུར། །ཞེས་བྱ་བ་ལ། འཇིག་རྟེན་པ་དག་བདག་ཡོད་དོ་ཞེས་བདག་ཏུ་ཡོད་པ་དང་། ཆོས་ཡོད་དོ་ཞེས་རྟོགས་པ་ཡོད་པ་ཡང་ནོར་བ་ཡིན་པས་ན་
འཁྲུལ་པ་ཙམ་ལ་གནས་པ་ཞེས་བྱའོ། །དེའི་རྒྱུས་སྐྱེ་བ་དང་རྒ་བ་ལ་སོགས་པའི་སྡུག་བསྔལ་རྣམ་པ་སྣ་ཚོགས་འབྱུང་བས་ན་རང་བཞིན་གྱིས་སྡུག་བསྔལ་བ་ཞེས་བྱའོ། །དེ་ལྟར་སྐྱེ་བོ་རྣམས་ནི་རྟག་ཏུ་འཁྲུལ་པ་ལ་ཡང་གནས་ལ་སྡུག་བསྔལ་བ་ཡང་ཡིན་ལ་དེ་འདྲ་བའི་མཚན་ཉིད་དུ་

ཅིའི་ཕྱིར་རྟོགས་པར་མ་གྱུར་ཅེ་ན། འོག་ནས་འབྱུང་བའི་ཚུལ་དུ་མུན་པ་ཆེན་པོས་ཁེབས་པར་མ་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །རིག་པ་མེད་ཅིང་ཞེས་བྱ་བ་ལ་དངོས་པོ་འདི་དག་འཁྲུལ་པ་ཡིན་པ་དང་། སྡུག་བསྔལ་ཡིན་པར་ཁོང་དུ་ཆུད་པའི་ཡང་དག་པའི་ཡེ་ཤེས་
ཟག་པ་མེད་པའི་རང་བཞིན་མེད་པས་ན། རིག་པ་མེད་པ་ཞེས་བྱའོ། །རིག་ཉིད་ཅེས་བྱ་བ་ལ་ཡང་དག་པའི་ཡེ་ཤེས་ཀྱི་རིག་པས་ཀྱང་ཟག་པ་དང་བཅས་པའི་ཤེས་པས་ཚོར་བ་བདེ་བ་དང་སྡུག་བསྔལ་བ་དང་། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་མྱོང་བ་ཡོད་པས་རིག་པ་ཡོད་
ཅེས་བྱའོ། །སྡུག་བསྔལ་ཉིད་ཅེས་བྱ་བ་ལ། ཚོར་བ་རྣམ་པ་གསུམ་མྱོང་ཡང་གསུམ་ཆར་ཡང་སྡུག་བསྔལ་བའི་མཚན་ཉིད་ཡིན་ཏེ། ཚོར་བ་གསུམ་ཆར་ལ་ཡང་སྡུག་བསྔལ་གྱི་རང་བཞིན་སྤངས་པའི་ཕྱིར་རོ། །ཇི་ལྟར་ཞེ་ན། སྡུག་བསྔལ་གྱི་ཚོར་བས་ནི་རང་བཞིན་གྱི་
སྡུག་བསྔལ་མ་སྤངས། བདེ་བའི་ཚོར་བས་ནི་འགྱུར་བའི་སྡུག་བསྔལ་མ་སྤངས། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བས་ནི་འདུ་བྱེད་ཀྱི་སྡུག་བསྔལ་མ་སྤངས་ཏེ། དེ་བས་ན་ཚོར་བ་གསུམ་ཆར་སྡུག་བསྔལ་བ་ཉིད་དོ། །སྡུག་བསྔལ་བ་མེད་པ་ཞེས་བྱ་བ་ལ།
