Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 125

Văn bản gốc(Tây Tạng)

Trang 9 / 19 (50.000 ký tự/trang)
ྱང་ཀུན་གྱི་དོན་ལ་འཇུག་པ་དང་། ཡོན་ཏན་བརྒྱ་རྩ་བཅུ་གཉིས་འཐོབ་པའི་འབྱོར་པ་དང་ལྷན་ཅིག་འབྱུང་ཞིང་འགྲོགས་པའི་མཉམ་པ་ཉིད་ཀྱི་ཡེ་ཤེས་
རྣམ་པར་མི་རྟོག་པའི་དྲི་མ་མེད་པར་འགྱུར་ཏེ། མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་གྱུར་པ་ཉིད་འབྱོར་པའི་མཆོག་རྙེད་པ་ཞེས་བྱའོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་གྱུར་པ་ན་བདག་དང་བདག་གིར་རྟོག་པ་མེད་པས་ན་རྣམ་པར་མི་རྟོག་པ་ཞེས་བྱའོ། །བདག་ཏུ་ལྟ་བ་དང་། བདག་ཏུ་གཏི་མུག་ལ་སོགས་
ཉེ་བའི་ཉོན་མོངས་པ་བཞི་དང་བྲལ་བས་ན་དྲི་མ་མེད་པ་ཞེས་བྱའོ། །དེ་དང་ལྷན་ཅིག་ཏུ་འབྱོར་པའི་ཡེ་ཤེས་ཐམས་ཅད་དུ་འཇུག་གོ་ཞེས་བྱ་བ་ལ། དེ་དང་ལྷན་ཅིག་ཅེས་བྱ་བ་ནི་དབང་པོ་གཅིག་ཅིང་ཡང་ཡུལ་ཀུན་ལ་འཇུག་པ་དང་། ཡོན་ཏན་བརྒྱ་རྩ་བཅུ་གཉིས་ཀྱིས་འབྱོར་པ་དང་། རྣམ་པར་རྟོག་

པའི་ཡེ་ཤེས་དང་། དེའི་རྒྱབ་ནས་ཐོབ་པ་དག་པ་འཇིག་རྟེན་པའི་ཡེ་ཤེས་དང་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་དམིགས་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་བཅས་པས་རྟག་པར་ཡང་སེམས་ཅན་གྱི་དོན་ལ་འཇུག་གོ་ཞེས་བྱ་བའི་དོན་ཏོ། །དོན་བཅས་འཛིན་པ་གཞན་གྱུར་པས། །འབྱོར་པ་དམ་
པ་ཐོབ་པར་འགྱུར། །ཞེས་བྱ་བ་ལ། དོན་གྱི་སྒྲ་ནི་གཟུགས་ནས་ཆོས་ཀྱི་བར་དུ་ཡུལ་དྲུག་ལ་བྱའོ། །འཛིན་པའི་སྒྲས་ནི་མིག་གི་རྣམ་པར་ཤེས་པ་ནས་ལུས་ཀྱི་རྣམ་པར་ཤེས་པའི་བར་དུ་རྣམ་པར་ཤེས་པ་ལྔའི་ཚོགས་ལ་བྱ་སྟེ། ཡུལ་དྲུག་དང་རྣམ་པར་ཤེས་པའི་ཚོགས་དག་སྟེ། གནས་
གཞན་དུ་གྱུར་ན། འབྱོར་པ་དམ་པ་རྣམ་པ་གཉིས་འཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཞིང་ཡང་འདོད་བཞིན་དག་པ་དང་། །ལོངས་སྤྱོད་ཤིན་ཏུ་སྟོན་པར་རོ། །ཞེས་བྱ་བ་ལ། ཕྱིའི་ཡུལ་རྣམས་གཞན་དུ་མ་གྱུར་པའི་དུས་ན་ནི་ངམ་གྲོག་དང་། ཚེར་མ་དང་། གསེག་མ་དང་། གྱོ་མོ་
ལ་སོགས་པ་ལྟ་བུར་མ་དག་པ་སྣང་ལ། ནམ་དག་པར་གྱུར་པའི་དུས་ན་ཇི་ལྟར་འདོད་པ་བཞིན་དུ་བཻ་ཌཱུརྱ་དང་། ཤེལ་དང་གསེར་ལ་སོགས་པའི་ཁ་དོག་གི་ས་གཞི་ལྟ་བུར་དག་པར་སྣང་བར་འགྱུར་ཏེ། དོན་དག་ནི་འབྱོར་པ་དེ་འཐོབ་བོ། །རྣམ་པར་ཤེས་པ་ལྔའི་ཚོགས་མ་དག་པའི་དུས་ན་ནི་མིག་གི་
རྣམ་པར་ཤེས་པས་ཀྱང་གཟུགས་ལ་དམིགས་ཤིང་གཟུགས་ལ་ལོངས་སྤྱོད་བྱེད་པ་ཙམ་ལས་མི་ནུས་ཏེ། སོ་སོའི་ཡུལ་ཉི་ཚེ་ལ་འཇུག་པ་ཙམ་ལས་ལྷག་པར་མི་ནུས་པ་ལས་ནམ་དག་སྟེ་གནས་གྱུར་པ་ན་རྣམ་པར་ཤེས་པ་ལྔ་ལ་སངས་རྒྱས་ཀྱི་ཞིང་དེ་དག་ན་བདུད་རྩིའི་རྫིང་དང་། དཔག་བསམ་
གྱི་ཤིང་ལ་སོགས་པའི་ལོངས་སྤྱོད་རྣམ་པ་སྣ་ཚོགས་སྟོན་ཏེ། འཛིན་པ་གཞན་དུ་གྱུར་པ་ལས་ནི་འབྱོར་པའི་མཆོག་ཐོབ་པར་འགྱུར་རོ། །རྣམ་རྟོག་གཞན་དུ་གྱུར་ན་ནི། །འབྱོར་པ་དམ་པ་ཐོབ་པར་འགྱུར། །ཞེས་བྱ་བ་ལ། རྣམ་པར་རྟོག་པའི་སྒྲས་ནི་ཡིད་ཀྱི་རྣམ་པར་ཤེས་པ་ལ་བྱ་སྟེ། ཡིད་ཀྱི་
རྣམ་པར་ཤེས་པ་མ་དག་པའི་དུས་ན་གཟུགས་དང་སྒྲ་ལ་སོགས་པ་ཆོས་རྣམ་པ་སྣ་ཚོགས་ལ་རྟོག་པ་དེ་དག་སྟེ་གནས་གྱུར་ན་འབྱོར་པ་དམ་པ་རྣམ་པ་གཉིས་འཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཡེ་ཤེས་དང་ནི་ལས་ཀུན་ཀྱང་། །རྟག་ཏུ་ཐོགས་པ་མེད་པའོ། །ཞེས་བྱ་བ་ལ། འབྱོར་པ་གཉིས་

ནི་ཡེ་ཤེས་རྟག་ཏུ་ཐོགས་པ་མེད་པ་དང་། ལས་ཀུན་ལ་རྟག་ཏུ་ཐོགས་པ་མེད་པའོ། །དེ་ལ་ཡེ་ཤེས་ཀྱི་སྒྲས་ནི་མེ་ལོང་ལྟ་བུའི་ཡེ་ཤེས་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། བྱ་བ་སྒྲུབ་པའི་ཡེ་ཤེས་དང་། སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་ལ་བྱ་སྟེ། ཡེ་ཤེས་དེ་དག་
གིས་དངོས་པོ་ཁ་ཅིག་ཤེས་ཁ་ཅིག་མི་ཤེས་པ་མ་ཡིན་ཏེ། དངོས་པོ་ཀུན་ཤེས་པ་དང་། དུས་ཁ་ཅིག་དུ་ཤེས་ཁ་ཅིག་དུ་མི་ཤེས་པ་མ་ཡིན་གྱི་དུས་ཐམས་ཅད་དུ་ཤེས་པ་ནི་ཡེ་ཤེས་རྟག་ཏུ་ཐོགས་པ་མེད་ཅེས་བྱའོ། །ལས་ཀྱི་སྒྲས་ནི་སྤྲུལ་པའི་ཕྲིན་ལས་མཛད་པ་ལ་བྱ་སྟེ། འོག་མིན་གྱི་ཕོ་བྲང་ནས་
འཆི་འཕོ་བ་དང་། མངོན་པར་བྱང་ཆུབ་པ་ལ་སོགས་པ་སྤྲུལ་པ་རྣམ་པ་སྣ་ཚོགས་རྟག་ཏུ་རྒྱུན་མི་འཆད་པར་མཛད་པས་ན། ལས་ཀུན་ལ་རྟག་ཏུ་ཐོགས་པ་མེད་པ་ཞེས་བྱའོ། །རྟེན་ཀྱང་གཞན་དུ་གྱུར་ན་ནི། །འབྱོར་པ་དམ་པ་ཐོབ་པར་འགྱུར་རོ། །ཞེས་བྱ་བ་ལ། རྟེན་གྱི་སྒྲས་ནི་ཀུན་གཞི་རྣམ་པར་
ཤེས་པ་དང་། དེའི་དམིགས་པའི་བྱ་བའི་ཡུལ་སྣོད་ཀྱི་འཇིག་རྟེན་ས་གཞི་ཆེན་པོ་ལ་བྱ་སྟེ། ཀུན་གཞི་རྣམ་པར་ཤེས་པ་ཡང་ལས་དགེ་བ་དང་མི་དགེ་བའི་བག་ཆགས་ཀྱི་གནས་སུ་གྱུར་པ་དང་། ལུས་དང་ལོངས་སྤྱོད་དང་། གནས་ལྟ་བུར་ཡང་ཀུན་གཞི་ཉིད་དེ་ལྟར་སྣང་བས་ན་ཀུན་གཞི་ལ་བརྟེན་
ཏེ་ཞེས་བྱའོ། །སྣོད་ཀྱི་འཇིག་རྟེན་ས་གཞི་ཆེན་པོ་ཡང་སེམས་ཅན་གྱི་འཇིག་རྟེན་གྱི་གནས་སུ་གྱུར་པ་དང་། རྩྭ་ཤིང་རྣམ་པ་སྣ་ཚོགས་སྐྱེ་བའི་རྟེན་དུ་གྱུར་པས་ན་རྟེན་ཅེས་བྱ་སྟེ། སྣོད་ཀྱི་འཇིག་རྟེན་ཀུན་གཞིའི་དམིགས་པའི་ཡུལ་ཡིན་པར་ཅི་མངོན་ཞེ་ན། སུམ་ཅུ་པའི་རབ་ཏུ་དབྱེ་བ་ལས།
གང་ཕྱིར་ཀུན་གཞི་རྣམ་ཤེས་ལས། །རྣམ་སྨིན་ས་བོན་ཐམས་ཅད་ལ། །ལེན་པ་དག་དང་དེ་ཡི་གནས། །རྣམ་པར་རིག་པ་མ་རིག་པའོ། །ཞེས་གསུངས་པའི་ཕྱིར་ཏེ། ཀུན་གཞི་རྣམ་པར་ཤེས་པ་དམིགས་པའི་ཡུལ་དང་བཅས་ཏེ། གནས་གཞན་དུ་གྱུར་ན་འབྱོར་པའི་དམ་པ་མཆོག་ཐོབ་
པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འབྱོར་པ་གང་འཐོབ་ཅེ་ན། དེའི་ཕྱིར། མི་གནས་པ་ཡི་མྱ་ངན་འདས། །སངས་རྒྱས་རྣམས་ཀྱི་མི་གཡོ་གནས། །ཞེས་སྨོས་ཏེ། ཀུན་གཞི་དམིགས་པ་དང་བཅས་ཏེ་གནས་གཞན་དུ་གྱུར་ན་དེ་བཞིན་གཤེགས་པ་རྣམས་ཟག་པ་མེད་པའི་དབྱིངས་ན་

བཞུགས་པའི་ཚེ། མི་གནས་པའི་མྱ་ངན་ལས་འདས་པའི་འབྱོར་པ་ཐོབ་པར་འགྱུར་ཏེ། མི་གནས་པ་ནི་འཁོར་བ་ན་ཡང་མི་གནས་མྱ་ངན་ལས་འདས་པ་ལ་ཡང་མི་གནས་པའོ། །འཁྲིག་པ་གཞན་དུ་གྱུར་ན་ནི། །འབྱོར་པ་དམ་པ་ཐོབ་པར་འགྱུར། །ཞེས་བྱ་བ་ལ། འཁྲིག་པ་ནི་ལུས་ཀྱི་
དབང་པོའི་ཕྱོགས་གཅིག་སྟེ། བུད་མེད་དང་སྐྱེས་པའི་དབང་པོ་གཉིས་ཕན་ཚུན་སྦྱོར་བ་ལ་འཁྲིག་པ་ཞེས་བྱའོ། །འཁྲིག་པ་ལ་གནས་གཞན་དུ་གྱུར་ཏེ། མི་ཚངས་པར་སྤྱོད་པའི་འདོད་ཆགས་དང་བྲལ་བར་གྱུར་ན་འབྱོར་པ་དམ་པ་རྣམ་པ་གཉིས་འཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སངས་
རྒྱས་བདེ་བར་གནས་པ་ཞེས་བྱ་བ་ལ། མི་ཚངས་པར་སྤྱོད་པའི་འདོད་ཆགས་དང་བྲལ་ན་སངས་རྒྱས་རྣམས་ཀྱི་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཏིང་ངེ་འཛིན་གྱི་བདེ་བ་ཐོབ་པར་འགྱུར་ཏེ། འདི་ནི་འབྱོར་པ་དམ་པ་ཐོབ་པ་རྣམ་པ་གཅིག་གོ། །བུད་མེད་ཉོན་མོངས་མེད་པ་ལྟ། །ཞེས་བྱ་བ་འམ། མི་
ཚངས་པར་སྤྱོད་པའི་འདོད་ཆགས་དང་བྲལ་ན་འགྲོ་བ་བཟང་མོ་དག་མཐོང་དུ་ཟིན་ཀྱང་ཉོན་མོངས་པ་མི་སྐྱེ་སྟེ། འདོད་ཆགས་མི་སྐྱེའོ་ཞེས་བྱ་བའི་དོན་ཏོ། །འདིས་ནི་འབྱོར་པ་དམ་པ་ཐོབ་པ་རྣམ་པ་གཉིས་སོ། །ནམ་མཁར་འདུ་ཤེས་རྣམ་གྱུར་ན། །འབྱོར་པ་དམ་པ་རྙེད་པར་འགྱུར། །ཞེས་བྱ་
བ་ལ། གང་ཐོགས་པ་མེད་པ་དེ་ནི་ནམ་མཁའ་བཞིན་ནོ་ཞེས་རྟོག་ན། གང་དུ་ཐོགས་པ་དང་བཅས་པ་དེ་དག་ནི་གཟུགས་ཡིན་ནོ་ཞེས་རྟོག་པ་ནི་ནམ་མཁའི་འདུ་ཤེས་ཞེས་བྱ་སྟེ། འདུ་ཤེས་དེ་སྤངས་ནས་འབྱོར་པ་དམ་པ་རྣམ་པ་གསུམ་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །བསམ་པའི་དོན་ནི་འགྲུབ་པ་
དང་། །ཞེས་བྱ་བ་ལ། བསམ་པའི་དོན་འགྲུབ་པ་ནི་ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་ཐོབ་པས་ཅི་བསམ་པ་ཡོ་བྱད་ཐམས་ཅད་ནམ་མཁའ་ལས་འབྱུང་བར་འགྱུར་ཏེ། འདི་ནི་འབྱོར་པ་དམ་པ་ཐོབ་པ་རྣམ་པ་གཅིག་གོ། །འགྲོ་དང་གཟུགས་ནི་གཅིག་པའོ། །ཞེས་བྱ་བ་ལ་འགྲོ་བ་ཐོགས་པ་མེད་པ་
འཐོབ་སྟེ། རྩིག་པ་དང་རི་ལ་སོགས་པ་ལ་ཐོགས་པ་མེད་པའི་ཕྱིར་རོ། །འདི་ནི་འབྱོར་པ་དམ་པ་ཐོབ་པ་རྣམ་པ་གཉིས་སོ། །གཟུགས་འཇིག་པ་ནི་ཐམས་ཅད་ནམ་མཁར་བྱ་བར་བསམས་ན་དངོས་པོ་ཐམས་ཅད་ནམ་མཁའི་ངོས་བཞིན་དུ་འགྱུར་ཏེ། འདི་ནི་འབྱོར་པ་དམ་པ་ཐོབ་པ་རྣམ་པ་གསུམ་

