Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 125

Văn bản gốc(Tây Tạng)

Trang 7 / 19 (50.000 ký tự/trang)
་ཆོས་ཉིད་འདི་ནི་ཡེ་ནས་གནས་པའོ་ཞེས་བྱ་བ་ལྟ་བུའོ། །རྟག་ཏུ་བདུད་ཀྱིས་
བར་ཆད་བྱེད་པ་མེད། །ཅེས་བྱ་བ་ལ། ནམ་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྤྱོད་པའི་ཚེ་བདུད་ལ་སོགས་པས་སངས་རྒྱས་ཀྱི་གཟུགས་སུ་སྤྲུལ་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་འདོར་དུ་བཅུག་ཀྱང་འདོར་དུ་མི་བཏུབ་པ་དང་། མུ་སྟེགས་པ་ལ་སོགས་པས་
གཏན་ཚིགས་རྣམ་པ་སྣ་ཚོགས་ཀྱིས་ལྟ་བ་སུན་ཕྱུང་ནས་ལྟ་བ་གཞན་སུན་ཕྱུང་བར་བརྩམས་ཀྱང་ལྟ་བ་འདོར་དུ་མི་བཏུབ་པ་ནི། །རྟག་ཏུ་བདུད་ཀྱིས་བར་ཆད་བྱེད་པ་མེད། །ཅེས་བྱ་བ་སྟེ། འདི་ནི་མི་འཕྲོགས་པ་ལ་ཡོངས་སུ་སྨིན་པའི་རང་བཞིན་ནོ། །ཁྱད་པར་རྙེད་དང་ཞེས་བྱ་བ་ལ།
རིགས་པས་རྣམ་པར་དཔྱོད་པའི་སེམས་དེས་རིམ་པར་གནས་པ་ལ་ཡང་ཞིང་ཤས་ཇེ་ཆེ་ཇེ་ཆེར་གྱུར་པ་ནི་ཁྱད་པར་རྙེད་པ་ཞེས་བྱའོ། །དེ་ཡང་དཔེར་ན་ས་དང་པོའི་རིགས་པས་རྣམ་པར་དཔྱོད་པའི་སེམས་པས། ས་གཉིས་པའི་རིགས་པས་རྣམ་པར་དཔྱོད་པའི་སེམས་ཤས་ཆེ་
བས་ན་ཁྱད་ཞུགས་པ་ཡིན་ཏེ། འདི་ནི་མི་འཕྲོགས་པ་རྣམ་པར་སྨིན་པའི་ལས་རྣམ་པ་གཅིག་གོ། །གཞན་གྱི་ཕྱོགས་སུན་འབྱིན་ཞེས་བྱ་བ་ལ། གཞན་གྱི་ཕྱོགས་ནི་མུ་སྟེགས་པ་རྣམས་ཀྱི་གཙུག་ལག་དང་ལྡན་པ་ལ་བྱ་སྟེ། རིགས་པས་རྣམ་པར་དཔྱོད་པའི་སེམས་དང་
ལྡན་པས་མུ་སྟེགས་པ་ལ་སོགས་པའི་ཕྱོགས་ནི་སུན་འབྱིན་པར་ནུས། བདག་གིས་སངས་རྒྱས་ཀྱི་གཞུང་ཉིད་ནི་གཟུགས་པར་ནུས་ཞེས་བྱ་བའི་དོན་ཏོ། །འདི་ནི་མི་འཕྲོགས་པའི་ལས་ཡོངས་སུ་སྨིན་པའི་ལས་རྣམ་པ་གཉིས་པའོ། །མི་འཕྲོགས་པ་ཡོངས་སུ་སྨིན་པར་བྱེད་

པའི་མཚན་ཉིད་དོ་ཞེས་བྱ་བ་ལ། མི་འཕྲོགས་པའི་རྒྱུ་དང་། རང་བཞིན་དང་། ལས་གསུམ་དང་ལྡན་ན་མི་འཕྲོགས་པ་ཡོངས་སུ་སྨིན་པར་འགྱུར་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྤོང་བའི་ཡན་ལག་དང་ལྡན་པ་ཡོངས་སུ་སྨིན་པ་ལས་བརྩམས་ཏེ་ཚིགས་
སུ་བཅད་པ་ཞེས་བྱ་བ་ལ། སྤོང་བ་ནི་ས་དང་པོའི་ཆོས་ཀྱི་དབྱིངས་རྟོགས་ནས་གཟུང་བ་དང་འཛིན་པ་གཉིས་སྤངས་པ་ལས་སྤོང་བ་ཞེས་བྱ་སྟེ། དེའི་གྲོགས་སུ་གྱུར་པའི་ཆོས་རྣམ་པ་ལྔ་ནི་སྤོང་བའི་ཡན་ལག་དང་ལྡན་པ་ཞེས་བྱའོ། །ལྔ་པོ་ཡང་གང་ཞེ་ན། དད་པ་དང་། གཡོ་
མེད་པ་དང་། སྒྱུ་མེད་པ་དང་། ལུས་ལ་ནད་མེད་པ་དང་། ཤེས་རབ་བོ། །དེ་ཡང་སྤོང་བའི་ཡན་ལག་གི་རྒྱུ་དང་། རང་བཞིན་དང་། ལས་གསུམ་དང་ལྡན་ན་སྤོང་བའི་ཡན་ལག་ཡོངས་སུ་སྨིན་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །དགེ་
བ་སྩོགས་དང་ཞེས་བྱ་བ་ལ། དགེ་བའི་སྒྲས་ནི་བསོད་ནམས་ཀྱི་ཚོགས་དང་། ཡེ་ཤེས་ཀྱི་ཚོགས་ལ་བྱ་སྟེ། དེ་གཉིས་བརྩམས་ཞེས་བྱ་བའི་དོན་ཏོ། །དེ་ནི་སྤོང་བའི་ཡན་ལག་གི་རྒྱུའོ། །ཡན་ལག་ལྔ་ལས་འདི་ནི་དད་པ་དང་སྦྱར་རོ། །གནས་ཀྱང་བརྩོན་པར་རུང་
ཞེས་བྱ་བ་དང་། གནས་ཀྱི་སྒྲས་ནི་ལུས་ལ་བྱ་སྟེ། ཉན་པ་དང་སེམས་པ་དང་བསྒོམ་པ་ལ་སོགས་པ་དགེ་བ་བྱེད་པ་ན་ལུས་ལ་གནོད་པ་དང་། མི་བདེ་བ་མེད་ཅིང་བརྩོན་འགྲུས་རྒྱུན་དུ་རྩོམ་པར་གནས་པའི་ལུས་ལ་ནི་གནས་ཀྱང་བརྩོན་པར་རུང་བ་ཞེས་བྱ་སྟེ། འདི་ནི་སྤང་བའི་ཡན་
ལག་གི་རང་བཞིན་ནོ། །ཡན་ལག་ལྔ་ལས་འདི་ནི་ལུས་ལ་ནད་མེད་པར་སྦྱར་རོ། །དབེན་ལ་དགའ་དང་ཞེས་བྱ་བ་ལ། འདུ་འཛི་ཐམས་ཅད་སྤངས་ནས་ཤིང་དྲུང་བྲག་ཕུག་ལ་སོགས་པའི་གནས་དབེན་པ་དག་ན་གནས་པར་དགའ་བ་ནི་དབེན་པ་མཆོག་ལ་དགའ་བ་ཞེས་བྱ་སྟེ། འདི་ནི་སྤོང་
བའི་ཡན་ལག་གི་ལས་རྣམ་པ་གཅིག་སྟེ། གཡོ་མེད་པ་དང་སྒྱུ་མེད་པ་དང་སྦྱར་རོ། །དགེ་བ་ལ་མངོན་པར་དགའོ་ཞེས་བྱ་བ་ལ། དགེ་བའི་སྒྲ་ཐེག་པ་ཆེན་པོའི་ཆོས་ལ་བྱ་སྟེ། ཆོས་དེ་དག་ཉན་པ་དང་། སེམས་པ་དང་། བསྒོམ་པ་ལ་དགའ་བ་ནི་དགེ་བ་ལ་མངོན་པར་དགའོ་ཞེས་

བྱའོ། །འདི་ནི་སྤོང་བའི་ཡན་ལག་གི་ལས་རྣམ་པ་གཉིས་པ་སྟེ། འདི་ནི་ཤེས་རབ་དང་སྦྱར་རོ། །རྒྱལ་བའི་སྲས་ཀྱི་ཡན་ལག་ལྡན་པ་ཡིས། །ཡང་དག་ཡོངས་སུ་སྨིན་པའི་མཚན་ཉིད་འདོད། །ཅེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤོང་བའི་ཡན་ལག་རྣམ་
པ་ལྔ་རྣམ་པ་རྒྱུ་དང་། རང་བཞིན་དང་། ལས་དང་ལྡན་ན་སྤོང་བའི་ཡན་ལག་ཡོངས་སུ་སྨིན་པའི་མཚན་ཉིད་དུ་འདོད་དོ། །བདག་ཡོངས་སུ་སྨིན་པའི་རྣམ་པ་དགུའི་ཆེ་བ་ལས་བརྩམས་ཏེ་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་རྣམས་དད་པ་ནས་སྤོང་བའི་ཡན་ལག་
གི་བར་དུ་ཆོས་དགུ་དང་ལྡན་ན་བདག་ཉིད་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པ་ཞེས་བྱ་སྟེ། དགུ་པོས་བདག་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་འགྱུར་བའི་ཆོས་དགུ་པོ་དེ་ཉིད་ཡོན་ཏན་དང་། བདག་ཉིད་ཆེན་པོ་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །ཆེ་བ་ཡང་
རྣམ་པ་གཉིས་སོ། །གང་ཞེ་ན། གཞན་ཡོངས་སུ་སྨིན་པའི་བྱ་བའི་རྟེན་དུ་གྱུར་པ་དང་། ཆོས་ཀྱི་ལུས་འཕེལ་བར་འགྱུར་བའོ། །དེ་ལྟར་དངོས་པོ་རྣམ་པ་དགུ་སྨིན་པའི་གཞི་ཞེས་བྱ་བ་ལ། དེ་ལྟར་ཞེས་བྱ་བ་ནི་གོང་དུ་བཤད་པ་ལྟ་བུའོ། །དངོས་པོ་རྣམ་པ་དགུ་ནི་དད་པ་ནས་སྤོང་
བའི་ཡན་ལག་གི་བར་དུ་དགུ་སྟེ། གང་དུ་བཤད་པ་ལྟར་ན་བྱང་ཆུབ་སེམས་དཔའ་དེ་ཆོས་རྣམ་པ་དགུའི་གཞིའམ་རྟེན་ཏམ་གནས་དེ་ལྟ་བུར་གྱུར་ཞེས་བྱ་བའི་དོན་ཏོ། །ཕ་རོལ་ཡོངས་སུ་སྨིན་བྱེད་རུང་དང་ལྡན། །ཞེས་བྱ་བས་གཞན་ཡོངས་སུ་སྨིན་པར་བྱ་བའི་རྟེན་དུ་གྱུར་པར་བསྟན་
ཏེ། བྱང་ཆུབ་སེམས་དཔའ་དེ་ཆོས་རྣམ་པ་དགུའི་རྟེན་དུ་གྱུར་པས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པར་ནུས་ཤིང་སེམས་ཅན་ཡོངས་སུ་སྨིན་པའི་མཐུ་ཡོད་ལ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་གནས་སུ་ཡང་གྱུར་ཞེས་བྱ་བའི་དོན་ཏོ། །དགེ་བ་རྟག་ཏུ་རབ་ཏུ་འཕེལ་བའི་
དངོས་པོ་ཞེས་བྱ་བས་རྟག་ཏུ་ཆོས་ཀྱི་ལུས་འཕེལ་བ་བསྟན་ཏེ། བྱང་ཆུབ་སེམས་དཔའ་ཆོས་དགུའི་རྟེན་དུ་གྱུར་པས་ན་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པར་ནུས་པར་ཡང་མ་ཟད་ཀྱི། དུས་ཐམས་ཅད་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཆོས་རྣམས་འཕེལ་བར་འགྱུར་ཏེ་བདག་གི་རྒྱུད་ལ་དགེ་

བ་བསྐྱེད་པའི་གཞི་དང་རྟེན་དུ་ཡང་གྱུར་ཅེས་བྱ་བའི་དོན་ཏོ། །རྟག་ཏུ་འགྲོ་བ་རྣམས་ཀྱི་གཉེན་མཆོག་འགྱུར། །ཞེས་བྱ་བ་ལ། དེ་ལྟར་བྱང་ཆུབ་སེམས་དཔའ་དེ་ཆོས་རྣམ་པ་དགུ་དང་ཡང་ལྡན། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་མཐུ་ཡང་ཡོད། རྟག་ཏུ་
དགེ་བའི་ཆོས་ཀྱང་འཕེལ་བས་ན། སེམས་ཅན་རྣམས་ཚེ་འདིར་ཟང་ཟིང་གིས་ཕན་བཏགས་ནས་དགེ་བ་ལ་བཀོད་དེ་ཕན་པར་བྱེད་པ་དང་། ཚེ་རབས་གཞན་དུ་བདེ་འགྲོ་དང་མྱ་ངན་ལས་འདས་པ་ལ་བཀོད་དེ་བདེ་བར་བྱས་པས་ན་འགྲོ་བ་རྣམས་ཀྱི་གཉེན་མཆོག་གྱུར་པ་ཞེས་བྱ་སྟེ།
ཕ་མ་དང་ཉེ་དུ་གཉེན་བཤེས་པས་སེམས་ཅན་ལ་ཕན་པ་ལྷག་པར་མཛད་པས་ན་གཉེན་མཆོག་ཏུ་གྱུར་པའོ། །ཅིའི་ཕྱིར་ཞེ་ན། ཕ་མས་ནི་འདིར་ཟང་ཟིང་གིས་ཕྲན་ཚེགས་ཙམ་གྱི་ཕན་འདོགས་པར་ནུས་ཀྱི། ཚེ་རབས་གཞན་དུ་མཐོ་རིས་དང་མྱ་ངན་ལས་འདས་པར་འཇོག་པར་
མི་ནུས་པའི་ཕྱིར་རོ། །སེམས་ཅན་ཡོངས་སུ་སྨིན་པའི་རྣམ་པར་དབྱེ་བ་ལས་བརྩམས་ཏེ་ཚིགས་སུ་བཅད་པ་བཅུ་གཅིག་གོ་ཞེས་བྱ་བ་ལ་གོང་དུ་གང་ལ་བསླབ་པར་བྱ་བ་ལ་རྣམ་པ་བདུན་དུ་གཞག་པ་ལས་འདི་ཡན་ཆད་བདག་ཡོངས་སུ་སྨིན་པས་བརྩམས་པའི་བར་དུ་རྣམ་པ་ལྔ་བཤད་
ནས། ད་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ལས་བརྩམས་ཏེ། ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ཚིགས་སུ་བཅད་པ་བཅུ་གཅིག་གིས་སྟོན་ཏོ་ཞེས་བྱ་བའི་དོན་ཏོ། །དེ་ལ་བདག་ཡོངས་སུ་སྨིན་པར་བྱེད་པའི་རྗེས་ལ་སེམས་ཅན་ཡོངས་སུ་སྨིན་པར་
བྱེད་པར་བསྟན་པ་ལ་འབྲེལ་བར་ལྟ་བ་ཅི་ཡོད་ཅེ་ན། ཇི་ལྟར་བདག་མ་སྨིན་བདག་མ་གྲོལ་བདག་ཐར་པར་མ་གྱུར་པའི་སེམས་ཅན་གྲོལ་བ་དང་ཐར་པར་བྱ་བར་མི་རུང་སྟེ། དེ་བས་ན་བདག་ཡོངས་སུ་སྨིན་པར་བྱེད་པའི་རྗེས་ལ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་བཤད་པར་འབྲེལ་ཏོ། །
ཚིགས་སུ་བཅད་པ་བཅུ་གཅིག་གིས་བསྡུས་པའི་དོན་ནི་རྣམ་པ་བཞི་སྟེ། ཡོངས་སུ་སྨིན་པའི་རང་བཞིན་དང་། རབ་ཏུ་དབྱེ་བ་དང་། བསམ་པ་དང་། སྦྱོར་བའོ། །ཇི་ལྟར་རྨ་རྣམས་དང་ནི་ཁ་ཟས་དག །གཟག་ཅིང་སྤྱད་དུ་རུང་བར་སྨིན་འདོད་ལྟར། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་