མུ་སྟེགས་པ་དག་གིས་ནི་སྡུག་བསྔལ་དེ་དག་བདག་གིས་མྱོང་ངོ་ཞེས་སྨྲས་ཏེ། སྡུག་བསྔལ་རྣམ་པ་གསུམ་ཡོད་ཀྱང་སྡུག་བསྔལ་རྣམ་པ་གསུམ་དང་ལྡན་ཞིང་དེ་མྱོང་བར་བྱེད་པའི་བདག་མེད་པས་ན་སྡུག་བསྔལ་མེད་པ་ཞེས་བྱའོ། །ཆོས་དངོས་ཞེས་བྱ་བ་ལ། དེ་ལྟར་བདག་ནི་ཀུན་རྫོབ་ཏུ་
ཡང་མེད་ཀྱི་ཕུང་པོ་དང་ཁམས་ལ་སོགས་པའི་ཆོས་ནི་ཀུན་རྫོབ་ཏུ་སྒྱུ་མ་དང་། སྨིག་རྒྱུ་བ་ཙམ་དུ་ཡོད་པས་ཆོས་དངོས་ཞེས་བྱ་སྟེ། འདི་ཡན་ཆད་ཀྱི་ཚིག་གིས་གང་ཟག་ལ་བདག་མེད་པ་བསྟན་ཏོ། །དེ་དངོས་མིན་ཞེས་བྱ་བ་ལ་དོན་དམ་པར་ནི་ཆོས་དེ་ཡང་རང་བཞིན་དང་བདག་མེད་དེ་སྟོང་པ་ཡིན་པས་
དེ་དངོས་མིན་ཞེས་བྱ་སྟེ། ཚིག་འདིས་ནི་ཆོས་ལ་བདག་མེད་པ་བསྟན་ཏོ། །དངོས་པོ་རྟེན་འབྱུང་མངོན་སུམ་འཇུག་པ་ལ། །འགྲོ་བ་ཇི་ལྟར་གཞན་དག་བྱེད་ལ་བརྟེན། །ཞེས་བྱ་བ་ལ། དངོས་པོའི་སྒྲས་ནི་ཕྱིའི་དངོས་པོ་དང་ནང་གི་དངོས་པོ་ལ་བྱ་སྟེ། གཉི་ག་ལ་ཡང་རྟེན་ཅིང་འབྲེལ་ཏེ་འབྱུང་

བ་ཡིན་པ་འཇིག་རྟེན་པ་ཀུན་གྱི་མངོན་སུམ་དུ་སྣང་ངོ་། །ཇི་ལྟར་ཞེ་ན། ཕྱིའི་དངོས་པོ་རྣམས་ཀྱང་ས་བོན་དང་ས་གཞི་དང་ཆུ་དང་མེ་དང་རླུང་ལ་སོགས་པའི་རྒྱུ་རྐྱེན་ལས་འབྱུང་བར་སྣང་ལ། ནང་གི་དངོས་པོ་ལྔ་ཡང་མ་རིག་པ་དང་འདུ་བྱེད་ལ་སོགས་པ་དང་། ཕ་མའི་ཁྲག་དང་།
ཁུ་བ་ལས་བྱུང་བའི་རྒྱུ་རྐྱེན་སྣང་ན། ཆོས་འདི་དག་རྟེན་ཅིང་འབྲེལ་ཏེ་འབྱུང་བ་མ་ཡིན་གྱི། བདག་དང་བྱེད་པ་པོ་ལ་སོགས་པ་གཞན་དག་གིས་བྱས་སོ་ཞེས་ཅིའི་ཕྱིར་དང་དེ་ལྟར་ལྟ་ཞིང་རྟོག་ཅེས་བྱ་བའི་དོན་ཏོ། །གང་ཕྱིར་ཡོད་པ་མ་ཡིན་མེད་མཐོང་བས། །དེ་འདྲའི་མུན་ནག་རྣམ་པ་དེ་
གང་ཞིག །ཅེས་བྱ་བ་ལ། འཇིག་རྟེན་ལ་གྲགས་པའི་མུན་པས་ནི་དངོས་པོ་ཡོད་པ་མི་མཐོང་བར་བྱེད་དེ། ཡོད་པ་ནི་མི་མཐོང་གི་མེད་པ་ནི་མཐོང་བར་བྱེད་པ་མུན་པ་ནི་མི་སྲིད་དོ། །སེམས་ཅན་རྣམས་ཀྱི་སེམས་ཀྱི་རྒྱུད་ལ་ཡོད་པའི་མ་རིག་པའི་མུན་པ་དེ་ནི་ཕྱི་ནང་གི་ཆོས་རྟེན་ཅིང་འབྲེལ་