མོ། །གོང་དུ་སངས་རྒྱས་ཀྱི་འབྱོར་པ་བཤད་པ་རྣམས་ཀྱི་དོན་རྒྱ་ཆེར་བཤད་པ་བསྡུས་ཏེ་བསྟན་པའི་ཕྱིར། དེ་ལྟར་གཞན་གྱུར་དཔག་མེད་དེ། །འབྱོར་པ་དཔག་ཏུ་མེད་པར་འདོད། །བསམ་ཡས་བྱ་བ་སྒྲུབ་པ་རྣམས། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་
སྨོས་ཏེ། དེ་ལྟར་ཞེས་བྱ་བ་ནི་གོང་དུ་བཤད་པའི་ཚུལ་ལྟར་རོ། །གོང་དུ་བཤད་པའི་ཚུལ་ལྟར་བཤད་ན། གཟུགས་ཀྱི་ཕུང་པོ་ལ་གྲངས་དུ་ཡོད་པ་གནས་གཞན་དུ་གྱུར་པ་དང་། ཚོར་བའི་ཕུང་པོ་ལ་དུ་ཡོད་པ་གནས་གཞན་དུ་གྱུར་པ་དང་། འདུ་ཤེས་ཀྱི་ཕུང་པོ་ལ་དུ་ཡོད་པ་གནས་གཞན་དུ་གྱུར་པ་
དང་། འདུ་བྱེད་ཀྱི་ཕུང་པོ་ལ་འདུ་བྱེད་ཀྱི་སེམས་དང་ལྡན་པ་དང་མི་ལྡན་པ་དུ་ཡོད་པའི་གནས་གཞན་དུ་གྱུར་པའི་ཚུལ་གྱིས་ཕྱེ་སྟེ་བཤད་ན། གནས་གཞན་དུ་གྱུར་པ་དཔག་ཏུ་མེད་པར་གྱུར་པ་དང་། གནས་གཞན་དུ་གྱུར་པ་དཔག་ཏུ་མེད་པ་རྣམས་ནི་མདོ་སྡེ་དེ་དང་དེ་དག་གི་ནང་ནས་ཇི་སྐད་དུ་འབྱུང་བ་བཞིན་
དུ་བལྟ་བར་བྱའོ། །དེ་ལྟར་ཚུལ་གཞན་དུ་གྱུར་པ་དཔག་ཏུ་མེད་པས་ན་གནས་གཞན་དུ་གྱུར་པ་ལས་བྱུང་བའི་འབྱོར་པ་དང་ཡོན་ཏན་ཡང་དཔག་ཏུ་མེད་པར་ཡོད་པར་འདོད་དོ། །ཇི་ལྟར་འབྱོར་པ་དཔག་ཏུ་མེད་པ་དེ་བཞིན་དུ་འབྱོར་པ་ལས་བྱུང་བའི་སྤྲུལ་པའི་སྐུ་ལ་སོགས་པ་སེམས་ཅན་གྱི་དོན་དུ་ཕྲིན་ལས་
བསྒྲུབ་པ་ཡང་མཐའ་ཡས་དཔག་ཏུ་མེད་པར་འདོད་དེ། འབྱོར་པ་རེ་རེ་ཞིང་ཡང་སྤྲུལ་པ་དང་ཕྲིན་ལས་མཐའ་ཡས་པར་འབྱུང་བའི་ཕྱིར་རོ། །འབྱོར་པ་དང་ཕྲིན་ལས་དེ་དག་གང་གི་དུས་ནས་གང་དང་གང་དུ་གནས་འཐོབ་ཅེ་ན། དེའི་ཕྱིར། སངས་རྒྱས་དྲི་མེད་གནས་ནའོ། །ཞེས་སྨོས་ཏེ། དེ་དག་
ཀྱང་སངས་རྒྱས་ཀྱི་དྲི་མ་མེད་པའི་གནས་ཟག་པ་མེད་པའི་གནས་ན་བཞུགས་པའི་ཚེ་ཐོབ་ཅིང་དེའི་ཚེ་འབྱུང་ངོ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་པ་དེའི་ཚེ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་རྒྱུ་ལ་ཚིགས་སུ་བཅད་པ་བདུན་ནོ་ཞེས་བྱ་བ་ལ། འབྱོར་པའི་རྗེས་ལ་ཡོངས་སུ་སྨིན་པའི་རྒྱུའི་སྐབས་བཤད་
པར་འབྲེལ་པ་ཅི་ཡོད་ཅེ་ན། དེ་ལྟར་སངས་རྒྱས་ཀྱི་སའི་དུས་ན་འབྱོར་པ་ཕུན་སུམ་ཚོགས་པ་འཐོབ་སྟེ། དེ་རང་གི་དུས་ཀྱི་མཐར་ཐུག་པའི་སངས་རྒྱས་བཅོམ་ལྡན་འདས་དེ་ལྷུན་གྱིས་གྲུབ་པར་མི་རྟོག་བཞིན་དུ་སེམས་ཅན་ཡོངས་སུ་སྨིན་པར་མཛད་དེ། དེའི་ཕྱིར་འབྱོར་པའི་རྗེས་ལ་ཡོངས་སུ་སྨིན་པའི་

སྐབས་བཤད་པར་འབྲེལ་ཏོ། །དེ་ལ་གོང་དུ་ཡང་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་སྐབས་བཤད། འདིར་ཡང་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་སྐབས་བཤད་དེ། ལན་གཉིས་སུ་བཤད་ན་དེ་གཉིས་ལ་ཁྱད་པར་ཅི་ཡོད་ཅེ་ན། སྔར་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པའི་
ཚེ། དེ་ལྟར་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དེ་བསྟན་ཏོ། །ད་ནི་མཐར་ཐུག་པ་སངས་རྒྱས་ཀྱི་ས་བརྙེས་ནས་སེམས་ཅན་ཇི་ལྟར་ཡོངས་སུ་སྨིན་པར་བྱེད་པ་དེ་སྟོན་ཏེ། ཁྱད་པར་ནི་དེ་ཡོད་དེ། དེ་ཡང་སངས་རྒྱས་པར་གྱུར་པ་དེ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་རྒྱུ་དང་གནས་དང་རྟེན་ཡིན་
ནོ་ཞེས་ཚིགས་སུ་བཅད་པ་བདུན་གྱིས་སྟོན་ཏོ་ཞེས་བྱ་བའི་དོན་ཏོ། །ཚིགས་སུ་བཅད་པ་དང་པོ་བསྡུས་པའི་དོན་ནི་ཡོངས་སུ་སྨིན་པ་ཅི་འདྲ་བའི་རྒྱུར་སངས་རྒྱས་པར་གྱུར་པ་དེ་སྟོན་ཏོ། །དགེ་བ་འཕེལ་བའི་འཇིག་རྟེན་རྣམ་དག་མཆོག་ཏུ་འགྲོ། །ཞེས་བྱ་བ་ལ། དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་
པ་དང་། བསླབ་པ་མནོས་པ་དང་། སྲོད་དང་ཐོ་རངས་ལ་མི་ཉལ་བ་དང་། ཟས་ལ་ཚོད་རིག་པ་ལ་སོགས་པའི་རིམ་པས་མོས་པས་སྤྱོད་པའི་ས་དང་ས་བཅུ་ལ་སོགས་པར་རིམ་གྱིས་ཞུགས་པ་ནི་དགེ་བ་འཕེལ་བའི་འཇིག་རྟེན་ཞེས་བྱ་སྟེ། དེ་དག་སྐུ་དང་ཡེ་ཤེས་ཀྱིས་བསྡུས་པ་སངས་རྒྱས་ཀྱི་སར་
མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པ་ནི་རྣམ་དག་མཆོག་ཏུ་འགྲོ་བ་ཞེས་བྱའོ། །དགེ་བ་མ་བསགས་དགེ་བ་འཕེལ་བའི་མཆོག་ཏུ་འགྲོ། །ཞེས་བྱ་བ་ལ་བྱང་ཆུབ་སེམས་མ་བསྐྱེད་པས་ན། ས་བཅུ་དག་ཏུ་མ་ཞུགས་པ་ནི་དགེ་བ་མ་བསགས་པ་ཞེས་བྱ་སྟེ། དེ་དག་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི།
ས་བཅུ་དག་ཏུ་ཞུགས་པར་གྱུར་པ་ནི་དགེ་བ་འཕེལ་བར་མཆོག་ཏུ་འགྲོ་བ་ཞེས་བྱའོ། །དེ་ལྟར་འཇིག་རྟེན་ཕྱོགས་ཕྱོགས་རྒྱལ་བས་རབ་བཤད་པས། །ཞེས་བྱ་བ་ལ། དེ་ལྟར་ཞེས་བྱ་བ་ནི་གོང་དུ་བཤད་དོ། །དགེ་བ་འཕེལ་བ་རྣམས་རྣམ་པར་གྲོལ་བར་བཞག་པ་དང་། དགེ་བ་མ་བསགས་པ་རྣམས་
དགེ་བ་འཕེལ་བ་ལ་བཀོད་པ་ཡང་འཇིག་རྟེན་གྱི་ཁམས་གཅིག་ཏུ་དེ་ལྟར་བྱས་པ་མ་ཡིན་གྱི། ཕྱོགས་ཕྱོགས་ཏེ་ཕྱོགས་བཅུའི་འཇིག་རྟེན་ཀུན་དུ་ཡོངས་སུ་སྨིན་པ་དང་གྲོལ་བར་མཛད་དོ་ཞེས་བྱ་བའི་དོན་ཏོ། །སུས་དེ་ལྟར་མཛད་ཅེ་ན། རྒྱལ་བས་ཏེ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་མཛད་དོ། །རྒྱུ་གང་

གིས་མཛད་ཅེ་ན། རབ་ཏུ་བཤད་པ་སྟེ། གསུང་རབ་ཡན་ལག་བཅུ་གཉིས་བཤད་པའི་ཐབས་ཀྱིས་མཛད་དོ། །དེ་ལྟར་བཤད་པས་ན། ཡོངས་སྨིན་སྨིན་པ་ལྟར་འགྱུར་བ། །ཞེས་བྱ་བ་སྨོས་ཏེ། དེ་ལྟར་བཤད་པས་དགེ་བའི་རྩ་བ་མ་སྨིན་པ་རྣམས་ནི་དགེ་བའི་རྩ་བ་མཆོག་ཏུ་འཕེལ་
བ་ལ་བཀོད་པས་ཡོངས་སུ་སྨིན་པར་བྱས་སོ། །དགེ་བའི་རྩ་བ་སྨིན་པ་རྣམས་ནི་མྱ་ངན་ལས་འདས་པ་ལ་བཀོད་པས་རྣམ་པར་དག་པ་མཆོག་ཐོབ་པར་བྱས་སོ། །ཡོངས་སུ་སྨིན་པར་མཛད་པ་དེ་ཡང་སྐབས་འགའ་ཙམ་ལན་འགའ་ཙམ་མཛད་པ་ནི་མ་ཡིན་གྱི་རྒྱུན་མ་ཆད་པར་འཁོར་བའི་མཐའི་བར་དུ་མཛད་པས་རྟག་
ཏུ་འགྱུར་བ་ཞེས་བྱའོ། །དེ་ལྟར་རྒྱུན་དུ་སེམས་ཅན་ཡོངས་སུ་སྨིན་པར་མཛད་ན་འཁོར་བའི་སེམས་ཅན་ཟད་པར་མི་འགྱུར་རམ་སྙམ་པ་ལ། དེའི་ཕྱིར། མ་ལུས་འདིར་མ་ཡིན་ཞེས་སྨོས་ཏེ། དེ་ལྟར་རྟག་ཏུ་སྨིན་པར་མཛད་ཀྱང་འཁོར་བའི་གནས་འདི་ནས་སེམས་ཅན་མ་ལུས་པར་ཟད་པར་མི་འགྱུར་ཏེ།
ཅིའི་ཕྱིར་ཞེ་ན། སེམས་ཅན་གྱི་ཁམས་མཐའ་ཡས་མུ་མེད་པའི་ཕྱིར་རོ། །མྱ་ངན་ལས་འདས་པར་གནས་སུ་ཡང་འཕེལ་བ་དང་ལྷག་པ་མེད་དེ། ཆོས་ཀྱི་དབྱིངས་ལ་སྐྱེ་འགག་མེད་པའི་ཕྱིར་རོ། །ཚིགས་སུ་བཅད་པ་གཉིས་པའི་བསྡུས་པའི་དོན་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ལ། ངོ་མཚར་
ཆེ་བ་ཡིན་པ་དང་། ངོ་མཚར་ཆེ་བ་མ་ཡིན་པའི་མཚན་ཉིད་དེ་སྟོན་ཏོ། །དེ་ལྟར་རྙེད་དཀའ་ཞེས་བྱ་བ་ལ། དེ་ལྟར་ན་ཞེས་བྱ་བ་ནི་གོང་དུ་བཤད་པ་ལ་བྱ་སྟེ། གོང་དུ་བཤད་པ་ལྟར་ན་བྱང་ཆུབ་དེ་རྙེད་པར་དཀའ་བ་ཡིན་ནོ། །ཇི་ལྟ་ཞེ་ན། དཔག་མེད་དཀའ་སྤྱོད་བརྒྱ་རྣམས་དང་། །དཔག་མེད་དགེ་
བ་བསགས་པ་དང་། །དཔག་མེད་པ་ཡི་དུས་དང་ནི། །དཔག་མེད་སྒྲིབ་པ་ཟད་པའི་ཕྱིར། །སྒྲིབ་པ་ཀུན་གྱི་དྲི་མེད་པ། །རྣམ་པ་ཐམས་ཅད་མཁྱེན་པ་འཐོབ། །ཅེས་བཤད་པ་ལྟར་ན། བྱང་ཆུབ་དེ་རྙེད་པར་དཀའ་བ་ཡིན་ནོ། །རྙེད་པར་དཀའ་བའི་བྱང་ཆུབ་ཆེན་པོ་དེ་བསྟན་པས་རྟག་ཏུ་ཐོབ་བོ་
ཞེས་བྱ་བའི་དོན་ཏོ། །དེ་ཐོབ་ན་བདག་གི་དོན་ཀྱང་ཕུན་སུམ་ཚོགས་པར་འགྱུར་གཞན་གྱི་དོན་ཀྱང་ཕུན་སུམ་ཚོགས་པར་མཛད་དོ། །ཡོན་ཏན་མཆོག་ལྡན་རྨད་འབྱུང་བ། །ཞེས་བྱ་བས། བདག་གི་དོན་ཕུན་སུམ་ཚོགས་པ་བསྟན་ཏེ། བྱང་ཆུབ་ཆེན་པོ་དེ་ཐོབ་ན་སྟོབས་དང་མི་འཇིགས་པ་དང་།

མ་འདྲེས་པ་ལ་སོགས་པའི་ཡོན་ཏན་ཉན་ཐོས་དང་སོ་སོའི་སྐྱེ་བོ་ལ་མེད་པ་རྣམས་དང་ལྡན་པར་འགྱུར་བས་ན། ཡོན་ཏན་མཆོག་ལྡན་རྨད་འབྱུང་བ། །ཞེས་བྱ་སྟེ། ཡོན་ཏན་དེ་དག་ཉན་ཐོས་ལ་སོགས་པ་ལ་ཡོད་པར་མི་སྲིད་པས་ན་རྨད་དུ་བྱུང་བ་ཞེས་བྱའོ། །བྱང་ཆུབ་ཆེན་པོ་རྟག་ལྡན་ཞེས་བྱ་
བ་ལ། བླ་ན་མེད་པའི་བྱང་ཆུབ་དེ་ཉན་ཐོས་དང་རང་སངས་རྒྱས་པའི་བྱང་ཆུབ་པས་འཕགས་པས་བྱང་ཆུབ་ཆེན་པོ་ཞེས་བྱའོ། །བྱང་ཆུབ་དེ་འཁོར་བའི་མཐའི་བར་དུ་ཡོད་པས་རྟག་པ་ཞེས་བྱའོ། །ནམས་ཀྱང་ཉམས་ཤིང་འགྱུར་བ་མེད་པས་ན་བརྟན་པ་ཞེས་བྱའོ། །སྐྱབས་མེད་རྣམས་ཀྱི་སྐྱབས་ཞེས་བྱ་
བས་གཞན་གྱི་དོན་མཛད་པ་བསྟན་ཏེ། སེམས་ཅན་རྣམས་འཁོར་བའི་སྡུག་བསྔལ་ལས་བསྒྲལ་ཞིང་མྱ་ངན་ལས་འདས་པ་ལ་འཇོག་པར་བྱེད་པ་མེད་པས་ན་སྐྱབས་མེད་པ་ཞེས་བྱ་སྟེ། སེམས་ཅན་དེ་དག་འཁོར་བའི་སྡུག་བསྔལ་ལས་བསྒྲལ་ནས་མྱ་ངན་ལས་འདས་པའི་གནས་སུ་འཇོག་པར་
བྱེད་པས་ན་སྐྱབས་མེད་པ་རྣམས་ཀྱི་སྐྱབས་ཞེས་བྱའོ། །ཕྱོགས་ཕྱོགས་སུ་ནི་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་དེ་ཡང་འཇིག་རྟེན་གྱི་ཁམས་འགའ་འམ་ཕྱོགས་འགའ་ཐོབ་པ་མ་ཡིན་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འཐོབ་བོ་ཞེས་བྱ་བའི་དོན་ཏོ། །བརྟན་པ་ཞེས་བྱ་བ་དེའང་སུས་འཐོབ་
ཅེ་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འཐོབ། །ཅེས་བྱ་བའི་དོན་ཏོ། །དུས་ཀུན་དུ་ཞེས་བྱ་བ་ནི་ཉི་མ་རེ་རེ་ལའང་ཐོབ་ཅེས་བྱ་བའི་དོན་ཏོ། །རྟག་ཏུ་འཐོབ་ཅེས་བྱ་བ་ནི་སྐད་ཅིག་མ་རེ་རེ་ལའང་འཐོབ་ཅེས་བྱ་བའི་དོན་ཏོ། །དེ་ནི་འཇིག་རྟེན་ངོ་མཚར་མཆོག །ཅེས་བྱ་བ་ལ། དེ་ལྟར་ཤིན་ཏུ་རྙེད་དཀའ་
བྱང་ཆུབ་དེ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀུན་དུ་ཉི་མ་རེ་རེ་དང་སྐད་ཅིག་མ་རེ་རེ་ལ་ཡང་ལེན་ཅིང་ཐོབ་པར་བྱེད་པ་ནི་འཇིག་རྟེན་ངོ་མཚར་མཆོག་ཏུ་བྱ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཚུལ་སྤྱོད་པས་རྨད་འབྱུང་མེད་ཅེས་བྱ་བ་ལ། རྣམ་པ་གཉིས་སུ་ན་ངོ་མཚར་ཆེ་
བ་ཡང་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། རྒྱུ་འབྲས་སཱ་ལུ་བཏབ་པ་ལ། འབྲས་བུ་ཡང་སཱ་ལུ་འབྱུང་བ་ངོ་མཚར་མི་ཆེ་བ་བཞིན་དུ་ཚུལ་ནི་བྱང་ཆུབ་ཐོབ་པ་དང་མཐུན་པའི་ལམ་ལ་བྱ་སྟེ། བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་ལམ་ས་དང་ཕ་རོལ་ཏུ་ཕྱིན་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སྤྱད་ནས་དེའི་འབྲས་