བཅད་པ་གཅིག་གིས་ནི་ཡོངས་སུ་སྨིན་པའི་རང་བཞིན་སྟོན་ཏེ། འདི་ནི་འབྲས་དང་ཕོལ་མིག་ལ་སོགས་པའི་རྨ་རྣམས་ནམ་དབུག་པའི་དུས་ལ་བབ་ཅིང་རྣག་འཛག་པ་དེའི་དུས་ན་ཡོངས་སུ་སྨིན་པ་ཡིན་པ་དང་། ནམ་ཁ་ཟས་ལ་སོགས་པ་སྤྱད་དུ་རུང་སྟེ། བཟར་རུང་བར་གྱུར་པ་ན་
ཡོངས་སུ་སྨིན་པ་ཞེས་བྱ་སྟེ། འདི་ནི་དཔེའོ། །དོན་བསྟན་པའི་ཕྱིར་དེ་བཞིན་གནས་ལ་ཕྱོགས་གཉིས་ཞི་བ་དང་། དེ་བཞིན་སྤྱད་ཅིང་སྨིན་པར་བརྗོད་ཅིང་བྱ་བ་སྨོས་ཏེ། གནས་ཀྱི་སྒྲ་ནི་ཕུང་པོ་ལྔ་ལ་བྱའོ། །ཕྱོགས་གཉིས་ནི་འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་ཕྱོགས་
དང་། དད་པ་ལ་སོགས་པ་གཉེན་པོའི་ཕྱོགས་སོ། །དཔེར་ན་རྨ་ནང་ན་རྣག་འཛག་པའི་དུས་ན་སྨིན་པ་ཞེས་བྱ་བ་བཞིན་དུ་ནམ་བདག་གི་ཕུང་པོ་ལ་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ཡོད་པ་ཞི་བར་བྱ་ནུས་ཤིང་སྤོང་ནུས་པའི་ལུས་ཐོབ་པ་དང་། དཔེར་ན་ཁ་ཟས་བཟར་རུང་བར་
གྱུར་ན་སྨིན་པ་ཞེས་བྱ་བ་དེ་བཞིན་དུ་ནམ་བདག་གི་ལུས་ལ་ཡོད་པའི་དགེ་བའི་ཕྱོགས་རྣམས་རྒྱུན་དུ་སྤྱད་ཅིང་སྒོམ་པར་ནུས་པའི་ལུས་ཐོབ་ན་གང་ཟག་དེ་ཡོངས་སུ་སྨིན་པར་བྱས་པ་ཞེས་བྱའོ། །ཚིགས་སུ་བཅད་པ་གཉིས་པ་ཞེས་བྱ་བས་ཡོངས་སུ་སྨིན་པའི་རབ་ཏུ་དབྱེ་བ་སྟོན་ཏེ། དེ་
རྣམ་པ་བརྒྱད་ཀྱིས་ནི་བྱང་ཆུབ་སེམས་དཔའ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །བྲལ་བར་སྨིན་བྱེད་ཅེས་བྱ་བ་ལ། སེམས་ཅན་རྣམས་འདོད་ཆགས་དང་བྲལ་བར་བྱས་ཞེ་སྡང་དང་བྲལ་བར་བྱས་ནས་ཉོན་མོངས་པ་ཀུན་དང་བྲལ་བར་བྱས་པ་ནི་བྲལ་བར་སྨིན་བྱེད་
ཅེས་བྱའོ། །ཡོངས་སུ་སྨིན་བྱེད་ཅེས་གསུངས་ཞེས་བྱ་བ་ལ། ཐེག་པ་གསུམ་གྱི་ཐབས་ཀྱིས་ཐེག་པ་གསུམ་གྱི་རིགས་ཅན་གྱི་གང་ཟག་ཀུན་སྨིན་པར་བྱས་པ་ནི་ཡོངས་སུ་སྨིན་བྱེད་ཅེས་བྱའོ། །དེ་བཞིན་རབ་ཏུ་སྨིན་བྱེད་ཅེས་བྱ་བས་མུ་སྟེགས་ལ་སོགས་པའི་གྲོགས་དག་གིས་ཀྱང་ཆོས་
བསྟན་པའི་སྒོ་ནས་གཟུགས་དང་གཟུགས་མེད་པའི་ཁམས་དག་ཏུ་སྨིན་པར་བྱེད་པ་ཡོད་མོད་ཀྱི་སླར་ལྡོག་པར་འགྱུར་བས་ན་རབ་ཏུ་སྨིན་པར་བྱེད་ཅེས་མི་བྱའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་གསུམ་གྱི་མྱ་ངན་ལས་འདས་པའི་འབྲས་བུ་ལ་བཀོད་དེ་སྨིན་པར་བྱས་པ་རྣམས་ལ་སླར་

ལྡོག་པ་མེད་པས་ན་རབ་ཏུ་སྨིན་བྱེད་ཅེས་བྱའོ། །རྗེས་སྨིན་གཞན་ཞེས་བྱ་བ་ལ། གདུལ་བ་དང་མཐུན་པར་ཆོས་བསྟན་པའི་སྒོ་ནས་སྨིན་པར་བྱས་པ་ནི་རྗེས་སྨིན་ཞེས་བྱ་སྟེ། འདོད་ཆགས་ཅན་ལ་མི་གཙང་བ་བསྒོམ་པ་འཆད་པ་དང་། ཞེ་སྡང་ཅན་ལ་བྱམས་པ་བསྒོམ་
པ་དང་། གཏི་མུག་ཅན་ལ་རྟེན་ཅིང་འབྲེལ་ཏེ་འབྱུང་བ་འཆད་པའོ། །ལེགས་པར་སྨིན་བྱེད་ཅེས་བྱ་བ་ལ། མཐོ་དམན་དང་བྱམས་སྡང་མེད་པར་སྙོམས་པར་སེམས་ཅན་ཀུན་སྨིན་པར་བྱེད་ཅིང་སེམས་ཅན་སྨིན་པར་བྱེད་པའི་དུས་ན་ཡང་བསྒྲིམས་ཏེ་ནན་ཏན་གྱིས་བསྟི་སྟང་དང་གུས་པ་དང་
བཅས་པར་སྨིན་པར་བྱེད་པ་ནི་ལེགས་པར་སྨིན་བྱེད་ཅེས་བྱའོ། །ལྷག་པར་སྨིན་བྱེད་ཅེས་བྱ་བ་ལ། བདག་ཉིད་ཀྱིས་ས་དང་པོ་ཐོབ་ནས་ཆོས་ཀྱི་དབྱིངས་རྟོགས་པར་བྱས་ཏེ། གཞན་དག་ཀྱང་ས་དང་པོ་ཐོབ་པར་བྱས་ནས་ཆོས་ཀྱི་དབྱིངས་རྟོགས་པར་བྱས་པ་ནི་ལྷག་པར་སྨིན་བྱེད་ཅེས་
བྱའོ། །རྟག་སྨིན་བྱེད་དང་ཅེས་བྱ་བ་ལ། གང་འདས་པ་དང་ད་ལྟར་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་མིང་གི་ཚོགས་དང་། ཚིག་གི་ཚོགས་དང་། ཡི་གེའི་ཚོགས་ཀྱི་སྒོ་ནས་ཆོས་ཕྱིན་ཅི་མ་ལོག་པར་བཤད་པ་ལ། སེམས་ཅན་གྱི་དོན་དུ་མིང་གི་ཚོགས་དང་། ཚིག་གི་
ཚོགས་དང་། ཡི་གེའི་ཚོགས་རྣམས་ཀྱི་སྒོ་ནས་ཆོས་དེ་དག་གི་དོན་རྟག་ཏུ་ཕྱིན་ཅི་མ་ལོག་པར་འཆད་པ་ནི་རྟག་ཏུ་སྨིན་བྱེད་ཅེས་བྱའོ། །ཡང་ན་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པའི་རང་བཞིན་དུ་རྟག་པར་ཡང་དེ་ལྟར་ཕྱིན་ཅི་མ་ལོག་པར་འཆད་ཀྱི་རྟག་པ་
ལ་སོགས་པའི་མཚན་ཉིད་དུ་ནམས་ཀྱང་མི་འཆད་པས་ན་རྟག་སྨིན་བྱེད་ཅེས་བྱའོ། །ལུས་ཅན་སྟེང་སྨིན་བྱེད་ཅེས་བྱ་བ་ནི་ལུས་ཅན་ནི་སེམས་ཅན་ལ་བྱ་སྟེ། སེམས་ཅན་རྣམས་མོས་པས་སྤྱོད་པའི་ས་དྲོད་ལ་གནས་ནས་གོང་མ་སྤྱི་བོ་ཐོབ་པར་བྱས་པས་ན་ས་དགུ་པ་ལ་གནས་ན་ས་
བཅུ་ཐོབ་པར་བྱས་པ་ནི་སྟེང་སྨིན་བྱེད་ཅེས་བྱ་སྟེ། དོན་དུ་ན་ཉན་ཐོས་རྒྱུན་དུ་ཞུགས་པ་དག་སྨིན་པར་བྱས་ན་ནི་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་འགྱུར། ས་དང་པོའི་བྱང་ཆུབ་སེམས་དཔའ་སྨིན་པར་བྱས་ན་ནི་འཚང་རྒྱ་བ་ཐོབ་པར་འགྱུར་བ་ལྟ་བུ་དག་ལ་སྟེང་སྨིན་བྱེད་ཅེས་བྱའོ། །

ཚིགས་སུ་བཅད་པ་གསུམ་པ་དང་བཞི་ཞེས་བྱ་བ་ལ། ད་ནི་ཚིགས་སུ་བཅད་པ་གསུམ་པ་དང་བཞི་པས་བྱང་ཆུབ་སེམས་དཔའ་རྣམས་དགོངས་པ་གང་དང་བསམ་པ་གང་གིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་དགོངས་པའི་ཁྱད་པར་སྟོན་ཏེ། དེ་ཡང་ཕ་མ་
གཉེན་བཤེས་ཀྱི་བསམ་པ་ལས་བྱེ་བྲག་ཏུ་འཕགས་པ་དང་། འཇིག་རྟེན་བདག་ལ་བྱམས་པའི་བསམ་པས་བྱེ་བྲག་ཏུ་འཕགས་པ་དེས་སྟོན་ཏེ། ཇི་ལྟར་རྒྱལ་སྲས་ཕན་པར་བསམ་པ་ཡིས། །འགྲོ་བ་ཐམས་ཅད་རྣམ་པར་སྨིན་བྱེད་གནས། །ཞེས་བྱ་བ་ལ། ཇི་ལྟར་
བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་ཚེ་འདི་ལ་ཕན་པ་ལ་གཞག་པར་བྱའོ་སྙམ་དུ་དགོངས་པ་དང་ཚེ་རབས་གཞན་དུ་བདེ་བ་ལ་དགོད་པར་བྱའོ་སྙམ་དུ་དགོངས་པའི་སྒོ་ནས་སེམས་ཅན་ལ་ཕན་པར་བྱ་བའི་དགོངས་པས་སེམས་ཅན་རྣམས་ཚེ་འདི་ལ་ཡོ་བྱད་རྣམ་པ་སྣ་ཚོགས་
ཀྱིས་ཕོངས་པ་མེད་པར་བྱས་ནས། མི་དགེ་བ་ལས་བཟློག་ཅིང་དགེ་བ་ལ་བཀོད་དེ་སྨིན་པར་བྱེད་པ་དང་། ཚེ་རབས་གཞན་དུ་ལྷ་དང་མིའི་མཐོ་རིས་དང་མྱ་ངན་ལས་འདས་པ་ལ་བཀོད་དེ་སྨིན་པར་བྱས་པ་ལྟར་འཇིག་རྟེན་པ་ཕ་མ་ལ་སོགས་པ་བུ་ཚ་ལ་དེ་ལྟ་བུའི་བསམ་པ་མི་
འབྱུང་ངོ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་ཕ་དང་མ་དང་བཤེས་རྣམས་དང་། །བུ་དང་གཉེན་པ་རྣམས་ལ་མི་གནས་སོ། །ཞེས་བྱ་བ་ལ། ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་ཅན་ལ་ཕན་པ་དང་། བདེ་བར་བྱའོ་སྙམ་དུ་དགོངས་པ་ལྟ་བུ་ཕ་མ་བུ་ལ་ཕན་པའི་བསམ་པ་
དེ་ལྟ་བུ་མི་འབྱུང་བ་དང་། གཉེན་བཤེས་དག་གཉེན་རྣམས་ལ་ཕན་པའི་བསམ་པ་དེ་ལྟ་བུ་མི་འབྱུང་ངོ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། ཕ་མ་དང་གཉེན་བཤེས་དག་ཇི་ལྟར་བུ་ཚ་དང་གཉེན་པ་རྣམས་ལ་ཕན་པ་དང་། བདེ་བར་བྱའོ་སྙམ་དུ་བསམས་ཀྱང་ཚེ་འདིར་ཟང་ཟིང་
ཙམ་ཞིག་ལ་གཞག་པར་ནུས་སུ་ཟད་ཀྱི་དགེ་བ་ལ་འཇོག་པར་མི་ནུས་པ་དང་། ཚེ་རབས་གཞན་དུ་མཐོ་རིས་དང་མྱ་ངན་ལས་འདས་པ་ལ་འཇོག་པར་མི་ནུས་པའི་ཕྱིར་ཏེ། འདིས་ནི་ཕ་མ་དང་གཉེན་བཤེས་ཀྱི་བསམ་པ་ལས་བྱེ་བྲག་ཏུ་འཕགས་པར་བསྟན་ཏོ། །ཇི་ལྟར་སྙིང་བརྩེ་

བདེ་དང་ཕན་འགོད་ཕྱིར། །སེམས་ཅན་གཞན་ལ་བྱམས་པར་འདོད་པ་ལྟར། །ཞེས་བྱ་བ་ལ། ཇི་ལྟར་བྱང་ཆུབ་སེམས་དཔའ་སྙིང་རྗེ་དང་ལྡན་པ་རྣམས་སེམས་ཅན་ལ་ཚེ་འདིར་ཟང་ཟིང་སྣ་ཚོགས་ཀྱིས་ཕན་བཏགས་ནས་དགེ་བ་ལ་འགོད་པས་བདེ་བ་ལ་བཀོད་
པ་དང་ཚེ་རབས་གཞན་དུ་མཐོ་རིས་དང་མྱ་ངན་ལས་འདས་པ་ཐོབ་པར་བྱས་པས་ཕན་པ་ལ་བཀོད་དེ་སེམས་ཅན་ལ་བྱམས་པར་དགོངས་པའི་དགོངས་པ་མངའ་བ་ལྟར། འཇིག་རྟེན་པ་རྣམས་རང་ལ་ཕན་པའི་བསམ་པ་དེ་ཙམ་མི་འབྱུང་ངོ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་འཇིག་
རྟེན་པ་བདག་བྱམས་མིན་ན། །ཤིན་ཏུ་མཛའ་བའི་འགྲོ་བ་གཞན་ཅི་སྨོས། །ཞེས་བྱ་བ་ལ་ཇི་ལྟར་བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་ལ་ཕན་པ་དང་བདེ་བའི་དགོངས་པ་མངའ་བ་ལྟར་སེམས་ཅན་རྣམས་བདག་ལ་ཕན་པར་བྱ་ན་ཇི་ལྟར་བྱས་ན་ཕན་པར་འགྱུར་ཞེས་རྣམ་པ་དུ་མར་
བསམས་ཀྱང་ཕན་པའི་བསམ་པ་དེ་ལྟ་བུ་མི་འབྱུང་སྟེ། ཅིའི་ཕྱིར་ཞེ་ན། བདག་ལ་ཕན་པར་བྱ་བར་བསམས་སུ་ཟིན་ཀྱང་ཕན་པ་མ་ཡིན་པ་དང་བདེ་བ་མ་ཡིན་པ་ལ་འགོད་པར་བྱེད་པའི་ཕྱིར་རོ། །ཇི་ལྟར་ཞེ་ན། བདག་ལ་བདེ་བར་བྱའོ་ཞེས་མ་བྱིན་པར་ལེན་པ་ལ་སོགས་པ་དང་།
བྱས་པ་དང་དེའི་རྐྱེན་གྱིས་ཚེ་འདིར་བཅིང་བ་དང་བསད་པ་ལ་སོགས་པ་མྱོང་བར་འགྱུར་བས་ཕན་པ་མ་ཡིན་པ་ལ་བཀོད་དོ། །དེའི་རྐྱེན་གྱིས་ཚེ་རབས་གཞན་དུ་སེམས་ཅན་དམྱལ་བ་ལ་སོགས་པ་ངན་སོང་གསུམ་དུ་སྐྱེ་བ་ཡིན་པས་བདེ་བ་མ་ཡིན་པ་ལ་བཀོད་དོ། །ཡང་མུ་སྟེགས་
པ་ལ་སོགས་པ་བདག་ཚེ་འདི་དང་ཕྱི་མར་བདེ་བར་བྱའོ་ཞེས་ཚེ་འདིར་ཐལ་བའི་ནང་ན་ཉལ་བ་དང་། ཁྱི་དང་བ་ལང་གི་དཀའ་ཐུབ་དང་བྲག་ཁ་ནས་མཆོང་བ་ལ་སོགས་པ་བྱས་པས་ཚེ་འདིར་ཕན་པ་མ་ཡིན་པ་ལ་བཀོད་དོ། །དེའི་རྒྱུས་ཚེ་རབས་གཞན་དུ་ངན་སོང་གསུམ་དུ་སྐྱེ་བར་འགྱུར་
བས་ན་བདེ་བ་མ་ཡིན་པ་ལ་བཀོད་དོ། །འདིས་ནི་འཇིག་རྟེན་པ་བདག་ལ་བྱམས་པའི་བསམ་པ་བས་ལྷག་པར་སྟོན་ཏོ། །འཇིག་རྟེན་པ་དག་ལ་བདག་ཕན་པར་བྱའོ་སྙམ་དུ་བསམས་ན་ཡང་བྱང་ཆུབ་སེམས་དཔའ་སེམས་ཅན་གཞན་ཕན་པ་དང་བདེ་བར་བྱ་བར་དགོངས་པའི་བསམ་