ཏེ་འབྱུང་བའི་མཚན་ཉིད་དུ་ཡོད་པ་དེ་ནི་མི་མཐོང་བར་བྱེད་ལ་མུ་སྟེགས་ཀྱིས་བརྟགས་པའི་བདག་ཅེས་བྱ་བ་མེད་པ་དེ་མཐོང་བར་བྱེད་པའི་དེའི་མུན་ནག་དེ་འཇིག་རྟེན་གྱི་མུན་པ་དང་འདྲ་བ་མ་ཡིན་པ་ངོ་མཚར་དུ་གྱུར་པའི་མུན་པ་ཞིག་སྐྱེས་སོ་ཞེས་བྱ་བའི་དོན་ཏོ། །བདག་མེད་པར་ཞི་བ་དང་སྐྱེ་བར་
རུང་བར་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། བདག་གི་སྒྲ་འདི་མུ་སྟེགས་ཀྱིས་བརྟགས་པའི་བདག་དང་གང་ཟག་གི་རྣམ་གྲངས་སུ་ཡང་འགྲོ་སྟེ། འདི་ལྟར་སེམས་ཅན་དང་སྲོག་དང་གང་ཟག་དང་ཤེད་ཅན་དང་ཤེད་བུ་ཞེས་བྱ་བ་ལ་སོགས་པའོ། །བདག་གི་སྒྲ་ཆོས་ལ་བྱ་བར་ཡང་མཐོང་
སྟེ་རང་བཞིན་དང་བཅས་པའི་ཆོས་ཞེས་བཤད་ན་བདག་དང་བཅས་པའི་ཆོས་ཞེས་བྱ་བའི་དོན་ཏོ། །དེ་ལ་གོང་དུ་བདག་ནི་མེད་ཀྱི་ཆོས་ཙམ་དུ་ཟད་ལ་དོན་དམ་པར་ཆོས་དེའང་མེད་དོ་ཞེས་བཤད་པ་ལ་མུ་སྟེགས་པ་དང་ཉན་ཐོས་པ་དག་འདི་སྐད་དུ་ཡོད་དོ་ཞེས་རྒོལ་ལོ། །འདི་ལས་ཕྱི་
རོལ་དུ་གྱུར་པའི་མུ་སྟེགས་པ་དག་ནི་ཕྱིན་ཅི་ལོག་ཏུ་གྱུར་པས་བདག་མེད་པ་ཡང་བདག་ཏུ་མངོན་པར་ཞེན་ཏོ། །ཆོས་འདི་དག་ཉན་ཐོས་པ་དག་ནི་ཆོས་ལ་ཕྱིན་ཅི་ལོག་ཏུ་འཛིན་ཏོ། །གཟུགས་ལ་སོགས་པའི་ཆོས་འདི་དག་བྱིས་པའི་སྐྱེ་བོས་ཇི་ལྟར་བརྟགས་པ་དེ་བཞིན་དུ་ངོ་བོ་ཉིད་དུ་ཡོད་

དོ་ཞེས་འཛིན་ཏོ། །དེ་གཉི་ག་ཡང་ཕྱིན་ཅི་ལོག་ཏུ་གྱུར་པས་བདག་ཏུ་ལྟ་བ་དང་ཆོས་སུ་ལྟ་བ་ལ་གནས་ན་བདག་ཀྱང་ཡོད་པར་མཐོང་ཆོས་ཀྱང་ཡོད་པར་མཐོང་ངོ་། །དེ་བས་ན་མུ་སྟེགས་པ་དག་ནི་བདག་ཏུ་བཅིངས་པ་དང་ཐར་པར་འདོད། ཉན་ཐོས་དག་ནི་ཆོས་
བཅིངས་པ་དང་ཐར་པར་འདོད་དེ། གལ་ཏེ་བདག་དང་ཆོས་མེད་ན་ཇི་ལྟར་ཐར་པ་དང་གང་ཐར་པར་འགྱུར་བ་ཇི་ལྟར་བཅིངས་པ་དང་སུ་བཅིངས་པར་འགྱུར་ཏེ། དེ་བས་ན་བདག་དང་ཆོས་ཡིན་ནོ་ཞེས་རྒོལ་ལོ། །དེ་བས་ན་བདག་དང་ཆོས་མེད་པར་ཡང་མྱ་ངན་ལས་འདས་པ་ཐོབ་པ་དང་།
