Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 125

Văn bản gốc(Tây Tạng)

Trang 2 / 19 (50.000 ký tự/trang)
པོ་ཞེས་བྱ་བའི་ཆོས་འབྱུང་བས་ན་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་ཆོས་མ་ཡིན་ནོ་ཞེས་སྨྲ་བ་ལ་ལན་དུ་ལྷན་ཅིག་འབྱུང་བའི་ཕྱིར་ཞེས་བྱ་བ་སྨོས་ཏེ། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་མཉན་དུ་ཡོད་པ་ལ་སོགས་པའི་གནས་སུ་ཐེག་པ་

ཆུང་ངུ་ཉན་ཐོས་ཀྱི་ཐེག་པར་བཤད་པ་དེའི་ཚེ་ཐེག་པ་ཆེན་པོ་ཡང་གནས་དེ་དག་ཏུ་བཤད་པས་ན་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀའ་ཡིན་པར་སྒྲུབ་བོ། །ཡང་ཉན་ཐོས་དག་འདི་སྙམ་དུ་རྟོག་གེ་པའམ། མུ་སྟེགས་པ་ལ་ལ་ཞིག་གིས་བདག་མཁས་
པར་བསྒྲགས་ཤིང་འཇིག་རྟེན་པ་རྣམས་སླུ་བར་བྱ་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་གཞུང་མང་པོ་དག་བྱས་ལ། མུ་སྟེགས་པ་ལ་སོགས་པའི་གཙུག་ལག་གི་ནང་ནས་ཀྱང་སྦྱིན་པ་དང་ཚུལ་ཁྲིམས་དང་དཀའ་བར་སྤྱོད་པ་དག་འབྱུང་བས་ན་འདི་རྟོག་གེ་པའམ་མུ་སྟེགས་
པ་འགའ་ཞིག་གིས་བྱས་པར་བདག་ཅག་དོགས་སོ་ཞེས་སྨྲ་བ་ལ། དེ་ནི་མི་རིགས་པར་བསྟན་པའི་ཕྱིར་སྤྱོད་ཡུལ་མ་ཡིན་ཞེས་སྨོས་ཏེ། ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་མཚན་ཉིད་ཟབ་ཅིང་རྒྱ་ཆེ་བ་བསྟན་པ་དེ་དག་ཀྱང་ཁོང་དུ་མི་ཆུད་ན་དེ་དག་གིས་རྟོགས་པ་ལྟ་ག་ལ་ཞིག་
སྲིད་དེ་དེ་ནི་མི་སྲིད་པ་དང་མུ་སྟེགས་ལ་སོགས་པའི་གཙུག་ལག་གི་ནང་ནས་ཀྱང་ས་དང་ཕ་རོལ་ཏུ་ཕྱིན་པ་དང་། མ་བྱུང་མ་སྐྱེས་པའི་ཆོས་ཅུང་ཟད་ཀྱང་མི་འབྱུང་བ་དང་། དེ་དག་ལ་དངོས་པོ་མེད་པ་ལ་སོགས་པའི་རང་བཞིན་བསྟན་ཀྱང་དད་པར་མི་འགྱུར་ཏེ་སྤྱོད་ཡུལ་དུ་མ་གྱུར་པས་མུ་
སྟེགས་པའམ་རྟོག་གེ་པ་དག་གིས་བྱས་ཞེས་ཀྱང་བྱར་མི་རུང་ངོ་། །ཡང་ཉན་ཐོས་དག་འདི་སྙམ་དུ་ཐེག་པ་ཆེན་པོ་འདི་སངས་རྒྱས་ཀྱིས་བཤད་པ་ནི་མ་ཡིན་ནོ། །གང་ཟག་ལ་ལ་ཞིག་གིས་ས་དང་ཕ་རོལ་ཏུ་ཕྱིན་པ་དང་སྐྱེ་བ་དང་འགག་པ་མེད་པའི་དོན་མངོན་སུམ་དུ་བྱས་ཏེ་སངས་
རྒྱས་ནས་བཤད་དོ་ཞེས་སེམས་པ་ལ། དེའི་ཕྱིར་ལེན་དུ་གྲུབ་པ་དང་ཞེས་སྨོས་ཏེ། དེ་ལྟར་ན་ཐེག་པ་ཆེན་པོ་འདི་སངས་རྒྱས་ཀྱི་ཚིག་ཡིན་པར་གྲུབ་སྟེ། ཇི་ལྟ་ཞེ་ན། གང་ཟག་གིས་ས་དང་ཕ་རོལ་ཏུ་ཕྱིན་པ་དང་སྐྱེ་བ་དང་འགག་པ་མེད་པའི་དོན་ཁོང་དུ་ཆུད་པའི་གང་ཟག་དེ་ཉིད་སངས་རྒྱས་ཞེས་
བྱ་སྟེ། དེས་བཤད་པའི་ཚིག་ཐམས་ཅད་ཀྱང་སངས་རྒྱས་ཀྱི་ཚིག་ཡིན་པས་ཐེག་པ་ཆེན་པོ་འདི་སངས་རྒྱས་ཀྱི་ཚིག་ཏུ་གྲུབ་བོ། །ཡོད་དང་མེད་དང་མེད་པ་དང་། །ཞེས་བྱ་བ་ལ་ཚིག་སྦྱར་བ་ནི་ཡོད་ན་ཡོད་ལ་མེད་ན་མེད་དོ་ཞེས་སྦྱར་རོ། །ཉན་ཐོས་ལ་བརྟགས་ན་བཅོམ་ལྡན་འདས་ཀྱིས་ཉན་ཐོས་

ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། ཐེག་པ་ཆེན་པོ་གསུམ་བཤད་དམ་མ་བཤད་ཅེ་ན། ལན་དུ་ཐེག་པ་ཆེན་པོ་བཤད་དེ་ཡོད་དོ་ཞེ་ན། ཐེག་པ་ཆེན་པོ་ཞིག་ཡོད་པར་གྱུར་ན་ནི་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་འདི་ཉིད་ཐེག་པ་ཆེན་པོ་ཡིན་
པས་སངས་རྒྱས་ཀྱི་ཚིག་ཏུ་གྲུབ་སྟེ། ཐེག་པ་ཆེན་པོ་ནི་འདི་ལ་མ་གཏོགས་པར་ཉན་ཐོས་དང་རང་སངས་རྒྱས་དང་མུ་སྟེགས་པ་ལ་སོགས་པའི་ཆོས་རྣམས་ལ་ཐེག་པ་ཆེན་པོ་ཞེས་བྱ་བར་མི་རིགས་ཏེ། ཇི་ལྟར་མི་རིགས་པ་ནི་འོག་ནས་ཞིབ་ཏུ་འཆད་དོ། །གལ་ཏེ་ཉན་
ཐོས་པ་དག་ན་རེ། ཐེག་པ་གསུམ་དུ་མེད་ཀྱི་ཐེག་པ་ནི་གཅིག་ཏུ་ཟད་དེ་ཉན་ཐོས་ཀྱི་ཐེག་པ་ཉིད་ལ་ཤེས་རབ་རྣོན་པོ་རྣམས་ཀྱིས་བསྒོམས་ན་ནི་སངས་རྒྱས་པར་འགྱུར་རོ། །ཤེས་རབ་འབྲིང་རྣམས་ཀྱིས་བསྒོམས་ན་ནི་རང་སངས་རྒྱས་སུ་འགྱུར་རོ། །ཤེས་རབ་ཆུང་ངུ་རྣམས་
ཀྱིས་བསྒོམས་ན་ནི་ཉན་ཐོས་སུ་འགྱུར་རོ། །ཐེག་པ་གཅིག་ཏུ་ཟད་དེ་གསུམ་དུ་མེད་དོ་ཞེས་སྨྲས་པའི་ལན་དུ་མེད་པ་དང་མེད་ཅེས་སྨྲས་ཏེ། གལ་ཏེ་ཐེག་པ་ཆེན་པོ་མེད་ན་ཉན་ཐོས་ཀྱི་ཐེག་པ་ཡང་མེད་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། སངས་རྒྱས་སུ་གྲུབ་པའི་
ལམ་ཐེག་པ་ཆེན་པོ་མེད་ན་སངས་རྒྱས་འགྲུབ་པ་མེད་དོ། །སངས་རྒྱས་སུ་མ་གྲུབ་ན་ཐེག་པ་ཆུང་ངུ་ཡང་མ་བཤད་པས་དེ་ལྟར་སྣང་བའི་ཐེག་པ་ཆུང་ངུ་འདི་ཡང་སངས་རྒྱས་ཀྱི་ཚིག་མ་ཡིན་པར་འགྱུར་རོ། །གལ་ཏེ་ཉན་ཐོས་དག་འདི་སྙམ་དུ་གང་གི་ཚིག་བསྒོམས་ན་ཉོན་
མོངས་པའི་གཉེན་པོར་འགྱུར་བ་དེ་སངས་རྒྱས་ཀྱི་བཀའ་སྟེ། དཔེར་ན་ཉན་ཐོས་ཀྱི་ཐེག་པ་བཞིན་ནོ། །ཐེག་པ་ཆེན་པོ་བསྒོམས་ནའང་ཉོན་མོངས་པའི་གཉེན་པོར་མི་འགྱུར་བས་སངས་རྒྱས་ཀྱི་ཚིག་མ་ཡིན་ནོ་ཞེས་པ་ལ། ལན་དུ་གཉེན་པོ་དང་ཞེས་སྨོས་ཏེ། ཐེག་པ་ཆེན་
པོ་བསྒོམས་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེ་བའི་རྟེན་དུ་འགྱུར་རོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེས་ན་ཉོན་མོངས་པ་སྤོང་བའི་གཉེན་པོར་འགྱུར་བས་སངས་རྒྱས་ཀྱི་བཀའ་ཡིན་པར་མངོན་ནོ། །གལ་ཏེ་ཉན་ཐོས་དག་འདི་སྙམ་དུ་སངས་རྒྱས་ཀྱི་བཀའ་ལས་ནི་ཕུང་པོ་ལ་

སོགས་པའི་ཆོས་ཡོད་པར་བཤད་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ནང་ནས་ཐམས་ཅད་མེད་པར་བཤད་པས་སངས་རྒྱས་ཀྱི་ཚིག་མ་ཡིན་ནོ་ཞེས་སེམས་པ་ལ། སྒྲ་གཞན་ཕྱིར་ཞེས་སྨྲས་ཏེ། བཅོམ་ལྡན་འདས་ཀྱིས་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་ལ་སོགས་པར་མེད་དོ་ཞེས་བཤད་པ་དེ་ཡང་སྒྲ་ཇི་བཞིན་གྱི་དོན་མ་ཡིན་ཏེ། ཇི་ལྟར་བྱིས་པ་རྣམས་ཀྱིས་གཟུང་བ་དང་འཛིན་པར་ཀུན་ཏུ་བརྟགས་པའི་རང་བཞིན་མེད་པ་ལ་དགོངས་ནས་མེད་དོ་ཞེས་གསུངས་པ་སྟེ། གཞན་གྱི་དབང་དང་ཡོངས་སུ་གྲུབ་པའི་ངོ་བོ་ནི་མེད་པ་
མ་ཡིན་པ་སྟེ། དེ་བས་ན་སྒྲ་ཇི་བཞིན་དུ་བཟུང་བའི་སྒོ་ནས་སངས་རྒྱས་ཀྱི་ཚིག་མ་ཡིན་ནོ་ཞེས་བྱ་བར་མི་རིགས་སོ། །འདི་ལྟ་བུའི་སྤྱོད་པ་ཟབ་མོ་ནི་རྟོག་གེ་ཅན་གྱི་སྤྱོད་ཡུལ་ཡང་མ་ཡིན་ལ་ཞེས་བྱ་བ་ནི་ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཟབ་
མོ་འདི་ལྟ་བུ་དག་ནི་རྟོག་གེ་ཅན་དང་མུ་སྟེགས་ཅན་རྣམས་ལ་བཤད་ན་ཡང་ཁོང་དུ་མི་ཆུད་ན་དེ་དག་གིས་རྟོགས་པའི་སྤྱོད་ཡུལ་དུ་ལྟ་ག་ལ་འགྱུར་ཏེ་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །མུ་སྟེགས་ཅན་གྱི་གཙུག་ལག་ལས་ཀྱང་འདི་ལྟ་བུ་མི་འབྱུང་ལ་ཞེས་བྱ་བ་ནི། མུ་སྟེགས་ཅན་གྱི་གཙུག་
ལག་གི་ནང་ན་ཡང་ས་དང་ཕ་རོལ་ཏུ་ཕྱིན་པ་དང་མ་སྐྱེས་པ་དང་མ་བྱུང་བའི་ཆོས་ཅུང་ཟད་ཀྱང་མི་འབྱུང་བས་ན་མུ་སྟེགས་པ་དག་གིས་བྱས་ཞེས་ཀྱང་བྱར་མི་རུང་ངོ་། །བརྗོད་དུ་ཟིན་ཀྱང་མོས་པ་མེད་པའི་ཕྱིར་ཞེས་བྱ་བ་ནི་མ་སྐྱེས་པ་དང་བདག་མེད་པ་ལ་སོགས་པའི་དོན་དེ་དག་ལ་བཤད་
ན་ཡང་དད་པ་མེད་དེ་རྒྱབ་ཀྱིས་ཕྱོགས་པའི་ཕྱིར་དེ་དག་གིས་བྱས་ཞེས་བྱ་བར་ཡང་མི་རིགས་སོ། །ཆོས་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་དག་ལ་ནི་འཕགས་པ་བཙུན་པ་རྣམས་དད་པར་བྱེད་དོ། །གཞན་དག་གིས་འཕགས་པ་བློ་གྲོས་མི་ཟད་པ་དང་། རྒྱ་མཚོ་བློ་གྲོས་དང་།
དཀོན་མཆོག་སྤྲིན་དང་། དཔུང་བཟངས་ལ་སོགས་པའི་མདོ་སྡེ་ལས་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་བསྟན་པ་ཐོས་ནས། སེམས་ཤེས་པ་རྣམས་ཆོས་དེ་དག་མུ་སྟེགས་པས་བྱས་སོ་ཞེས་སེམས་པར་བྱེད། གང་སྔར་ལུང་མ་བསྟན་པའི་ཕྱིར་ཞེས་སྨྲས་པ་དེ་ལ་མ་དགོངས་པས་

ན། བཅོམ་ལྡན་འདས་ཀྱིས་ལུང་མ་བསྟན་ཏོ་ཞེས་ཟེར་བ་ལ་བཏང་སྙོམས་སུ་བཞག་ཏུ་མི་རུང་བར་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། ཐེག་པ་ཆེན་པོའི་ཆོས་གསུང་རབ་སངས་རྒྱས་ཀྱི་གསུང་མ་ཡིན་པར་སྔར་ལུང་མ་བསྟན་པས་ན་སངས་རྒྱས་ཀྱི་ཚིག་གོ་ཞེས་གང་སྨྲས་པ་དེ་ནི་
ཐེག་པ་ཆེན་པོ་སངས་རྒྱས་ཀྱི་ཚིག་མ་ཡིན་ཡང་། རྣམ་པ་གསུམ་གྱི་ཕྱིར་ལུང་མ་བསྟན་ཏེ། གང་ཞེ་ན། དེ་བཞིན་གཤེགས་པ་རྣམས་དམ་པའི་ཆོས་འཆད་པ་དང་། སེམས་ཅན་གྱི་དོན་ལ་ཐུགས་བྲེལ་བར་གྱུར་པས་ན་བསྟན་པ་ནུབ་པར་འགྱུར་བའི་འཇིགས་པ་འབྱུང་
བ་མ་གཟིགས་པས་ལུང་མ་བསྟན་པ་དང་། བསྟན་པ་བསྲུང་བ་ལ་ཆེད་ཆེ་བར་མི་མཛད་པས་ལུང་མ་བསྟན་པ་དང་། ཡེ་ཤེས་འདས་པ་དང་ད་ལྟར་གྱི་དངོས་པོ་ལ་འཇུག་ཀྱང་མ་འོངས་པའི་དངོས་པོ་ལ་མི་འཇུག་པས་ལུང་མ་བསྟན་ཏོ་ཞེས་ཟེར་བ་ལ། མ་འོངས་པ་ན་བསྟན་པ་ནུབ་
པར་འགྱུར་བའི་འཇིགས་པ་འབྱུང་བ་རྣམས་ལ། ལུང་མ་བསྟན་པར་བཏང་སྙོམས་སུ་གཞག་ཏུ་མི་རུང་བ་ལས་བརྩམས་ཏེ་ཚིགས་སུ་བཅད་པ་སྨྲས་པ། སངས་རྒྱས་རྣམས་ནི་མངོན་སུམ་སྤྱན། །ཞེས་བྱ་བ་ལ་དེ་བཞིན་གཤེགས་པ་རྣམས་ནི་དགོངས་ཤིང་འབད་མི་དགོས་པས་
ཆོས་ཐམས་ཅད་སྐྱུ་རུ་ར་ལག་མཐིལ་དུ་བཞག་པ་བཞིན་དུ་གསལ་བར་མཁྱེན་པས་མ་འོངས་པ་ན་བསྟན་པ་ལ་འཇིགས་པ་འབྱུང་བ་རྣམས་ལ་བཏང་སྙོམས་སུ་གཞག་པ་མི་རུང་སྟེ། ཅིའི་ཕྱིར་ཞེ་ན། ཤའི་སྤྱན་དང་། རྫུ་འཕྲུལ་གྱི་སྤྱན་དང་། ཤེས་རབ་ཀྱི་སྤྱན་མངའ་བས་ཆོས་
ཐམས་ཅད་མངོན་སུམ་དུ་གཟིགས་པའི་ཕྱིར་རོ། །བསྟན་པ་དག་ཀྱང་སྲུང་མཛད་ཅིང་། །ཞེས་བྱ་བ་ལ། དེ་བཞིན་གཤེགས་པས་བསྐལ་པ་གྲངས་མེད་གསུམ་དུ་དཀའ་བ་རྣམ་པ་སྣ་ཚོགས་སྤྱད་དེ། མངོན་པར་སངས་རྒྱས་པ་ཡང་དམ་པའི་ཆོས་བསྟན་པར་བྱ་བའི་ཕྱིར།
སངས་རྒྱས་ལ་སངས་རྒྱས་ནས་ཀྱང་ཕྲིན་ལས་སུ་དམ་པའི་ཆོས་བསྟན་པར་ཟད་ཀྱི་དམ་པའི་ཆོས་བསྟན་པ་རྣམས་ཀྱང་འཇིག་རྟེན་དུ་རིང་དུ་གནས་པར་ཟད་པས་བསྟན་པ་རྣམས་བསྲུང་བ་ལ་ཆེད་ཆེར་འཛིན་པས་ན་བཏང་སྙོམས་སུ་གཞག་པར་མི་རིགས་སོ་ཞེས་བྱ་བའི་དོན་ཏོ། །དུས་ལའང་