པ་ལྟ་བུ་མི་འབྱུང་ན། འཇིག་རྟེན་ན་གྲོགས་དག་གིས་གྲོགས་ལ་ཕན་པར་བྱའོ་སྙམ་དུ་སེམས་པའི་བསམ་པ་ལ་བྱང་ཆུབ་སེམས་དཔའི་དགོངས་པ་ལྟ་ག་ལ་ཞིག་འབྱུང་སྟེ་མི་འབྱུང་ངོ་ཞེས་བྱ་བའི་དོན་ཏོ། །ཚིགས་སུ་བཅད་པ་ལྷག་མ་རྣམས་ཀྱིས་ནི། སྦྱོར་བ་གང་གིས་སེམས་
ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པས་ཕ་རོལ་ཏུ་ཕྱིན་པ་རྣམས་སྒྲུབ་པ་སྟོན་ཏོ་ཞེས་བྱ་བ་ལ། ཚིགས་སུ་བཅད་པ་བཅུ་གཅིག་གིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་བསྟན་པ་ལས་འདི་ཡན་ཆད་ཚིགས་སུ་བཅད་པ་བཞི་ནི་བསྟན་ཟིན་ཏོ། །ད་ནི་ཕྱི་ནས་ཚིགས་སུ་བཅད་
པ་བདུན་ཞིག་འདུས་ཏེ། བདུན་ལས་ཀྱང་ཚིགས་སུ་བཅད་པ་དྲུག་གིས་ནི་སྦྱོར་བ་དང་ཕྲིན་ལས་གང་གིས་ཡོངས་སུ་སྨིན་པར་བྱེད་པ་བསྟན། ཐ་མའི་ཚིགས་སུ་བཅད་པ་བདུན་པས་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་བདག་ཉིད་ཆེན་པོ་བསྟན་ཏོ། །དེ་ལ་སྦྱོར་བ་གང་
གིས་སེམས་ཅན་ཡོངས་སུ་སྨིན་པར་མཛད་ཅེ་ན། སྦྱིན་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒྲུབ་པའི་སྦྱོར་བས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །སྦྱིན་པ་ཅི་འདྲ་བས་སེམས་ཅན་ཇི་ལྟར་སྨིན་པར་བྱེད་པ་དེ་ལས་བརྩམས་ནས་ཚིགས་སུ་བཅད་
པ་ཞེས་བྱ་བ་ལ། ཕ་རོལ་ཏུ་ཕྱིན་པ་དྲུག་ལས་ཀྱང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་སྨིན་པར་བྱེད་པ་བཤད་དེ། དེ་ཡང་སྦྱིན་པ་ཇི་ལྟ་བུ་བཏང་ནས་སེམས་ཅན་རྣམས་ཇི་ལྟར་སྨིན་པར་བྱེད་པ་བསྟན་པའི་ཕྱིར། ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །དེ་ལ་
སྦྱིན་པ་ཅི་འདྲ་བས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་ཅེ་ན། སྦྱིན་པ་རྣམ་པ་གསུམ་གྱིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དེ། སྦྱིན་པ་གསུམ་ནི་བདག་གི་ལུས་དང་ལོངས་སྤྱོད་ཐམས་ཅད་སྦྱིན་པ་དང་། མི་མཚུངས་པ་མེད་པའི་སྦྱིན་པ་དང་། མི་ངོམས་པའི་སྦྱིན་པའོ། །
བྱང་ཆུབ་སེམས་དཔའི་ལུས་དང་ལོངས་སྤྱོད་དག །གཞན་ལ་མི་སྦྱིན་པ་ནི་གང་ཡང་མེད། །ཅེས་བྱ་བས་བདག་གི་ལུས་དང་ལོངས་སྤྱོད་ཐམས་ཅད་སྦྱིན་པ་བཏང་སྟེ། བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་གྱི་དོན་དུ་བདག་གི་དངོས་པོ་ལ་ཡང་མི་སྦྱིན་ཞིང་ཕོངས་

ཏེ་ཕྱི་ན་གཞག་པ་གང་ཡང་མེད་དེ། སློང་བ་རྣམས་ལ་མགོ་དང་། མིག་དང་། རྐང་ལག་དང་། ཁྲག་དང་། ཤ་དང་། རྐང་དང་། ཚིལ་ལ་སོགས་པ་མི་གཏོང་བ་གང་ཡང་མེད་དོ། །ལོངས་སྤྱོད་ལ་ཡང་མི་གཏོང་ཞིང་གཅེས་ཏེ་ཕྱི་ན་གཞག་པ་གང་ཡང་མེད་དེ།
གསེར་དང་། དངུལ་དང་། འབྲུ་དང་། བང་བ་དང་། བུ་དང་། ཆུང་མ་དང་། བྲན་དང་། ཕྱུགས་ལ་སོགས་པ་ཀུན་གཏོང་བར་བྱེད་པའི་ཕྱིར་རོ། །མཚུངས་པར་སྦྱིན་པ་ཞེས་བྱ་བས་མི་མཚུངས་པ་མེད་པའི་སྦྱིན་པ་བསྟན་ཏེ། བྱང་ཆུབ་སེམས་དཔའ་རྣམས་ནི་མཐོན་པོ་ལ་སྦྱིན་གྱི་
དམའ་བ་ལ་མི་སྦྱིན་པ་དང་། མཛའ་བ་ལ་སྦྱིན་གྱི་མི་མཛའ་བ་ལ་མི་སྦྱིན་པའམ། མཁས་པ་ལ་སྦྱིན་གྱི་མི་མཁས་པ་ལ་མི་སྦྱིན་ཞེས་བྱ་བ་མེད་དེ། འདྲ་བ་ཁོ་ནར་སེམས་ཅན་ཀུན་ལ་གཏོང་ཞིང་སྦྱིན་པར་བྱེད་པའི་ཕྱིར་རོ། །ཡོན་ཏན་ངོམས་མི་འགྱུར་ཞེས་བྱ་བས་མི་
ངོམས་པའི་སྦྱིན་པ་བསྟན་ཏེ། བྱང་ཆུབ་སེམས་དཔའི་སྦྱིན་པ་ནི། ལོའམ་བསྐལ་པ་འདི་སྙེད་ཅིག་ཏུ་བྱས་པས་མཆོག །ཅེས་བྱ་བ་མེད་ཀྱི། སྐད་ཅིག་མ་རེ་རེ་ཡང་བྲེང་མ་ཆད་པར་འཁོར་བའི་མཐའི་བར་དུ་བྱིན་ཡང་ཆོག་པ་མེད་པས་ན་ཡོན་ཏན་ངོམས་པར་མི་འགྱུར་བ་ཞེས་
བྱའོ། །སྦྱིན་པ་དེ་གསུམ་གྱིས་ཇི་ལྟར་སེམས་ཅན་ཡོངས་སུ་སྨིན་པར་བྱེད་ཅེ་ན། དེའི་ཕྱིར། ཕན་འདོགས་རྣམ་པ་གཉིས་ཀྱིས་གཞན་སྨིན་བྱེད། །ཅེས་སྨོས་ཏེ། ཇི་ལྟར་ཡོངས་སུ་སྨིན་པར་བྱེད་ཅེ་ན། ཚེ་འདིར་ཕན་བཏགས་ཏེ། ཕན་པ་ལ་བཀོད་པ་དང་། ཚེ་རབས་
གཞན་དུ་ཕན་བཏགས་ཏེ་བདེ་བ་ལ་བཀོད་པས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཚེ་འདིར་ཕན་བཏགས་པ་ནི་ཟང་ཟིང་རྣམ་པ་སྣ་ཚོགས་བྱིན་ནས་ཡོ་བྱད་ཀྱིས་ཕོངས་པའི་གནོད་པ་མེད་པར་བྱ་སྟེ། ལོངས་སྤྱོད་དང་ལྡན་པར་བྱས་པའོ། །ཚེ་རབས་
གཞན་དུ་ཕན་བཏགས་པ་ནི་ཚེ་འདིར་དགེ་བ་བྱེད་དུ་བཅུག་པས་ཚེ་རབས་གཞན་དུ་ལྷ་དང་མིའི་བདེ་འགྲོ་དང་། མྱ་ངན་ལས་འདས་པ་ཐོབ་པར་བྱས་པའི་ཕྱིར་རོ། །དེ་ལྟ་བུའི་ཚུལ་ཁྲིམས་ཀྱིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དེ་ལས་བརྩམས་ཏེ་ཚིགས་སུ་བཅད་པ་ཞེས་བྱ་

བ་ལ། ཚུལ་ཁྲིམས་ཀྱིས་སེམས་ཅན་ཡོངས་སུ་སྨིན་པ་སྟོན་ཏེ། དེ་ཡང་ཚུལ་ཁྲིམས་ཅི་འདྲ་བས་སེམས་ཅན་ཇི་ལྟར་སྨིན་པར་བྱེད་པ་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཇི་ལྟ་བུའི་ཚུལ་ཁྲིམས་ཀྱིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་ན།
ཚུལ་ཁྲིམས་རྣམ་པ་ལྔས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དེ། ཚུལ་ཁྲིམས་རྣམ་པ་ལྔ་ནི། རྟག་པའི་ཚུལ་ཁྲིམས་དང་། རང་བཞིན་གྱི་ཚུལ་ཁྲིམས་དང་། ཡོངས་སུ་རྫོགས་པའི་ཚུལ་ཁྲིམས་དང་། ལྷག་པར་རྟོགས་པའི་ཚུལ་ཁྲིམས་དང་། འཁྲུལ་པ་མེད་པའི་ཚུལ་
ཁྲིམས་སོ། །རྟག་ཏུ་ཞེས་བྱ་བས་ལྷག་པའི་ཚུལ་ཁྲིམས་བསྟན་ཏེ། འཕགས་པ་ཉན་ཐོས་དག་ནི་སྡོམ་པ་མནོས་ནས་ཇི་སྲིད་འཚོའི་བར་དུ་ཡོད་ཀྱི། བྱང་ཆུབ་སེམས་དཔའ་རྣམས་ནི་སྡོམ་པ་མནོས་པ་ནས་བརྩམས་ཏེ། བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་ཚུལ་ཁྲིམས་
ཡོད་པས་ན་རྟག་པའི་ཚུལ་ཁྲིམས་ཞེས་བྱའོ། །ཡང་ན་དང་པོ་སྡོམ་པ་མནོས་ནས་བར་འགའ་བསྲུང་། བར་འགའ་མི་བསྲུང་མ་ཡིན་གྱི། །ནམ་འཚོའི་བར་དུ་བསྲུང་བས་ན་རྟག་པའི་ཚུལ་ཁྲིམས་ཞེས་བྱའོ། །རང་བཞིན་ཞེས་བྱ་བས་རང་བཞིན་གྱི་ཚུལ་ཁྲིམས་བསྟན་ཏེ། ཚུལ་
ཁྲིམས་བསྲུང་བ་ལ་སྔོན་ཤིན་ཏུ་གོམས་པར་བྱས་པས་ཕྱིས་འབད་པ་དང་རྩོལ་བ་ཆེན་པོ་མེད་པར་ཚུལ་ཁྲིམས་ལ་རང་གི་ངང་གིས་གནས་པས་ན་རང་བཞིན་གྱི་ཚུལ་ཁྲིམས་ཞེས་བྱའོ། །ཡང་ན་སྡོམ་པ་མནོས་ཏེ་ཚེ་འདིར་མ་རལ་ན་ཚེ་རབས་གར་སྐྱེ་གར་སྐྱེས་ཀྱང་དགེ་བའི་བཤེས་
གཉེན་ལས་ཚུལ་ཁྲིམས་ཀྱི་རང་བཞིན་དང་། ཡོན་ཏན་མ་ཐོས་པར་ཡང་ངང་གིས་ཁ་ན་མ་ཐོ་བའི་ཆོས་རྣམས་མི་བྱེད་པར་འཛེམ་པ་ཡོད་པ་དང་། དགེ་བའི་ཆོས་བྱེད་པ་ལ་དགའ་བ་ཡོད་པ་ནི་རང་བཞིན་གྱི་ཚུལ་ཁྲིམས་ཞེས་བྱའོ། །ལྷག་པར་འཚེ་བ་མེད་ཅེས་བྱ་བས་ཡོངས་སུ་
རྫོགས་པའི་ཚུལ་ཁྲིམས་བསྟན་ཏེ། འཚེ་བ་མེད་པ་ནི་མི་དགེ་བ་བཅུ་མི་སྤྱོད་པ་སྟེ། མི་དགེ་བ་བཅུ་རྨི་ལམ་ན་ཡང་སྤྱོད་པར་མི་འབྱུང་བ་ནི་ལྷག་པར་འཚེ་བ་མེད་པ་ཞེས་བྱའོ། །དེ་ལྟར་གྱུར་ན་ཚུལ་ཁྲིམས་ཡོངས་སུ་རྫོགས་པ་ཞེས་བྱ་སྟེ། དེ་ཡང་ས་བཅུའི་ས་གཉིས་སུ་ཕྱིན་པའི་

དུས་ན་བྱང་ཆུབ་སེམས་དཔའི་དགེ་བ་བཅུ་ཡོངས་སུ་རྫོགས་པར་ལྷག་པར་འཚེ་བར་བྱེད་པའི་ཆོས་མི་དགེ་བ་བཅུ་རྨི་ལམ་ན་ཡང་སྤྱོད་པ་མི་འབྱུང་བས་ཡོངས་སུ་རྫོགས་པའི་ཚུལ་ཁྲིམས་ཞེས་བྱའོ། །བདག་དགའ་ཞེས་བྱ་བས་ལྷག་པར་རྟོགས་པའི་ཚུལ་
ཁྲིམས་བསྟན་ཏེ། བྱང་ཆུབ་སེམས་དཔའ་ས་དང་པོར་ཆོས་ཀྱི་དབྱིངས་ཀུན་དུ་འགྲོ་བའི་མཚན་ཉིད་དུ་རྟོགས་ནས་བདེན་པ་མཐོང་བ་དང་འཕགས་པ་དགྱེས་པའི་ཚུལ་ཁྲིམས་ཐོབ་སྟེ། ངང་གིས་མི་དགེ་བ་བཅུ་སྤངས་པ་དང་། དགེ་བ་བཅུ་ལ་གནས་པར་དགའ་བ་ནི་བདག་དགའ་
བ་ཞེས་བྱའོ། །བག་ཡོད་ཅེས་བྱ་བས་རྟག་ཏུ་འཁྲུལ་པ་མེད་པའི་ཚུལ་ཁྲིམས་བསྟན་ཏེ། ངག་གི་སྒོ་ནས་སྨྲ་བར་བྱ་བ་མ་ཡིན་པ་དག་སྨྲ་བ་དང་། ལུས་ཀྱི་སྒོ་ནས་འགྲོ་བར་བྱ་བ་མ་ཡིན་པ་དག་གི་གནས་སུ་འགྲོ་བ་དང་། ཡིད་ཀྱི་སྒོ་ནས་བསམ་པར་བྱ་བ་མ་ཡིན་པའི་ཆོས་
དག་སེམས་པ་ནི་བག་མེད་པ་ཞེས་བྱ་སྟེ། དེ་ལས་ནི་ལྟུང་བ་དང་ཉེས་བྱས་དག་གིས་འཁྲུལ་པ་འབྱུང་བར་འགྱུར་རོ། །ངག་གི་སྒོ་ནས་སྨྲ་བར་བྱ་བ་མ་ཡིན་པ་མི་སྨྲ་བ་དང་། ལུས་ཀྱི་སྒོ་ནས་འགྲོ་བར་བྱ་བ་མ་ཡིན་པའི་གནས་དག་ཏུ་མི་འགྲོ་བ་དང་། ཡིད་ཀྱི་སྒོ་ནས་བསམ་པར་བྱ་བ་
མ་ཡིན་པའི་ཆོས་དག་མི་སེམས་པ་ནི་བག་ཡོད་པ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་བག་ཡོད་པ་དེ་ལ་རྟག་ཏུ་གནས་ནས་སྤྱོད་ལམ་ཐམས་ཅད་དུ་ཡང་ལྟུང་བ་དང་ཉེས་བྱས་དག་གིས་འཁྲུལ་པ་མི་འབྱུང་བས་འཁྲུལ་པ་མེད་པའི་ཚུལ་ཁྲིམས་ཞེས་བྱའོ། །ཡང་ན་རྒྱུ་རྣམ་པ་གསུམ་ལས་
འཁྲུལ་པ་འབྱུང་སྟེ། གསུམ་གང་ཞེ་ན། ལེ་ལོ་དང་། བག་མེད་པ་དང་། བརྗེད་ངས་པའོ། །བྱང་ཆུབ་སེམས་དཔའ་ནི་སྤྱོད་ལམ་ཐམས་ཅད་དུ་ཡང་ནན་ཏན་དུ་བཅས་པར་གནས་པས་ལེ་ལོ་དང་། བག་མེད་པ་དང་། བརྗེད་ངས་པ་མེད་པའི་ཕྱིར་ལྟུང་བ་དང་ཉེས་བྱས་ལ་སོགས་པ་
མི་འབྱུང་བའི་ཕྱིར་འཁྲུལ་པ་མེད་པའི་ཚུལ་ཁྲིམས་ཞེས་བྱའོ། །ཇི་ལྟར་སེམས་ཅན་ཡོངས་སུ་སྨིན་པར་བྱེད་ཅེ་ན། དེའི་ཕྱིར། གཞན་ཡང་འདི་ལ་འགོད་ཅེས་སྨོས་ཏེ། བདག་ཉིད་ཚུལ་ཁྲིམས་རྣམ་པ་ལྔ་ལ་གནས་པ་བཞིན་དུ་སེམས་ཅན་གཞན་ཡང་ཚུལ་ཁྲིམས་རྣམ་པ་ལྔ་ལ་བཀོད་