བུ་བླ་ན་མེད་པའི་བྱང་ཆུབ་ཉིད་ཐོབ་པ་ནི་ངོ་མཚར་ཆེན་པོར་བྱ་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཚིགས་སུ་བཅད་པ་གསུམ་པའི་བསྡུས་པའི་དོན་ནི་དུས་གཅིག་སྒོ་མང་པོ་ནས་ཡོངས་སུ་སྨིན་པར་བྱ་བའི་ཐབས་ཀྱི་རྒྱུད་དུ་མ་ཡོད་པར་སྟོན་ཏོ། །དེ་ཡང་མདོར་ན་ཇི་ལྟར་ཡོངས་
སུ་སྨིན་པར་བྱེད་པ་དང་། གང་ལ་གནས་པའི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་རྒྱུ་མདོར་ན་དེ་གཉིས་སྟོན་ཏོ། །ལ་ལར་ཆོས་ཀྱི་འཁོར་ལོ་བསྐོར་བ་སྒོ་མང་བརྒྱ་དག་ནས་ཀྱང་སྟོན། །ཞེས་བྱ་བ་ལ། འཇིག་རྟེན་གྱི་ཁམས་ཁ་ཅིག་ཏུ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་ས་དང་ཕ་རོལ་ཏུ་ཕྱིན་པ་
ཆོས་ཀྱི་རྣམ་གྲངས་ཀྱི་སྒོ་མང་པོ་ལས་བརྩམས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་འཆད་པར་ཡང་སྟོན་ཏོ་ཞེས་བྱ་བའི་དོན་ཏོ། །ལ་ལར་སྐྱེ་བ་ཞེས་བྱ་བ་ལ་གང་གི་ཚེ་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཉིད་ཀྱི་དུས་ན་འཇིག་རྟེན་གྱི་ཁམས་ལ་ལར་ནི་དགའ་ལྡན་ནས་ཤི་འཕོས་ནས་འཛམ་བུའི་གླིང་དུ་ཡུམ་གྱི་
ལྷུམས་སུ་སྐྱེ་བ་ལ་སོགས་པ་སྟོན་ཏོ་ཞེས་བྱ་བའི་དོན་ཏོ། །མི་སྣང་བ་ཞེས་བྱ་བའི་དོན་ནི་དེ་ཉིད་ཀྱི་དུས་ན་འཇིག་རྟེན་གྱི་ཁམས་ལ་ལར་མི་སྣང་བ་སྟོན་ཏེ། བྱང་ཆུབ་སེམས་དཔའི་སྐུ་ལས་ནི་འཕྲོ་བ་སྟོན་ཏོ་ཞེས་བྱ་བའི་དོན་ཏོ། །ལ་ལར་སྣ་ཚོགས་སྐྱེ་བ་སྤྱོད། །ཅེས་བྱ་བ་ལ། སྣ་ཚོགས་སྐྱེ་བ་སྤྱོད་
པ་ནི་བྱང་ཆུབ་སེམས་དཔའི་སྐྱེས་པའི་རབས་ཀྱི་སྤྱོད་པ་མཛད་པ་ལ་བྱ་སྟེ། དེ་ཉིད་ཀྱི་དུས་ན་འཇིག་རྟེན་གྱི་ཁམས་ཁ་ཅིག་ཏུ་སྐྱེས་པ་རབས་ཀྱི་སྤྱོད་པ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མཛད་ནས། ལུས་དང་ལོངས་སྤྱོད་ལ་སོགས་པ་སེམས་ཅན་གཞན་ལ་བཏང་བ་དང་། སེམས་ཅན་གྱི་དོན་དུ་ཚུལ་ཁྲིམས་ཀྱི་ཕ་
རོལ་ཏུ་ཕྱིན་པ་སྤྱད་ནས་ཁ་ན་མ་མཐོ་བ་རྡུལ་ཙམ་ལ་ཡང་བག་བྱ་བ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་སྤྱད་ནས། ཀ་ལིང་ཀའི་རྒྱལ་པོས་དྲང་སྲོང་བཟོད་པ་སྨྲ་བ་ཡན་ལག་དང་ཉིང་ལག་བཅད་ན་ཡང་ཉམས་སུ་ལེན་པ་ལ་སོགས་པ་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །ལ་ལར་བྱང་ཆུབ་ཐམས་ཅད་ཅེས་བྱ་
བ་ལ། དེ་ཉིད་ཀྱིས་ན་འཇིག་རྟེན་གྱི་ཁམས་ཁ་ཅིག་ཏུ་ནི་རྡོ་རྗེ་གདན་ལ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་སྤངས་ནས་མངོན་པར་བྱང་ཆུབ་པ་ལྟ་བུར་ཡང་སྟོན་ཏོ་ཞེས་བྱ་བའི་དོན་ཏོ། །ལ་ལར་མྱ་ངན་ལས་འདའ་བར་ཡང་། །ཞེས་བྱ་བ་ལ། དེ་ཉིད་ཀྱི་ཚེ་ན་འཇིག་

རྟེན་གྱི་ཁམས་ཁ་ཅིག་ཏུ་མྱ་ངན་ལས་འདའ་བར་བསྟན་ནས། སེམས་ཅན་ཡོངས་སུ་སྨིན་པར་ཡང་བྱེད་དོ་ཞེས་བྱ་བའི་དོན་ཏོ། །ལན་གཅིག་མ་ཡིན་ཞེས་བྱ་བ་ལ། གོང་དུ་བཤད་པ་ལྟ་བུར་ཡང་ཁམས་རྣམ་པ་སྣ་ཚོགས་ཀྱང་ལན་གཅིག་ཅིག་ཅར་མཛད་ནས་རྒྱུན་གཅོད་པ་མ་ཡིན་གྱི་འཁོར་
བའི་མཐའི་བར་དུ་རྒྱུན་མི་འཆད་པར་མཛད་ཅེས་བྱ་བའི་དོན་ཏོ། །འདིས་ནི་ཇི་ལྟར་སེམས་ཅན་ཡོངས་སུ་སྨིན་པར་མཛད་པ་དེ་སྟོན་ཏོ། །དེ་ཡི་གནས་ནས་མི་གཡོ་ཐམས་ཅད་བྱེད། །ཅེས་བྱ་བ་ལ། དེའི་གནས་ཞེས་བྱ་བ་ནི། ཆོས་ཀྱི་དབྱིངས་ཟག་པ་མེད་པ་ལ་བྱ་སྟེ། ཐབས་རྣམ་པ་
སྣ་ཚོགས་ཀྱི་ཕྲིན་ལས་མཛད་དེ། ང་ཟག་པ་མེད་པའི་དབྱིངས་ལས་མི་གཡོ། མི་འགུལ། མི་ཉམས་ལ་གཡོ་བའི་མཚན་ཉིད་ཀྱི་ཕྲིན་ལས་དེ་དག་ཐམས་ཅད་ཀྱང་མཛད་དོ་ཞེས་བྱ་བའི་དོན་ཏོ། །ཚིགས་སུ་བཅད་པ་བཞི་པའི་བསྡུས་པའི་དོན་ནི་སེམས་ཅན་སྨིན་པར་སྦྱོར་ཞིང་མཛད་པའི་
རྒྱུ་ཟག་པ་མེད་པའི་དབྱིངས་རྟོག་པ་དང་མངོན་པར་འདུ་བྱེད་པ་མེད་པ་དེ་སྟོན་ཏེ། དེ་བས་ན། ང་ཡིས་སྨིན་པར་བྱས་ཤེ་འམ། །ཞེས་བྱ་བ་ལ་སོགས་པ་ཚིགས་བཅད་གཅིག་སྨོས་ཏེ། སེམས་ཅན་འདི་དག་བྱང་ཆུབ་སེམས་དཔའི་ས་རྙེད་པ་དང་། སངས་རྒྱས་སུ་གྱུར་པ་འདི་དག་སྔོན་ངས་སྨིན་པར་བྱས་པ་
ཡིན་ནོ་ཞེས་དེ་ལྟར་མི་དགོངས་མི་རྟོག་གོ་ཞེས་བྱ་བའི་དོན་ཏོ། །ལུས་ཅན་འདི་ནི་སྨིན་བྱ་དང་། །ཞེས་བྱ་བ་ལ། སེམས་ཅན་འདི་དག་ནི་ད་ལྟར་སྨིན་པར་བྱ་དུས་ལ་མ་བབ་པས་ཕྱིས་ལ་དགོད་ཅིང་འཚང་རྒྱ་བར་བྱའོ་ཞེས་དེ་ལྟར་མི་རྟོག་མི་དགོངས་སོ་ཞེས་བྱ་བའི་དོན་ཏོ། །ད་ལྟར་སྨིན་པར་བྱེད་དོ་ཞེས་སངས་
རྒྱས་རྣམས་ནི་མི་དགོངས་ཏེ་སེམས་ཅན་འདི་དག་ནི་ད་ལྟར་གྱི་དུས་ན་ཡང་ས་ལ་ཡང་མི་བཀོད་འཚང་རྒྱ་བར་བྱ་བའི་དུས་ན་ཡང་བཞག་གོ་ཞེས་དེ་ལྟར་མི་དགོངས་མི་རྟོག་ཞེས་བྱ་བའི་དོན་ཏོ། །འདིས་ནི་རྣམ་པར་མི་རྟོག་མི་མངའ་བ་བསྟན་ཏེ། མངོན་པར་འདུ་བྱེད་མེད་པར་ཞེས་བྱ་བ་ལ། རྟོག་པ་མི་
མངའ་བར་མི་ཟད་ཀྱི་སེམས་ཅན་སྨིན་པར་མཛད་པ་ན་བརྩལ་བ་དང་། འབད་པ་ཡང་མེད་དེ། ལྷུན་གྱིས་གྲུབ་པར་མཛད་དོ་ཞེས་བྱ་བའི་དོན་ཏོ། །ཕྱོགས་ཕྱོགས་ཀུན་ལ་ཞེས་བྱ་བ་ལ། དེ་ལྟར་སྨིན་པར་མཛད་པ་ཡང་ཕྱོགས་འགའ་འམ། འཇིག་རྟེན་གྱི་ཁམས་འགར་མཛད་པ་མ་ཡིན་གྱི་ཕྱོགས་

བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་མཛད་དོ་ཞེས་བྱ་བའི་དོན་ཏོ། །སྒོ་གསུམ་ནས་ཞེས་བྱ་བ་ལ། སེམས་ཅན་སྨིན་པར་མཛད་པ་ཡང་ཐབས་འགའ་འམ་ཐེག་པ་འགས་མཛད་པ་མ་ཡིན་གྱི་སྒོ་གསུམ་སྟེ་ཐེག་པ་གསུམ་ཆར་བསྟན་པའི་སྒོ་ནས་སྨིན་པར་མཛད་དོ་ཞེས་བྱ་བའི་
དོན་ཏོ། །སྐྱེ་བོའི་ཚོགས་ནི་ཞེས་བྱ་བ་ལ། སྨིན་པར་མཛད་པ་ཡང་སེམས་ཅན་འགའ་ཞིག་སྨིན་པར་མཛད་པ་མ་ཡིན་གྱི་སྐྱེ་བོའི་ཚོགས་ཀྱི་སེམས་ཅན་ཐམས་ཅད་སྨིན་པར་མཛད་དོ་ཞེས་བྱ་བའི་དོན་ཏོ། །རྟག་ཏུ་ཞེས་བྱ་བ་ལ། སྨིན་པར་མཛད་པའང་ལོའམ་བསྐལ་པ་འགར་མཛད་པ་མ་ཡིན་
གྱི་རྟག་ཏུ་སྟེ་འཁོར་བའི་མཐའི་བར་དུ་མཛད་དོ་ཞེས་བྱ་བའི་དོན་ཏོ། །དགེ་བའི་ཆོས་རྣམས་འཕེལ་བར་འགྱུར། །ཞེས་བྱ་བ་ལ། ཐེག་པ་གསུམ་གྱི་སྒོ་ནས་ཆོས་རྣམས་བཤད་ཅིང་བསྟན་པས་སེམས་ཅན་གྱི་སེམས་ལ་བྱང་ཆུབ་ཀྱི་ཕྱོགས་དང་། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་དགེ་བའི་ཆོས་འཕེལ་
བ་དང་། བརྟས་པ་དང་། སྨིན་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཚིགས་སུ་བཅད་པ་ལྔའི་བསྡུས་པའི་དོན་ནི་མངོན་པར་འདུ་བྱེད་པ་མེད་པར་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ཉི་མའི་དཔེ་བསྟན་པ་དེ་བས་ན། ཇི་ལྟར་ཉི་མའི་འོད་ཟེར་རྒྱ་ཆེར་ཡོངས་བཏང་བས། །ཕྱོགས་ཕྱོགས་
ཀུན་ལ་ལོ་ཏོག་སྨིན་པར་མཛད། །ཅེས་བྱ་བ་སྨོས་ཏེ། ཉི་མ་དེ་ལས་འོད་ཟེར་གཅིག་གཉིས་འབྱུང་བར་མ་ཟད་ཀྱི་འོད་ཟེར་བརྒྱ་སྟོང་གྲངས་མེད་པར་འབྱུང་བས་ན་རྒྱ་ཆེ་བ་ཞེས་བྱའོ། །ཇི་ཙམ་སྣང་བར་བྱས་པའི་གནས་འཛམ་བུའི་གླིང་དང་། འཇིག་རྟེན་གྱི་ཁམས་ཀུན་དུ་སྣང་བར་བྱེད་པས་ན་
སྤངས་པ་ཞེས་བྱ་སྟེ། དཔེར་ན་ཉི་མའི་འོད་ཟེར་བཏང་ལ་ལོ་ཏོག་སྨིན་པར་བྱའོ་སྙམ་དུ་རྟོག་པ་དང་མངོན་པར་འདུ་བྱེད་པ་མེད་པས་ཀྱང་། འོད་ཟེར་རྒྱ་ཆེན་པོ་བཏང་ནས་ཕྱོགས་བཅུ་ཀུན་དུ་ནས་འབྲས་ལ་སོགས་པ་ལོ་ཏོག་སྨིན་པར་བྱེད་པའི་དོན་ཏོ། །འདིས་ནི་སྨིན་པར་བྱེད་པའི་དཔེ་བསྟན་ཏོ། །ཆོས་
ཀྱི་ཉི་མ་རབ་ཞི་ཆོས་ཚུལ་འོད་བཏང་བས། །ཕྱོགས་ཕྱོགས་ཀུན་དུ་སེམས་ཅན་སྨིན་པར་བྱེད། །ཅེས་བྱ་བ་ལ། ཟག་པ་མེད་པའི་དབྱིངས་ནི་གསུང་རབ་ཡན་ལག་བཅུ་གཉིས་འོད་ཟེར་འདྲ་བར་འབྱུང་བའི་རྒྱུ་ཡིན་པས་ཉི་མའི་དཀྱིལ་འཁོར་འདྲ་བའི་ཕྱིར་ཆོས་ཀྱི་ཉི་མ་ཞེས་བྱའོ། །རང་བཞིན་ནི་