ཡེ་ཤེས་བསྒྲིབས་མེད་པས། །ཞེས་བྱ་བ་ལ། དེ་བཞིན་གཤེགས་པའི་ཡེ་ཤེས་ནི་འདས་པ་དང་ད་ལྟར་གྱི་དུས་འབའ་ཞིག་མཁྱེན་པ་མ་ཡིན་ཏེ། ཆགས་པ་དང་ཐོགས་པ་མེད་པར་དུས་གསུམ་གྱི་དངོས་པོ་ཅི་དང་ཅིར་འགྱུར་བ་ཐམས་ཅད་ཐུགས་སུ་
ཆུད་པས་ན་མ་འོངས་པ་ན་བསྟན་པ་ལ་འཇིགས་པ་འབྱུང་བ་རྣམས་ལ་ལུང་མི་བསྟན་པར་བཏང་སྙོམས་སུ་གཞག་པར་མི་རིགས་སོ་ཞེས་བྱ་བའི་དོན་ཏོ། །གང་ཡོད་དང་མེད་དང་མེད་པ་ཞེས་སྨྲས་པ། ཡང་ན་ཉན་ཐོས་ཀྱི་ཐེག་པ་འདི་ཉིད་ཐེག་པ་ཆེན་པོ་ཡིན་ཏེ། འདི་ཉིད་ཀྱིས་བྱང་ཆུབ་
ཆེན་པོ་འཐོབ་པོ་ཞེས་ལ་ལ་དག་དེ་སྐད་ཟེར་བས། དེའི་ཕྱིར་ཉན་ཐོས་ཀྱི་ཐེག་པ་ཐེག་པ་ཆེན་པོར་མི་རུང་བར་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། གོང་དུ་ཐེག་པ་ཆེན་པོ་ཡོད་ན་ནི་ཉན་ཐོས་ཀྱི་ཐེག་པ་ཡང་ཡོད་ལ་ཐེག་པ་ཆེན་པོ་མེད་ན་ནི་ཉན་ཐོས་ཀྱི་ཐེག་པ་ཡང་མེད་དེ། ཅིའི་ཕྱིར་
ཞེ་ན། ཐེག་པ་ཆེན་པོ་མེད་ན་བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱ་བ་མེད། བླ་ན་མེད་པའི་བྱང་ཆུབ་ཏུ་སངས་མ་རྒྱས་ན་ཉན་ཐོས་ཀྱི་ཐེག་པ་སུས་ཀྱང་མི་འཆད་པས་ན་མེད་པར་འགྱུར་རོ་ཞེས་བཤད་པ་ལ། ཉན་ཐོས་དག་འདི་སྐད་དུ་ཉན་ཐོས་ཀྱི་ཐེག་པ་གང་ཟག་ལ་བདག་མེད་པ་
དང་། བདག་གི་དོན་ཕུན་སུམ་ཚོགས་པར་བསྒྲུབ་པ་དེ་ཉིད་ཐེག་པ་ཆེན་པོ་ཡིན་ཏེ། རྒྱུ་འདི་ཉིད་བསྒྲུབ་པ་ལས་བླ་ན་མེད་པའི་བྱང་ཆུབ་འཐོབ་བོ། །ཇི་ལྟར་ཞེ་ན། ཉན་ཐོས་ཀྱི་ཐེག་པ་འདི་ལ་དབང་པོ་རྣོན་པོས་བསྒོམས་ན་ནི་སངས་རྒྱས་སུ་འགྱུར། དབང་པོ་འབྲིང་གིས་
བསྒོམས་ན་ནི་རང་སངས་རྒྱས་སུ་འགྱུར། དབང་པོ་ཐ་མས་བསྒོམས་ན་ནི་ཉན་ཐོས་སུ་འགྱུར་རོ་ཞེས་དེ་སྐད་དུ་རྒོལ་བ་དེ་དག་ལ་ཉན་ཐོས་ཀྱི་ཐེག་པ་དེ་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པར་བྱེད་པའི་ཐེག་པ་ཆེན་པོ་མ་ཡིན་པར་རིགས་པར་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་
མོ། །མ་ཚང་བ་དང་ཞེས་བྱ་བ་ལ་ཐེག་པ་ཆེན་པོའི་མཚན་ཉིད་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པར་སྒྲུབ་པ་ཡིན་ན་ཉན་ཐོས་ཀྱི་ཐེག་པ་ལས་ཕ་རོལ་གྱི་དོན་དུ་བསྟན་པ་མི་འབྱུང་སྟེ། བདག་ཉིད་སྐྱོ་ཞིང་འདོད་ཆགས་དང་བྲལ་བ་དང་། རྣམ་པར་གྲོལ་བར་འགྱུར་བ་

རྣམས་ཀྱི་ཐབས་བསྟན་པས་ན་གཞན་གྱི་དོན་དུ་བྱ་བ་མ་ཚང་བས་ཉན་ཐོས་ཀྱི་ཐེག་པ་འདི་ཐེག་པ་ཆེན་པོའི་ཆོས་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཉན་ཐོས་དག་འདི་སྐད་དུ། བདག་སྐྱོ་ཞིང་འདོད་ཆགས་དང་བྲལ་ཞིང་རྣམ་པར་གྲོལ་བར་འགྱུར་བའི་བདག་གི་དོན་དེ་ཉིད་
གཞན་ལ་བཤད་ན་གཞན་དག་ཀྱང་རྣམ་པར་གྲོལ་བར་གཞན་གྱི་དོན་དུ་འགྱུར་ཏེ། དེ་ལྟར་ན་ཉན་ཐོས་ཀྱི་ཐེག་པ་ཉིད་ཐེག་པ་ཆེན་པོ་ཡིན་ནོ་ཞེས་ཟེར་བ་ལ་ལན་དུ་འགལ་བའི་ཕྱིར་ཞེས་སྨོས་ཏེ། ཉན་ཐོས་འགའ་ཞིག་གིས་བདག་གི་དོན་དུ་འགྱུར་བའི་ཆོས་དེ་གཞན་དག་ལ་
བསྟན་ཏེ། འདི་ལྟར་བྱས་ན་བདག་ཉིད་རྣམ་པར་གྲོལ་བར་འགྱུར་རོ་ཞེས་བསྟན་ན། གང་ཉན་པའི་གང་ཟག་དེ་དག་ཀྱང་བདག་ཉིད་མྱ་ངན་ལས་འདས་པའི་ཕྱིར་སྦྱོར་གྱི། སེམས་ཅན་གྱི་དོན་དུ་འགྱུར་བ་བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་མི་འགྱུར་བས་གཞན་གྱི་དོན་དུ་འགྱུར་
བར་འགལ་ལོ། །གལ་ཏེ་ཉན་ཐོས་དག་འདི་སྙམ་དུ་ཉན་ཐོས་ཀྱི་ཐེག་པ་འདི་ཉིད་ལ་བསྐལ་པ་གྲངས་མེད་པ་གསུམ་དུ་བསྒོམས་ན་ནི་སངས་རྒྱས་སུ་འགྱུར། བསྐལ་པ་བརྒྱར་བསྒོམས་ན་ནི་རང་སངས་རྒྱས་སུ་འགྱུར། ཚེ་གསུམ་དུ་བསྒོམས་ན་ནི་ཉན་ཐོས་སུ་འགྱུར། ཐེག་
པ་འདི་ཉིད་ལ་དུས་རིང་པོར་བསྒོམས་ན་འཚང་རྒྱ་བའི་ཐབས་སུ་འགྱུར་རོ་སྙམ་དུ་སེམས་པ་ལ་སངས་རྒྱས་ཀྱིས་ཐབས་མ་ཡིན་པར་བསྟན་པའི་ཕྱིར་ཐབས་མིན་ཞེས་བྱ་བ་སྨོས་ཏེ། བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱེད་པའི་ཐབས་ནི་ཤེས་རབ་ཆེན་པོ་དང་སྙིང་རྗེ་ཆེན་པོའོ། །
ཤེས་རབ་ཆེན་པོ་ནི་གང་ཟག་དང་ཆོས་ལ་བདག་མེད་པར་ཁོང་དུ་ཆུད་པའི་ཡེ་ཤེས་སོ། །སྙིང་རྗེ་ཆེན་པོ་ནི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་སྒྲོལ་བར་སེམས་པའི་བསམ་པའོ། །ཉན་ཐོས་ཀྱི་ཐེག་པ་ལས་འདི་གཉིས་མི་འབྱུང་བས་ན་ཉན་
ཐོས་ཀྱི་ཐེག་པ་ནི་བླ་ན་མེད་པའི་བྱང་ཆུབ་ཀྱི་ཐབས་མ་ཡིན་ཏེ། ཐབས་མ་ཡིན་པ་ཡུན་རིང་པོར་བསྒྲུབས་ན་ཡང་འཚང་རྒྱ་བར་མི་འགྱུར་ཏེ། དཔེར་ན་རྭ་ལ་ཡུན་རིང་པོར་བཞོས་ན་ཡང་ཞོ་མི་འབྱུང་བ་དང་། བྱེ་མ་ལ་ཡུན་རིང་པོར་བརྫིས་ན་ཡང་མར་མི་འབྱུང་བ་བཞིན་ཏེ། དེ་བས་ན་

ཉན་ཐོས་ཀྱི་ཐེག་པ་ནི་ཐེག་པ་ཆེན་པོའི་ཆོས་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཉན་ཐོས་དག་འདི་སྙམ་དུ་འདི་ལྟར་བྱང་ཆུབ་སེམས་དཔའི་སྤྱོད་པ་དངོས་སུ་ཉན་ཐོས་ཀྱི་ཐེག་པའི་ནང་ནས་གསལ་བར་མ་བཤད་ཀྱང་ཡི་གེ་དང་ཚིག་གཞན་གྱིས་རྣམ་པ་
གཞན་དུ་བཤད་དེ། དེ་བས་ན་ཉན་ཐོས་ཀྱི་ཐེག་པའི་ནང་ནས་ཐེག་པ་ཆེན་པོ་ཡང་ཡིན་པའི་ཕྱིར། ཉན་ཐོས་ཀྱི་ཐེག་པ་ཉིད་ཐེག་པ་ཆེན་པོ་ཡིན་སྙམ་པ་ལ། ད་ལྟར་མ་བསྟན་པས་ཞེས་བྱ་བ་སྨོས་ཏེ། ཇི་ལྟར་ཐེག་པ་ཆེན་པོའི་ནང་ནས་ས་བཅུ་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་
བཤད་པའི་ཆོས་དེ་དག་ཉན་ཐོས་ཀྱི་ཐེག་པ་ལས་ཅུང་ཟད་ཀྱང་མི་འབྱུང་བས་ན་ཉན་ཐོས་ཀྱི་ཐེག་པ་འདི་ཐེག་པ་ཆེན་པོའི་ཆོས་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྐྱོ་ཞིང་ཞེས་བྱ་བ་ནི་སྡུག་བསྔལ་གྱི་བདེན་པ་ལ་མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་པ་དང་། བདག་མེད་པར་མཐོང་
བས་ཡིད་བྱུང་བར་འགྱུར་བའོ། །འདོད་ཆགས་དང་བྲལ་བ་དང་ཞེས་བྱ་བ་ནི་ཀུན་འབྱུང་གི་བདེན་པ་ལ་ཀུན་འབྱུང་དང་། རྒྱུ་དང་། རྐྱེན་དང་། རབ་ཏུ་བྱུང་བར་མཐོང་ནས་ཉོན་མོངས་པ་ཐམས་ཅད་སྤངས་པར་འགྱུར་བའོ། །རྣམ་པར་གྲོལ་བ་ཞེས་བྱ་བ་ནི་ལམ་གྱི་བདེན་པ་བསྒོམས་
ནས་འགོག་པ་མངོན་སུམ་དུ་བྱ་བ་ནི་རྣམ་པར་གྲོལ་བའོ། །ཕ་རོལ་བདག་གི་དོན་ལ་སྦྱོར་བ་ནི་བདག་གི་དོན་ཉིད་ལ་སྦྱོར་བ་སྟེ་ཞེས་བྱ་བ་ལ། ཉན་ཐོས་འགའ་ཞིག་གིས་བདག་གི་དོན་དུ་འགྱུར་བའི་ཆོས་སྐྱོ་བ་དང་འདོད་ཆགས་དང་བྲལ་བ་དང་རྣམ་པར་གྲོལ་བ་སྟེ། གཞན་ལ་བསྟན་ཏེ།
འདི་ལྟར་བསྒྲུབས་ན་བདག་གི་དོན་ཕུན་སུམ་ཚོགས་པ་ནི་བདག་གི་དོན་ཉིད་ལ་སྦྱོར་བར་འགྱུར་རོ་ཞེས་བཤད་ན། གང་ལ་བཤད་པའི་གང་ཟག་དེ་ཡང་བདག་ཉིད་མྱ་ངན་ལས་འདས་པར་འགྱུར་བ་འབའ་ཞིག་ཏུ་བསྒྲུབ་ཀྱི། སེམས་ཅན་གྱི་དོན་དུ་འགྱུར་བའི་བླ་ན་མེད་པའི་བྱང་
ཆུབ་ཏུ་འཚང་རྒྱ་བ་མི་འཐོབ་པས་ན་ཉན་ཐོས་ཀྱི་ཐེག་པ་ཐེག་པ་ཆེན་པོ་ཡིན་པར་འགལ་ལོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་སྦྱོར་བར་བྱ་བ་འདིར་རྣམ་པ་གཞན་དུ་བསྟན་ཏོ་ཞེས་བྱ་བ་ནི། ཉན་ཐོས་དག་འདི་ལྟར་ཐེག་པ་ཆེན་པོའི་ཆོས་བྱང་ཆུབ་སེམས་དཔས་སྤྱད་པར་བྱ་བ་འདི་དག་ལ་ཉན་

ཐོས་ཀྱི་ཐེག་པའི་ནང་ནས་དངོས་སུ་མ་སྨོས་ཀྱང་མིང་དང་ཚིག་ལ་སོགས་པ་གཞན་དུ་བཏགས་ནས་གསུང་རབ་གཞན་གྱིས་བསྟན་པས་ན་ཉན་ཐོས་ཀྱི་ཐེག་པའི་ནང་ནས་ཐེག་པ་ཆེན་པོ་ཡོད་དོ་ཞེས་ཟེར་རོ། །འདི་ལ་དེ་ལྟ་བུའི་བསྟན་པ་མི་དམིགས་སོ་ཞེས་བྱ་བ་ནི། ཐེག་པ་ཆུང་
ངུ་འདིའི་ནང་ནས་ཐེག་པ་ཆེན་པོའི་ཆོས་ས་དང་ཕ་རོལ་ཏུ་ཕྱིན་པ་བསྟན་པ་ཅུང་ཟད་ཀྱང་མི་འབྱུང་མི་སྣང་བས་ན་ཉན་ཐོས་ཀྱི་ཐེག་པ་ནི་ཐེག་པ་ཆེན་པོའི་ཆོས་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཉན་ཐོས་ཀྱི་ཐེག་པ་དང་། ཐེག་པ་ཆེན་པོ་ཕན་ཚུན་དུ་འགལ་བས་ན་མི་མཐུན་པར་ཚིགས་སུ་
བཅད་པ་ཞེས་བྱ་བ་ལ། གོང་དུ་མ་ཚང་བ་དང་འགལ་བའི་ཕྱིར་ཞེས་སྨྲས་པ་དེ་ལ་ཇི་ལྟར་འགལ་བའི་དོན་ཏེ། ཉན་ཐོས་ཀྱི་ཐེག་པའི་རྒྱུ་དང་འབྲས་བུ་ཡང་གཞན་ཐེག་པ་ཆེན་པོའི་རྒྱུ་དང་འབྲས་བུ་ཡང་གཞན་ཏེ་ནང་མི་མཐུན་པ་ལས་བརྩམས་ནས་ཚིགས་སུ་བཅད་པས་སྟོན་ཏོ། །བསམ་
པ་དང་ནི་བསྟན་པ་དང་། །སྦྱོར་བ་དང་ནི་སྟོན་པ་དང་། །དུས་ཀྱང་རབ་ཏུ་འགལ་བའི་ཕྱིར། །གང་ཆུང་དེ་ཡང་ཆུང་བ་ཉིད། །ཅེས་བྱ་བ་ལ། འགལ་བ་རྣམ་པ་ལྔས་ཐེག་པ་ཆེན་པོ་དང་ཐེག་པ་ཆུང་ངུ་གཉིས་ནང་དུ་ཕན་ཚུན་འགལ་ཏེ། ལྔ་པོ་གང་ཞེ་ན། བསམ་པ་འགལ་
བ་དང་། བསྟན་པ་འགལ་བ་དང་། སྦྱོར་བ་འགལ་བ་དང་། སྟོན་པ་འགལ་བ་དང་། དུས་འགལ་བ་སྟེ་རྣམ་པ་ལྔས་འགལ་བས་ཉན་ཐོས་ཀྱི་ཐེག་པ་ནི་ཆུང་ངུ་ཡིན་ཏེ། དེ་བས་ན་ཐེག་པ་ཆུང་ངུ་ཞེས་བྱའི་ཐེག་པ་ཆེན་པོ་ཞེས་མི་བྱའོ། །དེ་ལ་ཐེག་པ་ཆེན་པོ་ལས་ནི་བདག་
དང་གཞན་མྱ་ངན་ལས་བཟླ་བར་སེམས་ན་ཉན་ཐོས་ཀྱི་ཐེག་པ་ལས་ནི་བདག་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་བའི་ཕྱིར་སེམས་པས་ན་བསམ་པ་འགལ་ལོ། །ཐེག་པ་ཆེན་པོའི་གཞུང་ལས་ནི་བདག་དང་གཞན་གྱི་དོན་བྱ་བའི་ཆོས་བསྟན་ན་ཉན་ཐོས་ཀྱི་ཐེག་པ་ལས་བདག་གི་
དོན་བྱ་བའི་ཆོས་བསྟན་པས་ན་བསྟན་པ་འགལ་ལོ། །ཐེག་པ་ཆེན་པོ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་བདག་གི་དོན་དང་། གཞན་གྱི་དོན་གཉི་ག་ལ་སྦྱོར་ན་ཉན་ཐོས་ཀྱི་ཐེག་པ་ལ་ཞུགས་པའི་གང་ཟག་དག་ནི་བདག་གི་དོན་འབའ་ཞིག་ལ་སྦྱོར་བ་ལ་ཞུགས་པས་ན་