དེ་དེ་དང་ལྡན་པར་བྱས་པས་ཡོངས་སུ་སྨིན་པར་བྱེད་དོ། །ཇི་ལྟར་ཡོངས་སུ་སྨིན་པར་བྱེད་པ་ཡང་དེ་ལྟར་ཡང་ཅུང་ཟད་ཀྱི་གཞན་ཡང་ཡོད་པར་བསྟན་པའི་ཕྱིར། ཕ་རོལ་གཅིག་ནས་གཅིག་ཏུ་ཕན་གཉིས་འདོགས། །ཞེས་བྱ་བ་སྨོས་ཏེ། ཕན་གཉིས་འདོགས་པ་ནི་ཚེ་འདིར་ཕན་
འདོགས་པ་དང་། ཚེ་རབས་གཞན་དུ་ཕན་འདོགས་པའོ། །དེ་ལ་ཚེ་འདིར་ཕན་འདོགས་པ་ནི་སེམས་ཅན་རྣམས་ཚུལ་ཁྲིམས་ལ་བཀོད་པ་ནི། དགེ་བ་བྱེད་ཅིང་མི་དགེ་བ་མི་བྱེད་པའི་ཕྱིར་མི་དགེ་བ་བྱས་པ་ལས་གྱུར་པའི་བཅིང་བ་དང་། བསད་པ་ལ་སོགས་པ་མི་འབྱུང་བས་ཚེ་
འདིར་ཕན་བཏགས་སོ། །ཚེ་རབས་གཞན་དུ་ཕན་བཏགས་པ་ཡང་རྣམ་པ་གཉིས་ཏེ། ཚེ་གཅིག་ནས་གཅིག་ཏུ་རྣམ་པར་སྨིན་པ་རྒྱུན་མ་ཆད་པར་བྱས་པ་དང་། ཚེ་གཅིག་ནས་གཅིག་ཏུ་རྒྱུ་མཐུན་པའི་འབྲས་བུ་རྒྱུན་མ་ཆད་པར་བྱས་པའོ། །དེ་ལ་ཕ་རོལ་གཅིག་ནས་གཅིག་
ཏུ་ཞེས་བྱ་བ་ནི་སེམས་ཅན་གཞན་ཚེ་རབས་གཅིག་ནས་གཅིག་ཏུ་བརྒྱུད་མར་ཞེས་བྱ་བའི་དོན་ཏོ། །ཚེ་རབས་གཞན་དུ་ཕན་པ་རྣམ་པ་གཉིས་འདོགས་པ་བསྟན་པའི་ཕྱིར། རྣམ་སྨིན་རྒྱུ་མཐུན་ལེགས་པར་སྨིན་པར་བྱེད། །ཅེས་བྱ་བ་སྨོས་ཏེ། ཚེ་འདིར་ཚུལ་ཁྲིམས་
བསྲུངས་པས་ཚེ་རབས་གཞན་དུ་ལྷ་དང་མིའི་བདེ་འགྲོ་ཐོབ་པ་ནི་རྣམ་པར་སྨིན་པའི་འབྲས་བུའོ། །ལྷ་དང་མིའི་གནས་སུ་སྐྱེ་བ་ན་ཚུལ་ཁྲིམས་བསྲུང་བ་ལ་དགའ་བར་གྱུར་པ་ནི་རྒྱུ་མཐུན་པའི་འབྲས་བུའོ། །རྒྱུ་མཐུན་པའི་འབྲས་བུ་དེ་ལས་ལྷ་དང་མིའི་བདེ་འགྲོ་ཐོབ་པ་ནི་རྣམ་
པར་སྨིན་པའི་འབྲས་བུའོ། །དེ་ན་ཡང་ཚུལ་ཁྲིམས་བསྲུང་བ་ལ་དགའ་བ་ནི་རྒྱུ་མཐུན་པའི་འབྲས་བུ་སྟེ། དེ་ལྟར་རྣམ་པར་སྨིན་པ་དང་། རྒྱུ་མཐུན་པའི་འབྲས་བུ་གཉིས་ནི་གཅིག་གིས་གཅིག་བསྐྱེད་དེ་རྒྱུན་མི་འཆད་པར་འབྱུང་བ་ནི་ཚེ་རབས་གཞན་དུ་ཕན་བཏགས་པ་ཞེས་
བྱའོ། །ཡོངས་སུ་རྫོགས་པའི་ཚུལ་ཁྲིམས་ནི་ལྷག་པར་འཚེ་བ་མེད་པའི་ཕྱིར་རོ་ཞེས་བྱ་བ་ལ། མི་དགེ་བ་བཅུ་མི་བྱེད་པ་ནི་འཚེ་བ་མེད་པ་ཞེས་བྱ་སྟེ། རྨི་ལམ་དུ་ཡང་མི་དགེ་བ་བཅུ་མི་སྤྱོད་པ་ནི་ལྷག་པར་འཚེ་བ་མེད་པ་ཞེས་བྱ་སྟེ། དེ་ལྟར་ན་ཡོངས་སུ་རྫོགས་པའི་ཚུལ་

ཁྲིམས་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འཚེ་བ་མེད་པའི་རྫོགས་པ་ནི་ལྷག་པར་མི་འཚེ་བའོ་ཞེས་བྱ་བ་ལ། ལྷག་པར་མི་འཚེ་བའི་དོན་འཆད་དེ། མི་དགེ་བ་བཅུ་རྨི་ལམ་ན་ཡང་མི་བྱེད་པར་རྫོགས་ན་ལྷག་པར་མི་འཚེ་བ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་
ན་ཡོངས་སུ་རྫོགས་པའི་ཚུལ་ཁྲིམས་སུ་འགྱུར་ཞེ་ན། དེའི་ཕྱིར། དགེ་བ་བཅུའི་ལས་རྨི་ལམ་ན་ཡོངས་སུ་རྫོགས་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། དགེ་བ་བཅུའི་ལས་ཀྱི་ལམ་ཡོངས་སུ་རྫོགས་ནས་མི་དགེ་བ་བཅུ་རྨི་ལམ་ན་ཡང་བྱེད་པར་མི་རྨི་ན་ཡོངས་སུ་རྫོགས་པའི་
ཚུལ་ཁྲིམས་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྨི་ལམ་ན་ཡང་མི་དགེ་བ་བཅུ་མི་བྱེད་པ་ནི་ས་བཅུ་ལས་ས་གཉིས་ཀྱི་ཚེ་ན་མི་འབྱུང་སྟེ། དེ་བས་ན་ས་བཅུ་པའི་ས་གཉིས་ལས་ཀྱང་ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་ས་གཉིས་པ་འདི་ལ་གནས་པ་རྣམས་ནི་དབྱིག་པ་
སྤངས་མཚོན་ཆ་སྤངས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བདག་ཉིད་དེ་ལ་དགའ་བས་ལྷག་པར་རྟོགས་པའི་ཚུལ་ཁྲིམས་ཞེས་བྱ་བ་ལ། ས་དང་པོའི་ཆོས་ཀྱི་དབྱིངས་ཀུན་དུ་འགྲོ་བའི་མཚན་ཉིད་རྟོགས་པ་ན་བདེན་པ་མཐོང་བས་མི་དགེ་བ་མི་བྱེད་པ་དང་དགེ་བ་བྱེད་པ་ལ་རང་གི་
ངང་གིས་དགའ་ཞེས་བྱ་བའི་དོན་ཏོ། །བག་ཡོད་པའི་ཕྱིར་ཞེས་བྱ་བ་ལ། ངག་གི་སྒོ་ནས་སྨྲ་བར་བྱ་བ་མ་ཡིན་པ་མི་སྨྲ་བ་དང་། ལུས་ཀྱི་སྒོ་ནས་འགྲོ་བར་བྱ་བ་མ་ཡིན་པ་དག་ཏུ་མི་འགྲོ་བ་དང་། སེམས་ཀྱི་སྒོ་ནས་བསམ་པར་བྱ་བ་མ་ཡིན་པ་དག་མི་བསམ་པ་ནི་བག་ཡོད་པ་ཞེས་
བྱའོ། །བག་ཡོད་པ་རྣམས་ལས་རྟག་ཏུ་ལྟུང་བ་དང་ཉེས་བྱས་མི་འབྱུང་བས་དེ་ཉིད་ལ་འཁྲུལ་པ་མེད་པའི་ཚུལ་ཁྲིམས་ཞེས་བྱའོ། །བཟོད་པ་ཇི་ལྟ་བུས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དེ་ལས་བརྩམས་ཏེ་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། ད་ནི་བཟོད་པའི་ཕ་རོལ་
ཏུ་ཕྱིན་པས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་བསྟན་ཏེ། དེ་ཡང་བཟོད་པ་འདི་འདྲ་བས་སེམས་ཅན་འདི་ལྟར་སྨིན་པར་བྱེད་དོ་ཞེས་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །བཟོད་པ་ཅི་འདྲ་བས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་ཅེ་ན། དེའི་ཕྱིར།

ཕ་རོལ་གནོད་པར་བྱེད་པ་ཕན་བྱེད་བློ། །ཉེས་པ་བྱས་པ་དྲག་པོ་རབ་ཏུ་བཟོད། །ཅེས་བྱ་བ་སྨོས་ཏེ། སེམས་ཅན་གཞན་གྱི་སྲོག་དང་སྲིད་དང་ལོངས་སྤྱོད་ལ་སོགས་པ་མེད་པར་བྱེད་པ་ནི་ཕ་རོལ་གནོད་པ་བྱེད་པ་ཞེས་བྱ་སྟེ། གནོད་པར་བྱེད་པ་དེ་དག་ལ་བྱང་ཆུབ་སེམས་དཔའ་
གནོད་པ་ལ་ཀླན་ཀར་སྙད་མི་དགོས་ཏེ་གནོད་པར་བྱས་པ་འདི་དག་ལ་བཟོད་པར་བྱས་ན་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་གྱུར་ན། བླ་ན་མེད་པའི་བྱང་ཆུབ་ཐོབ་པས་འདི་ནི་དགེ་བའི་བཤེས་གཉེན་
ཡིན་ནོ་སྙམ་དུ་སེམས་ཤིང་སྨྲ་བ་ནི། ཕ་རོལ་གནོད་པར་བྱེད་པ་ཕན་བྱེད་བློ། །ཞེས་བྱ་བའོ། །སྲོག་དང་སྲིད་ལ་འབབ་པའི་ཉེས་པ་བྱས་ན་ཡང་ཞེ་སྡང་མི་ལྡང་ཞིང་ཉམས་སུ་མི་ལེན་ན། སླར་གནོད་པའི་ལེན་མི་ལྡོན་པ་ནི་ཉེས་པར་བྱེད་པ་དྲག་པོ་བཟོད་པ་ཞེས་བྱའོ། །ཇི་ལྟར་ཡོངས་
སུ་སྨིན་པར་བྱེད་ཅེ་ན། དེའི་ཕྱིར། ཐབས་ཤེས་གནོད་པར་བྱེད་པའི་བཟོད་པ་ཡིས། །གནོད་པར་བྱེད་པ་དག་ནི་དགེ་ལ་བཀོད། །ཅེས་བྱ་བ་སྨོས་ཏེ། གནོད་པར་བྱེད་པ་རྣམས་ལ། འདི་ནི་ཕན་འདོགས་པ་ཡིན་ནོ་སྙམ་དུ་སེམས་ཤིང་ཚིག་ཏུ་དེ་སྐད་སྨྲས་པ་ཉིད་ཐབས་ཤེས་པ་
ཞེས་བྱའོ། །ཕན་འདོགས་པ་ཡང་རྣམ་པ་གཉིས་ཏེ། ཚེ་འདིར་ཕན་འདོགས་པ་དང་། ཚེ་རབས་གཞན་དུ་ཕན་འདོགས་པའོ། །ཚེ་འདིར་ཕན་འདོགས་པ་ནི་ཉེས་པ་དྲག་པོ་བྱས་པ་རྣམས་ལ་ཡང་གནོད་པ་དྲག་པོ་དག་བཟོད་དོ། །སླར་གནོད་པའི་ལན་མ་གླན་པས་ན་ཚེ་
འདིར་ཕན་འདོགས་སོ། །ཚེ་རབས་གཞན་དུ་ཕན་འདོགས་པའི་ཐབས་ཤེས་པའི་སེམས་ཀྱིས་གནོད་པར་བྱེད་པ་རྣམས་ལ་ཕན་འདོགས་སོ་སྙམ་དུ་སེམས་ཤིང་ཁྱོད་ཀྱིས་ཕན་འདོགས་སོ་ཞེས་སྨྲས་པས་གཞན་དག་འདི་སྙམ་དུ་སེམས་ཏེ། བདག་གིས་གནོད་པར་བྱས་ན་ཡང་
སླར་ཕན་འདོགས་སོ་ཞེས་སྨྲས་པ་དང་སྦྱར་ན་སེམས་ཅན་འདི་ནི་སེམས་ཅན་ཆེན་པོ་ཞིག་སྟེ་སྙམ་ནས་དེ་ལ་དད་པ་སྐྱེ་ཞིང་དེའི་དབང་དུ་གྱུར་པ་དང་། ཚེ་འདིར་དགེ་བ་བྱེད་པ་ལ་བཀོད་དེ་ཚེ་རབས་གཞན་དུ་མཐོ་རིས་དང་མྱ་ངན་ལས་འདས་པ་ཐོབ་པར་བྱས་པ་ནི་ཚེ་གཞན་དུ་ཕན་

འདོགས་པའོ། །བརྩོན་འགྲུས་ཇི་ལྟ་བུས་ཇི་ལྟར་ཡོངས་སུ་སྨིན་པར་བྱེད་པ་དེ་ལས་བརྩམས་ཏེ། ཚིགས་སུ་བཅད་པ་ཞེས་བྱ་བ་ལ། ད་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་སྨིན་པར་བྱེད་པ་སྟོན་ཏེ། དེ་ཡང་བརྩོན་འགྲུས་ཇི་ལྟ་བུས་
སེམས་ཅན་འདི་འདྲ་བར་ཡོངས་སུ་སྨིན་པར་བྱེད་དོ་ཞེས་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །བརྩོན་འགྲུས་ཇི་ལྟ་བུས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཕྱིར། དེ་ཡང་ནན་ཏན་མཆོག་ལ་གནས་ནས་སུ། །རྒྱལ་སྲས་སེམས་ཅན་མང་པོ་
སྨིན་པར་བྱེད། །ཅེས་བྱ་བ་སྨོས་ཏེ། དེ་ཡང་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་དང་སྦྱར་ཏེ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པར་འགྱུར་ཏེ་བྱང་ཆུབ་སེམས་དཔའ་དེ་ཡང་ཞེས་བྱ་བའི་དོན་ཏོ། །གོ་ཆའི་བརྩོན་འགྲུས་དང་། སྦྱོར་བའི་བརྩོན་འགྲུས་དང་། མ་ཞུམ་
པའི་བརྩོན་འགྲུས་དང་། མ་འཁྲུགས་པའི་བརྩོན་འགྲུས་དང་། ཆོག་མི་ཤེས་པའི་བརྩོན་འགྲུས་ལ་གནས་ཤིང་བརྩོན་འགྲུས་དེ་དག་ཀྱང་འཁོར་བའི་མཐའི་བར་དུ་གཏོང་བར་མི་བྱེད་པ་ནི་ནན་ཏན་མཆོག་ལ་གནས་པ་ཞེས་བྱའོ། །བརྩོན་འགྲུས་དེ་ལྟ་བུ་ལ་བརྟེན་ནས་བྱང་ཆུབ་སེམས་
དཔའ་སེམས་ཅན་མཐའ་ཡས་པ་རྣམས་ཡོངས་སུ་སྨིན་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །ད་ཇི་ལྟར་ཡོངས་སུ་སྨིན་པར་བྱེད་པ་བསྟན་པའི་ཕྱིར་རོ། །ཕ་རོལ་དགེ་བའི་སེམས་གཅིག་ཕྱིར་ཡང་ནི། །བསྐལ་པ་བྱེ་བ་སྟོང་དུ་སྐྱོ་མི་འགྱུར། །ཞེས་སྨོས་ཏེ། སེམས་ཅན་གཅིག་གི་སེམས་
ཀྱི་རྒྱུད་ཀྱི་སྐད་ཅིག་མ་གཅིག་ལ་སྦྱིན་པ་ལ་སོགས་པའི་དགེ་བ་གཅིག་བསྐྱེད་པའི་ཕྱིར། དགེ་བ་བསྐྱེད་པར་ནུས་པའི་སྐབས་གཟིགས་ན་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཡང་གཤེགས་ཤིང་བསྐལ་པ་བྱེ་བ་བརྒྱ་སྟོང་གྲངས་མེད་པར་ཡང་སེམས་ཅན་གྱི་དོན་མཛད་ཅིང་གཤེགས་པ་
ལ་སྐྱོ་བ་མི་མངའོ་ཞེས་བྱ་བའི་དོན་ཏོ། །དེ་ནི་འདི་སྐད་དུ་བསྟན་པ་ཡིན་ཏེ། བྱང་ཆུབ་སེམས་དཔའི་བརྩོན་འགྲུས་ཀྱིས་སེམས་ཅན་རྣམས་ལ་ཚེ་འདིར་ཕན་བཏགས་པ་དང་ཚེ་རབས་གཞན་དུ་ཕན་བཏགས་པས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལ་བརྩོན་

འགྲུས་ཀྱིས་ཚེ་འདིར་དགེ་བའི་སེམས་གཅིག་ལ་བཀོད་པ་ནི་ཚེ་འདིར་ཕན་བཏགས་པའོ། །དེའི་རྒྱུས་ཚེ་རབས་གཞན་དུ་མཐོ་རིས་དང་མྱ་ངན་ལས་འདས་པ་ཐོབ་པར་བྱས་པ་ནི་ཚེ་རབས་གཞན་དུ་ཕན་བཏགས་པའོ། །བསམ་གཏན་ཇི་ལྟ་བུས་ཇི་ལྟར་ཡོངས་སུ་སྨིན་པར་བྱེད་པ་
ལས་བརྩམས་ཏེ་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་སྟོན་ཏེ། བསམ་གཏན་ཅི་འདྲ་བས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །བསམ་
གཏན་ཇི་ལྟ་བུས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་ཅེ་ན་དེའི་ཕྱིར། ཡིད་ཀྱིས་བླ་ན་མེད་པའི་དབང་བསྐུར་ནས། །ཞེས་བྱ་བ་སྨོས་ཏེ། ཡིད་ནི་སེམས་ལ་བྱ་སྟེ། སེམས་ཀྱང་རྣམ་པར་ཤེས་པ་ཀུན་ལ་མི་བྱའི་ཡིད་ཀྱི་རྣམ་པར་ཤེས་པ་ལ་བྱའོ། །དབང་ནི་ཏིང་ངེ་འཛིན་ལ་བྱ་
སྟེ། ཅིའི་ཕྱིར་ཞེ་ན། ཏིང་ངེ་འཛིན་གྱིས་སེམས་མི་གཡེང་བར་རྩེ་གཅིག་ཏུ་འཇོག་པར་བྱེད་པས་ན་ཏིང་ངེ་འཛིན་ལ་དབང་ཞེས་བྱ་སྟེ། ཐེག་པ་ཆེན་པོའི་ཏིང་ངེ་འཛིན་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་སོགས་པ་ཡིད་ཀྱི་རྣམ་པར་ཤེས་པ་ཐོབ་པར་བྱས་པ་ལ། ཡིད་ཀྱིས་
བླ་ན་མེད་པའི་དབང་བཀུར་ནས། །ཞེས་བྱའོ། །དེ་ལྟར་ཏིང་ངེ་འཛིན་བསྒྲུབས་ནས་ཏིང་ངེ་འཛིན་གྱི་མཐུས་འཕྲུལ་གྱི་མིག་དང་། རྣ་བ་ལ་སོགས་པ་རྫུ་འཕྲུལ་རྣམས་ཀྱང་སེམས་ཅན་གྱི་དོན་དུ་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་གྱིས་མཆོད་འདོད་ཐམས་ཅད་བཅོམ་ནས་
སུ། །ཞེས་བྱ་བ་ལ། ཏིང་ངེ་འཛིན་ཐམས་ཅད་བསྒྲུབས་པ་དང་། རྫུ་འཕྲུལ་བསྒྲུབས་པ་དག་ཀྱང་སེམས་ཅན་གཞན་གྱིས་མཆོད་པ་དང་། བཀུར་སྟིའི་ཕྱིར་བསྒྲུབས་པ་ནི་མ་ཡིན་གྱི་ཟང་ཟིང་མེད་པའི་སེམས་ཅན་གྱིས་མཆོད་པ་དང་བཀུར་སྟི་བྱེད་པར་འགྱུར་བ་ལ་ཆགས་
པ་སྤངས་ནས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ཡོངས་སུ་སྨིན་པར་བྱེད་ཅེ་ན། དེའི་ཕྱིར། གཞན་ཡང་མཆོག་གི་བསྟན་ལ་འཇུག་པར་བྱེད། །ཅེས་སྨོས་ཏེ། རྫུ་འཕྲུལ་གྱི་མཐུས་འབར་བ་དང་འཕུར་བ་ལ་སོགས་པ་བསྟན་ནས།

སེམས་ཅན་གཞན་དེ་བཞིན་གཤེགས་པའི་བསྟན་པ་ལ་དགའ་བ་དང་། མགུ་བ་དང་། དད་པ་སྐྱེད་པར་བྱེད་ཅེས་བྱ་བའི་དོན་ཏོ། །དེར་ཡང་མ་ཟད་ཀྱི་གཞན་ཡང་བྱེད་པར་བསྟན་པའི་ཕྱིར། དེ་དག་དགེ་བ་ཡང་དག་འཕེལ་བར་བྱེད། །ཅེས་བྱ་བ་སྨོས་ཏེ།
སངས་རྒྱས་ཀྱི་བསྟན་པ་ལ་དད་པ་བསྐྱེད་པ་ཙམ་དུ་མ་ཟད་ཀྱི་དད་པ་ཡང་བསྐྱེད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱོད་དུ་ཡང་བཅུག་པས་དགེ་བ་ཡང་འཕེལ་བར་བྱེད་པ་ཡིན་ནོ། །ཤེས་རབ་ཇི་ལྟ་བུས་ཇི་ལྟར་ཡོངས་སུ་སྨིན་པར་བྱེད་པ་དེ་ལས་བརྩམས་ཏེ་ཚིགས་སུ་བཅད་པ་ཞེས་བྱ་
བ་ལ། ད་ནི་ཤེས་རབ་ཀྱིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་སྟོན་ཏེ། དེ་ཡང་ཤེས་རབ་ཇི་ལྟ་བུས་སེམས་ཅན་ཇི་ལྟར་ཡོངས་སུ་སྨིན་པར་བྱེད་པ་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །ཤེས་རབ་ཇི་ལྟ་བུས་སེམས་ཅན་ཇི་ལྟར་ཡོངས་སུ་སྨིན་
པར་བྱེད་ཅེ་ན། དེའི་ཕྱིར། དེ་ཉིད་དགོངས་པའི་ཚུལ་ལ་དེ་ངེས་པས། །ཞེས་བྱ་བ་སྨོས་ཏེ། དེ་ཉིད་ཀྱི་ཚུལ་ལ་ངེས་པ་དང་དགོངས་ཚུལ་ལ་ངེས་པ་ཞེས་བྱ་བར་སྦྱར་རོ། །དེ་ལ་གང་ཟག་ལ་བདག་མེད་པ་དང་། ཆོས་ལ་བདག་མེད་པ་གཉིས་ནི་དེ་ཉིད་ཀྱི་ཚུལ་ཞེས་བྱ་སྟེ།
བྱང་ཆུབ་སེམས་དཔའ་དེའི་ཤེས་རབ་ཀྱིས་ཆོས་དེ་ལ་ཐེ་ཚོམ་མེད་པར་བྱས་ཤིང་གཏན་ལ་ཕབ་པར་བྱས་པ་ནི་དེ་ཉིད་ཀྱི་ཚུལ་ལ་ངེས་པར་བྱེད་པ་ཞེས་བྱའོ། །དོན་གཞན་ལ་དགོངས་པ་དང་དུས་གཞན་ལ་དགོངས་པ་ལ་སོགས་པ་དགོངས་པ་བཞི་དང་ལྡེམ་པོར་དགོངས་པ་བཞི་ལ་
ནི་དགོངས་པའི་ཚུལ་ཞེས་བྱའོ། །ཆོས་དེ་དག་ལ་ཐེ་ཚོམ་མེད་པར་བྱས་པ་ནི་དགོངས་པའི་ཚུལ་ལ་ངེས་པ་ཞེས་བྱའོ། །ཚིག་འདིས་བདག་ཉིད་ཀྱི་ཡེ་ཤེས་ཀྱི་ཚོགས་ཀྱི་ཡོན་ཏན་ལ་གནས་པར་བསྟན་ཏོ། །ཇི་ལྟར་སེམས་ཅན་ཐེ་ཚོམ་བསལ་ནས་ཡོངས་སུ་སྨིན་པར་བྱེད་ཅེ་
ན། དེའི་ཕྱིར། སེམས་ཅན་ཐེ་ཚོམ་ཤིན་ཏུ་སེལ་བར་བྱེད། །ཅེས་བྱ་བ་སྨོས་ཏེ། དེ་ལྟར་བདག་ཉིད་ཐེ་ཚོམ་མེད་པར་བྱས་ནས་སེམས་ཅན་རྣམས་དེ་ཁོ་ནའི་ཚིག་དང་། དགོངས་པའི་ཚུལ་ལ་ཐེ་ཚོམ་དུ་གྱུར་པ་རྣམས་ཀྱི་ཐེ་ཚོམ་བསལ་ནས་ཐེ་ཚོམ་མེད་པ་ལ་དགོད་པར་བྱེད་ཀྱི། དེ་ལྟ་

བུའི་ཚུལ་གྱིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ། །འདིས་ནི་སེམས་ཅན་གཞན་དག་ཡེ་ཤེས་ཀྱི་ཚོགས་ལ་བཀོད་པ་བསྟན་ཏོ། །ཚིག་དེ་དག་ནི་མཇུག་བསྡུ་བའི་ཕྱིར། དེའི་ཕྱིར་རྒྱལ་བའི་བསྟན་ལ་དེ་གུས་པས། །བདག་དང་ཕ་རོལ་དགེ་བའི་ཡོན་ཏན་འཕེལ། །ཞེས་
བྱ་བ་སྨོས་ཏེ། སེམས་ཅན་རྣམས་དེ་ཉིད་ཀྱི་ཚུལ་དང་། དགོངས་པའི་ཚུལ་ལ་ཐེ་ཚོམ་མེད་པར་བྱས་པས་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་གུས་པ་དང་དད་པ་དང་རིམ་གྲོ་བསྐྱེད་དོ། །དེ་བས་ན་བྱང་ཆུབ་སེམས་དཔའ་དེས་བདག་གི་དགེ་བའི་ཡོན་ཏན་ཡང་འཕེལ་
བར་བྱས་ཕ་རོལ་གྱི་དགེ་བའི་ཡོན་ཏན་ཡང་འཕེལ་བར་བྱས་སོ། །ཇི་ལྟར་ཞེ་ན། དེ་ཉིད་དང་དགོངས་པའི་ཚུལ་ལ་ཐེ་ཚོམ་མེད་པས་ན་བདག་དགེ་བའི་ཡོན་ཏན་འཕེལ་བར་བྱས་སོ། །དེ་ཉིད་དང་དགོངས་པའི་ཚུལ་ལ་སེམས་ཅན་གཞན་ཐེ་ཚོམ་བསལ་བས་ཕ་རོལ་ཀྱང་དགེ་
བའི་ཡོན་ཏན་ལ་འཕེལ་བར་བྱས་སོ། །མཇུག་བསྡུ་བའི་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་སྐབས་སུ་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ་ཞེས་རྒྱ་ཆེར་བསྟན་ནས་ད་དོན་དེ་ཉིད་མཇུག་བསྡུ་ཞིང་ཇི་
ལྟར་སེམས་ཅན་ཡོངས་སུ་སྨིན་པར་བྱས་པའི་དོན་མདོར་བསྡུས་ཏེ་བསྟན་པའི་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །སེམས་ཅན་གང་དུ་འདུལ་ཞིང་སྨིན་པར་བྱེད་ཅེ་ན། དེའི་ཕྱིར། ཇི་ལྟར་བདེ་འགྲོར་འགྲོ་བ་དགེ་གསུམ་མམ། །ཞེས་བྱ་བ་སྨོས་ཏེ། ཇི་ལྟར་ཞེས་བྱ་
བ་ནི་གོང་དུ་བཤད་པ་ལྟར་ན་གོང་དུ་བྱང་ཆུབ་སེམས་དཔའ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །གང་ཟག་རིགས་མེད་པ་རྣམས་ནི་དགེ་བ་བཅུ་སྤྱོད་དུ་བཅུག་ཅིང་ལྷ་དང་མིའི་བདེ་འགྲོའི་གནས་སུ་བཀོད་ཅིང་ཡོངས་སུ་སྨིན་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །
གང་ཟག་ཉན་ཐོས་ཀྱི་རིགས་ཅན་ནམ་རང་སངས་རྒྱས་ཀྱི་རིགས་ཅན་ནམ། སངས་རྒྱས་ཀྱི་རིགས་ཅན་དག་ནི་དགེ་བ་ལ་བཀོད་པར་བྱེད་དེ་དགེ་བ་གསུམ་ནི་ཐེག་པ་གསུམ་ལ་བྱ་སྟེ། དེ་ལ་ཉན་ཐོས་ཀྱི་རིགས་ཅན་ནི་ཉན་ཐོས་ཀྱི་ཐེག་པར་བཀོད་ཅིང་ཡོངས་སུ་སྨིན་པར་བྱེད། རང་

སངས་རྒྱས་ཀྱི་རིགས་ཅན་ནི་རང་སངས་རྒྱས་ཀྱི་ཐེག་པ་ལ་བཀོད་ཅིང་ཡོངས་སུ་སྨིན་པར་བྱེད། སངས་རྒྱས་ཀྱི་རིགས་ཅན་ནི་ཐེག་པ་ཆེན་པོ་ལ་ཡོངས་སུ་སྨིན་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །སུ་དག་ཡོངས་སུ་སྨིན་པར་བྱེད་ཅེ་ན། དེའི་ཕྱིར། འགྲོ་བ་མ་
ལུས་ཞེས་བྱ་བ་སྨོས་ཏེ། རིགས་མེད་པ་དང་། ཉན་ཐོས་ཀྱི་རིགས་ཅན་དང་། རང་སངས་རྒྱས་ཀྱི་རིགས་ཅན་ལ་སོགས་པ་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །རྒྱུ་གང་གིས་ཡོངས་སུ་སྨིན་པར་བྱེད་ཅེ་ན། དེའི་ཕྱིར། སྙིང་རྗེ་ཞེས་བྱ་བ་སྨོས་ཏེ།
སེམས་ཅན་ལ་ཐུགས་བརྩེ་བའི་རྒྱུས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །སུས་ཡོངས་སུ་སྨིན་པར་བྱེད་ཅེ་ན། དེའི་ཕྱིར། བྱང་ཆུབ་སེམས་དཔས་དེ་ཞེས་བྱ་བ་སྨོས་ཏེ། ཡོངས་སུ་སྨིན་པར་བྱེད་པ་ནི་བྱང་ཆུབ་སེམས་དཔའ་ཡིན་ཏེ། བྱང་ཆུབ་
སེམས་དཔས་ཡོངས་སུ་སྨིན་པར་བྱེད་ཅེས་བྱ་བའི་དོན་ཏོ། །རྣམ་པ་དུ་དང་ཇི་ལྟ་བུས་ཡོངས་སུ་སྨིན་པར་བྱེད་ཅེ་ན། དེའི་ཕྱིར། ཆུང་དང་མཆོག་དང་འབྲིང་གི་རྣམ་པ་ཡིས། །ཞེས་བྱ་བ་སྨོས་ཏེ། མོས་པས་སྤྱོད་པའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་གཟུང་
འཛིན་མ་སྤངས་པ་དང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཤས་ཆུང་བས་བདག་ཉིད་ཀྱང་ཆུང་བ་ཞེས་བྱ་བས། གཞན་མོས་པས་སྤྱོད་པའི་སར་བཀོད་ནས་གཟུང་འཛིན་མ་སྤངས་པ་དང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆུང་ངུ་ལ་བཞག་པས་ཆུང་ངུའི་རྣམ་པས་ཡོངས་སུ་
སྨིན་པར་བྱེད་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་རྣམས་ས་བརྒྱད་པ་དང་དགུ་པ་དང་བཅུ་པ་ལ་གནས་པ་ལ་གནས་པའི་དུས་ན་བདག་ཉིད་ཀྱང་རྣམ་པར་མི་རྟོག་པའི་ལྷུན་གྱིས་གྲུབ་པ་རྙེད་ནས། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་ལ་གནས་ལ་གཞན་ཡང་ས་
དེ་གསུམ་ལ་བཀོད་ན། རྣམ་པར་མི་རྟོག་པ་ལྷུན་གྱིས་གྲུབ་པ་ཐོབ་པར་བྱས་པ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་ལ་བཞག་པས་མཆོག་གི་རྣམ་པས་ཡོངས་སུ་སྨིན་པ་ཞེས་བྱའོ། །ནམ་བྱང་ཆུབ་སེམས་དཔའ་ས་དང་པོ་ནས་བདུན་པ་མན་ཆད་ལ་གནས་པའི་

དུས་ན་བདག་ཉིད་ཀྱང་འབད་རྩོལ་དང་བཅས་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་གནས་ལ། སེམས་ཅན་གཞན་དག་ཀྱང་ས་དེ་དག་ལ་བཀོད་ན་འབད་རྩོལ་དང་བཅས་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་བསོད་ནམས་དང་ཡེ་ཤེས་ཀྱི་
ཚོགས་ལ་བཀོད་པ་འབྲིང་གི་རྣམ་པས་སེམས་ཅན་ཡོངས་སུ་སྨིན་པ་ཞེས་བྱའོ། །དུས་ཇི་སྲིད་ཅིག་ཏུ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་ཅེ་ན། དེའི་ཕྱིར། འཇིག་རྟེན་ཡོད་དང་མཉམ་པར་འཇུག་པས་འདུལ། །ཞེས་བྱ་བ་སྨོས་ཏེ། ནམ་མཁའི་མཐའ་ཇི་སྲིད་དུ་ཡོད་པར་སེམས་
ཅན་གྱི་ཁམས་ཀྱང་དེ་སྲིད་དུ་ཡོད་དོ། །འཇིག་རྟེན་གྱི་ཁམས་ཇི་སྲིད་དུ་ཡོད་པར་སེམས་ཅན་གྱི་ཁམས་ཀྱང་དེ་སྲིད་དུ་ཡོད་དེ། སེམས་ཅན་གྱི་ཁམས་ཡོད་ཀྱི་བར་དུ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པས་ན། འཇིག་རྟེན་ཡོད་དང་མཉམ་པར་འཇུག་པས་འདུལ། །ཞེས་བྱའོ། །
ཡོངས་སུ་སྨིན་པའི་སྐབས་བཤད་པ་རྫོགས་སོ།། །།ཡོངས་སུ་སྨིན་པའི་སྐབས་བཤད་པའི་རྗེས་ལ། རྣམ་པ་ཐམས་ཅད་མཁྱེན་པའི་སྐབས་བཤད་པར་འབྲེལ་པ་ཅི་ཡོད་ཅེ་ན། དེ་ལྟར་བྱང་ཆུབ་སེམས་དཔས་སེམས་ཅན་གྱི་རྒྱུད་ལའང་དགེ་བའི་རྩ་བ་ཡོངས་སུ་སྨིན་
པར་བྱས། བདག་གི་སེམས་ཀྱི་རྒྱུད་ལའང་དགེ་བའི་རྩ་བ་ཡོངས་སུ་སྨིན་པར་བྱས་པ་དེ། མྱུར་དུ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱས་པ་དེས་ན་ཡོངས་སུ་སྨིན་པའི་སྐབས་ཀྱི་འོག་ཏུ་རྣམ་པ་ཐམས་ཅད་མཁྱེན་པའི་སྐབས་བཤད་པར་འབྲེལ་ཏོ། །ཡང་ན་བདག་དང་གཞན་གྱི་དོན་དང་
དེ་ཁོ་ནའི་དོན་དང་། མཐུ་དང་། ཡོངས་སུ་སྨིན་པ་དང་། བླ་ན་མེད་པའི་བྱང་ཆུབ་སྟེ། དངོས་པོ་ལྔ་ནི་བྱང་ཆུབ་སེམས་དཔའི་བསླབ་པའི་དམིགས་པར་བྱས་པ་ཡིན་ནོ། །དེ་ལ་བྱང་ཆུབ་ཀྱི་སེམས་ཀྱིས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འདོད་ཅིང་སྨོན་ལམ་འདེབས་སོ། །བྱང་ཆུབ་
ཐོབ་པར་བྱ་བ་ཡང་ཅི་དགོས་ཤེ་ན། བདག་དང་གཞན་གྱི་དོན་ཡོངས་སུ་རྫོགས་པར་དགོས་ཏེ། དེ་བས་ན་དེའི་རྗེས་ལ་བདག་དང་གཞན་གྱི་དོན་གྱི་སྐབས་བཤད་དོ། །བདག་དང་གཞན་གྱི་དོན་ལ་ཞུགས་པ་དེས་ཀྱང་བདག་ཉིད་ཀུན་ནས་ཉོན་མོངས་པས་མ་གོས་པར་བྱས་པ་ཡིན་ཏེ། དེ་

