Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 125
Văn bản gốc(Tây Tạng)
Trang 8 / 19 (50.000 ký tự/trang)
་འཆི་ཞེས་བྱ་བ་སྨོས་ཏེ། སངས་རྒྱས་པར་གྱུར་ན་སྐྱེ་འཆི་ཀུན་ལས་སྲུང་བར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ཕན་ཆད་སྐྱེ་བ་དང་རྒ་བ་དང་ན་བ་ལ་སོགས་པ་མི་འབྱུང་བའི་ཕྱིར་ཏེ། འདིས་ནི་ཚེའི་ཀུན་ནས་ཉོན་མོངས་པ་ལས་སྐྱོབ་པར་བསྟན་ཏོ། །ཉོན་མོངས་བ་ཞེས་བྱ་བ་ནི། སངས་རྒྱས་པར་གྱུར་ན་ཉོན་མོངས་པ་ལས་སྲུང་བར་བྱེད་དོ། །ངན་སོང་ཀུན་ལས་ཞེས་བྱ་བ་ནི། ལས་ཀྱི་ཀུན་ནས་ཉོན་མོངས་པ་ལས་སྲུང་བར་བྱེད་དོ། །ཅིའི་ཕྱིར་ཞེ་ན། སངས་རྒྱས་ཕན་ཆད་ མཚམས་མེད་པ་ལྔ་དང་མི་དགེ་བ་བཅུ་ལ་སོགས་པའི་ལས་མི་བྱེད་པའི་ཕྱིར་ཏེ། འདིས་ནི་ལས་ཀྱི་ཀུན་ནས་ཉོན་མོངས་པ་ལས་སྐྱོབ་པ་བསྟན་ཏོ། །ཚིག་དེ་དག་གིས་སངས་རྒྱས་ནས་བདག་གི་སྐྱབས་སུ་བདག་འགྱུར་བར་བསྟན་པ་ཡིན་ནོ། །ང་སངས་རྒྱས་ན་གཞན་གྱི་སྐྱབས་སུ་གྱུར་ པ་ཡང་ཡིན་པར་བསྟན་པའི་ཕྱིར། སྣ་ཚོགས་འཇིགས་འགྱུར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སངས་རྒྱས་འཇིགས་པ་སྣ་ཚོགས་ལས་ཀྱང་སྲུང་བར་བྱེད། ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པའི་མཐུས། ལོང་བས་མིག་རྙེད་པ་དང་། འོན་པས་རྣ་བས་སྒྲ་ཐོས་པ་ལ་ སོགས་པ་བྱ་བའི་ཕྱིར་རོ། །འཇིག་ཚོགས་ཐམས་ཅད་དང་ཞེས་བྱ་བ་ལ། སངས་རྒྱས་ན་འཇིག་ཚོགས་ཐམས་ཅད་ལས་སྲུང་བར་བྱེད་དོ། །ཇི་ལྟ་ཞེ་ན། ལྷ་དང་མི་ལ་སོགས་པ་བདག་མེད་པ་བདག་གིར་ཆགས་པ་རྣམས་ལ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ཆོས་གང་ཟག་ ལ་བདག་མེད་པ་བསྟན་ནས་མྱ་ངན་ལས་འདས་པ་ལ་བཀོད་པའི་ཕྱིར་རོ། །ཐེག་པ་ཞེས་བྱ་བ་ལ། སངས་རྒྱས་པར་གྱུར་ན་ཐེག་པ་ཆུང་ངུ་ལས་སྲུང་བར་བྱེད་དོ། །ཇི་ལྟ་ཞེ་ན། མ་ངེས་པའི་རིགས་ཅན་རྣམས་ཐེག་པ་རྣམ་པ་གཉིས་སུ་ཞུགས་པ་དང་། འཇུག་ པར་འདོད་པ་རྣམས་དེ་ལས་བཟློག་ནས་ཐེག་པ་ཆེན་པོར་བཀོད་པའི་ཕྱིར་རོ། །རྣམ་མང་སྡུག་བསྔལ་ཞེས་བྱ་བ་ལ། སངས་རྒྱས་པར་གྱུར་ན་སྡུག་བསྔལ་རྣམ་པ་མང་པོ་ལས་སྲུང་བར་བྱེད་དེ། ཇི་ལྟ་ཞེ་ན། དེ་བཞིན་གཤེགས་པས་འོད་བཀྱེ་བའི་སྒོ་ནས་སེམས་ཅན་དམྱལ་བ་ལ་ སོགས་པའི་སྡུག་བསྔལ་ཞི་བར་བྱས་ཏེ། མཐོ་རིས་སུ་སྐྱེ་བར་བྱེད་པ་དང་། སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་བ་རྣམས་ལ་འོད་ཀྱིས་རེག་པས་དེར་སྐྱེ་བར་མི་འགྱུར་བར་བྱས་པའི་ཕྱིར་རོ། །ཐབས་མེད་སོང་ཞེས་བྱ་བ་ལ། སངས་རྒྱས་ན་ཐབས་མེད་པར་སོང་བ་རྣམས་ སྲུང་བར་བྱེད་དེ། ཇི་ལྟ་ཞེ་ན། ཐབས་མེད་པ་ནི་མུ་སྟེགས་པ་ཐལ་བ་དང་ཚེར་མ་ལ་སོགས་པ་ལ་ཉལ་བའི་སྒོ་ནས་ཐར་པ་དང་། མཐོ་རིས་ཚོལ་བར་བྱེད་པ་སྟེ། དེ་དག་ལ་ཐར་པའི་ལམ་བྱང་ཆུབ་ཀྱི་ཕྱོགས་སྟོན་པར་བྱེད་པ་དང་། མཐོ་རིས་ཀྱི་ལམ་དགེ་བ་བཅུ་སྟོན་པར་བྱེད་ པའི་ཕྱིར་རོ། །ཚིགས་སུ་བཅད་པ་བཞི་པས་ནི་རྒྱུ་གང་གིས་ན་སངས་རྒྱས་སུ་གྲུབ་པ་དེ་སྐྱབས་བླ་ན་མེད་པའི་རྒྱུ་གང་ཡིན་པ་སྟོན་ཏེ། སྐྱབས་བླ་ན་མེད་པའི་རྒྱུ་ཡང་རྣམ་པ་གཉིས་སོ། །གང་ཞེ་ན། བདག་གི་དོན་མཐར་ཐུག་པ་དང་། གཞན་གྱི་དོན་མཐར་ཐུག་པའོ། །དེ་ལྟར་ བདག་དང་གཞན་གྱི་དོན་མཐར་ཐུག་པས་ན་རྒྱུ་དེས་སྐྱབས་བླ་ན་མེད་པའི་མཐུ་དང་ལྡན་པར་འགྱུར་བ་སྟོན་ཏོ། །དེ་ལ་བདག་གི་དོན་མཐར་ཐུག་པའི་དབང་དུ་བྱས་ནས། སངས་རྒྱས་ཆོས་ཀྱིས་ཡོངས་སུ་རྫོགས་པའི་ལུས། །ཞེས་སྨོས་ཏེ། ནམ་སངས་རྒྱས་པའི་དུས་ན་སངས་རྒྱས་ ཀྱི་ཆོས་སྟོབས་དང་། མི་འཇིགས་པ་དང་། མ་འདྲེས་པ་དང་། བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དང་ལྡན་པའི་ཆོས་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུ་ཐོབ་སྟེ། དེ་བས་ན་བདག་གི་དོན་མཐར་ཕྱིན་ཏོ། །གཞན་གྱི་ དོན་མཐར་ཐུག་པ་ལ་ཡང་རྣམ་པ་གཉིས་ཏེ། ཆོས་ལ་སེམས་ཅན་འདུལ་བར་རིག་པ་དང་། སྙིང་རྗེ་མཐར་ཕྱིན་པའོ། །དམ་པའི་ཆོས་ལ་སེམས་ཅན་འདུལ་བར་རིག །ཅེས་བྱ་བས་ཆོས་ལ་སེམས་ཅན་འདུལ་བར་རིག་པ་བསྟན་ཏེ། དམ་པའི་ཆོས་ལ་ལེགས་པར་བཤད་པ་ གསུང་རབ་ཡན་ལག་བཅུ་གཉིས་ལ་སེམས་ཅན་འགོད་ཅིང་འདུལ་བར་བྱ་བའི་ཐབས་ཐུགས་སུ་ཆུད་དེ། འདོད་ཆགས་ཅན་ལ་ནི། མི་གཙང་བ་བསྟན་པས་འདུལ། ཞེ་སྡང་ཅན་ལ་ནི་བྱམས་པ་བསྟན་པས་འདུལ། གཏི་མུག་ཅན་ལ་ནི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་བསྟན་པས་ འདུལ་བ་ཐུགས་སུ་ཆུད་པའི་ཕྱིར་རོ། །འདིས་ནི་ཤེས་རབ་དང་ལྡན་པར་བསྟན་ཏོ། །འགྲོ་བ་ཀུན་ལ་སྙིང་བརྩེས་ཕ་རོལ་སོང་། །ཞེས་བྱ་བས། སྙིང་རྗེ་མཐར་ཕྱིན་པ་བསྟན་ཏེ། ཁམས་གསུམ་པའི་སེམས་ཅན་དུས་གསུམ་གྱིས་བསྡུས་པ་སྐྱེ་བ་རྣམ་པ་བཞི་ནས་སྐྱེ་བ་རྣམས་ ནི་འགྲོ་བ་ཞེས་བྱ་སྟེ། དེ་དག་གི་སྡུག་བསྔལ་བསལ་བར་བྱའོ་སྙམ་དུ་སེམས་པའི་སྙིང་རྗེ་མཐར་ཕྱིན་ཅིང་ཡོངས་སུ་རྫོགས་པར་འགྱུར་བ་ནི། སྙིང་རྗེས་ཕ་རོལ་སོང་ཞེས་བྱའོ། །ཡང་ན་སྙིང་རྗེའི་ཤུགས་ཀྱིས་ཡོན་ཏན་ཐམས་ཅད་རྫོགས་པར་ཐོབ་པ་ལ་སྙིང་བརྩེས་ཕ་རོལ་སོང་ ཞེས་བྱའོ། །ཡང་ན་སེམས་ཅན་ལ་སྙིང་རྗེ་བའི་མཐུས་མཐར་ཐུག་པའི་གནས་སངས་རྒྱས་སུ་གྲུབ་པའི་སྙིང་རྗེས་ཕ་རོལ་སོང་ཞེས་བྱ་སྟེ། འདིས་ནི་ཐབས་དང་ལྡན་པ་བསྟན་ཏོ། །དེ་ལྟར་བྱང་ཆུབ་སེམས་དཔའ་ཐབས་དང་ཤེས་རབ་དང་ནི་བདག་གཞན་གཉི་ག་སྐྱོབ་པར་ནུས་པ་ཐབས་ དང་ཤེས་རབ་གཉིས་ནི་སྐྱབས་བླ་ན་མེད་པ་འབྱུང་བའི་རྒྱུ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་དེ་འདིར་སྐྱབས་ཀྱི་མཆོག་ཏུ་དགོངས། །ཞེས་བྱ་བ་ལ། དེ་ལྟར་སངས་རྒྱས་པར་གྱུར་ན་བདག་གི་དོན་ཡང་མཐར་ཐུག་གཞན་གྱི་དོན་ཡང་མཐར་ཐུག་པས་ན་སངས་རྒྱས་པ་ནི་ འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྐྱབས་གཞན་ལས་ཀྱང་མཆོག་ཏུ་གྱུར་ཅིང་བླ་ན་མེད་པར་བྱེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཚིགས་སུ་བཅད་པ་ལྔ་པས་ནི་དུས་ཇི་སྲིད་ཅིག་ཏུ་སེམས་ཅན་གྱི་སྐྱབས་བྱེད་པ་དང་། སེམས་ཅན་ཇི་སྙེད་ཅིག་གི་སྐྱབས་བྱེད་པ་དང་། གང་གི་ཕྱིར་ སྐྱབས་བྱེད་པ་དེ་དོན་རྣམ་པ་གསུམ་གྱིས་བསྟན་ཏོ། །དུས་ཇི་སྲིད་ཅིག་ཏུ་སེམས་ཅན་གྱི་སྐྱབས་བྱེད་པ་བསྟན་པའི་ཕྱིར། འཇིག་རྟེན་བར་དུ་ཞེས་བྱ་བ་སྨོས་ཏེ། ནམ་མཁའི་ཁམས་ཀྱི་མཐར་ཐུག་པ་འཇིག་རྟེན་གྱི་ཁམས་ཀྱི་མཐའ་ཡང་དེར་ཐུག་ གོ། །འཇིག་རྟེན་གྱི་ཁམས་ཀྱི་མཐར་ཐུག་པ་སེམས་ཅན་གྱི་ཁམས་ཀྱི་མཐའ་ཡང་དེར་ཐུག་གོ། །སེམས་ཅན་གྱི་ཁམས་ཀྱི་མཐའ་གར་ཐུག་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སེམས་ཅན་གྱི་སྐྱབས་མཛད་པའི་མཐའ་ཡང་དེར་ཐུག་གོ། །དོན་དུ་ནམ་མཁའི་ཁམས་ཀྱི་ མཐའ་ཡང་ཐུག་པ་མེད་པ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་ཀྱི་མཐའ་ལ་ཡང་ཐུག་པ་མེད་དོ། །འཇིག་རྟེན་གྱི་ཁམས་ཀྱི་མཐའ་ལ་ཐུག་པ་མེད་པ་དེ་བཞིན་དུ་སེམས་ཅན་གྱི་ཁམས་ཀྱི་མཐའ་ལ་ཡང་ཐུག་པ་མེད་དོ། །སེམས་ཅན་གྱི་ཁམས་ཀྱི་མཐའ་ལ་ཐུག་པ་མེད་པ་བཞིན་དུ་སངས་ རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སེམས་ཅན་བསྐྱབ་པའི་མཐའ་ཡང་ཐུག་པ་མེད་དོ། །འཁོར་བའི་མཐའི་བར་དུ་སྐྱབས་མཛད་ཅེས་བྱ་བའི་དོན་ཏོ། །ཇི་སྙེད་ཅིག་གི་སྐྱབས་མཛད་ཅེ་ན། དེའི་ཕྱིར། འགྲོ་བ་ཀུན་གྱི་ཞེས་བྱ་བ་སྨོས་ཏེ། རིགས་ཡོད་པ་དང་། རིགས་མེད་པ་དང་། རིགས་ མ་ངེས་པ་ལ་སེམས་ཅན་ཀུན་གྱི་སྐྱབས་མཛད་དོ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་སྐྱབས་ནི་ཆེན་པོ་སྟེ། །ཞེས་བྱ་བ་ལ། དེ་ལྟར་འཁོར་བའི་མཐའི་བར་དུ་སེམས་ཅན་ཀུན་གྱི་སྐྱབས་བྱེད་པས་ན་སངས་རྒྱས་ཀྱིས་སེམས་ཅན་སྐྱོབ་པ་ནི་འཇིག་རྟེན་པའི་སྐྱབས་དང་ཉན་ཐོས་ལ་ སོགས་པའི་སྐྱབས་པས་ཀྱང་སྐྱབས་མཆོག་ཏུ་གྱུར་པ་དང་། ཆེན་པོར་གྱུར་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་སྐྱོབ་ཅེ་ན། དེའི་ཕྱིར། སྡུག་བསྔལ་འབྱོར་པ་ཐམས་ཅད་ནི། །བཟློག་པ་དང་ནི་འཕེལ་བར་རིག །ཅེས་བྱ་བ་སྨོས་ཏེ། སེམས་ཅན་རྣམས་ཀྱི་སྡུག་ བསྔལ་སྐྱེ་རྒ་ན་འཆི་ལ་སོགས་པའི་སྡུག་བསྔལ་བཟློག་པར་བྱ་བ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འབྱོར་པ་ཐམས་ཅད་འཕེལ་བར་བྱ་བའི་ཕྱིར་སྐྱབས་མཛད་དོ་ཞེས་བྱ་བའི་དོན་ཏོ། །གནས་ཡོངས་སུ་གྱུར་པའི་ཚིགས་སུ་བཅད་པ་དྲུག་སྟེ་ཞེས་བྱ་བ་ལ། སྐྱབས་བླ་ ན་མེད་པའི་དོན་བསྟན་ནས། ད་ནི་གནས་ཡོངས་སུ་གྱུར་པའི་དོན་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་དྲུག་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །དེ་ལ་གནས་ཞེས་བྱ་བ་ནི་གཟུགས་ཀྱི་ཕུང་པོ་ནས་རྣམ་པར་ཤེས་པའི་བར་དུ་ཕུང་པོ་ལྔ་ལ་བྱ་སྟེ། ཕུང་པོ་དེ་དག་ལ་ཡོད་པའི་ཉོན་མོངས་པ་ དང་། ཤེས་བྱའི་སྒྲིབ་པ་སྤངས་ནས་ཆོས་ཀྱི་དབྱིངས་རྣམ་པར་དག་པར་གྱུར་པ་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་སུ་གྱུར་པ་ལ་གནས་གཞན་དུ་གྱུར་པ་ཞེས་བྱའོ། །དེ་ལ་གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དེ་ཕུང་པོ་བཞི་དང་། རྣམ་པར་ཤེས་པའི་ཕུང་པོ་ལས་ མིག་གི་རྣམ་པར་ཤེས་པ་ནས་ཉོན་མོངས་པའི་ཡིད་ཀྱི་བར་དུ་དག་ན་ཆོས་ཀྱི་དབྱིངས་རྣམ་པར་དག་པར་འགྱུར་རོ། །ཀུན་གཞི་རྣམ་པར་ཤེས་པ་དག་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་སུ་འགྱུར་རོ། །ཡང་ན་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དག་དང་། རྣམ་ པར་ཤེས་པ་བརྒྱད་ལ་ཡོད་པའི་སྟོང་པ་ཉིད་དག་ན་ཆོས་ཀྱི་དབྱིངས་རྣམ་པར་དག་པར་འགྱུར་རོ། །རྣམ་པར་ཤེས་པ་བརྒྱད་ལས་ཀུན་གཞི་དག་ན་མེ་ལོང་ལྟ་བུའི་ཡེ་ཤེས་སུ་གྱུར་ཏོ། །ཉོན་མོངས་པའི་ཡིད་དག་ན་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་འགྱུར་རོ། །ཡིད་ཀྱི་རྣམ་པར་ཤེས་པ་དག་ན་ སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་སུ་འགྱུར་རོ། །མིག་ནས་ལུས་ཀྱི་བར་དུ་རྣམ་པར་ཤེས་པ་ལྔ་དག་ན་བྱ་བ་གྲུབ་པའི་ཡེ་ཤེས་སུ་འགྱུར་ཏེ། ཡེ་ཤེས་བཞི་དང་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལྔ་ཐོབ་པ་ལ་གནས་གཞན་དུ་གྱུར་པ་ལྔ་ཞེས་བྱའོ། །གནས་གཞན་དུ་གྱུར་པ་ལ་ཚིགས་ སུ་བཅད་པ་དྲུག་གིས་བསྟན་པ་ལ་ཚིགས་སུ་བཅད་པ་དང་པོའི་བསྡུས་པའི་དོན་ནི་མི་མཐུན་པའི་ཕྱོགས་ཀྱི་ས་བོན་དང་བྲལ་བ་དང་། གཉེན་པོའི་ཕུན་སུམ་ཚོགས་པ་དང་ལྡན་པས་གནས་གཞན་དུ་གྱུར་པ་སྟེ། མདོར་ན་དོན་དེ་བསྟན་ཏོ། །ཉོན་མོངས་ཤེས་བྱའི་སྒྲིབ་པའི་ས་བོན་ དུས་རིང་རྟག་ལྡན་པ། །ཞེས་བྱ་བ་དང་། གང་ལ་བྱང་འགྱུར་ཞེས་བྱ་བའི་ཚིག་གཉིས་སུ་སྦྱར་ཏེ། ས་བོན་ནི་བག་ཆགས་ལ་བྱའོ། །ཉོན་མོངས་པའི་སྒྲིབ་པའི་ས་བོན་ནི་ཉོན་མོངས་པའི་སྒྲིབ་པའི་བག་ཆགས་སོ། །ཤེས་བྱའི་སྒྲིབ་པའི་ས་བོན་ནི་ཤེས་བྱའི་སྒྲིབ་པའི་བག་ ཆགས་སོ། །དུས་རིང་ཞེས་བྱ་བ་ནི་བག་ཆགས་དེ་དག་ཀྱང་འཁོར་བ་ཐོག་མ་མེད་པའི་དུས་ནས་བསགས་པ་ཞེས་བྱ་བའི་དོན་ཏོ། །རྟག་ལྡན་ཞེས་བྱ་བ་ནི་བག་ཆགས་དེ་དག་ཀྱང་སྔོན་སོ་སོའི་སྐྱེ་བོའི་དུས་ན་འགའ་ཡང་འཕགས་པའི་ལམ་གྱིས་མ་སྤངས་ མ་བཅོམ་ཞེས་བྱ་བའི་དོན་ཏོ། །འདིས་ནི་མི་མཐུན་པའི་ཕྱོགས་ཀྱི་ས་བོན་དང་བྲལ་བ་བསྟན་ཏོ། །བག་ཆགས་དེ་དག་གཉེན་པོ་གང་གིས་སྤངས་ཤེ་ན། དེའི་ཕྱིར། སྤོང་བ་རྒྱ་ཆེ་རྣམ་པ་ཀུན་གྱིས་བྱང་གྱུར་པ། །ཞེས་བྱ་བ་སྨོས་ཏེ། སྤོང་བ་ཞེས་བྱ་བ་སྟོན་ཏོ། །དེ་དག་ཇི་ ལྟར་སྤོང་བར་བྱེད་ཅེ་ན་ཞེས་བྱ་བ་སྟོན་ཏེ། རྒྱ་ཆེ་བ་ཞེས་བྱ་བ་ནི་ས་དང་པོ་ནས་ས་བཅུ་པ་མན་ཆད་ཀྱི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་ལམ་ལ་རྒྱ་ཆེ་བ་ཞེས་བྱ་སྟེ། ཡེ་ཤེས་དེས་སྤོང་བར་བྱེད་ཅེས་བྱ་བའི་དོན་ཏོ། །རྣམ་པ་ཀུན་གྱིས་ཞེས་བྱ་བ་ནི་ས་རེ་རེ་ལ་ཡང་ཡེ་ཤེས་ཆེན་ པོའི་ཆེན་པོ་ལ་སོགས་པ་དགུ་དགུ་ཡོད་པས་སྤོང་ངོ་ཞེས་བྱ་བའི་དོན་ཏོ། །གང་ལ་བྱང་འགྱུར་བ་ཞེས་བྱ་བ་ཡེ་ཤེས་དེ་དག་གི་གཉེན་པོ་བྱས་ནས་གང་གི་སེམས་ལ་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་བྱང་བར་གྱུར་ན་གནས་གཞན་དུ་གྱུར་པ་ཐོབ་པར་འགྱུར་ན་ཞེས་བྱ་བའི་དོན་ ཏོ། །འདིས་ནི་གཉེན་པོ་ཕུན་སུམ་ཚོགས་པ་དང་ལྡན་པ་བསྟན་ཏོ། །གནས་གྱུར་ཐོབ་པ་ཞེས་བྱ་བ་ལ། དེ་ལྟར་སྒྲིབ་པ་གཉིས་སྤངས་པས་ཡེ་ཤེས་བཞི་དང་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལྔ་ཐོབ་པ་ནི་གནས་གྱུར་པ་ཐོབ་པ་ཞེས་བྱའོ། །སངས་རྒྱས་དཀར་པོའི་ ཆོས་མཆོག་ཡོན་ཏན་ལྡན། །ཞེས་བྱ་བ་ལ། དེ་ལྟར་སངས་རྒྱས་ཀྱི་སར་ཆོས་ལྔ་ཐོབ་པ་དང་། སྟོབས་དང་། མི་འཇིགས་པ་དང་། མ་འདྲེས་པ་ལ་སོགས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་རྙེད་པར་འགྱུར་བས་ན་དཀར་པོའི་ཆོས་མཆོག་གི་ཡོན་ཏན་ལྡན་ཞེས་བྱ་སྟེ། ཉན་ ཐོས་ལ་སོགས་པ་ལ་ཡོན་ཏན་དེ་མེད་པས་ན་མཆོག་ཅེས་བྱའོ། །གོང་དུ་སྒྲིབ་པ་གཉིས་སྤོང་བར་བྱེད་པ་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་ལམ་གྱིས་སྤང་ངོ་ཞེས་བཤད་པ་ལ་ཡེ་ཤེས་ཀྱི་ལམ་གཉིས་ཡོད་པར་བསྟན་པའི་ཕྱིར། རྣམ་པར་མི་རྟོག་ཡེ་ཤེས་ལམ་དག་དེ་ཐོབ་ ཕྱིར། །ཞེས་བྱ་བ་སྨོས་ཏེ། ཤིན་ཏུ་རྣམ་པར་དག་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ལམ་ཐོབ་པ་དང་། དེའི་ཕྱིས་ནས་ཐོབ་པར་ཤེས་བྱ་མཐའ་དག་ཡུལ་དུ་གྱུར་པའི་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱི་ལམ་ཐོབ་པས་ལམ་དེ་གཉིས་ཀྱི་སྒྲིབ་པ་གཉིས་མ་ལུས་པར་སྤངས་ སོ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཤིན་ཏུ་རྣམ་པར་དག་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་ནམ་མཁའི་ངོས་བཞིན་དུ་སྟོང་པར་མཐོང་ངོ་། །དེའི་ཕྱིས་ནས་ཐོབ་པ་ཤེས་བྱ་མཐའ་ཡས་པ་ཡུལ་དུ་གྱུར་པ། དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱིས་ནི་དུས་གསུམ་གྱིས་ བསྡུས་པའི་འཇིག་རྟེན་གྱི་ཁམས་ཀྱི་དངོས་པོ་ཐམས་ཅད་སྒྱུ་མ་དང་སྨིག་རྒྱུ་ལྟ་བུར་མཐོང་ངོ་། །ད་ནི་ཚིགས་སུ་བཅད་པ་གཉིས་ལ་ཉན་ཐོས་དང་རང་སངས་རྒྱས་ལ་ཡང་གནས་གཞན་དུ་གྱུར་པ་ཡོད་མོད་ཀྱི་དེ་བཞིན་གཤེགས་པའི་གནས་གཞན་དུ་གྱུར་པ་ནི་དེ་དག་ལས་ཀྱང་ འཕགས་ཤིང་ཁྱད་ཞུགས་པར་སྟོན་ཏོ། །དེ་བས་ན་དེ་བཞིན་གཤེགས་པ་དེ་ནི་དེར་བཞུགས་ནས་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་སྨོས་སོ། །དེ་ལ་ཆོས་ཀྱི་དབྱིངས་ཇི་ལྟར་གནས་པ་དེ་བཞིན་དུ་ཐུགས་སུ་ཆུད་པས་དེ་བཞིན་གཤེགས་པ་ཞེས་བྱ་སྟེ། དེ་ བཞིན་གཤེགས་པ་དེར་ཞུགས་ཞེས་བྱ་བ་ནི་གནས་གཞན་དུ་གྱུར་པའི་ཟག་པ་མེད་པའི་དབྱིངས་དེ་བརྙེས་ཐུགས་སུ་ཆུད་ནས་ཞེས་བྱ་བའི་དོན་ཏོ། །རི་དབང་མཐོ་སྟེང་བཞུགས་བཞིན་འགྲོ་ལ་གཟིགས། །ཞེས་བྱ་བ་ནི་རིའི་དབང་པོ་ནི་རི་རབ་སྟེ། སེམས་ཅན་ལ་ལ་ཞིག་རི་རབ་ཀྱི་སྟེང་ ན་གནས་ནས་ཕྱོགས་བཅུར་བལྟས་ན་ཉེ་བ་ཡང་མཐོང་ངོ་། །རིང་བ་ཡང་མཐོང་། བཟང་བ་ཡང་མཐོང་། ངན་པ་ཡང་མཐོང་བ་དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱང་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་གནས་གཞན་དུ་གྱུར་པ་ལས་འཕགས་པ་དེ་བཞིན་གཤེགས་ པའི་གནས་གཞན་དུ་གྱུར་པ་མཐོན་པོ་དེ་བརྙེས་ནས། ཐུགས་རྗེ་ཆེན་པོས་སེམས་ཅན་ཐམས་ཅད་ལ་གཟིགས་སོ་ཞེས་བྱ་བའི་དོན་ཏོ། །ཞི་བར་མངོན་དགའི་འགྲོ་ལའང་ཐུགས་རྗེ་ཅན། །སྲིད་ལ་མངོན་དགའི་འགྲོ་ལ་ཅི་ཞིག་སྨོས། །ཞེས་བྱ་བ་ལ། དེ་ལྟར་ཐུགས་རྗེས་ཀུན་ལ་ གཟིགས་ནས་ཉན་ཐོས་སྙིང་རྗེ་ཆེན་པོ་མེད་པས་སེམས་ཅན་གྱི་དོན་སྤངས་ཏེ་བདག་འབའ་ཞིག་གི་དོན་དུ་ཞི་བ་མྱ་ངན་ལས་འདས་པར་ཞུགས་པ་དེ་དག་འཁོར་བ་ཐོག་མ་མེད་པ་ནས་ཉེ་བར་གཉེན་དུ་གྱུར་པའི་སེམས་ཅན་གྱི་དོན་མ་བྱས་པ་དང་། ཤེས་ བྱའི་སྒྲིབ་པ་སྤངས་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མ་ཐོབ་བོ་ཞེས་དེ་དག་ལ་ཡང་ཐུགས་རྗེ་དགོངས་ནས་སེམས་ཅན་ཕལ་པ་འཇིག་རྟེན་གྱི་ཁམས་ཆོས་ལ་མངོན་པར་དགའ་བ་བདག་གི་དོན་ཙམ་ཡང་བྱེད་མི་ནུས་པ་སྡུག་བསྔལ་རྣམ་པ་མང་པོས་རྟག་ཏུ་གཟིར་ཅིང་འདོད་པ་ ལྔའི་ཡོན་ཏན་གྱིས་འཁོར་བའི་སེམས་ཅན་རྣམས་ལ་ཐུགས་བརྩེ་བར་གྱུར་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། ཐུགས་རྗེ་འབྱུང་ཞེས་བྱ་བའི་དོན་ཏོ། །ཁྱད་པར་རིང་བའི་འཇིག་རྟེན་ངན་པ་རྣམས་ལ་ཞེས་བྱ་བ་ལ། ཁྱད་པར་རིང་བའི་འཇིག་རྟེན་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ དེ་བཞིན་གཤེགས་པ་དང་གཉིས་ཀྱི་བར་ན་ཡོན་ཏན་ཁྱད་ཞུགས་པར་འཕགས་པའི་ཕྱིར་རོ། །འཇིག་རྟེན་ངན་པ་ནི་སོ་སོ་སྐྱེ་བོ་རྣམས་ཏེ། འཁོར་བ་ལས་འདས་པའི་ཕྱིར་རོ། །ད་ནི་ཚིགས་སུ་བཅད་པ་གསུམ་པས་གནས་གཞན་དུ་གྱུར་པ་ནི་ཡོན་ཏན་ཕྱེ་ན་དུ་ཡོད་པའི་ཡོན་ཏན་གྱི་རབ་ཏུ་ དབྱེ་བ་སྟོན་ཏོ། །དེ་བས་ན། འཇུག་དང་རབ་འཇུག་མི་འཇུག་གནས་མི་འཇུག །ཅེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་སྨོས་སོ། །དེ་བཞིན་གཤེགས་པའི་གནས་གཞན་དུ་གྱུར་པ་ནི། རྟག་ཏུའང་སེམས་ཅན་གྱི་དོན་འབའ་ཞིག་མཛད་དེ་གཞན་གྱི་དོན་དུ་ འཇུག་པས་ན་འཇུག་པ་ཞེས་བྱའོ། །གནས་གཞན་དུ་གྱུར་པ་དེ་ཆོས་ཐམས་ཅད་ཀྱི་མཆོག་ཡིན་ཏེ། མཆོག་ཏུ་འཇུག་པས་ན་རབ་ཏུ་འཇུག་ཅེས་བྱ་སྟེ། འཇིག་རྟེན་པའི་ཆོས་ཐམས་ཅད་བས་ཀྱང་མཆོག་ཏུ་གྱུར་ལ་ཉན་ཐོས་པ་འཇིག་རྟེན་ལས་འདས་པ་རྣམས་ཀྱི་གནས་གཞན་དུ་ གྱུར་པ་བས་ཀྱང་མཆོག་ཏུ་གྱུར་པའི་ཕྱིར་རོ། །གནས་མི་འཇུག་ཅེས་བྱ་བ་ལ་གནས་ནི་གནས་གཞན་དུ་གྱུར་པ་ལ་བྱ་སྟེ། ཀུན་ནས་ཉོན་མོངས་པའི་རྒྱུ་རྣམ་པ་གསུམ་ལ་མི་འཇུག་པས་ན་གནས་མི་འཇུག་ཅེས་བྱའོ། །ཀུན་ནས་ཉོན་མོངས་པའི་རྒྱུ་རྣམ་པ་གསུམ་ནི་ཡུལ་ཉེ་བར་གྱུར་པ་ དང་ཚུལ་བཞིན་མ་ཡིན་པ་ལ་ཡིད་ལ་བྱེད་པ་དང་། བག་ལ་ཉལ་མ་སྤངས་པའོ། །ལྡོག་དང་ཞེས་བྱ་བ་ལ། གནས་གཞན་དུ་གྱུར་པ་དེ་ཀུན་ནས་ཉོན་མོངས་པ་རྣམས་ལ་ཡང་མི་འཇུག །སྡིག་པ་མི་དགེ་བ་རྣམས་ལ་ཡང་མི་འཇུག་སྟེ། བདག་སྤྱོད་པ་ལ་ལོག་པས་ན་ལྡོག་ པ་ཞེས་བྱའོ། །ཀུན་ལ་འཇུག་ཅེས་བྱ་བ་ལ། དུས་ཀུན་དུ་འཇུག་པས་ན་ཀུན་འཇུག་སྟེ། ལན་ཅིག་གནས་གཞན་དུ་གྱུར་པ་ཐོབ་ནས་འཁོར་བའི་མཐའི་བར་དུ་ཡང་ཉམས་པར་མི་འགྱུར་བའི་ཕྱིར་རོ། །ཡང་ན་ཀུན་ནས་ཉོན་མོངས་པའི་གཉེན་པོའི་ཆོས་ཀུན་ལ་ཡང་ འཇུག་པས་ན་ཀུན་འཇུག་ཅེས་བྱའོ། །གཉིས་ཞེས་བྱ་བ་ལ། དང་པོ་ཉིད་དུ་མངོན་པར་བྱང་ཆུབ་པ་སྟོན་པ་ལ་འཇུག །མཇུག་ཏུ་མྱ་ངན་ལས་འདས་པ་སྟོན་པ་ལ་འཇུག་སྟེ། རྣམ་པ་གཉིས་སྟོན་པ་ལ་འཇུག་པས་ན་གཉིས་འཇུག་ཅེས་བྱའོ། །མི་གཉིས་ཞེས་བྱ་བ་ལ་ དོན་དུ་གཉིས་སུ་མི་འཇུག་ཅེས་བྱ་བའི་དོན་ཏོ། །གཉིས་སུ་མི་འཇུག་པ་ནི་འཁོར་བར་ཡང་མི་འཇུག །མྱ་ངན་ལས་འདས་པར་ཡང་མི་འཇུག་པའི་ཕྱིར་རོ། །དེ་ལ་ཤེས་རབ་དང་ལྡན་པས་འདུས་བྱས་ཀྱི་མཐའ་སྤངས་པའི་ཕྱིར་འཁོར་བར་མི་འཇུག་གོ། །སྙིང་རྗེས་འདུས་མ་ བྱས་སྤངས་པས་ན་མྱ་ངན་ལས་འདས་པར་ཡང་མི་འཇུག་གོ། །མཉམ་དང་ཞེས་བྱ་བ་ལ། ཉོན་མོངས་པ་ཐམས་ཅད་སྤངས་པའི་རྣམ་པར་གྲོལ་བ་ལ་ནི་ཉན་ཐོས་དང་རང་སངས་རྒྱས་དང་སངས་རྒྱས་སུ་ཐ་དད་པ་མེད་པས་ན་མཉམ་དུ་འཇུག་པ་ཞེས་བྱའོ། །བྱེ་བྲག་ཅེས་བྱ་བ་ལ། ཤེས་བྱའི་སྒྲིབ་པ་སྤངས་པ་དང་། སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་རྣམས་ཀྱིས་ནི་ཉན་ཐོས་ཀྱི་གནས་གཞན་དུ་གྱུར་པ་བས་འཕགས་པས་བྱེ་བྲག་ཏུ་འཇུག་པ་ཞེས་བྱའོ། །ཀུན་འགྲོ་ཉིད་ཅེས་བྱ་བ་ལ་སོགས་སེམས་ཅན་རྣམས་ལ་ཐེག་པ་རྣམ་པ་གསུམ་ཀུན་ འགྲོ་འཇུག་ཅེས་བྱའོ། །དེ་བཞིན་གཤེགས་པ་ཡོངས་སུ་གྱུར་པ་འདོད། །ཅེས་བྱ་བ་ནི། དེ་བཞིན་གཤེགས་པའི་གནས་གཞན་དུ་གྱུར་པ་གོང་དུ་བཤད་པའི་ཡོན་ཏན་གྱི་བྱེ་བྲག་དང་ལྡན་པར་འདོད་དོ་ཞེས་བྱ་བའི་དོན་ཏོ། །རབ་དང་ལྡན་པའི་ཕྱིར་རྒྱ་ཆེར་འཇུག་པས་ན་ཀུན་ འཇུག་པའོ་ཞེས་བྱ་བ་ལ། ཟག་པ་མེད་པའི་ཆོས་དང་ལྡན་པས་རབ་དང་ལྡན་པ་ཞེས་བྱ་བའམ། ཉོན་མོངས་པའི་གཉེན་པོ་ཐམས་ཅད་ཀྱི་ཆོས་དང་ལྡན་པས་རབ་དང་ལྡན་པ་ཞེས་བྱ་སྟེ། དེ་བས་ན་གཉེན་པོའི་ཆོས་ཐམས་ཅད་ལ་འཇུག་པའི་རྒྱ་ ཆེར་འཇུག་པ་ཞེས་བྱའོ། །ཚིགས་སུ་བཅད་པ་བཞི་པས་ནི་སྔ་མའི་ཕྱེད་ཀྱི་སངས་རྒྱས་ཀྱི་རང་བཞིན་ཀུན་དུ་སོང་བའི་དོན་མདོར་བསྟན། ཕྱི་མའི་ཕྱེད་ཀྱིས་ནི་དོན་དེ་ཉིད་བཟླས་ཏེ་རྒྱ་ཆེར་བཤད་པའི་སྒོ་ནས་ཀུན་དུ་འགྲོ་བའི་དོན་ནམ་མཁའ་དང་མཐུན་པས་སངས་རྒྱས་ཀྱི་རང་བཞིན་ ཀུན་དུ་སོང་སྟེ་ཁྱབ་པར་སྟོན་ཏེ། དེ་བས་ན། ཇི་ལྟར་ནམ་མཁའ་རྟག་ཏུ་ཀུན་སོང་འདོད། །དེ་བཞིན་དེ་ཡང་རྟག་ཏུ་ཀུན་སོང་འདོད། །ཅེས་བྱ་བ་ལ་སོགས་པ་སྨོས་སོ། །དཔེར་ན་ནམ་མཁའ་འདི་དུས་གསུམ་དུའང་བུམ་པ་དང་སྣམ་བུ་ལ་སོགས་པ་དངོས་པོ་ཀུན་དུ་ འགྲོ་བར་འདོད་པ་དེ་བཞིན་དུ། ཆོས་ཀྱི་དབྱིངས་ཟག་པ་མེད་པ་དེའང་སེམས་ཅན་ཀུན་གྱི་སེམས་ཀྱི་རྒྱུད་ལ་ཡོད་པ་དང་ཁྱབ་པར་འདོད་དེ་ཞེས་བྱ་བའི་དོན་ཏོ། །འདིར་ནི་ཀུན་དུ་ཁྱབ་པའི་དོན་མདོར་བསྟན་པའོ། །ཇི་ལྟར་ནམ་མཁའ་རྟག་ཏུ་ཀུན་སོང་འདོད། །ཅེས་བྱ་བའི་ དོན་དེ་ཉིད་རྒྱས་པར་བསྟན་པའི་ཕྱིར། ཇི་ལྟར་ནམ་མཁའ་གཟུགས་ཡུལ་ཀུན་དུ་སོང་། །ཞེས་བྱ་བ་སྨོས་ཏེ། དཔེར་ན་ནམ་མཁའ་འདི་གཟུགས་ཀྱི་རྣམ་པ་རིང་པོ་དང་། ཐུང་ངུ་དང་། དཀར་པོ་དང་། དམར་པོ་ལ་སོགས་པ་ཀུན་ལ་ཁྱབ་པ་དེ་བཞིན་དུ། ཆོས་ཀྱི་དབྱིངས་ ཀྱིས་ཀྱང་ཀུན་ལ་ཁྱབ་བོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དེ་ཡང་རྟག་ཏུ་ཀུན་སོང་འདོད། །ཅེས་བྱ་བའི་དོན་དེ་ཉིད་རྒྱ་ཆེར་བསྟན་པའི་ཕྱིར། དེ་བཞིན་དེ་ཡང་སེམས་ཅན་ཚོགས་ཀུན་སོང་། །ཞེས་བྱ་བ་སྨོས་ཏེ། ནམ་མཁའ་དང་འདྲ་བར་ཟག་པ་མེད་པའི་ཆོས་ཀྱི་དབྱིངས་ དེས་ཀྱང་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་ལ་ཁྱབ་བོ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་ལ་སེམས་ཅན་ཐམས་ཅད་བདག་ཉིད་དུ་ཉེ་བར་འགྲོ་བ་ཡོངས་སུ་རྫོགས་པ་ལས་རིག་པར་བྱའོ་ཞེས་བྱ་བ་ལ་སེམས་ཅན་གྱི་ཚོགས་ཀུན་སོང་བ་ཞེས་བྱ་བའི་དོན་ཏོ། །སངས་ རྒྱས་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡིན་ལ། ས་དང་པོར་ཆོས་ཀྱི་དབྱིངས་ཐམས་ཅད་དུ་འགྲོ་བའི་མཚན་ཉིད་རྟོག་པ་ན་བདག་དང་སེམས་ཅན་དུ་སེམས་མཉམ་པ་ཉིད་ཐོབ་པ་དང་། བདག་གང་ཡིན་པ་སེམས་ཅན་ཡང་དེ་ཡིན་ལ། སེམས་ཅན་གང་ཡིན་པ་བདག་ཀྱང་དེ་ཡིན་ ནོ་ཞེས་ཁོང་དུ་ཆུད་དོ། །མཉམ་པ་ཉིད་ཁོང་དུ་ཆུད་པ་དེ་ས་བཅུ་རིམ་གྱིས་བསྒོམས་ནས་སངས་རྒྱས་ཀྱི་སའི་དུས་ན་སེམས་ཅན་ཐམས་ཅད་དང་བདག་ཉིད་ཁོང་དུ་ཆུད་པ་ཡོངས་སུ་རྫོགས་པ་སེམས་ཅན་གྱི་ཚོགས་ཐམས་ཅད་དུ་སོང་ཞེས་བྱའོ། །ཉེ་བར་འགྲོ་བ་ཞེས་བྱ་བའི་དོན་ནི་མཉམ་པ་ ཉིད་དུ་ཁོང་དུ་ཆུད་ཅེས་བྱ་བའི་དོན་ཏོ། །བརྒལ་བ། གལ་ཏེ་ཆོས་ཀྱི་དབྱིངས་དེ་རྟག་ཏུ་ཡོད་ལ་སེམས་ཅན་ཀུན་ལ་ཡང་ཁྱབ་ན་སེམས་ཅན་རྣམས་ཀྱིས་ཅིའི་ཕྱིར་ཆོས་ཀྱི་དབྱིངས་མ་རྟོགས་ཤིང་སངས་རྒྱས་མ་མཐོང་ངོ་ཞེ་ན། དེའི་ལན་དུ་ཚིགས་སུ་བཅད་པ་ལྔ་པ་རྩོམ་སྟེ། ཚིགས་སུ་བཅད་པ་ལྔ་པའི་བསྡུས་པའི་དོན་ནི་ཆོས་ཀྱི་དབྱིངས་དེ་ཐམས་ཅད་དུ་སོང་ཡང་སྣོད་དུ་མ་གྱུར་པའི་སེམས་ཅན་རྣམས་ཀྱིས་སངས་རྒྱས་མི་མཐོང་བར་དཔེ་དང་བཅས་པར་སྟོན་ཏེ། དཔེ་བསྟན་པའི་ཕྱིར། ཇི་ལྟར་ཆུ་ཡི་སྣོད་ཆག་ན། །ཟླ་བའི་གཟུགས་བརྙན་མི་སྣང་ བཞིན། །ཞེས་བྱ་བ་སྨོས་ཏེ། དཔེར་ན་ཆུ་མེད་པའི་སྣོད་དུ་ཡང་ཟླ་བའི་གཟུགས་བརྙན་མི་འབྱུང་ལ་སྣོད་ཆག་པའི་ནང་དུ་ཡང་ཟླ་བའི་གཟུགས་བརྙན་མི་འབྱུང་སྟེ་འདི་ནི་དཔེའོ། །དོན་བསྟན་པའི་ཕྱིར། དེ་བཞིན་སེམས་ཅན་ངན་པ་ལ། །སངས་རྒྱས་གཟུགས་ནི་མི་ སྣང་ངོ་། །ཞེས་བྱ་བ་སྨོས་ཏེ། དེ་དང་འདྲ་བར་སེམས་ཅན་གང་གི་སེམས་ཀྱི་རྒྱུད་ཆུའི་སྣོད་དང་འདྲ་བ་ལ་བསོད་ནམས་དང་ཡེ་ཤེས་ཀྱི་ཆུས་མ་བཀང་བ་དང་། །འདོད་ཆགས་དང་ཞེ་སྡང་ལ་སོགས་པའི་ཉོན་མོངས་པའི་ཚོགས་དང་། སྡིག་པ་མི་དགེ་བའི་ལས་བྱས་པས་ སེམས་ཀྱི་རྒྱུད་སྣོད་དང་འདྲ་བ་སྣོད་ཆག་པ་ལྟ་བུར་སེམས་ཉམས་པར་བྱས་ལ། སྣོད་ཆག་པ་ལྟ་བུའི་སེམས་ཅན་ངན་པས་བདག་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་ཀྱང་མི་མཐོང་ངོ་ཞེས་བྱ་བའི་དོན་ཏོ། །ཚིགས་སུ་བཅད་པ་དྲུག་པའི་བསྡུས་པའི་དོན་ནི་སངས་རྒྱས་མཐོང་བར་ གྱུར་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་འདི་བསགས་པ། སངས་རྒྱས་ཀྱིས་འདུལ་བའི་གདུལ་བྱ་ཡོད་ན། སངས་རྒྱས་འཇིག་རྟེན་དུ་སྐྱེ་བས་ན་དེ་དག་གིས་མཐོང་བར་འགྱུར་ལ། སངས་རྒྱས་ཀྱིས་གདུལ་བའི་སྐལ་བ་ཅན་རྣམས་བཏུལ་ནས་ དཀའ་བ་མེད་པར་གྱུར་ན་མྱ་ངན་ལས་འདའ་བས་དེ་དག་གིས་མི་མཐོང་བ་དཔེ་དང་བཅས་པར་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་སྟེ། དཔེ་བསྟན་པའི་ཕྱིར་སྨྲས་པ། ཇི་ལྟར་མེ་ནི་གཞན་དུ་འབར། །གཞན་དུ་ཡང་ནི་ཞི་བར་འགྱུར། །ཞེས་བྱ་བ་སྨོས་ཏེ། གཞན་དུ་ན་ ཞེས་བྱ་བ་ནི། མེ་དང་ཤིང་ཡོད་པའི་གནས་ལ་སྙེགས་ཏེ། དཔེར་ན་མེ་འདི་དག་གང་ན་མེ་དང་ཤིང་ཡོད་པའི་གནས་ན་ནི་འབར་གྱི། གནས་གང་ན་མེ་དང་ཤིང་མེད་པར་ནི་མི་འབར་བས་གཞན་དུ་ཡང་ཞི་བར་འགྱུར་ཞེས་ཏེ་འདི་ནི་དཔེའོ། །དོན་བསྟན་པའི་ཕྱིར། སྣང་བ་དང་ནི་མི་ སྣང་བ། །སངས་རྒྱས་ལ་ཡང་དེ་བཞིན་ཤེས། །ཞེས་བྱ་བ་སྨོས་ཏེ། དཔེར་ན་མེ་ཤིང་ཡོད་པའི་གནས་ནི་འབར། ཤིང་མེད་པའི་གནས་ནི་མི་འབར་བ་དེ་བཞིན་དུ་སངས་རྒྱས་ཀྱང་དེ་དང་འདྲ་བར་ཤེས་པར་བྱ་སྟེ། ཇི་ལྟ་ཞེ་ན། སེམས་ཅན་གང་གི་སེམས་ཀྱི་རྒྱུད་ལ་ བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་ཤིང་སྤུངས་པ་དེ་དག་ནི་སངས་རྒྱས་ཀྱིས་གདུལ་བར་བྱ་བའི་སེམས་ཅན་ཡིན་པས་གནས་དེར་སངས་རྒྱས་མངོན་པར་སངས་རྒྱས་པར་སྟོན་པས་སེམས་ཅན་གྱིས་མཐོང་བའི་ཕྱིར་སྣང་བ་ཞེས་བྱའོ། །སངས་རྒྱས་ཀྱིས་གདུལ་བར་བྱ་བའི་སྐལ་བ་ ཅན་རྣམས་ནི་བཏུལ་ནས་སངས་རྒྱས་མཐོང་བའི་སྐལ་བ་མེད་ན་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདའ་བས་ན་དེ་དག་གིས་མི་མཐོང་བའི་ཕྱིར་མི་སྣང་བ་ཞེས་བྱའོ། །སངས་རྒྱས་བྱ་བ་ལྷུན་གྱིས་གྲུབ་པས་རྒྱུན་མི་འཆད་པ་ལ་ཚིགས་སུ་བཅད་པ་བཞི་སྟེ་ཞེས་བྱ་བ་ལ། ཟག་པ་མེད་པའི་ དབྱིངས་ཀྱི་མཚན་ཉིད་བཤད་ནས། ད་ནི་སངས་རྒྱས་རྣམས་ཀྱི་ཕྲིན་ལས་ཀྱི་མཚན་ཉིད་ཚིགས་སུ་བཅད་པ་བཞི་བསྟན་ཏོ། །དེ་ལ་འཕགས་པ་ཉན་ཐོས་དག་བདག་གི་དོན་གྱི་ལས་བྱེད་པ་ན་ཡང་འདི་ལྟར་བྱའོ་སྙམ་དུ་སེམས་ན་བརྩམས་པ་དང་འབད་པ་མེད་པས་ན་ལྷུན་གྱིས་གྲུབ་པ་མ་ ཡིན་ནོ། །ཕུང་པོ་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཞུགས་པས་ན། བྱ་བ་ཐམས་ཅད་རྒྱུན་ཆད་པས་ན་རྒྱུན་མི་ཆད་པ་མ་ཡིན་ནོ། །དེ་བཞིན་གཤེགས་པའི་ཕྲིན་ལས་དེ་ལས་ཁྱད་ཞུགས་པ་སྟེ། དགོངས་པ་དང་བཙལ་བ་དང་འབད་པ་མེད་པར་འགྱུར་ བས་ན་ལྷུན་གྱིས་གྲུབ་པའོ། །བདག་དང་སེམས་ཅན་གྱི་དོན་དུ་འཁོར་བའི་མཐའ་དང་སེམས་ཅན་གྱི་མཐའི་བར་དུ་མཛད་པས་རྒྱུན་མི་འཆད་པའོ། །དེ་ལ་ཚིགས་སུ་བཅད་པ་དང་པོ་དང་གཉིས་པའི་བསྡུས་པའི་དོན་ནི་རྔ་མ་བརྡུངས་པའི་སྒྲ་དང་། ནོར་བུའི་མཐུ་དང་མཐུན་ པས་སངས་རྒྱས་ཀྱི་ཕྲིན་ལས་ལྷུན་གྱིས་གྲུབ་པར་མཛད་པས་དེ་དཔེ་བསྟན་ཏོ། །རྔའི་དཔེ་བསྟན་པའི་ཕྱིར། ཇི་ལྟར་རྔ་དག་མ་བརྡུངས་པར། །སྒྲ་ནི་ཀུན་དུ་འབྱུང་བ་ལྟར། །ཞེས་བྱ་བ་སྨོས་ཏེ། དཔེར་ན་སེམས་ཅན་གྱི་བསོད་ནམས་ལས་བྱུང་བའི་རྔ་དང་ཤིང་བུ་དང་ ལག་པས་མ་བརྡུངས་པར་ཡང་འདུས་བྱས་ཐམས་ཅད་ནི་མི་རྟག་པའོ། །ཟག་པ་དང་བཅས་པ་ཐམས་ཅད་ནི་སྡུག་བསྔལ་བའོ། །ཆོས་ཐམས་ཅད་ནི་བདག་མེད་པའོ། །ཞི་བ་ནི་མྱ་ངན་ལས་འདས་པའོ་ཞེས་བྱ་བ་ལ་སོགས་པའི་སྒྲ་འབྱུང་བ་ལྟར་ཞེས་བྱ་བའི་དོན་ཏོ། །བརྒྱ་ བྱིན་ལྷའི་དབང་པོའི་གནས་ནས་བརྒྱ་བྱིན་གྱི་བསོད་ནམས་ལས་བྱུང་བའི་རྔ་ནི་དེ་ནམ་བརྒྱ་བྱིན་འདོད་པ་ལྔའི་ཡོན་ཏན་ལ་འཇུག་པ་ན་སུས་ཀྱང་མ་བརྡུངས་པར་འདོད་པ་ལྔ་ལ་དགའ་བར་འགྱུར་བ་དང་། རྗེས་སུ་མཐུན་པར་སྒྲ་འབྱུང་ངོ་། །ནམ་བརྒྱ་བྱིན་འདོད་པ་ལྔའི་ཡོན་ཏན་ ལ་ལྡོག་པར་གྱུར་པ་ན་སུས་ཀྱང་མ་བརྡུངས་པར་འདོད་པའི་ཡོན་ཏན་ལྔ་ལས་ཕྱིར་ལྡོག་པར་འདོད་པ་དང་རྗེས་སུ་མཐུན་པའི་སྒྲ་འབྱུང་སྟེ། དཔེ་དང་འདྲ་བར་ཞེས་བྱ་བའི་དོན་ཏོ། །དོན་བསྟན་པའི་ཕྱིར། དེ་བཞིན་རྒྱལ་བ་ཟག་མེད་པར། །བཤད་པ་དག་ནི་འབྱུང་བར་འགྱུར། ། ཞེས་བྱ་བ་སྨོས་ཏེ། དཔེ་དེ་དང་འདྲ་བར་དེ་བཞིན་གཤེགས་པ་རྣམས་ཟག་པ་མེད་པའི་དབྱིངས་ལ་བཞུགས་ཤིང་སེམས་ཅན་གྱི་དོན་དུ་ཆོས་བཤད་པ་རྣམ་པ་སྣ་ཚོགས་མཛད་པ་ཡང་ཆོས་བཤད་པར་བྱའོ་སྙམ་དགོངས་པ་མི་མངའ་ཞིང་འབད་པ་དང་བཙལ་བ་མེད་པར་ཡང་ལྷུན་ གྱིས་གྲུབ་པ་ཉིད་དུ་ཆོས་བཤད་པ་འབྱུང་ངོ་ཞེས་བྱ་བའི་དོན་ཏོ། །ལྷུན་གྱིས་གྲུབ་པར་སེམས་ཅན་གྱི་དོན་མཛད་པ་ནོར་བུའི་དཔེ་བསྟན་པའི་ཕྱིར། ཇི་ལྟར་ནོར་བུ་འབད་མེད་པར། །རང་གི་འོད་ནི་བསྟན་པ་ལྟར། །ཞེས་བྱ་བ་སྨོས་ཏེ། དཔེར་ན་ ནོར་བུ་རིན་པོ་ཆེ་ལ་སོགས་པ་ནོར་བུ་རྣམས་ལས་འོད་བྱུང་བས་ན་ནོར་བུ་འདི་ལྟར་བདག་གིས་འོད་འབྱུང་བར་བྱའོ་སྙམ་དུ་བསམ་པ་དང་། འབད་རྩོལ་མེད་པར་ཡང་འོད་སྣང་བ་དེ་བཞིན་དུ་ཞེས་བྱ་བའི་དོན་ཏོ། །དོན་དེ་བསྟན་པའི་ཕྱིར། དེ་བཞིན་སངས་རྒྱས་རྟོག་མེད་པར། ། མཛད་པ་དག་ནི་རྣམ་པར་སྟོན། །ཞེས་བྱ་བ་སྨོས་ཏེ། དེ་དང་འདྲ་བར་དེ་བཞིན་གཤེགས་པ་རྣམས་སེམས་ཅན་གྱི་དོན་དུ་སྐུ་དང་གསུང་དང་ཐུགས་ཀྱི་སྤྲུལ་པ་སྟོན་པ་ན་བདག་གིས་སྤྲུལ་པ་འདི་ལྟ་བུ་དག་བྱའོ་སྙམ་དུ་དགོངས་པ་དང་། འབད་རྩོལ་མེད་པར་ལྷུན་གྱིས་གྲུབ་ པ་ཉིད་དུ་སྐུ་དང་གསུང་དང་ཐུགས་ཀྱི་སྤྲུལ་པ་དག་འབྱུང་བ་སྟོན་ཏེ། འདིས་ནི་སངས་རྒྱས་ཀྱི་བྱ་བ་ལྷུན་གྱིས་གྲུབ་པར་བསྟན་ཏོ། །ཚིགས་སུ་བཅད་པ་གསུམ་པ་དང་བཞི་པས་ནི་སངས་རྒྱས་ཀྱི་མཛད་པ་མི་འཆད་པར་ནམ་མཁའི་དཔེ་བསྟན་ཏེ། དཔེ་བསྟན་པའི་ཕྱིར་སྨྲས་པ། ཇི་ལྟ་ བུར་ན་ནམ་མཁའ་ལ། །འཇིག་རྟེན་བྱེད་པ་མི་འཆད་སྣང་། །ཞེས་བྱ་བ་སྨོས་ཏེ། འཇིག་རྟེན་གྱི་བྱེད་པ་ནི་འགྲོ་བ་དང་འདུག་པ་དང་ཉལ་བ་ལ་སོགས་པའོ། །དཔེར་ན་ནམ་མཁའི་དབྱིངས་དེ་ལ་ཁ་ཅིག་ཏུ་ནི་འཇིག་རྟེན་འགྲོ་བར་སྣང་། ཁ་ཅིག་ཏུ་འཇིག་རྟེན་གནས་པར་སྣང་བ་ལ་སོགས་པ་ འཇིག་རྟེན་གྱི་བྱ་བ་རྒྱུན་མི་འཆད་པར་འབྱུང་ངོ་ཞེས་བྱ་བའི་དོན་ཏོ། །དོན་དེ་བསྟན་པའི་ཕྱིར་སྨྲས་པ། དེ་བཞིན་ཟག་མེད་དབྱིངས་ན་ཡང་། །རྒྱལ་བའི་བྱེ་བྲག་རྒྱུན་མི་འཆད། །ཅེས་བྱ་བ་སྨོས་ཏེ། དེ་དང་འདྲ་བར་དེ་བཞིན་གཤེགས་པ་རྣམས་ཟག་པ་མེད་པའི་ཆོས་ཀྱི་ དབྱིངས་རྣམ་པར་དག་པ་ལ་གནས་ན་ཡང་སེམས་ཅན་གྱི་དོན་དུ་སྐུ་དང་གསུང་དང་ཐུགས་སྤྲུལ་པའི་ཕྲིན་ལས་རྒྱུན་མི་འཆད་པར་འབྱུང་ངོ་ཞེས་བྱ་བའི་དོན་ཏོ། །ནམ་མཁའ་ལ་ནི་བྱ་བ་དག། །རྟག་ཏུ་འབྲི་ཞིང་མངོན་པར་འབྱུང་། །ཞེས་བྱ་བ་ལ། དཔེར་ན་ནམ་མཁའི་དབྱིངས་ འདི་ལ་སེམས་ཅན་སེམས་ཅན་མ་ཡིན་པའི་བྱ་བ་རྟག་ཏུ་འབྲི་བ་དང་། རྟག་ཏུ་མངོན་པར་འབྱུང་སྟེ། ཁ་ཅིག་ཏུ་ནི་ཕྱིའི་དངོས་པོ་ནགས་ཚལ་ལ་སོགས་པ་མེས་ཚིག་ཅིང་མེད་པར་གྱུར་པ་དང་། ནང་གི་དངོས་པོ་སེམས་ཅན་ལ་སོགས་པ་འཆི་བར་ཡང་སྣང་བས་ན་འབྲི་བར་ འབྱུང་ངོ་། །ནམ་མཁའི་ཕྱོགས་ཁ་ཅིག་ཏུ་ཕྱིའི་དངོས་པོ་ནགས་ལ་སོགས་པ་སྐྱེ་བ་དང་། ནང་གི་དངོས་པོ་སེམས་ཅན་དག་ཀྱང་སྐྱེ་བས་ན་མངོན་པར་སྣང་ངོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་ཟག་མེད་དབྱིངས་ན་ཡང་། །སངས་རྒྱས་ཕྲིན་ལས་སྐྱེ་ཞིང་འབྲི། །ཞེས་བྱ་བ་ལ། དེ་ འདྲ་བར་དེ་བཞིན་གཤེགས་པ་རྣམས་ཟག་པ་མེད་པའི་དབྱིངས་ན་བཞུགས་པ་ན། སངས་རྒྱས་ཀྱི་སྐྱེ་བར་འགྱུར་བ་ཡང་སྣང་། འབྲི་བར་འགྱུར་བ་ཡང་སྣང་སྟེ། ཇི་ལྟར་ཞེ་ན། ནམ་སེམས་ཅན་སྐལ་བ་ཡོད་པའི་དུས་ན་ནི་སྤྲུལ་པའི་སྐུས་མངོན་པར་སངས་རྒྱས་པ་ལ་སོགས་པ་སྟོན་ པས་ན་སྐྱེ་བར་སྣང་ངོ་། །སྐལ་བ་མེད་པར་གྱུར་པ་ལ་མྱ་ངན་ལས་འདས་པས་ན་འབྲི་བར་ཡང་སྣང་ངོ་། །འདིས་ནི་སངས་རྒྱས་ཀྱི་མཛད་པ་མི་སྣང་བར་འཆད་པ་བསྟན་ཏོ། །ཟག་པ་མེད་པའི་དབྱིངས་ཟབ་པའི་ཚིགས་སུ་བཅད་པ་བཅུ་དྲུག་གོ་ཞེས་བྱ་བ་ལ། སངས་རྒྱས་ཀྱི་ཕྲིན་ ལས་ལྷུན་གྱིས་གྲུབ་པ་དང་རྒྱུན་མི་འཆད་པར་བསྟན་ནས། ད་ཟག་པ་མེད་པའི་དབྱིངས་ཟབ་པ་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་བཅུ་དྲུག་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །དེ་ཟག་པ་མེད་པའི་དབྱིངས་ཟབ་པ་ཡང་རྣམ་པ་གསུམ་སྟེ། མཚན་ཉིད་ཟབ་པ་དང་། གནས་ པ་ཟབ་བ་དང་། ལས་ཟབ་པའོ། །མཚན་ཉིད་ཟབ་པ་ལ་ཡང་རྣམ་པ་བཞི་སྟེ། རྣམ་པར་དག་པའི་མཚན་ཉིད་དང་། བདག་གི་མཆོག་ཏུ་གྱུར་པའི་མཚན་ཉིད་དང་། ལུང་དུ་མ་བསྟན་པའི་དངོས་པོའི་མཚན་ཉིད་དང་། རྣམ་པར་གྲོལ་བའི་མཚན་ཉིད་དོ། །སྔ་མ་ཕྱི་ མར་ཁྱད་མེད་ཀྱང་། །སྒྲིབ་པ་ཐམས་ཅད་དྲི་མ་མེད། །དག་པ་མ་ཡིན་ཡང་དག་མིན། །སངས་རྒྱས་དེ་བཞིན་ཉིད་དུ་འདོད། །ཅེས་བྱ་བས་རྣམ་པར་དག་པའི་མཚན་ཉིད་བསྟན་ཏེ། སྔོན་ཀུན་ནས་ཉོན་མོངས་པའི་རང་བཞིན་ཡིན་པ་ལས་ཕྱིས་ལམ་བསྒོམས་ཏེ། དྲི་མ་མེད་པར་གྱུར་པ་ནི་དག་པ་ཞེས་བྱའོ། །སྔ་མ་ནི་སོ་སོའི་སྐྱེ་བོའི་དུས་སོ། །ཕྱི་མ་ནི་མངོན་པར་སངས་རྒྱས་པའི་དུས་ལ་བྱ་སྟེ། སངས་རྒྱས་ཀྱི་ཆོས་ཀྱི་སྐུ་ནི་དེ་བཞིན་ཉིད་སྟོང་པ་ཉིད་ཀྱི་རང་བཞིན་ཡིན་པར་འདོད་དེ། སྟོང་པ་ཉིད་ནི་སོ་སོའི་སྐྱེ་བོའི་ དུས་ན་ཡང་སྟོང་པ་ཉིད་དང་རང་བཞིན་གྱིས་འོད་གསལ་བའི་རང་བཞིན་ཡིན། ཕྱི་མ་སྟེ་མངོན་པར་སངས་རྒྱས་པའི་དུས་ན་ཡང་སྟོང་པ་དང་རང་བཞིན་གྱིས་འོད་གསལ་བའི་རང་བཞིན་ཡིན་པས་དག་པའི་རང་བཞིན་དུ་ཁྱད་པར་མེད་དེ་དེ་ལ་སྦྱང་དུ་མེད་པས་ན་དག་པ་མེད་པ་ཡིན་ནོ། ། འོན་ཀྱང་མངོན་པར་རྫོགས་པར་སངས་རྒྱས་པའི་དུས་ན་ལམ་བསྒོམས་པའི་མཐུས་ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་གློ་བུར་གྱི་དྲི་མ་མེད་པར་གྱུར་ཏེ། ཕྱིས་དག་པར་འགྱུར་བས་ན་མ་དག་པར་ཡང་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཚིགས་སུ་བཅད་པ་གཉིས་པས་ནི་ ཟག་པ་མེད་པའི་དབྱིངས་ན་སངས་རྒྱས་རྣམས་བདག་གི་མཆོག་ཏུ་གྱུར་པ་སྟོན་ཏེ། ཅིའི་ཕྱིར་བདག་གི་མཆོག་ཏུ་གྱུར་ཏོ་ཞེ་ན། དེའི་ཕྱིར། བདག་མེད་པའི་མཆོག་ཐོབ་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། བདག་མེད་པའི་མཆོག་ནི་གང་ཟག་ལ་བདག་མེད་པ་དང་། །ཆོས་ལ་བདག་མེད་པ་སྟེ། ཟག་ པ་མེད་པའི་དབྱིངས་ན་སངས་རྒྱས་རྣམས་བདག་མེད་པ་གཉིས་ཀྱི་མཆོག་གི་བདག་ཉིད་དང་། རང་བཞིན་དུ་གྱུར་པས་ན་བདག་གི་མཆོག་ཏུ་གྱུར་པར་རྣམ་པར་གཞག་གོ། །དེ་ལ་བདག་ཅེས་བྱ་བའི་སྒྲ་འདི་ནི་སྐབས་ཁ་ཅིག་ཏུ་མུ་སྟེགས་པས་ཡོངས་སུ་བརྟགས་པའི་བདག་ཉིད་ ལ་ཡང་བྱ་བར་འདྲེན་ཏེ། འདི་ལྟར་བདག་དང་སེམས་ཅན་དང་སྲོག་ཅེས་བྱ་བ་ལ་སོགས་པའོ། །བདག་ཅེས་བྱ་བའི་སྒྲ་འདི་ནི་སྐབས་ཁ་ཅིག་ཏུ་ཆོས་ཀྱི་རང་བཞིན་ལ་ཡང་བྱ་བར་འདྲེན་ཏེ། མེ་ནི་དྲོ་བའི་མཚན་ཉིད་ཅེས་བྱ་སྟེ། དྲོ་བའི་རང་བཞིན་ཞེས་བྱ་བའི་དོན་ཏོ། །ས་སྲ་བའི་ བདག་ཉིད་ཅེས་བྱ་བ་བཤད་ན། སྲ་བའི་རང་བཞིན་ཞེས་བྱ་བའི་དོན་ཏོ། །འདིའི་སྐབས་བདག་ཅེས་བྱ་བའི་སྒྲ་རང་བཞིན་གྱི་དོན་དུ་དྲང་སྟེ། སངས་རྒྱས་རྣམས་ནི་བདག་མེད་པའི་རང་བཞིན་དུ་གྱུར་པས་བདག་གི་མཆོག་ཐོབ་པ་ཞེས་བྱའོ། །དེ་ལ་བདག་མེད་པའི་མཆོག་ གང་ཡིན་ཞེ་ན། དེའི་ཕྱིར། སྟོང་པ་ཉིད་ནི་རྣམ་པར་དག་པ་ཞེས་བྱ་བ་སྨོས་ཏེ། ནམ་གང་ཟག་མེད་པའི་སྟོང་པ་དང་། ཆོས་དངོས་པོ་མེད་པའི་སྟོང་པ་གཟུང་འཛིན་གྱི་དྲི་མ་ལས་དག་པར་གྱུར་ཏེ། སྟོང་པ་དག་པར་དེ་ཐོབ་ན་བདག་མེད་པའི་མཆོག་ཐོབ་པ་ཞེས་བྱའོ། །དོན་དེ་ཉིད་བསྟན་པའི་ཕྱིར། སངས་རྒྱས་དག་པའི་བདག་ཐོབ་པས། །བདག་ཉིད་ཆེན་པོ་བདག་ཏུ་གྱུར། །ཅེས་བྱ་བ་སྨོས་ཏེ། ཟག་པ་མེད་པའི་དབྱིངས་ན་སྟོང་པ་ཉིད་རྣམ་པར་དག་པ་ཐོབ་ནས། སངས་རྒྱས་རྣམས་ཀྱིས་བདག་མེད་པའི་མཆོག་ཐོབ་པར་གྱུར་པས། དེའི་ཚེ་ན་སངས་རྒྱས་རྣམས་བདག་ཉིད་ཆེན་པོའི་ བདག་ཉིད་དུ་གྱུར་པ་ཞེས་བྱའོ། །དེ་ལྟར་བདག་ཉིད་ཆེན་པོའི་བདག་ཏུ་གྱུར་པས་ན་ཟག་པ་མེད་པའི་དབྱིངས་ལས་བདག་གི་མཆོག་ཏུ་གྱུར་པར་རྣམ་པར་གཞག་སྟེ། འདིས་ནི་བདག་གི་མཆོག་གི་མཚན་ཉིད་བསྟན་ཏོ། །བདག་གི་དཔེ་མེད་པའི་མཆོག་གི་བདག་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ལ་གང་ ཟག་ལ་བདག་མེད་པ་དང་ཆོས་ལ་བདག་མེད་པ་གཉིས་ནི་བདག་མེད་པའི་ཆོས་མཆོག་ཅེས་བྱའོ། །དེའང་ནམ་གཟུང་འཛིན་གྱི་དྲི་མ་ལས་དག་པར་གྱུར་ན་བདག་མེད་པའི་མཆོག་ཏུ་གཞག་གོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་ངོ་བོ་ཉིད་ཀྱི་དོན་དུ་སངས་རྒྱས་རྣམས་ཀྱི་བདག་གོ་ཞེས་བྱ་བའི་དོན་ཏོ། །བདག་ གི་མཆོག་ཐོབ་བདག་མེད་པའི། །ཞེས་བྱ་བའི་བདག་གི་སྒྲ་ནི་འདིའི་སྐབས་སུ་ངོ་བོ་ཉིད་ཀྱི་དོན་ལ་བྱ་སྟེ། སངས་རྒྱས་རྣམས་བདག་མེད་པའི་ངོ་བོ་ཉིད་དུ་གྱུར་པས་བདག་གི་མཆོག་ཐོབ་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་རྣམ་པར་དག་པས་བདག་མེད་པའི་བདག་གི་མཆོག་དག་པ། སངས་རྒྱས་རྣམས་ ཀྱིས་ཐོབ་པར་འགྱུར། །ཞེས་བྱ་བ་ལ། ཟག་པ་མེད་པའི་དབྱིངས་ན་བདག་མེད་པ་གཉིས་རྣམ་པར་བདག་ཉིད་དུ་སངས་རྒྱས་རྣམས་གྱུར་པས་ན་བདག་མེད་པའི་བདག་གི་མཆོག་དམ་པ་སངས་རྒྱས་ཀྱིས་ཐོབ་བོ་ཞེས་བྱ་བའི་དོན་ཏོ། །ད་སངས་རྒྱས་ཤི་ནས་འབྱུང་བར་འགྱུར་རམ་སངས་རྒྱས་ཤི་ནས་འབྱུང་ བར་མི་འགྱུར་རོ་ཞེས་དྲི་བ་ལ་ལུང་བསྟན་དུ་མེད་པར་བསྟན་པའི་ཕྱིར། དངོས་མིན་དངོས་པོ་མེད་མིན་ཏེ། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གསུམ་པ་སྨོས་ཏེ། དེ་ལ་ཟག་པ་མེད་པའི་དབྱིངས་ནས་སངས་རྒྱས་རྣམས་ནི་དངོས་པོ་ཡོད་པ་ཡང་མ་ཡིན་དངོས་པོ་མེད་པ་ཡང་མ་ཡིན་ཏེ། ཅིའི་ ཕྱིར་ཞེ་ན། སངས་རྒྱས་ནི་ཆོས་ཀྱི་སྐུ་ཡིན་ལ། ཆོས་ཀྱི་སྐུ་ནི་སྟོང་པ་ཉིད་ཡིན་པས་སྟོང་པ་ཉིད་ལ་ནི་ཀུན་དུ་བརྟགས་པའི་གང་ཟག་གི་དངོས་པོ་ཡང་མེད། ཀུན་དུ་བརྟགས་པའི་ཆོས་ཀྱི་དངོས་པོ་ཡང་མེད་པའི་ཕྱིར་དངོས་པོ་ཡོད་པ་མ་ཡིན་པའོ། །ཡོངས་སུ་གྲུབ་པའི་རང་ བཞིན་ནི་ཡོད་པ་མ་ཡིན་ལ། ཀུན་བརྟགས་ཀྱི་ཆོས་དང་གང་ཟག་གི་རི་བོང་གི་རྭ་བཞིན་དུ་མེད་པས་ན་དེའི་ཚེ་ན་ཡོད་པར་མི་གཞག་གོ། །དངོས་པོ་མེད་པ་ཡང་མ་ཡིན་ཏེ། དེ་བཞིན་ཉིད་ཡོངས་སུ་གྲུབ་པའི་མཚན་ཉིད་དེའི་ཚེ་ཡོད་པའི་ཕྱིར་རོ། །དེའི་ཕྱིར་སངས་རྒྱས་ཉིད་ཅེས་བརྗོད། །ཞེས་བྱ་བ་ལ་གོང་ དུ་བཤད་པ་ལྟར་ན་སངས་རྒྱས་དེ་དངོས་པོ་ཡོད་པ་ཡང་མ་ཡིན་པ་དངོས་པོ་མེད་པ་ཡང་མ་ཡིན་པར་བརྗོད་དོ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་སངས་རྒྱས་དེ་བཞིན་འདྲི། །ལུང་དུ་མི་བསྟན་ཚུལ་དུ་རིག །ཅེས་བྱ་བ་ལ། དེ་ལྟར་སངས་རྒྱས་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་པས་སངས་རྒྱས་ཤི་ ནས་འབྱུང་བར་འགྱུར་རམ། སངས་རྒྱས་ཤི་ནས་མི་འབྱུང་ངོ་ཞེས་འདྲི་བ་ལ། སངས་རྒྱས་ཤི་ནས་འབྱུང་བར་འགྱུར་བ་ཡིན། སངས་རྒྱས་ཤི་ནས་མི་འབྱུང་བར་འགྱུར་བ་ཡང་མ་ཡིན་ཞེས་ལུང་དུ་མི་བསྟན་པའི་ཚུལ་དུ་རིག་པར་བྱའོ། །ཇི་ལྟ་ཞེ་ན། སངས་རྒྱས་ཤི་ནས་འབྱུང་བར་འགྱུར་བ་མ་ཡིན་ ཏེ། ཀུན་བརྟགས་ཀྱི་བདག་དང་། ཆོས་ཀྱི་མཚན་ཉིད་དུ་མི་འབྱུང་བའི་ཕྱིར་རོ། །སངས་རྒྱས་ཤི་ནས་འབྱུང་བར་འགྱུར་བ་ཡང་མ་ཡིན་ཏེ། ཡོངས་སུ་གྲུབ་པའི་མཚན་ཉིད་དུ་འབྱུང་བའི་ཕྱིར་རོ། །འདིས་ནི་ལུང་དུ་མ་བསྟན་པའི་ཉོན་མོངས་པའི་མཚན་ཉིད་དུ་བསྟན་ཏོ། །ཇི་ལྟར་མིག་ལ་རབ་ རིབ་དང་། །ལྕགས་ལ་ཚ་བ་ཞི་བ་ལྟར། །སངས་རྒྱས་སེམས་དང་ཤེས་རབ་ལ། །ཡོད་དང་མེད་པ་མི་བརྗོད་དོ། །ཞེས་བྱ་བ་ལ། དཔེར་ན་མིག་ལ་རབ་རིབ་ཞི་བ་དེ་ཡོད་པ། །ཞེས་ཀྱང་མི་བརྗོད། མེད་པ་ཞེས་ཀྱང་མི་བརྗོད། ཇི་ལྟར་ཡོད་པ་ཞེས་ཀྱང་མི་བརྗོད་ཅེ་ན། རབ་རིབ་ཞི་བ་དང་མེད་པ་ དང་འགག་པར་གྱུར་པ་དེ་རབ་རིབ་ཀྱི་དངོས་པོར་གྱུར་པ་མ་ཡིན་པའི་ཕྱིར་ཏེ། དཔེར་ན་རིམས་ནད་ཀྱི་ཚ་བ་དང་བྲལ་ན། ནམ་བྲལ་བའི་དུས་ན་རྐང་ལག་ན་བར་བྱེད་པའི་ཚ་བ་དེའི་དུས་ན་མེད་པའི་ཕྱིར་རོ། །མེད་པ་ཞེས་ཀྱང་བརྗོད་དེ། གང་གི་ཕྱིར་མིག་དག་པ་ཡོད་པས་མིག་གི་ལས་གཟུགས་ལ་བལྟ་ བའི་བྱ་བ་བྱེད་པའི་ཕྱིར་ཏེ། གལ་ཏེ་དེའི་ཚེ་ཐམས་ཅད་དུ་མེད་པར་གྱུར་ན་ནི་རབ་རིབ་བཞིན་དུ་མིག་ཀྱང་མེད་པར་གྱུར་པས་མིག་གི་བྱ་བ་གཟུགས་ལ་བལྟ་བ་ལ་སོགས་པའི་བྱ་བ་བྱེད་མི་ནུས་པར་འགྱུར་རོ། །དེ་ཡང་རིམས་ནད་བྱང་བ་དང་འདྲ་སྟེ། རིམས་ནད་བྱང་བ་ནི་རིམས་ཀྱི་ཚ་བ་མེད་ཀྱང་ཚ་བ་དང་ བྲལ་བའི་ལུས་བདེ་བ་ཕྱི་ན་ཡོད་པ་བཞིན་ནོ། །དེ་བཞིན་དུ་ལྕགས་ལ་ཚ་བ་ཞི་བ་ཡང་ཡོད་པ་ཞེས་ཀྱང་མི་བརྗོད། མེད་པ་ཞེས་ཀྱང་མི་བརྗོད་དེ། ཅིའི་ཕྱིར་ཡོད་པ་ཅེས་མི་བརྗོད་ཅེ་ན། ལྕགས་བསིལ་བར་གྱུར་པ་ན་ཚ་བའི་དངོས་པོ་མེད་པའི་ཕྱིར་ཏེ། རིམས་ཀྱི་ཚ་བ་མེད་པ་བཞིན་ནོ། །མེད་ པ་ཞེས་ཀྱང་མི་བརྗོད་དེ། ལྕགས་ཀྱི་བསིལ་བ་ཕྱི་ན་ཡོད་པས་གང་གི་ཕྱིར་བྱ་བ་རྣམ་པ་སྣ་ཚོགས་བྱེད་པའི་ཕྱིར་རོ། །གལ་ཏེ་དེའི་ཚེ་ཐམས་ཅད་དུ་མེད་པར་གྱུར་ན་ནི་ལྕགས་ཀྱང་མེད་པར་གྱུར་པས་ལྕགས་ཀྱི་བྱ་བ་བྱེད་པ་ཡང་མེད་པར་མི་འགྱུར་ཏེ། དེ་ཡང་རིམས་མེད་ཀྱང་རིམས་དང་བྲལ་ བའི་ལུས་བདེ་བ་ཕྱི་ན་ཡོད་པ་བཞིན་ནོ། །དེ་བཞིན་དུ་སངས་རྒྱས་ཀྱི་སེམས་ལྕགས་དང་འདྲ་བ་ལ། འདོད་ཆགས་ཀྱི་མེ་ཚ་བ་དང་འདྲ་བ་ཞི་བ་དང་། སངས་རྒྱས་ཀྱི་ཡེ་ཤེས་མིག་དང་འདྲ་བ་ཡང་མ་རིག་པ་རབ་རིབ་དང་འདྲ་བ་ཞི་བ་ནི་ཡོད་པ་ཞེས་ཀྱང་མི་བརྗོད། མེད་པ་ཞེས་ཀྱང་མི་བརྗོད་དོ། ། ཅིའི་ཕྱིར་ཡོད་པ་ཞེས་ཀྱང་མི་བརྗོད་ཅེ་ན། ནམ་སེམས་རྣམ་པར་གྲོལ་བ་དང་། ཤེས་རབ་རྣམ་པར་གྲོལ་བའི་དུས་ན་འདོད་ཆགས་ཀྱི་ཚ་བ་དང་། མ་རིག་པའི་རབ་རིབ་མེད་པའི་ཕྱིར་རོ། །མེད་པ་ཞེས་ཀྱང་མི་བརྗོད་དེ། སེམས་རྣམ་པར་གྲོལ་བ་དང་། ཤེས་རབ་རྣམ་པར་གྲོལ་བ་ཕྱི་ན་ཡོད་པའི་ཕྱིར་ རོ། །དེ་ལ་འདོད་ཆགས་དང་བྲལ་ན་ནི་སེམས་རྣམ་པར་གྲོལ་བར་འགྱུར་ཏེ། མྱ་ངན་ལས་འདས་པ་ཐོབ་ཅེས་བྱ་བའི་དོན་ཏོ། །མ་རིག་པ་དང་བྲལ་ན་ནི་ཤེས་རབ་རྣམ་པར་གྲོལ་བར་འགྱུར་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་ཅེས་བྱ་བའི་དོན་ཏོ། །དེ་མེད་པས་སྐྱེད་པ་ཡིན་པའི་ཕྱིར་རོ། །མེད་ པ་མ་ཡིན་པ་སྟེ་ཞེས་བྱ་བ་ལ། འདོད་ཆགས་མེད་པ་ལས་བྱུང་བ་ནི་སེམས་རྣམ་པར་གྲོལ་བ། མ་རིག་པ་མེད་པ་ལས་བྱུང་བ་ནི་ཤེས་རབ་རྣམ་པར་གྲོལ་བ་སྟེ། དེ་གཉིས་དང་བྲལ་བའི་བདེ་བའི་མཚན་ཉིད་ནི་མེད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལ་རྣམ་པར་གྲོལ་བའི་མཚན་ཉིད་ནི་འདི་ལྟ་སྟེ། མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་དང་བྲལ་བ་ནི་སེམས་རྣམ་པར་གྲོལ་བའོ། །རྣམ་པར་གྲོལ་བ་ལ་རྣམ་པར་གྲོལ་བ་ཉིད་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་ནི་ཤེས་རབ་རྣམ་པར་གྲོལ་བའོ། །འདིས་ནི་རྣམ་པར་གྲོལ་བའི་མཚན་ཉིད་བསྟན་ཏོ། །དེ་ལ་ འདི་ཡན་ཆད་ཟབ་པ་བསྟན་པ་ལ་མཚན་ཉིད་ཟབ་པ་ལ་ཚིགས་སུ་བཅད་པ་བཞིས་བསྟན་ཏེ། འདི་ཡན་ཆད་ཀྱི་ཚིགས་སུ་བཅད་པ་གསུམ་གྱིས་ནི་དེ་བཞིན་གནས་གཞན་དུ་གྱུར་པ་བསྟན་ཏོ། །ཇི་ལྟར་མིག་ལ་རབ་རིབ་དང་། །ཞེས་བྱ་བའི་ཚིགས་བཅད་གཅིག་གིས་ནི་གནས་ངན་ལེན་གྱི་ལམ་གནས་ བཞིན་དུ་གྱུར་པ་བསྟན་ཏེ། སེམས་གནས་གཞན་དུ་གྱུར་ཏེ་ཞེས་བྱ་བའི་དོན་ཏོ། །དེ་ལ་དེ་བཞིན་གཤེགས་པ་རྣམས་ཟག་པ་མེད་པའི་དབྱིངས་ལ་བཞུགས་པའི་ཚེ། སྐུ་གཅིག་པ་ཞེས་བྱ་བའམ། ཐ་དད་པ་ཞེས་བྱ་ཞེ་ན། དེའི་ཕྱིར། སངས་རྒྱས་རྣམས་ཀྱི་དྲི་མེད་དབྱིངས། །གཅིག་མིན་རྣམ་མང་མ་ ཡིན་ཏེ། །ཞེས་བྱ་བ་ལ་ཚིགས་སུ་བཅད་པ་གཅིག་སྨོས་སོ། །དེ་བཞིན་གཤེགས་པ་རྣམས་ཟག་པ་མེད་པའི་དབྱིངས་ཆོས་ཀྱི་དབྱིངས་ལ་བཞུགས་པའི་དུས་ལ་སྐུ་གཅིག་པ་ཞེས་ཀྱང་མི་བྱ། སྐུ་རྣམ་པ་མང་བ་སྟེ་ཐ་དད་པ་དུ་མ་ཞེས་ཀྱང་མི་བྱའོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ཐ་དད་པ་ཞེས་ཀྱང་མི་ བྱ་ཞེ་ན། དེའི་ཕྱིར། ནམ་མཁའ་ལྟ་བུར་ལུས་མེད་ཅིང་། །ཞེས་བྱ་བ་སྨོས་ཏེ། གང་ལ་ལུས་མེད་པ་དང་། བདག་ཏུ་འཛིན་པ་མེད་པ་དེ་དག་ལ་ནི་ལུས་ཐ་དད་པ་གཞག་པར་མི་ནུས་ཀྱི། གང་ལ་ལུས་ཡོད་པ་དང་། བདག་ཏུ་འཛིན་པ་ཡོད་པ་དེ་ལ་ནི་ལྷ་སྦྱིན་གྱི་ལུས་འདི་ནི་མཆོད་སྦྱིན་གྱི་ལུས་ཐ་དད་པར་གཞག་ པར་ནུས་སོ། །དཔེར་ན་ནམ་མཁའ་ལུས་མེད་པ་ལ་བདག་ཏུ་འཛིན་པ་མེད་པས་ནམ་མཁའ་ལ་ཐ་དད་པར་གཞག་པར་མི་ནུས་པ་དེ་བཞིན་དུ་ཆོས་ཀྱི་དབྱིངས་ལ་བཞུགས་པའི་དུས་ན་ཡང་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ལ་ལུས་མེད་པ་དང་། བདག་ཏུ་འཛིན་པ་མེད་པས་ན་ཐ་དད་པ་དུ་མར་གཞག་སྟེ། ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་མཚན་ཉིད་དུ་རོ་གཅིག་པར་གནས་པའི་ཕྱིར་རོ། །ཇི་ལྟར་གཅིག་པ་མ་ཡིན་ཞེ་ན། དེའི་ཕྱིར། སྔོན་གྱི་ལུས་རྗེས་སུ་འབྲང་བའི་ཕྱིར་ཞེས་བྱ་བ་སྨོས་ཏེ། ཆོས་ཀྱི་དབྱིངས་ལ་བཞུགས་པའི་ཚེ་ན་སྐུ་རྣམ་པ་དུ་མར་གཞག་པ་མེད་མོད་ཀྱི། མོས་པས་སྤྱོད་པའི་ས་ནས་ས་བཅུ་ དག་ལ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་ཅིང་སྤྱོད་པ་ན་བྱང་ཆུབ་སེམས་དཔའི་སོ་སོའི་སྐུ་དུ་མ་ཡོད་པས་ན་སྐུ་གཅིག་པ་ཁོ་ནར་ཡང་མི་གཞག་གོ། །འདིས་ནི་གནས་པ་ཟབ་པ་བསྟན་ཏེ། གཅིག་དང་དུ་མ་མ་ཡིན་པའི་མཚན་ཉིད་དུ་གནས་པའི་ཕྱིར་རོ། །ལས་ཟབ་པ་ནི་བྱང་ཆུབ་ཀྱི་ཕྱོགས་ ལ་སོགས་པ་རིན་པོ་ཆེའི་གནས་ཀྱི་ལས་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ལས་དང་། མཐར་ཐུག་པར་འགྲོ་བའི་ལས་དང་། ཆོས་བསྟན་པའི་ལས་དང་། སྤྲུལ་པ་ལ་སོགས་པ་ཞེས་བྱ་བའི་ལས་དང་། ཡེ་ཤེས་འཇུག་པའི་ལས་དང་། རྣམ་པར་མི་རྟོག་པའི་ལས་དང་། སྣ་ཚོགས་ཀྱི་ རྣམ་པའི་ཡེ་ཤེས་ཀྱི་ལས་དང་། ཡེ་ཤེས་མི་འཇུག་པའི་ལས་དང་། རྣམ་པར་གྲོལ་བ་མཚུངས་པ་ལ་ཡེ་ཤེས་ཀྱི་བྱེ་བྲག་གི་ལས་དང་། ལས་དེ་རྣམས་བསྟན་ཏེ། སྟོབས་སོགས་སངས་རྒྱས་ཆོས་རྣམས་ཀྱིས། །བྱང་ཆུབ་རིན་ཆེན་འབྱུང་གནས་འདྲ། །ཞེས་བྱ་བ་ལ། ཉོན་མོངས་པ་དང་ཤེས་ བྱའི་སྒྲིབ་པ་སྤངས་ནས། མངོན་པར་བྱང་ཆུབ་པ་ནི་རིན་པོ་ཆེའི་འབྱུང་གནས་དང་འདྲ་སྟེ། ཇི་ལྟར་ཞེ་ན། དཔེར་ན་རིན་པོ་ཆེའི་འབྱུང་གནས་ནས། རིན་པོ་ཆེ་རྣམ་པ་སྣ་ཚོགས་འབྱུང་བ་དེ་བཞིན་དུ། མངོན་པར་བྱང་ཆུབ་པ་ལས་ཀྱང་སྟོབས་དང་མི་འཇིགས་པ་དང་། མ་འདྲེས་པ་དང་། བྱང་ཆུབ་ཀྱི་ ཕྱོགས་ཀྱི་ཆོས་རིན་པོ་ཆེ་འབྱུང་བའི་ཕྱིར་ཏེ། འདི་ནི་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་རིན་པོ་ཆེའི་གནས་ཀྱི་ལས་བསྟན་ཏོ། །འགྲོ་བའི་དགེ་བའི་ལོ་ཏོག་གི། །སྤྲིན་ཆེན་དང་ཡང་འདྲ་བར་རིག །ཅེས་བྱ་བ་ལ། སྤྲིན་ཆེན་པོ་ལས་ཆར་བབ་ནས་འབྲུ་རྣམ་པ་སྣ་ཚོགས་སྨིན་པར་བྱེད་པ་དེ་བཞིན་དུ་སེམས་ ཅན་རྣམས་ཀྱི་སེམས་ཀྱི་རྒྱུད་ལ་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱིས་དགེ་བའི་ལོ་ཏོག་སྐྱེ་བའི་རྒྱུ་བྱེད་པས་ན། ཟག་པ་མེད་པའི་དབྱིངས་ནི་སྤྲིན་ཆེན་པོ་དང་འདྲ་བར་རིག་པར་བྱ་སྟེ། འདིས་ནི་སེམས་ཅན་ཡོངས་སུ་སྨིན་པའི་ལས་བསྟན་ཏོ། །བསོད་ནམས་ཡེ་ཤེས་རབ་རྫོགས་པས། །ཟླ་བ་ཉ་བ་འདྲ་བར་རིག ཅེས་བྱ་བ་ལ། ཟླ་བ་ཉ་བའི་དུས་ན། ཟླ་བ་ཆ་ཤས་རྫོགས་པས་ད་རྫོགས་པར་བྱ་བ་ཅུང་ཟད་ཀྱང་མེད་དེ། རྣམ་པ་ཐམས་ཅད་དུ་རྫོགས་པ་དེ་བཞིན་དུ་མངོན་པར་སངས་རྒྱས་པའི་དུས་ན་ཡང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མ་རྫོགས་པ་ཅུང་ཟད་ཀྱང་མེད་དེ། བསོད་ནམས་ཀྱི་ཚོགས་ཐམས་ཅད་རྫོགས་ཡེ་ ཤེས་ཀྱི་ཚོགས་ཐམས་ཅད་རྫོགས་པས་ཟླ་བ་ཉ་བ་དང་འདྲ་སྟེ། འདིས་ནི་མཐར་འགྲོ་བའི་ལས་བསྟན་ཏོ། །ཡེ་ཤེས་སྣང་བ་བྱེད་པའི་ཕྱིར། །ཉི་མ་ཆེན་པོ་འདྲ་བར་རིག །ཅེས་བྱ་བ་ལ། དེ་ལ་ཉི་མ་ལ་ནི་ཆེ་ཆུང་མེད་དེ། ཐམས་ཅད་ཀྱང་གླིང་བཞི་སྣང་བ་ཙམ་དུ་ཟད་དོ། །དེ་ལ་ཉི་མ་ཆེན་པོ་ཞེས་ བྱ་བ་ཡང་ནི་ཡོད་པར་མི་སྲིད་མོད་ཀྱི། འོན་ཀྱང་སྒྲོ་བཏགས་ནས་ཐམས་ཅད་དུ་བྱས་ཏེ། གང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྣང་བར་བྱེད་པ་ལ་ཉི་མ་ཆེན་པོ་ཞེས་བྱ་བ་སྟེ། དཔེར་ན་ཉི་མ་ཆེན་པོས་སྟོང་གསུམ་ཀུན་དུ་སྣང་བར་བྱེད་པ་དེ་བཞིན་དུ། དེ་བཞིན་ གཤེགས་པ་རྣམས་ཀྱི་ཡེ་ཤེས་ལས་ཀྱང་དམ་པའི་ཆོས་བཤད་པའི་འོད་ཟེར་བྱུང་ནས་ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་ལ་སྣང་བར་བྱེད་པས་ན་ཉི་མ་ཆེན་པོ་དང་འདྲ་སྟེ། འདིས་ནི་ཆོས་བསྟན་པའི་ལས་བཤད་དོ། །ཉི་མའི་དཀྱིལ་འཁོར་འོད་ཟེར་ནི། །ཞེས་བྱ་བ་ལ། ཉི་མའི་ དཀྱིལ་འཁོར་ལས་བྱུང་བའི་འོད་ཟེར་ལ་ཉི་མའི་དཀྱིལ་འཁོར་གྱི་འོད་ཟེར་ཞེས་བྱ་བ་སྟེ། འོད་ཟེར་རྣམ་པ་གཉིས་སུ་འཇུག་སྟེ། འདྲེས་པ་གཅིག་ཏུ་འཇུག་པ་དང་བྱ་བ་གཅིག་ཏུ་འཇུག་པའོ་ཞེས་བྱ་བའི་དོན་ཏོ། །འདྲེས་པ་ཚད་མེད་པ་དེ་བཞིན་དུ་ཞེས་བྱ་བས་འདྲེས་པ་གཅིག་ཏུ་འཇུག་པ་བསྟན་ཏེ། འདྲེས་པ་གཅིག་ཅེས་བྱ་བའི་དོན་ཏོ། །འོད་ཟེར་དེ་དག་དང་པོ་ཡང་ཉི་མའི་དཀྱིལ་འཁོར་ལས་བྱུང་བ་ལ། བྱུང་བའི་ཚེ་ན་ཡང་དུས་གཅིག་ཏུ་བྱུང་ཞིང་ཐ་དད་པ་མི་འདྲ་བ་མེད་པར་འབྱུང་ལ། རྟེན་ཀྱང་ཉི་མའི་དཀྱིལ་འཁོར་ལ་བརྟེན་ཅིང་འོད་ཟེར་ཐམས་ཅད་སྣང་བར་བྱེད་པར་འོད་ཟེར་གཅིག་གིས་སྣང་བའི་ལས་ བྱས་པ་ན་འོད་ཟེར་ཚད་མེད་པ་གཞན་ཐམས་ཅད་ཀྱི་སྣང་བའི་ལས་ཀྱང་འོད་ཟེར་གཅིག་པོ་དེས་བྱས་པ་ཡིན་ཏེ། འདྲེས་པའི་ལས་བྱས་པའི་དོན་ནི་དེའོ། །རྟག་ཏུ་བྱ་བ་གཅིག་འཇུག་ཅིང་། །ཞེས་བྱ་བ་ལ། བྱ་བ་གཅིག་ཏུ་འཇུག་པར་བསྟན་ཏེ། བྱ་བ་གཅིག་ཏུ་འཇུག་པའི་དོན་ནི་འོད་ཟེར་གཅིག་གིས་ འདམ་ལ་སོགས་པ་སྐེམས་པར་བྱེད་པ་དང་། ལོ་ཏོག་ལ་སོགས་པ་སྨིན་པར་བྱེད་པའི་ལས་བྱེད་པ་དེ་བཞིན་དུ། འོད་ཟེར་གཉིས་པ་དང་གསུམ་པ་ལ་སོགས་པ་ཡང་གཞན་མི་བྱེད་ཀྱི། སྐེམས་པ་དང་སྨིན་པར་བྱེད་པའི་ལས་བྱེད་པར་ཟད་པས་ན་བྱ་བ་གཅིག་གོ། །དེ་བཞིན་ཟག་པ་མེད་དབྱིངས་ན། ། ཞེས་བྱ་བ་ལ། དེ་དང་འདྲ་བར་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཟག་པ་མེད་པའི་དབྱིངས་ན་བཞུགས་པའི་ཚེ་ན་ཡང་དེ་བཞིན་གཤེགས་པ་རྣམས་འདྲེས་པ་གཅིག་ཏུ་འཇུག་པ་དང་། བྱ་བ་གཅིག་ཏུ་འཇུག་གོ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་རྣམས་ཀྱི་ཚད་མེད་འདྲེས་པ་གཅིག་ཏུ་ འཇུག་པ་སྟོན་ཏེ། དེ་བཞིན་དུ་དེ་བཞིན་གཤེགས་པའི་ཕྲིན་ལས་ནི་ཚད་མེད་པ་མཛད་ན་ཡང་ནམ་ཡང་དེ་བཞིན་གཤེགས་པ་གཅིག་གིས་སེམས་ཅན་གཅིག་ཡོངས་སུ་སྨིན་པར་མཛད་པ་ན་ཆོས་ཀྱི་སྐུ་ལ་ཐ་དད་པ་མེད་དེ། ཆོས་ཀྱི་སྐུ་རང་བཞིན་གཅིག་པས་ན། དེའི་ཚེ་དེ་བཞིན་གཤེགས་པ་ ཐམས་ཅད་ཀྱིས་ཀྱང་སེམས་ཅན་ཡོངས་སུ་སྨིན་པར་མཛད་པ་ཡིན་ཏེ། འདི་ནི་འདྲེས་པ་གཅིག་པའི་དོན་ཏོ། །བྱ་བ་དག་ལ་བྱེད་གཅིག་ཅིང་། །ཞེས་བྱ་བས་བྱེད་པ་གཅིག་པའི་དོན་བསྟན་ཏོ། །བྱེད་པ་གཅིག་པ་ནི་ཇི་ལྟར་དེ་བཞིན་གཤེགས་པ་གཅིག་གིས་སྤྲུལ་པ་མཛད་ཅིང་སེམས་ཅན་གྱི་ སེམས་ཀྱི་རྒྱུད་ལ་ཉོན་མོངས་པ་འདམ་དང་འདྲ་བ་སྐེམས་པར་བྱེད་པ་དང་། དགེ་བའི་ལོ་ཏོག་སྨིན་པར་མཛད་པ་དེ་བཞིན་དུ་དེ་བཞིན་གཤེགས་པ་གཞན་གྱིས་ཀྱང་ཕྲིན་ལས་དེ་ཁོ་ན་མཛད་པར་ཟད་ཀྱི་ཕྲིན་ལས་གཞན་མ་མཛད་པས་ན་བྱ་བ་གཅིག་གོ། །ཡེ་ཤེས་སྣང་བ་བྱེད་པར་འདོད། །ཅེས་བྱ་བ་ ལ། ཇི་ལྟར་ཉི་མའི་འོད་ཟེར་གཅིག་གིས་འཇིག་རྟེན་གྱི་ཁམས་སྣང་བར་བྱ་བ་ཀུན་དུ་བྱེད་པ་དེ་བཞིན་དུ་འོད་ཟེར་གཉིས་པ་ལ་སོགས་པས་ཀྱང་གཅིག་གིས་ཁྱབ་པའི་གནས་ཀུན་དུ་ཁྱབ་ཅིང་སྣང་བར་བྱེད་པ་དེ་དང་འདྲ་བར་དེ་བཞིན་གཤེགས་པ་གཅིག་གི་ཡེ་ཤེས་ཀྱིས་ཤེས་བྱ་ཀུན་ལ་ཁྱབ་ཅིང་སྣང་བ་དང་། སྤྲུལ་པའི་ལས་ཀྱིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དེ་བཞིན་དུ། དེ་བཞིན་གཤེགས་པ་གཞན་གྱིས་ཀྱང་ཡེ་ཤེས་ཤེས་བྱ་ཀུན་ལ་སྣང་ཞིང་ཁྱབ་པར་བྱེད་ལ། སྤྲུལ་པས་སེམས་ཅན་སྨིན་པར་བྱེད་ལ་ཡོངས་སུ་སྨིན་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །འདིས་ནི་སྤྲུལ་པ་ལ་སོགས་པའི་བྱ་ བའི་ལས་བསྟན་ཏོ། །ཉི་མའི་འོད་ཟེར་གཅིག་བྱུང་ན། །འོད་ཟེར་ཐམས་ཅད་འབྱུང་བ་བཞིན། །ཞེས་བྱ་བ་ལ། དཔེར་ན་ཉི་མའི་འོད་ཟེར་གཅིག་འབྱུང་བའི་དུས་ན་འོད་ཟེར་གཞན་མ་བྱུང་ཡང་མ་ཡིན་པ་དང་། སྔ་ཕྱིར་བྱུང་བ་ཡང་མ་ཡིན་གྱི། ཐམས་ཅད་དུས་གཅིག་ཏུ་འབྱུང་བ་དེ་བཞིན་དུ་ཞེས་བྱ་བའི་དོན་ ཏོ། །དེ་བཞིན་སངས་རྒྱས་རྣམས་ཀྱི་ཡང་། །ཡེ་ཤེས་འབྱུང་བར་ཤེས་པར་བྱ། །ཞེས་བྱ་བ་ལ། དེ་དང་འདྲ་བར་སངས་རྒྱས་ཀྱི་ཡེ་ཤེས་ཤེས་བྱ་ལ་འཇུག་པ་ན་ཤེས་བྱ་ཁ་ཅིག་ནི་མཁྱེན་ཁ་ཅིག་ནི་མི་མཁྱེན་ཅེའམ། ཁ་ཅིག་ནི་སྔར་མཁྱེན་ཁ་ཅིག་ནི་ཕྱིས་མཁྱེན་ཞེས་ བྱ་བ་མེད་པར་དུས་གཅིག་ཏུ་ཕུང་པོ་དང་ཁམས་ལ་སོགས་པའི་ཤེས་བྱ་རྣམ་པ་སྣ་ཚོགས་མ་ལུས་པ་མཁྱེན་ཏོ་ཞེས་བྱ་བའི་དོན་ཏོ། །འདིས་ནི་ཡེ་ཤེས་འཇུག་པའི་ལས་བསྟན་ཏོ། །ཇི་ལྟར་ཉི་མའི་འོད་ཟེར་ནི། །འཇུག་པ་བདག་གིར་བྱ་བ་མེད། །ཅེས་བྱ་བ་ལ། དཔེར་ན་ཉི་མའི་འོད་ཟེར་འདིས་ སྣང་བར་བྱ་བའི་གནས་སེམས་ཅན་དང་གླིང་དག་ཏུ་སྣང་བར་བྱེད་པ་ལ་འཇུག་ཅིང་། གནས་འདི་དག་ཏུ་ནི་བདག་གིས་སྣང་བར་བྱ། འདི་དག་ཏུ་ནི་མི་བྱ་ཞེས་རྟོག་པ་དང་། འོད་ཟེར་དེ་དག་ནི་བདག་གི་འོད་ཟེར་ཡིན་ཏེ། འོད་ཟེར་འདིས་ཀུན་དུ་སྣང་བར་བྱའོ་སྙམ་དུ་མི་རྟོག་གོ་ཞེས་བྱ་བའི་དོན་ཏོ། ། དེ་བཞིན་སངས་རྒྱས་ཡེ་ཤེས་ཀྱང་། །འཇུག་པ་བདག་གིར་བྱ་བ་མེད། །ཅེས་བྱ་བ་ལ། དེ་བཞིན་དུ་གང་ཟག་དང་ཆོས་ལ་བདག་མེད་པར་ཐུགས་སུ་ཆུད་ནས་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་སྤངས་པའི་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་ཡེ་ཤེས་བཞིས་སེམས་ཅན་རྣམས་ལ་ཕན་པ་ དང་། བདེ་བ་དག་ལ་འཇུག་པ་ནང་དང་བདག་ཏུ་རྟོག་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །འདིས་ནི་རྣམ་པར་མི་རྟོག་པའི་ལས་བསྟན་ཏོ། །ཉི་མའི་འོད་ཟེར་གཅིག་བཏང་བས། །ཇི་ལྟར་འཇིག་རྟེན་སྣང་བྱེད་བཞིན། །ཞེས་བྱ་བ་ལ། ཉི་མའི་འོད་ཟེར་སྟོང་དང་ལྡན་པར་འདོད་དེ། དེ་ལས་ཀྱང་འོད་གཅིག་ གིས་འཇིག་རྟེན་གྱི་ཁམས་དང་གླིང་ཐམས་ཅད་དུ་སྣང་བར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་ཤེས་བྱ་ཐམས་ཅད་ལ། །སངས་རྒྱས་ཡེ་ཤེས་ཅིག་ཅར་སྣང་། །ཞེས་བྱ་བ་ལ། དཔེར་ན་མེ་ལོང་གི་དཀྱིལ་འཁོར་དུ་དེ་དང་ཉེ་བའི་གཟུགས་རྣམས་ཇི་སྙེད་ཡོད་པ་ཐམས་ཅད་དུས་གཅིག་ཏུ་སྣང་བ་དེ་ བཞིན་དུ་ཤེས་པར་བྱ་བའི་ཆོས་ཕུང་པོ་དང་ཁམས་ལ་སོགས་པ་ཇི་སྙེད་ཡོད་པ་ཐམས་ཅད་ལ་ཡེ་ཤེས་ཅིག་ཅར་འཇུག་སྟེ། ཐོགས་པ་མེད་པར་དུས་གཅིག་ཏུ་ཐམས་ཅད་ཐུགས་སུ་ཆུད་ཅེས་བྱ་བའི་དོན་ཏོ། །འདིས་ནི་སྣ་ཚོགས་ཀྱི་རྣམ་པ་ཡེ་ཤེས་ཀྱི་ལས་བསྟན་ཏོ། །ཇི་ལྟར་ཉི་མའི་འོད་ཟེར་ལ། ། སྤྲིན་ལ་སོགས་པས་བསྒྲིབ་པར་འདོད། །ཞེས་བྱ་བ་ལ། དཔེར་ན་ཉི་མའི་འོད་ཟེར་ཀུན་དུ་སྣང་བ་བཀྱེ་ཡང་། སྤྲིན་དང་ཁང་ཁྱིམ་དང་སྐྱབས་ལ་སོགས་པས་བསྒྲིབས་ན་འོད་ཟེར་མི་སྣང་སྟེ། ཉི་མའི་འོད་ཟེར་གྱིས་བསྒྲིབས་ཏེ་མི་སྣང་བར་བྱས་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་ སངས་རྒྱས་ཡེ་ཤེས་ལ། །སྒྲིབ་པ་སེམས་ཅན་ཉེས་ལྡན་པས། །ཞེས་བྱ་བ་ལ། དེ་དང་འདྲ་བར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་སེམས་ཅན་གྱི་དོན་དུ་ཡེ་ཤེས་ཀྱི་འོད་ཟེར་ཀུན་དུ་བཏང་ཡང་སེམས་ཅན་གྱིས་སྤྲུལ་པའི་སྐུ་ལ་སོགས་པ་མི་མཐོང་བ་ནི་སེམས་ཅན་རྣམས་ཀྱི་རྒྱུད་ལ་སྣོད་དུ་མི་ འགྱུར་བའི་སྒྲིབ་པ་རྟོག་པ་ལྔ་ལ་སོགས་པའི་ཉེས་པ་དང་ལྡན་པས་ན་མ་མཐོང་ངོ་ཞེས་བྱ་བའི་དོན་ཏོ། །འདིས་ནི་ཡེ་ཤེས་མི་འཇུག་པའི་ལས་བསྟན་ཏོ། །ཇི་ལྟར་མདུད་པའི་དབང་གིས་ན། །གོས་ལ་མཚོན་བཀྲ་རི་མོ་བཞིན། །ཞེས་བྱ་བ་ལ། དཔེར་ན་གོས་དཀར་པོའི་མཚན་ཉིད་རང་བཞིན་ གཅིག་ཀྱང་མདུད་པ་བོར་ནས་ཚོན་དུ་བཅོས་ན་གང་དུ་མདུད་པ་མ་བོར་བར་ནི་ཚོན་གྱིས་ཞེན་ལ། གང་དུ་མདུད་པ་བོར་བར་རི་མོ་བཀྲ་བ་དེ་བཞིན་དུ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་འཕེན་པའི་དབང་གིས་ནི། །གྲོལ་བའི་ཡེ་ཤེས་རི་མོ་བཀྲ། །ཞེས་བྱ་བ་ལ། དེ་དང་འདྲ་བའི་ཟག་པ་མེད་པའི་ དབྱིངས་སྟོང་པ་ཉིད་དུ་རོ་གཅིག་མོད་ཀྱི། སྔོན་བྱང་ཆུབ་སེམས་དཔའི་དུས་ན་སྨོན་ལམ་བཏབ་པ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པའི་ཤུགས་ཀྱིས་ན་དེ་བཞིན་གཤེགས་པ་རྣམས་ཀྱི་རྣམ་པར་གྲོལ་བའི་ཡེ་ཤེས་རི་མོ་བཀྲ་སྟེ། ཡེ་ཤེས་རྣམ་པ་བཞི་མངའ་བ་དང་། ཡེ་ ཤེས་དེས་ཀྱང་ཤེས་བྱ་ཐམས་ཅད་ཐུགས་སུ་ཆུད་པ་དང་། སྐུ་དང་གསུང་དང་ཐུགས་སྤྲུལ་པ་ལ་སོགས་པ་རྣམ་པ་སྣ་ཚོགས་འབྱུང་བའི་ཕྱིར་ཏེ། འདིས་ནི་རྣམ་པར་གྲོལ་བ་མཚུངས་པ་ལ་ཡེ་ཤེས་ཀྱི་བྱེ་བྲག་གི་ལས་བསྟན་ཏོ། །ཇི་ལྟ་ཞེ་ན། ཉོན་མོངས་པ་སྤངས་པའི་མཚན་ཉིད་དུ་ནི་ཉན་ ཐོས་དང་། རང་སངས་རྒྱས་དང་། དེ་བཞིན་གཤེགས་པ་འདྲ་མོད་ཀྱི་ཉན་ཐོས་ལ་སོགས་པས་ཤེས་བྱའི་སྒྲིབ་པ་མ་སྤངས་པ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་མ་བསགས་པས་ཡེ་ཤེས་བཞི་དང་། སྤྲུལ་པ་རྣམ་པ་སྣ་ཚོགས་འགྱེད་པར་མི་ནུས་པས་ན་རྣམ་པར་གྲོལ་ བ་བཀྲ་བ་མ་ཡིན་ནོ། །ཟག་པ་མེད་པའི་དབྱིངས་ནི་ཟབ་པ་རྒྱ་ཆེ་བར་བཤད་ནས། དོན་དེ་ཉིད་བསྡུས་ཏེ་བསྟན་པའི་ཕྱིར། དྲི་མེད་དབྱིངས་ཀྱང་ཟབ་པ་ནི། །མཚན་དང་གནས་དང་ལས་རྣམས་དང་། །སངས་རྒྱས་རྣམས་ཀྱིས་དེ་བཤད་པ། །ཚོན་ གྱིས་ནམ་མཁར་རི་མོ་འདྲི། །ཞེས་བྱ་བ་སྨོས་ཏེ། དྲི་མ་མེད་པའི་དབྱིངས་ནི་ཟག་པ་མེད་པའི་དབྱིངས་སོ། །ཟག་པ་མེད་པའི་དབྱིངས་དེ་ནི་གཟུང་འཛིན་གྱི་སྤྲོས་པ་ཐམས་ཅད་ལས་འདས་པས་ན་ནམ་མཁའ་ལྟར་ཟབ་པ་སྟེ། དེ་ཡང་ཟབ་པ་རྣམ་པ་གསུམ་མོ། །གང་ཞེ་ན། མཚན་ ཉིད་ཟབ་པ་དང་། གནས་ཟབ་པ་དང་། ལས་ཟབ་པའོ། །དེ་གསུམ་སངས་རྒྱས་ཀྱིས་བཤད་པ་ནི་ཚོན་གྱིས་ནམ་མཁའ་ལ་རི་མོ་འདྲི་བ་དང་འདྲ་སྟེ། དཔེར་ན་སྐྱེས་བུ་ལ་ལ་ཞིག་གིས་ཚོན་གྱིས་ནམ་མཁའ་ལ་རི་མོ་འདྲི་བར་བྱེད་ན་དེ་ནི་ཤིན་ཏུ་དཀའ་བ་སྤྱོད་པ་ཡིན་ནོ། །འོན་ཀྱང་སྐྱེས་ བུ་མཁས་པ་དེས་ཚོན་གྱིས་ནམ་མཁའ་ལ་རི་མོ་འདྲི་བར་བྱེད་དོ། །དེ་ནི་ཤིན་ཏུ་ངོ་མཚར་དུ་བྱའོ། །དེ་དང་འདྲ་བར་ཟག་པ་མེད་པའི་དབྱིངས་ནི་འཕགས་པ་རྣམས་ཀྱི་ཡེ་ཤེས་ཀྱིས་སོ་སོ་རང་གིས་རིག་པར་བྱ་བའི་ཆོས་ཡིན་ཏེ། ཚིག་ཏུ་བརྗོད་པ་མི་ནུས་ན་དེ་བཞིན་གཤེགས་པ་རྣམས་ཀྱིས་ མཚན་ཉིད་ཟབ་པ་དང་། གནས་ཟབ་པ་དང་། ལས་ཟབ་པའི་སྒོ་ནས་ཚིགས་སུ་བཅད་པ་ནི་ཀུན་དུ་དཀའ་བར་སྤྱོད་པ་སྟེ། ངོ་མཚར་དུ་བྱ་བ་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། །སྤྲོས་པ་མེད་པའི་ཕྱིར་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པ་གཉིས་མེད་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །ཆོས་ཀྱི་དབྱིངས་ དེ་སེམས་ཅན་ལ་ཡོད་པར་བསྟན་པའི་ཕྱིར། ཐམས་ཅད་བྱེ་བྲག་མེད་པར་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་སྨོས་སོ། །དེ་བཞིན་ཉིད་ནི་གང་ཟག་དང་ཆོས་ལ་བདག་མེད་པའི་རང་བཞིན་ཡིན་ཏེ། བདག་མེད་པ་གཉིས་ཀྱིས་ནི་དངོས་པོ་ཀུན་ལ་ཁྱབ་པོ། །དེ་ལས་ཀྱང་སོ་སོའི་ སྐྱེ་བོ་རྣམས་ལ་ཡོད་པའི་གང་ཟག་དང་ཆོས་ལ་བདག་མེད་པ་དང་། འཕགས་པ་རྣམས་ལ་ཡོད་པའི་གང་ཟག་དང་ཆོས་ལ་བདག་མེད་པ་གཉིས་སུ་ཐ་དད་པ་མེད་པས་ན་བྱེ་བྲག་མེད་པ་ཞེས་བྱའོ། །དེ་བཞིན་ཉིད་ནི་དག་གྱུར་པས། །དེ་བཞིན་གཤེགས་པ་ཞེས་བྱ་བ་ལ། དེ་བཞིན་ཉིད་ ནི་ཀུན་ལ་ཡོད་མོད་ཀྱི། ནམ་བདག་མེད་པ་གཉིས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་གློ་བུར་དང་བྲལ་ཏེ། དག་པར་གྱུར་པ་དེ་ནི་དེ་བཞིན་གཤེགས་པ་ཞེས་བྱའོ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར། དེ་ཡི་སྟོང་པ་ལུས་ཅན་ཀུན། །ཞེས་བྱ་བ་ལ། དེ་ལྟར་དེ་བཞིན་ཉིད་སེམས་ཅན་ལ་ཡོད་པས་ ན་དེའི་ཕྱིར་སེམས་ཅན་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འབྱོར་པ་རྣམ་པར་དབྱེ་བ་ཚིགས་སུ་བཅད་པ་བཅུ་གཅིག་གོ་ཞེས་བྱ་བ་ལ། ཟག་པ་མེད་པའི་དབྱིངས་ཟབ་པ་བཤད་ནས། ད་ཚིགས་སུ་བཅད་པ་བཅུ་གཅིག་གིས་ཟག་པ་མེད་པའི་ དབྱིངས་དེ་འབྱོར་པ་དང་། བདེ་བ་དང་། སྐྱིད་པ་དང་ལོངས་སྤྱོད་ཕུན་སུམ་ཚོགས་པ་ལྔ་པ་དང་ལྡན་པར་སྟོན་ཏོ་ཞེས་བྱ་བའི་དོན་ཏོ། །ཉན་ཐོས་རྣམས་ཀྱི་འབྱོར་པས་ནི། །འཇིག་རྟེན་པ་ཡི་ཟིལ་གྱིས་གནོན། །ཅེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་ཀྱི་བསྡུས་ པའི་དོན་ནི་ཟག་པ་མེད་པའི་དབྱིངས་ན་མཐུའི་མཆོག་གི་ཁྱད་པར་ལྡན་པས་སངས་རྒྱས་རྣམས་ཀྱི་འབྱོར་པའི་ཁྱད་བསྟན་པ་ཡིན་ཏེ། ཉན་ཐོས་རྣམས་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་། མངོན་པར་ཤེས་པ་རྣམས་ཀྱིས་ནི་འཇིག་རྟེན་པའི་བསོད་ནམས་དང་། ཡེ་ཤེས་ཀྱི་ ཚོགས་དང་། དྲང་སྲོང་གི་མངོན་པར་ཤེས་པ་ལ་སོགས་པ་འབྱོར་པ་ཟིལ་གྱིས་གནོན་ཏེ། ཅིའི་ཕྱིར་ཞེ་ན། འཇིག་རྟེན་པའི་འབྱོར་པ་བས་ནི་ཉན་ཐོས་ཀྱི་འབྱོར་པ་ཁྱད་ཞུགས་ཞིང་རྒྱ་ཆེ་བའི་ཕྱིར་རོ། །རང་སངས་རྒྱས་ཀྱི་ས་ཡིས་ནི། །ཉན་ཐོས་ཀྱི་ནི་ཟིལ་གྱིས་གནོན། །ཅེས་བྱ་བ་ལ། རང་ སངས་རྒྱས་ཀྱི་སའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་། མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་གྱིས་ཉན་ཐོས་ཀྱི་འབྱོར་པ་ཟིལ་གྱིས་གནོན་ཏེ། དེ་བས་འཕགས་ཤིང་རྒྱ་ཆེ་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའི་འབྱོར་པ་ཡི། །དེ་ཡི་ཆར་ཡང་ཉེར་མི་འགྲོ། །ཞེས་བྱ་བ་ལ། བྱང་ ཆུབ་སེམས་དཔའ་རྣམས་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་། མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་གྱི་ཐད་ནས་སངས་རྒྱས་ཀྱི་ཡོན་ཏན་བརྒྱའི་ཆ་སྟོང་གི་ཆ། བྱེ་བའི་ཆར་ཡང་མི་འགྲོ་ཞེས་བྱ་བས་ན། གྲངས་དང་བགྲང་བ་དང་། དཔེ་ལ་སོགས་པར་ཡང་མི་རུང་ངོ་ཞེས་ བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པའི་འབྱོར་པ་ཡི། །དེ་ཡི་ཆར་ཡང་ཉེར་མི་འགྲོ། །ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་རྣམས་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་། མངོན་པར་ཤེས་པ་དང་། སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་ གྱི་ཐད་ནས་བྱང་ཆུབ་སེམས་དཔའི་འབྱོར་པ་དང་། ཡོན་ཏན་བརྒྱའི་ཆ་དང་། སྟོང་དང་། བྱེ་བའི་ཆར་ཡང་ཉེ་བར་མི་འགྲོ་ཞེས་བྱ་བའི་དོན་ཏོ། །ས་བཅུའི་ས་བཅུ་པ་ལས་ཀྱང་། ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པའི་ཡུལ་དང་བྱིན་གྱི་རླབས་འདི་ཡང་དེ་ལྟར་ཚད་མེད་པ་ དེ་བཞིན་གཤེགས་པ་རྣམས་ཀྱི་སྤྱོད་ཡུལ་དང་ཡུལ་འཇུག་པ་ཅི་འདྲ། བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོས་སྨྲས་པ། ཀྱེ་རྒྱལ་བའི་སྲས་འདི་ལྟ་སྟེ། དཔེར་ན་མི་ལ་ལ་ཞིག་གིས་འཇིག་རྟེན་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ནས་རྡེའུ་རྒྱ་ཤུག་གི་ཚི་གུ་ཙམ་གཉིས་སམ་གསུམ་བླངས་ཏེ། འདི་སྐད་ དུ། འཇིག་རྟེན་གྱི་ཁམས་མཐའ་ཡས་པ་དག་ན་སའི་ཁམས་ཇི་སྙེད་ཅིག་ཡོད། རྡེའུ་འདི་ལས་ཇི་ཙམ་ཞིག་གིས་ལྷག་པར་འཕགས་ཤིང་ལྷག་པར་ཚད་མེད་ཅེས་ཟེར་བ་ཞིག་ཡོད་ན། ཀྱེ་རྒྱལ་བའི་སྲས་དེ་ལྟར་ཁྱོད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ཡེ་ཤེས་ཚད་ མེད་པ་མངའ་བ་རྣམས་ཀྱི་ཆོས་ཉིད་ལ་བྱང་ཆུབ་སེམས་དཔའི་ཆོས་ཉིད་ཀྱིས་འཇལ་བ་ནི་ཁྱོད་ཀྱིས་ཚིག་འདི་དང་འདྲ་བར་བདག་གི་དཔགས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཚིགས་སུ་བཅད་པ་གསུམ་པའི་བསྡུས་པའི་དོན་ནི་རྣམ་པར་རབ་ཏུ་དབྱེ་བའི་ཁྱད་པར་དང་། ཟབ་པའི་ཁྱད་པར་ཉིད་ ཀྱིས་སངས་རྒྱས་ཀྱི་འབྱོར་པ་ཚད་མེད་པ་དང་། བསམ་གྱིས་མི་ཁྱབ་པར་སྟོན་ཏེ། རབ་ཏུ་དབྱེ་བའི་ཁྱད་པར་གྱིས་ན་ཚད་མེད་པ་ཞེས་བྱ་སྟེ། ཚིག་གི་སྒོ་ནས་དེ་བཞིན་གཤེགས་པའི་འབྱོར་པ་ལ་གྲངས་ཀྱིས་འདི་སྙེད་ཅིག་ཡོད་ཅེས་བཅད་པར་མི་ནུས་པས་ན་ཚད་མེད་པ་ཞེས་བྱའོ། །ཟབ་པའི་ཁྱད་ པར་གྱིས་ན་བསམ་གྱིས་མི་ཁྱབ་པའོ་ཞེས་བྱ་སྟེ། དེ་བཞིན་གཤེགས་པའི་འབྱོར་པ་ནི་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པའི་སེམས་ཀྱི་སྤྱོད་ཡུལ་ལས་འདས་པའི་ཕྱིར་རོ། །སངས་རྒྱས་རྣམས་ཀྱི་འབྱོར་པ་ནི། །བསམ་ཡས་དཔག་ཏུ་མེད་པར་འདོད། །ཅེས་བྱ་བ་ལ། དེ་བཞིན་གཤེགས་ པ་རྣམས་ཀྱི་འབྱོར་པ་དང་ལོངས་སྤྱོད་ནི་བསམ་གྱིས་མི་ཁྱབ་པར་འདོད་པ་དང་། དཔག་ཏུ་མེད་པར་འདོད་དེ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ཞེ་ན། འབྱོར་པ་ཟབ་པས་ཉན་ཐོས་དང་རང་སངས་རྒྱས་ཀྱི་སེམས་ཀྱི་ཡུལ་ལས་འདས་པས་ན་བསམ་གྱིས་མི་ཁྱབ་པའོ། །རབ་ཏུ་དབྱེ་བ་མཐའ་ ཡས་ཏེ། །གྲངས་ཀྱིས་འདི་སྙེད་ཅིག་ཡོད་དོ། །ཞེས་ཚིག་གིས་བཅད་པར་མི་ནུས་པས་ན་དཔག་ཏུ་མེད་པའོ། །ཇི་ལྟར་ཚད་མེད་པ་དང་། ཇི་ལྟར་ན་བསམ་གྱིས་མི་ཁྱབ་པ་ཡིན་ཞེ་ན། དེའི་ཕྱིར། གང་གིས་གང་དུ་ཇི་ལྟ་དང་། །ཇི་ཙམ་གང་དུ་འཇུག་པའོ། །ཞེས་བྱ་བ་སྨོས་ཏེ། གང་ཟག་གི་དོན་ དུ་འཇུག་པ་ཉིད་ཀྱང་ཚད་མེད་ཅིང་བསམ་གྱིས་མི་ཁྱབ་སྟེ། གང་ཟག་གཅིག་གཉིས་ཀྱི་དོན་དུ་ཞུགས་པ་མ་ཡིན་གྱི་སེམས་ཅན་ཚད་མེད་པའི་དོན་དུ་ཞུགས་པའི་ཕྱིར་རོ། །གང་དུ་འཇུག་པ་ཡང་བསམ་ཡས་ཤིང་དཔག་ཏུ་མེད་དེ། འཇིག་རྟེན་གྱི་ཁམས་གཉིས་སུ་མེད་པའི་སེམས་ཅན་གྱི་དོན་ལ་ཞུགས་ པ་མ་ཡིན་གྱི། འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པར་ཞུགས་པའི་ཕྱིར་རོ། །ཇི་ལྟར་ཞུགས་པ་ཡང་བསམ་ཡས་ཤིང་དཔག་ཏུ་མེད་དེ། རྣམ་པའམ་ཐབས་སམ་རྒྱུ་གཅིག་གཉིས་ཀྱིས་འབྱོར་པ་བསྒྲུབ་པ་མ་ཡིན་གྱི་རྒྱུ་དང་ཐབས་ཀྱི་རྣམ་པ་དཔག་ཏུ་མེད་པས་བསྒྲུབས་པའི་ཕྱིར་རོ། །ཇི་ཙམ་དུ་འཇུག་ པ་ཡང་བསམ་ཡས་ཤིང་དཔག་ཏུ་མེད་དེ། སེམས་ཅན་ལ་ལ་ལ་ཕན་པ་དང་། བདེ་བ་མང་པོ་བྱས་པ་ཕན་མང་པོ་བཏགས་པ་ཡང་གྲངས་མེད་ལ། སེམས་ཅན་ལ་ལ་ལ་ཕན་པ་དང་། བདེ་བ་ཀུན་དུ་ཕན་བཏགས་པའི་ཉུང་ངུས་ཕན་བཏགས་པ་ཡང་གྲངས་མེད་པའི་ཕྱིར་རོ། །དུས་ཇི་སྲིད་ཅིག་ ཏུ་འཇུག་པ་བསམ་ཡས་ཤིང་དཔག་ཏུ་མེད་དེ། བསྐལ་པ་གྲངས་མེད་པའི་བར་འཇུག་ཅིང་སྒྲུབ་པར་བྱེད་པའི་ཕྱིར་རོ། །ཚིགས་སུ་བཅད་པ་ལྷག་མ་རྣམས་ཀྱིས་ནི་གཞན་དུ་འགྱུར་བའི་ཁྱད་པར་གྱིས་འབྱོར་པའི་ཁྱབ་པར་བསྟན་ཏོ། །འབྱོར་པའི་ཁྱད་པར་བསྟན་པ་ལ་ཚིགས་སུ་བཅད་པ་བཅུ་གཅིག་ གིས་འབྱུང་བ་ལས། ཚིགས་སུ་བཅད་པ་གསུམ་གྱི་དོན་བཤད་ནས་ཕྱི་ནས་ཚིགས་སུ་བཅད་པ་ལྷག་མ་བརྒྱད་ཀྱིས་ནི་ཕུང་པོ་ལྔ་གནས་གཞན་དུ་གྱུར་པ་ཐ་དད་པའི་སྒོ་ནས་སངས་རྒྱས་ཀྱི་འབྱོར་པ་དང་། ལོངས་སྤྱོད་ཀྱང་ཐ་དད་པ་མང་པོ་ཡོད་དོ་ཞེས་སྟོན་ཏོ། །ཆོས་འདིའི་གནས་གྱུར་ན་འབྱོར་པ་འདི་ ཐོབ་པར་འགྱུར་རོ་ཞེས་པ་ལ་སོགས་པར་སྟོན་ཏོ་ཞེས་བྱ་བའི་དོན་ཏོ། །དབང་པོ་ལྔ་རྣམས་གཞན་གྱུར་ན། །འབྱོར་པའི་མཆོག་ཀྱང་ཐོབ་པར་འགྱུར། །ཞེས་བྱ་བ་ལ། དབང་པོ་དྲུག་ལས་ཡིད་ཀྱི་དབང་པོ་བཞག་སྟེ་མིག་གི་དབང་པོ་ནས་ལུས་ཀྱི་དབང་པོའི་བར་དུ་དབང་པོ་ལྔ་ གཞན་དུ་གྱུར་ཏེ་དག་པར་གྱུར་ན་འབྱོར་པའི་མཆོག་དམ་པ་རྣམ་པ་གཉིས་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཀུན་གྱི་དོན་ཀུན་འཇུག་པ་དང་། །ཞེས་བྱ་བ་ལ། ཀུན་ནི་མིག་གི་དབང་པོ་ནས་ལུས་ཀྱི་དབང་པོའི་བར་དུ་དབང་པོ་ལྔ་ལ་བྱའོ། །དོན་ཀུན་ནི་གཟུགས་ནས་རེག་བྱའི་བར་ཡུལ་ལྔ་ལ་བྱ་ སྟེ། སྔོན་དབང་པོ་མ་དག་པའི་དུས་ན་ནི་མིག་གི་དབང་པོས་ཀྱང་གཟུགས་འབའ་ཞིག་ལ་འཇུག་པར་ནུས་ཀྱི། སྒྲ་ལ་སོགས་པའི་ཡུལ་ལྷག་མ་ལ་འཇུག་པར་མི་ནུས་པ་ལས་གནས་གཞན་དུ་གྱུར་ཏེ་དག་པར་གྱུར་ན་མིག་གི་དབང་པོ་འབའ་ཞིག་གིས་གཟུགས་ལ་བལྟ་བར་ནུས་པ་ནས། སྒྲ་ལ་ཉན་པ་དང་། རེག་བྱ་ལ་ཤེས་པར་ནུས་པའི་བར་དུ་དབང་པོ་ལྷག་མ་རྣམས་ཀྱི་ལས་ཀུན་ཀྱང་བྱེད་པར་ནུས་ཏེ། འདི་ནི་འབྱོར་པ་མཆོག་ཐོབ་པ་རྣམ་པ་གཅིག་གོ། །བརྒྱ་རྩ་བཅུ་གཉིས་ཡོན་ཏན་འབྱུང་། །ཞེས་བྱ་བ་ལ། དབང་པོ་གཅིག་ཅིང་ཡང་ཡོན་ཏན་བརྒྱ་རྩ་བཅུ་གཉིས་བཅུ་གཉིས་དང་ལྡན་པར་འགྱུར་ཏེ། དབང་ པོ་གཅིག་ཅིང་ཡོན་ཏན་དེ་སྙེད་དང་ལྡན་པའི་ཡོན་ཏན་ནོ། །འཕགས་པ་གཟུངས་ཀྱི་དབང་ཕྱུག་ཆེན་པོའི་རྒྱལ་པོ་དང་། །དམ་པའི་ཆོས་པུཎྜ་རཱི་ཀ་ལ་སོགས་པའི་མདོ་སྡེ་ལས་འབྱུང་བ་བཞིན་དུ་བལྟའོ། །འདི་འབྱོར་པ་མཆོག་ཐོབ་པ་རྣམ་པ་གཉིས་པའོ། །རྒལ་བ་གལ་ཏེ་གཉིས་ལ་སོགས་ པ་ཕྱིའི་ཡུལ་མེད་དེ། རི་བོང་གི་རྭ་བཞིན་དུ་ཡིན་ན་དབང་པོ་ལྔ་ཇི་ལྟར་གནས་གཞན་དུ་འགྱུར། ལན་དུ། རང་གི་ས་བོན་གང་དག་ལ། །རྣམ་རིག་སྣང་བ་གང་འབྱུང་བ། །སྐྱེ་མཆེད་རྣམ་པ་གཉིས་སོ་ཞེས། །དེ་དང་དེ་དག་ཐུབ་པས་གསུངས། །ཞེས་རྣམ་པར་ཤེས་པ་ཙམ་དུ་སྟོན་པའི་བསྟན་ བཅོས་ལས་འབྱུང་སྟེ། དེའི་དོན་ནི་ཀུན་གཞི་རྣམ་པར་ཤེས་པ་ལས་གཟུང་བ་དང་འཛིན་པའི་བག་ཆགས་དང་། ས་བོན་ཡོད་པ་ནས་མིག་གི་རྣམ་པར་ཤེས་པ་ནས་ཡིད་ཀྱི་རྣམ་པར་ཤེས་པའི་བར་དུ་རྣམ་པར་ཤེས་པ་དྲུག་འབྱུང་བ་ལ་ནི་ནང་གི་སྐྱེ་མཆེད་དྲུག་དུ་བཤད། རྣམ་པར་ཤེས་པ་དེ་དག་ ལས་ཀྱང་མིག་གི་རྣམ་པར་ཤེས་པ་ལས་ཀྱང་གཟུགས་སུ་སྣང་བ་འབྱུང་བ་ལས་ཡིད་ཀྱི་རྣམ་པར་ཤེས་པ་ལས་ཆོས་སུ་སྣང་བ་འབྱུང་བ་ནི་ཕྱིའི་སྐྱེ་མཆེད་དུ་བཤད་དེ། དེ་བས་ན་རྣམ་པར་རིག་པ་ཙམ་དུ་སྨྲ་བ་ལ་ཡང་ཕྱི་ནང་གི་སྐྱེ་མཆེད་དུ་དབྱེ་བ་ཡོད་དོ། །གང་གི་ཚེ་བྱང་ཆུབ་སེམས་དཔས་ཁམས་ གསུམ་ཐམས་ཅད་ནི་སེམས་ཙམ་མོ་ཞེས་བྱ་བ་ལ་སོགས་པ་ཉོན་མོངས་པ་དང་བསམ་པ་དང་བསྒོམ་པ་ལ་སོགས་པའི་རིམ་པས་གཟུགས་ཀྱི་འདུ་ཤེས་བསལ་ནས་གཟུགས་ལ་སོགས་པའི་ཕྱིན་ཅི་ལོག་སྤོང་བར་བྱེད་པ་ན་གང་སྔོན་གྱི་ནང་གི་སྐྱེ་མཆེད་སོ་སོའི་ནང་གི་མངོན་པར་ཆགས་པའི་ཕྱིན་ཅི་ལོག་ སྤངས་ན། གནས་གཞན་དུ་གྱུར་པ་ཞེས་བྱ་སྟེ། དེ་ལས་འབྱོར་པ་མཆོག་རྣམ་པ་གཉིས་ཐོབ་པར་གྱུར་པས་ན་ཡུལ་མེད་པར་ཡང་གནས་གཞན་དུ་གྱུར་པར་རུང་སྟེ། འགལ་བ་མེད་དོ། །ཡིད་ཀྱང་གཞན་དུ་གྱུར་ན་ནི། །འབྱོར་པ་དམ་པ་ཐོབ་པར་འགྱུར། །ཞེས་བྱ་བ་ལ། ཉན་ཐོས་ཀྱི་ལྟ་བའི་ཚུལ་གྱིས་ནི་ རྣམ་པར་ཤེས་པ་དྲུག་འདས་མ་ཐག་པ་ལ་ཡིད་ཀྱི་དབང་པོ་ཞེས་ཟེར་ཏེ། ཐེག་པ་ཆེན་པོའི་ཚུལ་གྱིས་ནི་ཡིད་ཀྱི་དེ་ལ་མི་བྱའི། ཉོན་མོངས་པའི་ཡིད་ལ་བྱ་སྟེ། ཉོན་མོངས་པའི་ཡིད་དེ་གནས་གཞན་དུ་གྱུར་ན་ཞེས་བྱ་བའི་དོན་ཏོ། །དེ་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་ཡིད་ཀྱི་རྣམ་པར་ཤེས་པ་ཡང་ཡང་ དག་པར་ལྡན་ཞིང་བྱུང་སྟེ། ཡིད་ཀྱི་རྣམ་པར་ཤེས་པའི་རྟེན་ནི་ཉོན་མོངས་པའི་ཡིད་ཡིན་ཏེ། དཔེར་ན་མིག་གི་རྣམ་པར་ཤེས་པའི་རྟེན་མིག་གི་དབང་པོ་ཡིན་པ་ལྟ་བུའོ། །དེ་ལ་ཇི་སྲིད་དུ་སོ་སོའི་སྐྱེ་བོའི་དུས་ན་ཉོན་མོངས་པའི་ཡིད་གནས་གཞན་དུ་མ་གྱུར་པའི་ཚེ་བདག་ཏུ་ལྟ་བ་དང་། བདག་ཏུ་ ཆགས་པ་དང་། བདག་ཏུ་ང་རྒྱལ་དང་། བདག་ཏུ་གཏི་མུག་པ་ལ་སོགས་པའི་ཉེ་བའི་ཉོན་མོངས་པ་བཞི་དང་ལྡན་ཞིང་ཀུན་གཞི་རྣམ་པར་ཤེས་པ་ལས་བདག་དང་བདག་གི་ཞེས་ཕྱིན་ཅི་ལོག་གི་རྣམ་པར་འཇུག་གོ། །ཇི་ལྟར་ཉོན་མོངས་པའི་ཡིད་ཕྱིན་ཅི་ལོག་གི་རྣམ་པར་ཞུགས་པས་དེ་ལ་བརྟེན་པའི་ ཡིད་ཀྱི་རྣམ་པར་ཤེས་པ་ལ་ཡང་གཟུགས་ལ་སོགས་པའི་ཡུལ་ལ་ཕྱིན་ཅི་ལོག་ཏུ་འཇུག་སྟེ། གཟུགས་ལ་སོགས་པའི་ཡུལ་མེད་པར་ཡང་ཡོད་དོ་སྙམ་དུ་མངོན་པར་ཆགས་པར་བྱེད་དོ། །ནམ་ཉོན་མོངས་པའི་ཡིད་དེ་བདག་དང་བདག་གིར་ལྟ་བ་སྤངས་ནས་གནས་གཞན་དུ་གྱུར་ཏེ། མཉམ་པ་ཉིད་ ཀྱི་ཡེ་ཤེས་སུ་གྱུར་ན་འབྱོར་པ་དམ་པ་མཆོག་ཐོབ་པར་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །ཆོས་གང་ལ་འབྱོར་པ་ཐོབ་ཅེ་ན། དེའི་ཕྱིར། འབྱོར་པའི་རྗེས་སུ་ཡེ་ཤེས་ནི། །རྣམ་པར་མི་རྟོག་དྲི་མ་མེད། །ཅེས་སྨོས་ཏེ། འབྱོར་པའི་སྒྲས་ནི་དབང་པོ་ལྔ་གནས་གཞན་དུ་གྱུར་ནས་ ཡུལ་ཐམས་ཅད་ལ་འཇུག་པར་ནུས་པ་དང་གཅིག་ཡང་ཡོན་ཏན་བརྒྱ་རྩ་བཅུ་གཉིས་ཐོབ་པ་ལ་བྱ་སྟེ། རྗེས་སུ་འཇུག་པ་ནི་འབྱོར་པ་དེ་དང་ལྷན་ཅིག་འགྲོགས་པའམ། འབྱོར་པ་དེ་དང་མཐུན་པར་གནས་པ་ལ་བྱ་སྟེ། འབྱོར་པ་དང་ལྷན་ཅིག་གནས་པ་གང་ཞེ་ན། རྣམ་པར་མི་རྟོག་པའི་ཡེ་ཤེས་དྲི་ མ་མེད་པའོ། །དེ་ལ་ཀུན་གཞི་རྣམ་པར་ཤེས་པ་གནས་གཞན་དུ་གྱུར་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་སུ་འགྱུར་ཏེ། གཟུང་བ་དང་འཛིན་པར་རྟོག་པ་མེད་པས་ན་རྣམ་པར་མི་རྟོག་པའོ། །ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤངས་པས་ན་དྲི་མ་མེད་པའོ། །ཉོན་མོངས་པའི་ཡིད་མ་དག་པའི་ དུས་ན་ཡང་ཀུན་གཞི་ལ་བདག་དང་བདག་གིར་དམིགས་པ་དག་སྟེ། མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་གྱུར་པ་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་བདག་དང་བདག་གིར་མེད་པར་མཉམ་པ་ཉིད་དུ་དམིགས་ཏེ། དེ་བས་ན་ཉོན་མོངས་པའི་ཡིད་གནས་གཞན་དུ་གྱུར་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་ དམིགས་པའི་འབྱོར་པའི་དམ་པ་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཡང་ན་ཉོན་མོངས་པའི་ཡིད་གནས་གཞན་དུ་གྱུར་པ་དང་། དབང་པོ་གཅིག་ཀ