འཁོར་བར་སྐྱེ་རུང་བར་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །ཞི་དང་སྐྱེ་བ་དོན་མཆོག་ཚུལ་གྱིས་ནི། །དེ་གཉིས་ལ་ཡང་བྱེ་བྲག་ཅུང་ཟད་མེད། །ཅེས་བྱ་བ་ལ་ནི་ཞི་བ་ནི་མ་རིག་པ་འགགས་པས་ནི་རྒ་ཤི་འགག་པའི་བར་གྱི་མྱ་ངན་ལས་འདས་པ་ལ་བྱའོ། །སྐྱེ་བ་
ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་པས་ན་སྐྱེ་བའི་རྐྱེན་གྱིས་རྒ་ཤིའི་བར་གྱི་འཁོར་བའི་མཚན་ཉིད་ལ་བྱ་སྟེ། འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ཀྱང་དོན་དམ་པའི་ཚུལ་དུ་ན་བདག་མེད་པའི་རང་བཞིན་དུ་མཉམ་མོ། །ཇི་ལྟར་ཞེ་ན། ཇི་ལྟར་འཁོར་བ་བྱིས་པས་བརྟགས་པའི་
བདག་དང་ཆོས་ཀྱི་རང་བཞིན་གྱིས་སྟོང་པ་དེ་བཞིན་དུ་མྱ་ངན་ལས་འདས་པ་ཡང་བྱིས་པས་བརྟགས་པའི་བདག་དང་ཆོས་ཀྱི་རང་བཞིན་གྱིས་སྟོང་སྟེ། དེ་ལྟར་བདག་དང་ཆོས་ཀྱི་རང་བཞིན་གྱིས་སྟོང་པས་འཁོར་བ་དང་མྱ་ངན་ལས་འདས་པ་གཉི་ག་མཉམ་པ་ཡིན་ཏེ། དེ་བས་ན་འཁོར་བ་
གང་ཡིན་པ་དེ་ཉིད་མྱ་ངན་ལས་འདས་པ་ཡིན་ཏེ། ཚུལ་དེ་ལྟ་བུ་ཡིན་པས་ན་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ལ་བྱེ་བྲག་ཏུ་ཁྱད་པར་མི་འདྲ་བར་གཞག་པ་ཅུང་ཟད་ཀྱང་གཞག་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དེ་ལྟ་ན་སོ་སོའི་སྐྱེ་བོ་རྣམས་ནི་འཁོར་བ་ན་གནས། འཕགས་པ་
རྣམས་ནི་མྱ་ངན་ལས་འདས་པ་ཐོབ་ཅེས་ཅིའི་ཕྱིར་བརྗོད་ཅེ་ན། དེའི་ཕྱིར། འོན་ཀྱང་དགེ་བའི་ལས་རྣམས་བྱེད་པ་དག །སྐྱེ་བ་ཟད་པས་ཞི་བ་ཐོབ་པར་བཤད། །ཅེས་སྨོས་ཏེ། སྐྱེ་བ་ནི་འཁོར་བ་ལ་བྱ་སྟེ། འཁོར་བ་ནི་མི་རྟག་པ་ལ་རྟག་པ་ལ་སོགས་པར་ཚུལ་བཞིན་མ་ཡིན་

པའི་ཡིད་ལ་བྱས་པའི་ཕྱིན་ཅི་ལོག་ལས་བྱུང་བ་ཡིན་ནོ། །མྱ་ངན་ལས་འདས་པ་ནི་མི་རྟག་པ་དང་། སྡུག་བསྔལ་ལ་སོགས་པ་ཚུལ་བཞིན་ཡིད་ལ་བྱས་པས་ཕྱིན་ཅི་ལོག་སྤངས་པ་ལས་ཐོབ་པ་ཡིན་ཏེ། བདག་དང་ཆོས་ཞེས་བྱ་བ་མྱ་ངན་ལས་འདས་པར་འགྱུར་བ་མེད་ཀྱང་མི་རྟག་པ་