བས་ན་ཀུན་ནས་ཉོན་མོངས་པས་མི་གོས་པའི་ཐབས་དེ་ཁོ་ནའི་སྐབས་བཤད་དོ། །ཀུན་ནས་ཉོན་མོངས་པས་ཀྱང་མ་གོས་ཀྱང་མཐུ་མེད་ན་སེམས་ཅན་གྱི་དོན་ལ་སྐྱོ་བར་འགྱུར་ཏེ། དེ་བས་ན་སེམས་ཅན་གདུལ་བར་བྱ་བའི་དོན་ལ་མི་སྐྱོ་བའི་ཐབས་མཐུའི་
སྐབས་བཤད་དོ། །དེ་ལྟར་དེ་ཁོ་ནའི་དང་། མཐུ་གཉིས་ཀྱིས་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་དེ། ཇི་ལྟ་ཞེ་ན། གང་གི་ཕྱིར། བྱང་ཆུབ་སེམས་དཔའ་དེ་ཁོ་ན་ཁོང་དུ་ཆུད་ན་བདག་ཉིད་ཀྱི་རྒྱུད་ལ་དགའ་བ་
ལ་སོགས་པའི་ཆོས་དགུ་ཤས་ཆེར་མྱུར་དུ་འགྲུབ་ཅིང་ཐོབ་པར་འགྱུར་གྱི་དེ་ཁོ་ནའི་ཁོང་དུ་མ་ཆུད་ན་ནི་མི་འགྱུར་ཏེ། དེ་བས་ན་དེ་ཁོ་ན་ཁོང་དུ་ཆུད་པ་ལས་བདག་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་འགྱུར་ཏེ། མཐུ་དང་ལྡན་ན་སྐྱོ་བ་དང་གནོད་པ་མེད་པར་སེམས་ཅན་ཡོངས་སུ་སྨིན་པར་བྱེད་ནུས་
ཏེ། མཐུ་མེད་པས་ནི་མི་ནུས་ཏེ། དེ་བས་ན་མི་སྐྱོ་བའི་ཐབས་ནི་མཐུ་དང་ལྡན་པའི་ཐབས་ཀྱིས་བཤད་དོ། །དེ་ལྟར་བདག་དང་སེམས་ཅན་ཡོངས་སུ་སྨིན་པ་དང་ལྡན་པ་རྣམས་ནི་ཤ་ཐང་དང་མི་བདེ་བ་མེད་པར་ཚོགས་ཡོངས་སུ་རྫོགས་ནས་བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་འགྱུར་
ཏེ། དེའི་རྗེས་ལ་ཡོངས་སུ་སྨིན་པའི་སྐབས་ཀྱི་རྗེས་ལ། རྣམ་པ་ཐམས་ཅད་མཁྱེན་པའི་སྐབས་བཤད་པར་འབྲེལ་ཏོ། །དེ་ལ་བདག་དང་གཞན་གྱི་དོན་དང་། དེ་ཁོ་ནའི་དོན་དང་། མཐུ་དང་། ཡོངས་སུ་སྨིན་པ་བཞི་ནི་རྒྱུ་ལྟ་བུར་དམིགས་སོ། །བླ་ན་མེད་པའི་བྱང་ཆུབ་ནི་
འབྲས་བུར་དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ལ་ཚིགས་སུ་བཅད་པ་གཉིས་ཏེ། གསུམ་པ་ནི་བཤད་པའོ་ཞེས་བྱ་བ་ལ། མེ་ལོང་ལྟ་བུའི་ཡེ་ཤེས་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། སོ་སོར་རྟོག་པའི་ཡེ་ཤེས་དང་། བྱ་བ་གྲུབ་པའི་ཡེ་ཤེས་དང་། ཆོས་ཀྱི་
དབྱིངས་དང་ལྔ་ལས་སངས་རྒྱས་ཞེས་བྱ་སྟེ། སངས་རྒྱས་དེ་ཉིད་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཞེས་བྱའོ། །སངས་རྒྱས་དེའི་དོན་ཚིགས་སུ་བཅད་པ་གཉིས་ཀྱིས་ནི་མདོ་ཙམ་དུ་བསྟན་པ་དེ་ཚིགས་སུ་བཅད་པ་གསུམ་པ་བཟླས་ཏེ་ཞིབ་ཏུ་འཆད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཚིགས་

སུ་བཅད་པ་གཉིས་ཀྱིས་བསྡུས་པའི་དོན་ནི་རྣམ་པ་གསུམ་སྟེ། ཡང་དག་པར་འཐོབ་པ་དང་། རང་བཞིན་དང་དཔེའོ། །ཡང་དག་པར་ཐོབ་པ་ལ་རྣམ་པ་བཞི་སྟེ། དགའ་བ་སྤྱོད་པ་བརྒྱ་ཕྲག་ཇི་སྙེད་པ་དང་། དགེ་བའི་ཚོགས་ཇི་སྙེད་པ་དང་། དུས་ཇི་སྲིད་ཅིག་དང་། ཉོན་མོངས་པ་དང་།
ཤེས་བྱའི་སྒྲིབ་པ་ཇི་ཙམ་སྤངས་པས་སངས་རྒྱས་ཐོབ་པ་ནི་ཡང་དག་པར་ཐོབ་པ་ཞེས་བྱའོ། །དཔག་མེད་དཀའ་སྤྱོད་བརྒྱ་རྣམས་དང་། །ཞེས་བྱ་བས་དཀའ་བ་སྤྱོད་པ་བརྒྱ་ཕྲག་ཇི་སྙེད་ཅིག་བསྟན་ཏེ། སེམས་ཅན་གྱི་དོན་དུ་མགོ་དང་རྐང་ལག་ལ་སོགས་པ་དང་བུ་སྨད་བཏང་བ་དང་།
འཇིག་རྟེན་གྱི་ཁམས་མེ་མ་མུར་གྱིས་གང་བར་ཡང་འབོག་ཅིང་འགྲོ་བ་ལ་སོགས་པའི་དཀའ་བ་སྤྱོད་པ་དཔག་ཏུ་མེད་པ་བརྒྱ་ཕྲག་གྲངས་མེད་པ་ཞིག་ཀྱང་སྤྱད་ཅེས་བྱ་བའི་དོན་ཏོ། །བརྒྱ་སྨོས་པས་ནི་མཚོན་པ་ཙམ་དུ་ཟད་ཀྱི་གྲངས་སྟོང་ཕྲག་ལ་སོགས་པ་ཚད་མེད་པ་རྣམས་ཀྱིའང་བསྡུའོ། །
དཔག་མེད་དགེ་བ་བསགས་པ་དང་། །ཞེས་བྱ་བས། དགེ་བའི་ཚོགས་ཇི་སྙེད་པ་བསྟན་ཏེ། ས་དང་ཕ་རོལ་ཏུ་ཕྱིན་པ་དང་། བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་དགེ་བ་དཔག་ཏུ་མེད་པ་ཡང་བསགས་ཞེས་བྱ་བའི་དོན་ཏོ། །དཔག་ཏུ་མེད་པའི་དུས་དང་ནི། །ཞེས་བྱ་བས། དུས་ཇི་སྲིད་
ཅིག་བསྟན་ཏེ། དུས་ཀྱང་བསྐལ་པ་གྲངས་མེད་པ་གསུམ་གྱི་བར་དུ་སྤྱོད་ཅེས་བྱ་བའི་དོན་ཏོ། །དཔག་མེད་སྒྲིབ་པ་ཟད་པའི་ཕྱིར། །ཞེས་བྱ་བས། ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་ཇི་ཙམ་སྤངས་པ་བསྟན་ཏེ། འཁོར་བ་ཐོག་མ་མེད་པ་ནས་མ་སྤངས་པའི་ཉོན་མོངས་པའི་སྒྲིབ་
པ་ཡང་སྤངས། ཤེས་བྱའི་སྒྲིབ་པ་ཡང་སྤངས་ཞེས་བྱ་བའི་དོན་ཏོ། །འདི་ཡན་ཆད་ཡང་དག་པར་ཐོབ་པ་བསྟན་ཏོ། །རང་བཞིན་ཡང་རྣམ་པ་གཉིས་ཏེ། སྤངས་པ་ཕུན་སུམ་ཚོགས་པ་བསྟན་པ་དང་། ཡེ་ཤེས་ཕུན་སུམ་ཚོགས་པའོ། །སྒྲིབ་པ་ཀུན་གྱི་དྲི་མེད་པ། །ཞེས་བྱ་བས་སྤངས་
པ་ཕན་སུམ་ཚོགས་པ་བསྟན་ཏེ། སངས་རྒྱས་ཀྱི་དུས་ན་ས་བཅུར་གཏོགས་པའི་ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པའི་བག་ཆགས་ཀྱང་མ་ལུས་པར་སྤངས་པས། སྒྲིབ་པ་ཀུན་གྱི་དྲི་མེད་ཅེས་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཐོབ། །ཅེས་བྱ་བས། ཡེ་ཤེས་

ཕུན་སུམ་ཚོགས་པ་བསྟན་ཏེ། དེ་ཡང་རྣམ་པ་ཐམས་ཅད་མཁྱེན་ཅེས་བྱ་བར་སྦྱར་རོ། །དེ་ལ་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པར་དེ་ལྟ་བུར་ཕྱིན་ཅི་མ་ལོག་པར་ཤེས་པས་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཞེས་བྱའོ། །ཕུང་པོ་
དང་ཁམས་ལ་སོགས་པའི་ཆོས་ཀུན་མ་ལུས་པར་མཁྱེན་པས་ན་ཐམས་ཅད་མཁྱེན་པ་ཞེས་བྱ་སྟེ། འདིས་ནི་རང་བཞིན་བསྟན་ཏོ། །རིན་ཆེན་སྣོད་ནི་ཕྱེ་བ་ལྟར། །སངས་རྒྱས་པར་ནི་ཤིན་ཏུ་བསྟན། །ཞེས་བྱ་བ་ལ། དཔེར་ན་རིན་པོ་ཆེའི་སྒྲོམ་ཁ་ཕྱེ་ན་ཁ་དོག་དང་དབྱིབས་སུ་ལྡན་
པའི་རིན་པོ་ཆེ་སྣ་ཚོགས་སྣང་བ་དེ་བཞིན་དུ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་གཉིས་སྤངས་ཏེ། སངས་རྒྱས་ཀྱི་ས་ཐོབ་པའི་དུས་ན་སྟོབས་དང་མི་འཇིགས་པ་དང་མ་འདྲེས་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་རིན་པོ་ཆེ་སྣ་ཚོགས་དག་དེའི་ཚེ་ན་སྣང་ངོ་ཞེས་བྱ་བའི་དོན་ཏོ། །དཔག་མེད་དཀའ་
སྤྱོད་བརྒྱ་རྣམས་དང་། །ཞེས་བྱ་བ་ལ། རྒྱས་པར་བསྟན་པའི་ཕྱིར། ངལ་བརྒྱས་རྨད་འབྱུང་དཀའ་སྤྱད་ཅེས་སྨོས་ཏེ། འབད་པ་དང་། བསྒྲུབ་པ་དང་། བརྩལ་བ་དྲག་པོ་གྲངས་མེད་པས་མགོ་དང་རྐང་ལག་དང་། བུ་སྨད་ལ་སོགས་པས་གཏང་བར་སྤྱད་པ་ནི་ངལ་བརྒྱས་རྨད་འབྱུང་བའི་
དཀའ་བ་སྤྱད་པ་ཞེས་བྱ་སྟེ། དེ་ལྟ་བུར་དཀའ་བ་སྤྱད་པ་འཇིག་རྟེན་དང་། ཉན་ཐོས་དང་རང་སངས་རྒྱས་ལ་མེད་པས་ན་རྨད་དུ་བྱུང་བ་ཞེས་བྱའོ། །དེ་ཡང་མདོ་དག་ལས་སེམས་ཅན་གྱི་དོན་དུ་ངས་མིག་ཡོངས་སུ་བཏང་བ་བསགས་ན་ནི་རི་རབ་བས་ཀྱང་མཐོ་ལ་ཁྲག་ཡོངས་སུ་བཏང་བ་
བསགས་ན་ནི་ཕྱོགས་བཞིའི་རྒྱ་མཚོ་བས་ཀྱང་མང་ངོ་ཞེས་བྱ་བའི་དོན་ཏོ། །དཔག་མེད་དགེ་བ་བསགས་པ་དང་། །ཞེས་བྱ་བའི་དོན་རྒྱས་པར་བསྟན་པའི་ཕྱིར། དགེ་བ་བསགས་ཀུན་ཞེས་སྨོས་ཏེ། ཕ་རོལ་ཏུ་ཕྱིན་པ་དང་། ས་བཅུ་དང་། བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པའི་
དགེ་བ་ཀུན་ཀྱང་བསགས་ཞེས་བྱ་བའི་དོན་ཏོ། །དཔག་ཏུ་མེད་པའི་དུས་དང་ནི། །ཞེས་བྱ་བའི་དོན་རྒྱས་པར་བསྟན་པའི་ཕྱིར། དུས་རིང་བསྐལ་པ་མཆོག་འགྲོ་ཞེས་སྨོས་ཏེ། དུས་རིང་གི་སྒྲས་ནི་བསྐལ་པ་ཆུང་ངུ་དང་། བར་གྱི་བསྐལ་པ་ཙམ་དུ་བསྒྲུབ་པ་མ་ཡིན་གྱི་བསྐལ་པ་ཆེན་

པོར་བསྒྲུབ་པར་སྟོན་ཏོ། །མཆོག་གི་སྒྲས་ནི་བསྐལ་པ་གྲངས་མེད་པ་གསུམ་གྱི་བར་དུ་བསྒྲུབ་པར་སྟོན་ཏོ། །དཔག་མེད་སྒྲིབ་པ་ཟད་པའི་ཕྱིར། །སྒྲིབ་པ་ཟད་ཅེས་སྨོས་ཏེ། འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་ཀུན་སྤངས་
ཞེས་བྱ་བའི་དོན་ཏོ། །སྒྲིབ་པ་ཀུན་གྱི་དྲི་མེད་པ། །ཞེས་བྱ་བའི་དོན་རྒྱ་ཆེར་བསྟན་པའི་ཕྱིར། སར་གཏོགས་སྒྲིབ་པ་ཕྲ་བཅོམ་ཞེས་བྱ་བ་སྨོས་ཏེ། སངས་རྒྱས་པའི་དུས་ན་ས་དང་པོ་ནས་ས་བཅུ་ཡན་ཆད་ན་ཡོད་པའི་སྒྲིབ་པ་ཕྲ་མོ་དང་། ཤེས་བྱའི་སྒྲིབ་པ་ཕྲ་མོ་དང་ཡང་ཞེས་བྱ་བའི་
དོན་ཏོ། །རྣམ་པ་ཐམས་ཅད་མཁྱེན་པ་ཐོབ། །ཞེས་བྱ་བའི་དོན་རྒྱ་ཆེར་བསྟན་པའི་ཕྱིར། སངས་རྒྱས་དེ་ཞེས་བྱ་བ་སྨོས་ཏེ། ནམ་སངས་རྒྱས་པའི་དུས་ན་ཆོས་ཐམས་ཅད་ཕྱིན་ཅི་མ་ལོག་པར་ཐུགས་སུ་ཆུད་པས་སངས་རྒྱས་ཞེས་བྱའོ། །རིན་ཆེན་སྣོད་ཉིད་ཕྱེ་བ་ལྟར། །ཞེས་བྱ་བའི་
དོན་རྒྱ་ཆེར་བསྟན་པའི་ཕྱིར། དེ་ནི་མཐུ་ཆེན་རིན་ཆེན་སྣོད་ཕྱེ་བཞིན། །ཞེས་བྱ་བ་སྨོས་ཏེ། རིན་པོ་ཆེ་གང་སེམས་ཅན་གཞན་གྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པའི་རིན་པོ་ཆེ་ནི་མཐུ་ཆེན་པོའི་རིན་པོ་ཆེ་ཞེས་བྱ་སྟེ། མཐུ་ཆེན་པོའི་རིན་པོ་ཆེའི་སྣོད་ཁ་ཕྱེ་ན་རིན་པོ་ཆེ་ཆེན་པོ་སྣ་ཚོགས་སྣང་
ཞིང་བདག་དང་གཞན་གྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པ་དེ་བཞིན་དུ་སངས་རྒྱས་ཀྱི་སའི་དུས་ན་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་མ་ལུས་པར་སྤངས་ནས་བདག་དང་གཞན་གྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པའི་ཆོས་སྟོབས་དང་། མི་འཇིགས་པ་ལ་སོགས་པའི་རྣམ་པ་སྣ་
ཚོགས་སྣང་ཞིང་བདག་དང་གཞན་གྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་དེའི་གཉིས་སུ་མེད་པའི་མཚན་ཉིད་མཐུ་དང་བཅས་པ་ལ་གཉིས་ཏེ། གསུམ་པ་ནི་བཤད་པར་གྱུར་པའོ་ཞེས་བྱ་བ་ལ། སངས་རྒྱས་ནི་གཉིས་སུ་མེད་པའི་མཚན་ཉིད་ཡིན་ཏེ། ཅིའི་
ཕྱིར་ཞེ་ན། གཟུང་བ་དང་འཛིན་པ་ནི་གཉིས་ཞེས་བྱ་ལ། སངས་རྒྱས་པའི་དུས་ན་གཟུང་བ་དང་འཛིན་པ་གཉིས་སྤངས་པས་གཉིས་སུ་མེད་པ་ཞེས་བྱའོ། །ཡང་ན་ཡོད་པ་དང་མེད་པ་གཉིས་ལ་གཉིས་སུ་ཞེས་བྱ་སྟེ། སངས་རྒྱས་པ་ན་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་པས་གཉིས་སུ་མེད་