མྱ་ངན་ལས་འདས་པ་ཞེས་བྱ་སྟེ། ཀུན་འབྱུང་དང་སྡུག་བསྔལ་སྤངས་པའི་ཕྱིར་རོ། །ཆོས་ཚུལ་ནི་མྱ་ངན་ལས་འདས་པ་སྟེ་ཐོབ་པར་བྱེད་པའི་རྒྱུ་དང་ཐབས་ལ་བྱ་སྟེ། དེའི་རྒྱུ་དང་གསུང་རབ་ཡན་ལག་བཅུ་གཉིས་བཤད་པའོ། །འོད་གཏོང་བ་ཞེས་བྱ་བ་ནི་ཆོས་བཤད་པའི་ཞེས་བྱ་བའི་དོན་ཏེ་ཆོས་
བཤད་པས་ནི་ཕྱོགས་བཅུ་ཀུན་དུ་སེམས་ཅན་ཡོངས་སུ་སྨིན་པར་མཛད་དོ་ཞེས་བྱ་བའི་དོན་ཏོ། །ཚིགས་སུ་བཅད་པ་དྲུག་པའི་བསྡུས་པའི་དོན་ནི་གཅིག་ནས་གཅིག་ཏུ་སྨིན་པར་བྱེད་པ་མི་ཟད་པ་སྟོན་ཏོ། །དེ་བས་ན། ཇི་ལྟར་མར་མེ་གཅིག་ལ་མར་མེའི་ཚོགས་མང་འབྱུང་། །གྲངས་མེད་དཔག་ཏུ་མེད་
ཀྱང་ཟད་པར་མི་འགྱུར་ཏེ། །ཞེས་བྱ་བ་སྨོས་ཏེ། དཔེར་ན་མར་མེ་གཅིག་ལ་མར་མེ་གྲངས་མེད་དཔག་ཏུ་མེད་པ་རྣམས་བསྲེགས་ཏེ། སོ་སོར་ལུས་ཀྱང་དང་པོའི་མར་མེ་གཅིག་པོ་དེ་ལ་ཟད་པ་དང་འགྲིབ་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་སྨིན་པ་གཅིག་ལས་སེམས་ཅན་ཚོགས་མང་པོ། །
གྲངས་མེད་དཔག་ཏུ་མེད་པ་འབྱུང་ཡང་ཟད་མི་འགྱུར། །ཞེས་བྱ་བ་ལ། དེ་དང་འདྲ་བར་དེ་བཞིན་གཤེགས་པས་སེམས་ཅན་གཅིག་སྨིན་པར་བྱས་ཏེ། སངས་རྒྱས་པར་བྱས་པ་དང་། སངས་རྒྱས་པ་དེས་སེམས་ཅན་གྱི་ཚོགས་མང་པོ་གྲངས་མེད་དཔག་ཏུ་མེད་པ་རྣམས་འཚང་རྒྱ་བར་བྱས་ཏེ། སྨིན་
པར་བྱས་ཀྱང་ཡོངས་སུ་སྨིན་པར་བྱེད་པའི་དེ་བཞིན་གཤེགས་པའི་ཡེ་ཤེས་དང་། ཆོས་བཤད་པ་ལ་ཟད་པ་དང་འགྲིབ་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དོན་འདིའང་འཕགས་པ་དྲི་མ་མེད་པར་གྲགས་པའི་མདོ་ལས་གསུངས་ཏེ། ཇི་ལྟ་ཞེ་ན། ཁྱིམ་བདག་ཇི་ལྟར་བདག་ཅག་བདུད་ཀྱི་
གནས་ནས་གནས་པར་བགྱི། སྨྲས་པ། སྲིང་མོ་དག་མི་ཟད་པའི་ཆོས་ཀྱི་སྒྲོན་མ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡོད་དོ། །དེ་ལ་ནན་ཏན་གྱིས་ཤིག །དེའང་གང་ཞེ་ན། འདི་ལྟ་སྟེ་སྲིང་མོ་དག་སྒྲོན་མ་གཅིག་ལས་སྒྲོན་མ་བརྒྱ་སྟོང་འབར་བར་བྱས་ཀྱང་སྒྲོན་མ་དེ་འབྲི་བར་མི་འགྱུར་བ་དེ་བཞིན་དུ་སྲིང་མོ་
དག་ཀྱང་བྱང་ཆུབ་སེམས་དཔའ་གཅིག་གིས་སེམས་ཅན་བརྒྱ་སྟོང་མང་པོ་རྣམས་བྱང་ཆུབ་ལ་བཀོད་ཀྱང་བྱང་ཆུབ་སེམས་དཔའ་དེའི་སེམས་ཀྱི་དྲན་པ་མི་འབྲི་ཡོངས་སུ་མི་འབྲི་སྟེ་ཕྱིར་ཞིང་སྐྱེ་ཞེས་གསུངས་པ་ལྟ་བུའོ། །ཚིགས་སུ་བཅད་པ་བདུན་པའི་བསྡུས་པའི་དོན་ནི་ཐེག་པ་གསུམ་གྱི་

སྒོ་ནས་ཡོངས་སུ་སྨིན་པར་བྱས་པ་རྣམས་རྣམ་པར་གྲོལ་བའི་དབྱིངས་སུ་འཇུག་པ་ན་ཡོངས་སུ་སྨིན་པ་ཐམས་ཅད་ཀྱི་གོ་སྐབས་འབྱེད་པའི་ཕྱིར་ཆོས་ཀྱི་དབྱིངས་མི་ངོམས་པ་དང་། ཆོས་ཀྱི་དབྱིངས་སུ་སྨིན་པ་དཔག་ཏུ་མེད་པ་ལུས་ཀྱང་ལྷག་མ་མེད་པའི་ཕྱིར་འཕེལ་
བ་མེད་པ་རྒྱ་ཆེན་པོའི་དཔེ་སྟོན་ཏོ། །རྒྱ་མཚོ་ཆེན་པོ་ཆུ་ཡིས་ངོམས་མི་འགྱུར། །ཞེས་བྱ་བ་ལ། དཔེར་ན་རྒྱ་མཚོ་ཆེན་པོར་ཕྱོགས་བཅུའི་ཆུ་བྲན་དང་ཆུ་བོ་མང་པོ་དེར་བསྡུས་ཀྱང་འདི་སྙེད་ཅིག་བབ་པས་ད་ཆོག་གོ་བྱ་བ་མེད་ཀྱི་ཆུ་བོ་མང་པོ་དེར་འཇུག་པའི་གོ་སྐབས་འབྱེད་པའི་ཕྱིར་ངོམས་པ་
མེད་དོ་ཞེས་བྱ་བའི་དོན་ཏོ། །ཆུ་ཆེན་མང་པོ་རབ་ཏུ་འབབ་པས་འཕེལ་མི་འགྱུར། །ཞེས་བྱ་བ་ལ། རྒྱ་མཚོར་ཕྱོགས་བཅུའི་ཆུ་བོ་དང་ཆུ་བྲན་མང་པོ་དེར་འདུས་ཏེ་རྟག་ཏུ་འབབ་ཀྱང་། རྒྱ་མཚོ་ལ་ལུད་པ་དང་ལྷག་པ་མེད་པས་འཕེལ་བར་མི་འགྱུར་ཞེས་བྱ་བའི་དོན་ཏོ། །དེ་བཞིན་སངས་རྒྱས་དབྱིངས་
ཀྱང་རྣམ་དག་རྟག་འབབ་པས། །ངོམས་ཤིང་འཕེལ་བར་མི་འགྱུར་ངོ་མཚར་ཆེ། །ཞེས་བྱ་བ་ལ། དེ་བཞིན་ཞེས་བྱ་བ་ནི་དེ་དང་འདྲ་བར་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་དབྱིངས་ཞེས་བྱ་བ་ནི། །སངས་རྒྱས་རྣམས་ནི་ཟག་པ་མེད་པའི་དབྱིངས་སུ་ཞེས་བྱ་བའི་ཐ་ཚིག་གོ། །རྣམ་དག་རྟག་
འབབ་པ་ཞེས་བྱ་བ་ནི་ཉན་ཐོས་དཔག་ཏུ་མེད་པ་དང་། རང་སངས་རྒྱས་དཔག་ཏུ་མེད་པ་དང་། བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་རྣམས་ཀྱང་མྱ་ངན་ལས་འདས་པར་གྱུར་པ་ཐམས་ཅད་ཟག་པ་མེད་པའི་དབྱིངས་སུ་འཇུག་ཀྱང་རྣམ་པར་གྲོལ་བ་འདི་སྙེད་ཅིག་ཞུགས་ཀྱིས་ད་ཆོག་གོ་ཞེས་
འགོག་པ་མེད་ཀྱི་རྣམ་པར་གྲོལ་བ་ཐམས་ཅད་དེར་འཇུག་པའི་སྐབས་མེད་པས་ངོམས་པར་མི་འགྱུར་བ་ཞེས་བྱའོ། །ཡོངས་སུ་སྨིན་པ་དཔག་ཏུ་མེད་པ་ཞིག་དེར་ཞུགས་ཀྱང་ཆོས་ཀྱི་དབྱིངས་ལ་སྐྱེས་པ་དང་ལུད་པར་གྱུར་པ་མེད་པས་ན་འཕེལ་བར་འགྱུར་བ་སྟེ། དེ་ནི་ངོ་མཚར་དུ་བྱ་བ་ཡིན་ནོ་ཞེས་བྱ་
བའི་དོན་ཏོ། །ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་ཚིགས་སུ་བཅད་པ་བཞིའོ་ཞེས་བྱ་བ་ལ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་སྐབས་ཀྱི་རྗེས་ལ་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་སྐབས་བཤད་པར་འབྲེལ་པ་ཅི་ཡོད་ཅེ་ན། འདི་ནི་བྱང་ཆུབ་བཤད་པའི་སྐབས་ཡིན་ཏེ། སྔར་བྱང་ཆུབ་

བཤད་པའི་སྐབས་སུ། །ངལ་བརྒྱས་རྨད་འབྱུང་དཀའ་སྤྱད་དགེ་བསགས་ཀུན། །དུས་རིང་བསྐལ་པ་མཆོག་འགྲོ་སྒྲིབ་ཀུན་ཟད། །སར་གཏོགས་སྒྲིབ་པ་ཕྲ་བཅོམ་སངས་རྒྱས་ཏེ། །དེ་ནི་མཐུ་ཆེན་རིན་ཆེན་སྣོད་ཕྱེ་བཞིན། །ཞེས་བྱ་བ་བྱང་ཆུབ་ཀྱི་མཚན་ཉིད་སྤྱི་ཙམ་དུ་བཤད་ནས་སངས་
རྒྱས་པར་གྱུར་ན་ཡོངས་སུ་སྨིན་པར་བྱེད་དོ་ཞེས་དེ་ཙམ་དུ་ཟད་དོ། །ད་ནི་བྱང་ཆུབ་ཀྱི་རང་བཞིན་དང་། འབྲས་བུ་དང་། ལས་དང་། ལྡན་པ་དང་འཇུག་པར་ཕྱེ་ནས་ཁྱད་པར་དུ་བསྟན་པའི་ཕྱིར་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་སྐབས་བཤད་དོ། །ཡང་ན་འདི་ནི་བྱང་ཆུབ་བཤད་པའི་སྐབས་ཡིན་ཏེ། སྔར་
གོང་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པར་བྱ་བ་ནི་བདག་དང་གཞན་གྱི་དོན་ལ་བརྩམས་ཏེ། བྱང་ཆུབ་ཀྱི་བར་དུ་དོན་རྣམ་པ་བདུན་བསླབ་པར་བྱའོ་ཞེས་བཤད་པ་ལས་མདོ་སྡེ་དེ་དག་གི་ནང་ནས་བྱང་ཆུབ་རྣམ་པ་དུ་མ་བཤད་དེ། དེ་ལས་ཀྱང་སྔར་ནི་གཟུངས་ཀྱི་དབང་ཕྱུག་གི་རྒྱལ་པོ་དང་།
དམ་པའི་ཆོས་པུཎྜ་རཱི་ཀ་ལ་སོགས་པའི་ནང་ནས་བྱང་ཆུབ་ཀྱི་མཚན་ཉིད་ཇི་ལྟར་འབྱུང་བ་དེ་གཏན་ལ་ཕབ་སྟེ་བཤད་དོ། །ད་ནི་དེ་མ་ཡིན་པའི་མདོ་སྡེ་གཞན་དག་གི་ནང་ནས་བྱང་ཆུབ་ཀྱི་མཚན་ཉིད་འབྱུང་བ་གཏན་ལ་དབབ་པར་བྱ་བའི་ཕྱིར། ཆོས་ཀྱི་དབྱིངས་རྣམ་པར་དག་པའི་སྐབས་བཤད་
པ་བསྟན་ཏེ། དེ་ལ་སངས་རྒྱས་ཀྱི་སའི་མདོ་ལས་ཆོས་ལྔས་སངས་རྒྱས་ཀྱི་ས་བསྡུས་པ་ཡིན་ཏེ། ཆོས་ལྔ་གང་ཞེ་ན། ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང་། མེ་ལོང་ལྟ་བུའི་ཡེ་ཤེས་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་དང་། བྱ་བ་སྒྲུབ་
པའི་ཡེ་ཤེས་སོ། །དེ་ལ་སངས་རྒྱས་ཀྱི་སའི་མདོ་ལས་འབྱུང་བའི་ཆོས་ལྔའི་དབང་དུ་བྱས་ནས། ཆོས་ལྔ་པོ་དེ་འདིར་མདོ་ཙམ་དུ་གཏན་ལ་འབེབས་ཏེ། ཆོས་ལྔ་པོ་དེ་རྣམས་ཀྱི་རབ་ཏུ་དབྱེ་བ་རྒྱ་ཆེར་གཏན་ལ་དབབ་པ་ནི། སངས་རྒྱས་ཀྱི་ས་ཐེག་པ་ཆེན་པོའི་མདོ་སྡེ་ཉིད་ཀྱི་ནང་ནས་འབྱུང་
བ་བཞིན་དུ་བལྟ་བར་བྱའོ། །སངས་རྒྱས་ཀྱི་ས་ལས་ཀྱང་ཆོས་ཀྱི་དབྱིངས་དང་པོར་སྨོས་པས། འདིར་ཡང་ཆོས་ཀྱི་དབྱིངས་ཀྱི་སྐབས་ཚིགས་སུ་བཅད་པ་བཞི་དང་པོར་འཆད་དེ། ཡེ་ཤེས་བཞི་རྣམས་རིམ་བཞིན་དུ་ཕྱིས་འཆད་དོ་ཞེས་བྱ་བའི་དོན་འཆད་དེ་ཐམས་ཅད་ཆོས་ཀྱི་དེ་བཞིན་ཅེས་བྱ་བ་

ལ། ཆོས་ཐམས་ཅད་ནི་འདུས་བྱས་དང་། འདུས་མ་བྱས་སོ། །ཟག་པ་དང་བཅས་པའམ། ཟག་པ་མེད་པ་སྟེ། ཆོས་དེ་རྣམས་ཀྱི་དེ་བཞིན་ཉིད་ནི་སྟོང་པ་ཉིད་ལ་བྱའོ། །སངས་རྒྱས་ཀྱི་སའི་སྟོང་པ་ཉིད་དུས་ཀྱི་སྟོང་པ་ཉིད་དེ་བཞིན་ཉིད་དེའི་མཚན་ཉིད་དང་རང་བཞིན་ཅི་འདྲ་ཞེ་
ན། སྒྲིབ་པ་གཉིས་དག་པའི་མཚན་ཉིད་དེ་ཞེས་བྱ་བ་སྨོས་ཏེ། སངས་རྒྱས་ཀྱི་དུས་ཀྱི་དེ་བཞིན་ཉིད་ནི་ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་གཉིས་དང་བྲལ་བའི་མཚན་ཉིད་དང་རང་བཞིན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདིས་ནི་དེ་བཞིན་ཉིད་གནས་གཞན་དུ་གྱུར་པ་བསྟན་ཏོ། །དངོས་
པོ་ཤེས་པ་དེ་ལ་དམིགས། །ཞེས་བྱ་བ་ལ། དངོས་པོ་ཤེས་པ་ནི་དེའི་རྒྱབ་ནས་ཐོབ་པ་དག་པ་འཇིག་རྟེན་པའི་ཡེ་ཤེས་ལ་བྱ་སྟེ། དངོས་པོའི་སྒྲས་ཀུན་གཞི་རྣམ་པར་ཤེས་པ་གཞན་གྱི་དབང་གི་མཚན་ཉིད་གནས་གཞན་དུ་གྱུར་པའི་མཚན་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་བྱའོ། །རྣམ་པར་མི་
རྟོག་པའི་ཡེ་ཤེས་དེ་ཡང་དེའི་རྒྱབ་ནས་ཐོབ་པ་དང་། དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱིས་ཕྱིན་ཅི་མ་ལོག་པར་ཤེས་པར་བྱེད་ཀྱི་ཡེ་ཤེས་གཞན་གྱིས་ནི་མ་ཡིན་ཏེ། དེ་བས་ན་དེའི་རྒྱབ་ནས་ཐོབ་པ་དག་པ་འཇིག་རྟེན་པའི་ཡེ་ཤེས་ལ་དངོས་པོར་ཤེས་པ་ཞེས་བྱ་སྟེ་འདིར་འདིས་ནི་གནས་ངན་ལེན་
གྱི་རྟེན་ཀུན་གཞི་གནས་གཞན་དུ་གྱུར་པར་བསྟན་ཏོ། །དེ་ཞེས་བྱ་བའི་སྒྲས་ནི་ཆོས་ཀྱི་དབྱིངས་ལ་སྙེགས་ཏེ། ཆོས་ཀྱི་དབྱིངས་ལ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་དམིགས་སོ་ཞེས་བྱ་བའི་དོན་ཏོ། །འདིས་ནི་ལམ་གྱི་གནས་གཞན་དུ་གྱུར་པ་བསྟན་ཏོ། །མི་ཟད་དབང་གིས་མཚན་ཉིད་དོ། །ཞེས་
བྱ་བ་ལ་དེའི་རྒྱབ་ནས་ཐོབ་པ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱིས་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་དམིགས་ནས་དབང་མི་ཟད་པ་ཐོབ་སྟེ། ཇི་ལྟ་ཞེ་ན། དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱིས་རྣམ་པར་མི་རྟོག་པའི་རང་བཞིན་ཕྱིན་ཅི་མ་ལོག་པར་རྟོགས་པའི་ཕྱིར་རོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་
ཀྱང་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་ལ་དབང་མི་ཟད་པ་སྟེ། ཇི་ལྟ་ཞེ་ན། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཐམས་ཅད་དུ་ཆོས་ཀྱི་དབྱིངས་ལ་རྩེ་གཅིག་ཏུ་འཇོག་པའི་ཕྱིར་ཏེ། འདིས་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་བསྟན་ཏོ། །ཀུན་ནས་དེ་བཞིན་ཉིད་ཤེས་ནས། །བསྒོམ་པ་ཡང་དག་འབྱུང་བ་སྟེ། །