སྦྱོར་བ་འགལ་ལོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ཚོགས་ནི་ནམ་མཁའ་ཁམས་ལྟར་ཀུན་ཏུ་ཁྱབ་པ་ལ་བསོད་ནམས་ཀྱི་ཚོགས་ནི་ཕྱོགས་བཞིའི་རྒྱ་མཚོའི་ཆུ་བཞིན་དུ་བསམས་ན། ཉན་ཐོས་དག་ནི་གང་ཟག་ལ་བདག་མེད་པ་ཙམ་དུ་ཁོང་དུ་
ཆུད་པས་ཡེ་ཤེས་ཀྱི་ཚོགས་ཡུངས་འབྲུ་ཙམ་སྲིན་བུའི་ཟོས་པའི་ནང་གི་ནམ་མཁའི་ཁྱོན་ཙམ་དང་། ཁ་ཟས་སྤར་པ་གང་ཙམ་གཏོང་བས་བསོད་ནམས་ཀྱི་ཚོགས་བ་གླང་གི་རྗེས་ཀྱི་རྨིག་ཆུ་ཙམ་ཞིག་བསམས་པའི་ཕྱིར་སྟོན་པ་འགལ་ལོ། །ཐེག་པ་ཆེན་པོ་ལ་ཞུགས་པ་རྣམས་
ནི་བསྐལ་པ་གྲངས་མེད་པ་གསུམ་གྱིས་བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱ་ན་ཉན་ཐོས་དག་ནི་ཚེ་གསུམ་ཙམ་གྱིས་དགྲ་བཅོམ་པའི་འབྲས་བུ་ཐོབ་པས་ན་དུས་འགལ་ལོ། །དེ་ལྟར་ཐེག་པ་ཆེན་པོ་དེ་སངས་རྒྱས་ཀྱི་བཀའ་ཡིན་པར་བསྒྲུབ་པ་དང་། ཉན་ཐོས་ཀྱིས་སླར་བསྐྱར་བའི་
ཕྱིར། སངས་རྒྱས་ཀྱི་ཚིག་གི་མཚན་ཉིད་ནི་འདི་ཡིན་ཏེ། གང་མདོ་སྡེ་ལས་འབྱུང་། འདུལ་བ་ལ་ཡང་སྣང་། ཆོས་ཉིད་དང་ཡང་འགལ་བར་མི་བྱེད་པ་ཡིན་ན་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་བསྟན་པ་ཐེག་པ་ཆེན་པོ་ནི་དེ་ལྟ་མ་ཡིན་ཏེ། དེ་བས་ན་སངས་རྒྱས་ཀྱི་ཚིག་མ་
ཡིན་ནོ་ཞེས་ལ་ལ་དག་དེ་སྐད་ཟེར་བས་ཞེས་བྱ་བ་སྨོས་ཏེ། ཉན་ཐོས་དག་ན་རེ། སངས་རྒྱས་ཀྱི་ཚིག་གི་མཚན་ཉིད་ནི་དུས་བསྟན་པ་དང་། ཆེན་པོ་བསྟན་པའི་མདོ་སྡེ་ལས། གང་མདོ་སྡེ་ལས་ཀྱང་འབྱུང་ལ། འདུལ་བ་ལས་ཀྱང་སྣང་ཞིང་། ཆོས་ཉིད་དང་ཡང་མི་འགལ་བ་
དེ་སངས་རྒྱས་ཀྱི་བཀའ་ཡིན་གྱི་དེ་ལས་གཞན་དག་ནི་བཀའ་མ་ཡིན་ནོ་ཞེས་གསུངས་སོ། །དེ་ལ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་ཡོད་དོ་ཞེས་བཤད་པ་ནི་མདོ་སྡེའི་མཚན་ཉིད་ནི་ཐེག་པ་ཆེན་པོ་ལས་ཆོས་ཐམས་ཅད་རང་བཞིན་མེད་དོ་ཞེས་བཤད་པས་ན་མདོ་སྡེ་ལས་ཀྱང་
མི་འབྱུང་སྟེ་མདོ་སྡེ་དང་མི་མཐུན་ནོ། །གཞུང་གང་ལས་ལྟུང་བ་སྡེ་བདུན་འཆད་པའི་གཞུང་དེ་ནི་འདུལ་བ་ཡིན་ཏེ། འདུལ་བ་ལས་ཀྱང་སངས་རྒྱས་དང་། ཆོས་དང་། དགེ་འདུན་མེད་དོ་ཞེས་སྨྲས་ན་ལྟུང་བར་འགྱུར་རོ་ཞེས་བཤད་ལ། ཐེག་པ་ཆེན་པོ་ལ་སངས་རྒྱས་མེད།

ཆོས་མེད། དགེ་འདུན་མེད་དོ་ཞེས་འབྱུང་བས་འདུལ་བ་ལ་མི་སྣང་སྟེ། འདུལ་བ་དང་ཡང་མི་མཐུན་ཏེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་ལ་སོགས་པ་ལུགས་བཞིན་དུ་འབྱུང་བ་དང་། མ་རིག་པ་འགགས་པས་འདུ་བྱེད་འགག་པ་ལ་སོགས་པ་ལུགས་
ལས་བཟློག་པ་སྟེ། རྟེན་ཅིང་འབྲེལ་ཏེ་འབྱུང་བ་རྣམས་ནི་ཆོས་ཉིད་ཡིན་པར་བཤད་ན་ཐེག་པ་ཆེན་པོ་ལས་ཆོས་ཐམས་ཅད་མ་སྐྱེས་མ་བྱུང་ཞེས་བཤད་པས་ཆོས་ཉིད་དང་ཡང་འགལ་ཏེ། དེ་བས་ན་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་ཚིག་མ་ཡིན་ནོ་ཞེས་རྒོལ་ལོ། །དེའི་ཕྱིར་མཚན་
ཉིད་དང་མི་འགལ་བར་ཚིགས་སུ་བཅད་པ་ཞེས་བྱ་བ་ལ་དེ་ལྟར་རྒོལ་བ་རྣམས་ལ་ཐེག་པ་ཆེན་པོ་འདི་སངས་རྒྱས་ཀྱི་བཀའི་མཚན་ཉིད་དང་མི་འགལ་བར་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །དེ་སྐད་དུ་རྒོལ་བའི་ཉན་ཐོས་དག་ལ་འདི་སྐད་གང་ཁྱེད་
ཀྱིས་མདོ་སྡེ་ལས་མི་འབྱུང་བ་དང་། འདུལ་བ་ལ་མི་སྣང་བ་དང་། ཆོས་ཉིད་དང་འགལ་བ་དེ་སངས་རྒྱས་ཀྱི་བཀའ་མ་ཡིན་ནོ་ཞེས་སྨྲས་ན། ཅི་ཉན་ཐོས་སྡེ་བཅོ་བརྒྱད་ལས་ཐམས་ཅད་ཡོད་པར་སྨྲ་བའི་མདོ་སྡེ་དང་འདུལ་བའི་ཆོས་ཉིད་དང་འགལ་བའི་ཕྱིར་སངས་རྒྱས་ཀྱི་ཚིག་མ་
ཡིན་ནམ་ཞེས་སྨྲའམ། འོན་ཏེ་འཕགས་པ་སམ་བྱི་ཏིའི་མདོ་སྡེ་དང་འདུལ་བ་དང་ཆོས་ཉིད་དང་འགལ་བའི་ཕྱིར་སངས་རྒྱས་ཀྱི་ཚིག་མ་ཡིན་ནོ་ཞེས་བྱ་སྟེ། ཅི་ཕན་ཚུན་འགལ་བའི་ཕྱིར་སངས་རྒྱས་ཀྱི་ཚིག་མ་ཡིན་ནོ་ཞེས་བྱའམ། གལ་ཏེ་ཐེག་པ་ཆེན་པོ་ཉན་ཐོས་ཀྱི་ཐེག་པའི་མདོ་
སྡེ་དང་འདུལ་བ་དང་ཆོས་ཉིད་དང་འགལ་བའི་ཕྱིར་སངས་རྒྱས་ཀྱི་ཚིག་མ་ཡིན་ནོ་ཞེས་བྱ་ན་ནི། དེ་ལྟར་ཉན་ཐོས་ཀྱི་གཞུང་སྡེ་བཅོ་བརྒྱད་རྣམས་ཀྱང་ཕན་ཚུན་ནང་ཐམས་ཅད་འགལ་བས་ན་ཐམས་ཅད་སངས་རྒྱས་ཀྱི་ཚིག་མ་ཡིན་པར་འགྱུར་རོ། །ཇི་ལྟར་འགལ་ཞེ་ན། ཐམས་
ཅད་ཡོད་པར་སྨྲ་བའི་གཞུང་ལས་སྟོང་པ་ཉིད་དང་ཡང་དག་པར་སྨྲ་བའི་མདོ་སྡེ་བཤད་པ་འཕགས་པ་སམ་བྱི་ཏི་རྣམས་སངས་རྒྱས་ཀྱི་བཀའ་ཡིན་པར་ཁས་མི་ལེན་ལ། ཐམས་ཅད་ཡོད་པར་སྨྲ་བའི་གཞུང་ལས་སྲིད་པ་བར་མ་དོ་བཤད་ལ་དགེ་འདུན་ཆེན་པོ་པ་རྣམས་ཀྱིས་སངས་

རྒྱས་ཀྱི་བཀའ་མ་ཡིན་ནོ་ཞེས་སྤོང་བར་བྱེད་དོ། །དེ་ལྟར་སྡེ་པ་བཅོ་བརྒྱད་རྣམས་ཀྱི་མདོ་སྡེ་ཡང་ནང་ཕན་ཚུན་མི་མཐུན་པ་དང་། འདུལ་བ་ཡང་ནང་མི་མཐུན་པ་དང་། ཆོས་ཉིད་ཀྱང་ནང་མི་མཐུན་པས་ཐམས་ཅད་སངས་རྒྱས་ཀྱི་བཀའ་མ་ཡིན་པར་
འགྱུར་རོ། །འོན་ཏེ་ཐམས་ཅད་ཡོད་པར་སྨྲ་བའི་གཞུང་ལས་ཡང་རང་ཉིད་ཀྱི་མདོ་སྡེ་རྣམས་ཀྱང་ཕན་ཚུན་མཐུན་པ་དང་། འདུལ་བ་རྣམས་ཀྱང་ནང་མཐུན་པ་དང་། ཆོས་ཉིད་ཀྱང་ནང་མི་འགལ་བ་དེ་སངས་རྒྱས་ཀྱི་བཀའ་ཡིན་ནོ་ཞེ་ན་ནི་དེ་ལྟ་ན། བདག་གི་ཉིད་ལས་
འབྱུང་བ་དང་། །རང་གི་འདུལ་བས་མཐོང་བའི་ཕྱིར། །ཟབ་ཅིང་རྒྱ་ཡང་ཆེ་བས་ན། །ཆོས་ཉིད་དང་ཡང་འགལ་བ་མེད། །ཅེས་བྱ་བ་སྨོས་ཏེ། ཐེག་པ་ཆེན་པོ་ཡང་། ལང་ཀར་གཤེགས་པ་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་མདོ་སྡེ་ནང་མཐུན་པས་ན་བདག་
ཉིད་ཀྱི་མདོ་སྡེ་ལས་འབྱུང་བ་དང་། ཉོན་མོངས་པ་འདུལ་བར་བྱེད་པ་ལ་འདུལ་བ་ཞེས་བྱ་ལ། བྱང་ཆུབ་སེམས་དཔའ་ཉོན་མོངས་པ་ནི་ཡོད་པ་དང་མེད་པ་ལ་སོགས་པར་རྟོག་པའི་རྣམ་པར་རྟོག་པ་ཡིན་ཏེ། རྣམ་པར་རྟོག་པ་དེ་སྤོང་བའི་གཉེན་པོ་རྣམ་པར་མི་རྟོག་པའི་ཡེ་ཤེས་
ཀྱང་ཐེག་པ་ཆེན་པོའི་གཞུང་ལ་ཡོད་པས་རང་གི་འདུལ་བ་ལ་ཡང་སྣང་བ་དང་། བྱང་ཆུབ་སེམས་དཔའི་ཆོས་ཉིད་ནི་ཟབ་ཅིང་རྒྱ་ཆེ་བ་ཡིན་ཏེ། ཟབ་ཅིང་རྒྱ་ཆེ་བ་ཡང་ཐེག་པ་ཆེན་པོ་ལས་འབྱུང་བས་ན། ཆོས་ཉིད་དང་ཡང་མི་འགལ་བའི་ཕྱིར་རོ། །ཐེག་པ་ཆེན་པོ་ཡང་སངས་རྒྱས་ཀྱི་
བཀའ་ཡིན་ནོ། །དེ་ལ་གང་ཟག་དང་ཆོས་ལ་བདག་མེད་པར་སྟོན་པས་ན་ཟབ་པའོ། །ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་འཆད་པས་ན་རྒྱ་ཆེ་བའོ། །འོན་ཏེ་ཉན་ཐོས་ཀྱི་སྡེ་པ་ཐམས་ཅད་ཀྱི་དོན་གཞུང་གང་དུ་འདུས་པ་དེ་སངས་རྒྱས་ཀྱི་བཀའ་ཡིན་ནོ་ཞེ་ན་ནི། དེ་ལྟ་ན་ཉན་ཐོས་སྡེ་
པ་ཐ་དད་པ་སོ་སོའི་ནང་དུ་ནི་གཞུང་ཐམས་ཅད་མ་འདུས་ཀྱི་ཐེག་པ་ཆེན་པོ་འབའ་ཞིག་གི་ནང་དུ་ཐམས་ཅད་འདུས་པས་ཐེག་པ་ཆེན་པོ་ཉིད་སངས་རྒྱས་ཀྱི་བཀའ་ཡིན་པར་འགྱུར་རོ། །སྤྱོད་ཡུལ་མ་ཡིན་པའི་ཕྱིར་ཞེས་སྨྲས་པ་ལ། དེའི་ཕྱིར་རྟོག་གེ་པའི་སྤྱོད་ཡུལ་མ་ཡིན་པར་ཚིགས་སུ་བཅད་

པ་ཞེས་བྱ་བ་ལ་གོང་དུ་ཐེག་པ་ཆེན་པོ་བསྒྲུབ་པའི་སྐབས་སུ་སྤྱོད་ཡུལ་མ་ཡིན་པར་བསྒྲུབ་པའི་ཕྱིར་ཞེས་སྨོས་པ་ལ། ད་ཐེག་པ་ཆེན་པོ་མུ་སྟེགས་དང་རྟོག་གེ་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པར་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །རྟེན་ཅིང་ཞེས་བྱ་བ་ལ་
ཐེག་པ་ཆེན་པོ་གང་གིས་གང་ཟག་དང་། ཆོས་ལ་བདག་མེད་པ་དང་། ས་དང་ཕ་རོལ་ཏུ་ཕྱིན་པ་ཁོང་དུ་ཆུད་ནས་མངོན་སུམ་དུ་བྱས་ཏེ་བཤད་པ་དེ་ཐེག་པ་ཆེན་པོ་ཡིན་ན་རྟོག་གེ་པ་རྣམས་ནི་བདེན་པ་མ་མཐོང་བ་ལ་གནས་ཤིང་སྔོན་གྱི་རྟོག་གེའི་གཙུག་ལག་འགའ་ཞིག་ལ་བརྟེན་ཏེ།
གདོད་རྟོག་གེའི་གཙུག་ལག་བྱེད་པས་ན་དེའི་ཕྱིར་ཐེག་པ་ཆེན་པོ་ལ་རྟོག་གེའི་སྤྱོད་ཡུལ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །མ་ངེས་ཞེས་བྱ་བ་ལ་ཐེག་པ་ཆེན་པོའི་གཞུང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ནི། དང་པོ་བཅོམ་ལྡན་འདས་ཀྱིས་ཇི་ལྟར་བཤད་པ་བཞིན་དུ་གཞུང་
མ་ཉམས་པར་རྟག་ཏུ་དེ་བཞིན་དུ་གནས་པ་ཡིན་ན་རྟོག་གེ་རྣམས་ཀྱི་གཙུག་ལག་ནི་དུས་ཀྱི་ཁྱད་པར་གྱིས་གཞུང་གཞན་ནས་གཞན་དུ་འགྱུར་བས་མ་ངེས་པ་སྟེ། ཇི་ལྟ་ཞེ་ན། སྔོན་དག་ནི་ཚད་མ་བདུན་དུ་བཞག་གོ། །བར་དུ་ཡང་ཚད་མ་ལྔར་བཞག་གོ། །དེའི་འོག་ཏུ་ཡང་ཚད་མ་
བཞིར་བཞག་གོ། །དེ་ནས་ཚད་མ་གསུམ་དུ་ཡང་བཞག་གོ། །དེ་ནས་ཚད་མ་གཉིས་སུ་ཡང་བཞག་གོ། །དེ་ལྟར་མ་ངེས་པས་ན་ཐེག་པ་ཆེན་པོ་རྟོག་གེའི་སྤྱོད་ཡུལ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །མ་ཁྱབ་པ་ཞེས་བྱ་བ་ལ་ཐེག་པ་ཆེན་པོའི་གཞུང་ལས་ནི་ཕུང་པོ་དང་ཁམས་
ལ་སོགས་པའི་ཆོས་ཐམས་ཅད་འབྱུང་སྟེ། ཤེས་བྱ་ཐམས་ཅད་ལ་ཁྱབ་པ་ཡིན་ན་རྟོག་གེ་པ་རྣམས་ཀྱི་གཞུང་ལས་ནི་མངོན་སུམ་དང་རྗེས་སུ་དཔག་པར་བྱ་བའི་ཚད་མའི་ཡུལ་ཉི་ཚེ་ཞིག་སྤྱོད་དེ། ཤེས་བྱ་ཀུན་ལ་ཁྱབ་པས་ན་ཐེག་པ་ཆེན་པོ་རྟོག་གེའི་སྤྱོད་ཡུལ་མ་ཡིན་ནོ་ཞེས་བྱ་བའི་
དོན་ཏོ། །ཀུན་རྫོབ་དང་ཞེས་བྱ་བ་ལ་ཐེག་པ་ཆེན་པོ་ལས་ནི་ཀུན་རྫོབ་དང་དོན་དམ་པའི་ཆོས་གཉིས་སྟོན་ལ་རྟོག་གེའི་གཙུག་ལག་ལས་ནི་ཀུན་རྫོབ་ཀྱི་ཆོས་ཉི་ཚེ་ཙམ་ཞིག་སྤྱོད་ཀྱི། དོན་དམ་པའི་ཆོས་མི་དཔྱད་པས་ཐེག་པ་ཆེན་པོ་རྟོག་གེའི་སྤྱོད་ཡུལ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །སྐྱོ་བ་