པ་ཞེས་བྱའོ། །ཅི་ཞིག་ཡོད་པ་མ་ཡིན་ཞེ་ན། སངས་རྒྱས་པའི་ཚེ་གཟུང་བ་དང་འཛིན་པ་ཀུན་དུ་བརྟགས་པའི་ཀུན་བརྟགས་ཀྱི་མཚན་ཉིད་ཡོད་པ་མ་ཡིན་པའོ། །ཅི་ཞིག་མེད་པ་མ་ཡིན་ནམ་ཞེ་ན། ཡོངས་སུ་གྲུབ་པ་ཡོད་པའི་མཚན་ཉིད་ཡོད་པའི་ཕྱིར་རོ། །མཐུ་ནི་
གཉིས་མེད་པའི་མཚན་ཉིད་ཀྱི་ཡོན་ཏན་ལ་བྱ་སྟེ། ཚིགས་སུ་བཅད་པ་གཉིས་ཀྱིས་ནི་གཉིས་སུ་མེད་པའི་མཚན་ཉིད་དང་། མཐུ་མདོ་ཙམ་དུ་བསྟན། ཚིགས་སུ་བཅད་པ་གསུམ་པས་ནི་དེ་ཉིད་ཀྱི་དོན་བཟླས་ནས་རྒྱ་ཆེར་འཆད་དོ་ཞེས་བྱ་བའི་དོན་ཏོ། །ཐམས་ཅད་ཆོས་ནི་སངས་རྒྱས་ཏེ། །
ཞེས་བྱ་བ་ལ། སངས་རྒྱས་ཞེས་བྱ་བ་ནི་གང་ཟག་ལ་བདག་མེད་པ་དང་། ཆོས་ལ་བདག་མེད་པ་དང་། སྐྱེ་བ་དང་འགག་པ་མེད་པའི་ཆོས་ལ་སངས་རྒྱས་ཞེས་བྱ་ལ། ཆོས་ཐམས་ཅད་ལ་བདག་མེད་པ་གཉིས་དང་། སྐྱེ་འགག་མེད་པར་མ་ཁྱབ་པ་མེད་ཅིང་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་བདག་
མེད་པ་གཉིས་ཀྱི་རང་བཞིན་སྐྱེ་འགག་མེད་པའི་རང་བཞིན་དང་། ཆོས་ཐམས་ཅད་ཀྱི་བདག་མེད་པ་གཉིས་དང་། སྐྱེ་འགག་མེད་པའི་རང་བཞིན་དུ་མི་འདྲ་བ་ཅུང་ཟད་ཀྱང་མེད་པས་ན་ཆོས་ཐམས་ཅད་ལ་སངས་རྒྱས་ཞེས་བྱའོ། །དེ་བས་ན་འཕགས་པ་རྡོ་རྗེ་གཅོད་པའི་མདོ་ལས་ཀྱང་། གང་ཞིག་ང་ལ་
གཟུགས་སུ་བལྟ། །གང་ཞིག་ང་ལ་དགྲ་རུ་རྟོགས། །ལོག་པར་ཞུགས་པ་སོང་བས་ཏེ། །སྐྱེ་བོ་དེ་ནི་ང་མི་མཐོང་། །དེ་བཞིན་ཉིད་དུ་སངས་རྒྱས་བལྟ། །འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ། །ཆོས་ཉིད་ཤེས་པར་མི་རུང་སྟེ། །དེ་དག་རྣམ་པར་རིག་མི་འགྱུར། །ཞེས་གསུངས་སོ། །
འཕགས་པ་ཡེ་ཤེས་སྣང་བའི་རྒྱན་གྱི་མདོ་ལས་ཀྱང་། མི་སྐྱེ་ཆོས་ནི་རྟག་ཏུ་དེ་བཞིན་གཤེགས། །ཐམས་ཅད་ཆོས་ཀྱང་བདེ་བར་གཤེགས་དང་འདྲ། །ཞེས་གསུངས་སོ། །སྨྲས་པ། གལ་ཏེ་ཆོས་ཐམས་ཅད་སངས་རྒྱས་ཡིན་ན་སངས་རྒྱས་ཀྱི་ཡོད་པའི་རང་བཞིན་ཡིན་པས།
སངས་རྒྱས་བཞིན་དུ་ཆོས་ཡང་ཡོད་པའི་རང་བཞིན་དུ་འགྱུར་རམ་སྙམ་པ་ལ། ཆོས་ནི་གང་ཡང་ཡོད་མ་ཡིན། །ཞེས་སྨོས་ཏེ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་གཟུང་བ་དང་འཛིན་པ་ཀུན་དུ་བརྟགས་པའི་མཚན་ཉིད་དང་བུམ་པ་དང་སྣམ་བུ་ལ་སོགས་པ་ཀུན་བརྟགས་པའི་མཚན་ཉིད་ཀྱི་

ཆོས་ནི་གང་ཡང་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དཀར་པོའི་ཆོས་ཀྱི་རང་བཞིན་ཏེ། །ཞེས་བྱ་བ་ལ། སངས་རྒྱས་ནི་དང་པོ་ཉིད་ཀྱང་ས་དང་ཕ་རོལ་ཏུ་ཕྱིན་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་བསྒྲུབ་པ་ལས་གྲུབ་ལ། །སངས་རྒྱས་ཀྱི་དུས་ན་ཡང་ས་དང་ཕ་རོལ་ཏུ་ཕྱིན་པ་དང་།
བྱང་ཆུབ་ཀྱི་ཕྱོགས་དང་། སྟོབས་དང་མི་འཇིགས་པ་ལ་སོགས་པའི་རང་བཞིན་དུ་གནས་པས་ན་དཀར་པོའི་ཆོས་ཀྱི་རང་བཞིན་ཞེས་བྱའོ། །དེ་ལྟར་ན་སངས་རྒྱས་དེ་ཕ་རོལ་ཏུ་ཕྱིན་པ་དེ་དག་ཉིད་ཀྱི་རང་བཞིན་ཁོ་ན་ཡིན་ནོ་ཞེས་བརྗོད་དམ་ཞེ་ན། དེའི་ཕྱིར། དེས་ཀྱང་དེ་ནི་བསྟན་མ་ཡིན། །
ཞེས་སྨོས་ཏེ། གཏོང་བ་པོ་དང་། ལེན་པ་དང་། རྫས་ལ་སོགས་པ་ལྟ་བུར་རྣམ་པ་གསུམ་དུ་དམིགས་པའི་ཀུན་བརྟགས་ཀྱི་མཚན་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམས་ནི་རང་བཞིན་གྱིས་ཡོད་པ་མ་ཡིན་པས་ན་ཀུན་བརྟགས་པའི་མཚན་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པ་དེས་སངས་རྒྱས་དེའི་རང་
བཞིན་ཡིན་ནོ་ཞེས་ཀྱང་མི་བརྗོད་དེ། ཅིའི་ཕྱིར་སངས་རྒྱས་ནི་ཀུན་བརྟགས་ཀྱི་ཆོས་མ་ཡིན་པའི་ཕྱིར་རོ། །དེ་ཡན་ཆད་ཀྱིས་གཉིས་སུ་མེད་པའི་མཚན་ཉིད་བཤད་དེ། རིན་ཆེན་ཆོས་ཀྱི་རྒྱུ་ཡིན་པས། །དེ་ནི་རིན་ཆེན་འབྱུང་གནས་བཞིན། །ཞེས་བྱ་བ་ལ། དཔེར་ན་རིན་པོ་ཆེ་འབྱུང་
གནས་ནས་རིན་པོ་ཆེ་རྣམ་པ་སྣ་ཚོགས་འབྱུང་བ་བཞིན་དུ། སངས་རྒྱས་དེ་ལས་ཀྱང་བཤད་པར་བྱ་བའི་ཆོས་རིན་པོ་ཆེ་དཔག་ཏུ་མེད་པ་དང་། སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཆོས་རིན་པོ་ཆེ་དཔག་ཏུ་མེད་པ་འབྱུང་སྟེ། ཆོས་རིན་པོ་ཆེ་རྣམས་འབྱུང་བའི་རྒྱུ་དང་རྐྱེན་དང་གཞི་བྱེད་པས་
ན་སངས་རྒྱས་ནི་རིན་པོ་ཆེའི་འབྱུང་གནས་དང་འདྲའོ་ཞེས་བྱ་བའི་དོན་ཏོ། །དགེ་བའི་ལོ་ཏོག་རྒྱུ་ཡི་ཕྱིར། །དེ་ནི་སྤྲིན་དང་འདྲ་བར་འདོད། །ཅེས་བྱ་བ་ལ། དཔེར་ན་སྤྲིན་ལས་ཆར་འབབ་ཅིང་ཆར་འབབ་པའི་རྐྱེན་གྱིས་ནས་དང་འབྲས་ལ་སོགས་པའི་ལོ་ཏོག་སྣ་ཚོགས་སྨིན་ཅིང་
རྒྱས་པར་འགྱུར་བ་དེ་བཞིན་དུ། སངས་རྒྱས་དེ་ལས་ཀྱང་ཆོས་བཤད་པའི་ཆར་རྣམ་པ་སྣ་ཚོགས་ཕབ་ནས་སེམས་ཅན་གྱི་སེམས་ཀྱི་རྒྱུད་ཞིང་དང་འདྲ་བ་ལ་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དགེ་བའི་ལོ་ཏོག་བསྐྱེད་པའི་རྒྱུ་སངས་རྒྱས་བྱེད་པས་ན། དེ་བས་ན་སངས་རྒྱས་ནི་སྤྲིན་

དང་འདྲ་བར་འདོད་དོ་ཞེས་བྱ་བའི་དོན་ཏོ། །འདིས་ནི་མཐུ་ཆེ་བ་བསྟན་ཏོ། །དེ་བཞིན་ཉིད་དང་ཐ་དད་པ་མ་ཡིན་པས་ཆོས་ཐམས་ཅད་ནི་སངས་རྒྱས་ཏེ་ཞེས་བྱ་བ་ལ། བུམ་པ་དང་སྣམ་བུ་ལ་ཡོད་པའི་གང་ཟག་དང་ཆོས་བདག་མེད་པ་དང་སྐྱེ་འགག་མེད་པའི་
དེ་བཞིན་ཉིད་དང་། ཆོས་ཀྱི་སྐུའི་བདག་མེད་པ་གཉིས་དང་། སྐྱེ་འགག་མེད་པའི་དེ་བཞིན་ཉིད་དུ་མི་འདྲ་བ་མེད་ནས་ཆོས་ཐམས་ཅད་ལ་སངས་རྒྱས་ཞེས་བྱའོ་ཞེས་བྱ་བའི་དོན་ཏོ། །ཐམས་ཅད་ཆོས་ནི་སངས་རྒྱས་ཏེ། །ཞེས་བྱ་བའི་དོན་དང་། དཀར་པོའི་ཆོས་ཀྱི་རང་བཞིན་ཏེ། །
ཞེས་བྱ་བའི་དོན་བསྟན་པའི་ཕྱིར། སངས་རྒྱས་ཆོས་ཀུན་ཚོགས་པ་འམ། །ཞེས་བྱ་བ་སྨོས་སོ། །བདག་མེད་པ་གཉིས་དང་། སྐྱེ་འགག་མེད་པའི་ཆོས་ལ་ནི་སངས་རྒྱས་ཞེས་བྱ་ལ། སྟོང་པ་ཉིད་ཀྱི་ཆོས་ཀྱི་ནང་དུ་མ་འདུས་པའི་ཆོས་གང་ཡང་མེད་པས་ན་སངས་རྒྱས་ཆོས་ཀུན་
ཚོགས་པ་ཞེས་བྱའོ། །ཡང་ན་སངས་རྒྱས་ཉིད་དང་པོ་ཡང་ས་དང་། ཕ་རོལ་ཏུ་ཕྱིན་པ་དང་། བྱང་ཆུབ་ཀྱི་ཕྱོགས་བསྒྲུབ་པ་ལས་གྲུབ་ལ། སངས་རྒྱས་གྲུབ་པ་ན་ཡང་ས་དང་ཕ་རོལ་ཏུ་ཕྱིན་པ་དང་། བྱང་ཆུབ་ཀྱི་ཕྱོགས་དང་། སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཆོས་
ཐམས་ཅད་ཚོགས་པར་ཡོད་པས་ན་སངས་རྒྱས་ཆོས་ཀུན་ཚོགས་པ་ཞེས་བྱའོ། །ཆོས་ནི་གང་ཡང་ཡོད་མ་ཡིན། །ཞེས་བྱ་བ་དང་། དེས་ཀྱང་དེ་ནི་བསྟན་མ་ཡིན། །ཞེས་བྱ་བའི་དོན་བསྟན་པའི་ཕྱིར། ཡང་ན་ཆོས་ཀུན་བྲལ་བ་སྟེ། །ཞེས་སྨོས་ཏེ། སངས་རྒྱས་པའི་དུས་ན་གཟུང་བ་
དང་འཛིན་པས་ཀུན་དུ་བརྟགས་པའི་ཆོས་གང་ཡང་མེད་པས་ན་ཆོས་ཀུན་དང་བྲལ་བ་ཞེས་བྱའོ། །ཡང་ན་གཟུང་འཛིན་གྱི་མཚན་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམས་དེའི་དུས་ན་མེད་པས་ན་ཆོས་ཀུན་དང་བྲལ་བ་ཞེས་བྱའོ། །རིན་ཆེན་ཆོས་ཀྱི་རྒྱུ་ཡིན་པས། །དེ་ནི་རིན་ཆེན་འབྱུང་གནས་བཞིན། །ཞེས་
བྱ་བའི་དོན་བསྟན་པའི་ཕྱིར། རིན་ཆེན་མཆོག་རབ་ཆེ་ཡངས་འབྱུང་ཕྱིར་རིན་ཆེན་ཆོས་ཀྱི་འབྱུང་གནས་བཞིན། །ཞེས་བྱ་བ་སྨོས་ཏེ། དཔེར་ན་རིན་པོ་ཆེ་འབྱུང་གནས་ནས་རིན་པོ་ཆེ་སྣ་ཚོགས་འབྱུང་བ་བཞིན་དུ། སངས་རྒྱས་དེ་ལས་ཀྱང་བཤད་པར་བྱ་བའི་ཆོས་ཐེག་པ་ཆེན་པོའི་ཆོས་