ཞེས་བྱ་བ་ལ་སོགས་པའི་ཚེ་ཚིགས་བཅད་གཅིག་གིས་རྒྱུའི་དོན་དང་འབྲས་བུའི་དོན་ཏོ། །ཀུན་ནས་བྱ་བ་ནི་ཐེག་པ་ཆེན་པོའི་མདོ་སྡེ་དེ་དག་གི་ནང་ནས་ཆོས་ཀྱི་དབྱིངས་སྟོན་པའི་མིང་གི་རྣམ་གྲངས་མ་སྐྱེས་པ་དང་། མ་བྱུང་བ་ལ་སོགས་པ་འབྱུང་བ་མཉན་པ་དང་། སེམས་པ་དང་བསྒོམས་པ་ལ་
སོགས་པའི་རིམ་པ་སྦྱོར་བའི་ས་ན་བསྒོམས་པ་ལས་མཐོང་བའི་ལམ་ན་དེ་བཞིན་ཉིད་ཤེས་པའི་ཡེ་ཤེས་སྐྱེས་ཏེ། ཆོས་ཀྱི་དབྱིངས་ཐམས་ཅད་དུ་འགྲོ་བའི་མཚན་ཉིད་དུ་རྟོག་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེས་སོ་ཞེས་བྱ་བའི་དོན་ཏོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱང་ས་དང་པོའི་དུས་སུ་ཐོབ་བོ། །
དེ་ནས་ས་གཉིས་ནས་ས་བཅུ་མན་ཆད་ཡེ་ཤེས་དེ་ཉིད་བསྒོམས་པས་ཡང་དག་པ་འབྱུང་སྟེ། སངས་རྒྱས་ཀྱི་སར་ཆོས་ཀྱི་དབྱིངས་རྣམ་པར་དག་པ་མངོན་སུམ་དུ་བྱས་སོ་ཞེས་བྱ་བའི་དོན་ཏོ། །འདིས་ནི་རྒྱུའི་དོན་བསྟན་ཏོ། །རྣམ་པ་ཀུན་དུ་སེམས་ཅན་དོན། །གཉིས་བསྐྱེད་མི་ཟད་འབྲས་བུའོ། །ཞེས་བྱ་
བ་ལ། རྣམ་པ་ཀུན་དུ་དུས་ཐམས་ཅད་དུའམ། ཕན་པ་དང་བདེ་བའི་རྣམ་པ་ཐམས་ཅད་ཀྱིས་ཞེས་བྱ་བའི་དོན་ཏོ། །སེམས་ཅན་ཀུན་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ལ་ཞེས་བྱ་བའི་དོན་ཏོ། །གཉིས་བསྐྱེད་པ་ནི་སེམས་ཅན་ལ་ཕན་པ་དང་། བསྐྱེད་པ་དང་། བདེ་བ་བསྐྱེད་པ་སྟེ། ཚེ་རབས་གཞན་དུ་
མཐོ་རིས་དང་མྱ་ངན་འདས་པ་ལ་བཀོད་པ་ནི་ཕན་པའོ། །ཚེ་འདིར་ཟང་ཟིང་གིས་ཕན་བཏགས་ན་དགེ་བ་བྱེད་དུ་བཅུག་པ་ནི་ཕན་པ་སྟེ། འདིས་ནི་འབྲས་བུའི་དོན་བསྟན་པའོ། །མི་ཟད་པར་ཞེས་བྱ་བ་ནི་འཁོར་བའི་མཐའི་བར་དུ་ཡང་བདེ་བ་དང་བདེ་བ་རྒྱུན་མི་གཅོད་ཅེས་བྱ་བའི་དོན་ཏོ། །ལུས་དང་ངག་
དང་སེམས་སྤྲུལ་པའི། །སྦྱོར་བའི་ཐབས་ཀྱི་ལས་ཅན་ནོ། །ཞེས་བྱ་བ་ལ་སོགས་པ་ཚིགས་བཅད་གཅིག་གིས་ལས་ཀྱི་དོན་དང་ལྡན་པའི་དོན་བསྟན་ཏེ། ལུས་སྤྲུལ་པའི་སྦྱོར་བའི་ཐབས་ཀྱི་ལས་ཅན་དང་། ངག་སྤྲུལ་པའི་སྦྱོར་བའི་ཐབས་ཀྱི་ལས་ཅན་དང་། སེམས་སྤྲུལ་པའི་སྦྱོར་བའི་ཐབས་ཀྱི་ལས་ཅན་
ནོ་ཞེས་བྱ་བར་སྦྱར་རོ། །དེ་ལ་བརྒྱ་བྱིན་དང་ཚངས་པ་དང་། ལྷ་དང་ཀླུ་ལ་སོགས་པའི་ལུས་སུ་བསྟན་པ་ནི་ལུས་སྤྲུལ་པའི་སྦྱོར་བའི་ཐབས་ཀྱི་ལས་ཅན་ཞེས་བྱའོ། །བྱིན་གྱི་རླབས་ཀྱིས་ནམ་མཁའ་དང་། རྩིག་པ་དང་། ཤིང་ལ་སོགས་པ་ལས་ཀྱང་དམ་པའི་ཆོས་འཆད་པའི་སྒྲ་འབྱུང་བ་ནི་ངག་

སྤྲུལ་པའི་ཐབས་ཀྱི་ལས་ཅན་ཞེས་བྱའོ། །བྱིན་གྱིས་བརླབས་ནས་བླུན་པོ་རྣམས་ཀྱང་ཟབ་མོ་རྟོགས་པའི་སེམས་དང་ལྡན་པར་བྱ་སྟེ། ཆོས་བཤད་ནས་ཆོས་ཀྱི་དོན་རྟོགས་པར་བྱས་པ་དང་། འཕགས་པ་ཤཱ་རིའི་སྲས་པོ་དང་། རབ་འབྱོར་ལ་སོགས་པ་བྱིན་གྱིས་བརླབས་
ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་འཆད་དུ་བཅུག་པ་ནི་སེམས་སྤྲུལ་པའི་སྦྱོར་བའི་ཐབས་ཀྱི་ལས་ཅན་ཞེས་བྱ་སྟེ། སྦྱོར་བ་ཞེས་བྱ་བ་ནི་ལས་ལ་བྱའོ། །སྤྲུལ་པ་ནི་ལས་གསུམ་གྱིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ལས་དང་ལས་དེ་ཉིད་ཐབས་ཡིན་ཏེ། ཐབས་དེ་ལྟ་
བུ་དག་མཛད་པ་ཐུགས་སུ་ཆུད་པས་ན་ལས་ཅན་ཞེས་བྱ་སྟེ། འདིས་ནི་ལས་ཀྱི་དོན་བསྟན་ཏོ། །དེ་ལ་ལུས་སྤྲུལ་པ་ལ་ཡང་རྣམ་པ་གཉིས་ཏེ། བདག་དང་འབྲེལ་པ་དང་། གཞན་དང་འབྲེལ་བའོ། །དེ་ལ་བདག་དང་འབྲེལ་པ་ནི་བདག་ཉིད་བརྒྱ་བྱིན་དང་ཚངས་པ་ལ་སོགས་པའི་ལུས་སུ་སྤྲུལ་
པའོ། །གཞན་དང་འབྲེལ་པ་ནི་སེམས་ཅན་གཞན་དང་རྩི་ཤིང་ལ་སོགས་པ་ཡང་བྱིན་གྱིས་བརླབས་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྐྱེ་བ་ལྟ་བུར་སྟོན་པའོ། །ངག་སྤྲུལ་པ་ལ་ཡང་རྣམ་པ་གཉིས་ཏེ། བདག་དང་འབྲེལ་པ་དང་། གཞན་དང་འབྲེལ་པའོ། །དེ་ལ་བདག་དང་
འབྲེལ་པ་ནི་དེ་བཞིན་གཤེགས་པ་ཉིད་གསུང་ཡན་ལག་དབྱངས་དྲུག་ཅུ་རྩ་གཉིས་དང་ལྡན་པར་སྤྲུལ་ནས་དམ་པའི་ཆོས་འཆད་པའོ། །གཞན་དང་ཡང་འབྲེལ་བ་ནི་རྩིག་པ་དང་ཤིང་དང་ནམ་མཁའ་ལ་སོགས་པ་ལས་ཀྱང་དམ་པའི་ཆོས་འཆད་པའི་སྒྲ་འབྱུང་བའོ། །སེམས་སྤྲུལ་པ་ལ་ཡང་
རྣམ་པ་གཉིས་ཏེ། བདག་དང་འབྲེལ་པ་དང་། གཞན་དང་འབྲེལ་པའོ། །བདག་དང་འབྲེལ་པ་ནི་ཡེ་ཤེས་ཀྱི་བྱིན་གྱི་རླབས་ཀྱིས་ཆོས་ཀྱི་དོན་ཟབ་མོ་དག་ཐུགས་སུ་ཆུད་པའོ། །གཞན་དང་འབྲེལ་པ་ནི་བྱིན་གྱིས་བརླབས་ནས་བླུན་པོ་རྣམས་ཀྱང་དམ་པའི་ཆོས་ཟབ་མོ་རྟོགས་པར་བྱས་པ་དང་འཕགས་པ་
ཉན་ཐོས་དག་ཀྱང་དམ་པའི་ཆོས་ཟབ་མོ་འཆད་དུ་བཅུག་པའོ། །ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ། །གཉིས་པོ་དཔག་ཏུ་མེད་དང་ལྡན། །ཞེས་བྱ་བ་ལ། ཆོས་ཀྱི་དབྱིངས་ཏེ། ཏིང་ངེ་འཛིན་གྱི་སྒོ་དང་ལྡན་པ་དང་། གཟུངས་ཀྱི་སྒོ་དང་ལྡན་པ་དང་། གཉིས་པོ་དཔག་ཏུ་མེད་པ་དང་ལྡན་ཏེ། དེས་ནི་ལྡན་

པའི་དོན་བསྟན་པའོ། །དེ་ལ་ཏིང་ངེ་འཛིན་ནི་ཐེག་པ་ཆེན་པོའི་ཏིང་ངེ་འཛིན་དང་། ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་དང་། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་སོགས་པའོ། །གཟུངས་ཀྱི་སྒོ་ནི་མི་ཟད་པའི་ཟ་མ་ཏོག་གི་གཟུངས་དང་། སྒོ་མཐའ་ཡས་པའི་གཟུངས་ཞེས་བྱ་བ་ལ་སོགས་པའོ། །གཉིས་
པོ་དཔག་ཏུ་མེད་པ་ནི་བསོད་ནམས་ཀྱི་ཚོགས་དཔག་ཏུ་མེད་པ་དང་། ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པའོ། །རང་བཞིན་ཆོས་དང་རྫོགས་ལོངས་སྤྱོད། །སྤྲུལ་པ་དག་གིས་ཐ་དད་འཇུག །ཅེས་བྱ་བ་ལ། དེ་བཞིན་གཤེགས་པའི་སྐུ་ནི་ཆོས་ཀྱི་སྐུ་འབའ་ཞིག་ཏུ་མ་ཟད་ཀྱི་རང་བཞིན་གྱི་སྐུ་དང་། ཆོས་
ལ་རྫོགས་པར་ལོངས་སྤྱོད་པའི་སྐུ་དང་། སྤྲུལ་པའི་སྐུ་དང་ཐ་དད་པ་མི་མཐུན་པ་རྣམ་པ་གསུམ་གྱིས་སེམས་ཅན་གྱི་དོན་ལ་འཇུག་གོ་ཞེས་བྱ་བའི་དོན་ཏོ། །དེ་ལ་རང་བཞིན་གྱི་སྐུ་ནི་ཆོས་ཀྱི་སྐུའོ། །ཆོས་ལ་རྫོགས་པར་ལོངས་སྤྱོད་པའི་སྐུའོ། །སྤྲུལ་པ་ནི་སྤྲུལ་པའི་སྐུ་སྟེ། འདིས་ནི་འཇུག་པའི་དོན་
བསྟན་ཏོ། །ཆོས་ཀྱི་དབྱིངས་རྣམ་པར་དག་པའི་དོན་གོང་དུ་རྒྱ་ཆེར་བཤད་པ་རྣམས་ཀྱང་མཇུག་བསྡུས་པའི་ཕྱིར་ཏེ། འདི་ནི་སངས་རྒྱས་རྣམས་ཀྱི་ཡང་། །ཆོས་དབྱིངས་རྣམ་པར་དག་པ་བཤད། །ཅེས་སྨོས་ཏེ། གོང་དུ་རང་བཞིན་དང་། རྒྱུ་དང་། འབྲས་བུ་དང་། ལས་དང་ལྡན་པ་དང་། འཇུག་པ་བཤད་
པ་དེ་ནི་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་དེ་ལྟ་བུ་ཡིན་ནོ་ཞེས་བཤད་པའི་དོན་ཏོ། །སངས་རྒྱས་ཀྱི་སྐུ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་བདུན་ཏེ་ཞེས་བྱ་བ་ལ། གོང་དུ་སྐུ་གསུམ་ཐ་དད་དུ་འཇུག་པ་མདོ་ཙམ་དུ་བསྟན་ནས། ད་ཚིགས་སུ་བཅད་པ་བདུན་གྱིས་སྐུ་གསུམ་ཐ་དད་དུ་
འཇུག་པ་རྒྱ་ཆེར་ཞིབ་ཏུ་འཆད་དོ་ཞེས་བྱ་བའི་དོན་ཏོ། །རང་བཞིན་དང་ནི་ཞེས་བྱ་ནི། རང་བཞིན་ནི་ཆོས་ཀྱི་སྐུ་ལ་བྱ་སྟེ། ནམ་ཀུན་གཞི་རྣམ་པར་ཤེས་པ་ལ་ཡོད་པའི་གཟུང་བ་དང་འཛིན་པའི་དྲི་མ་སྤངས་ནས་ཆོས་ཀྱི་དབྱིངས་མེ་ལོང་ལྟ་བུའི་ཡེ་ཤེས་སུ་གྱུར་པ་ན་ཆོས་ཀྱི་སྐུ་ཞེས་བྱའོ། །རྫོགས་ལོངས་
སྤྱོད་ཅེས་བྱ་བས་རྫོགས་པར་ལོངས་སྤྱོད་པའི་སྐུ་བསྟན་ཏེ། ནམ་ཉོན་མོངས་པའི་གནས་གཞན་དུ་གྱུར་ནས་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་གྱུར་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་གནས་གཞན་དུ་གྱུར་ནས་སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་སུ་གྱུར་ཏེ། སར་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་