ཅན་ཞེས་བྱ་བ་ལ་ཐེག་པ་ཆེན་པོ་ལ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་ལ་སོགས་པ་འབུམ་ཕྲག་གྲངས་མེད་པ་བཤད་པས་ཚིག་དང་སྤོབས་པ་ཟད་པར་མི་འགྱུར་ལ། རྟོག་གེ་རྣམས་ཀྱི་གཙུག་ལག་ནི་ཉུང་ཤས་ཞིག་ཡོད་པས་དེ་སྟོན་པའི་ཚེ། ཤེས་རབ་
དང་སྤོབས་པ་དྲག་པོ་གཞན་དག་གིས་ཚར་བཅད་ན། གཙུག་ལག་ལས་ཇི་ཙམ་འབྱུང་བ་ཞིག་སྨྲས་ནས། དེའི་ཚེ་ཚིག་ཟད་པ་དང་། དེ་ནས་སྤོབས་པ་ཟད་པ་དང་། སྐྱོ་བར་འགྱུར་ཏེ། དེ་བས་ན་ཐེག་པ་ཆེན་པོ་རྟོག་གེའི་སྤྱོད་ཡུལ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྟོག་གེ་པ་ནི་
བྱིས་པའི་གནས། །ཞེས་བྱ་བ་ནི། ཐེག་པ་ཆེན་པོ་ནི་འཕགས་པ་རྣམས་ཀྱིས་ཁོང་དུ་ཆུད་པར་བྱ་བའི་གནས་ཡིན་ལ། རྟོག་གེའི་ཆོས་རྣམས་ནི་བྱིས་པ་རྣམས་ཀྱིས་ཤེས་པར་བྱ་བ་ཡིན་པས་ཐེག་པ་ཆེན་པོ་ནི་རྟོག་གེ་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཐབས་མ་
ཡིན་པའི་ཕྱིར་ཞེས་བྱ་བ་ནི་ཞེས་པ་ལ། གོང་དུ། ཐབས་མིན་དེ་ལྟར་མ་བསྟན་པ། །ཞེས་སྨོས་པ་ལ། ཉན་ཐོས་རྒོལ་ཏེ། ཉན་ཐོས་ཀྱི་ཐེག་པ་ནི་བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་ཐབས་མ་ཡིན་པས། ཐེག་པ་དེ་ལ་ཡུན་རིང་དུ་སྤྱད་ཀྱང་འཚང་རྒྱ་བར་མི་འགྱུར་རོ་ཞེས་བཤད་ན་དེ་ལྟར་
ཐེག་པ་ཆེན་པོ་འདི་ཇི་ལྟར་ན་བླ་ན་མེད་པའི་བྱང་ཆུབ་ཀྱི་ཐབས་སུ་འགྱུར་རོ་ཞེས་བརྒལ་ལོ། །ལན་དུ། རྒྱ་ཆེའི་ཕྱིར་དང་ཟབ་པའི་ཕྱིར། །ཡོངས་སུ་སྨིན་དང་རྣམ་མི་རྟོག །འདི་ལ་དེ་གཉིས་བསྟན་པའི་ཕྱིར། །དེ་ནི་བླ་ན་མེད་པའི་ཐབས། །ཞེས་བྱ་བ་སྨོས་ཏེ། བླ་ན་མེད་པའི་བྱང་
ཆུབ་ཐོབ་པར་བྱ་བའི་ཐབས་ནི་རྣམ་པ་གཉིས་ཏེ། རྒྱ་ཆེ་བའི་དོན་དང་། ཟབ་པའི་ཆོས་སོ། །དེ་ལ་ས་དང་ཕ་རོལ་ཏུ་ཕྱིན་པ་དང་། མངོན་པར་ཤེས་པ་དང་། སྟོབས་དང་མི་འཇིགས་པ་ལ་སོགས་པ་ནི་རྒྱ་ཆེ་བའི་ཆོས་སོ། །གང་ཟག་དང་ཆོས་ལ་བདག་མེད་པ་ནི་ཟབ་པའི་ཆོས་སོ། །
ཡང་ན་བསོད་ནམས་ཀྱི་ཚོགས་ནི་རྒྱ་ཆེ་བའི་ཆོས་སོ། །ཡེ་ཤེས་ཀྱི་ཚོགས་ནི་ཟབ་པའི་ཆོས་སོ། །དེ་ལ་རྒྱ་ཆེ་བའི་ཆོས་བསྟན་པས་ནི་སེམས་ཅན་ཡོངས་སུ་སྨིན་པར་འགྱུར་ཏེ། དེ་བཞིན་གཤེགས་པའི་ཡོན་ཏན་མཐུ་ཆེན་པོ་དག་ཐོས་ནས། དད་པའི་སྒོ་ནས་སེམས་ཅན་དགེ་བ་ལ་

འཇུག་པར་འགྱུར་བའི་ཕྱིར་རོ། །ཟབ་པའི་ཆོས་བསྒོམས་པས་ནི་བདག་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་འཐོབ་པར་འགྱུར་ཏེ། དེ་ལྟར་བདག་གི་དོན་དང་གཞན་གྱི་དོན་དུ་འགྱུར་བའི་ཆོས་ཟབ་པ་དང་རྒྱ་ཆེ་བ་གཉིས་ཐེག་པ་ཆེན་པོ་འདི་ལས་བསྟན་པའི་ཕྱིར། ཐེག་པ་ཆེན་པོ་འདི་བླ་
ན་མེད་པའི་བྱང་ཆུབ་འཐོབ་པར་བྱེད་པའི་ཐབས་ཡིན་ནོ། །གང་འདི་ལ་སྐྲག་པར་འགྱུར་བ་དེའི་ཕྱིར་གནས་མ་ཡིན་པ་ལ་སྐྲག་པར་འགྱུར་བའི་ཉེས་པ་དང་། རྒྱུ་ལ་ཚིགས་སུ་བཅད་པ་ཞེས་བྱ་བ་དང་། རིགས་མེད་པ་དང་། ཉན་ཐོས་ཀྱི་རིགས་ཅན་དང་། རང་སངས་རྒྱས་ཀྱི་རིགས་
ཅན་དག་གི་གང་ཟག་གང་དག་སྟོང་པ་ཉིད་འཆད་པའི་ཐེག་པ་ཆེན་པོའི་ཆོས་འདི་ལ་སྐྲག་སྟེ་འདི་བདུད་ཀྱིས་བཤད་པ་ཡིན་ནོ་ཞེས་བཤད་པ་དེ་དག་ལ། ཐེག་པ་ཆེན་པོ་འདི་དགའ་བར་བྱ་བའི་གནས་ཡིན་གྱི་སྐྲག་པར་བྱ་བའི་གནས་མ་ཡིན་པ་ལ་སྐྲག་པས་ན་གནས་མ་ཡིན་པ་ལ་སྐྲག་པ་ཞེས་
བྱ་སྟེ། གནས་མ་ཡིན་པ་ལ་སྐྲག་སྟེ། སྐུར་པ་བཏབ་ན་ངན་སོང་དུ་ལྷུང་བ་ལ་སོགས་པའི་ཉེས་པ་འབྱུང་བ་དང་། སྐྲག་ན་ཡང་རྒྱུ་གང་གིས་སྐྲག་པའི་རྒྱུ་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །འགྲོ་བ་གནས་མ་ཡིན་ལ་སྐྲག་པ་གདུང་བྱེད་པ། །ཞེས་བྱ་བ་ལ།
འགྲོ་བའི་སྒྲས་ནི་རིགས་མེད་པ་དང་། ཉན་ཐོས་ཀྱི་རིགས་ཅན་དང་། རང་སངས་རྒྱས་ཀྱི་རིགས་ཅན་ལ་བྱས་སོ། །ཐེག་པ་ཆེན་པོ་ནི་དགའ་བར་བྱ་བའི་གནས་ཡིན་གྱི། འཇིགས་པར་བྱ་བའི་གནས་མ་ཡིན་པ་ལ་འཇིགས་ནས་སྐུར་པ་བཏབ་ན་གནས་མ་ཡིན་པ་ལ་སྐྲག་པ་ཞེས་བྱ་སྟེ།
དེ་ལྟར་སྐྲག་སྟེ་སྐུར་པ་བཏབ་སྟེ། ངན་སོང་གསུམ་དུ་སྡུག་བསྔལ་མྱོང་བར་བྱེད་པས་གདུང་བར་འགྱུར་བ་ཞེས་བྱའོ། །ཅིའི་ཕྱིར་ངན་སོང་གསུམ་དུ་གདུང་བར་བྱེད་ན་དེའི་ཕྱིར། བསོད་ནམས་མ་ཡིན་ཕུང་པོ་ཆེར་འཕེལ་བ། །ཞེས་སྨོས་ཏེ། ཐེག་པ་ཆེན་པོ་ལ་སྐུར་པ་བཏབ་ན་
བསོད་ནམས་མ་ཡིན་པའི་ཚོགས་འཕེལ་བར་འགྱུར་བས་ངན་སོང་དུ་སྐྱེའོ། །དུས་ཇི་སྲིད་ཅིག་ཏུ་ངན་སོང་དུ་གནས་སྙམ་པ་ལ་ཡུན་རིང་དུ་ཞེས་སྨོས་ཏེ། བསྐལ་པ་གྲངས་མེད་པར་ངན་སོང་དུ་གནས་སོ་ཞེས་བྱ་བའི་དོན་ཏོ། །དེ་ཡན་ཆད་དུ་དོན་རྣམ་པ་གསུམ་བསྟན་ཏེ། སྐུར་བ་བཏབ་པའི་

ཉེས་པ་དང་། གང་གི་རྒྱུས་ངན་སོང་དུ་སྐྱེ་བར་འགྱུར་བ་དང་། དུས་ཇི་སྲིད་ཅིག་ཏུ་ངན་སོང་དུ་གནས་པ་དང་གསུམ་མོ། །འགྲོ་བ་གནས་མ་ཡིན་ལ་སྐྲག་པ་གདུང་བྱེད་པ། །ཞེས་བྱ་བས་སྐུར་པ་བཏབ་པའི་ཉེས་པ་བསྟན་ཏོ། །བསོད་ནམས་མ་ཡིན་ཕུང་པོ་
ཆེར་འཕེལ་ཞེས་བྱ་བས་ངན་སོང་གསུམ་དུ་སྐྱེ་བའི་རྒྱུ་གང་ཡིན་པ་བསྟན་ཏོ། །ཡུན་རིང་དུ་ཞེས་བྱ་བས་དུས་ཇི་སྲིད་དུ་ངན་སོང་དུ་གནས་པ་བསྟན་ཏོ། །ཅིའི་ཕྱིར་གང་ཟག་དེ་དག་ཐེག་པ་ཆེན་པོ་ལ་སྐྲག་པར་བྱེད་ཅེ་ན། དེའི་ཕྱིར། རིགས་མེད་གྲོགས་ངན་དགེ་སྔོན་མ་བསགས་བློ་མ་
སྦྱངས། །ཞེས་སྨོས་ཏེ། དེ་ལ་རྒྱུ་རྣམ་པ་བཞིས་ཐེག་པ་ཆེན་པོ་ལ་སྐྲག་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའི་རིགས་མེད་ན་ཡང་ཐེག་པ་ཆེན་པོ་ལ་སྐྲག་སྟེ། འདི་ནི་རྒྱུ་གཅིག་གོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་བཤེས་གཉེན་ངན་པས་ཟིན་པ་དང་ཐེག་པ་ཆེན་པོ་ལ་སྐྲག་པར་འགྱུར་
ཏེ། འདི་ནི་རྒྱུ་གཉིས་པའོ། །ཚེ་རབས་སྔོན་གཞན་ན་ཐེག་པ་ཆེན་པོ་རྟོགས་པར་འགྱུར་བའི་བསོད་ནམས་ཀྱི་ཚོགས་མ་བསགས་ན་ཡང་སྐྲག་པར་འགྱུར་ཏེ། འདི་ནི་རྒྱུ་གསུམ་པའོ། །ཐེག་པ་ཆེན་པོའི་ཆོས་མཉན་པ་དང་བསམ་པ་ལ་སོགས་པས་ཚེ་སྔ་ཕྱི་བློ་མ་སྦྱངས་ན་ཡང་
ཐེག་པ་ཆེན་པོ་ལ་སྐྲག་པར་འགྱུར་ཏེ། འདི་ནི་རྒྱུ་བཞི་པའོ། །སྐྲག་པའི་རྒྱུ་སྨྲས་ནས་མི་སྐྲག་པའི་རྒྱུ་བཤད་པར་བྱ་སྟེ་ཞེས་བྱ་བ་ལ་གོང་དུ་ཐེག་པ་ཆེན་པོ་ལ་སྐྲག་པར་འགྱུར་བའི་རྒྱུ་ནི་རིགས་མེད་པ་ལ་སོགས་པ་རྣམ་པ་བཞི་ཡིན་ནོ་ཞེས་བཤད་ནས། ད་ནི་རྒྱུ་གང་ལ་བརྟེན་ན་ཐེག་པ་ཆེན་
པོ་ལ་མི་སྐྲག་པར་འགྱུར་བའི་རྒྱུ་བསྟན་ཏེ། འོག་ནས་ཚིགས་སུ་བཅད་པ་ལས་འབྱུང་བ་བཞིན་དུ་ཡིད་ལ་བྱས་ནས་ཐེག་པ་ཆེན་པོ་ལ་སྐྲག་པར་མི་འགྱུར་ཏེ། མི་སྐྲག་པའི་རྒྱུ་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ། །དེ་ལས་གཞན་དང་གཞན་མེད་ཅེས་བྱ་བ་ལ། ཉན་ཐོས་
རྣམས་ཀྱིས་ཀྱང་ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། ཐེག་པ་ཆེན་པོ་སྟེ་ཐེག་པ་གསུམ་ཡོད་པར་འདོད་པས། ཐེག་པ་ཆེན་པོ་ཡོད་པར་ཁས་བླངས་ན་དེ་ལྟར་ན་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་མ་གཏོགས་པའི་ཐེག་པ་ཆེན་པོ་གཞན་མེད་པས་ན་ཐེག་

པ་ཆེན་པོ་སྤོང་ཞིང་སྐུར་པ་འདེབས་པ་དང་སྐྲག་པར་བྱ་བའི་གནས་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཉན་ཐོས་དག་ན་རེ། ཉན་ཐོས་ཀྱི་ཐེག་པ་ཉིད་ཐེག་པ་ཆེན་པོ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཐེག་པ་ཆེན་པོ་མ་ཡིན་ནོ་ཞེས་སྨྲ་ན། དེ་ལྟ་ན་ནི་སངས་རྒྱས་
ལས་མ་གཏོགས་པའི་ཉན་ཐོས་དང་རང་སངས་རྒྱས་ཞེས་བྱ་བ་གཞན་མེད་པར་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། ཀུན་ཀྱང་ཐེག་པ་ཆེན་པོ་ལ་ཞུགས་པས་ཀུན་སངས་རྒྱས་སུ་གྱུར་པའི་ཕྱིར། ཉན་ཐོས་དང་རང་སངས་རྒྱས་མེད་པའི་ཕྱིར་སྐྱོན་དུ་འགྱུར་རོ། །ཟབ་ཅིང་ཞེས་བྱ་བ་ལ། ཐམས་
ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱེད་པའི་ལམ་ས་དང་ཕ་རོལ་ཏུ་ཕྱིན་པ་དང་། གང་ཟག་དང་ཆོས་ལ་བདག་མེད་པ་འདི་ནི་ཤིན་ཏུ་ཟབ་པ་སྟེ། འཕགས་པ་རྣམས་ཀྱིས་ཐུགས་སུ་ཆུད་པར་ཟད་དེ། སོ་སོའི་སྐྱེ་བོ་རྣམས་ཀྱིས་ཁོང་དུ་མི་ཆུད་དོ་ཞེས་དེ་ལྟར་ཚུལ་བཞིན་དུ་ཡིད་ལ་
བྱས་ནས་ཐེག་པ་ཆེན་པོ་སྐྲག་པའི་གནས་སུ་མི་འགྱུར་རོ། །རྗེས་སོང་ཕྱིར་ཞེས་བྱ་བ་ནི་གང་གི་ཚེ་བཅོམ་ལྡན་འདས་ཀྱིས་མཉན་དུ་ཡོད་པ་ལ་སོགས་པར་ཉན་ཐོས་ཀྱི་ཐེག་པ་བཤད་པ་དེ་དང་དུས་གཅིག་ཏུ་ཐེག་པ་ཆེན་པོ་ཡང་བཤད་དེ་དུས་མཉམ་དུ་བྱུང་བས་དུས་མཉམ་དུ་གསུངས་པར་འདྲ་
བ་ལ། ཉན་ཐོས་ཀྱི་ཐེག་པ་ལ་སྐྲག་པར་མི་བྱ་ན་ཐེག་པ་ཆེན་པོ་ལ་ཅིའི་ཕྱིར་སྐྲག་པར་བྱ་བའི་རིགས་ཞེས་དེ་ལྟར་ཚུལ་བཞིན་དུ་ཡིད་ལ་བྱས་ནས་དཔྱད་ན་ཐེག་པ་ཆེན་པོའི་ཆོས་ལ་སྐྲག་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སྣ་ཚོགས་སྟོན་ཅིང་ཞེས་བྱ་བ་ལ། གལ་ཏེ་ཐེག་པ་ཆེན་པོའི་ནང་
ནས་སྟོང་པ་དང་མེད་པ་འབའ་ཞིག་བཤད་ན་ནི་སྐྲག་པར་བྱ་བའི་གནས་ཀྱང་ཡིན་ནོ། །སྟོང་པ་འབའ་ཞིག་བཤད་པར་མ་ཟད་ཀྱི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཆོས་སྣ་ཚོགས་དང་། ལམ་སྣ་ཚོགས་ཀྱང་བཤད་པས་ན་སྟོང་པར་བཤད་པའི་བཀའ་འདི་
ལ་ཡང་དགོངས་པ་འགའ་ཞིག་ཡོད་དོ་ཞེས་ཇི་ལྟར་ཚུལ་བཞིན་དུ་བསམས་ན་ཐེག་པ་ཆེན་པོ་ལ་སྐྲག་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །མང་པོའི་སྒོ་ནས་རྟག་ཏུ་སྟོན་དང་ལྡན། །ཞེས་བྱ་བ་ལ། མང་པོ་ནི་ལང་ཀར་གཤེགས་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་