ལ་སོགས་པ་ཚུལ་བཞིན་ཡིད་ལ་བྱེད་པ་ལ་བརྟེན་ནས་བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་གྱི་ལམ་བསྒོམ་པའི་དགེ་བ་བྱེད་པ་རྣམས་ཀྱིས་ཕྱིན་ཅི་ལོག་གི་མཚན་ཉིད་ཀྱི་སྐྱེ་བ་ཟད་པར་བྱས་པ་ཉིད་མྱ་ངན་ལས་འདས་པ་ཐོབ་པར་བཤད་དེ། དེ་ལས་མ་གཏོགས་པར་མྱ་ངན་ལས་འདས་པ་
ལོགས་ཤིག་ན་མེད་དོ་ཞེས་བྱ་བའི་དོན་ཏོ། །ཚིགས་སུ་བཅད་པ་འདིས་ཐེག་པ་ཆེན་པོ་དང་ཐེག་པ་ཆུང་ངུ་གཉི་གའི་ཐུན་མོང་གི་མྱ་ངན་ལས་འདས་པ་ཐོབ་པར་བསྟན་ཏོ། །ད་འདི་མན་ཆད་ནི་ཐུན་མོང་མ་ཡིན་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མྱ་ངན་ལས་འདས་པ་ཇི་ལྟར་ཐོབ་པར་བྱ་བའི་ཐབས་
བསྟན་ཏོ། །ཕྱིན་ཅི་ལོག་ལས་སྨད་པ་བྱས་ནས་དེའི་གཉེན་པོ་དོན་དམ་པའི་ཡེ་ཤེས་ལ་འཇུག་པའི་ཕྱིར་ཚིགས་སུ་བཅད་པ་བཞིའོ་ཞེས་བྱ་བ་ལ་དོན་དམ་པ་རྣམ་པ་གཉིས་ལས་འདི་ཡན་ཆད་དུ་དེ་ཁོ་ན་ཉིད་ཀྱི་དོན་དམ་པ་བསྟན་ནས། ད་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་མཚན་ཉིད་ཀྱི་དོན་
དམ་པ་སྟོན་ཏེ། གོང་དུ་སེམས་ཅན་འཁྲུལ་པ་ལ་གནས་པ་དང་། སྡུག་བསྔལ་བས་ཉོན་མོངས་པར་གྱུར་ཀྱང་ཕྱིན་ཅི་ལོག་གིས་ནོན་པས་འཁྲུལ་པ་དང་། སྡུག་བསྔལ་བར་ཁོང་དུ་མ་ཆུད་ཀྱང་ཞེས་ཕྱིན་ཅི་ལོག་ལ་སྨད་ནས་ད་དེའི་གཉེན་པོར་ཐུན་མོང་མ་ཡིན་པའི་རྣམ་པར་མི་རྟོག་
པའི་ཡེ་ཤེས་ཀྱི་དབང་དུ་བྱས་ཏེ། རྣམ་པར་མི་རྟོག་པའི་ཡེ་ཤེས་དེས་བྱང་ཆུབ་སེམས་དཔའ་རྣམས་ཇི་ལྟར་ཆོས་ལ་བདག་མེད་པར་རྟོགས་ནས་སངས་རྒྱས་ཀྱི་ས་ཐོབ་པར་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་བཞི་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །འདི་མན་ཆད་ཚིགས་སུ་བཅད་པ་ལྔ་ཞིག་འབྱུང་