ལ་ཆོས་ཀྱི་ལོངས་སྤྱོད་ཆེན་པོ་མཛད་པ་ནི་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱའོ། །སྤྲུལ་པའི་སྐུ་ཡང་གཞན་ཡིན་ཏེ། །ཞེས་བྱ་བ་ལ། གཞན་གྱི་སྒྲས་ནི་ཆོས་ཀྱི་སྐུ་དང་ལོངས་སྤྱོད་རྫོགས་པའི་སྐུ་འབའ་ཞིག་ཏུ་མ་ཟད་ཀྱི་སྤྲུལ་པའི་སྐུ་ཡང་ཡོད་དོ། །ནམ་མིག་གི་རྣམ་པར་
ཤེས་པ་ནས་ལུས་ཀྱི་རྣམ་པར་ཤེས་པའི་བར་དུ་གནས་གཞན་དུ་གྱུར་ནས་དགའ་ལྡན་གྱི་ཕོ་བྲང་དུ་འཆི་འཕོ་བསྟན་པ་དང་། མྱ་ངན་ལས་འདས་པའི་བར་དག་བསྟན་པའི་སྒོ་ནས་འཛམ་བུའི་གླིང་གི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ནི་སྤྲུལ་པའི་སྐུ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་རྣམས་
ཀྱི་སྐུ་དབྱེ་བ། །ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་རྣམས་ལ་ནི་སྐུ་གཅིག་ཏུ་མ་ཟད་ཀྱི་ཕྱེ་ན་རྣམ་པ་གསུམ་ཡོད་དོ་ཞེས་བྱ་བའི་དོན་ཏོ། །ཐོག་མ་གཉིས་པོའི་གནས་ཡིན་ནོ། །ཞེས་བྱ་བ་ལ་ཐོག་མ་ནི་ཆོས་ཀྱི་སྐུ་ལ་བྱ་སྟེ། ཆོས་ཀྱི་སྐུ་ནི་རྫོགས་ལོངས་སྤྱོད་པའི་སྐུ་དང་སྤྲུལ་སྐུ་གཉིས་ཀྱི་གནས་དང་རྟེན་
ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་སངས་རྒྱས་ཀྱི་སའི་ཏིང་ངེ་འཛིན་ལས་ཀྱང་དེ་ལ་ཆོས་ཀྱི་རྣམ་གྲངས་མཐའ་དག་ཐོས་པའི་བག་ཆགས་ཡོངས་སུ་སྨིན་པས་མ་ལུས་པར་བསྒོམས་པ་རྒྱུར་གྱུར་པའི་རྟག་ཏུ་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་སྐྱེ་བའི་ཕྱིར་ཉེ་བར་གནས་པའི་ཏིང་ངེ་འཛིན་དང་།
གཟུངས་ཀྱི་སྒོ་དཔག་ཏུ་མེད་པ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ལྡན་པ་ཤེས་བྱ་དང་ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་ལས་དབེན་པ་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་སྟེ། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དོ། །ཕྱིན་ཅི་མ་ལོག་པའི་རང་བཞིན་ནོ། །འཕགས་པའི་ཆོས་ཐམས་
ཅད་ཀྱི་སྐྱེ་བའི་རྒྱུའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་དོ་ཞེས་བཤད་དོ། །རྫོགས་ལོངས་སྤྱོད་པའི་སྐུ་ཆེར་བཤད་པའི་ཕྱིར། །རྫོགས་པའི་ཁམས་རྣམས་ཐམས་ཅད་དུ། །མང་པོ་ཡོངས་སྡུད་ཐ་དད་དོ། །ཞིང་དང་མིང་དུ་སྐུ་རྣམས་དང་། །ཆོས་ལ་རྫོགས་ལོངས་སྤྱོད་བྱེད་
པས། །ཅེས་བྱ་བ་སྨོས་ཏེ། རྫོགས་པར་ལོངས་སྤྱོད་པའི་སྐུ་ནི་འཇིག་རྟེན་གྱི་ཁམས་དང་སངས་རྒྱས་ཀྱི་ཞིང་ཐམས་ཅད་ན་མང་པོ་ཡོངས་སུ་སྡུད་པ་ཐམས་ཅད་དང་། ཞིང་ཐ་དད་པ་དང་། སྐུ་ཐ་དད་པ་དང་། ཆོས་ལ་རྫོགས་པར་ལོངས་སྤྱོད་པ་ཐ་དད་པར་རིག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལ་མང་པོ་

ཡོངས་སུ་སྡུད་པ་ཞེས་བྱ་བ་ནི་འཁོར་སྡུད་པ་ལ་བྱ་སྟེ། རྫོགས་ལོངས་སྤྱོད་པའི་འཁོར་མང་པོ་ཡང་ཐ་དད་དོ། །ཇི་ལྟ་ཞེ་ན། རྫོགས་ལོངས་སྤྱོད་པའི་འཁོར་ཁ་ཅིག་ནི་བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་ཞེས་བྱ་བ་ལ་སོགས་པས་བསྐོར་ལ། རྫོགས་ལོངས་སྤྱོད་པའི་འཁོར་ཁ་ཅིག་ཏུ་ནི་བྱང་
ཆུབ་སེམས་དཔའ་ཀུན་དུ་བཟང་པོ་དང་། སྤྱན་རས་གཟིགས་ཀྱི་དབང་པོ་ཞེས་བྱ་བ་ལ་སོགས་པ་བྱང་ཆུབ་སེམས་དཔའི་འཁོར་གཞན་གྱིས་བསྐོར་བའི་ཕྱིར་རོ། །ཞིང་ཐ་དད་པ་ནི་སངས་རྒྱས་ཀྱི་ཞིང་གི་ས་གཞི་ཁ་ཅིག་ཤེལ་གྱི་ཁ་དོག་ཏུ་གནས། ཁ་ཅིག་གསེར་དང་བཻ་ཌཱུརྱ་ལ་སོགས་པའི་ཁ་དོག་ཏུ་
གནས་པའི་ཕྱིར་རོ། །མིང་ཐ་དད་པ་ནི་རྫོགས་ལོངས་སྤྱོད་པའི་སྐུ་ཁ་ཅིག་གི་མཚན་རྣམ་པར་སྣང་མཛད་ཅེས་བྱ། ཁ་ཅིག་སྣང་བ་མཐའ་ཡས་ཞེས་བྱ། ཁ་ཅིག་ཀུན་དུ་བཟང་པོ་ཞེས་བྱ་བ་ལ་སོགས་པ་མཚན་ཐ་དད་པའི་ཕྱིར་རོ། །སྐུ་ཐ་དད་པ་ནི་ཁ་ཅིག་སྐུ་མདོག་གསེར་དུ་སྣང་བ་དང་། ཁ་ཅིག་ཤེལ་
དང་། ཁ་ཅིག་དངུལ་དུ་སྣང་བ་དང་། ཁ་ཅིག་ནི་སྐུ་ཚད་ཆེ། ཁ་ཅིག་ནི་སྐུ་ཚད་ཆུང་བའི་ཕྱིར་རོ། །ཆོས་ལ་རྫོགས་པར་ལོངས་སྤྱོད་པ་ཐ་དད་པ་ནི་ཁ་ཅིག་གི་རྫོགས་ལོངས་སྤྱོད་པའི་འཁོར་ནས་བཅུའི་ཐེག་པ་ཆེན་པོ་འཆད། ཁ་ཅིག་ནི་ལང་ཀར་གཤེགས་པ་འཆད། ཁ་ཅིག་ནི་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་འཆད་པའི་ཕྱིར་རོ། །ཆོས་ཀྱི་སྐུ་རྒྱ་ཆེར་བསྟན་པའི་ཕྱིར། མཉམ་ཉིད་ཕྲ་བ་དེ་དང་འབྲེལ། །རང་བཞིན་སྐུར་ནི་འདོད་པའོ། །ཞེས་བྱ་བ་སྨོས་ཏེ། ཆོས་ཀྱི་སྐུ་ཐམས་ཅད་མཉམ་པར་འདོད་དེ། སངས་རྒྱས་རྣམས་ཀྱི་ཆོས་ཀྱི་དབྱིངས་ལ་ཐ་དད་པ་ནི་མི་མཐུན་པ་མེད་པའི་ཕྱིར་རོ། །
ཆོས་ཀྱི་སྐུ་ནི་ཕྲ་བར་འདོད་དེ། ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པའི་སྤྱོད་ཡུལ་དུ་མ་གྱུར་པའི་ཕྱིར་རོ། །ཆོས་ཀྱི་སྐུ་ནི་རྫོགས་ལོངས་སྤྱོད་པའི་སྐུ་དང་འབྲེལ་བར་འདོད་དེ། རྫོགས་ལོངས་སྤྱོད་པའི་སྐུའི་རྒྱུར་གྱུར་པ་བསྟན་པའི་ཕྱིར་རོ། །ཇི་ལྟར་རྒྱུར་འགྱུར་ཞེ་ན། ཆོས་ཀྱི་སྐུའི་རྒྱུ་མཐུན་པ་
ལས་རྫོགས་ལོངས་སྤྱོད་པའི་སྐུ་བྱུང་ནས་སར་ཞུགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་དང་ཐུན་མོང་མ་ཡིན་པའི་ཐེག་པ་ཆེན་པོའི་ཆོས་རྣམས་ཀྱི་ལོངས་སྤྱོད་རྫོགས་པར་མཛད་པའི་ཕྱིར་རོ། །ཡང་ན་རྣམ་པར་མི་རྟོགས་པའི་ཡེ་ཤེས་ཀྱི་རྗེས་ལས་ཐོབ་པ་དག་ལ་འཇིག་རྟེན་པའི་ཡེ་ཤེས་ལ་

རྫོགས་ལོངས་སྤྱོད་པའི་སྐུ་ཞེས་བྱ་སྟེ། དག་པ་འཇིག་རྟེན་པའི་ཡེ་ཤེས་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ལས་འབྱུང་བས་ཆོས་ཀྱི་སྐུ་དང་འབྲེལ་པ་ཞེས་བྱའོ། །ཇི་ལྟར་འབྲེལ་པའི་དོན་བསྟན་པའི་ཕྱིར། ལོངས་སྤྱོད་རྫོགས་པ་འབྲེལ་པའི་རྒྱུ། །འདོད་བཞིན་ལོངས་
སྤྱོད་སྟོན་པའོ། །ཞེས་སྨོས་ཏེ། བསམ་པ་བཞིན་ཕྱིའི་ལོངས་སྤྱོད་ས་གཞི་ཤེལ་དང་། གསེར་ལ་སོགས་པ་བསྟན་པར་བྱ་བའི་ཕྱིར་དང་། ཅི་དགར་ནང་གི་ལོངས་སྤྱོད་ཐེག་པ་ཆེན་པོའི་ཆོས་ཟབ་མོ་བསྟན་པར་བྱ་བའི་ཕྱིར་རྫོགས་ལོངས་སྤྱོད་པ་འབྱོར་པ་དང་བཅས་པའི་སྐུ་འབྱུང་བའི་རྒྱུ་ནི་ཆོས་
ཀྱི་སྐུ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་རྫོགས་ལོངས་སྤྱོད་པའི་སྐུ་དང་འབྲེལ་ཏོ། །སྤྲུལ་པའི་སྐུ་རྒྱ་ཆེར་བཤད་པའི་ཕྱིར། སྤྲུལ་པའི་སྐུ་ནི་རིག་པ་སྟེ། །ཞེས་བྱ་བ་སྨོས་ཏེ། དགའ་ལྡན་གྱི་ཕོ་བྲང་ནས་འཆི་འཕོ་བསྟན་པ་ལ་སོགས་འབའ་ཞིག་ལ་སྤྲུལ་པའི་སྐུ་ཞེས་བྱ་བར་མ་ཟད་ཀྱི། བརྒྱ་
བྱིན་དང་། ཚངས་པ་དང་། ཡི་དྭགས་དང་བྱོལ་སོང་ལ་སོགས་པའི་ལུས་སུ་སྤྲུལ་པ་ཐམས་ཅད་ལ་སྤྲུལ་པའི་སྐུ་ཞེས་བྱ་བས། སྤྲུལ་པའི་སྐུ་ནི་དཔག་ཏུ་མེད་པར་རིག་པར་བྱ་སྟེ། བྱོལ་སོང་ལ་སོགས་པ་སྤྲུལ་པ་ཀུན་ཡང་སྤྲུལ་པའི་སྐུ་ཡིན་པའི་ཕྱིར་རོ། །རྫོགས་ལོངས་སྤྱོད་པའི་སྐུ་དང་སྤྲུལ་པའི་
སྐུའི་དོན་མདོར་བསྡུས་ཏེ་བསྟན་པའི་ཕྱིར། གཉིས་ལ་དོན་གཉིས་ཕུན་སུམ་ཚོགས། །རྣམ་པ་ཀུན་དུ་རབ་ཏུ་གནས། །ཞེས་བྱ་བ་སྨོས་ཏེ། གཉིས་ནི་རྫོགས་ལོངས་སྤྱོད་པའི་སྐུ་དང་སྤྲུལ་པའི་སྐུ་གཉིས་ལ་བྱ་སྟེ། སྐུ་དེ་གཉིས་ལ་དོན་གཉིས་ཞེས་བྱའམ་སྐུ་དེ་གཉིས་ཀྱིས་དོན་གཉིས་མཛད་
དོ་ཞེས་བྱ་བའི་དོན་ཏོ། །དེ་ལ་དོན་གཉིས་ནི་བདག་གི་དོན་ཕུན་སུམ་ཚོགས་པ་དང་། གཞན་གྱི་དོན་ཕུན་སུམ་ཚོགས་པ་སྟེ། དེ་ལོངས་སྤྱོད་རྫོགས་པའི་སྐུ་ལ་ནི་བདག་གི་དོན་ཕུན་སུམ་ཚོགས་པ་རྣམ་པ་ཐམས་ཅད་དུ་གནས་ཏེ། ཅིའི་ཕྱིར་ཞེ་ན། རྫོགས་ལོངས་སྤྱོད་པའི་སྐུས་ནི་སར་
ཞུགས་པའི་བྱང་ཆུབ་སེམས་དཔའི་འཁོར་གྱི་ནང་དུ་ཐུན་མོང་མ་ཡིན་པའི་ཐེག་པ་ཆེན་པོའི་ཆོས་ཀྱི་ལོངས་སྤྱོད་སོ་སོར་མྱོང་བའི་ཕྱིར་རོ། །སྤྲུལ་པའི་སྐུ་ལ་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པ་རྣམ་པ་ཐམས་ཅད་དུ་གནས་ཏེ། འཛམ་བུའི་གླིང་ལ་སོགས་པར་ཆོས་ཀྱི་འཁོར་ལོ་བསྐོར་

བའི་སྒོ་ནས་གཞན་གྱི་དོན་འབའ་ཞིག་མཛད་པའི་ཕྱིར་རོ། །སྤྲུལ་པའི་སྐུ་ལ་རྣམ་པ་ཐམས་ཅད་དུ་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཇི་ལྟར་ཉེ་བར་གནས་ཤེ་ན། དེའི་ཕྱིར། བཟོ་དང་སྐྱེ་དང་བྱང་ཆུབ་ཆེ། །རྟག་ཏུ་མྱ་ངན་འདས་སྟོན་པ། །སངས་རྒྱས་སྤྲུལ་པའི་སྐུ་འདི་ནི། །རྣམ་པར་གྲོལ་བའི་
ཐབས་ཆེན་པོ། །ཞེས་སྨོས་ཏེ། སྤྲུལ་པའི་སྐུ་འདིས་རྟག་ཏུ་བཟོ་སྟོན་པ་དང་། སྐྱེ་བ་སྟོན་པ་དང་། བྱང་ཆུབ་ཆེན་པོ་སྟོན་པ་དང་། མྱ་ངན་ལས་འདས་པ་སྟོན་པའི་སྒོ་ནས་སེམས་ཅན་རྣམས་མྱ་ངན་ལས་འདས་པ་ལ་འཇོག་པར་བྱེད་པའི་ཐབས་ཆེན་པོ་ཡིན་པས་ན་སྤྲུལ་པའི་སྐུ་ལ་གཞན་
གྱི་དོན་ཕུན་སུམ་ཚོགས་པ་རྣམ་པ་ཐམས་ཅད་དུ་གནས་པ་ཡིན་ནོ། །དེ་ལ་བཟོ་སྟོན་པ་ནི་ཤིང་མཁན་དང་རྫ་མཁན་དང་པི་ཝང་མཁན་ལ་སོགས་པ་རྣམ་པ་སྣ་ཚོགས་སྟོན་པའོ། །སྐྱེ་བ་སྟོན་པ་ནི་དགའ་ལྡན་ནས་ཤི་འཕོས་ཤིང་མངལ་དུ་གཤེགས་པ་དང་། རྒྱལ་རིགས་དང་བྲམ་ཟེའི་རིགས་ལ་
སོགས་པ་སྣ་ཚོགས་སུ་སྐྱེ་བ་སྟོན་པའོ། །བྱང་ཆུབ་ཆེན་པོ་སྟོན་པ་ནི་རྡོ་རྗེ་གདན་དུ་མངོན་པར་བྱང་ཆུབ་ཅིང་བདུད་འཇོམས་པར་སྟོན་པའོ། །མྱ་ངན་ལས་འདས་པ་སྟོན་པ་ནི་མྱ་ངན་ལས་འདས་པ་སྟོན་པས་འདུལ་བ་རྣམས་ལ་ཕུང་པོ་འདོར་བ་ལྟ་བུར་སྟོན་པའོ། །སངས་རྒྱས་སྐུ་ཡང་བསྡུ་བ་ནི། །
སྐུ་གསུམ་དུ་ཡང་ཤེས་པར་བྱ། །ཞེས་བྱ་བ་ལ། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་དང་། རྫོགས་པར་ལོངས་སྤྱོད་པའི་སྐུ་དཔག་ཏུ་མེད་པ་རྣམས་དང་། སྤྲུལ་པའི་སྐུ་དཔག་ཏུ་མེད་པ་རྣམས་ཀྱང་སྐུ་གསུམ་དུ་འདུས་པར་རིག་པར་བྱ་སྟེ། ཆོས་ཀྱི་སྐུ་རྣམས་ཆོས་ཀྱི་སྐུར་བསྡུ། རྫོགས་པར་
ལོངས་སྤྱོད་པའི་སྐུ་དཔག་ཏུ་མེད་པ་ཡང་རྫོགས་ལོངས་སྤྱོད་པའི་སྐུར་བསྡུ། སྤྲུལ་པའི་སྐུ་དཔག་ཏུ་མེད་པ་རྣམས་ལ་སྤྲུལ་པའི་སྐུར་བསྡུ་བར་རིག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །བདག་དང་གཞན་དོན་གནས་བཅས་པ། །སྐུ་གསུམ་དག་གིས་ཤིན་ཏུ་གནས། །ཞེས་བྱ་བ་ལ། དེ་ལྟར་སྐུ་
གསུམ་བསྟན་པ་དེས་ཀྱང་རྣམ་པ་གསུམ་བསྟན་ཏེ། གསུམ་པོ་ནི་བདག་གི་དོན་དང་བཅས་པ་བསྟན་པ་དང་གཞན་གྱི་དོན་དང་བཅས་པ་བསྟན་པ་དང་། གནས་དང་བཅས་པ་བསྟན་པ་ནི་རྫོགས་ལོངས་སྤྱོད་པའི་སྐུ་སྟེ་སྐུ་དེས་སྒྲིབ་པ་གཉིས་དང་བྲལ་བ་ནི་ཡེ་ཤེས་གཉིས་སུ་མེད་པ་རང་གིས་