མདོ་སྡེ་མང་པོ་དེ་དང་དེ་དག་ལ་བྱའོ། །སྒོ་ཞེས་བྱ་བ་ནི་སྟོང་པ་ཉིད་སྟོན་པའི་རྣམ་གྲངས་ལ་བྱ་ལ། སྟོང་པ་ཁོང་དུ་ཆུད་པར་བྱ་བའི་ཕྱིར། མ་བྱུང་བ་དང་མ་སྐྱེས་པ་དང་རང་བཞིན་གྱིས་སྟོང་པ་དང་དངོས་པོ་མེད་པ་ཞེས་བྱ་བ་ལ་སོགས་པ་རྣམ་གྲངས་དུ་མས་བསྟན་
ཏོ། །རྟག་ཏུ་ཞེས་བྱ་བ་ནི་ལན་ཅིག་བསྟན་པར་མ་ཟད་ཀྱི་རྒྱུན་མ་ཆད་པར་བསྟན་ཏེ། དེ་ལྟར་སྟོང་པ་ཉིད་དེ་མདོ་སྡེ་ཐམས་ཅད་ཀྱི་ནང་ནས་རྣམ་གྲངས་དུ་མས་རྒྱུན་མ་འཆད་པར་བསྟན་པས་ན་སྟོང་པ་འདི་དགོས་པ་ཆེ་ཞིང་ཆེད་ཆེ་བར་མངོན་ཏེ། ཆེད་མི་ཆེ་ན་བཅོམ་ལྡན་འདས་ཀྱིས་ལན་ཅིག་
ཙམ་བཤད་དེ་ཕྱིས་མི་གསུང་བའི་རིགས་སོ་ཞེས། ཇི་ལྟར་ཚུལ་བཞིན་དུ་བསམས་ན་ཐེག་པ་ཆེན་པོ་ལ་སྐྲག་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་བཤད་པ་བཞིན་མ་ཡིན་ཞེས་བྱ་བའི་སངས་རྒྱས་མེད་ཆོས་མེད་ཅེས་བྱ་བ་ལ་སོགས་པ་བཤད་པའི་ཚིག་འདི་ཐམས་ཅད་
ནས་ཐམས་ཅད་དུ་ཀུན་མེད་པ་ནི་མ་ཡིན་གྱི། གཟུང་འཛིན་དུ་བྱིས་པ་རྣམས་ཀྱིས་ཀུན་ཏུ་བརྟགས་པའི་ཀུན་བརྟགས་མེད་པ་ལ་དགོངས་ནས་མེད་ཅེས་གསུངས་ཀྱི། འཕགས་པ་རྣམས་ཀྱི་ཡུལ་གཞན་གྱི་དབང་དང་། ཡོངས་སུ་གྲུབ་པའི་རང་བཞིན་མེད་པ་མ་ཡིན་ནོ་ཞེས་དེ་ལྟར་
ཚུལ་བཞིན་ཡིད་ལ་བྱས་ནས་ཐེག་པ་ཆེན་པོ་ལ་སྐྲག་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་ཀྱི་དགོངས་པ་ཟབ་ཅེས་བྱ་བ་ལ། བཅོམ་ལྡན་འདས་ཀྱི་བཀའ་ཐམས་ཅད་ནི་ཟབ་ཅིང་ཕྲ་བ་སྟེ་ཅི་ལ་དགོངས་པ་ཤིན་ཏུ་ཤེས་པར་དཀའ་ཞིང་རྟོགས་པར་དཀའ་བའོ། །ཇི་ལྟ་
ཞེ་ན། དེ་བཞིན་གཤེགས་པ་ཆོས་འཆད་པ་ནི་བསམ་པ་དང་བག་ལ་ཉལ་བ་དང་ཁམས་རྣམས་མཁྱེན་ནས་སེམས་ཅན་སོ་སོའི་སེམས་དང་མཐུན་པར་ཁ་ཅིག་ལ་ནི་ཡོད་ཅེས་བཤད། ཁ་ཅིག་ལ་ནི་མེད་ཅེས་བཤད། ཁ་ཅིག་ལ་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་ཞེས་
བཤད་པ་དེ་དག་ཅི་ལས་དགོངས་ཏེ་བཤད་པ་བདག་གིས་མི་རྟོག་སྟེ། བདག་གི་སྤྱོད་ཡུལ་མ་ཡིན་ནོ་ཞེས་དེ་ལྟར་ཚུལ་བཞིན་དུ་ཡིད་ལ་བྱ་སྟེ། བསམས་ན་ཡང་སྐྲག་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །མཁས་པས་ཚུལ་བཞིན་བརྟགས་ན་ཆོས་ལ་སྐྲག་པར་མི་འགྱུར་རོ་ཞེས་བྱ་བ་ན་

བློ་དང་ལྡན་པ་མཁས་པ་རྣམས་ཀྱིས་ཚུལ་བཞིན་དུ་བསམས་ནས་བཤད་ན་ཐེག་པ་ཆེན་པོའི་ཆོས་ལ་སྐྲག་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གཞན་དུ་ན་ནི་ལན་ཅིག་ཙམ་ཞིག་དགག་པ་མཛད་པར་འགྱུར་རོ་ཞེས་བྱ་བ་ལ། སྟོང་པ་ཉིད་ཀྱི་དོན་འདི་ཆེད་ཆེ་བ་མ་ཡིན་ན་ནི་མེད་དོ་ཞེས་
བྱ་བའི་དགག་པའི་ཚིག་འདི་ལན་འགའ་ཞིག་བཤད་ནས་དེ་ནས་མི་གསུང་བར་རིགས་ན། བཅོམ་ལྡན་འདས་ཀྱིས་དེ་ནས་རྒྱུན་མི་འཆད་པར་མདོ་སྡེ་ཀུན་ལས་གསུངས་པས་ན་གདོན་མི་ཟ་བར་སྟོང་པ་ཉིད་བཤད་པ་འདི་ལ་དོན་ཆེད་ཆེ་བ་ཡོད་དོ་ཞེས་བྱ་བའི་དོན་ཏོ། །རིང་དུ་ཞུགས་
པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཉིད་ཡིན་པས་ཚིགས་སུ་བཅད་པ་ཞེས་བྱ་བ་ལ་གང་གི་ཚེ་འདི་ནི་བཟང་ངོ་འདི་ནི་ངན་ནོ་ཞེས་བྱ་བ་དང་། འདི་ནི་ཡིན་ནོ་འདི་ནི་མིན་ནོ་ཞེས་བྱེ་བྲག་དབྱེ་བ་དེ་དག་ཀྱང་རིང་དུ་ཞུགས་པའི་ཡེ་ཤེས་ཐོབ་པར་གྱུར་ན་དེའི་ཚེ་གདོད་ཡིན་པ་དང་མ་ཡིན་པ་དག་དེའི་སྤྱོད་
ཡུལ་དུ་འགྱུར་གྱི་རིང་དུ་ཞུགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་མ་ཡིན་པ་ཐོབ་པ་རྣམས་ལ་ནི་དངོས་པོ་ཐམས་ཅད་མངོན་སུམ་དུ་མ་གྱུར་པས་འདི་སངས་རྒྱས་ཀྱི་ཚིག་མ་ཡིན་ནོ་ཞེས་ངེས་པར་གཞག་ཏུ་མི་རུང་ངོ་། །དེ་ལ་རིང་དུ་ཞུགས་པའི་ཡེ་ཤེས་ཞེས་བྱ་བ་ནི་དུས་གསུམ་དང་ཕྱོགས་བཅུ་ན་
གནས་པའི་དངོས་པོ་ཐམས་ཅད་སྐྱུ་རུ་ར་ལག་མཐིལ་དུ་བླངས་པ་བཞིན་དུ། ཐོགས་པ་དང་ཆགས་པ་མེད་པར་མངོན་དུ་གྱུར་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་བྱའོ། །ཐོས་པ་ལ་གནས་ནས་ཐོག་མར་ཡིད་ལ་བྱེད་པ་འབྱུང་བར་འགྱུར་ཞེས་བྱ་བ་ལ། ཐམས་ཅད་མཁྱེན་པའི་
ཡེ་ཤེས་ཐོབ་པར་བྱེད་པའི་ཐབས་ནི། དང་པོ་ཉིད་དུ་དགེ་བའི་བཤེས་གཉེན་ལ་བརྟེན་ནས་ཐོག་མར་དགེ་ཞེས་བྱ་བ་ལ་སོགས་པ་ཐེག་པ་ཆེན་པོའི་ཆོས་མཉན་པར་བྱའོ། །དེ་ནས་མཉན་པ་དེ་ལ་བརྟེན་ནས་དེའི་འོག་ཏུ་མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་པ་དང་བདག་མེད་པར་བསམས་
ཏེ། བསམས་པ་དེ་ལས་ནི་མོས་པར་བྱེད་པའི་ཏིང་ངེ་འཛིན་དྲོད་ལ་སོགས་པ་ཚུལ་བཞིན་ཡིད་ལ་བྱེད་པའི་མཚན་ཉིད་འབྱུང་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཚུལ་བཞིན་ཡིད་ལ་བྱེད་པ་ལས། །ཡང་དག་དོན་ཡུལ་ཡེ་ཤེས་འབྱུང་། །ཞེས་བྱ་བ་ནི་དེ་ལྟར་མོས་པས་སྤྱོད་པའི་ཏིང་ངེ་

འཛིན་ཚུལ་བཞིན་རང་གི་རང་བཞིན་རྣམ་པ་བཞི་ལ་བརྟེན་ནས་ས་དང་པོ་མཐོང་བའི་ལམ་ལ་འཇིག་རྟེན་ལས་འདས་པའི་ཡང་དག་པའི་ལྟ་བས་ཆོས་དང་གང་ཟག་ལ་བདག་མེད་པའི་མཚན་ཉིད་ཆོས་ཀྱི་དབྱིངས་ཐམས་ཅད་དུ་འགྲོ་བ་མངོན་སུམ་དུ་ཡུལ་དུ་གྱུར་པའི་
ཡེ་ཤེས་རྣམ་པར་མི་རྟོག་པའི་ཡེ་ཤེས་འབྱུང་ངོ་ཞེས་བྱ་བའི་དོན་ཏོ། །དེ་ལས་ཆོས་ལ་ཐོབ་པར་འགྱུར་ཞིང་ཞེས་བྱ་བ་ནི་ས་དང་པོར་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་ནས་ས་གཉིས་པ་ནས་ས་བཅུ་པའི་བར་དུ་ཡེ་ཤེས་དེ་ཉིད་བསྒོམས་པས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཐམས་ཅད་
སྤངས་ཏེ། སངས་རྒྱས་ཀྱི་སར་ས་བཅུར་བསྒོམས་པའི་འབྲས་བུ་རྣམ་པར་གྲོལ་བ་ཞེས་བྱ་བའི་སྐུ་འཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལས་བློ་གྲོས་འབྱུང་བར་འགྱུར། །ཞེས་བྱ་བ་ནི་དེ་ལྟར་རྣམ་པར་གྲོལ་བ་ཐོབ་ན། དེའི་འོག་ཏུ་རྣམ་པར་གྲོལ་བ་ལ་རྣམ་པར་གྲོལ་བ་ཉིད་དུ་
ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའི་ཡེ་ཤེས་སྐྱེ་བར་འགྱུར་ཏེ་ཡེ་ཤེས་དེའི་མཚན་ཉིད་ཇི་ལྟ་བུ་ཞེ་ན། འདི་ལྟར་བདག་གིས་བྱ་བ་ནི་བྱས། ཁུར་ནི་བོར། ཚངས་པར་སྤྱོད་པ་ནི་སྤྱད། སྲིད་པ་འདི་ལས་གཞན་ནི་མི་ཤེས་སོ་ཞེས་ཁོང་དུ་ཆུད་པའོ། །གང་གི་ཚེ་ན་ཡེ་ཤེས་དེ་རང་གིས་
རིག་པར་གྱུར་པ་དེའི་ཚེ་ན་ནི་བླང་བར་བྱ་བ་དང་། སྤང་བར་བྱ་བ་དང་། ཡིན་པ་དང་། མ་ཡིན་པ་དག་མངོན་སུམ་དུ་གྱུར་པས་འདི་ནི་ཡིན་འདི་ནི་མ་ཡིན་ཞེས་བྱེ་བྲག་དབྱེ་ཞིང་གཏན་ལ་དབབ་པར་བྱ་བ་ལ་ནི་རིགས་སོ་ཞེས་བྱ་བའི་དོན་ཏོ། །གང་ཚེ་རང་རིག་དེ་མེད་པར་ནི་ཇི་ལྟར་རྟོགས་
པར་འགྱུར། །ཞེས་བྱ་བ་ལ། གང་གི་ཚེ་ས་བཅུའི་འབྲས་བུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་རང་གིས་རིག་པ་མེད་པར་ཐེག་པ་ཆེན་པོ་འདི་སངས་རྒྱས་ཀྱི་ཚིག་མ་ཡིན་པར་ཇི་ལྟར་རྟོགས་པར་འགྱུར་ཞེས་བྱ་བའི་དོན་ཏོ། །སྐྲག་པའི་གནས་མ་ཡིན་པར་ཚིགས་སུ་བཅད་པ་ཞེས་བྱ་བ་ལ།
གོང་དུ་ཐེག་པ་ཆེན་པོ་འདི་སྐྲག་པའི་གནས་མ་ཡིན་ནོ་ཞེས་མདོ་ཙམ་སྨོས་པ་དེ་ད་ཇི་ལྟར་སྐྲག་པའི་གནས་མ་ཡིན་པ་དེ་བཞིན་དུ་འཆད་དེ། ཐེག་པ་ཆེན་པོ་འདི་དགའ་ཞིང་དད་པར་བྱ་བའི་གནས་ཡིན་གྱི་སྐྲག་པར་བྱ་བའི་གནས་མ་ཡིན་ནོ་ཞེས་བསྟན་པ་ལས་བརྩམས་ནས་ཚིགས་སུ་བཅད་པ་

བསྟན་ཏོ། །བདག་གིས་མི་ཤེས་ཞེས་བྱ་བ་ལ། ཉན་ཐོས་དག་འདི་སྐད་དུ་ཐེག་པ་ཆེན་པོ་ལས་ཆོས་མ་སྐྱེས་པ་མ་བྱུང་ཞེས་བྱ་བ་འདི་དག་བདག་ཅག་ལྟ་བུའི་སྤྱོད་ཡུལ་དུ་མི་འགྱུར་ཏེ། འདི་དག་བདག་ཅག་གིས་མི་རྟོགས་པས་ན། བདག་ཅག་འདི་ལ་འཇུག་པར་མི་ནུས་སོ་ཞེས་དེ་ལྟར་བསམས་
ནས་ཅང་ཐེག་པ་ཆེན་པོ་ལ་སྐྲག་པའི་གནས་སུ་བྱ་བ་མི་རིགས་ཏེ། ཅིའི་ཕྱིར་ཞེ་ན། འདི་ལྟར་ཐེག་པ་ཆེན་པོ་རྟོགས་པར་འགྱུར་བའི་དགེ་བའི་རྩ་བ་མ་བསགས་པ་དང་། ཐེག་པ་ཆེན་པོ་སྟོན་པའི་དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་མ་བྱས་པ་རྣམས་ཀྱིས་ཐེག་པ་ཆེན་པོའི་དོན་རྟོགས་པར་མི་ནུས་
ཏེ། དེ་བས་ན་ཐེག་པ་ཆེན་པོའི་དོན་རྟོགས་པར་འདོད་ན་མགོའི་ཐོད་ལ་མེ་འབར་བ་བསད་པ་དེ་བཞིན་དུ་ཐེག་པ་ཆེན་པོ་སྟོན་པའི་དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བྱ་བའི་ཕྱིར་འབད་པར་བྱ་སྟེ། འབད་ན་ཐེག་པ་ཆེན་པོའི་དོན་རྟོགས་པར་འགྱུར་རོ། །འདིའི་སྐབས་སུ་ཚིགས་སུ་བཅད་པ་སྟོན་པ།
ཐབས་ཀྱི་ཆོ་ག་མཁས་ལ་གལ་ཏེ་བློ་སྦྱངས་མ་བྱས་དང་། །ཐབས་ལ་མཁས་པའི་སྐྱེ་བོ་རྣམས་ཀྱི་རྗེས་སུ་འཇུག་པར་གྱིས། །སྡུག་བསྔལ་མང་པོ་འདུས་ལ་སྤྱོད་པ་ཡིད་ནི་ཆགས་གྱུར་ན། །གལ་ཏེ་དེ་ཡང་མི་འདོད་ཁྱད་པར་ཉམས་ན་དགའ་བར་གྱིས། །ཞེས་བྱ་བ་ལྟ་བུའོ། །སངས་རྒྱས་
ཟབ་མོ་མཁྱེན་པ་མ་ཡིན་ཞེས་བྱ་བ་ལ། གལ་ཏེ་ཉན་ཐོས་དག་ནི་འདི་སྐད་དུ། །སངས་རྒྱས་ཞེས་བྱ་བ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་རྟེན་ཅིང་འབྲེལ་ཏེ་འབྱུང་བ་དང་། བདེན་པ་ལ་སོགས་པའི་ཆོས་ཡོད་པར་ཐུགས་སུ་ཆུད་པས་སངས་རྒྱས་ཞེས་བྱ་སྟེ། མ་སྐྱེས་པ་དང་མ་བྱུང་བ་ལ་སོགས་
པ་ཟབ་མོ་འདི་སངས་རྒྱས་ཀྱིས་ཐུགས་སུ་ཆུད་པ་ཡང་མ་ཡིན་ཏེ། སངས་རྒྱས་ཀྱིས་ཐུགས་སུ་ཆུད་ཅེས་བྱ་བ་ཡང་བརྫུན་ན་སངས་རྒྱས་ཀྱིས་ཟབ་མོ་བཤད་པ་ལྟ་ཅི་ཞིག་ག་ལ་ཡོད་དེ་མེད་དོ་ཞེས་དེ་ལྟར་བསམས་ཏེ་ཡང་སྐྲག་པར་བྱ་བར་མི་རིགས་སོ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། སངས་
རྒྱས་ཞེས་བྱ་བའི་མཚན་འདི་ཡང་འདོད་དགུར་བཏགས་པ་མ་ཡིན་གྱི་དོན་དང་བཅས་པར་བཏགས་པ་ཡིན་ཏེ། གང་གི་ཕྱིར་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་གཉིས་དང་འདྲ་བ་བག་ལ་ཉལ་ཚུན་ཆད་སྤངས་པ་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཤེས་བྱ་ཐམས་ཅད་ཐུགས་སུ་ཆུད་དེ་བློ་