རིན་པོ་ཆེ་རྣམས་འབྱུང་བ་དང་། ཡངས་ཤིང་རྒྱ་ཆེ་བའི་ཆོས་ས་དང་། ཕ་རོལ་ཏུ་ཕྱིན་པ་དང་། སྟོབས་དང་མི་འཇིགས་པ་ལ་སོགས་པ་འབྱུང་བའི་རྒྱུ་བྱེད་པས་ན་སངས་རྒྱས་ནི་རིན་པོ་ཆེའི་འབྱུང་གནས་དང་འདྲའོ་ཞེས་བྱ་བའི་དོན་ཏོ། །དགེ་བའི་ལོ་ཏོག་རྒྱུ་ཡི་ཕྱིར། །དེ་ནི་སྤྲིན་དང་འདྲ་
བར་འདོད། །ཅེས་བྱ་བའི་དོན་བསྟན་པའི་ཕྱིར། འབྱུང་པོ་དགེ་བའི་ལོ་ཏོག་ཆེར་འཕེལ་རྒྱུ་ཕྱིར་སྤྲིན་དང་འདྲ། །ཞེས་སྨོས་ཏེ། དཔེར་ན་སྤྲིན་ལས་ཆར་ཕབ་ནས་ལོ་ཏོག་རྣམ་པ་སྣ་ཚོགས་འཕེལ་ཞིང་རྒྱས་པར་བྱེད་པ་དེ་བཞིན་དུ་འབྱུང་པོ་ནི་སེམས་ཅན་ལ་བྱ་སྟེ། དེ་བཞིན་
གཤེགས་པས་ཀྱང་ཆོས་ཀྱི་ཆར་ཕབ་ནས་སེམས་ཅན་གྱི་སེམས་ཀྱི་རྒྱུད་ཞིང་དང་འདྲ་བ་ལ་ཕ་རོལ་ཏུ་ཕྱིན་པའི་དགེ་བའི་ལོ་ཏོག་རྒྱ་ཆེར་འཕེལ་ཞིང་རྒྱས་པར་བྱེད་པས་ན་སངས་རྒྱས་ནི་སྤྲིན་དང་འདྲའོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ཆོས་ཀྱི་ཆར་འབེབས་པ་བསྟན་པའི་ཕྱིར། སྐྱེ་
དགུ་དག་ལ་ཆོས་ཀྱི་ཆར་ཆེན་ལེགས་བཤད་མི་ཟད་རབ་ཏུ་འབེབས། །ཞེས་སྨོས་སོ། །དེ་ལ་ཆར་ཆེན་ལེགས་བཤད་མི་ཟད་པ་ཞེས་བྱ་བའི་ཚིག་ཕྱིས་འབྱུང་ལ། སྐྱེ་དགུ་དག་ལ་ཆོས་ཀྱི་ཆར་ཞེས་བྱ་བའི་ཚིག་སྔར་བྱུང་མོད་ཀྱི། ཚིག་འདི་ལྟར་སྦྱར་ཏེ་ཆོས་ཆེན་པོ་ལེགས་པར་བཤད་
པ་མི་ཟད་པ་སྐྱེ་དགུ་དག་གི་སེམས་ཀྱི་རྒྱུད་ལ་འབེབས་པས་ན་སྤྲིན་དང་འདྲའོ་ཞེས་སྦྱར་རོ། །ཆེན་པོ་ཞེས་བྱ་བ་ནི་ས་དང་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ཐེག་པ་ཆེན་པོའི་ཆོས་ལ་བྱའོ། །ཆོས་དེ་ཡང་ཐོག་མར་ཡང་དགེ། བར་དུ་ཡང་དགེ། ཐ་མར་ཡང་དགེ། དོན་བཟང་ཚིག་བཟང་
བས་ན་ལེགས་པར་བཤད་པ་ཞེས་བྱའོ། །ཆོས་དེ་ལན་ཅིག་རྟོགས་ན་འཁོར་བ་མཐའི་བར་དུ་ཡང་མེད་པར་མི་འགྱུར་བས་ན་མི་ཟད་པ་ཞེས་བྱའོ། །འབེབས་ཞེས་བྱ་བ་ནི་འདུལ་བའི་སེམས་ཅན་རྣམས་ལ་བཤད་ཅེས་བྱ་བའི་དོན་ཏོ། །སངས་རྒྱས་པ་དེ་ཉིད་སྐྱབས་བླ་ན་མེད་པ་ལ་
ཚིགས་སུ་བཅད་པ་ལྔའོ་ཞེས་བྱ་བ་ལ། སངས་རྒྱས་ཀྱི་མཐུའི་སྐབས་ཀྱི་རྗེས་ལ་སྐྱབས་བླ་ན་མེད་པའི་ཁྱད་པར་བཤད་པའི་འབྲེལ་པ་ཅི་ཡོད་ཅེ་ན། ལན་དུ་འཇིག་རྟེན་པ་དག་རི་ལ་སོགས་པ་ལ་སྐྱབས་ཚོལ་བ་དང་། ཉན་ཐོས་དག་མྱ་ངན་ལས་འདས་པ་ལ་སྐྱབས་ཚོལ་བས་ནི་རིན་པོ་ཆེའི་

འབྱུང་གནས་ལྟ་བུ་དང་། སྤྲིན་ལྟ་བུའི་མཐུ་དང་ལྡན་པའི་སངས་རྒྱས་སུ་གྲུབ་ན་སྐྱབས་སུ་སོང་བ་ཐམས་ཅད་ཀྱི་སྐྱབས་པས་སྐྱབས་བླ་ན་མེད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། མཐུའི་རྗེས་ལ་སྐྱབས་བླ་ན་མེད་པའི་ཁྱད་པར་བཤད་པར་འབྲེལ་ཏོ། །རྒལ་བ་དང་།
སྔར་སྐྱབས་ཀྱི་སྐབས་བཤད་པ་དང་འདིར་སྐྱབས་ཀྱི་སྐབས་བཤད་པར་གཉིས་སུ་ཁྱད་པར་ཅི་ཡོད་ནས། ལན་གཉིས་སུ་བཟླས་ཏེ་བཤད་ཅེ་ན། སྔར་ནི་གང་ཟག་གི་ཁྱད་པར་གྱི་དབང་དུ་བྱས་ནས་ཐེག་ཆེན་མཆོག་ཕྱིར་དཀོན་མཆོག་རྣམས་ལ་སྐྱབས་སོང་བས། དེ་ཉིད་སྐྱབས་སུ་
སོང་བའི་མཆོག་ཏུ་རིག་པར་བྱའོ་ཞེས་སྨོས་ལ། འདིར་ནི་འཇིག་རྟེན་པ་དག་རྒྱལ་པོ་དང་རྐུན་པོ་ལ་སོགས་པས་འཇིགས་ནས་རི་ལ་སོགས་པ་ལ་སྐྱབས་སུ་འགྲོ་བ་དང་། ཉན་ཐོས་པ་དག་འཁོར་བའི་སྐྱེ་རྒ་ན་འཆི་ལ་སོགས་པས་འཇིགས་ནས་བདག་བསྐྱབ་པའི་ཕྱིར་དཀོན་
མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་གང་ཟག་དེ་དག་པས་གང་ཟག་གང་སངས་རྒྱས་གང་ལ་སྐྱབས་སུ་སོང་བའི་སངས་རྒྱས་དེ་ཉིད་ཐོབ་པར་བྱས་ནས་བདག་ཉིད་སེམས་ཅན་ཀུན་གྱི་སྐྱབས་སུ་གྱུར་ཅིག་ཅེས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་བྱང་ཆུབ་སེམས་དཔའ་དེ་
སྐྱབས་གཞན་པས་མཆོག་ཏུ་གྱུར་པ་ཡིན་ཏེ། བདག་དང་གཞན་གཉི་ག་གནོད་པ་ཐམས་ཅད་ལས་བསྐྱབ་པའི་ཕྱིར་སྐྱབས་སུ་སོང་བས་སོ། །དེའི་སྐབས་སུ་ནི་གང་ཟག་གི་དབང་དུ་བྱས་ནས་སྐྱབས་སུ་འགྲོ་བའི་སྐབས་བཤད་ཀྱི་བྱང་ཆུབ་ཀྱི་དབང་དུ་བྱས་པས་ནི་མ་ཡིན་ནོ། །
སྐྱབས་སུ་འགྲོ་བའི་ཁྱད་པར་འདི་ནི་བྱང་ཆུབ་ཏུ་བྱས་པས་ཏེ། སུས་བླ་ན་མེད་པའི་བྱང་ཆུབ་ཐོབ་པ་དེ་ནི་བདག་དང་གཞན་གྱི་སྐྱབས་སུ་གྱུར་པས་སྐྱབས་བླ་ན་མེད་པ་ཡིན་ནོ་ཞེས་སྟོན་ཏེ། དེ་བས་ན་ཁྱད་པར་ནི་དེ་ཡོད་དོ། །སངས་རྒྱས་པ་ནི་སྐྱབས་ཡིན་ལ། །ཞེས་བྱ་བ་ལ། ཉོན་
མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤངས་ནས་ཆོས་ཐམས་ཅད་ཐུགས་སུ་ཆུད་དེ། སངས་རྒྱས་པ་ཉིད་སྐྱབས་ཞེས་བྱ་སྟེ། ཅི་ལས་སྐྱོབ་ཅེ་ན། ཉོན་མོངས་པ་དང་ལས་དང་ཚེ་གསུམ་ལས་སྐྱོབ་པས་སངས་རྒྱས་པ་ཉིད་སྐྱབས་ཞེས་བྱའོ། །རྟག་ཏུ་ཉོན་མོངས་ཚོགས་ཀུན་དང་། །

ཞེས་བྱ་བ་ལ། ཉོན་མོངས་པའི་ཉོན་མོངས་པ་ལས་སྐྱོབ་པར་འགྱུར་ཏེ། སངས་རྒྱས་པར་གྱུར་ན་འཁོར་བའི་མཐའི་བར་དུ་ཡང་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པའི་ཚོགས་ཀུན་སེམས་ལ་མི་འབྱུང་ཞིང་ཉོན་མོངས་པས་མི་གོས་པར་གྱུར་པ་ན་ཉོན་མོངས་
པ་ལས་སྐྱོབ་བོ་ཞེས་བྱ་བའི་དོན་ཏོ། །ཉེས་སྤྱོད་དག་ནི་ཐམས་ཅད་དང་། །ཞེས་བྱ་བས། ལས་ཀྱི་ཀུན་ནས་ཉོན་མོངས་པ་ལས་སྐྱོབ་པར་བསྟན་ཏེ། མཚམས་མེད་པ་ལྔ་དང་། མི་དགེ་བ་བཅུ་ལ་སོགས་པ་ནི་ཉེས་པར་སྤྱོད་པ་ཞེས་བྱ་སྟེ། སངས་རྒྱས་པར་གྱུར་ན་མཚམས་མེད་པ་
ལྔ་དང་མི་དགེ་བ་བཅུ་ལ་སོགས་པ་མི་མཛད་པ་ལས་ཀྱི་ཀུན་ནས་ཉོན་མོངས་པ་ལས་སྐྱོབ་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྒ་དང་ཤི་བ་དག་ལས་ཀྱང་། །ཞེས་བྱ་བས་ཚེའི་ཀུན་ནས་ཉོན་མོངས་པ་ལས་སྐྱོབ་པར་སྟོན་ཏེ། འདིར་སྐྱེ་བ་ཞེས་བྱ་བ་སྨོས་སུ་ཟིན་གྱིས་ཀྱང་། མ་སྐྱེས་པར་རྒ་བ་དང་
འཆི་བ་མི་སྲིད་པས་སྐྱེ་བ་ཡང་དོན་གྱི་ཤུགས་ཀྱིས་བསྟན་པར་རིག་པར་བྱའོ། །སངས་རྒྱས་པར་གྱུར་ན་སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བ་ལ་སོགས་པ་མི་འབྱུང་བས་ཚེའི་ཀུན་ནས་ཉོན་མོངས་པ་ལས་ཀྱང་སྐྱོབ་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཚིགས་སུ་བཅད་པ་འདིས་ནི་བདག་གི་
སྐྱབས་སུ་བདག་གྱུར་པར་སྟོན་ཏེ། དེ་བས་ན་སངས་རྒྱས་པ་ཉིད་སྐྱབས་ཡིན་པར་སྟོན་ཏོ། །ད་ནི་སངས་རྒྱས་ན་སེམས་གཞན་ལ་ཡང་སྐྱབས་རྣམ་པ་ལྔ་བྱེད་པས་སྐྱབས་བླ་ན་མེད་པ་ཡིན་པའི་ཕྱིར་རོ། །འཚེ་བ་དག་ནི་འཚེ་བ་ཐམས་ཅད་དང་། །ཞེས་བྱ་བ་ལ་སོགས་པ་ཚིགས་
སུ་བཅད་པ་གཅིག་སྨོས་སོ། །དེ་ལ་འཚེ་བ་ཐམས་ཅད་ལས་སྐྱོབ་པ་ནི་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་ལོང་བས་ནི་མིག་རྙེད། འོན་པས་ནི་སྒྲ་ཐོས། སྨྱོན་པས་ནི་དྲན་པ་རྙེད། ནད་རྣམ་པ་སྣ་ཚོགས་དང་ལོ་ཉེས་ནི་ཞི་བར་བྱས་ཞེས་བྱ་བ་ལ་སོགས་ཏེ། འདི་ནི་གཞན་
གྱི་སྐྱོབ་པ་རྣམ་པ་གཅིག་གོ། །ངན་སོང་དང་ནི་ཞེས་བྱ་བས་ངན་སོང་ལས་སྐྱོབ་པ་སྟོན་ཏོ། །དེ་ཡང་དེ་བཞིན་གཤེས་པའི་འོད་བཏང་བས། སེམས་ཅན་དམྱལ་བ་ལ་སོགས་པ་ངན་སོང་རྣམས་ཀྱི་ལུས་ལ་རེག་ནས་ངན་སོང་གི་སྡུག་བསྔལ་ཐམས་ཅད་ཞི་བར་བྱས་ཏེ། མཐོ་རིས་སུ་

སྐྱེ་བར་བྱས་པ་དང་། ངན་སོང་དུ་སྐྱེ་བར་འདོད་པ་རྣམས་ལ་འོད་དེས་རེག་ནས་ངན་སོང་དུ་མི་སྐྱེ་བར་བྱས་ཏེ། འདི་ནི་གཞན་སྐྱོབ་པ་རྣམ་པ་གཉིས་སོ། །ཐབས་མིན་དང་ཞེས་བྱ་བ་ཐབས་མ་ཡིན་པ་ལས་སྐྱོབ་པ་བསྟན་ཏེ། མུ་སྟེགས་ཅན་གྱི་ལྟ་བ་རྣམ་པ་
སྣ་ཚོགས་ཐལ་བ་ལ་ཉལ་བས་ཐར་པ་དང་མཐོ་རིས་ཚོལ་བ་དང་། ཚེར་མ་ན་ཉལ་བས་ཐར་པ་དང་མཐོ་རིས་ཚོལ་བ་དང་བྲག་ཁ་ནས་མཆོང་བས་ཐར་པ་དང་མཐོ་རིས་ཚོལ་བ་དག་ནི་དེ་ལས་ཐར་པ་དང་མཐོ་རིས་ཐོབ་པར་མི་འགྱུར་བས་ན་ཐབས་མ་ཡིན་པ་ཞེས་བྱའོ། །ཐབས་མ་ཡིན་
པ་ལ་ཞུགས་པའི་མུ་སྟེགས་པ་དེ་དག་ལམ་ངན་པ་དོར་དུ་བཅུག་ནས། མཐོ་རིས་ཀྱི་ལམ་དང་། དགེ་བ་བཅུ་དང་ཐར་པའི་ལམ་འཕགས་པའི་ལམ་གྱི་ཡན་ལག་བརྒྱད་ལ་འགོད་དེ་འདི་ནི་གཞན་སྐྱོབ་པ་རྣམ་པ་གསུམ་མོ། །འཇིག་ཚོགས་ནི་ཞེས་བྱ་བས་འཇིག་ཚོགས་ལ་སྐྱབ་པ་
སྟོན་ཏེ། བདག་དང་བདག་གི་མེད་པའི་ཕུང་པོ་ལྔ་ལ་བདག་དང་བདག་གིར་ལྟ་བ་ནི་འཇིག་ཚོགས་ལ་ལྟ་བའི་སེམས་ཅན་དེ་དག་ལ་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཆོས་གང་ཟག་ལ་བདག་མེད་པ་བསྟན་ནས། ཉན་ཐོས་ཀྱི་མྱ་ངན་ལས་འདས་པ་ལ་བཀོད་པ་ནི་འཇིག་ཚོགས་ལས་
སྐྱོབ་པ་ཞེས་བྱ་སྟེ། འདི་ནི་གཞན་སྐྱོབ་པ་རྣམ་པ་བཞི་པའོ། །ཐེག་ཆུང་ལས་ཞེས་བྱ་བས་ཐེག་པ་ཆུང་ངུ་ལས་སྐྱོབ་པ་བསྟན་ཏེ། མ་ངེས་པའི་རིགས་ཅན་དག་ཉན་ཐོས་ཀྱི་ཐེག་པར་ཞུགས་པའམ། འཇུག་ཏུ་འདོད་པ་རྣམས་དེ་ལས་བཟློག་ནས་ཐེག་པ་ཆེན་པོ་ལ་འགོད་པར་བྱེད་
པ་ནི་ཐེག་པ་ལས་སྐྱོབ་པ་ཞེས་བྱ་སྟེ། འདི་ནི་གནས་གཞན་སྐྱོབ་པ་རྣམ་པ་ལྔའོ། །དེའི་ཕྱིར་སྐྱབས་ནི་དམ་པའོ་ཞེས་བྱ་བ་ནི་སེམས་ཅན་གཞན་ལ་ཡང་སྐྱབས་རྣམ་པ་ལྔ་བྱེད་པས་ན་དེའི་ཕྱིར་སངས་རྒྱས་སུ་གྲུབ་པས་ནི་སྐྱབས་དམ་པ་སྐྱབས་བླ་ན་མེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ནི་ཚིགས་
སུ་བཅད་པ་གསུམ་པས་སྐྱབས་དེ་ཉིད་དཔེ་མེད་པ་དང་། མཆོག་ཏུ་གྱུར་པའི་ཕྱིར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕྱིར་སྐྱབས་པས་ཀྱང་སྐྱབས་བླ་ན་མེད་པ་ཡིན་ནོ་ཞེས་གོང་དུ་ཚིགས་སུ་བཅད་པ་དང་པོ་དང་གཉིས་པར་བསྟན་པའི་དོན་གཉིས་ཀྱིས་བླ་ན་མེད་པའི་དོན་དུ་བསྟན་

པའི་ཕྱིར། སངས་རྒྱས་སྐྱབས་ནི་དཔེ་མེད་མཆོག་ཡིན་ཏེ། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་སྨོས་སོ། །སངས་རྒྱས་པར་གྱུར་པ་ཉིད་བདག་དང་གཞན་གྱི་གནས་སུ་གྱུར་པས་སངས་རྒྱས་ཀྱི་སྐྱབས་ཡིན་ཏེ། སངས་རྒྱས་ཀྱི་སྐྱབས་དང་སྐྱབས་འདི་གཉིས་སུ་
འདྲའོ་ཞེས་དེ་དང་བསྟུན་ཅིང་འདྲ་བར་གཞལ་དུ་རུང་བ་འཇིག་རྟེན་གང་ན་ཡང་མེད་པས་ན་དཔེ་མེད་པ་ཞེས་བྱའོ། །འཇིག་རྟེན་པ་དག་རི་ལ་སོགས་པ་ལ་སྐྱབས་སུ་འགྲོ་བ་དང་། ཉན་ཐོས་དག་མྱ་ངན་ལས་འདས་པ་ལ་སྐྱབས་སུ་འགྲོ་བ་བས། སྐྱབས་འདི་དམ་པ་ཡིན་པས་ན་
མཆོག་ཅེས་བྱ་སྟེ། དེའི་ཕྱིར་ན་སྐྱབས་བླ་ན་མེད་པའོ། །ཇི་ལྟར་ན་བླ་ན་མེད་པའི་ཕྱིར་སྐྱེ