མྱོང་བའི་ཕྱིར་རོ། །གཞན་གྱི་དོན་དང་བཅས་པའི་སྤྲུལ་པ་ནི་སྤྲུལ་པའི་སྐུ་སྟེ། དེས་འཛམ་བུའི་གླིང་དུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པའི་སྒོ་ནས་སེམས་ཅན་གྱི་དོན་བྱེད་པའི་ཕྱིར་རོ། །དེའི་གནས་དང་བཅས་པ་ནི་ཆོས་ཀྱི་སྐུ་སྟེ། ཆོས་ཀྱི་སྐུ་ནི་རྫོགས་
ལོངས་སྤྱོད་པའི་སྐུ་དང་། སྤྲུལ་པའི་རྟེན་དང་གནས་ཡིན་པའི་ཕྱིར་རོ། །མདོ་སྡེ་ལས། དེ་བཞིན་གཤེགས་པ་ཐམས་ཅད་མཉམ་པའོ་ཞེས་གསུངས་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་རྟག་པའོ་ཞེས་གསུངས་པའི་དོན་བསྟན་པའི་ཕྱིར། གནས་དང་བསམ་པ་རྣམས་
དང་ནི། །ལས་ཀྱང་དེ་དང་མཚུངས་པར་འདོད། །ཅེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་སྨོས་ཏེ། མཉམ་པ་རྣམ་པ་གསུམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་མཚུངས་ཏེ་ཐ་མི་དད་པའི་ཕྱིར་སངས་རྒྱས་ཐམས་ཅད་ནི་མཉམ་པ་ཞེས་བྱའོ། །མཉམ་པ་རྣམ་པ་གསུམ་ནི་གནས་
མཉམ་པ་དང་། བསམ་པ་མཉམ་པ་དང་། ལས་མཉམ་པའོ། །དེ་ལ་གནས་མཉམ་པ་ནི་ཆོས་ཀྱི་སྐུ་སྟེ། སྐུ་གཉིས་ནི་རྟེན་དུ་གྱུར་པའི་རང་བཞིན་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་ཐ་དད་པ་ནི་འདྲ་བ་མེད་པའི་ཕྱིར་རོ། །བསམ་པ་མཉམ་པ་ནི་རྫོགས་ལོངས་སྤྱོད་པའི་སྐུ་སྟེ། རྫོགས་ལོངས་
སྤྱོད་པའི་སྐུ་ཐམས་ཅད་ལ་བསམ་པ་ཆེ་ཆུང་དང་བཟང་ངན་མེད་ཀྱི། ཐམས་ཅད་ཀྱང་སེམས་ཅན་ལ་ཕན་པ་དང་བདེ་བར་བྱ་བ་དགོངས་པ་གཅིག་པའི་ཕྱིར་རོ། །ལས་གཅིག་པ་ནི་སྤྲུལ་པའི་སྐུ་སྟེ། སྤྲུལ་པའི་སྐུ་ཐམས་ཅད་ཀྱང་སྤྲུལ་པ་སྤྲུལ་ནས་སྤྲུལ་པའི་ཕྲིན་ལས་ཀྱིས་སེམས་ཅན་འདུལ་བར་
མཛད་པར་འདྲ་བ་དང་། དེ་བཞིན་གཤེགས་པ་གཅིག་གིས་སྤྲུལ་པ་སྤྲུལ་ན་དེ་བཞིན་གཤེགས་པ་གཞན་གྱིས་ཀྱང་སྤྲུལ་པ་དེ་སྤྲུལ་པ་ཡིན་པར་ཕྲིན་ལས་ཐུན་མོང་བས་ན་ལས་གཅིག་གོ། །རྟག་པའི་དོན་བསྟན་པའི་ཕྱིར། རང་བཞིན་དང་ནི་རྒྱུན་མི་འཆད། །རྒྱུན་གྱིས་དེ་དག་རྟག་པའོ། །ཞེས་
སྨོས་ཏེ། དེ་ལ་རྟག་པ་རྣམ་པ་གསུམ་གྱིས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་རྟོག་པ་ཞེས་བྱ་སྟེ། རྟག་པ་གསུམ་ནི་རང་བཞིན་རྟག་པ་དང་། རྒྱུན་མི་འཆད་པར་རྟག་པ་དང་། རྒྱུན་རྟག་པའོ། །དེ་ལ་རང་བཞིན་རྟག་པ་ནི་ཆོས་ཀྱི་སྐུ་སྟེ། ཆོས་ཀྱི་སྐུ་ནི་རང་བཞིན་གྱིས་སྐྱེ་འགག་མེད་

པའི་རང་བཞིན་ཡིན་པའི་ཕྱིར་རོ། །རྒྱུན་མི་འཆད་པར་རྟག་པ་ནི་རྫོགས་ལོངས་སྤྱོད་པའི་སྐུ་སྟེ། བྱང་ཆུབ་སེམས་དཔའ་སར་ཞུགས་པའི་ནང་ན་ཐེག་པ་ཆེན་པོའི་ཆོས་ཀྱི་ལོངས་སྤྱོད་རྒྱུན་མི་འཆད་པར་མཛད་པའི་ཕྱིར་རོ། །རྒྱུན་གྱིས་རྟག་པ་ནི་སྤྲུལ་པའི་སྐུ་སྟེ། འཇིག་རྟེན་གྱི་ཁམས་ལ་ལར་མྱ་
ངན་ལས་འདས་པ་བསྟན་ནས་མི་སྣང་བར་བྱས་ཀྱང་འཇིག་རྟེན་གྱི་ཁམས་གཞན་དག་ཏུ་སྐྱེ་བ་དང་། མངོན་པར་སངས་རྒྱས་པ་བསྟན་ནས་སེམས་ཅན་གྱི་དོན་མཛད་པ་འཁོར་བའི་མཐའི་བར་དུ་ཡང་རྒྱུན་མི་འཆད་པའི་ཕྱིར་རོ། །སངས་རྒྱས་ཀྱི་ཡེ་ཤེས་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་བཅུ་
སྟེ་ཞེས་བྱ་བ་ལ། སྐུ་གསུམ་གྱི་སྐབས་བཤད་པའི་རྗེས་ལ་ཡེ་ཤེས་ཀྱི་སྐབས་བཤད་པར་འབྲེལ་པ་ཅི་ཡོད་ཅེ་ན། སྐབས་འདི་ནི་བྱང་ཆུབ་བཤད་པའི་སྐབས་ཡིན་ལ་སངས་རྒྱས་ཀྱི་ས་ཡང་ཆོས་ལྔས་བསྡུས་ཏེ། ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང་། མེ་ལོང་ལྟ་བུའི་ཡེ་ཤེས་དང་། མཉམ་
པ་ཉིད་ཀྱི་ཡེ་ཤེས་དང་། སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་དང་། བྱ་བ་སྒྲུབ་པའི་ཡེ་ཤེས་སོ་ཞེས་བཤད་པ་ལས་ཆོས་ཀྱི་དབྱིངས་བཤད་པའི་ཟླ་ལ་ཆོས་ཀྱི་དབྱིངས་ནི་རང་བཞིན་དང་། རྫོགས་པའི་ལོངས་སྤྱོད་པ་དང་། སྤྲུལ་པའི་སྐུ་སྟེ་རྣམ་པ་གསུམ་དུ་འཇུག་གོ་ཞེས་སྐུ་གསུམ་གྱི་རབ་ཏུ་དབྱེ་བ་
བཤད་དོ། །ད་ནི་ཡེ་ཤེས་ཀྱི་དབང་དུ་བྱས་ནས་ཡེ་ཤེས་བཞིའི་རང་བཞིན་བཤད་པར་བྱ་སྟེ། དེ་ཡང་ཚིགས་སུ་བཅད་པ་བཅུས་སྟོན་ཏོ་ཞེས་བྱ་བའི་དོན་ཏོ། །ཡེ་ཤེས་བཞི་ལས་ཀྱང་མེ་ལོང་ལྟ་བུའི་ཡེ་ཤེས་ལྔར་བྱུང་བས་ན་དེ་དཔྱད་པའི་ཕྱིར། མེ་ལོང་ཡེ་ཤེས་མི་གཡོ་སྟེ། །ཡེ་ཤེས་
གསུམ་ནི་དེ་ལ་གནས། །ཞེས་སྨོས་ཏེ། མེ་ལོང་ལྟ་བུའི་ཡེ་ཤེས་ནི་གཡོ་བ་མེད་པའི་རང་བཞིན་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་རྟག་ཏུ་གནས་ཤིང་འཁོར་བའི་མཐའི་བར་དུ་ཡང་འབྱུང་འཇུག་མེད་པར་རྒྱུན་མི་འཆད་པར་འཇུག་པར་འབྱུང་བའི་ཕྱིར་མི་གཡོ་བ་ཞེས་བྱ་བ་ལ་ཡེ་ཤེས་གསུམ་ནི་
འབྱུང་འཇུག་ཡོད་པས་ན་གཡོ་བ་ཞེས་བྱ་སྟེ། གཡོ་བའི་ཡེ་ཤེས་གསུམ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ལ་གནས་ཤིང་བརྟེན་ཏོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་སངས་རྒྱས་ཀྱི་སའི་མདོ་ལས་ཀྱང་འདི་ལྟ་སྟེ། བསོད་ནམས་འདོད་པའི་སྐྱེས་བུ་ལ་ལས་ཇི་ཙམ་འགྲོ་བ་དང་འོང་ཞིང་ལྷགས་པ་

རྣམས་བདག་གི་ལུས་ཀྱི་ཡོན་ཏན་དང་ཉེས་པ་སོ་སོར་བལྟ་བའི་ཕྱིར་ཉེས་པ་ཞིག་པ་དང་། ཡོན་ཏན་བསྐྱེད་པའི་ཕྱིར་མེ་ལོང་གི་དཀྱིལ་འཁོར་རྒྱ་ཆེན་པོར་གནས་བཟང་པོར་མི་གཡོ་བར་གཞག་པ་དེ་བཞིན་དུ། དེ་བཞིན་གཤེགས་པ་རྣམས་ཀྱི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་དཀྱིལ་
འཁོར་ཀྱང་གྲངས་མེད་དཔག་ཏུ་མེད་པའི་སེམས་ཅན་རྣམས་ཀྱི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་དོར་བ་དང་བསྐྱེད་པའི་ཕྱིར་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་གནས་སུ་རྒྱུན་མི་འཆད་པའི་ཕྱིར་མི་གཡོ་བར་གཞག་གོ་ཞེས་གསུངས་པ་ལྟ་བུའོ། །ཡེ་ཤེས་གསུམ་གང་ཞེ་ན། དེའི་ཕྱིར། མཉམ་
པ་ཉིད་དང་སོ་སོར་རྟོག །བྱ་བ་གྲུབ་པ་དག་ཀྱང་ངོ་། །ཞེས་སྨོས་ཏེ། མེ་ལོང་ལྟ་བུའི་ཡེ་ཤེས་ལ་གནས་པའི་ཡེ་ཤེས་གསུམ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་དང་། བྱ་བ་སྒྲུབ་པའི་ཡེ་ཤེས་སོ། །མེ་ལོང་ཡེ་ཤེས་ང་ཡིར་མེད། །ཅེས་བྱ་བ་ལ། མེ་ལོང་
ལྟ་བུའི་ཡེ་ཤེས་ལ་གཟུང་བ་དང་འཛིན་པར་རྟོག་པ་དང་། ང་དང་བདག་ཏུ་རྟོག་པ་དང་། བཙལ་བ་འབད་པ་མེད་པས་ངའི་མེད་པ་ཞེས་བྱ་སྟེ། དེ་བས་ན་སངས་རྒྱས་ཀྱི་སའི་མདོ་ལས་ཀྱང་། འདི་ལྟ་སྟེ། མེ་ལོང་གི་དཀྱིལ་འཁོར་དུ་གཟུགས་བརྙན་རྣམ་པ་དུ་མར་རྣམ་པ་མང་པོ་སྐྱེ་བ་ཡང་མེ་ལོང་
གི་དཀྱིལ་འཁོར་དེ་ལ་དེ་དག་མེད་དེ། མེ་ལོང་གི་དཀྱིལ་འཁོར་དེ་ལ་ཆེད་དུ་འཇུག་པ་མེད་ཅིང་མངོན་པར་འདུ་བྱེད་པ་མེད་པ་དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་གཟུགས་བརྙན་རྣམ་པ་དུ་མར་རྣམ་པ་མང་པོ་སྣང་སྟེ། མེ་ལོང་ལྟ་བུའི་ཡེ་ཤེས་ལ་གཟུགས་བརྙན་མེད་
དེ། མེ་ལོང་ལྟ་བུའི་ཡེ་ཤེས་ལ་གཟུགས་བརྙན་དེ་ལ་ཆེད་དུ་འཇུག་པ་མེད་ཅིང་མངོན་པར་འདུ་བྱེད་པ་མེད་དོ་ཞེས་གསུངས་སོ། །ཡོངས་སུ་མ་ཆད་ཅེས་བྱ་བ་ལ། མེ་ལོང་ལྟ་བུའི་ཡེ་ཤེས་ལ་ནི་ཡུལ་དང་ཕྱོགས་སུ་མ་ཆད་པ་སྟེ། ཡུལ་དང་ཕྱོགས་ཁ་ཅིག་ཏུ་འཇུག་ཅིང་ཁ་ཅིག་ཏུ་མི་འཇུག་
པ་མ་ཡིན་པར་ཡུལ་དང་ཕྱོགས་ཐམས་ཅད་དུ་འཇུག་ཅིང་འབྱུང་བའི་ཕྱིར་རོ། །རྟག་ཏུ་ལྡན་ཞེས་བྱ་བ་ནི་དུས་མ་ཆད་པར་བསྟན་ཏེ་དུས་ཁ་ཅིག་ཏུ་མི་འབྱུང་བ་མ་ཡིན་གྱི་དུས་གསུམ་ཐམས་ཅད་དུ་འབྱུང་བའི་ཕྱིར་རོ། །དེ་བས་ན་སངས་རྒྱས་ཀྱི་མདོ་ལས་ཀྱང་། འདི་ལྟ་སྟེ། མེ་ལོང་གི་དཀྱིལ་

འཁོར་ངོས་ཐམས་ཅད་ཤིན་ཏུ་ཕྱིས་པ་ནི་མདུན་དང་ལོགས་དང་། རྒྱབ་ཐམས་ཅད་ཀྱང་གཟུགས་བརྙན་སྐྱེ་བའི་རྒྱུར་གྱུར་པ་དེ་བཞིན་དུ། དེ་བཞིན་གཤེགས་པ་རྣམས་མེ་ལོང་ལྟ་བུའི་ཡེ་ཤེས་ཡོངས་སུ་ཆད་པ་མེད་པའི་རྣམ་པ་ཤིན་ཏུ་ཕྱིས་ན་ཐམས་ཅད་ཀྱང་གཟུགས་བརྙན་སྐྱེ་བའི་རྒྱུར་གྱུར་ཞེས་
གསུངས་པ་ལྟ་བུའོ། །ཤེས་བྱ་ཀུན་ལ་མ་རྨོངས་ཏེ། །ཞེས་བྱ་བ་ལ། མེ་ལོང་ལྟ་བུའི་ཡེ་ཤེས་ལ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་མེད་པས་མེ་ལོང་དག་པའི་ངོས་སུ་གཟུགས་བརྙན་རྣམ་པ་སྣ་ཚོགས་པ་སྣང་བ་དང་འདྲ་བར་ཤེས་བྱའི་རྣམ་པ་ཐམས་ཅད་ཡེ་ཤེས་དེ་ལ་སྣང་ཞིང་ཡེ་ཤེས་
ཐུགས་སུ་ཆུད་པ་ནས་ཤེས་བྱ་ཐམས་ཅད་ལ་མ་རྨོངས་པ་ཞེས་བྱའོ། །དེ་བས་ན་སངས་རྒྱས་སའི་མདོ་ལས་ཀྱང་དེ་འདི་ལྟ་སྟེ། མེ་ལོང་གི་དཀྱིལ་འཁོར་ཤིན་ཏུ་ཕྱིས་པ་དང་ཞིང་གསལ་བ་དྲི་མ་མེད་པ་ཀུན་ནས་ལྷམ་མེ་ལྷག་གེ་ལྷང་ངེར་སྣང་བ་དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་
མེ་ལོང་ལྟ་བུའི་ཡེ་ཤེས་ཀྱང་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་སྦྱངས་ཤིང་ཤིན་ཏུ་ཕྱིས་པ་སེམས་ཅན་ཐམས་ཅད་ཀྱི་བྱ་བ་སྒྲུབ་པའི་ཕྱིར་དེ་ལ་གནས་པའི་ཏིང་ངེ་འཛིན་ཡོངས་སུ་བཟུང་བས་དང་ཞིང་གསལ་ཏེ། ཀུན་ནས་ལྷམ་མེ་ལྷག་གེ་ལྷང་ངེར་སྣང་ངོ་
ཞེས་གསུངས་སོ། །དེ་དག་ལ་ཡང་རྟག་མངོན་མེད། །ཅེས་བྱ་བ་ལ། མིག་གི་རྣམ་པར་ཤེས་པས་གཟུགས་ལ་དམིགས་པ་ན་སྔོན་པོ་དང་སེར་པོ་ལ་སོགས་པ་རྣམ་པ་དང་། དམིགས་པ་སོ་སོར་གཅོད་ཀྱང་ཐ་སྙད་མེད་པ་དེ་བཞིན་དུ་ཡེ་ཤེས་ཀྱི་དཀྱིལ་འཁོར་དེར་ཤེས་བྱའི་གཟུགས་
བརྙན་རྣམས་སྣང་ཡང་འདི་ནི་སྔོན་པོ་འདི་ནི་སེར་པོ་ཞེས་རྣམ་པ་དང་དམིགས་པ་མི་གཅོད་ཅིང་རྟོག་པ་མེད་པས་དེ་དག་ལ་རྟག་མངོན་མེད་ཅེས་བྱའོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ནི་རྟག་མངོན་མེད་ཅེས་བྱ་བ་དང་། དམིགས་པར་བྱེད་པ་མཉམ་པར་དམིགས་ཏེ། ཅིའི་ཕྱིར་ཞེ་ན། ཆོས་
ཀྱི་དབྱིངས་དེ་བཞིན་ཉིད་ལ་དམིགས་པའི་ཕྱིར་རོ། །དེ་བས་ན་སངས་རྒྱས་ཀྱི་སའི་མདོ་ལས་ཀྱང་དེ་འདི་ལྟ་སྟེ། མེ་ལོང་གི་དཀྱིལ་འཁོར་ནི་རྣམ་པ་གཟུགས་བརྙན་རྣམ་པ་དུ་མར་རྣམ་པ་མང་པོ་དེ་དག་དང་ཉེ་བར་ཕྲད་ཅིང་དེའི་མཚན་མའི་ཕྱིར་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་པ་དེ་བཞིན་