ཁ་བྱེ་བས་ན་སངས་རྒྱས་ཞེས་བྱ་སྟེ། སེམས་ཅན་གྱི་ཁྱད་པར་འདི་ལྟ་བུ་དག་གིས་ཀྱང་། ཟབ་མོ་ཐུགས་སུ་མ་ཆུད་ན། བདག་ཅག་ལ་སོགས་པས་ལྟ་ག་ལ་ཞིག་ཅེས་ཁོང་དུ་ཆུད་ཅེས་འཇིགས་པའི་གནས་སུ་བྱ་བ་མི་རིགས་ཏེ། འདི་ལྟར་དགེ་བའི་བཤེས་གཉེན་
ལ་བསྙེན་བཀུར་དང་བརྟེན་པ་ལ་བསྒྲིམ་པར་བྱས་ནས་སངས་རྒྱས་ཀྱིས་ཟབ་མོ་ཐུགས་སུ་ཆུད་དམ་མི་ཆུད་པར་འགྱུར་བ་ལྟ་རང་ཉིད་ཀྱིས་ཕྱིས་རྟོགས་པར་འགྱུར་རོ། །ཟབ་མོ་ཅིའི་ཕྱིར་ན་རྟོག་གེའི་སྤྱོད་ཡུལ་མ་ཡིན་ཞེས་བྱ་བ་ནི་ཇི་ཙམ་དུ་ཚད་མས་གཞལ་བར་བྱ་བའི་ཡུལ་གཏན་ལ་དབབ་
པའི་དངོས་པོ་རྣམས་ནི་རྟོག་གེ་པ་རྣམས་ཀྱི་མངོན་སུམ་དང་རྗེས་སུ་དཔག་པའི་ཚད་མས་རྟོགས་པར་འགྱུར་བ་ཡིན། མ་སྐྱེས་པ་དང་མ་བྱུང་བ་ལ་སོགས་པའི་ཚད་མ་ཟབ་མོ་རྟོག་གེ་པ་རྣམས་ཀྱི་ཚད་མའི་ཡུལ་མ་ཡིན་པས་ཐེག་པ་ཆེན་པོ་ལ་འཇུག་པར་བྱ་བའི་ཡུལ་མ་ཡིན་ནོ་ཞེས་དེ་ལྟར་ཡང་
སྐྲག་པར་བྱ་བར་མི་རིགས་ཏེ། ཅིའི་ཕྱིར་ཞེ་ན། རྟོག་གེའི་སེམས་བསལ་བར་བྱ་བའི་ཕྱིར་བསྒྲིམ་པར་བྱའི་ཐེག་པ་ལ་སྐྲག་པར་ནི་མི་བྱའོ། །ཇི་ལྟ་ཞེ་ན། ཐེག་པ་ཆེན་པོ་འདི་རྟོག་གེ་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་ཏེ། དེ་བས་ན་བཅོམ་ལྡན་འདས་དེ་ལ་བྱང་ཆུབ་སེམས་དཔའ་དང་
ཉན་ཐོས་དག་གིས་བསྟོད་པ། རྟོག་གེ་རྣམས་ཀྱི་ཡུལ་མིན་ཏེ། །བྱིས་པའི་སྤྱོད་ཡུལ་མ་ཡིན་དང་། །སེམས་དང་སེམས་ལས་བྱུང་ཡོངས་འདས། །ཐུབ་པ་གང་དག་བསྒོམ་མཛད་དོ། །ཞེས་གསུངས་པ་ལྟ་བུའོ། །ཨཱ་ཙརྱ་མ་ཏི་ཙི་ཏྲས་ཀྱང་བདག་ནི་དོན་རྟོག་གེ་པ་སྟེ། གང་དེ་ཁོ་ན་ཁོང་དུ་
ཆུད་པའི་ཉན་ཐོས་དང་། རང་སངས་རྒྱས་དག་གིས་ཀྱང་ཆོས་ཀྱི་སྐུ་དང་། སྟོབས་དང་མི་འཇིགས་པ་ལ་སོགས་པ་ལ་ཡེ་ཤེས་ཐོགས་ཏེ་མི་འཇུག་གོ་ཞེས་ནས་བཅོམ་ལྡན་འདས་ལ་བསྟོད་པ། གལ་ཏེ་ཀླུ་ཆེན་དེ་དག་ཀྱང་། །ཁྱོད་ལ་ནུས་པ་ཐོགས་གྱུར་ན། །སྲིད་པ་མི་གཙང་འབུ་ལྟ་བུའོ། །
བདག་ལ་སྐབས་ལྟ་ག་ལ་མཆིས། །ཞེས་བསྟོད་པ་ལྟ་བུའོ། །ཅིའི་ཕྱིར་ཟབ་མོའི་དོན་རིག་པ་དག་ཐར་བར་འགྱུར་ཞེས་བྱ་བ་ལ་མ་སྐྱེས་པ་དང་མ་བྱུང་བའི་ཟབ་མོ་རྟོགས་པ་དེ་དག་འབའ་ཞིག་འཁོར་བ་ལས་འདས་ཤིང་མྱ་ངན་འདས་པར་འགྱུར་ལ། མངོན་སུམ་དང་རྗེས་སུ་དཔག་པའི་ཚད་

མས་དངོས་པོ་རྣམས་ལ་འཇལ་བར་བྱེད་པའི་རྟོག་གེ་པ་རྣམས་ཅིའི་ཕྱིར་འཁོར་བ་ལས་འདས་ཤིང་མྱ་ངན་ལས་འདས་པ་མི་འཐོབ་ཅེས་ཏེ། དེ་ལྟར་བསམས་ཏེ་ཡང་ཐེག་པ་ཆེན་པོ་ལ་ཡང་སྐྲག་པར་བྱ་བར་མི་རིགས་ཏེ། ཅིའི་ཕྱིར་ཞེ་ན། ཉོན་མོངས་པ་སྤངས་ནས་མྱ་ངན་ལས་འདས་པ་ཐོབ་པ་ནི་སྟོང་པ་
ཉིད་མཐོང་བས་འཐོབ་པར་འགྱུར་གྱི་ཀུན་རྫོབ་ཙམ་དཔྱོད་པའི་རྟོག་གེའི་སེམས་ཀྱིས་ནི་མྱ་ངན་ལས་འདས་པ་ཐོབ་པར་མི་འགྱུར་བའི་ཕྱིར་རོ། །མོས་པ་མེད་ན་ཡང་དེ་འགྲུབ་པར་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། རིགས་མེད་པ་དང་ཉན་ཐོས་དང་རང་སངས་རྒྱས་ཀྱི་རིགས་ཅན་དག་ཐེག་པ་ཆེན་པོ་ལ་
འཇུག་པར་མོས་པ་མེད་ན་དེ་ལྟར་ན་ནི་འདི་ཐེག་པ་ཆེན་པོ་ཡིན་པར་གྲུབ་སྟེ། ཅིའི་ཕྱིར་ཞེ་ན། ཆུང་ངུ་རྣམས་དེ་ལ་མོས་པ་མི་འཇུག་པའི་ཕྱིར་རོ་ཞེས་བསྟན་པས་ཚིགས་སུ་བཅད་པ་བཤད་པ། ཆུང་ངུར་མོས་ཤིང་རིགས་ཀྱང་ཤིན་ཏུ་ངན། །གྲོགས་པོ་ངན་པ་དག་གིས་ཡོངས་བསྐོར་བ། །
ཟབ་ཅིང་རྒྱ་ཆེར་ལེགས་པར་གསུངས་པ་ཡི། །ཆོས་ལ་གལ་ཏེ་མོས་མེད་གྲུབ་པ་ཡིན། །ཞེས་བྱ་བ་ལ། ཉན་ཐོས་དག་ནི་བསོད་ནམས་ཀྱི་ཚོགས་ཀྱང་ཁ་ཟས་སྤར་གང་ཙམ་གཏོང་བ་ལ་མོས་པ་དང་། ཡེ་ཤེས་ཀྱི་ཚོགས་ཀྱང་གང་ཟག་ལ་བདག་མེད་པ་ཙམ་ཞིག་མཐོང་བ་དང་དོན་ཡང་བདག་
གི་དོན་ཙམ་ཞིག་བྱེད་པར་འདོད་པས་ན་ཆུང་ངུ་ལ་མོས་པའོ། །དེ་ལྟར་ན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱང་ཆུང་ངུ་ལ་མོས་པས་ཀུན་གཞི་རྣམ་པར་ཤེས་པས་ཡང་བསོད་ནམས་དང་ཡེ་ཤེས་ཀྱི་ས་བོན་ཆུང་ངུ་བསགས་པས་རིགས་ཀྱང་ཤིན་ཏུ་ངན་པ་ཞེས་བྱ་སྟེ། ཐེག་པ་ཆུང་ངུར་མྱ་ངན་
ལས་འདས་པར་འགྱུར་བའི་རིགས་ཙམ་ཞིག་ཡོད་པར་འགྱུར་བའི་ཕྱིར་རོ། །དཔེར་ན་ཝ་རྣམས་ཀྱང་ཝ་དང་འགྲོགས་པར་དགའི། སེང་གེ་དང་འགྲོགས་པར་མ་མོས་པ་བཞིན་དུ་མོས་པ་ཡང་ཆུང་། རིགས་ཀྱང་ངན་པས་ན་ཡང་འགྲོགས་ན་ཡང་གྲོགས་ངན་པ་ཉན་ཐོས་ཀྱི་
ཕྱོགས་ལ་བརྟེན་པའི་གྲོགས་འབའ་ཞིག་དང་འགྲོགས་པས་ན་གྲོགས་ངན་པས་བསྐོར་བ་ཞེས་བྱ་སྟེ། དེ་ལྟར་མོས་པ་ཡང་ཆུང་རིགས་ཀྱང་ངན་གྲོགས་ཀྱང་ངན་པས་ན། ཟབ་ཅིང་རྒྱ་ཆེ་བ་ལེགས་པར་གསུངས་པའི་ཐེག་པ་ཆེན་པོའི་ཆོས་ལ་མོས་པ་མེད་ན་ཆུང་ངུ་བ་རྣམས་ཀྱིས་མ་མོས་པས་དེའི་ཕྱིར་

ཆོས་འདི་ཐེག་པ་ཆེན་པོ་ཡིན་པར་གྲུབ་པོ། །མདོ་སྡེ་མ་ཐོས་པ་སྨད་དུ་མི་རུང་བར་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། འདི་ནི་སངས་རྒྱས་ཀྱི་ཚིག་ཡིན་འདི་ནི་མ་ཡིན་ཞེས་བྱ་བ་དང་། འདི་ནི་ངན་འདི་ནི་བཟང་ཞེས་བྱ་བ་དག་ཀྱང་གཞུང་གི་དོན་དང་ཚིག་ཐོས་ནས་གདོད་བསྟོད་པ་དང་
སྨད་པར་བྱ་བར་རིགས་ཀྱི། གཞུང་མ་ཐོས་པ་རྣམས་ནི་བཟང་ངན་ཅི་ཡིན་གཏོལ་མེད་པས་མ་ཡིན་ནོ་ངན་ཏོ་ཞེས་སྨད་དུ་མི་རུང་བ་ལས་བརྩམས་ནས་ཚིགས་སུ་བཅད་པ་སྟོན་ཏོ། །ཐོས་པའི་རྗེས་སུ་འབྲངས་པས་བློ་ལྡན་ཐོབ། །ཐོས་པ་ལ་ནི་སུ་དག་བརྙས་བྱེད་པ། །ཐོས་པ་སྣ་ཚོགས་དཔག་མེད་
ལུས་པ་ལ། །གཏི་མུག་པས་ནི་ཅིའི་ཕྱིར་ངེས་པར་བྱ། །ཞེས་བྱ་བ་ལ། ཁྱེད་ཉན་ཐོས་ཀྱི་མདོ་སྡེ་རྣམས་ཀྱི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་སྤྱིའི་མཚན་ཉིད་ཤེས་པའི་བློ་བྱུང་བ་ཡང་། སྔོན་དགེ་བའི་བཤེས་གཉེན་ལས་ཆོས་ཐོབ་པའི་རྗེས་སུ་འབྲངས་ཏེ། ཐོས་པ་ལ་བརྟེན་ནས་
མཁས་ཤིང་བློ་དང་ལྡན་པ་ཐོབ་པ་ཡིན་ན་ད་ཐོས་པ་ལ་བརྙས་ཏེ། ཐེག་པ་ཆེན་པོའི་ཆོས་མི་ཉན་པར་འདོར་ཞིང་སྐུར་པ་འདེབས་པ་དེ་ནི་བླུན་པོ་གཏི་མུག་པ་ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན། བདག་གིས་མ་ཐོས་མི་ཤེས་པའི་ཆོས་ཐེག་པ་ཆེན་པོའི་གཞུང་སྣ་ཚོགས་པ་དཔག་ཏུ་མེད་པ་དག་མ་
ཐོས་ཏེ་ཕྱི་ལ་ལུས་པ་རྣམས་དོན་ཅི་བྱུང་གཏོལ་མེད་པར་འདི་སངས་རྒྱས་ཀྱི་ཚིག་མ་ཡིན་ནོ་ཞེས་ཇི་ལྟར་ངེས་པར་བྱས་ཏེ། གཏན་ལ་དབབ་ཅེས་བྱ་བའི་དོན་ཏོ། །དེ་ཐོས་པ་ལ་སྟོབས་གཞན་མེད་པས་ཞེས་བྱ་བས་བཟང་བ་དང་ངན་པར་བྱེ་བྲག་དབྱེ་བ་དང་། ཡིན་པ་དང་མ་ཡིན་པ་ཞེས་བྱེ་
བྲག་དབྱེ་བ་འདི་ཡང་ཐོས་པའི་སྟོབས་ལས་མ་གཏོགས་པར་མ་ཐོས་པ་རྣམས་ཀྱིས་བྱེ་བྲག་ཕྱེད་པར་མི་ནུས་ཏེ། དེ་བས་ན་ཐོས་པ་ལ་བསྒྲིམས་པ་དང་མ་ཐོས་པའི་ཆོས་ལ་སྨད་པར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །གང་ཐོས་པ་དེ་ཡང་ཚུལ་བཞིན་དུ་ཡིད་ལ་བྱ་སྟེ། ཚུལ་བཞིན་མ་ཡིན་པར་ནི་མ་
ཡིན་ནོ་ཞེས་ཚུལ་བཞིན་མ་ཡིན་པར་ཡིད་ལ་བྱེད་པ་ཉེས་པ་ཡིན་པར་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། མ་ཐོས་པའི་ཆོས་རྣམས་ལ་སྐུར་པ་གདབ་ཏུ་མི་རུང་སྟེ། དེ་བས་ན་ཆོས་རྣམས་མཉན་པར་བྱའོ་ཞེས་གླེངས་སོ། །ད་ཐོས་པའི་ཆོས་ལ་ཡང་གཞན་དབང་དང་། ཡོངས་སུ་གྲུབ་