བ་ལ་ཚིགས་སུ་བཅད་པ་བཞིས་ནི་ཚོགས་ཀྱི་ལམ་དང་། སྦྱོར་བའི་ལམ་དང་། མཐོང་བའི་ལམ་དང་། བསྒོམ་པའི་ལམ་སྟོན་ཏོ། །ཚིགས་སུ་བཅད་པ་ལྔ་པས་ནི་མཐར་ཐུག་པའི་ལམ་སྟོན་ཏོ། །བྱང་ཆུབ་སེམས་དཔའ་བསོད་ནམས་ཡེ་ཤེས་ཀྱི། །མཐའ་ཡས་ཕ་རོལ་ཚོགས་

རྣམས་བསགས་ནས་སུ། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་དང་པོ་གཅིག་གིས་བསྡུས་པའི་དོན་ནི་ཚོགས་ཆེན་པོ་བསགས་པ་དང་། ཏིང་ངེ་འཛིན་ལ་བརྟན་ཏེ་ཆོས་ལ་ངེས་པ་ན་སེམས་འཐོབ་པ་དང་། ཡིད་ཀྱི་རྟོག་པ་ལས་ཆོས་རྣམས་སྣང་བ་ཁོང་དུ་ཆུད་
པ་དེ་སྟོན་ཏོ། །དེ་ལ་བྱང་ཆུབ་སེམས་དཔའ་བསོད་ནམས་ཀྱི་ཚོགས་དང་། ཡེ་ཤེས་ཀྱི་ཚོགས་མཐའ་ཡས་པ་སྟེ། བསྐལ་པ་གྲངས་མེད་པ་གཅིག་གི་བར་དུ་བསགས་ནས་མཐོང་བའི་ལམ་དང་། ས་དང་པོ་ཐོབ་པ་ནས་ཕ་རོལ་དུ་སོན་པ་ཞེས་བྱ་སྟེ། ཕ་རོལ་གྱི་སྒྲ་ནི་ས་དང་པོ་ཐོབ་པ་ལ་བྱའོ། །
འདིས་ནི་ཚོགས་ཆེན་པོ་བསགས་པ་བསྟན་ཏེ། བསྐལ་པ་གྲངས་མེད་པ་གཅིག་ཏུ་དེ་བཞིན་གཤེགས་པ་ལ་རྒྱལ་མཚན་དང་གདུགས་ལ་སོགས་པས་བསྙེན་བཀུར་བྱས་པ་ནི་བསོད་ནམས་ཀྱི་ཚོགས་སོ་དེ་བཞིན་གཤེགས་པ་དེ་དག་ལས་དམ་པའི་ཆོས་ཉན་པ་དང་། བསམ་པ་དང་བསྒོམ་པ་བྱས་
པ་ནི་ཡེ་ཤེས་ཀྱི་ཚོགས་སོ། །ཡང་ན་བསྐལ་པ་གྲངས་མེད་པ་གཅིག་ཏུ་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་བསྒྲུབས་པ་ནི་བསོད་ནམས་ཀྱི་ཚོགས་སོ། །བསམ་གཏན་དང་ཤེས་རབ་བསྒོམས་པ་ནི་ཡེ་ཤེས་ཀྱི་ཚོགས་སོ། །བརྩོན་འགྲུས་ནི་གཉིས་ཀའི་ཚོགས་སོ། །ཡང་ན་སྦྱིན་པ་
ནས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལྔ་བསྒྲུབས་པ་ནི་བསོད་ནམས་ཀྱི་ཚོགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་པ་ནི་ཡེ་ཤེས་ཀྱི་ཚོགས་སོ། །ཆོས་ལ་སེམས་པ་ཤིན་ཏུ་ངེས་པ་ནི། །ཞེས་བྱ་བ་ལ། ཇི་ལྟར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པ་དེ་མི་རྟག