Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 125
Văn bản gốc(Tây Tạng)
Trang 3 / 19 (50.000 ký tự/trang)
་ཐོས་དག་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ན་བདག་མྱ་ངན་ལས་འདས་པ་ཐོབ་ པར་ཤོག་ཤིག་ཅེས་ཁས་ལེན་ན། བྱང་ཆུབ་སེམས་དཔའ་རྣམས་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བ་ནི་སངས་རྒྱས་གང་ལ་སྐྱབས་སུ་སོང་བའི་སངས་རྒྱས་དེ་ཉིད་ཀྱི་རང་བཞིན་ཐོབ་པར་ཤོག་ཤིག་ཅེས་ཁས་ལེན་ཅིང་བྱང་ཆུབ་ཏུ་སེམས་བསྐྱེད་དེ། འདིས་ནི་སྨོན་ལམ་གྱི་ཁྱད་པར་ བསྟན་ཏོ། །ཅིའི་ཕྱིར་སངས་རྒྱས་ཉིད་ཐོབ་པར་བྱ་བར་སེམས་བསྐྱེད་ཅེ་ན་དགའ་བ་མང་པོའི་ཕྱིར་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྟོབས་དང་། མི་འཇིགས་པ་ལ་སོགས་པའི་ཡོན་ཏན་ཐོས་ནས་དགའ་བ་དང་དད་པ་སྐྱེས་ཏེ། ཡོན་ཏན་དེ་ལྟ་བུ་དང་ལྡན་པའི་སངས་རྒྱས་དེ་ བདག་གིས་ཐོབ་པར་བྱའོ་སྙམ་དུ་སེམས་པའི་ཕྱིར་རོ། །གང་རྣམས་སྐྱོ་བ་མེད་པར་དཀའ་བ་སྤྱོད། །ཅེས་བྱ་བ་ལ། སེམས་བསྐྱེད་ནས་ཀྱང་སངས་རྒྱས་དེ་ཐོབ་པར་བྱ་བའི་ཕྱིར་མགོ་དང་རྐང་ལག་ལ་སོགས་པའི་གཏང་བར་བྱ་བ་དཀའ་བ་སྤྱོད་པའི་སྒོ་ནས་མོས་པས་སྤྱོད་པའི་ས་ཡན་ཆད་ ས་བཅུ་མན་ཆད་སྐྱོ་བ་མེད་པར་ཁས་ལེན་ཏེ། འདིས་བསྒྲུབ་པའི་ཁྱད་པར་བསྟན་ཏོ། །རིམ་པར་སངས་རྒྱས་ཀུན་མཚུངས་འགྲོ། །ཞེས་བྱ་བ་ལ་དེ་ལྟར་ས་བཅུ་མན་ཆད་རིམ་གྱིས་བསྒྲུབས་ནས། སངས་རྒྱས་ཀྱི་སར་སངས་རྒྱས་པར་གྱུར་པ་དང་། སངས་རྒྱས་ཀུན་དང་སྐུ་མཉམ་པ་དང་། གསུང་མཉམ་པ་དང་། ཐུགས་མཉམ་པ་དང་། ཚོགས་མཉམ་པ་ཐོབ་པར་འགྱུར་ཏེ། འདིས་ནི་འབྲས་བུའི་ཁྱད་པར་བསྟན་ཏོ། །སྐུ་གསུམ་བརྙེས་པས་ན་སྐུ་མཉམ་མོ། །ཡེ་ཤེས་བཞི་བརྙེས་པས་ན་ཐུགས་མཉམ་མོ། །ཚངས་པ་དང་བྱ་ཀ་ལ་པིང་ཀའི་དབྱངས་ཀྱིས་སོ་སོར་ཡང་དག་ པར་རིག་པ་བཞིས་སྟོན་པས་ན་གསུང་མཉམ་མོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པར་བརྙེས་པས་ན་ཚོགས་མཉམ་མོ། །ཁས་བླངས་མཆོག་ཏུ་བློ་ལྡན་དེ་རིག་བྱ། །ཞེས་བྱ་བ་ལ་བློ་ལྡན་ནི་བྱང་ཆུབ་སེམས་དཔའ་ལ་བྱ་སྟེ། ཁྱད་པར་རྣམ་པ་ གསུམ་དང་ལྡན་པ་ལས་ན་བྱང་ཆུབ་སེམས་དཔའི་ཁས་བླངས་པ་ལས་ནི་ཉན་ཐོས་ཀྱི་ཁས་བླངས་པ་དག་པས་མཆོག་ཏུ་གྱུར་པར་རིག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཡང་ཁས་བླངས་པའི་ཁྱད་པར་དུ་སངས་རྒྱས་སྲས་ཀྱི་མཆོག་ཏུ་སྐྱེས་པའི་ཚིགས་སུ་བཅད་པ་གཞན་གྱིས་བསྟན་ཏོ་ ཞེས་བྱ་བ་ལ། གོང་དུ་ཡོན་ཏན་རྣམ་པ་གསུམ་གྱིས་ཁྱད་པར་ཁས་བླངས་པ་ཁྱད་ཞུགས་པར་བསྟན་ནས། ད་ཡང་ཚིགས་སུ་བཅད་པ་གཞན་གྱིས་ཁས་བླངས་པ་དེ་ཁྱད་ཞུགས་པར་སྟོན་ཏེ། དེ་ཡང་ཇི་ལྟར་ཞེ་ན། ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད་པ་རྣམས་ཀྱང་ སངས་རྒྱས་ཀྱི་སྲས་ཞེས་བྱ་མོད་ཀྱི། དེ་དག་གསུང་ལས་སྐྱེས་པའི་སྲས་ཞེས་བྱའི་ཐུགས་ལས་སྐྱེས་པའི་སྲས་ཞེས་མི་བྱའོ། །བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་སྲས་རྣམས་ནི་ཐུགས་ལས་སྐྱེས་པའི་སྲས་ཡིན་པས་སྲས་ཀྱི་མཆོག་ཏུ་སྐྱེས་པ་ཞེས་བྱ་སྟེ། སངས་རྒྱས་ཀྱི་སྲས་ ཀྱི་མཆོག་ཏུ་སྐྱེས་པའི་སྒོ་ནས་ཀྱང་ཁས་བླངས་པའི་ཁྱད་ཞུགས་པར་སྟོན་ཏོ། །སངས་རྒྱས་རྣམས་ཀྱི་སྲས་མཆོག་ཏུ་ནི་གང་སྐྱེས་པ། །སེམས་དང་ཤེས་རབ་དང་ནི་ཚོགས་ལྡན་སྙིང་རྗེ་དང་། །ས་བོན་མ་དང་མངལ་གནས་མ་མ་མཚུངས་པ་མེད། །དེ་ནི་ཁས་བླངས་མཆོག་ཏུ་བློ་ལྡན་ཤེས་པར་བྱ། ། ཞེས་བྱ་བ་ལ། འདི་ལྟར་འཁོར་ལོས་སྒྱུར་བའི་རྒྱལ་པོའི་སྲས་ཀྱང་ཡོན་ཏན་རྣམ་པ་བཞི་དང་ལྡན་པ་དང་། འཁོར་ལོས་སྒྱུར་བའི་རིགས་མི་གཅོད་པར་གནས་པ་ཡིན་ཏེ། བཞི་གང་ཞེ་ན། ས་བོན་ཕུན་སུམ་ཚོགས་པ་དང་། མ་ཕུན་སུམ་ཚོགས་པ་དང་། མངལ་ཕུན་སུམ་ཚོགས་པ་དང་། མ་མ་ཕུན་སུམ་ཚོགས་པའོ། །དེ་ལ་ས་བོན་ཕུན་སུམ་ཚོགས་པ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཉིད་ཀྱིས་ས་བོན་དང་ཁུ་བ་གཞག་གི་གཞན་གྱིས་ནི་མ་ཡིན་ནོ། །མ་ཕུན་སུམ་ཚོགས་པ་ཡང་ས་བོན་དེ་ཡང་བཙུན་མོ་དམ་པ་ལ་གཞག་གི་བྲན་མོ་ངན་པ་ལ་སོགས་པ་ལ་མི་བཞག་པའོ། །དེ་ ལྟར་ན་ཕ་ཕུན་སུམ་ཚོགས་པ་དང་། མ་ཕུན་སུམ་ཚོགས་པར་འགྱུར་ལ། མངལ་གྱི་གནས་ཀྱང་རླུང་དང་མཁྲིས་པ་དང་བད་ཀན་ལ་སོགས་པས་ཉམས་པར་ཡང་མ་བྱས་པའོ། །དེ་ལྟར་ན་ཞག་དང་ཟླ་བ་ལ་སོགས་པ་ཚང་ནས་མངལ་ཡོངས་སུ་རྫོགས་ཏེ། བདེ་བར་སྐྱེས་ནས་ཀྱང་གལ་ ཏེ་མ་མས་བཀྲུ་བ་དང་། ནུ་མ་སྣུན་པ་ལ་སོགས་པ་ཞལ་ཏ་ལེགས་པར་བྱེད་པའི་ལག་ཏུ་སོང་སྟེ། རིམ་གྱིས་སྐྱེས་ནས་འཁོར་ལོས་སྒྱུར་བའི་རིགས་མི་གཅོད་པར་གནས་པར་འགྱུར་རོ། །དེ་དང་འདྲ་བར་བྱང་ཆུབ་སེམས་དཔའ་རྣམས་མཚུངས་པ་མེད་པ་རྣམ་པ་བཞི་དང་ལྡན་པར་སངས་ རྒྱས་ཀྱི་སྲས་སུ་སྐྱེས་པ། དེ་ཉན་ཐོས་ལ་སོགས་པའི་ཁས་བླངས་པ་པས་ཁས་བླངས་པའི་མཆོག་ཏུ་རིག་པར་བྱ་སྟེ། མཚུངས་པ་མེད་པ་རྣམ་པ་བཞི་ནི། ས་བོན་མཚུངས་པ་མེད་པ་དང་། མ་མཚུངས་པ་མེད་པ་དང་། མངལ་གྱི་གནས་མཚུངས་པ་མེད་པ་དང་། མ་མ་མཚུངས་པ་མེད་ པའོ། །ཐེག་པ་ཆེན་པོ་ལ་བརྟེན་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱ་བའི་ས་བོན་ནི་བྱང་ཆུབ་ཀྱི་སེམས་ཏེ། དེ་ཡང་བྱང་ཆུབ་སེམས་དཔའི་རིགས་ལ་གནས་པས་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ས་བོན་དུ་འགྱུར་ཏེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ རིགས་ཅན་ནམ། རིགས་མེད་པས་སེམས་བསྐྱེད་ན་ནི་ས་བོན་དུ་མི་འགྱུར་རོ། །ས་བོན་དེ་ཡང་གལ་ཏེ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མར་འགྱུར་གྱི་ཕ་རོལ་ཏུ་ཕྱིན་པ་གཞན་མར་གྱུར་ན་སངས་རྒྱས་ཀྱི་གདུང་མི་གཅོད་པར་འགྱུར་རོ། །དེ་ལ་ཡང་བསོད་ནམས་དང་ ཡེ་ཤེས་ཀྱི་ཚོགས་མངལ་གྱི་གནས་ལྟ་བུ་དང་ལྡན་ན་འཚང་རྒྱ་སྟེ་ཅིའི་ཕྱིར་ཞེ་ན། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ནི་བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱ་བའི་རྟེན་དུ་གྱུར་པ་ཡིན་པའི་ཕྱིར་རོ། །བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་ཀྱང་དེའི་མི་མཐུན་པའི་ཕྱོགས་སུ་གྱུར་པ་སེར་སྣ་ལ་སོགས་ པས་དྲི་མ་ཅན་དུ་མ་བྱས་ན་གདོད་འཚང་རྒྱ་བའི་རྟེན་དུ་འགྱུར་གྱི། མི་མཐུན་པའི་ཕྱོགས་ཀྱི་དྲི་མ་ཅན་དུ་གྱུར་པའི་རྟེན་དུ་མི་འགྱུར་རོ། །དེ་ལྟར་སངས་རྒྱས་ཀྱི་རིགས་སུ་སྐྱེས་ནས་ཀྱང་གལ་ཏེ་སྙིང་རྗེ་ཆེན་པོས་མ་མ་བྱས་ཏེ་མྱ་ངན་ལས་འདས་པའི་མཐར་མ་ལྟུང་བར་འཁོར་བ་ནས་བྱང་ཆུབ་སེམས་དཔའི་ སྤྱོད་པ་རྒྱུན་མ་བཅད་ན་འཚང་རྒྱ་བར་འགྱུར་ཏེ། དེ་ལྟར་ཡོན་ཏན་རྣམ་པ་བཞི་དང་ལྡན་པར་སྐྱེས་པ་དང་། སངས་རྒྱས་ཀྱི་གདུང་མི་གཅོད་པར་གནས་པ་ཡིན་ནོ། །དེ་ནི་མངོན་པར་སྐྱེས་པའི་ཁྱད་པར་གྱིས། །ཞེས་བྱ་བ་ལ། ཡོན་ཏན་རྣམ་པ་བཞི་དང་ལྡན་པར་སྐྱེས་པ་ནི། ཉན་ཐོས་དང་རང་སངས་རྒྱས་ལས་འཕགས་པར་སྐྱེས་པ་ཡིན་པས་མངོན་པར་སྐྱེས་པའི་ཁྱད་པར་ཅན་ཡིན་ནོ། །ལེགས་པར་སྐྱེས་པ་དེ་ཉིད། ལུས་ཀྱི་ཁྱད་པར་གྱིས་ཁྱད་པར་ཅན་དུ་བྱས་པས་ཁས་ལེན་པ་དེ་ཉིད་ཀྱི་ཁྱད་པར་ཚིགས་སུ་བཅད་པ་གཞན་གྱིས་བསྟན་ཏོ་ཞེས་བྱ་བ་ལ། ཡོན་ཏན་རྣམ་ པ་བཞི་དང་ལྡན་པར་སྐྱེས་པ་དེ་ཉིད་ལེགས་པར་སྐྱེས་པ་ཞེས་བྱ་སྟེ། ལེགས་པར་སྐྱེས་པའི་བྱང་ཆུབ་སེམས་དཔའ་དེ་འཇིག་རྟེན་པ་བརྒྱ་བྱིན་ལ་སོགས་པ་དང་འཇིག་རྟེན་ལས་འདས་པ་ཉན་ཐོས་ལ་སོགས་པའི་ལུས་པས་ཀྱང་ལུས་ཁྱད་ཞུགས་པར་འཐོབ་པས་ཁས་ལེན་པ་དེ་ཁྱད་པར་དུ་འཕགས་པར་ བསྟན་པ་དེའི་ཚེ་ཚིགས་སུ་བཅད་པ་རྩོམ་མོ། །སྣ་ཚོགས་མཚན་རྣམས་ཀུན་གྱིས་ལུས་བརྒྱན་ཅིང་། །སེམས་ཅན་ཐམས་ཅད་སྨིན་བྱའི་ཕྱིར་ནི་དེ་སྟོབས་ཐོབ། །སངས་རྒྱས་རྣམས་ཀྱི་ཞི་བ་བདེ་ཆེན་མཐའ་ཡས་རྙེད། །སེམས་ཅན་ཐམས་ཅད་བསྐྱབ་ཕྱིར་ཐབས་ཆེན་བཤམས་པ་ཤེས། །ཞེས་བྱ་བ་ལ་ དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོའི་སྲས་སུ་སྐྱེས་ན་ཡོན་ཏན་རྣམ་པ་བཞི་དང་ལྡན་པའི་ལུས་ཀྱི་ཁྱད་པར་འཐོབ་སྟེ། བཞི་གང་ཞེ་ན། མི་ཕལ་པ་དང་མི་འདྲ་བའི་མཚན་གྱིས་བརྒྱན་པའི་ལུས་ཐོབ་པ་དང་། རྒྱལ་ཕྲན་གཞན་ཚར་གཅོད་པའི་ལྡན་པ་ཐོབ་པ་དང་། རྒྱལ་པོའི་སྲིད་ཀྱི་ལོངས་སྤྱོད་ཀྱི་ བདེ་བ་ཐོབ་པ་དང་། རྒྱལ་སྲིད་ཀྱི་གཙུག་ལག་དང་། རིག་པའི་གནས་ཐམས་ཅད་ལ་མཁས་པའི་ཡེ་ཤེས་ཀྱང་ཐོབ་བོ། །དེ་དང་འདྲ་བར་སངས་རྒྱས་ཀྱི་སྲས་སུ་སྐྱེས་པ་བྱང་ཆུབ་སེམས་དཔའ་རྣམས་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པའི་ལུས་ཐོབ་པས་ན་ གཟུགས་བཟང་པོའི་ཁྱད་པར་དང་ལྡན་ཏེ། སྣ་ཚོགས་སྨོས་པ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་ཡང་མཚན་དང་དཔེ་བྱད་ཡོད་མོད་ཀྱི། དེ་བས་འཕགས་པར་བསྟན་པའི་ཕྱིར་སྣ་ཚོགས་སྨོས་ཏེ། ཇི་ལྟར་འཕགས་ཤེ་ན། རྣམ་པ་གསུམ་གྱིས་འཕགས་ཏེ་གནས་ན་གནས་པ་དང་། ཡོངས་སུ་གསལ་བ་དང་། ཡོངས་སུ་རྫོགས་པས་འཕགས་སོ། །དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོའི་སྲས་དེ་དགྲའི་ཚོགས་རྣམས་གཞོམ་པར་ནུས་པའི་ལུས་ཀྱི་རྩལ་དང་ལྡན་པ་བཞིན་དུ། བྱང་ཆུབ་སེམས་དཔའ་དེ་ཡང་སེམས་ཅན་མ་དད་པ་རྣམས་དད་པར་བྱ་བ་དང་། དད་པ་རྣམས་ས་བཅུ་ལ་བཀོད་དེ། ཡོངས་སུ་ སྨིན་པར་བྱ་བའི་ལུས་ངག་ཡིད་གསུམ་གྱི་མཐུ་དང་ལྡན་ཏེ། དེ་བས་ན་སྟོབས་ཁྱད་ཞུགས་སོ། །དཔེར་ན་འཁོར་ལོས་སྒྱུར་བའི་སྲས་སུ་སྐྱེས་པ་དེ་ལོངས་སྤྱོད་ཀྱི་བདེ་བ་ཕུན་སུམ་ཚོགས་པ་བདེ་བ་མྱོང་བར་འགྱུར་བ་བཞིན་དུ་སངས་རྒྱས་ཀྱི་སྲས་སུ་སྐྱེས་པའི་བྱང་ཆུབ་སེམས་དཔས་ཀྱང་། ཉོན་མོངས་པ་དང་ཤེས་ བྱའི་སྒྲིབ་པ་ཐམས་ཅད་སྤངས་པའི་མཚན་ཉིད་ཀྱི་བདེ་བ་ཡེ་ཤེས་དང་། ཐེག་པ་ཆེན་པོའི་ཏིང་ངེ་འཛིན་དཔག་ཏུ་མེད་པ་དང་། སྟོབས་དང་། མི་འཇིགས་པ་ལ་སོགས་པའི་བདེ་བ་མྱོང་བར་འགྱུར་ཏེ། དེ་བས་ན་བདེ་བའི་ཁྱད་པར་དང་ཡང་ལྡན་ནོ། །དེ་དཔེར་ན་འཁོར་ལོས་སྒྱུར་ བའི་རྒྱལ་པོའི་སྲས་རྒྱལ་སྲིད་ཀྱི་གཙུག་ལག་དང་། རིག་པའི་གནས་ལ་མཁས་པ་བཞིན་དུ། བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་སྲས་སུ་སྐྱེས་པ་རྣམས་ཀྱང་། སེམས་ཅན་ཐམས་ཅད་འཁོར་བའི་བཙོན་ར་ནས་བསྒྲལ་ཞིང་མྱ་ངན་ལས་འདས་པ་ལ་འཁོད་པར་བྱ་བའི་ཐབས་གང་ཡིན་ པ་མཁྱེན་ཏེ། དེ་བས་ན་ཡེ་ཤེས་ཀྱི་ཁྱད་པར་དང་ཡང་ལྡན་ནོ། །ཐབས་ནི་ཤེས་རབ་དང་སྙིང་རྗེའོ། །དེ་ལ་ཤེས་རབ་དང་ལྡན་པས་འཁོར་བ་ན་གནས་ཀྱང་འཁོར་བའི་ཉེས་པས་མི་གོས། སྙིང་རྗེ་དང་ལྡན་པས་ཉན་ཐོས་བཞིན་དུ་མྱ་ངན་ལས་འདས་པ་འབའ་ཞིག་ཏུ་མི་ལྟུང་ངོ་། །ཡང་ལེགས་ པར་སྐྱེས་པ་དེ་ཉིད་སངས་རྒྱས་ཀྱི་རིགས་མི་གཅོད་པར་ཚིགས་སུ་བཅད་པ་གཞན་གྱིས་བསྟན་ཏོ་ཞེས་བྱ་བ་ལ་ཡོན་ཏན་རྣམ་པ་བཞི་དང་ལྡན་པར་སྐྱེས་པ་ནི་ལེགས་པར་སྐྱེས་པ་སྟེ། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོའི་སྲས་ཡོན་ཏན་རྣམ་པ་བཞི་དང་ལྡན་ན་འཁོར་ལོས་སྒྱུར་བའི་རྒྱལ་ པོའི་རིགས་རྒྱུན་མི་གཅོད་པ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ཡོན་ཏན་རྣམ་པ་བཞི་དང་ལྡན་ན་སངས་རྒྱས་ཀྱི་གདུང་མི་གཅོད་པར་གནས་པའི་ཚིགས་སུ་བཅད་པ་རྩོམ་མོ། །ཡོན་ཏན་རྣམ་པ་བཞི་ནི་དབང་བསྐུར་བ་ཐོབ་པ་དང་དབང་ཐོབ་པ་མེད་པ་དང་། ལྷག་པར་བྱ་བ་བརྟགས་པ་ལ་མཁས་པ་ དང་། ཚར་བཅད་པ་དང་། ཕན་འདོགས་པར་བྱེད་པའོ། །སངས་རྒྱས་ཀུན་གྱི་འོད་ཟེར་ཆེན་པོས་དབང་བསྐུར་བྱིན། །ཞེས་བྱ་བ་ལ་འཁོར་ལོས་སྒྱུར་བའི་སྲས་སུ་ལེགས་པར་སྐྱེས་པ་དེ་རྒྱལ་ཚབ་ཏུ་དབང་བསྐུར་བ་ཐོབ་པ་བཞིན་དུ། བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ སྲས་སུ་སྐྱེས་པ་དེ་དག་ཀྱང་ས་བཅུ་པ་ཆོས་ཀྱི་སྤྲིན་ཐོབ་པའི་དུས་ན་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཕྱོགས་བཅུའི་འོད་ཟེར་གྱིས་ཆོས་ཀྱི་རྒྱལ་པོའི་རྒྱལ་ཚབ་ཏུ་དབང་བསྐུར་བ་ཐོབ་པར་འགྱུར་ཏེ། འདིས་ནི་དབང་བསྐུར་བ་ཐོབ་པར་བསྟན་ཏོ། །དེ་ནི་ཆོས་ལ་དབང་བ་ཀུན་དང་ཤིན་ ཏུ་ལྡན། །ཞེས་བྱ་བ་ལ། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོའི་སྲས་རྒྱལ་ཚབ་ཏུ་དབང་བསྐུར་ཕན་ཆད་འབངས་དཀོར་ཁ་ཅིག་ལ་ནི་དབང་བ་ཀུན་ལ་མི་དབང་ཞེས་བྱ་བ་མེད་པར་ཐམས་ཅད་ལ་དབང་བ་དེ་བཞིན་དུ། ས་བཅུར་བྱང་ཆུབ་སེམས་དཔའ་དབང་བསྐུར་བ་ཐོབ་ཕན་ཆད་ཇི་ སྙེད་དུ་ཤེས་པར་བྱ་བ་དང་། སྤང་བར་བྱ་བ་དང་། མངོན་དུ་བྱ་བ་དང་། བསྒོམ་པར་བྱ་བའི་ཆོས་ཐམས་ཅད་མངོན་དུ་གྱུར་པའི་ཡེ་ཤེས་དང་ལྡན་ཏེ། འདི་ནི་དབང་ཐོགས་པ་མེད་པར་བསྟན་ཏོ། །སངས་རྒྱས་འཁོར་གྱི་དཀྱིལ་འཁོར་སྟོན་པའི་རྣམ་པར་ཤེས་པ་ཞེས་བྱ་བ་ལ། དཔེར་ན་འཁོར་ལོས་ སྒྱུར་བའི་རྒྱལ་པོའི་སྲས་དེ་འབངས་རྣམས་ལ་དོན་ཅི་དང་ཅི་ལྟ་བ་ལ་མཁས་པ་དང་། རྒྱལ་པོའི་གཙུག་ལག་དང་། བཟོའི་གནས་ལ་མཁས་པ་བཞིན་དུ། དབང་བསྐུར་བ་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱང་སངས་རྒྱས་ཀྱི་འཁོར་དགེ་སློང་ཕ་དང་། དགེ་སློང་མ་ལ་སོགས་པའི་ནང་ དུ་ཆོས་དང་ཅི་བསྟན་པ་ཤེས་པ་དང་། འཁོར་དེ་དག་གདུལ་བར་བྱ་བའི་ཐབས་ཀྱང་ཤེས་པར་འགྱུར་ཏེ། འདིས་ནི་ལྷག་པར་བྱ་བ་བརྟག་པ་ལ་མཁས་པར་བསྟན་ཏོ། །བསླབ་པ་བཅས་པས་ཕན་གདགས་པ་དང་ཚར་གཅོད་བྱེད། །ཅེས་བྱ་བ་ལ། བསླབ་པ་བཅས་པ་ནི་མཁས་པའི་ལྷག་ པའི་ཚུལ་ཁྲིམས་ཀྱི་བསླབ་པ་བསྟན་པའོ། །དཔེར་ན་དབང་བསྐུར་བ་ཐོབ་པའི་འཁོར་ལོས་སྒྱུར་བའི་རྒྱལ་པོའི་སྲས་ཉེས་པ་བྱེད་པ་རྣམས་ཚར་གཅོད་ཅིང་ཆད་པས་གཅོད་པར་ཡང་ནུས་ལ་ལེགས་པར་བྱེད་པ་རྣམས་ཕན་གདགས་ཤིང་བྱ་དགའ་བྱིན་པ་དེ་བཞིན་དུ་དབང་བསྐུར་བ་ཐོབ་པའི་བྱང་ ཆུབ་སེམས་དཔའ་རྣམས་ཀྱང་ཚུལ་ཁྲིམས་ལ་གནས་ཤིང་ཡོན་ཏན་དང་ལྡན་པ་རྣམས་ལ་ཕན་འདོགས་ཤིང་གཟེངས་བསྟོད་པར་ཡང་ནུས་ལ་བསླབ་པ་ལ་མི་གནས་ཤིང་སྐྱོན་དང་ལྡན་པ་རྣམས་ལ་ཚར་གཅོད་ཅིང་ཆད་པས་གཅོད་པར་ཡང་ནུས་ཏེ། འདིས་ནི་ཚར་གཅོད་ཅིང་ཕན་འདོགས་ པར་བྱེད་པ་བསྟན་ཏོ། །ཡང་ཁྱད་པར་དེ་བློན་པོ་ཆེན་པོ་ལྟ་བུའི་ཚིགས་སུ་བཅད་པ་གཞན་གྱིས་བསྟན་ཏེ་ཞེས་བྱ་བ་ལ། ཐེག་པ་ཆེན་པོའི་ཚུལ་དུ་ཁས་བླངས་པའི་ཁྱད་པར་དེ་བློན་པོ་ཆེན་པོའི་ཚུལ་དང་འདྲ་བས་བསྟན་ཏེ། དེ་ལ་དོན་རྣམ་པ་བཞི་བྱེད་པ་ནི་བློན་པོ་ཆེན་པོའོ། །བཞི་གང་ ཞེ་ན། ནང་ན་སྤྱོད་པ་དང་། མཛོད་ཐམས་ཅད་ཀྱི་སྤྱན་པ་དང་། བློ་གསང་བ་ལ་ཡིད་བརྟན་པ་དང་། བསྒོ་བ་ལ་དབང་བའོ། །དེ་དང་འདྲ་བར་ཐེག་པ་ཆེན་པོའི་སྒོར་སེམས་བསྐྱེད་པས་ཡང་དོན་རྣམ་པ་དེ་བཞི་བྱེད་པས་ན་བློན་པོ་ཆེན་པོ་དང་འདྲ་བར་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ། ། བློན་པོ་ཆེན་པོ་ལྟ་བུར་ཕ་རོལ་ཕྱིན་ལ་འཇུག་པའི་ཕྱིར། །ཞེས་བྱ་བ་ལ། དཔེན་ན་རྒྱལ་པོའི་བློན་པོ་ཆེན་པོ་རྒྱལ་པོས་ཐུགས་བརྟན་པར་བྱ་བའི་གནས་ཡིན་པས་ཞལ་ཏ་དག་བྱེད་ཅིང་བཙུན་མོ་དམ་པའི་ནང་དུ་ཡང་འཇུག་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་ཡང་དེ་བཞིན་གཤེགས་པས་ ཐུགས་བརྟན་པའི་གནས་ཡིན་པས་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་སོགས་པའི་ནང་དུ་འཇུག་ཅིང་སྤྱོད་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་ཆེན་པོའི་ཕྱོགས་རྣམས་རྒྱ་ཆེན་རྟག་ཏུ་སྤྱན་ཡང་བྱེད། །ཅེས་པ་ལ། དཔེར་ན་རྒྱལ་པོའི་བློན་པོ་ཆེན་པོ་ནོར་རིན་པོ་ཆེ་རྣམ་པ་སྣ་ཚོགས་ཀྱི་བང་མཛོད་རྣམས་ མི་འཁྱམས་པ་དང་། མི་བརླག་པར་བྱ་བའི་ཕྱིར་རྟག་ཏུ་སྦྱིན་བྱེད་ཅིང་ཉུལ་བར་བྱེད་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་རྣམས་ཀྱང་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱེད་པའི་རྒྱུ་བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་གྱི་ཆོས་རྒྱ་ཆེན་པོ་ལང་ཀར་གཤེགས་པ་ལ་སོགས་པའི་མདོ་སྡེ་དེ་དང་དེ་དག་ ནས་འབྱུང་བ་རྣམས་ལ་རྟག་ཏུ་སྤྱན་བྱེད་དེ། མི་བརྗེད་པར་སེམས་ལ་འཛིན་པར་བྱེད་དོ། །གསང་བའི་གནས་ཀྱང་རྣམ་གསུམ་རྟག་པར་ཤིན་ཏུ་འཛིན་པའི་ཕྱིར། །ཞེས་བྱ་བ་ལ། དཔེར་ན་རྒྱལ་པོའི་བློན་པོ་ཆེན་པོ་གསང་བ་ལ་ཡིད་བརྟན་པས་བཀའ་བགྲོས་པ་གསང་བ་ཐམས་ཅད་ཀྱི་ནང་དུ་ཡང་ འཇུག་ཅིང་། རྒྱལ་པོའི་གསང་བ་ཐམས་ཅད་ཀྱང་འཛིན་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱང་དེ་བཞིན་གཤེགས་པའི་གསང་བའི་གནས་གསུམ་རྟག་ཏུ་འཛིན་ཏེ། གསང་བ་གསུམ་ནི། སྐུ་གསང་བ་དང་། གསུང་གསང་བ་དང་། ཐུགས་གསང་ བའོ། །དེ་ལ་སྐུ་གསང་བ་ནི་ལོ་ཉེས་ཆེན་པོ་དག་གི་ཚེ། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཉ་ཆེན་པོའི་ལུས་བསྟན་ནས་སེམས་ཅན་གསོས་པ་དང་། ནད་ཀྱི་བསྐལ་པ་དག་གི་དུས་ན་སྨན་པ་ཆེན་པོ་ལྷའི་ལུས་ལྟ་བུར་བསྟན་པ་ལ་སོགས་པའོ། །གསུང་གསང་བ་ནི་བྱིན་གྱིས་ བརླབས་ནས་རྩིག་པ་དང་། ཤིང་དང་ནམ་མཁའ་ལ་སོགས་པ་ལས་ཀྱང་དམ་པའི་ཆོས་འཆད་པའི་སྒྲ་འབྱུང་བའོ། །ཐུགས་གསང་བ་ནི་བྱིན་གྱིས་བརླབས་ནས་སེམས་ཅན་བླུན་པོ་དག་གིས་ཀྱང་ཆོས་ཟབ་མོའི་དོན་རྟོགས་པའོ། །སེམས་ཅན་མང་པོའི་དོན་ཀྱང་རྟག་ཏུ་རྒྱུན་མི་འཆད་པར་བྱེད། ། ཅེས་བྱ་བ་ལ། དཔེར་ན་རྒྱལ་པོའི་བློན་པོ་ཆེན་པོ་རྒྱལ་པོའི་བྱ་བ་ཐམས་ཅད་ཀྱང་བྱེད་ཅིང་འབངས་ཆབ་འོག་ཏུ་གཏོགས་པ་རྣམས་སྐྱོང་ཞིང་ཚིམ་པར་བྱེད་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་རྣམས་ཀྱང་ཇི་སྲིད་དུ་ཁམས་གསུམ་དུ་སེམས་ཅན་ཐམས་ཅད་ལ་སྙིང་རྗེས་ཁྱབ་པར་བྱས་ནས་མི་དགེ་བ་ ལས་བཟློག་ཅིང་དགེ་བ་ལ་གཞག་པར་བྱ་བའི་དོན་དང་མྱ་ངན་ལས་འདས་པར་གཞག་པར་བྱ་བའི་དོན་རྟག་ཏུ་རྒྱུན་མི་འཆད་པར་བྱེད་དེ། ཚེ་རབས་གཅིག་ནས་གཅིག་ཏུ་གར་སྐྱེས་ཀྱང་ལས་བྱེད་པས་ན་རྟག་ཏུ་བྱེད་པ་ཞེས་བྱའོ། །སྐད་ཅིག་མ་རེ་རེ་ལ་ཡང་བྲེང་མ་ཆད་པར་བྱེད་པས་ན་རྒྱུན་མ་ཆད་པར་ བྱེད་པ་ཞེས་བྱའོ། །རྟོགས་པའི་དོན་དུ་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། ཀུན་ཏུ་འགྲོ་བའི་དོན་དང་ཁས་ལེན་པའི་དོན་བསྟན་ནས། ད་ནི་རྟོགས་པའི་དོན་རྒྱ་ཆེར་བསྟན་པར་བྱ་བའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ། །ཐེག་པ་ཆེན་པོ་འདིར་སྐྱབས་སུ་སོང་ན་དོན་མདོར་ན་གང་ཟག་དང་ཆོས་ལ་བདག་ མེད་པར་རྟོགས་པར་འགྱུར་ལ་ཞིབ་ཏུ་ནི་ཡོན་ཏན་རྣམ་པ་བརྒྱད་རྟོགས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །བསོད་ནམས་ཕུང་ཆེན་ཞེས་བྱ་བ་ལ། དང་པོ་ཉིད་དུ་ཟབ་ཅིང་རྒྱ་ཆེ་བའི་ཐེག་པ་ཆེན་པོའི་མདོ་སྡེ་ལ་མོས་པའི་ཤུགས་ཀྱིས་དད་པ་ཆེན་པོ་བྱུང་བའི་ཚེ་ན་ནི་ནམ་མཁའི་ཁམས་དང་སེམས་ཅན་ གྱི་མཐའ་ཇི་ཙམ་པའི་བསོད་ནམས་ཀྱི་ཚོགས་ཀྱང་ཐོབ་པར་འགྱུར་ཏེ། འདི་ནི་ཡོན་ཏན་རྣམ་པ་གཅིག་གོ། །སྲིད་གསུམ་བླ་ན་ཞེས་བྱ་བ་ནི་དེ་ལྟར་མོས་ནས་བདག་དང་གཞན་གྱི་དོན་དུ་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་དུས་ན་ནི་འདོད་པའི་ཁམས་དང་གཟུགས་ཀྱི་ཁམས་དང་། གཟུགས་ མེད་པའི་ཁམས་ཀྱི་སེམས་ཅན་ཀུན་ལས་འཕགས་པར་འགྱུར་ཏེ། འདི་ནི་ཡོན་ཏན་གཉིས་པའོ། །སྲིད་པའི་བདེ་བ་དང་ཞེས་བྱ་བ་ལ་བདག་དང་གཞན་གྱི་དོན་དུ་ལས་དང་ཉོན་མོངས་པའི་དབང་གིས་སྐྱེ་བ་ནི་མ་ཡིན་གྱི་ཤེས་བཞིན་དུ་ནི་སྲིད་པར་སྐྱེ་བ་ཡོངས་སུ་འཛིན་པའི་དུས་ན་ལྷ་དང་མིའི་ ལོངས་སྤྱོད་ཕུན་སུམ་ཚོགས་པ་མྱོང་བར་འགྱུར་ཏེ། འདི་ནི་ཡོན་ཏན་གསུམ་པའོ། །སྡུག་བསྔལ་ཕུང་པོ་རབ་ཞི་ཞེས་བྱ་བ་ལ་གང་གི་ཕྱིར་ས་དང་པོ་ཁོང་དུ་ཆུད་པ་ན་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བའི་མཚན་ཉིད་དུ་རྟོགས་སོ། །དེ་ལྟར་རྟོགས་པས་ན་བདག་དང་གཞན་མཉམ་པ་ཉིད་ཀྱི་སེམས་ཐོབ་སྟེ། དགའ་བའི་མཆོག་ཀྱང་རྙེད་དོ། །དེ་བས་ན་ས་དང་པོའི་ངེས་པའི་ཚིག་ཏུའང་ས་རབ་ཏུ་དགའ་བ་ཞེས་བྱ་སྟེ། དང་པོ་ཉིད་དུ་བདག་དང་གཞན་གྱི་དོན་སྒྲུབ་པའི་ཉེས་པ་རྙེད་པའི་ཕྱིར་རོ། །དེ་ལྟར་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བའི་མཚན་ཉིད་དུ་རྟོགས་པ་དེས་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡུག་ བསྔལ་གྱི་ཕུང་པོ་ཞི་བར་བྱེད་དོ། །དེའི་ཚེ་ན་བདག་ཉིད་འཇིགས་པ་ལྔ་ལས་འདས་པས་ན་བདག་གི་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་ཞིའོ། །བདག་བཞིན་དུ་སེམས་ཅན་རྣམས་ཀྱི་འཇིགས་པ་ལྔ་ཡང་མེད་པར་བྱེད་པས་ན་སེམས་ཅན་གྱི་སྡུག་བསྔལ་གྱི་ཕུང་པོ་ཡང་ཞི་བར་བྱེད། འཇིགས་པ་ལྔ་ནི་འཚོ་ བ་མེད་པའི་འཇིགས་པ་དང་། ཚིགས་སུ་བཅད་པ་མེད་པའི་འཇིགས་པ་དང་། འཁོར་གྱི་འཇིགས་པ་དང་། ངན་འགྲོར་ལྟུང་བའི་འཇིགས་པ་དང་། འཆི་འཕོའི་འཇིགས་པ་སྟེ། འདི་ནི་ཡོན་ཏན་བཞི་པའོ། །བློ་མཆོག་བདེ་བ་དང་ཞེས་བྱ་བ་ལ། ས་བརྒྱད་ལ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ པའི་དུས་ན་ལྷུན་གྱིས་གྲུབ་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྣང་བ་ཆེན་པོ་ཐོབ་པས་ན། ཆོས་མཆོག་བདེ་བ་ཐོབ་པ་ཞེས་བྱ་སྟེ། འདི་ནི་ཡོན་ཏན་ལྔ་པའོ། །དེ་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་ལྷུན་གྱིས་གྲུབ་པར་གནས་པའི་དཔེ་ཡང་རྒྱ་མཚོའི་གྲུ་བོ་ཆེས་བསྟན་པ་ལྟ་བུའོ། །བློ་མཆོག་ བདེ་བ་དང་ཞེས་བྱ་བ་ལ། ཆོས་ཆེན་ཕུང་པོ་མཆོག་རབ་རྟག་པའི་སྐུ་སྟེ་དགེ་བའི་ཚོགས། །བག་ཆགས་ལས་ཀྱང་བཟློག་ཅིང་སྲིད་ཞི་རྣམ་པར་གྲོལ་བ་ཐོབ། །ཅེས་བྱ་བ་ལ། དེ་ནས་ས་བཅུ་འདས་ནས་སངས་རྒྱས་ཀྱི་སར་ཆེན་པོའི་ཕུང་པོ་མཆོག་རབ་རྟག་པའི་སྐུ་དགེ་བའི་ ཚོགས་ཀྱང་འཐོབ་སྟེ། འདི་ནི་ཡོན་ཏན་དྲུག་པའོ། །སངས་རྒྱས་ཀྱི་སར་བག་ཆགས་ཐམས་ཅད་བཟློག་པ་ཡང་འཐོབ་སྟེ། འདི་ནི་ཡོན་ཏན་བདུན་པའོ། །སྲིད་ཞི་རྣམ་པར་གྲོལ་བ་ཡང་འཐོབ་སྟེ། འདི་ནི་ཡོན་ཏན་བརྒྱད་པའོ། །ཆོས་ཀྱི་སྐུ་དེ་གསུང་རབ་ཡན་ལག་བཅུ་གཉིས་འབྱུང་ བའི་འབྱུང་གནས་ཡིན་པས་ཆོས་ཆེན་ཕུང་པོ་ཞེས་བྱའོ། །ཆོས་ཆེན་སྐུ་སྟེ་ཉན་ཐོས་ཀྱི་རྣམ་པར་གྲོལ་བའི་སྐུ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ཀྱི་ཕུལ་དུ་གྱུར་པས་མཆོག་རབ་ཅེས་བྱའོ། །ཆོས་ཀྱི་སྐུ་དེ་འཁོར་བའི་མཐའ་དང་། སེམས་ཅན་གྱི་མཐའ་དང་ ནམ་མཁའི་མཐའི་བར་དུ་གནས་པས་རྟག་པའི་སྐུ་ཞེས་བྱའོ། །སངས་རྒྱས་ཀྱི་སའི་དུས་ན་གང་ཟག་ལ་བདག་མེད་པར་རྟོགས་པས་ནི་ཉོན་མོངས་པའི་བག་ཆགས་སྤངས། ཆོས་ལ་བདག་མེད་པར་རྟོགས་པས་ནི་ཤེས་བྱའི་བག་ཆགས་སྤངས་པས་བག་ཆགས་ཐམས་ཅད་ལས་ཀྱང་བཟློག་ པའོ། །སངས་རྒྱས་ཀྱི་སའི་དུས་ན་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པས་སྲིད་ཞི་རྣམ་པར་གྲོལ་བ་ཞེས་བྱ་སྟེ། སྲིད་པ་ནི་འཁོར་བ་སྟེ། འཁོར་བ་ལས་རྣམ་པར་གྲོལ་ཞིང་འཁོར་བ་ལའང་མི་གནས་སོ། །ཞི་བ་ནི་མྱ་ངན་ལས་འདས་པ་སྟེ་མྱ་ངན་ལས་འདས་པ་ལས་རྣམ་པར་གྲོལ་ཞིང་ མྱ་ངན་ལས་འདས་པ་ལ་ཡང་མི་གནས་སོ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཤེས་རབ་དང་ལྡན་པས་ནི་འཁོར་བ་ན་གནས་ཀྱང་འཁོར་བའི་ཉེས་པས་མི་གོས་པས་ན་འཁོར་བ་ན་མི་གནས་སོ། །སྙིང་རྗེ་དང་ལྡན་པས་ཉན་ཐོས་བཞིན་མྱ་ངན་ལས་འདས་པ་འབའ་ཞིག་ཏུ་མ་ཞུགས་པའི་ཕྱིར་མྱ་ངན་ ལས་འདས་པ་ལ་མི་གནས་པས་སོ། །འདི་ཞི་བར་བྱེད་པས་ན་རབ་ཏུ་ཞི་བའོ་ཞེས་པ་ནི་ས་དང་པོར་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བར་ཤེས་ནས་བདག་དང་གཞན་མཉམ་པ་ཉིད་ཐོབ་པའི་ཡེ་ཤེས་ཀྱིས་བདག་དང་གཞན་གྱི་འཇིགས་པ་ལྔ་རབ་ཏུ་ཞི་བར་བྱེད་པས་ན་ཡེ་ཤེས་ལ་རབ་ཏུ་ཞི་བ་ཞེས་བྱའོ། ཟིལ་གྱིས་གནོན་པའི་དོན་དུ་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། ཀུན་ཏུ་འགྲོ་བ་ལ་སོགས་པའི་དོན་གསུམ་བཤད་ནས་ཟིལ་གྱིས་གནོན་པའི་དོན་རྒྱས་པར་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་སྟེ། ཐེག་པ་ཆེན་པོ་ལ་སྐྱབས་སུ་སོང་ན་དགེ་བ་རྣམ་པ་བཞིས་ཉན་ཐོས་ལ་སོགས་པ་ཟིལ་གྱིས་ གནོན་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །བློ་ལྡན་དགེ་བ་རྒྱ་ཆེས་ཉན་ཐོས་མང་པོ་ཟིལ་གྱིས་གནོན། །དོན་ཆེན་མཐའ་ཡས་རྟག་ཏུ་རྒྱུན་མི་འཆད་ཅིང་མི་ཟད་པས། །ཞེས་བྱ་བའི་ཚིགས་བཅད་རྐང་པ་ཕྱེད་ཀྱི་བཤད་པས་ནི། དགེ་བའི་འཇིག་རྟེན་མ་ཡིན་དེ་ཡང་སྨིན་པར་བྱེད། །ཕུན་སུམ་ ཚོགས་པ་རྙེད་པ་ཕུང་པོ་ཞི་བས་མི་ཟད་པ། །ཞེས་བྱ་བའི་ཚིགས་སུ་བཅད་པ་ཕྱེད་ཀྱིས་བཤད་དེ། བློ་དང་ལྡན་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་བྱའོ། །བྱང་ཆུབ་སེམས་དཔའ་རྣམས་དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་དགེ་བ་ནས་མོས་པས་སྤྱོད་པའི་ས་འཇིག་རྟེན་གྱི་ཆོས་མཆོག་ མན་ཆད་ཀྱི་འཇིག་རྟེན་པའི་དགེ་བ་ནི་ཉན་ཐོས་ཀྱི་དགེ་བ་ལྟར་མྱ་ངན་ལས་འདས་པའི་ཕྱོགས་འབའ་ཞིག་ཏུ་འཇུག་པ་མ་ཡིན་གྱི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་འཁོར་བར་འཇུག་པའི་རྒྱུ་ཡང་བྱེད་པས་རྒྱ་ཆེ་བའི་ཕྱིར་ཉན་ཐོས་ཐམས་ཅད་ཟིལ་གྱིས་གནོན་ཏོ། །ས་དང་པོ་ནས་ས་བདུན་མན་ ཆད་ཀྱི་འཇིག་རྟེན་ལས་འདས་པའི་དགེ་བ་ནི་བླ་ན་མེད་པའི་བྱང་ཆུབ་པར་བྱེད་པའི་ཕྱིར་དོན་ཆེ་བ་སྟེ། དོན་ཆེ་བའི་ཕྱིར་ཉན་ཐོས་ཐམས་ཅད་ཟིལ་གྱིས་གནོན་ཏོ་ཞེས་བྱ་བའི་དོན་ཏོ། །ས་བརྒྱད་པ་ཡན་ཆད་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ལྷུན་གྱིས་གྲུབ་པ་ལ་གནས་པས་ན་དགེ་བའི་རྩ་བ་རྣམས་ ཡོངས་སུ་སྨིན་པར་བྱེད། འབྲུ་རྣམས་ཡོངས་སུ་སྨིན་པར་བྱེད་པའི་ཚེ་མང་དུ་འཕེལ་བ་དང་འདྲ་བ་དེ་ཡན་ཆད་དགེ་བའི་རྩ་བ་སྨིན་པས་སྟོབས་དང་མི་འཇིགས་པ་དང་། མ་འདྲེས་པ་དང་། ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཡོན་ཏན་མཐའ་ཡས་པ་འཕེལ་བར་འགྱུར་ཏེ། དེས་ན་རྟག་ཏུ་ སངས་རྒྱས་ཀྱི་མཛད་པ་རྒྱུན་མི་འཆད་པར་མཛད་ཅིང་དམ་པའི་ཆོས་འཆད་པ་རྒྱུན་མི་འཆད་པར་མཛད་པས་ཀྱང་ཉན་ཐོས་རྣམས་ཟིལ་གྱིས་གནོན་ཏོ་ཞེས་བྱ་བའི་དོན་ཏོ། །དེ་ནས་སངས་རྒྱས་ཀྱི་སར་སྟོབས་དང་མི་འཇིགས་པ་དང་། མ་འདྲེས་པ་ལ་སོགས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་རྙེད་ པ་ཡང་ཕུང་པོ་ཞི་བ་སྟེ། ཕུང་པོའི་ལྷག་མ་མ་ལུས་པར་སྤངས་པའི་མྱ་ངན་ལས་འདས་པར་ཞུགས་ཀྱང་ཟད་ཅིང་མཐར་ཐུག་པར་མི་འགྱུར་ཏེ། མི་ཟད་པའི་ཕྱིར་ཡང་ཉན་ཐོས་རྣམས་ཟིལ་གྱིས་གནོན་ཏོ། །སྐྱབས་སུ་འགྲོ་བ་བསྟན་པའི་ཚིགས་སུ་བཅད་པ་ཞེས་བྱ་བ་ ལ། གོང་དུ་ནི་ཐེག་པ་ཆེན་པོར་སྐྱབས་སུ་སོང་བ་དེ་ཀུན་འགྲོ་བ་ལ་སོགས་པའི་ཁྱད་པར་བཞི་དང་ལྡན་པས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྐྱབས་སུ་འགྲོ་བས་ཁྱད་ཞུགས་སོ་ཞེས་བསྟན་ནས། ད་ནི་སྐྱབས་སུ་འགྲོ་བའི་རང་བཞིན་དང་། རྒྱུ་དང་འབྲས་བུ་དང་ལས་དང་ལྡན་པ་དང་། རབ་ཏུ་དབྱེ་བ་བསྟན་པ་ལས་བརྩམས་ནས་ཚིགས་སུ་བཅད་པ་རྩོམ་མོ། །དེ་ནི་དེའི་དངོས་འདོད་ཕྱིར་ནི་ཁས་ལེན་ཞེས་བྱ་བ་ཉན་ཐོས་དག་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ནི་བདག་འཁོར་བའི་སྡུག་བསྔལ་ལས་ཐར་བར་གྱུར་ཅིག་ཅེས་བདག་ཡོངས་སུ་བསྐྱབ་པར་བྱ་བའི་ཕྱིར་སྐྱབས་སུ་འགྲོ་ བའོ། །བྱང་ཆུབ་སེམས་དཔའ་རྣམས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ནི། སངས་རྒྱས་གང་ལ་སྐྱབས་སུ་སོང་བའི་སངས་རྒྱས་དེའི་རང་བཞིན་ཉིད་གྲུབ་པར་བྱ་བའི་ཕྱིར་སྐྱབས་སུ་འགྲོ་བར་ཁས་ལེན་ཏེ། སངས་རྒྱས་འདི་སེམས་ཅན་ཐམས་ཅད་ཀྱི་སྐྱབས་སུ་གྱུར་པ་དེ་བཞིན་དུ་བདག་ ཀྱང་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཞི་བར་བྱ་བའི་ཕྱིར་སངས་རྒྱས་ཉིད་དུ་གྱུར་ཅིག་ཅེས་ཁས་ལེན་ཏེ། དེ་ལྟར་ཁས་ལེན་པ་ནི་རང་བཞིན་ནོ། །སྙིང་རྗེའི་ཕྱིར་ཡང་རིག་པར་བྱ། །ཞེས་བྱ་བ་ལ་སངས་རྒྱས་གྲུབ་པར་གྱུར་ཅིག་ཅེས་ཁས་ལེན་པ་ཡང་སེམས་ཅན་སྡུག་བསྔལ་བ་རྣམས་ལ་ སྙིང་རྗེའི་རྒྱུས་ཁས་ལན་ཏེ། སྙིང་རྗེ་ནི་སྐྱབས་སུ་འགྲོ་བའི་རྒྱུ་ཡིན་པར་རིག་པར་བྱའོ། །དེའི་ཕྱིར་ཐམས་ཅད་མཁྱེན་པ་ཞེས་བྱ་བ་ལ། དེ་ལྟར་སྐྱབས་སུ་འགྲོ་བའི་རང་བཞིན་དང་རྒྱུ་བསྐྱེད་ནས་ས་བཅུ་རིམ་གྱིས་བསྒྲུབས་ནས་སངས་རྒྱས་ཀྱི་སར་ཡེ་ཤེས་བཞིའི་བདག་ཉིད་ཐམས་ཅད་མཁྱེན་པ་ འཐོབ་པ་སྟེ། དེ་ནི་སྐྱབས་སུ་འགྲོ་བའི་འབྲས་བུའོ། །ཕན་པ་བྱེད་ཅིང་དཀའ་བྱེད་ཡོངས་མི་སྐྱོ། །ཞེས་བྱ་བ་ལ། སངས་རྒྱས་སུ་གྲུབ་ནས་སེམས་ཅན་ལ་ཕན་པར་བྱེད་པ་དང་བདེ་བར་བྱེད་པ་དང་། དཀའ་བ་སྤྱོད་པས་ཡོངས་སུ་མི་སྐྱོ་བ་ནི་སྐྱབས་སུ་འགྲོ་བའི་ལམ་ཡིན་ནོ། །ཚེ་འདིར་ཟང་ཟིང་ རྣམ་པ་སྣ་ཚོགས་ཀྱིས་ཕན་བཏགས་ཏེ། མི་དགེ་བ་ལས་བཟློག་ཅིང་དགེ་བ་ལ་བཞག་པ་ནི་ཕན་པར་བྱེད་པའོ། །ཚེ་རབས་གཞན་དུ་ལྷ་དང་མིའི་ལོངས་སྤྱོད་དང་མྱ་ངན་ལས་འདས་པ་ལ་བཀོད་པ་ནི་བདེ་བར་བྱེད་པའོ། །སེམས་ཅན་གྱི་དོན་དུ་ལུས་དང་སྲོག་ལ་ཕངས་པ་མེད་པར་མགོ་དང་རྐང་ ལག་ལ་སོགས་པ་གཏོང་བ་ནི་དཀའ་བ་བྱེད་པས་མི་སྐྱོ་བ་ཞེས་བྱའོ། །ཐེག་པ་ཀུན་གྱིས་འབྱུང་ཞིང་སོ་སོར་འབྲང་ཞིང་རྟག་ཏུ་ཡོན་ཏན་ལྡན། །ཞེས་བྱ་བ་ལ། ཐེག་པ་གསུམ་གྱི་ཐབས་ཀྱིས་སེམས་ཅན་རྣམས་ཁམས་གསུམ་ལས་བསྒྲལ་བར་བྱ་བའི་སེམས་ཅན་སོ་སོ་ནས་སྡུག་ཅིང་ཕོངས་པ་ རྣམས་ཀྱི་སྐྱབས་དང་མགོན་རྒྱུན་མི་འཆད་པར་བྱེད་པའི་ཡོན་ཏན་དང་ལྡན་ཏེ། འདིས་ནི་ལྡན་པ་བསྟན་ཏོ། །སོ་སོར་འབྲང་ཞེས་བྱ་བ་ནི་སེམས་ཅན་རྣམས་ཀྱི་སྐྱབས་དང་མགོན་དུ་གྱུར་པ་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་ཕྱེ་ན་དུ་ཡོད་པ་བསྟན་པའི་ཕྱིར། བརྡ་དང་ཆོས་ཉིད་ ཐོབ་པའི་བློ་ལྡན་རྣམས་ཀྱི་སྐྱབས་སུ་འགྲོ་བ་མཆོག །ཅེས་སྨོས་ཏེ། བྱང་ཆུབ་སེམས་དཔའི་སྐྱབས་སུ་འགྲོ་བ་ཕྱེ་ན་རྣམ་པ་གཉིས་ཏེ། བརྡས་ཐོབ་པ་དང་། ཆོས་ཉིད་ཀྱིས་ཐོབ་པའོ། །དེ་ལ་མཁན་པོ་དང་སློབ་དཔོན་ལས་བླངས་པའི་བྱང་ཆུབ་ཀྱི་སེམས་ནི་བརྡས་ཐོབ་པ་ཞེས་བྱའོ། ། བྱང་ཆུབ་སེམས་དཔས་ས་དང་པོ་ཐོབ་ནས་ཆོས་ཀྱི་དབྱིངས་ཐམས་ཅད་དུ་འགྲོ་བའི་མཚན་ཉིད་རྟོགས་ཏེ་དགེ་བའི་བཤེས་གཉེན་ལ་མ་བརྟེན་པར་སྨོན་ལམ་ཆེན་པོ་བཅུ་ལ་སོགས་པ་ནི་ཆོས་ཉིད་ཀྱིས་ཐོབ་པ་ཞེས་བྱ་སྟེ། དེས་རབ་ཏུ་དབྱེ་བ་བསྟན་ཏོ། །དེ་ལ་རྣམ་པ་གཉིས་སུ་དབྱེ་སྟེ། ཆེན་པོ་དང་ཕྲ་ མོའི་ཁྱད་པར་དུའོ། །བརྡས་ཐོབ་པ་ནི་མཁན་པོ་དང་སློབ་དཔོན་ལས་སྒྲའི་སྒོ་ནས་བླངས་པས་ཆེན་པོ་དང་རགས་པ་ཞེས་བྱའོ། །ཆོས་ཉིད་ཀྱིས་ཐོབ་པ་ནི་ཆོས་ཉིད་ཀྱི་དོན་རྟོགས་པ་ལས་རྙེད་པས་ཕྲ་བ་དང་ཟབ་པ་ཞེས་བྱའོ། །སྐྱབས་སུ་འགྲོ་བ་སྒྲུབ་པའི་ཁྱད་པར་གྱིས་ཚིགས་སུ་བཅད་པ་ ཞེས་བྱ་བ་ལ་གོང་དུ་སྐྱབས་སུ་འགྲོ་བའི་ཡོན་ཏན་དང་རང་བཞིན་ལ་སོགས་པ་བཤད་ནས། ད་ནི་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་སྟེ། ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་སྒྲུབ་པ་དེ་ཉན་ཐོས་དག་ཀྱང་སྐྱབས་སུ་སོང་ནས། ལྷག་པའི་ཚུལ་ཁྲིམས་དང་། ལྷག་པའི་སེམས་དང་། ལྷག་ པའི་ཤེས་རབ་བསྒྲུབ་པ་བས་ཁྱད་ཞུགས་པར་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ། །སྐྱབས་སུ་འགྲོ་བ་འདིར་སོང་དོན་ཆེན་ཏེ། །ཞེས་བྱ་བ་ལ་འདི་ཞེས་བྱེ་བ་ཐེག་པ་ཆེན་པོ་དང་སྦྱར་ཏེ། ཐེག་པ་ཆེན་པོ་འདིར་ཐེག་པ་ཆེན་པོའི་ཚུལ་གྱིས་དཀོན་མཆོག་གསུམ་ལ་སྐྱབས་ སུ་སོང་ན་བདག་གི་དོན་ཕུན་སུམ་ཚོགས་པ་དང་། གཞན་གྱི་དོན་ཕུན་སུམ་ཚོགས་པ་འགྲུབ་པར་འགྱུར་བས་དོན་ཆེ་བ་ཞེས་བྱའོ། །ཡོན་ཏན་མང་པོ་དཔག་མེད་འཕེལ་བར་འགྱུར། །ཞེས་བྱ་བ་ལ་དེ་ལྟར་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ས་རིམ་པས་བསྒྲུབས་ནས་སངས་རྒྱས་ཀྱི་སར་མངོན་པར་ སངས་རྒྱས་ནས་སྟོབས་དང་། མི་འཇིགས་པ་དང་མ་འདྲེས་པ་དང་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་འཐོབ་པར་འགྱུར་ཏེ། དེ་ལྟར་བདག་གི་དོན་ཕུན་སུམ་ཚོགས་པ་གྲུབ་པར་འགྱུར་བའི་ཕྱིར་དོན་ཆེ་བར་བསྟན་ནོ། །ཐེག་པ་ཆེན་པོར་སྐྱབས་སུ་སོང་ན་གཞན་གྱི་དོན་ཕུན་ སུམ་ཚོགས་པ་ཡང་འགྲུབ་པས་དོན་ཆེ་སྟེ། གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྒྲུབ་པ་ཡང་བསམ་པ་ཕུན་སུམ་ཚོགས་པ་དང་། སྦྱོར་བ་ཕུན་སུམ་ཚོགས་པས་བསྒྲུབ་པ་བསྟན་པའི་ཕྱིར། འགྲོ་བ་འདི་དག་སྙིང་རྗེ་བསམ་མི་ཁྱབ། །མཚུངས་མེད་འཕགས་ཆེན་ཆོས་ཀྱང་རྒྱས་པར་བྱེད། ། ཅེས་བྱ་བ་སྨོས་ཏེ། སྙིང་རྗེ་ཆེན་པོའི་བསམ་པས་སེམས་ཅན་ཐམས་ཅད་ལ་བྱེ་བྲག་མེད་པར་འཁོར་བའི་སྡུག་བསྔལ་ལས་བསྒྲལ་བར་བྱའོ་སྙམ་དུ་སེམས་ཏེ། འདིས་ནི་བསམ་པ་ཕུན་སུམ་ཚོགས་པ་བསྟན་ཏོ། །དེ་ལྟར་བསམས་ནས་བྱང་ཆུབ་སེམས་དཔའི་རིགས་ཀྱི་གང་ཟག་རྣམས་ལ་མཚུངས་ པ་མེད་པར་འཕགས་པ་ཆེན་པོའི་ཆོས་ཕྱོགས་བཅུ་ཐམས་ཅད་དུ་རྒྱས་པར་སྟོན་ཅིང་འཆད་པར་བྱེད་དེ། འདིས་ནི་སྦྱོར་བ་ཕུན་སུམ་ཚོགས་པ་བསྟན་ཏོ། །བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་འབྱུང་བའི་ཐེག་པ་ཆེན་པོ་དེ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་པས་ཁྱད་ཞུགས་པར་འཕགས་ པས་མཚུངས་པ་མེད་པ་ཞེས་བྱའོ། །ཉན་ཐོས་ལའང་འཕགས་པ་ཞེས་གདགས། རང་སངས་རྒྱས་ལའང་འཕགས་པ་ཞེས་གདགས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་ཡང་འཕགས་པ་ཞེས་བྱ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཉན་ཐོས་དང་རང་སངས་རྒྱས་རྣམས་ ལས་ཀྱང་འཕགས་པ་ཡིན་པས་འཕགས་པ་ཆེན་པོ་ཞེས་བྱ་སྟེ་ཐེག་པ་ཆེན་པོ་འདི་འཕགས་པ་དེ་དག་གི་ཆོས་ཡིན་པས་ན་ཐེག་པ་ཆེན་པོ་ལ་འཕགས་པ་ཆེན་པོའི་ཆོས་ཞེས་བྱའོ། །དཔག་ཏུ་མེད་པ་དང་རྟོག་གེ་དང་གྲངས་དང་དུས་དཔག་ཏུ་མེད་པར་རིག་པར་བྱ་སྟེ་ཞེས་བྱ་བ་ལ། དེ་བཞིན་གཤེགས་ པའི་ཡོན་ཏན་ནི་རྟོག་གེ་པ་རྣམས་ཀྱི་མངོན་སུམ་དང་རྗེས་སུ་དཔག་པའི་ཚད་མས་འདི་ཙམ་ཞིག་ཡོད་དོ་ཞེས་འཆད་ཅིང་དཔག་པར་མི་ནུས་པ་དང་། གྲངས་ཀྱི་སྒོ་ནས་ཀྱང་གྲངས་འབུམ་ཞེའམ་བྱེ་བ་ཡོད་ཅེས་དཔྱད་པར་མི་ནུས་པ་དང་། དུས་ཀྱི་སྒོ་ནས་ཀྱང་བསྐལ་པ་གྲངས་མེད་པར་སྨྲས་ཏེ་བརྗོད་ན་ ཡང་མཐར་ཕྱིན་པར་མི་འགྱུར་བས་ན་དཔག་ཏུ་མེད་པ་ཞེས་བྱའོ། །སྐྱབས་སུ་འགྲོ་བའི་སྐབས་བཤད་པ་རྫོགས་སོ།། །།སྐྱབས་སུ་འགྲོ་བའི་སྐབས་ཀྱི་རྗེས་ལ་རིགས་ཀྱི་སྐབས་བཤད་པར་འབྲེལ་བ་ཅི་ཡོད་ཅེ་ན། གོང་དུ་སྐྱབས་སུ་འགྲོ་བའི་བཤད་པའི་མཇུག་ཏུ། སྐྱབས་ སུ་འགྲོ་བ་འདིར་སོང་དོན་ཆེན་ཏེ། །ཡོན་ཏན་མང་པོ་དཔག་མེད་འཕེལ་བར་འགྱུར། །འགྲོ་བ་འདི་དག་སྙིང་རྗེའི་བསམ་པས་ཁྱབ། །མཚུངས་མེད་འཕགས་ཆེན་ཆོས་ཀྱང་རྒྱས་པར་བྱེད། །ཅེས་སྨྲས་པའི་ཚིགས་སུ་བཅད་པས། །ཐེག་པ་ཆེན་པོ་ལ་སྐྱབས་སུ་སོང་བས་ནི་བདག་དང་གཞན་ གྱི་དོན་ཕུན་སུམ་ཚོགས་པ་འགྲུབ་པར་བྱེད་པས་དོན་ཆེ་བ་བསྟན་ཏོ། །དེ་ལྟར་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་འགྲུབ་པར་བྱེད་པ་དེ་ཡང་ངེས་པ་མེད་དེ། སངས་རྒྱས་ལ་སོགས་པ་ལ་ཉན་ཐོས་དང་རང་སངས་རྒྱས་ཀྱི་རིགས་ཅན་དང་རིགས་མེད་པ་ཀུན་གྱིས་ཐེག་པ་ཆེན་པོ་ལ་སྐྱབས་སུ་ སོང་ན་ཐམས་ཅད་ཀྱིས་དོན་ཆེན་པོ་དེ་འཐོབ་པའམ། འོན་ཏེ་ངེས་པ་ཡོད་དེ་ཀུན་སྐྱབས་སུ་སོང་ཡང་སྐྱབས་སུ་སོང་བ་ཁ་ཅིག་དོན་ཆེན་པོ་དེ་འགྲུབ་ཀྱི་སྐྱབས་སུ་སོང་བ་ཀུན་གྱིས་མི་འགྲུབ་སྟེ། ངེས་པ་ཡོད་དམ་ཞེ་ན། ལན་དུ་ངེས་པ་ཡོད་དེ། སངས་རྒྱས་ཀྱི་རིགས་ཅན་རྣམས་སྐྱབས་སུ་སོང་ན་ ནི་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་དང་ཡོན་ཏན་གྱི་ཚོགས་རྣམས་འཕེལ་བར་འགྱུར་གྱི་ཉན་ཐོས་དང་རང་སངས་རྒྱས་ཀྱི་རིགས་ཅན་དང་། རིགས་མེད་པ་ལ་སོགས་པས་ཐེག་པ་ཆེན་པོའི་ཚུལ་དུ་སྐྱབས་སུ་སོང་ཡང་ཡོན་ཏན་དེ་དག་འཐོབ་པར་མི་འགྱུར་ཏེ། དེ་བས་ན་སྐྱབས་སུ་འགྲོ་ བའི་སྐབས་ཀྱི་རྗེས་ལ་རིགས་ཀྱི་སྐབས་བཤད་པར་འབྲེལ་ཏོ། །ཡང་ན་མ་ངེས་པའི་རིགས་ཅན་དག་ཐེག་པ་ཆེན་པོར་སྐྱབས་སུ་སོང་ན་དོན་ཆེན་པོ་དེ་འཐོབ་སྟེ། མ་ངེས་པའི་རིགས་ཅན་ལ་ནི་དགེ་བའི་བཤེས་གཉེན་གྱི་མཐར་ཕྱིན་དུ་བསྒྲལ་ན་གདོད་དོན་ཆེན་པོ་དེ་ འཐོབ་ཀྱི། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ལས་ཉན་ཐོས་ལ་སོགས་པའི་བཤེས་གཉེན་གྱིས་དྲངས་ནས་ཐེག་པ་གཞན་དུ་ཡང་འཚང་རྒྱ་བས་གཅིག་ཏུ་ངེས་པ་ནི་མེད་དོ། །ཡང་ན་རིགས་འདི་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་མངོན་པར་འཚང་ རྒྱ་བར་འགྱུར་བའི་སྐལ་བ་ཅན་ཞེས་བྱ་སྟེ། དེ་བས་ན་རིགས་ནི་ཆོས་དེ་དག་ཐམས་ཅད་ཀྱི་ས་བོན་ཡིན་ནོ། །ས་བོན་མེད་པར་འབྲས་བུ་འབྱུང་བར་མ་མཐོང་སྟེ། དེ་བས་ན་རིགས་ནི་གོང་དུ་སྐྱབས་སུ་འགྲོ་བ་དང་འོག་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པ་འབྱུང་བའི་ཆོས་རྣམས་ཀྱི་ རྒྱུ་ཡིན་པར་བསྟན་པའི་ཕྱིར་སྐྱབས་ཀྱི་རྗེས་ལ་རིགས་ཀྱི་སྐབས་བཤད་པར་འབྲེལ་ཏོ། །རིགས་རབ་ཏུ་དབྱེ་བའི་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། ཉན་ཐོས་ཀྱི་རིགས་དང་རང་སངས་རྒྱས་ཀྱི་རིགས་དང་། སངས་རྒྱས་ཀྱི་རིགས་ཡོད་པར་བསྟན་པ་ལས་བརྩམས་ཏེ། དང་པོར་བསྡུས་པའི་ ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །ཡོད་དང་ཞེས་བྱ་བ་ནི་ཉན་ཐོས་ཀྱི་རིགས་ཅན་ཡང་ཡོད། རང་སངས་རྒྱས་ཀྱི་རིགས་ཅན་ཡང་ཡོད། སངས་རྒྱས་ཀྱི་རིགས་ཅན་ཡང་ཡོད་པར་བསྟན་ཏོ་ཞེས་བྱ་བའི་ཐ་ཚིག་གོ། །མཆོག་དང་ཞེས་བྱ་བ་ནི། ཉན་ཐོས་དང་རང་སངས་རྒྱས་ཀྱི་ རིགས་པས་ཀྱང་བདག་དང་གཞན་གྱི་དོན་གྱི་རྒྱུར་གྱུར་པས་བྱང་ཆུབ་སེམས་དཔའི་རིགས་ནི་དམ་པར་གྱུར་པ་ཡིན་པར་ཡང་བསྟན་ཏོ། །མཚན་ཉིད་དང་ཞེས་བྱ་བ་ནི་རིགས་རྣམ་པ་གསུམ་ལས། ཐེག་པ་ཆེན་པོའི་རིགས་ཀྱི་མཚན་ཉིད་དང་། རང་བཞིན་ཡང་སྟོན་ཏོ་ཞེས་བྱ་བའི་ཐ་ཚིག་གོ། །མཚན་ མ་དང་ཞེས་བྱ་བ་ནི་སེམས་ཅན་དག་ལ་ཐེག་པ་ཆེན་པོའི་རིགས་ཡོད་པར་ཅི་མངོན་ཞེ་ན། དཔེར་ན་གང་ན་དུ་བ་སྣང་བ་དེ་ན་མཚན་མ་དེས་མེ་ཡོད་པར་བརྟག་པ་དང་། གང་ན་ཆུ་བྱ་སྣང་བ་དེ་ན་ཆུ་ཡོད་པར་བརྟག་པ་བཞིན་དུ་མཚན་མ་དང་རྟགས་འདི་ལྟ་བུ་དག་སྣང་ན་དེ་ལ་བྱང་ཆུབ་སེམས་དཔའི་རིགས་ ཡོད་པར་མངོན་ནོ་ཞེས་བྱ་བ་ཡང་སྟོན་ཏོ་ཞེས་བྱ་བའི་ཐ་ཚིག་གོ། །རིགས་ཕྱེ་དང་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའི་རིགས་ལ་ཕྱེ་ན་གཉིས་སམ་གསུམ་དུ་ཡོད་པ་ཡང་སྟོན་ཏོ་ཞེས་བྱ་བའི་ཐ་ཚིག་གོ། །ཉེས་པ་དང་ནི་ཞེས་བྱ་བ་ལ་བྱང་ཆུབ་སེམས་དཔའི་རིགས་ཡོད་ཀྱང་འདོད་ཆགས་དང་ ཞེ་སྡང་ལ་སོགས་པའི་ཉོན་མོངས་པས་བསྒྲིབས་ན་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་མི་འཇུག་ཅིང་བླ་ན་མེད་པའི་བྱང་ཆུབ་ནི་མྱུར་དུ་འཚང་རྒྱར་མི་བཏུབ་པར་རིགས་ལ་སྒྲིབ་པའི་སྐྱོན་ཡང་སྟོན་ཏོ་ཞེས་བྱ་བའི་ཐ་ཚིག་གོ། །ལེགས་པ་དང་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་རིགས་དང་ལྡན་ན་ འཁོར་བ་ན་སེམས་ཅན་ཕལ་པ་བྱེད་ཀྱང་བདེ་བ་དང་། ཡོན་ཏན་འདི་དང་འདི་དག་ཐོབ་པར་འགྱུར་རོ་ཞེས་རིགས་ཀྱི་ཡོན་ཏན་ཡང་སྟོན་ཏོ་ཞེས་བྱ་བའི་ཐ་ཚིག་གོ། །རྣམ་གཉིས་དཔེ་དང་ཞེས་བྱ་བ་ལ་བྱང་ཆུབ་སེམས་དཔའི་རིགས་ཏེ། གཏེར་ཆེན་པོའི་རིགས་དང་འདྲ་བ་དང་། རིན་པོ་ཆེ་ཆེན་པོའི་ རིགས་དང་འདྲ་བས་ཉན་ཐོས་ལ་སོགས་པའི་རིགས་པས་ཀྱང་འཕགས་སོ་ཞེས་བྱ་བ་སྟོན་ཏོ་ཞེས་བྱ་བའི་ཐ་ཚིག་གོ། །རྣམ་པ་བཞི་ཞེས་བྱ་བ་ནི་ཡོད་པ་ལ་ཡང་དོན་རྣམ་པ་བཞིས་བསྟན་པ་ལས་དཔེ་རྣམ་པ་གཉིས་ལས་རེ་རེ་ཞིང་ཡང་དོན་རྣམ་པ་བཞི་བཞིར་ཕྱེ་ནས་སྟོན་ཏོ་ཞེས་བྱ་བའི་དོན་ཏོ། །འདི་ ནི་རིགས་རབ་ཏུ་དབྱེ་བ་བསྡུས་པའི་དོན་ཏོ། །ཡོད་པར་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། གོང་དུ་ཡོད་པ་ཞེས་མདོ་ཙམ་དུ་སྨོས་པ་དེ་དང་གཏན་ཚིགས་རྣམ་པ་བཞིས་རིགས་པ་རྣམ་པ་གསུམ་ཇི་ལྟར་ཡོད་པར་བསྟན་པའི་ཕྱིར་ཚིགས་སུ་བཅད་པར་རྩོམ་མོ་ཞེས་བྱ་བའི་ཐ་ཚིག་གོ། ། ཁམས་རྣམས་དང་ནི་ཞེས་བྱ་བ་ལ། ཁམས་ཞེས་བྱ་བ་དང་། ས་བོན་ཞེས་བྱ་བ་དང་། རིགས་ཞེས་བྱ་བ་དག་ནི་དོན་གཅིག་སྟེ། མིང་གི་རྣམ་གྲངས་ཀྱིས་ཐ་དད་པ་ཙམ་དུ་ཟད་དོ། །འདི་ནི་སེམས་ཅན་གྱི་ཁམས་ན་སེམས་ཅན་གྱི་རང་བཞིན་དང་། ས་བོན་ཐ་དད་དེ་སེམས་ཅན་གྱི་རང་བཞིན་ཕྱེ་ན་ དཔག་ཏུ་མེད་པ་ཞིག་ཡོད་དེ་ཇི་ལྟར་ཞེ་ན། འདི་ལྟར་སེམས་ཅན་ཁ་ཅིག་ནི་འདོད་ཆགས་ལ་སྤྱོད་པའི་རང་བཞིན་ཅན་ཁ་ཅིག་ཞེ་སྡང་ལ་སྤྱོད་པའི་རང་བཞིན་ཅན་ཁ་ཅིག་གཏི་མུག་ལ་སོགས་པའི་རང་བཞིན་ཅན་ཡིན་པ་དང་། ཁ་ཅིག་ཉན་ཐོས་ཀྱི་རིགས་ཀྱི་རང་བཞིན་ཅན་ཁ་ཅིག་ནི་རང་སངས་ རྒྱས་ཀྱི་རིགས་ཀྱི་རང་བཞིན་ཅན། ཁ་ཅིག་ཐེག་པ་ཆེན་པོའི་རིགས་ཀྱི་རང་བཞིན་ཅན་ཏེ་རང་བཞིན་མི་མཐུན་པ་ཚད་མེད་པ་ཞིག་ཡོད་དོ། །གལ་ཏེ་སེམས་ཅན་ཐམས་ཅད་ཀྱི་རིགས་གཅིག་ཏུ་ཟད་ན། ལ་ལ་འདོད་ཆགས་ལ་དགའ་བའི་རང་བཞིན། ལ་ལ་ཞེ་སྡང་ ལ་སོགས་པ་ལ་དགའ་བའི་རང་བཞིན་དུ་ཐ་དད་པར་ཅིའི་ཕྱིར་འགྱུར་ཏེ་སེམས་ཅན་གྱི་རང་བཞིན་ཐ་དད་པར་ཚད་མེད་པ་དག་སྣང་བས་ན་རིགས་གཅིག་ཏུ་མ་ཟད་ཀྱི་ཐེག་པ་ཆེ་ཆུང་གསུམ་ཆར་གྱི་རིགས་སོ་སོ་ན་ཡོད་དོ་ཞེས་བྱ་བའི་དོན་ཏོ། །མོས་པ་དང་ཞེས་བྱ་བ་ལ། སེམས་ཅན་རྣམས་ཀྱི་མོས་ པ་དང་དད་པ་ཡང་མི་མཐུན་ཞིང་ཐ་དད་དེ། དཔེར་ན་ཁ་ཅིག་མངར་བ་ལ་དད་ཀྱང་སྐྱུར་བ་ལ་མ་དད་པ་དང་། ཁ་ཅིག་སྐྱུར་བ་ལ་དད་ཀྱང་ཁ་བ་ལ་མ་དད་པ་ཡོད་པ་ལྟར། དགེ་བའི་བཤེས་གཉེན་གྱིས་བསྟན་ནམ་མ་བསྟན་ཀྱང་རུང་། ཁ་ཅིག་ཉན་ཐོས་ཀྱི་ཐེག་པ་ཉིད་ལ་དད་ཀྱི་ཇི་ལྟར་བྱས་ཀྱང་ ཐེག་པ་ཆེན་པོ་ལ་མ་དད་པ་ལ་སོགས་པ་དད་པ་ཐ་དད་པ་དག་སྣང་ངོ་། །གལ་ཏེ་རིགས་གཅིག་ཏུ་ཟད་དེ་རིགས་དུ་མར་མེད་ན་ཅིའི་ཕྱིར་མོས་པ་ཐ་དད་པ་དུ་མར་འགྱུར་ཏེ། མོས་པ་ཐ་དད་པར་སྣང་བས་ན་རིགས་གཅིག་ཏུ་མ་ཟད་ཀྱི་རིགས་རྣམ་པ་གསུམ་དུ་ཡོད་པར་མངོན་ནོ་ཞེས་བྱ་བའི་དོན་ཏོ། ། འདི་ནི་གཏན་ཚིགས་གཉིས་པའོ། །བསྒྲུབ་པ་ཐ་དད་དབྱེ་བ་དང་། །ཞེས་བྱ་བ་ལ། ཉན་ཐོས་ཀྱི་རིགས་ཅན་གྱི་གང་ཟག་ཁ་ཅིག་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་གྱི་རྐྱེན་གྱི་དབང་གིས་ཐེག་པ་ཆེན་པོའི་རིགས་ཅན་དང་འདྲ་བར་ཐེག་པ་ཆེན་པོའི་ཆོས་ལ་མོས་པ་དང་དད་པ་སྐྱེས་ཀྱང་ས་ དང་ཕ་རོལ་ཏུ་ཕྱིན་པ་ཁ་ཅིག་གིས་བསྒྲུབ་ནུས་ལ། ཁ་ཅིག་གིས་བསྒྲུབ་མི་ནུས་ཏེ། དཔེར་ན་འཕགས་པ་ཤཱ་རིའི་སྲས་པོ་ལྟ་བུ་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་གྱིས་བསྒྲལ་ནས་བསྐལ་པ་ཉི་ཤུར་ཐེག་པ་ཆེན་པོའི་ཆོས་སྤྱོད་པ་ལས་ཕྱིས་མུ་སྟེགས་ཅན་གྱིས་མིག་བླངས་པ་དང་། བྱང་ཆུབ་ སེམས་དཔའི་སྤྱོད་པ་བསྒྲུབ་མ་ནུས་ནས་བཏང་སྟེ་ཉན་ཐོས་ཀྱི་ཐེག་པར་མྱ་ངན་ལས་འདས་པ་ལྟ་བུའོ། །གལ་ཏེ་རིགས་གཅིག་ཏུ་ཟད་ན་ཁ་ཅིག་གིས་ཐེག་པ་ཆེན་པོ་བསྒྲུབ་ནུས་ན་ཁ་ཅིག་གིས་མི་ནུས་པ་ཅིའི་ཕྱིར་འགྱུར་ཏེ་ཐམས་ཅད་ཀྱིས་བསྒྲུབ་ནུས་པར་འགྱུར་བའི་རིགས་སོ། །དེ་ལྟར་ན་ཁ་ཅིག་ གིས་བསྒྲུབ་ནུས། ཁ་ཅིག་གིས་བསྒྲུབ་མི་ནུས་པས་ཐེག་པ་གསུམ་གྱི་རིགས་སོ་སོ་ན་ཡོད་དོ་ཞེས་བྱ་བའི་ཐ་ཚིག་སྟེ། འདི་ནི་གཏན་ཚིགས་གསུམ་པའོ། །འབྲས་བུའི་དབྱེ་བ་དམིགས་པས་ན། །ཞེས་བྱ་བ་ལ། འདི་ལྟར་འབྲས་བུ་བཟང་ངན་རྣམ་པ་གསུམ་ཡང་ཡོད་པར་དམིགས་ཏེ། གང་ཞེ་ ན། ཉན་ཐོས་ལྟ་བུའི་བྱང་ཆུབ་ཆུང་ངུ་དང་། རང་སངས་རྒྱས་ལྟ་བུའི་བྱང་ཆུབ་འབྲིང་དང་། ཐེག་པ་ཆེན་པོ་ལྟ་བུའི་བྱང་ཆུབ་མཆོག་སྟེ། འབྲས་བུ་བཟང་ངན་གསུམ་དམིགས་པས་དེ་སྐྱེད་པར་བྱེད་པའི་རྒྱུ་ཡང་རྣམ་པ་གསུམ་མེད་དུ་མི་རུང་ངོ་། །འཇིག་རྟེན་ན་ཡང་འབྲས་དང་ནས་ལ་སོགས་པ་ དང་ཤིང་ཏོག་རྣམ་པ་སྣ་ཚོགས་ཀྱི་འབྲས་བུ་ཐ་དད་པ་སྣང་བ་དེ་དག་གི་རྒྱུ་ཡང་གཅིག་ཏུ་མ་ཟད་ཀྱི་རྒྱུ་སྣ་ཚོགས་པར་ཡོད་པ་བཞིན་དུ་བྱང་ཆུབ་རྣམ་པ་གསུམ་ཡོད་པས་ན་དེའི་རྒྱུ་རིགས་ཀྱང་རྣམ་པ་གསུམ་མེད་དུ་མི་རུང་ངོ་། །གལ་ཏེ་རིགས་གཅིག་ཏུ་ཟད་ན་འབྲས་བུ་རྣམ་པ་གསུམ་དུ་ཅིའི་ཕྱིར་འགྱུར་ ཏེ། འདི་ནི་གཏན་ཚིགས་བཞི་པའོ། །སེམས་ཅན་གྱི་ཁམས་ཐ་དད་པའི་ཕྱིར་ཁམས་ཀྱི་དབྱེ་བ་དཔག་ཏུ་མེད་དེ། རི་ལུའི་ཕུང་པོའི་མདོ་སྡེ་ལས་གསུངས་པ་བཞིན་ཞེས་བྱ་བ་ལ། རི་ལུའི་ཕུང་པོ་ནི་བ་རུ་རའི་ཕུང་པོ་ལ་བྱ་སྟེ། ཇི་ལྟར་རི་ལུའི་ཕུང་པོ་བསྟན་པའི་མདོ་ལས། བཅོམ་ལྡན་འདས་ ཀྱིས་འདི་ལྟ་སྟེ། དགེ་སློང་དག་རི་ལུའི་ཕུང་པོ་འཕང་དུ་དཔག་ཚད་གཅིག་ཙམ་ལ། ཆུ་ཞེང་དུ་དཔག་ཚད་གཅིག་ཙམ་ཡོད་པའི་རི་ལུའི་ཕུང་པོ་དེ་ལས་སྐྱེས་བུ་ལ་ལ་ཞིག་གིས་ལོ་བརྒྱའམ་ལོ་བརྒྱ་འདས་ནས་རི་ལུ་གཅིག་བླངས་ཏེ། རི་ལུ་འདི་ནི་ཉན་ཐོས་ཀྱི་ཁམས་སུ་གཏོགས། རི་ལུ་འདི་ནི་རང་སངས་ རྒྱས་ཀྱི་ཁམས་སུ་གཏོགས་ཞེས་སྨྲས་ན་ཡང་རི་ལུ་དེ་མྱུར་དུ་ཟད་ཅིང་མེད་པར་འགྱུར་གྱི་སེམས་ཅན་གྱི་ཁམས་ནི་དེ་ལྟར་ཟད་པར་མི་འགྱུར་རོ་ཞེས་གསུངས་པ་ལྟ་བུའོ། །གསུང་རབ་འདི་ལ་ཁམས་ཞེས་བྱ་བའི་དོན་གང་ཞེ་ན། ཁམས་མང་པོ་བསྟན་པའི་མདོ་དང་སྦྱར་ན་ནི་མིག་ལ་སོགས་པའི་ཁམས་ ཐ་དད་པར་བསྟན་པའི་སྒོ་ནས་ཁམས་དཔག་ཏུ་མེད་དེ་འོན་ཀྱང་འདིའི་སྐབས་སུ་ནི་རིགས་ལ་ཁམས་ཞེས་བྱ་སྟེ། ཁམས་ཞེས་ཀྱང་བྱ། རིགས་ཞེས་ཀྱང་བྱ། རྒྱུ་ཞེས་ཀྱང་བྱ། ས་བོན་ཞེས་ཀྱང་བྱ་སྟེ། རྣམ་གྲངས་སུ་གཏོགས་སོ། །དེ་ལྟར་སེམས་ཅན་སོ་སོའི་སེམས་ཀྱི་རྒྱུད་ལ་འདོད་ཆགས་ལ་ སོགས་པ་ལ་སྤྱོད་པ་ཐ་དད་པའི་སྒོ་ནས་རིགས་ཀྱང་ཐ་དད་དེ། གང་འདོད་ཆགས་ལ་སོགས་པའི་རིགས་ཡོད་པ་དེ་དག་ནི་འདོད་ཆགས་སྐྱེད་པ་ཉིད་ཀྱི་རྒྱུ་བྱེད་ཀྱི་ཞེ་སྡང་སྐྱེད་པའི་རྒྱུ་མི་བྱེད་པ་བཞིན་དུ་ཐེག་པ་གསུམ་གྱི་རིགས་ཐ་དད་པ་རྣམ་པ་གསུམ་ཡང་མེད་དུ་མི་རུང་སྟེ། རིགས་ ཐ་དད་པ་གསུམ་མེད་ན་ཅིའི་ཕྱིར་ཐེག་པ་རྣམ་པ་གསུམ་དུ་འགྱུར་བ་མི་རིགས་སོ། །མཆོག་ཏུ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། གོང་དུ་བསྡུས་པའི་དོན་ལས་མཆོག་ཅེས་སྨོས་པ་དེ་འདིར་རྣམ་པ་བཞིས་ནི་ཐེག་པ་ཆེན་པོའི་རིགས་མཆོག་ཏུ་གྱུར་པ་བསྟན་པའི་ཕྱིར་ཚིགས་སུ་ བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །ཁྱད་པར་འཕགས་དང་ཐམས་ཅད་དང་། །རིགས་ཆེན་དང་ནི་མི་ཟད་ཕྱིར། །དགེ་བ་དེ་ནི་རྒྱུ་ཡིས་བྱེད། །རིགས་ཀྱི་མཆོག་ཅེས་བྱ་བ་ཡིན། །ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའི་རིགས་འདི་ནི་དགེ་བ་རྣམ་པ་བཞི་དག་གི་རྒྱུ་བྱེད་པས་ཉན་ཐོས་ལ་སོགས་ པའི་རིགས་པས་ཀྱང་མཆོག་ཏུ་གྱུར་པར་རིག་པར་བྱའོ། །དགེ་བ་རྣམ་པ་བཞི་པོ་གང་ཞེ་ན། ཁྱད་པར་དུ་འཕགས་པའི་རྒྱུ་བྱེད་པ་དང་། དགེ་བ་ཐམས་ཅད་ཀྱི་རྒྱུ་བྱེད་པ་དང་། དགེ་བ་དོན་ཆེན་པོའི་རྒྱུ་བྱེད་པ་དང་། དགེ་བ་མི་ཟད་པའི་རྒྱུ་བྱེད་པའོ། །དེ་ལ་ཉན་ཐོས་རྣམས་ཀྱི་རིགས་ནི་ཉོན་མོངས་ པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་གཉི་ག་དང་བྲལ་བའི་དགེ་བ་གསལ་ཞིང་འབར་བའི་རྒྱུ་མི་བྱེད་ལ། བྱང་ཆུབ་སེམས་དཔའི་རིགས་ཀྱིས་ནི་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་གཉི་ག་དང་བྲལ་བའི་དགེ་བ་གསལ་ཞིང་དག་ལ་ཁྱད་པར་དུ་འཕགས་པའི་རྒྱུ་བྱེད་པས་ན་ཉན་ཐོས་ཀྱི་རིགས་པས་ ཁྱད་པར་འཕགས་པར་རིག་པར་བྱའོ། །ཁྱད་པར་དུ་འཕགས་ཞེས་བྱ་བ་ནི་གསལ་བ་དང་དག་པ་ལ་བྱའོ། །དེ་ལ་ཉན་ཐོས་ཀྱི་རིགས་ཀྱིས་ནི་དགེ་བའི་རྩ་བ་ཐམས་ཅད་ཀྱི་རྒྱུ་མི་བྱེད་དེ། ཉན་ཐོས་རྣམས་ལ་སྟོབས་དང་མི་འཇིགས་པ་དང་མ་འདྲེས་པ་ལ་སོགས་པའི་དགེ་བ་མེད་པའི་ཕྱིར་རོ། །བྱང་ཆུབ་ སེམས་དཔའི་རིགས་ནི་དགེ་བའི་རྩ་བ་ཐམས་ཅད་ཀྱི་རྒྱུ་བྱེད་དེ། བྱང་ཆུབ་སེམས་དཔའི་རིགས་ནས་སྟོབས་དང་མི་འཇིགས་པ་དང་མ་འདྲེས་པ་དང་། ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་དགེ་བའི་རྩ་བ་ཐམས་ཅད་འབྱུང་བའི་ཕྱིར་ཏེ། དེ་བས་ན་ཉན་ཐོས་ཀྱི་རིགས་པས་ཁྱད་པར་འཕགས་པར་རིག་ པར་བྱའོ། །ཉན་ཐོས་ཀྱི་རིགས་ཀྱིས་ནི་བདག་གི་དོན་ཙམ་སྒྲུབ་པར་ཟད་ཀྱི་གཞན་གྱི་དོན་མི་སྒྲུབ་པས་དགེ་བ་དོན་ཆེན་པོའི་རྒྱུ་མི་བྱེད་ལ་བྱང་ཆུབ་སེམས་དཔའི་རིགས་ཀྱིས་ནི་བདག་དང་གཞན་གཉི་གའི་དོན་སྒྲུབ་པས་དགེ་བའི་དོན་ཆེན་པོའི་རྒྱུ་བྱེད་པའི་ཕྱིར་རོ། །ཉན་ཐོས་ཀྱི་རིགས་ལས་བྱུང་བའི་དགེ་ བའི་རྩ་བ་ནི་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་བར་དུ་ནི་ཡོད་ཀྱི་ཕུང་པོའི་ལྷག་མ་མ་ལུས་པར་སྤངས་པའི་མྱ་ངན་ལས་འདས་པར་གྱུར་ན་དགེ་བའི་རྩ་བ་ཐམས་ཅད་རྒྱུན་ཆད་དེ། ཟད་པར་འགྱུར་ལ་བྱང་ཆུབ་སེམས་དཔའི་རིགས་ཀྱིས་ནི་ཕུང་པོའི་ལྷག་མ་མ་ལུས་པར་སྤངས་ཏེ། མྱ་ངན་ ལས་འདས་པར་གྱུར་ཀྱང་སྟོབས་དང་མི་འཇིགས་པ་ལ་སོགས་པའི་དགེ་བའི་རྩ་བ་འཁོར་བའི་མཐའི་བར་དུ་ཡང་ཟད་པར་མི་འགྱུར་བའི་རྒྱུ་བྱེད་པས་ན་ཉན་ཐོས་ཀྱི་རིགས་པས་ཁྱད་པར་འཕགས་པར་རིག་པར་བྱའོ། །མཚན་ཉིད་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། གོང་དུ་བསྡུས་ པའི་དོན་ལས་མཚན་ཉིད་སྨོས་པ་དེ་ལ་ཐེག་པ་ཆེན་པོའི་རིགས་ཀྱི་མཚན་ཉིད་དང་རང་བཞིན་གང་ཡིན་པ་བསྟན་ཏེ། དེ་ཡང་མཚན་ཉིད་རྣམ་པ་བཞི་ཡོད་དེ་ཞེས་བསྟན་པར་བྱ་བའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ། །རང་བཞིན་དང་ནི་རྒྱས་པ་དང་། །གནས་དང་གནས་པའང་དེ་ཡིན་ཏེ། །ཞེས་བྱ་བ་ལ་ ཐེག་པ་ཆེན་པོའི་རིགས་ཀྱི་མཚན་ཉིད་རྣམ་པ་བཞི་སྟེ། རང་བཞིན་ལ་གནས་པ་དང་། ཡང་དག་པར་བསྒྲུབས་པ་དང་། གནས་ཀྱི་རང་བཞིན་དང་། གནས་པའི་རང་བཞིན་ནོ། །དེ་ལ་རྒྱས་པ་ཞེས་བྱ་བ་ནི་ཡང་དག་པར་བསྒྲུབས་པའི་རིགས་ལ་བྱ་བར་རིག་པར་བྱའོ། །དེ་ལ་རང་བཞིན་ལ་གནས་ པ་ནི་འཁོར་བ་ཐོག་མ་མེད་པའི་དུས་ནས་སྐྱེ་མཆེད་ཀྱི་ཁྱད་པར་སུས་ཀྱང་མ་བྱས་མ་བཅོས་པར་མངོན་པར་འཚང་རྒྱ་བར་འགྱུར་བའི་ས་བོན་དང་ལྡན་པ་སྟེ། ས་བོན་དེ་དང་ལྡན་པས་གདོན་མི་ཟ་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱ་བའི་སྐལ་བ་ཡོད་པའོ། །ཡང་དག་པར་ བསྒྲུབས་པ་ནི་རང་བཞིན་གྱི་རིགས་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ནམ་དགེ་བའི་བཤེས་གཉེན་གྱིས་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་དུ་བཅུག་པ་དེའི་ཚེ་ཡང་དག་པར་བསྒྲུབས་པའི་རིགས་ཞེས་བྱའོ། །ཡང་ན་ངེས་པའི་རིགས་ཅན་ རྣམས་ལ་ནི་རང་བཞིན་ལ་གནས་པ་ཞེས་བྱའོ། །མ་ངེས་པའི་རིགས་ཅན་རྣམས་དགེ་བའི་བཤེས་གཉེན་གྱིས་བཏང་ནས་ཐེག་པ་ཆེན་པོའི་རིགས་སུ་ངེས་པར་བྱེད་པ་རྣམས་ལ་ནི་ཡང་དག་པར་བསྒྲུབས་པ་ཞེས་བྱའོ། །ཡང་ན་བྱང་ཆུབ་སེམས་དཔའི་རིགས་ཅན་ རྣམས་དང་པོ་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་འབའ་ཞིག་ལ་ཞུགས་པ་རྣམས་ལ་ནི་རང་བཞིན་ལ་གནས་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའི་རིགས་ཅན་ཉན་ཐོས་ཀྱི་སྤྱད་པ་སྤྱོད་པ་ལས་དགེ་བའི་བཤེས་གཉེན་གྱི་དབང་གིས་བྱང་ཆུབ་སེམས་དཔའི་སྤྱོད་པ་བྱེད་དུ་བཅུག་པ་ལ་ནི་ཡང་ དག་པར་བསྒྲུབས་པ་ཞེས་བྱའོ། །དཔེར་ན་ས་ནི་སེམས་ཅན་རྣམས་གནས་པའི་གནས་ཡིན་པས་སེམས་ཅན་ནི་དེ་ལ་གནས་པར་བྱེད་པ་ཡིན་པ་བཞིན་དུ་གང་རང་བཞིན་ལ་གནས་པའི་རིགས་དེ་ནི་ཡང་དག་པར་བསྒྲུབས་པའི་རིགས་ཀྱི་གནས་ཡིན་ལ་ཡང་དག་པར་བསྒྲུབས་པའི་རིགས་ ནི་དེ་ལ་གནས་པར་བྱེད་པ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། རང་བཞིན་གྱི་རིགས་ལ་བརྟེན་ནས་ཡང་དག་པར་བསྒྲུབས་པའི་རིགས་འབྱུང་བའི་ཕྱིར་རོ། །ཡོད་དང་མེད་པར་ཤེས་པར་བྱ། །ཞེས་བྱ་བ་ལ་རང་བཞིན་ལ་གནས་པའི་རིགས་ནི་རྒྱུ་ཡིན་ལ་ཡང་དག་པར་བསྒྲུབས་པའི་རིགས་ནི་རྒྱུ་དེའི་འབྲས་ བུ་ཡིན་པས་རང་བཞིན་ལ་གནས་པའི་དུས་ན་ནི་རྒྱུའི་མཚན་ཉིད་དུ་ཡོད་ལ་འབྲས་བུའི་མཚན་ཉིད་དུ་མེད་པ་ཞེས་བྱ་སྟེ། རང་བཞིན་ལ་གནས་པ་ཙམ་དུ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པའི་འབྲས་བུ་མེད་པའི་ཕྱིར་རོ། །རྒྱུར་གྱུར་པའི་རིགས་ནི་ནམ་ཡང་འབྲས་བུའི་མཚན་ཉིད་དུ་མི་ རིགས་ཏེ། རྒྱུ་དེ་ལ་བརྟེན་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་གྱི་འབྲས་བུ་ནི་མི་འགྲུབ་པ་མ་ཡིན་ཏེ་འགྲུབ་བོ། །ཡང་དག་པར་བསྒྲུབས་པའི་རིགས་ནི་རྒྱུའི་མཚན་ཉིད་དུའང་ཡོད། འབྲས་བུའི་མཚན་ཉིད་དུ་ཡང་ཡོད་པ་ཞེས་བྱ་སྟེ། ཅིའི་ ཕྱིར་ཞེ་ན། རང་བཞིན་གྱིས་ཀྱང་དེའི་ཚེ་ཡོད་པས་རྒྱུའི་མཚན་ཉིད་དུ་ཡང་ཡོད་ལ། བྱང་ཆུབ་ཏུ་སེམས་ཀྱང་བསྐྱེད་པས་འབྲས་བུའི་མཚན་ཉིད་ཀྱང་ཡོད་དོ། །ཡོན་ཏན་ནི་སྒྲོལ་བའི་དོན་དུའང་ཞེས་བྱ་བ་ལ་རིགས་ཞེས་བྱ་བས་ངེས་པའི་ཚིག་སྟོན་ཏེ། རྒྱ་གར་སྐད་དུ་རིགས་ལ་ནི་གོ་ཏྲ་ཞེས་འབྱུང་། ཡོན་ཏན་ལ་ནི་གུ་ཎ་ཞེས་འབྱུང་སྟེ། གོའི་དོན་ནི་གུ་ཎ་ཞེས་འབྱུང་བས་ཡོན་ཏན་གྱི་དོན་དུ་ཏ་རའི་དོན་ནི་སྒྲོལ་བའི་དོན་དུ་འགྲོ་སྟེ། རིགས་འདིས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། མོས་པས་སྤྱོད་པའི་སའི་རིམ་པ་དང་། ས་བཅུའི་རིམ་པ་ནས་སངས་རྒྱས་ཀྱི་སའི་བར་གྱི་ཡོན་ཏན་རྣམས་མཐར་ཕྱིན་ ཅིང་སྒྲོལ་བར་བྱེད་ལ་འཐོབ་པར་བྱེད་པས་ན། རིགས་ལ་ཡོན་ཏན་སྒྲོལ་བ་ཞེས་བྱ་བའི་དོན་དུ་འདྲེན་ཏོ། །མཚན་མ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། གོང་དུ་བསྡུས་པའི་དོན་ལས་མཚན་མ་ཞེས་སྨོས་པ་ལས། མཚན་མའི་དོན་རྒྱས་པར་འཆད་དེ། དཔེར་ན་དུད་པ་སྣང་བའི་ མཚན་མས་མེ་ཡོད་པར་བརྟགས་པ་དང་། ཆུ་བྱ་སྣང་བའི་མཚན་མས་ཆུ་ཡོད་པར་བརྟགས་པ་བཞིན་དུ་མཚན་མའམ་རྟགས་རྣམ་པ་བཞི་སྣང་བ་དེ་ལ། བྱང་ཆུབ་སེམས་དཔའི་རིགས་ཡོད་པར་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །སྙིང་རྗེ་དང་ནི་ཞེས་བྱ་བ་སྔ་ ནས་རབ་སྦྱོར་བ་ཞེས་བྱ་བ་གཉིས་སུ་སྦྱར་ཏེ། རབ་སྦྱོར་ཞེས་བྱ་བ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པ་བྱེད་པའོ། །བྱང་ཆུབ་ཏུ་སེམས་བསྐྱེད་པའི་སྔོན་རོལ་ནས་སེམས་ཅན་གྱི་ཁམས་ནི་རྟོག་པ་རྣམ་པ་ལྔས་སེམས་ཅན་རྟོག་སྟེ། སྡུག་བསྔལ་བར་མཐོང་ནས། སེམས་ཅན་འདི་ དག་གི་རྟོག་པ་ཇི་ལྟར་བསམ་སྙམ་དུ་སེམས་པའི་སྙིང་བརྩེ་བ་ཡོད་ན་བྱང་ཆུབ་སེམས་དཔའི་རིགས་ཡོད་པར་རིག་པར་བྱ་སྟེ། འདི་ནི་མཚན་མ་དང་པོའོ། །མོས་པ་དང་ཞེས་བྱ་བ་ལ་ཐེག་པ་ཆེན་པོའི་ཆོས་ཟབ་ཅིང་རྒྱ་ཆེ་བའི་དོན་མ་རྟོགས་ཀྱང་ཐེག་པ་ཆེན་པོའི་ཆོས་ཟབ་ཅིང་རྒྱ་ཆེ་བ་ཐོས་པ་ཙམ་ གྱིས་སྤུ་ལྡང་བ་དང་མཆི་མ་དཀུ་བའི་མཚན་ཉིད་ཀྱི་དད་པ་དང་། མོས་པ་སྐྱེ་ན་བྱང་ཆུབ་སེམས་དཔའི་རིགས་ཡོད་པར་རིག་པར་བྱ་སྟེ། འདི་ནི་མཚན་མ་གཉིས་པའོ། །བཟོད་པ་དང་ཞེས་བྱ་བ་ལ་སྙིང་རྗེ་སྐྱེས་ནས་སེམས་ཅན་གྱི་དོན་དུ་མགོ་དང་རྐང་ལག་གཏོང་བ་དང་། གྲང་བ་དང་ཚ་བ་ལ་སོགས་ པའི་དཀའ་བ་སྤྱོད་པ་རྣམ་པ་སྣ་ཚོགས་བཟོད་དེ། དཀའ་བ་སྤྱོད་པ་རྣམས་ཉམས་སུ་ལེན་ན་བྱང་ཆུབ་སེམས་དཔའི་རིགས་ཡོད་པར་རིག་པར་བྱ་སྟེ། འདི་ནི་མཚན་མ་གསུམ་པའོ། །དགེ་བ་དག་ཀྱང་ཡང་དག་སྤྱོད། །ཅེས་བྱ་བ་ལ། དགེ་བའི་སྒྲས་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བྱ་སྟེ། རང་བཞིན་ གྱིས་སྦྱིན་པ་བྱེད་པ་ལ་དགའ་བ་དང་། རང་བཞིན་གྱིས་ཚུལ་ཁྲིམས་བསྲུང་བར་དགའ་བ་དང་། རང་བཞིན་གྱིས་བཟོད་པ་ལ་གནས་པར་དགའ་བ་དང་། རང་བཞིན་གྱིས་བརྩོན་འགྲུས་རྩོམ་པར་དགའ་བ་དང་། རང་བཞིན་གྱིས་བསམ་གཏན་ལ་གནས་པར་དགའ་བ་དང་། རང་ བཞིན་གྱིས་ཤེས་རབ་རྣོ་ན་བྱང་ཆུབ་སེམས་དཔའི་རིགས་ཡོད་པར་རིག་པར་བྱ་སྟེ། འདི་ནི་མཚན་མ་བཞི་པའོ། །རིགས་རབ་ཏུ་དབྱེ་བའི་ཚིགས་སུ་བཅད་པ་ཞེས་བྱ་བ་ལ་གོང་དུ་བསྡུས་པའི་དོན་ལས་རབ་ཏུ་དབྱེ་བ་ཞེས་སྨོས་པ་ལ། བྱང་ཆུབ་སེམས་དཔའི་རིགས་ལ་ཕྱེ་ན་དུ་ཡོད་པ་སྟོན་ཏེ། བྱང་ཆུབ་སེམས་དཔའི་རིགས་ལ་ཕྱེ་ན་རྣམ་པ་བཞི་ཡོད་དོ་ཞེས་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །རིགས་ནི་ངེས་དང་མ་ངེས་པ། །འཕྲོག་པ་དང་ནི་མི་འཕྲོགས་པ། །རྐྱེན་གྱིས་རིགས་ཀྱི་དབྱེ་བ་ནི། །དེ་ནི་མདོར་ན་རྣམ་པ་བཞི། །ཞེས་བྱ་ལ་མདོར་ན་བྱང་ཆུབ་སེམས་ དཔའི་རིགས་ལ་ཕྱེ་ན་རྣམ་པ་བཞི་སྟེ་གང་ཞེ་ན། རིགས་ངེས་པ་དང་རིགས་མ་ངེས་པ་དང་། རྐྱེན་གྱིས་འཕྲོག་པ་དང་། རྐྱེན་གྱིས་མི་འཕྲོགས་པའོ། །དེ་ལ་རིགས་ངེས་པ་ནི་གང་ཉན་ཐོས་སུ་རིགས་ངེས་པར་གནས་པ་དང་། རང་སངས་རྒྱས་སུ་རིགས་ངེས་པར་གནས་པ་དང་། སངས་རྒྱས་སུ་ རིགས་ངེས་པར་གནས་པ་སྟེ། ཉན་ཐོས་སུ་རིགས་ངེས་པར་གནས་པ་ཡང་རིགས་དེས་ཉན་ཐོས་ཀྱི་བྱང་ཆུབ་ཉིད་འཐོབ་ཀྱི་ཇི་ལྟར་བྱས་ཀྱང་ནམས་ཀྱང་རང་སངས་རྒྱས་ཀྱི་བྱང་ཆུབ་དང་། སངས་རྒྱས་སུ་འཐོབ་པའི་རྒྱུར་མི་འགྱུར་རོ། །རང་སངས་རྒྱས་ཀྱི་རིགས་ངེས་པ་ཡང་རིགས་དེས་རང་སངས་རྒྱས་ ཀྱི་བྱང་ཆུབ་ཉིད་ཐོབ་ཀྱི་ཇི་ལྟར་བྱས་ཀྱང་ནམས་ཀྱང་ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་འཐོབ་པའི་རྒྱུར་མི་འགྱུར་རོ། །སངས་རྒྱས་ཀྱི་རིགས་ཅན་ཡང་རིགས་དེས་སངས་རྒྱས་ཀྱི་བྱང་ཆུབ་ཉིད་འཐོབ་ཀྱི་ཇི་ལྟར་བྱས་ཀྱང་ནམས་ཀྱང་ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་ཏུ་མི་འགྱུར་བའོ། །རིགས་ མ་ངེས་པ་ནི་རྐྱེན་གྱི་དབང་གིས་ཉན་ཐོས་དང་རང་སངས་རྒྱས་དང་སངས་རྒྱས་ཀྱི་རིགས་གང་ཡང་རུང་བ་ཅིག་གི་རྒྱུར་འགྱུར་ཏེ། ཉན་ཐོས་ཀྱི་དགེ་བའི་བཤེས་གཉེན་དག་གིས་བསྒྲལ་ན་ནི་ཉན་ཐོས་ཀྱི་རིགས་ཅན་དུ་ཡང་འགྱུར། རང་སངས་རྒྱས་ཀྱི་དགེ་བའི་བཤེས་གཉེན་གྱིས་བསྒྲལ་ན་ནི། རང་སངས་རྒྱས་ཀྱི་ རིགས་ཅན་དུ་ཡང་འགྱུར། བྱང་ཆུབ་སེམས་དཔའི་དགེ་བའི་བཤེས་གཉེན་གྱིས་བསྒྲལ་ན་ནི་སངས་རྒྱས་ཀྱི་རིགས་ཅན་དུ་ཡང་འགྱུར་བའོ། །འདི་ཡང་དཔེ་བསྟན་པ། རིའི་ཕྱོགས་ལ་ལ་ནི་ས་དང་རྡོ་ལ་སོགས་པ་ཡོད་པ་གདོན་མི་ཟ་བར་གསེར་ཉིད་དུ་འགྱུར་གྱི། དངུལ་དང་ཟངས་ལ་སོགས་ པར་མི་འགྱུར་བ་ཡང་ཡོད། རིའི་ཕྱོགས་ལ་ལ་ན་ས་དང་རྡོ་ལ་སོགས་པ་ཡོད་པ་དངུལ་ཉིད་དུ་འགྱུར་གྱི། གསེར་དང་ཟངས་ལ་སོགས་པར་མི་འགྱུར་བ་ཡང་ཡོད། རིའི་ཕྱོགས་ལ་ལ་ན་ས་དང་རྡོ་ལ་སོགས་པ་ཡོད་པ་ཟངས་ཉིད་དུ་འགྱུར་གྱི། གསེར་དང་དངུལ་ལ་སོགས་པར་མི་འགྱུར་བ་ ཡོད་པ་ལ་རིའི་ཕྱོགས་ལ་ལ་ནི་ས་དང་རྡོ་ལ་སོགས་པ་ཡོད་པ་བཞུ་ཞིང་སྦྱངས་པ་དང་། སྨན་གྱི་ཁྱད་པར་ལས་མ་ངེས་ཏེ་ཅིར་ཡང་འགྱུར་བ་ཡང་ཡོད་དེ། གལ་ཏེ་གསེར་མགར་གྱིས་སྦྱངས་ཤིང་བཞུ་ན་ནི་གསེར་དུ་ཡང་འགྱུར། དངུལ་མགར་གྱིས་སྦྱངས་ཤིང་བཞུ་ན་ནི་དངུལ་དུ་ཡང་འགྱུར། ཟངས་མགར་གྱིས་སྦྱངས་ཤིང་བཞུ་ན་ནི་ཟངས་སུ་ཡང་འགྱུར་བ་ལྟ་བུའོ། །དེ་བས་ན་རིགས་ངེས་པ་རྣམས་ནི་རྐྱེན་གྱིས་མི་འཕྲོགས་པ་ཞེས་བྱ་སྟེ། དགེ་བའི་བཤེས་གཉེན་གྱིས་ཇི་ལྟར་བྱས་ཀྱང་རང་གི་བྱང་ཆུབ་ཉིད་ལེན་པ་བྱང་ཆུབ་གཞན་མི་ལེན་པའི་ཕྱིར་རོ། །རིགས་མ་ངེས་པ་རྣམས་ནི་རྐྱེན་གྱིས་ འཕྲོག་པ་ཞེས་བྱ་སྟེ། དགེ་བའི་བཤེས་གཉེན་གྱིས་གར་ཁྲིད་པ་དེའི་འབྲས་བུ་འཐོབ་པའི་ཕྱིར་རོ། །ཉེས་པ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའི་རིགས་ཡོད་ཀྱང་ཉེ་བའི་ཉོན་མོངས་པ་བཞིའི་སྐྱོན་དང་ལྡན་ན་སྐྱོན་དེས་བསྒྲིབས་པས་ས་དང་ཕ་རོལ་ཏུ་ཕྱིན་པའི་ སྤྱོད་པ་ལ་འཇུག་པར་མི་ནུས་པར་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ། །ཉོན་མོངས་གོམས་དང་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའི་རིགས་ཡོད་ཀྱང་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལ་སོགས་པའི་ཉོན་མོངས་པ་ལ་གོམས་ཤིང་འདྲིས་པར་བྱས་པས་འདོད་ཆགས་བདོ་བ་དང་ཞེ་ སྡང་བདོ་བ་དང་གཏི་མུག་བདོ་བར་འགྱུར་བས་ཉོན་མོངས་པ་འབའ་ཞིག་ལ་འཇུག་གི་ཕ་རོལ་ཏུ་ཕྱིན་པ་སྤྱོད་པ་ལ་སྤྱོད་མི་ནུས་པར་གྱུར་པ་འདི་ཡང་རིགས་ཀྱི་སྐྱོན་ཏེ་ཉེས་པ་དང་པོའོ། །གྲོགས་ངན་དང་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའི་རིགས་ཡོད་ཀྱང་བླུན་པོ་སྡིག་པ་མི་དགེ་བའི་ཆོས་ལ་དགའ་ བ་རྣམས་ཀྱིས་བསྟན་ཏེ། སྡིག་པའི་ལས་དག་བྱེད་དུ་བཅུག་པས་ཕ་རོལ་ཏུ་ཕྱིན་པ་སྤྱོད་པ་ལ་འཇུག་པར་མི་བྱེད་པ་འདི་ཡང་རིགས་ཀྱི་སྐྱོན་ཏེ་འདི་ནི་ཉེས་པ་གཉིས་པའོ། །ཕོངས་པ་དང་ཞེས་བྱ་བ་ལ་དབུལ་པོར་གྱུར་པས་བཟའ་བ་དང་བགོ་བ་ལ་སོགས་པའི་ཡོ་བྱད་ཀྱིས་ ཕོངས་པའི་སྦྱིན་པ་ལ་སོགས་པ་བྱེད་མི་ནུས་ཤིང་ཡོ་བྱད་ཀྱི་དོན་དུ་སྡིག་པའི་ལས་དག་བྱེད་པ་ཡང་རིགས་ཀྱི་སྐྱོན་ཏེ་འདི་ནི་ཉེས་པ་གསུམ་པའོ། །གཞན་གྱི་དབང་ཞེས་བྱ་བ་ལ་རྒྱལ་པོ་དང་རྐུན་པོ་དང་རྗེ་བོ་ལ་སོགས་པའི་དབང་དུ་གྱུར་ནས་སྲོག་གཅོད་པ་ལ་སོགས་པའི་ལས་མི་བྱེད་དུ་མི་གནང་བ་དང་། སྦྱིན་པ་ ལ་སོགས་པ་དགེ་བ་བྱེད་དུ་མི་སྟེར་བ་ཡང་རིགས་ཀྱི་སྐྱོན་ཏེ་འདི་ནི་ཉེས་པ་བཞི་པའོ། །ལེགས་པ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་ཞེས་བྱ་བ། གོང་དུ་བསྡུས་པའི་དོན་ལས་ལེགས་པ་ཞེས་འབྱུང་བའི་དོན་རྒྱས་པར་འཆད་དེ། བྱང་ཆུབ་སེམས་དཔའི་རིགས་ཡོད་ན་རིགས་གསུམ་ལ་ཡོད་པ་དེ་ལ་ འཁོར་བ་ན་སོ་སོའི་སྐྱེ་བོ་ཕལ་པ་བྱེད་ཀྱང་ཡོན་ཏན་རྣམ་པ་བཞི་འཐོབ་པར་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །རིང་ནས་ངན་འགྲོར་འགྲོ་བ་དང་། །ཞེས་བྱ་བ་ལ། ཉན་ཐོས་དང་རང་སངས་རྒྱས་ཀྱི་རིགས་ཅན་དང་། རིགས་མེད་པ་དག་གིས་མཚམས་མེད་པ་ལྔ་ལ་སོགས་པའི་ སྡིག་པའི་ལས་བྱས་ན་ནི་ཤི་འཕོས་མ་ཐག་ཏུ་སེམས་ཅན་དམྱལ་བ་ལ་སོགས་པ་ངན་སོང་གསུམ་དུ་སྐྱེ་ལ། བྱང་ཆུབ་སེམས་དཔའི་རིགས་ཅན་གྱིས་མཚམས་མེད་པ་ལ་སོགས་པའི་ལས་བྱས་ན་ནི་བསྐལ་པའི་ལོ་མང་པོ་ཞིག་གིས་བཅད་ནས། ཕྱིས་ནམ་ཞིག་ན་ངན་སོང་གི་འབྲས་བུ་མྱོང་བར་འགྱུར་ཏེ། འདི་ནི་ལེགས་པ་དང་པོའོ། །དེ་ནས་ཀྱང་ནི་མྱུར་དུ་ཐར། །ཞེས་བྱ་བ་ལ་ཉན་ཐོས་དང་རང་སངས་རྒྱས་ཀྱི་རིགས་ཅན་དང་། རིགས་མེད་པ་དག་གིས་མཚམས་མེད་པ་ལ་སོགས་པའི་ལས་བྱས་ན་ནི་སེམས་ཅན་དམྱལ་བའི་ཚེའི་ཚད་ཀྱིས་བསྐལ་པ་མ་ཟད་ཀྱི་བར་དུ་དམྱལ་བ་ལ་སོགས་པ་ངན་སོང་གི་ གནས་ན་གནས་པར་འགྱུར་ལ། བྱང་ཆུབ་སེམས་དཔའི་རིགས་ཅན་རྣམས་ཀྱིས་མཚམས་མེད་པ་ལ་སོགས་པའི་ལས་བྱས་ན་དམྱལ་བའི་ཚེའི་ཚད་ཟད་ཟད་དུ་མི་འདུག་གི་དུས་ཅུང་ཟད་ཅིག་འདུག་ནས་དེ་ནས་ཀྱང་སེམས་ཅན་དམྱལ་བའི་གནས་ནས་མྱུར་དུ་ཐར་བར་འགྱུར་ཏེ། འདི་ནི་ལེགས་པ་ གཉིས་པའོ། །དེ་ཡང་དཔེར་ན་རྒྱལ་པོ་མ་སྐྱེས་དགྲ་ལྟ་བུ་མཚམས་མེད་པ་ལྔ་བྱས་ཀྱང་རིགས་ཀྱི་མཐུས་སེམས་ཅན་དམྱལ་བའི་སྡུག་བསྔལ་དར་གྱི་ཕོ་ལོང་བསྡམས་པ་ཙམ་ཞིག་མྱོང་བ་ལྟ་བུའོ། །སྡུག་བསྔལ་མྱོང་བ་ཡང་ཆུང་བ་སྟེ་ཞེས་བྱ་བ་ལ་ཉན་ཐོས་དང་རང་སངས་རྒྱས་ཀྱི་རིགས་ཅན་ དང་། རིགས་མེད་པ་དག་གིས་མཚམས་མེད་པ་ལ་སོགས་པའི་ལས་བྱས་ན་ལུས་དང་སེམས་ལ་གནོད་པའི་སྡུག་བསྔལ་སྡུག་ཅིང་དྲག་ལ་མི་བཟད་པ་མྱོང་བར་འགྱུར་ན་བྱང་ཆུབ་སེམས་དཔའི་རིགས་ཅན་རྣམས་ཀྱིས་མཚམས་མེད་པ་ལ་སོགས་པའི་ལས་བྱས་ན་ལུས་དང་སེམས་ལ་གནོད་པ་ སྲབ་ཅིང་ཆུང་བ་མྱོང་བར་འགྱུར་ཏེ། འདི་ནི་ལེགས་པ་གསུམ་པའོ། །སྐྱོ་ཞིང་སེམས་ཅན་སྨིན་པར་བྱེད། །ཅེས་བྱ་བ་ལ་ཉན་ཐོས་དང་རང་སངས་རྒྱས་ཀྱི་རིགས་ཅན་དང་། རིགས་མེད་པ་དག་གིས་མཚམས་མེད་པ་ལ་སོགས་པའི་ལས་བྱས་ན་སེམས་ཅན་དམྱལ་བར་སྐྱེས་ནས་དམྱལ་བའི་ སྡུག་བསྔལ་མྱོང་བར་འགྱུར་བ་དང་། ཕན་ཚུན་ཞེ་སྡང་སྐྱེ་ལ་བྱང་ཆུབ་སེམས་དཔའི་རིགས་ཅན་གྱིས་མཚམས་མེད་པ་ལ་སོགས་པའི་ལས་བྱས་ན་དམྱལ་བ་ལ་སོགས་པའི་གནས་སུ་སྐྱེ་བ་དང་། དམྱལ་བའི་སྡུག་བསྔལ་མྱོང་བར་གྱུར་ནས་མི་དགེ་བའི་ལས་ལ་སྐྱོ་བའི་སེམས་སྐྱེའོ། །སྐྱོ་བ་ སྐྱེས་ནས་དམྱལ་བའི་སེམས་ཅན་འདི་དག་ཀྱང་བདག་དང་འདྲ་བར་སྡུག་བསྔལ་མྱོང་ངོ་ཞེས་དེ་དག་ལ་སྙིང་རྗེའོ། །སྙིང་རྗེ་སྐྱེས་ནས་སེམས་ཅན་དེ་དག་དགེ་བ་ལ་འཇོག་ཅིང་ཡོངས་སུ་སྨིན་པར་བྱེད་དེ། འདི་ནི་ལེགས་པ་བཞི་པའོ། །གསེར་ཆེན་པོའི་རིགས་ཀྱི་དཔེའི་ཚིགས་སུ་བཅད་པ་ཞེས་བྱ་ བ་ལ་གོང་དུ་སྡུད་པའི་དོན་ལས་བྱང་ཆུབ་སེམས་དཔའི་རིགས་ནི་གསེར་ཆེན་པོའི་རིགས་དང་རིན་པོ་ཆེའི་རིགས་དང་འདྲའོ་ཞེས་སྨོས་པ་ལ་བྱང་ཆུབ་སེམས་དཔའི་རིགས་འདི་གསེར་ཆེན་པོའི་རིགས་དང་འདྲ་བར་སྟོན་ཏེ། དཔེར་ན་གསེར་རྣམ་པ་བཞིའི་རྟེན་དང་གཞི་དང་། ས་བོན་བྱེད་པའི་གསེར་ལ་ གསེར་ཆེན་པོའི་རིགས་ཞེས་བྱ་བ་དེ་བཞིན་དུ། བྱང་ཆུབ་སེམས་དཔའི་རིགས་འདི་ཡང་ཡོན་ཏན་རྣམ་པ་བཞིའི་གཞི་དང་རྟེན་བྱེད་པས་གསེར་ཆེན་པོའི་རིགས་དང་འདྲ་བར་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །གསེར་གྱི་རིགས་བཞིན་ཤེས་པར་བྱ། །དཔག་ཏུ་ མེད་པ་དགེ་བའི་གནས། །ཡེ་ཤེས་དྲི་མེད་ལྡན་པའི་གནས། །མཐུ་རྣམས་ཀྱི་ཡང་གནས་ཡིན་ནོ། །ཞེས་བྱ་བ་ལ་དཔེར་ན་གསེར་ཆེན་པོའི་རིགས་ནི་གསེར་མང་པོའི་གནས་བྱེད་པ་དང་། གསེར་འོད་གསལ་བའི་གནས་བྱེད་པ་དང་། གསེར་དྲི་མ་མེད་པའི་གནས་བྱེད་པ་དང་། གསེར་ལས་སུ་རུང་བའི་གནས་བྱེད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་རིགས་ཀྱང་ཡོན་ཏན་རྣམ་པ་བཞིའི་གནས་བྱེད་པས་ན་གསེར་ཆེན་པོའི་རིགས་བཞིན་དུ་ཤེས་པར་བྱའོ། །དཔེར་ན་གསེར་ཆེན་པོའི་གསེར་སྲང་གྲངས་འབུམ་ཕྲག་གྲངས་མེད་པ་མང་པོ་འབྱུང་བའི་གནས་བྱེད་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའི་རིགས་འདིས་ཀྱང་ཕ་རོལ་ཏུ་ཕྱིན་པ་དང་། ས་དང་བྱང་ཆུབ་ཀྱི་ཕྱོགས་དང་། སྟོབས་དང་མི་འཇིགས་པ་ལ་སོགས་པའི་དགེ་བ་དཔག་ཏུ་མེད་པའི་གནས་བྱེད་པས་གསེར་ཆེན་པོའི་རིགས་དང་འདྲའོ། །དཔེར་ན་གསེར་ཆེན་པོའི་རིགས་གསེར་འོད་འབར་ཞིང་འཚེར་བའི་གནས་བྱེད་པ་ དེ་བཞིན་དུ། བྱང་ཆུབ་སེམས་དཔའི་རིགས་ཀྱིས་ཀྱང་ཆོས་རྣམས་ལ་རང་དང་སྤྱིའི་མཚན་ཉིད་ལ་ཕྱིན་ཅི་མ་ལོག་པར་ཤེས་པར་བྱེད་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་དང་། བྱ་བ་སྒྲུབ་པའི་ཡེ་ཤེས་གསལ་ཞིང་འོད་དང་བཅས་པའི་ གནས་སུ་གྱུར་པས་ན་གསེར་ཆེན་པོ་དང་འདྲའོ། །གསེར་ལ་ཡང་ཁ་ཅིག་འཚེར་ཞིང་འོད་གསལ་བ་དང་དྲི་མ་ཅུང་ཟད་ཡོད་ཀྱང་འོད་གསལ་ལོ་ཞེས་སྨྲས་ཏེ། གསེར་ཆེན་པོའི་རིགས་ལས་བྱུང་བའི་གསེར་དེ་ལ་ནི་དྲི་མ་ཅུང་ཟད་ཀྱང་མེད་པས་ན་དྲི་མ་མེད་པ་ཞེས་བྱའོ། །ཡང་གསེར་ཁ་ཅིག་མ་ བསྲེགས་པའི་ཚེ་སེར་བར་འཚེར་མོད་ཀྱི། བསྲེགས་ནས་ཁ་དོག་ནག་པོ་དང་སྐྱ་བོར་འགྱུར་བ་ཡོད་དོ། །གསེར་ཆེན་པོའི་རིགས་ལས་སྐྱེས་པའི་གསེར་རྣམས་ལ་ནི་མེར་བསྲེགས་ན་ཡང་ཁ་དོག་འགྱུར་བ་མེད་པས་དྲི་མ་མེད་པ་ཞེས་བྱའོ། །དཔེར་ན་གསེར་ཆེན་པོའི་རིགས་དྲི་མ་མེད་པར་བྱེད་པ་དེ་བཞིན་ དུ་བྱང་ཆུབ་སེམས་དཔའི་རིགས་འདི་ཡང་ཉོན་མོངས་པའི་བག་ཆགས་ཀྱི་དྲི་མ་ཐམས་ཅད་སྤངས་པའི་མྱ་ངན་ལས་འདས་པའི་གནས་བྱེད་པས་གསེར་ཆེན་པོའི་རིགས་དང་འདྲའོ། །དཔེར་ན་གསེར་ཆེན་པོའི་རིགས་ནི་གསེར་ཆེན་པོའི་རིགས་དེ་ལས་བྱུང་བའི་གསེར་གྱིས་མགོ་རྒྱན་དང་དཔུང་རྒྱན་ལ་ སོགས་པར་བྱས་ན་ཡང་འགས་པ་ཁྲོ་མེད་པར་གསེར་ལས་སུ་རུང་བའི་གནས་སུ་གྱུར་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའི་རིགས་འདི་ཡང་རྫུ་འཕྲུལ་གྱི་མིག་ལ་སོགས་པ་མངོན་པར་ཤེས་པའི་གནས་སུ་འགྱུར་བས་ན་གསེར་ཆེན་པོའི་རིགས་དང་འདྲའོ། །ཉོན་མོངས་པའི་དྲི་མ་མེད་པར་ འཐོབ་པའི་གནས་དང་ཞེས་བྱ་བ་ལ། ཉོན་མོངས་པའི་གནས་ངན་ལེན་སྤངས་ན་དེ་དང་བྲལ་བ་དག་ཐོབ་པའི་གནས་དང་། རྟེན་དུ་རིག་སྟེ་གྱུར་ཞེས་བྱ་བའི་དོན་ཏོ། །ཡང་ན་ཉོན་མོངས་པ་སྤངས་ན་ཟག་པ་མེད་ཅིང་དྲི་མ་མེད་པའི་ཆོས་སྐྱེ་སྟེ་རིགས་དེ་ཟག་པ་མེད་པའི་ཆོས་མཐོང་བའི་རྟེན་དུ་གྱུར་ ཞེས་བྱ་བའི་དོན་ཏོ། །རིན་པོ་ཆེ་ཆེན་པོའི་རིགས་ཀྱི་དཔེའི་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའི་རིགས་འདི་ནི་རིན་པོ་ཆེ་ཆེན་པོའི་རིགས་དང་འདྲ་སྟེ། དཔེར་ན་རིན་པོ་ཆེ་ཆེན་པོའི་རིགས་རིན་པོ་ཆེ་ཆེན་པོའི་གཞིའི་གནས་བྱེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་རིགས་དེ་ཡང་ ཡོན་ཏན་རྣམ་པ་བཞིའི་གནས་བྱེད་པས་རིན་པོ་ཆེ་ཆེན་པོའི་རིགས་དང་འདྲ་བར་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ། །རིན་པོ་ཆེ་རྣམ་པ་བཞི་ནི་རིགས་ཕུན་སུམ་ཚོགས་པ་དང་། ཁ་དོག་ཕུན་སུམ་ཚོགས་པ་དང་། དབྱིབས་ཕུན་སུམ་ཚོགས་པ་དང་། ཚད་ཕུན་སུམ་ཚོགས་པའོ། ། རིན་ཆེན་མཆོག་རིགས་བཞིར་ཤེས་བྱ། །བྱང་ཆུབ་ཆེན་པོའི་རྒྱུ་ཡི་ཕྱིར། །ཡེ་ཤེས་ཆེ་དང་ཏིང་འཛིན་འཕགས། །སེམས་ཅན་མང་པོའི་གནས་ཀྱི་ཕྱིར། །ཞེས་བྱ་བ་ལ། དཔེར་ན་རིན་པོ་ཆེའི་རིགས་ནི་ལྕགས་དང་ཟངས་དང་མཆིང་བུ་ལ་སོགས་པ་འབྱུང་བའི་གནས་མི་བྱེད་ཀྱི་མུ་ཏིག་ལ་སོགས་པའི་ རིགས་ཕུན་སུམ་ཚོགས་པའི་རིན་པོ་ཆེའི་གནས་སུ་གྱུར་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའི་རིགས་དེ་ཡང་ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་ཀྱི་གནས་སུ་མི་འགྱུར་གྱི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་རྗེས་ལས་བྱུང་བ་ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་སྤངས་པའི་བྱང་ཆུབ་ཆེན་པོའི་གནས་སུ་གྱུར་པས་ན་ རིན་པོ་ཆེ་ཆེན་པོའི་རིགས་དང་འདྲའོ། །དཔེར་ན་རིན་པོ་ཆེ་ཆེན་པོའི་རིགས་དེ་རིན་པོ་ཆེ་འཚེར་ཞིང་འབར་བའི་གནས་སུ་འགྱུར་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་རིགས་དེ་ཡང་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་ཡེ་ཤེས་བཞིའི་གནས་སུ་འགྱུར་བས་རིན་པོ་ཆེ་ཆེན་པོའི་རིགས་དང་འདྲའོ། །དཔེར་ན་ རིན་པོ་ཆེ་ཆེན་པོའི་རིགས་དེ་ནི། རིན་པོ་ཆེ་ཆེན་པོ་དེ་ཟད་དེ་ཟད་དེའམ་ཆག་པ་དབྱིབས་མི་སྡུག་པ་མ་ཡིན་པ་གྲུ་བཞི་དང་ཟླུམ་པོ་ལ་སོགས་པའི་དབྱིབས་ཀྱང་མཛེས་པའི་གནས་སུ་འགྱུར་བ་དེ་བཞིན་དུ། བྱང་ཆུབ་སེམས་དཔའི་རིགས་འདི་ཡང་འཕགས་པའི་ཏིང་ངེ་འཛིན་ དང་། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་དང་། ནམ་མཁའི་མཛོད་ཀྱི་ཏིང་ངེ་འཛིན་ལ་སོགས་པའི་གནས་སུ་གྱུར་པས་ན་རིན་པོ་ཆེ་ཆེན་པོའི་རིགས་དང་འདྲའོ། །དཔེར་ན་རིན་པོ་ཆེ་ཆེན་པོའི་རིགས་ཆེན་པོར་དབྱིབས་ཆེ་བ་དང་། རིན་པོ་ཆེ་མང་པོའི་གནས་སུ་འགྱུར་བ་དེ་བཞིན་དུ་བྱང་ཆུབ་སེམས་ དཔའི་རིགས་འདི་ཡང་སེམས་ཅན་མཐའ་ཡས་པ་མང་པོ་མྱ་ངན་ལས་འདས་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་འཇུག་པའི་གནས་སུ་འགྱུར་བས་ན་རིན་པོ་ཆེ་ཆེན་པོའི་རིགས་དང་འདྲའོ། །རིགས་མེད་པ་ལ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། གོང་དུ་ཉན་ཐོས་ཀྱི་ རིགས་དང་། རང་སངས་རྒྱས་ཀྱི་རིགས་དང་། བྱང་ཆུབ་སེམས་དཔའི་རིགས་དང་། རིགས་མ་ངེས་པ་བཤད་ནས། ད་ནི་རིགས་མེད་པ་འཆད་དེ། རིགས་མེད་པ་ཞེས་བྱ་བ་འདི་ཡོང་ཡེ་མྱ་ངན་ལས་མི་འདའ་སྟེ། ནམ་ཡང་མྱ་ངན་ལས་མི་འདའ་བའི་ཕྱིར་རིགས་ཞེས་བྱ་བའམ། འོན་ཀྱང་ བསྐལ་པ་དུས་ཐང་ཅིག་ཟད་ཅིག་ཏུ་མྱ་ངན་ལས་མི་འདའ་ལ་ཕྱིས་མྱ་ངན་ལས་འདའ་བ་ལ་རིགས་མེད་པ་ཞེས་བྱ་ཞེ་ན། དེ་གཉིས་ཀ་ལ་རིགས་མེད་པ་ཞེས་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ། །ལ་ལ་གཅིག་ཏུ་མི་དགེ་སྤྱོད། །ལ་ལ་དགེ་བའི་ཆོས་རྣམས་བཅོམ། །ལ་ལ་མཐར་ ཕྱོགས་དགེ་བ་མེད། །དཀར་པོ་ཆུང་ཡོད་རྒྱུ་དང་བྲལ། །ཞེས་བྱ་བ་ལ། རིགས་མེད་པ་ཞེས་བྱ་བའི་དོན་ནི་ཐེག་པ་གསུམ་གྱི་མྱ་ངན་ལས་འདས་པར་ཡོངས་སུ་མྱ་ངན་ལས་འདའ་ཞིང་མྱ་ངན་ལས་འདའ་བར་སྐལ་བ་མེད་པའི་རང་བཞིན་ཅན་ལ་བྱ་སྟེ། ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ ཅན་ལ་ཡང་རྣམ་པ་གཉིས་ཏེ། དེའི་དུས་སུ་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་དང་། དེའི་དུས་ན་མྱ་ངན་ལས་མི་འདའ་བའི་ཆོས་ཅན་ནོ། །དེའི་དུས་སུ་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་རྣམ་པ་བཞི་སྟེ། གང་ཞེ་ན། དེའི་ཕྱིར། ལ་ལ་གཅིག་ཏུ་མི་དགེ་སྤྱོད། །ཅེས་སྨོས་ཏེ། འདིའི་ལས་ངེས་པར་བྱེད་པའི་དབང་དུ་བྱས་ནས་གསུངས་པ་ཡིན་ནོ། །དེ་ལ་གང་ཟག་ཁ་ཅིག་ལ་བྱང་ཆུབ་སེམས་དཔའི་རིགས་ཡོད་ཀྱང་ལས་ངེས་པར་བྱེད་པར་འགྱུར་བའི་དབང་གིས་མ་གསོད་པ་ལ་སོགས་པ་མཚམས་མེད་པའི་ལས་གདོན་མི་ཟ་བར་བྱེད་པར་འགྱུར་ཏེ། དེའི་དུས་ན་རིགས་ཡོད་ ཀྱང་མ་གསོད་པའི་ལས་ངན་པ་བྱས་པས་རིགས་དེས་མྱ་ངན་ལས་འདས་པ་ཐོབ་པར་མི་འགྱུར་ཏེ། དེ་བས་ན་དེ་ཡང་དེའི་དུས་ན་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་ཡིན་པས་རིགས་མེད་པ་ཞེས་བྱ་བ་སྟེ། འདི་ནི་རྣམ་པ་གཅིག་གོ། །ལ་ལ་དགེ་བའི་ཆོས་རྣམས་བཅོམ། །ཞེས་བྱ་བ་ལ། གང་ཟག་ཁ་ཅིག་ལ་བྱང་ཆུབ་སེམས་དཔའི་རིགས་ཡོད་ཀྱང་མི་དགེ་བའི་བཤེས་གཉེན་གྱི་རྐྱེན་གྱིས་ཆད་པའི་ལྟ་བ་ལ་ཕྱོགས་ནས་ལས་དགེ་བ་མེད། མི་དགེ་བ་མེད། འབྲས་བུ་བདེ་བ་མེད། སྡུག་བསྔལ་མེད། ཚེ་འདི་མེད། ཚེ་ཕྱི་མ་མེད། དཀོན་མཆོག་གསུམ་མེད་ཅེས་བྱ་བ་ལ་སོགས་པའི་ ལོག་པའི་ལྟ་བ་ལ་ཞུགས་པས་དགེ་བའི་རྩ་བ་ཐམས་ཅད་རྩ་བ་ནས་བཅོམ་སྟེ། བསྐལ་པ་དུ་མ་ཞིག་ཏུ་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་རོ། །འདི་ཡང་དེའི་དུས་ན་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་ཡིན་པས་རིགས་མེད་པ་ཞེས་བྱ་སྟེ་རྣམ་པ་གཉིས་པའོ། །ལ་ལ་མཐར་ཕྱོགས་དགེ་ བ་མེད། །ཅེས་བྱ་བ་ལ། གང་ཟག་ལ་ལ་བྱང་ཆུབ་སེམས་དཔའི་རིགས་ཡོད་ཀྱང་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་བའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མི་སོགས་ཀྱི་ལྷ་དང་མིའི་གནས་ལ་སོགས་པར་འཁོར་བར་སྐྱེ་བ་འབའ་ཞིག་གི་དགེ་བ་བསགས་པས་འཁོར་བ་འབའ་ཞིག་ཏུ་སྐྱེ་ བའི་བསྐལ་པ་དུ་མར