པ་ཡོད་ཀྱི་མེད་ཅེས་བྱ་བ་ཡང་ཀུན་བརྟགས་པ་མེད་དོ་ཞེས་དེ་ལྟར་ཚུལ་བཞིན་དུ་ཡིད་ལ་བྱ་སྟེ། ཚུལ་བཞིན་མ་ཡིན་པར་སངས་རྒྱས་མེད་པ་དང་། ཆོས་མེད་པ་ལ་སོགས་པའི་ཚིག་ཐམས་ཅད་ནས་ཐམས་ཅད་དུ་མེད་དོ་ཞེས་བྱ་བའི་དོན་ཏོ། །ཚུལ་བཞིན་མ་ཡིན་པར་ཡིད་ལ་བྱས་ནས། སངས་
རྒྱས་ཀྱི་ཚིག་མ་ཡིན་ནོ་ཞེས་སྐུར་པ་གདབ་པར་མི་བྱ་སྟེ། དེ་ལྟར་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱས་ཏེ། སྐུར་པ་བཏབ་ན་ཉེས་པ་དང་སྐྱོན་ཡོད་པར་བསྟན་པ་ལས་བརྩམས་ནས་ཚིགས་སུ་བཅད་པ་བསྟན་པ། ཇི་ལྟར་སྒྲ་བཞིན་ཡོངས་བརྟགས་ན། །ཞེས་བྱ་བ་ནི་སངས་རྒྱས་མེད་ཆོས་མེད་
དགེ་འདུན་མེད་དོ་ཞེས་བྱ་བའི་སྒྲ་འདི་ནི་ཐམས་ཅད་ནས་ཐམས་ཅད་དུ་མེད་པར་སྟོན་པ་ནི་མ་ཡིན་གྱི་ཀུན་ཏུ་བརྟགས་པའི་མཚན་ཉིད་མེད་པ་ལ་དགོངས་ནས་མེད་ཅེས་གསུངས་པ་ཡིན་པ་ལས་སྒྲ་ཇི་བཞིན་དུ་བརྟགས་ན་ཐམས་ཅད་ནས་ཐམས་ཅད་དུ་མེད་པར་གཟུང་ནས་ཉེས་པ་རྣམ་པ་གསུམ་ཐོབ་
པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །བདག་ཉིད་བསྙེམས་ཤིང་ཞེས་བྱ་བས་ནི་སྒྲ་ཇི་བཞིན་དུ་གཟུང་བ་དང་དོན་མ་རྟོགས་པས་བདག་ཉིད་ཀྱི་ལྟ་བ་བསྙེམས་པ་ལ་གནས་པ་ཡིན་ཏེ་བདག་གི་ལྟ་བ་བསྙེམས་པ་ལས་གནས་པར་གྱུར་ན། ཐེག་པ་ཆེན་པོའི་དོན་ལ་མཁས་པ་བདག་མེད་དོ་ཞེས་བྱ་
བའི་ཚིག་གི་དོན་གང་ཡིན་པས་ཚོལ་ཞིང་ཉན་པར་མི་བྱེད་དོ་ཞེས་བྱ་བའི་དོན་ཏོ། །བློ་ཉམས་འགྱུར་ཞེས་བྱ་བ་ནི་དེ་ལྟར་ཐེག་པ་ཆེན་པོའི་དོན་མ་བཙལ་ནས་གཞན་གྱི་དབང་དང་ཡོངས་སུ་གྲུབ་པའི་རང་བཞིན་ནི་ཡོད་ཀུན་བརྟགས་ཀྱི་རང་བཞིན་ནི་མེད་པའི་དོན་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་
པར་བྱེད་པའི་ཤེས་རབ་ལས་མ་ཐོབ་པར་ཡོངས་སུ་ཉམས་པར་འགྱུར་ཏེ། འདི་ནི་ཉེས་པ་དང་པོའོ། །ལེགས་པར་གསུངས་ལ་རབ་སྨད་པས། །བརླག་འགྱུར་ཞེས་བྱ་བ་ནི་མེད་ཅེས་བྱ་བ་སྒྲ་ཇི་བཞིན་དུ་གཟུང་སྟེ། ཐམས་ཅད་ནས་ཐམས་ཅད་དུ་མེད་པར་བཟུང་ནས། བཅོམ་ལྡན་འདས་ཀྱི་
གསུང་རབ་ཐོག་མར་ཡང་དགེ་བར་དུ་ཡང་དགེ་བ་ལ། སངས་རྒྱས་ཀྱི་ཚིག་མ་ཡིན་གྱི་བདུད་ཀྱིས་སྨྲས་པ་ཡིན་ནོ་ཞེས་སྨད་པས་ན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཉམས་ཏེ་བསོད་ནམས་མ་ཡིན་པའི་ཕུང་པོ་ཆེར་བསགས་པས་སེམས་ཅན་དམྱལ་བར་འགྲོ་དགོས་པའི་ཕྱིར་བརླག་པར་

འགྱུར་ཏེ། འདི་ནི་ཉེས་པ་གཉིས་པའོ། །ཁོང་ཁྲོ་སྒྲིབ་ཅེས་བྱ་བ་ནི་ཐེག་པ་ཆེན་པོའི་ཆོས་ལ་སངས་རྒྱས་ཀྱི་བཀའ་མ་ཡིན་པར་བསམས་ཏེ། ཞེ་སྡང་སྐྱེད་ན་ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་ཀྱི་སྒྲིབ་པ་སྐྱེ་སྟེ། འདི་ནི་ཉེས་པ་གསུམ་པའོ། །དེ་ལ་ཆོས་ཀྱིས་ཕོངས་
པར་འགྱུར་བའི་ལས་ཀྱི་སྒྲིབ་པ་ནི་གང་ནས་གང་དུ་སྐྱེས་ཀྱང་འོན་པ་དང་གླེན་པ་དང་ལྐུགས་པར་སྐྱེ་བ་དང་། དགེ་བའི་བཤེས་གཉེན་དང་བསྐལ་པའི་གནས་མཐའ་འཁོབ་ཏུ་སྐྱེ་བ་ལ་སོགས་པ་སྟེ། ཞིབ་ཏུ་ནི་རྣལ་འབྱོར་སྤྱོད་པའི་ས་ལས་བསྟན་པ་བཞིན་དུ་བལྟའོ། །སྒྲ་ཇི་བཞིན་མ་ཡིན་པའི་
དོན་དུ་མི་ཤེས་པར་ཁོང་ཁྲོ་བར་མི་རིགས་ན་ཞེས་བྱ་བ་ནི། སངས་རྒྱས་མེད་ཅེས་བྱ་བ་ལ་སོགས་པའི་སྒྲ་འདི་ཐམས་ཅད་ནས་ཐམས་ཅད་དུ་མེད་པའི་དོན་དུ་དྲངས་ཏེ། གཞན་གྱི་དབང་དང་ཡོངས་སུ་གྲུབ་པ་ཡོད་པ་དང་། ཀུན་ཏུ་བརྟགས་པ་མེད་པར་མི་ཤེས་པར་ཐེག་པ་ཆེན་པོ་ལ་ཁོང་ཁྲོ་ཞིང་
སྐུར་པ་བཏབ་པར་མི་རིགས་པ་ལས་བརྩམས་ནས་ཚིགས་སུ་བཅད་པ་སྟོན་ཏོ། །ཡིད་ཀྱི་ཁྲོ་བ་རང་བཞིན་གདུག་པ་སྟེ། །ཞེས་བྱ་བ་ལ་ཡིད་ཀྱི་ཁྲོ་བ་ཞེས་བྱ་བ་ནི་སེམས་ཀྱི་ཞེ་སྡང་ངོ་། །རང་བཞིན་གདུག་པ་ཞེས་བྱ་བ་ནི་རང་བཞིན་གྱིས་ཁ་ན་མ་ཐོ་བ་ཡིན་ཞེས་བྱ་བའི་དོན་ཏོ། །ཁ་ན་མ་ཐོ་བ་ནི་རྣམ་
པ་གཉིས་སོ། །གང་ཞེ་ན། རང་བཞིན་གྱིས་ཁ་ན་མ་ཐོ་བ་དང་བཅས་པའི་ཁ་ན་མ་ཐོ་བའོ། །དེ་ལ་རང་བཞིན་གྱིས་ཁ་ན་མ་ཐོ་བ་ནི་སྡིག་པ་ལྕི་བ་ཡིན་ལ་བཅས་པའི་ཁ་ན་མ་ཐོ་བ་ནི་སྡིག་པ་ཡང་བ་ཡིན་ཏེ། སེམས་ཀྱི་ཞེ་སྡང་འདི་ནི་རང་བཞིན་གྱིས་ཁ་ན་མ་ཐོ་བ་སྟེ། རང་བཞིན་གྱིས་གདུག་
པའི་མཚན་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །མི་རིགས་པའི་གཟུགས་ལའང་མི་རིགས་ན་ཞེས་བྱ་བ་ལ། དེ་ལྟར་ཞེ་སྡང་འདི་རང་བཞིན་གྱིས་གདུག་པ་ཡིན་པས་ན་གང་མི་ཕན་པར་སེམས་པའི་དགྲ་ལ་སོགས་པ་མི་རིགས་པའི་གཟུགས་ལ་ཡང་ཞེ་སྡང་བསྐྱེད་པར་མི་རིགས་ན་གཞན་ལྟ་ལ་ཅི་སྨོས་
ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། ཇི་ལྟར་མངོན་པའི་ཆོས་བསྡུས་པ་ལས། ཉོན་མོངས་པ་བསྟན་པའི་དབང་དུ་བྱས་ནས་ཉོན་མོངས་པའི་མཚན་ཉིད་ཇི་ལྟར་བལྟ་ཞེ་ན། གང་ཆོས་སྐྱེ་བའི་ཚེ་ན་མ་ཞི་ཞིང་གདུག་པའི་མཚན་ཉིད་དུ་སྐྱེ་ལ་གང་སྐྱེས་ནས་ཀྱང་སེམས་ཀྱི་རྒྱུད་མ་ཞི་ཞིང་གདུག་པར་བྱེད་པ་དེ་

ཉོན་མོངས་པའི་མཚན་ཉིད་དོ་ཞེས་བཤད་དོ། །དེ་ལྟར་ན་སེམས་ཀྱི་ཞེ་སྡང་དེ་སེམས་གདུག་པ་ཅན་དུ་བྱེད་པས་ན་དགྲ་ལ་སོགས་པ་མི་རིགས་པར་བྱེད་པའི་གཟུགས་ལ་ཡང་ཞེ་སྡང་བསྐྱེད་པར་མི་རིགས་སོ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་ཀྱིས་ཀྱང་མདོ་སྡེ་དེ་དང་དེ་དག་ལས་ཞེ་སྡང་བསྐྱེད་དུ་
མི་རུང་བར་བཀའ་ནན་ཡང་ནས་ཡང་དུ་བསྣན་ཏེ་བཀག་གོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བདུན་བརྒྱ་པ་ལས་བཤད་པ། འཇམ་དཔལ་ཞེ་སྡང་ཐང་ཅིག་གིས་བསྐལ་པ་དུ་མར་བསགས་པའི་དགེ་བའི་རྩ་བ་སྲེག་པར་བྱེད་དོ་ཞེས་གསུངས་སོ། །ཉན་ཐོས་ཀྱི་སོག་ལེ་ལྟ་བུའི་མདོ་ལས་ཀྱང་དགེ་
སློང་དག་མེས་ཚིག་པའི་མགལ་དུམ་ལ་ཡང་ཁོང་ཁྲོ་བའི་སེམས་ཀྱང་བསྐྱེད་པར་མི་བྱ་ན། སེམས་དང་བཅས་པའི་ལུས་ལ་ལྟ་ཅི་སྨོས་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །མཁས་པ་རྣམས་ཀྱིས་ཐེག་པ་ཆེན་པོ་ལ་དགའ་བར་མི་ནུས་ན་གཟུ་བོ་ལྟ་བུ་དབུས་ཀྱི་ཚུལ་ཉིད་གཟུང་བར་བྱ་སྟེ།
གཟུ་བོ་ལྟ་བུའི་ཚུལ་འདི་ནི་མཁས་པའི་སྐྱེ་བོ་རྣམས་དགའ་བར་བྱེད་པའི་རིགས་པ་ཡིན་པས། རིགས་པ་དེའི་རྗེས་སུ་འབྲངས་ནས་ཐེག་པ་ཆེན་པོ་འདི་ཞེ་སྡང་བར་བྱེད་པའི་གནས་ཡིན་ནམ། དད་པར་བྱ་བའི་གནས་ཡིན་པ་རང་ཉིད་ཀྱིས་རྟོགས་པར་འགྱུར་རོ། །གལ་ཏེ་རྟོགས་པ་དེ་ཡང་ཁས་
ལེན་པར་མི་བྱེད་ན་ནི། དེ་ཅིའི་ཕྱིར། ཐེ་ཚོམ་ཟ་བའི་ཆོས་ལ་སྨོས་ཅི་དགོས། །ཞེས་བྱ་བ་སྨོས་ཏེ། མི་རིགས་པའི་གཟུགས་ལ་ཡང་ཞེ་སྡང་བསྐྱེད་པར་མི་རིགས་ན་སེམས་ཤེས་པ་རྣམས་ཀྱིས་ཐེག་པ་ཆེན་པོ་འདི་སངས་རྒྱས་ཀྱི་ཚིག་ཡིན་ནམ་མ་ཡིན་གཏོལ་མེད་དེ། ཐེ་ཚོམ་དུ་གྱུར་པའི་
གནས་ལ་ཞེ་སྡང་བསྐྱེད་པར་མི་རིགས་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། མི་རིགས་ཆེས་སོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་མཁས་པ་དག་འདི་སྐད་དུ། སྦྲུལ་གྱི་གནས་སུ་ལག་བརྐྱང་དང་། །གལ་ཏེ་དེར་ནི་སྦྲུལ་ཡོད་ན། །བྱིས་པ་དོན་མེད་རྙེད་གྱུར་པའི། །ཡོན་ཏན་དེ་ནི་ཅི་ཞིག་འཐོབ། །ཅེས་
བྱ་བ་ལྟ་བུའོ། །ཡང་གཞན་དག་གིས་སྨྲས་པ། འཇིག་རྟེན་གཞན་ལ་ཐེ་ཚོམ་དང་། །མཁས་པས་མི་དགེ་སྤང་བར་བྱ། །གལ་ཏེ་མེད་ནའང་དེ་ཅིར་འགྱུར། །གལ་ཏེ་ཡོད་དང་མེད་ཅི་བརླག །ཅེས་བཤད་དོ། །དེ་ཕྱིར་བཏང་སྙོམས་བཞག་ལེགས་ཉེས་པ་མེད། །ཅེས་བྱ་བ་ལ། གོང་དུ་

བཤད་པ་ལྟར་ན་ཞེ་སྡང་འདི་ཡང་རང་བཞིན་གྱིས་ཁ་ན་མ་ཐོ་བ་ཡིན་པས། རང་བཞིན་གྱིས་ཁ་ན་མ་ཐོ་བ་དེས་མི་གོས་པར་འདོད་པ་རྣམས་ཀྱིས་ཞེ་སྡང་མི་སྡང་མི་སྐྱེད་པར་བཏང་སྙོམས་སུ་བཞག་པ་ཉིད་ལེགས་ཏེ། བཏང་སྙོམས་སུ་གཞག་ན་ཞེ་སྡང་གི་ཉེས་པས་གོས་
པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཐེག་པ་ཆེན་པོ་བསྒྲུབ་པའི་སྐབས་བཤད་པ་རྫོགས་སོ།། །།སྐྱབས་སུ་འགྲོ་བའི་ཁྱད་པར་བསྡུས་པ་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། སྐྱབས་སུ་འགྲོ་ཞེས་བྱ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་ཅེས་བྱ་བ་དང་། སྨོན་ལམ་བཏབ་ཅེས་
བྱ་བ་དག་ནི་དོན་གཅིག་སྟེ། དེ་ལ་ཉན་ཐོས་དང་རང་སངས་རྒྱས་རྣམས་ནི་བདག་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་བའི་ཕྱིར་མཆོག་གསུམ་ལ་སྐྱབས་སུ་འགྲོ་ལ་བརྒྱ་བྱིན་དང་ཚངས་པ་ལ་སོགས་པ་ནི་འཇིག་རྟེན་གྱི་ལོངས་སྤྱོད་འདོད་པའི་ཕྱིར་སྐྱབས་སུ་འགྲོ་ལ། མི་རྣམས་ལ་ཡང་འཇིག་རྟེན་གྱི་
གོ་འཕང་དག་འདོད་པའི་ཕྱིར་རྒྱལ་པོ་ལ་སྐྱབས་སུ་འགྲོ་བ་དང་། རི་དྭགས་ལ་སོགས་པ་རྔོན་པས་དེད་པ་ན་སྲོག་ལས་ཐར་བར་བྱ་བའི་ཕྱིར་རི་དང་ཕུག་ལ་སོགས་པར་སྐྱབས་སུ་འགྲོ་བ་ཡོད་མོད་ཀྱི། བྱང་ཆུབ་སེམས་དཔའ་རྣམས་ནི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ནི་བདག་དང་གཞན་
གྱི་དོན་གྱི་ཕྱིར་སྐྱབས་སུ་འགྲོ་བས་གཞན་ལས་ཁྱད་ཞུགས་ཤིང་འཕགས་པ་དང་། སྐྱབས་སུ་འགྲོ་བ་རྒྱ་ཆེར་རྣལ་འབྱོར་སྤྱོད་པའི་ས་ལས་འབྱུང་བ་ལས། འདིར་དོན་གཅེས་པ་ཉི་ཚེ་བསྡུས་ཏེ་བསྟན་པས་ན་བསྡུས་པ་ཞེས་བྱ་བ་སྟེ། དེ་ལས་བརྩམས་ནས་ཚིགས་སུ་བཅད་པ་བསྟན་ཏོ། །ཐེག་པ་
སྒྲུབ་པའི་སྐབས་ཀྱི་འོག་ཏུ་སྐྱབས་སུ་འགྲོ་བའི་ཁྱད་པར་གྱི་སྐབས་བཤད་པར་འབྲེལ་བ་ཅི་ཡོད་ཅེ་ན། གོང་དུ་དོན་ཤེས་པ་དག་དོན་སྟོན་པའི་སྒོ་ནས་ཆོས་ལ་བརྒྱན་པར་བྱེད་དོ་ཞེས་སྨྲས་པ་དང་། བརྒལ་བ་གལ་ཏེ་ཆོས་དེ་རང་བཞིན་གྱིས་ཡོན་ཏན་དང་ལྡན་ན། དེ་ལ་རྒྱན་ཅི་དགོས་ཞེས་པ་དང་།
བརྒལ་བ་དེའི་ལན་དུ། གཟུགས་རྣམས་རྒྱན་དང་རང་བཞིན་ལེགས་ལྡན་མེ་ལོང་ནང་སོང་ན། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་གིས་དོན་དེ་ཉིད་ཀྱི་རྒྱན་དུ་གཙུག་ལག་འདི་གྱུར་པར་བསྟན་ནས་ཀྱང་། དེའི་ཞར་ལ་སྨན་ལ་སོགས་པའི་དཔེ་གསུམ་གྱིས་ཆོས་འདི་ལ་ཡོན་ཏན་

རྣམ་པ་གསུམ་ཡོད་པར་ཡང་བསྟན་ཏོ། །དེ་ལྟར་བསྟན་པ་དང་དེའི་རྗེས་ལ་ཐེག་པ་ཆེན་པོ་འདི་ཡང་སངས་རྒྱས་ཀྱི་ཚིག་ཀྱང་མ་ཡིན་ན་དེ་ལ་ཡོན་ཏན་ལྟ་ག་ལ་ཞིག་ཡོད་ཅེས་དེ་ལྟར་ལོག་པར་ཞུགས་པ་ལ་འདི་ཉིད་ཐེག་པ་ཆེན་པོ་ཡིན་གྱི། གཞན་མ་ཡིན་ནོ་ཞེས་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་ཚིག་
ཏུ་བསྒྲུབས་སོ། །དེ་ལྟར་ཐེག་པ་ཆེན་པོ་བསྒྲུབས་པ་དང་། ཐེ་ཚོམ་དུ་གྱུར་པ་དང་། མི་ཤེས་པའི་གང་ཟག་རྣམས་དགའ་བ་དང་མགུ་བའི་ཁྱད་པར་ཐོབ་ནས་ཐེག་པ་ཆེན་པོ་འདི་ཉིད་འཚང་རྒྱ་བར་འགྱུར་བའི་ལམ་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་དེ་དག་སངས་རྒྱས་པར་འགྱུར་བའི་ཐབས་ཚོལ་བར་བྱེད་དེ་
རིམ་པ་གང་གིས་འཚང་རྒྱ་བར་འགྱུར་བའི་རིམ་པ་སྟོན་ཏེ། དེ་ཡང་ཐེག་པ་ཆེན་པོ་བསྟན་པའི་ཚུལ་གྱིས་སངས་རྒྱས་ལ་སོགས་པ་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བའི་རིམ་པས། བླ་ན་མེད་པའི་བྱང་ཆུབ་བཙལ་དགོས་པས་ན། ད་སྐྱབས་སུ་འགྲོ་བའི་དབང་དུ་བྱས་ནས་ཆོས་ལ་ཇི་ལྟར་འཇུག་
པ་བསྟན་ཏེ། ཐེག་པ་ཆེན་པོའི་ཚུལ་གྱིས་སྐྱབས་སུ་སོང་བ་ནི་བདག་དང་གཞན་བདེ་བ་ཕུན་སུམ་ཚོགས་པ་ཐོབ་པའི་རྒྱུ་ཡིན་ནོ། །ཀུན་ཏུ་སོང་དང་ཁས་བླངས་རྟོགས་དང་ཟིལ་གྱིས་གནོན། །དབྱེ་བའི་རང་བཞིན་རྣམ་བཞིའི་དོན་གྱི་ཁྱད་པར་སྟོན། །ཐེག་ཆེན་མཆོག་ཕྱིར་དཀོན་མཆོག་རྣམས་
ལ་སྐྱབས་སོང་བས། །དེ་ཉིད་སྐྱབས་སུ་སོང་བའི་མཆོག་ཏུ་རིག་པར་བྱ། །ཞེས་བྱ་བ་ལ། སེམས་བསྐྱེད་པའི་རང་བཞིན་རྣམ་པ་བཞིར་དབྱེ་བའི་དོན་གྱི་ཁྱད་པར་གྱིས་ན་ཐེག་པ་ཆེན་པོའི་ཚུལ་གྱིས་སངས་རྒྱས་ལ་སོགས་པ་དཀོན་མཆོག་གསུམ་ལ། བྱང་ཆུབ་སེམས་དཔའ་རྣམས་སྐྱབས་སུ་
སོང་བ་དེ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་སྐྱབས་སུ་སོང་བ་ལས་ཁྱད་པར་རྣམ་པ་བཞིས་ཁྱད་ཞུགས་པས་ན། སྐྱབས་སུ་སོང་བ་གཞན་པས་མཆོག་ཏུ་རིག་པར་བྱའོ། །ཁྱད་པར་རྣམ་པ་བཞི་ནི་ཀུན་དུ་སོང་བའི་ཁྱད་པར་དང་། ཁས་བླངས་པའི་ཁྱད་པར་དང་། རྟོགས་
པའི་ཁྱད་པར་དང་། ཟིལ་གྱིས་གནོན་པའི་ཁྱད་པར་རོ། །དེ་ལ་སེམས་ཅན་ཐམས་ཅད་བསྒྲལ་བར་བྱ་བའི་ཕྱིར་ཞུགས་པས་ན་ཀུན་དུ་འགྲོ་བ་ཁྱད་ཞུགས་སོ། །སངས་རྒྱས་ཉིད་ཐོབ་པར་བྱའོ་ཞེས་ཁས་ལེན་པས་ན་ཁས་ལེན་པ་ཁྱད་ཞུགས་སོ། །བདག་མེད་པ་ཉིད་རྟོགས་པས་ན་རྟོགས་

པ་ཁྱད་ཞུགས་སོ། །བྱང་ཆུབ་ཏུ་སེམས་བསྐྱེད་ཕན་ཆད་བརྒྱ་བྱིན་ལ་སོགས་པ་འཇིག་རྟེན་པ་དང་། ཉན་ཐོས་ལ་སོགས་པ་འཇིག་རྟེན་ལས་འདས་པ་ཐམས་ཅད་ཟིལ་གྱིས་གནོན་པས་ན་ཟིལ་གྱིས་གནོན་པ་ཁྱད་ཞུགས་ཏེ། བཞི་པོ་འདི་ནི་དོན་ཞིབ་ཏུ་ནི་འོག་ནས་
འཆད་དོ། །དེ་ལྟར་སྐྱབས་སུ་འགྲོ་བ་རྣམས་ཀྱི་མཆོག་འདི་དཀའ་བ་མང་པོས་བསྒྲུབ་དགོས་ན་ལ་ལ་ནི་མི་སྤྲོ་བ་ཡོད་དེ་སྐྱབས་སུ་འགྲོ་བར་བྱ་བའི་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་བདག་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བ་དང་། སེམས་ཅན་ཡོངས་སུ་བསྒྲལ་
བར་བྱ་བའི་ཕྱིར་ཐེག་པ་ཆེན་པོའི་ཚུལ་གྱིས་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་སྟེ། བྱང་ཆུབ་ཏུ་སེམས་བསྐྱེད་པ་ཕན་ཆད་བསྐལ་པ་གྲངས་མེད་པ་གསུམ་དུ་མགོ་དང་རྐང་ལག་ལ་སོགས་པ་བཏང་དགོས་པ་བསྒྲུབ་དཀའ་སྟེ། དེ་བས་ན་ལ་ལ་དག་དེ་ལ་མི་འཇུག་ཅིང་སེམས་ཞུམ་པར་གྱུར་པ་
ཡོད་པས་སེམས་ཞུམ་པའི་དབང་དུ་མི་བཏང་ཞིང་ཕན་པ་དང་དོན་ཆེན་པོ་ཡོད་པར་བསྟན་པའི་སྒོ་ནས་དགའ་བ་དང་སྤྲོ་བ་བསྐྱེད་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ། །གང་ཕྱིར་ཐོག་མར་རེ་བ་བྱ་དཀའ་སྟེ། །ཞེས་བྱ་བ་ལ། རེ་བ་ཞེས་བྱ་བ་ནི། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། སྨོན་ལམ་འདེབས་
པ་ལ་བྱའོ། །དེ་ལ་དང་པོ་སོ་སོ་སྐྱེ་བོའི་དུས་ན་བདག་བླ་ན་མེད་པའི་བྱང་ཆུབ་ཏུ་སངས་རྒྱས་ནས་སེམས་ཅན་ཐམས་ཅད་འཁོར་བའི་དགོན་པ་ལས་བསྒྲལ་ཏེ། མྱ་ངན་ལས་འདས་པ་དང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་གཞག་པར་བྱའོ་ཞེས་ཁས་བླངས་ཤིང་སྨོན་ལམ་གདབ་པ་ཡང་ཤིན་ཏུ་དཀའོ་ཞེས་
བྱ་བའི་དོན་ཏོ། །བསྐལ་པ་སྟོང་ཕྲག་དུ་མར་དེ་བསྒྲུབ་དཀའ། །ཞེས་བྱ་བ་ལ། དེ་ལྟར་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཀྱང་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བ་དང་། སེམས་ཅན་ཡོངས་སུ་བསྒྲལ་བར་བྱ་བའི་ཕྱིར་བསྐལ་པ་གྲངས་མེད་པ་གསུམ་དུ་མགོ་དང་རྐང་ལག་ལ་སོགས་པ་ཕྱི་ནང་གི་དངོས་པོ་ལ་
བཏང་བའི་སྒོ་ནས་མོས་པས་སྤྱོད་པའི་ས་ནས་རིམ་གྱིས་ས་བཅུ་མན་ཆད་དུ་བསྒྲུབ་པ་ཡང་ཤིན་ཏུ་དཀའོ་ཞེས་བྱ་བའི་དོན་ཏོ། །གང་ཕྱིར་སེམས་ཅན་ཕན་བྱ་དོན་ཕྱིར་བསྒྲུབ། །ཅེས་བྱ་བ་ལ། དེ་ལྟར་བྱང་ཆུབ་ཏུ་སེམས་བསྐྱེད་ནས་བསྐལ་པ་གྲངས་མེད་པ་གསུམ་དུ་དཀའ་བ་སྤྱོད་པའི་སྒོ་ནས་ས་བཅུ་མན་

ཆད་བསྒྲུབས་ཏེ། ས་བཅུ་འདས་ནས། སངས་རྒྱས་ཀྱི་ས་ཐོབ་པ་དང་ཡེ་ཤེས་གཉིས་སུ་མེད་པ་མངོན་སུམ་དུ་གྱུར་ཏོ། །ཡེ་ཤེས་དེ་ནི་སེམས་ཅན་མྱ་ངན་ལས་འདས་པར་དགོད་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་གཞག་པར་བྱ་བའི་ཐབས་ལ་མཁས་པ་ཡིན་ཏེ། ཐབས་དེས་འཁོར་
བའི་མཐའི་བར་དུ་སེམས་ཅན་སྒྲོལ་བར་བྱེད་པས་ན། སེམས་ཅན་ཕན་བྱ་དོན་ཆེན་གྲུབ། །ཅེས་བྱའོ། །དེ་ཕྱིར་ཐེག་ཆེན་འདི་ལ་སྐྱབས་དོན་མཆོག །ཅེས་བྱ་བ་ལ་གོང་དུ་བཤད་པ་ལྟར་ཐེག་པ་ཆེན་པོའི་ཚུལ་གྱིས་བྱང་ཆུབ་ཏུ་སེམས་བསྐྱེད་ནས་དཀའ་བ་སྤྱད་ནས་མཇུག་ཏུ་སེམས་ཅན་ཐམས་
ཅད་ལ་ཕན་འདོགས་པའི་ཐབས་སངས་རྒྱས་ཐོབ་པས་ན་ཐེག་པ་ཆེན་པོའི་སྒོར་སྐྱབས་སུ་སོང་བས་ན་དེ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྐྱབས་སོང་བ་བས་ཀྱང་མཆོག་ཡིན་ནོ། །ཚིགས་སུ་བཅད་པ་འདིས་མདོར་ན་དོན་རྣམ་པ་གསུམ་བསྟན་ཏེ། སྨོན་ལམ་གྱི་ཁྱད་པར་དང་། བསྒྲུབ་པའི་
ཁྱད་པར་དང་། འབྲས་བུ་ཐོབ་པའི་ཁྱད་པར་རོ། །གང་ཕྱིར་ཐོག་མར་རེ་བ་བྱ་དཀའ་སྟེ། །ཞེས་བྱ་བས་སྨོན་ལམ་གྱི་ཁྱད་པར་བསྟན་ཏོ། །བསྐལ་པ་སྟོང་ཕྲག་དུ་མར་དེ་བསྒྲུབ་དཀའ། །ཞེས་བྱ་བས་སྒྲུབ་པའི་ཁྱད་པར་བསྟན་ཏོ། །གང་ཕྱིར་སེམས་ཅན་ཕན་ཕྱིར་དོན་ཆེན་གྲུབ། །ཅེས་བྱ་བས་
འབྲས་བུ་ཐོབ་པའི་ཁྱད་པར་བསྟན་ཏོ། །གྲགས་པའི་རྒྱུར་བསྟན་ཏོ་ཞེས་བྱ་བ་ནི་དཀའ་བ་སྤྱོད་པ་རྣམ་པ་སྣ་ཚོགས་པ་དང་། ས་དང་ཕ་རོལ་ཏུ་ཕྱིན་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡིན་པར་གྲགས་ཏེ། དེ་ཉིད་བླ་ན་མེད་པ་བྱང་ཆུབ་ཀྱི་རྒྱུར་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །སྔར་གླེངས་པའི་ཐམས་
ཅད་དུ་འགྲོ་བའི་དོན་གྱི་ཚིགས་སུ་བཅད་པ་ཞེས་བྱ་བ་ལ་གོང་དུ་ཀུན་ཏུ་འགྲོ་བ་ལ་སོགས་པའི་ཁྱད་པར་བཞིས་ཐེག་པ་ཆེན་པོ་ལ་སྐྱབས་སུ་སོང་བ་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྐྱབས་སུ་སོང་བས་འཕགས་སོ་ཞེས་གླེངས་པ་ལ་ཀུན་ཏུ་འགྲོ་བའི་དོན་རྒྱས་པར་བཤད་པར་བྱ་བའི་
ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །སེམས་ཅན་ཐམས་ཅད་བསྒྲལ་ཕྱིར་གང་བཞུགས་དང་། །ཐེག་པ་ཡེ་ཤེས་ཀུན་སོང་མཁས་པར་ལྡན། །མྱ་ངན་འདས་ལ་འཁོར་ཞིང་རོ་གཅིག་པ། །བློ་དང་ལྡན་པས་ཀུན་འགྲོར་འདི་རིག་བྱ། །ཞེས་བྱ་བ་ལ་ཀུན་ཏུ་འགྲོ་བ་རྣམ་པ་བཞི་དང་ལྡན་

པས་ཀུན་ཏུ་འགྲོ་བ་ཁྱད་ཞུགས་པར་རིག་པར་བྱ་སྟེ། ཀུན་ཏུ་འགྲོ་བ་བཞི་ནི། སེམས་ཅན་ཀུན་ཏུ་འགྲོ་བ་དང་། ཐེག་པ་ཀུན་ཏུ་འགྲོ་བ་དང་། ཡེ་ཤེས་ཀུན་ཏུ་འགྲོ་བ་དང་། མྱ་ངན་ལས་འདས་པ་ཀུན་ཏུ་འགྲོ་བའོ། །དེ་ལ་ཉན་ཐོས་རྣམས་ནི་བདག་ཡོངས་སུ་མྱ་ངན་
ལས་འདའ་བར་བྱ་བའི་ཕྱིར་ཞུགས་ལ། བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་ལས་བསྒྲལ་ནས་མྱ་ངན་ལས་འདའ་བར་བྱ་བའི་ཕྱིར་ཞུགས་ཏེ། འདིས་ནི་སེམས་ཅན་ཀུན་ཏུ་འགྲོ་བ་དང་ལྡན་པར་བལྟའོ། །ཉན་ཐོས་དག་ནི་ཉན་ཐོས་ཀྱི་ཐེག་པ་རྟོགས་པར་
བྱ་བའི་ཕྱིར་བྱང་ཆུབ་ཏུ་སེམས་བསྐྱེད་ལ། བྱང་ཆུབ་སེམས་དཔའ་རྣམས་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་དང་། ཐེག་པ་ཆེན་པོ་ལ་མཁས་པར་བྱ་བའི་ཕྱིར་སེམས་བསྐྱེད་དེ། འདིས་ནི་ཐེག་པ་ཀུན་ཏུ་འགྲོ་བ་དང་ལྡན་པར་བསྟན་ཏོ། །ཉན་ཐོས་དག་ནི་གང་ཟག་ལ་བདག་མེད་པ་
ཙམ་རྟོགས་པར་བྱ་བའི་ཕྱིར་སེམས་བསྐྱེད་ལ། བྱང་ཆུབ་སེམས་དཔའ་རྣམས་ནི་གང་ཟག་དང་ཆོས་ལ་བདག་མེད་པ་གཉིས་ཀ་ལ་མཁས་པར་བྱ་བའི་ཕྱིར་སེམས་བསྐྱེད་དེ། འདིས་ནི་ཡེ་ཤེས་ཀུན་ཏུ་འགྲོ་བ་དང་ལྡན་པར་བསྟན་ཏོ། །ཉན་ཐོས་དག་ནི་ཞི་བ་ཕྱོགས་གཅིག་པའི་མྱ་ངན་
ལས་འདས་པ་ཐོབ་པར་བྱ་བའི་ཕྱིར་སེམས་བསྐྱེད་ལ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མྱ་ངན་ལས་འདས་པ་ནི་ཀུན་ཏུ་འགྲོ་བ་སྟེ། འཁོར་བར་ཡང་འགྲོ། མྱ་ངན་ལས་འདས་པར་ཡང་འགྲོའོ། །དེ་ལ་འཁོར་བ་ནི་ཕུང་པོ་ལྔའི་རང་བཞིན་ནོ། །ཞི་བ་ནི་ཕུང་པོ་ལྔ་སྤངས་པའི་མཚན་ཉིད་མྱ་ངན་
ལས་འདས་པའོ། །རོ་གཅིག་པ་ནི་འཁོར་བའི་རང་བཞིན་གང་ཡིན་པ་དེ་ཉིད་མྱ་ངན་ལས་འདས་པའི་རང་བཞིན་ཡང་དེའོ། །མྱ་ངན་ལས་འདས་པའི་རང་བཞིན་གང་ཡིན་པ་འཁོར་བའི་རང་བཞིན་ཡང་དེ་ཡིན་ནོ་ཞེས། ཤེས་རབ་ཀྱིས་ནི་མྱ་ངན་ལས་འདས་པ་མི་གཏོང་། སྙིང་རྗེས་འཁོར་བར་མི་
གཏོང་སྟེ་གཉི་ག་འཇུག་པས་ན་མྱ་ངན་ལས་འདས་པ་ཀུན་ཏུ་འགྲོ་བ་ཞེས་བྱའོ། །དེའི་ཡོན་ཏན་དང་ཉེས་པ་ལ་རྣམ་པར་མི་རྟོག་པའི་ཕྱིར་རོ་ཞེས་བྱ་བ་ལ། ཤེས་རབ་ཀྱིས་འཁོར་བ་སྟོང་པར་མཐོང་བས་འཁོར་བའི་ཉེས་པ་ལ་མི་རྟོག །སྙིང་རྗེས་སེམས་ཅན་གྱི་དོན་བྱ་བ་ལ་དགའ་བས་ན་མྱ་ངན་

ལས་འདས་པ་ལ་ཡང་ཡོན་ཏན་དུ་མི་ལྟ་ཞེས་བྱ་བའི་དོན་ཏོ། །ཁས་བླངས་པའི་དོན་དུ་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། ཀུན་ཏུ་འགྲོ་བའི་དོན་བཤད་ནས། ཁས་བླངས་པའི་དོན་རྒྱ་ཆེར་བཤད་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །ཁས་བླངས་པའི་དོན་དེ་ཡང་ཁྱད་
པར་རྣམ་པ་གསུམ་གྱིས་རིག་པར་བྱ་སྟེ། སྨོན་ལམ་གྱི་ཁྱད་པར་དང་། བསྒྲུབ་པའི་ཁྱད་པར་དང་། ཐོབ་པའི་ཁྱད་པར་རོ། །དགའ་བ་མང་པོས་བྱང་ཆུབ་མཆོག་ཚོལ་ཞིང་། །ཞེས་བྱ་བ་ལ། ཉན