དུ། དེ་བཞིན་གཤེགས་པ་རྣམས་ཀྱི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱང་། ཡེ་ཤེས་ཀྱི་གཟུགས་བརྙན་རྣམ་པ་དུ་མ་རྣམ་པ་མང་པོ་དེ་དག་ཉེ་བར་མི་ཕྲད་ཅིང་མི་བརྗོད་པའི་ཆོས་ཀྱི་ཕྱིར་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན་ནོ་ཞེས་གསུངས་སོ། །ཡེ་ཤེས་ཀུན་གྱི་རྒྱུ་
ཡིན་པས། །ཡེ་ཤེས་འབྱུང་གནས་ཆེན་པོ་འདྲ། །ཞེས་བྱ་བ་ལ། ཡེ་ཤེས་ཀྱི་འབྱུང་གནས་ཡེ་ཤེས་མང་པོ་འབྱུང་བ་ལྟར་མེ་ལོང་ལྟ་བུའི་ཡེ་ཤེས་ལས་ཀྱང་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་དང་། བྱ་བ་སྒྲུབ་པའི་ཡེ་ཤེས་རྣམས་འབྱུང་སྟེ། ཡེ་ཤེས་གཞན་
འབྱུང་བའི་རྒྱུ་བྱེད་པས་ན་ཡེ་ཤེས་ཀྱི་འབྱུང་གནས་ཆེན་པོ་ཞེས་བྱའོ། །དེ་བས་ན་དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བ་བསྟན་པའི་མདོ་ལས། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཡེ་ཤེས་ཀྱི་འབྱུང་གནས་རྣམ་པ་ཐམས་ཅད་དུ་ཡེ་ཤེས་ཀྱི་རྟེན་དུ་གྱུར་པའི་ཡེ་ཤེས་དང་ལྡན་པའི་ཕྱིར་རོ་ཞེས་
གསུངས་སོ། །སངས་རྒྱས་ཀྱི་ས་ལས་འདི་ལྟ་སྟེ། མེ་ལོང་གི་དཀྱིལ་འཁོར་གཟུགས་ཀྱི་རྐྱེན་སྡུད་པས་གཟུགས་བརྙན་མང་པོ་སྐྱེ་བའི་རྒྱུར་གྱུར་པ་དེ་བཞིན་དུ། དེ་བཞིན་གཤེགས་པ་རྣམས་ཀྱི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱང་སེམས་ཅན་གྱི་དུས་ཀྱི་རྐྱེན་སྡུད་པས་སེམས་ཡེ་ཤེས་ཀྱི་
གཟུགས་བརྙན་སྣ་ཚོགས་སྐྱེ་བའི་རྒྱུར་འགྱུར་རོ་ཞེས་གསུངས་སོ། །རྫོགས་ལོངས་སྤྱོད་པའི་སངས་རྒྱས་དེ། །ཞེས་བྱ་བ་ལ་མེ་ལོང་ལྟ་བུའི་ཡེ་ཤེས་དེ་ལ་རྫོགས་ལོངས་སྤྱོད་པའི་སངས་རྒྱས་ཞེས་ཀྱང་བྱ་སྟེ། ཅིའི་ཕྱིར་ཞེ་ན། རྫོགས་ལོངས་སྤྱོད་པའི་སྐུ་འབྱུང་བའི་རྒྱུར་གྱུར་པ་
དང་། གཟུང་འཛིན་གཉིས་དང་བྲལ་བའི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདེ་བ་རང་གིས་མྱོང་བའི་ཕྱིར་རོ། །ཡེ་ཤེས་གཟུགས་བརྙན་འབྱུང་ཕྱིར་ཏེ། །ཞེས་བྱ་བ་ལ། རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་ལ་ཅིའི་ཕྱིར་མེ་ལོང་ལྟ་བུའི་ཡེ་ཤེས་ཞེས་བྱ་ཞེ་ན། དཔེར་ན་མེ་ལོང་
གི་ནང་དུ་གཟུགས་བརྙན་རྣམ་པ་སྣ་ཚོགས་འབྱུང་བ་དེ་བཞིན་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་ལ་ཡང་མཉམ་པ་ཉིད་དང་། སོ་སོར་ཀུན་དུ་རྟོག་པ་དང་། བྱ་བ་སྒྲུབ་པའི་ཡེ་ཤེས་ཀྱི་གཟུགས་བརྙན་འབྱུང་བས་ན་མེ་ལོང་ལྟ་བུའི་ཡེ་ཤེས་ཞེས་བྱའོ། །མཉམ་པ་ཉིད་

ཀྱི་ཡེ་ཤེས་ཀྱི་རང་བཞིན་བསྟན་པའི་ཕྱིར། སེམས་ཅན་མཉམ་པ་ཉིད་ཀྱི་ཡེ་ཤེས་ནི། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་སྨོས་ཏེ། ས་དང་པོའི་དུས་ན་བདག་གང་ཡིན་པ་སེམས་ཅན་གཞན་ཡང་དེ་ཡིན། གཞན་གང་ཡིན་པ་བདག་ཀྱང་དེ་ཡིན་ནོ་ཞེས་སེམས་ཅན་དང་
བདག་གཉིས་སུ་མཉམ་པ་ཉིད་དང་ས་དང་པོའི་དུས་ན་རྟོགས་སོ་ཞེས་བྱ་བའི་དོན་ཏོ། །བསྒོམ་པ་དག་ཕྱིར་འདོད་པ་སྟེ། །ཞེས་བྱ་བ་ལ། ས་དང་པོར་མཉམ་པ་ཉིད་རྟོགས་པའི་ཡེ་ཤེས་ལས་གཉིས་ནས་ས་བཅུའི་བར་དུ་བསྒོམ་པ་དང་། ས་བཅུ་མན་ཆད་ནང་དང་བདག་ཏུ་རྟོག་པའི་བག་ཆགས་
ཕྲ་མོ་ཡང་སྤངས་ནས་དག་པར་གྱུར་པ་དང་། སངས་རྒྱས་ཀྱི་སར་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་གྱུར་པ་འདོད་དོ་ཞེས་བྱ་བའི་དོན་ཏོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་བསྟན་པའི་ཕྱིར། མི་གནས་ཞི་བར་ཞུགས་པ་ནི། །མཉམ་ཉིད་ཡེ་ཤེས་སུ་ཡང་འདོད། །ཅེས་སྨོས་ཏེ། སངས་
རྒྱས་ཀྱི་སར་མི་གནས་པའི་མྱ་ངན་ལས་འདས་པར་ཞུགས་ནས། འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ཀ་ལ་ཐ་དད་པ་མེད་ཅིང་རོ་གཅིག་པར་དམིགས་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཡིན་པར་འདོད་དོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་སངས་རྒྱས་ཀྱི་སའི་མདོ་ལས་ཀྱང་། འཇིག་རྟེན་དང་
ཞི་བར་བྱ་བ་རོ་གཅིག་པ་བྱ་བ་མཉམ་པ་ཉིད་ཡོངས་སུ་རྫོགས་པ་དང་ཞེས་གསུངས་སོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ལྡན་པའི་དོན་བསྟན་པའི་ཕྱིར། བྱམས་དང་སྙིང་རྗེ་ཆེན་པོ་དང་། །ཐམས་ཅད་དུས་སུ་ལྡན་པར་རིག །ཅེས་སྨོས་ཏེ། མཉམ་པ་ཉིད་ཀྱི་ཡེ་ཤེས་དེ་ནི་དུས་ཐམས་ཅད་དུ་ཚད་
མེད་པ་བཞི་ལས་བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོ་དང་ལྡན་པར་རིག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལ་སེམས་ཅན་ཐམས་ཅད་བདེ་བ་ལ་འཇོག་པར་བྱེད་པ་ནི་བྱམས་པ་ཆེན་པོའོ། །སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་སེལ་བར་བྱེད་པ་ནི་སྙིང་རྗེ་ཆེན་པོའོ། །དེ་ལྟར་མཉམ་པ་ཉིད་ཀྱི་
ཡེ་ཤེས་བྱམས་པ་དང་སྙིང་རྗེར་ལྡན་པའི་ཕྱིར། དེ་བཞིན་གཤེགས་པའི་སྐྱེ་བ་འབྱུང་བར་བསྟན་པའི་མདོ་ལས་ཀྱང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཡེ་ཤེས་ཀྱི་ཟླ་བ་ཆེན་པོ་ཡིན་ཏེ། སེམས་ཅན་ཐམས་ཅད་ཞི་བ་ཉེ་བར་སྟོན་པའི་ཕྱིར་རོ་ཞེས་གསུངས་སོ། །སངས་རྒྱས་ཀྱི་ས་

ལས་ཀྱང་། སྐྱབས་ཀྱི་རྣམ་པ་བྱམས་པ་ཆེན་པོ་མཉམ་པ་ཉིད་ཡོངས་སུ་རྫོགས་པ་དང་། བཏང་སྙོམས་ཚད་མེད་པ་རྣམས་སྙིང་རྗེ་ཆེན་པོ་མཉམ་པ་ཉིད་ཡོངས་སུ་རྫོགས་པ་དང་ཞེས་གསུངས་སོ། །སེམས་ཅན་རྣམས་ཀྱི་མོས་བཞིན་དུ། །སངས་རྒྱས་གཟུགས་ནི་
ཤིན་ཏུ་སྟོན། །ཞེས་བྱ་བ་ལ། གཞན་ཡང་མཉམ་པ་ཉིད་ཀྱི་ཡེ་ཤེས་ནི་སེམས་ཅན་སོ་སོའི་མོས་པ་དང་། ཐ་དད་པ་དང་། བསམ་པ་བཞིན་དུ་སྐུ་སྟོན་པར་བྱེད་དོ། །ཁ་ཅིག་ལ་སྐུའི་ཁ་དོག་སྔོན་པོར་སྟོན། ཁ་ཅིག་ལ་སེར་པོར་སྟོན་པ་ལ་སོགས་པའོ། །དེ་བས་ན་དེ་བཞིན་གཤེགས་
པ་གསང་བ་བསྟན་པའི་མདོ་ལས་ཀྱང་། སེམས་ཅན་ལ་ལ་ལས་ནི་དེ་བཞིན་གཤེགས་པའི་ཁ་དོག་སྔོན་པོར། ལ་ལ་ལས་ནི་སེར་པོར་མཐོང་བ་ལ་སོགས་པ་གསུངས་སོ། །སངས་རྒྱས་ཀྱི་སའི་མདོ་ལས་ཀྱང་། ཇི་ལྟར་མོས་པའི་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་གཟུགས་
ཀྱི་སྐུ་སྟོན་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཡོངས་སུ་རྫོགས་པ་དང་ཞེས་གསུངས་སོ། །སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་བསྟན་པའི་ཕྱིར། སོ་སོར་རྟོག་པའི་ཡེ་ཤེས་ནི། །རྟག་ཏུ་ཤེས་བྱར་མི་ཐོགས་ཏེ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སོ་སོའི་སྐྱེ་བོའི་དུས་ན་ཡིད་ཀྱི་རྣམ་པར་
ཤེས་པ་སེར་པོ་དང་། སྔོན་པོ་ལ་སོགས་པ་ལ་དཔྱོད་ཅིང་རྟོག་པ་དེ་གནས་གྱུར་ན་སོ་སོར་རྟོག་པའི་ཡེ་ཤེས་ཞེས་བྱ་སྟེ། དེ་ཡང་ཆོས་རྣམས་ཀྱི་མཚན་ཉིད་ཇི་ལྟ་བ་བཞིན་དུ་རྟོགས་ཤིང་ཐུགས་སུ་ཆུད་པའི་རང་བཞིན་ཡིན་པས་སོ་སོར་རྟོག་པའི་ཡེ་ཤེས་ཞེས་བྱའོ། །དེ་བས་ན་སངས་རྒྱས་ཀྱི་སའི་
མདོ་ལས་ཀྱང་། དེ་འདི་ལྟ་སྟེ། འཇིག་རྟེན་གྱི་ཁམས་ཁོར་ཡུག་དང་ཁོར་ཡུག་ཆེན་པོས་ཀུན་དུ་བསྐོར་བ་དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་སོ་སོར་རྟོག་པའི་ཡེ་ཤེས་ཀྱང་རྣམ་པ་ཐམས་ཅད་དུ། ཆོས་ཐམས་ཅད་ཀྱི་རང་གི་མཚན་ཉིད་དང་སྤྱིའི་མཚན་ཉིད་ལ་མ་རྨོངས་པས་ཀུན་དུ་
བསྐོར་རོ་ཞེས་གསུངས་སོ། །དེ་ཡང་ཆོས་ཁ་ཅིག་གི་རང་དང་སྤྱིའི་མཚན་ཉིད་ཁོང་དུ་ཆུད་པ་མ་ཡིན་གྱི་ཆོས་ཐམས་ཅད་ཀྱི་རང་དང་སྤྱིའི་མཚན་ཉིད་ཁོང་དུ་ཆུད་པ་ནི། རྟག་ཏུ་ཤེས་བྱ་ལ་མི་ཐོགས་པ་ཞེས་བྱ་སྟེ། དེ་བས་ན་སངས་རྒྱས་ཀྱི་སའི་མདོ་ལས་ཀྱང་དེ་འདི་ལྟ་སྟེ། འཇིག་རྟེན་གྱི་ཁམས་

ནི་ལན་ཅིག་ཏུ་རྣམ་པ་སྣ་ཚོགས་ཤེས་པར་འགྱུར་བ་དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་སོ་སོར་རྟོག་པའི་ཡེ་ཤེས་ཀྱང་ཤེས་པར་བྱ་བ་ཐམས་ཅད་ལ་མི་ཆགས་པའི་ཡེ་ཤེས་རྣམ་པ་སྣ་ཚོགས་ཤེས་པར་བྱེད་པའི་རྒྱུར་འགྱུར་རོ་ཞེས་གསུངས་སོ། །དེ་བས་ན་དེ་བཞིན་གཤེགས་པའི་སྐྱེ་བ་འབྱུང་བར་
བསྟན་པའི་མདོ་ལས་ཀྱང་། སངས་རྒྱས་བཅོམ་ལྡན་འདས་ནི་ཡེ་ཤེས་ཀྱི་ཉི་མ་ཆེན་པོ་ཡིན་ཏེ། ཤེས་བྱ་ཐམས་ཅད་ལ་ཡེ་ཤེས་ཀྱིས་སྣང་བར་བྱེད་པའི་ཕྱིར་རོ་ཞེས་གསུངས་སོ། །ཏིང་ངེ་འཛིན་དང་གཟུངས་རྣམས་ཀྱི། །གཏེར་ལྟ་བུ་ནི་དེ་ཉིད་དོ། །ཞེས་བྱ་བ་ལ། སོ་སོར་ཀུན་དུ་རྟོག་པའི་ཡེ་
ཤེས་ལས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་སོགས་པ་ཏིང་ངེ་འཛིན་དཔག་ཏུ་མེད་པ་འབྱུང་བ་དང་། མི་ཟད་པའི་ཟ་མ་ཏོག་ལ་སོགས་པ་གཟུངས་དཔག་ཏུ་མེད་པ་འབྱུང་བས་ན་དེ་དག་གི་གཏེར་དུ་གྱུར་པ་ཉིད་ཅེས་བྱ་སྟེ། དེ་བས་ན་སངས་རྒྱས་ཀྱི་སའི་མདོ་ལས་ཀྱང་། ཡང་ཤིན་ཏུ་ཡང་དག་
པར་རྟོག་པའི་ཡེ་ཤེས་ནི་དེ་འདི་ལྟ་སྟེ། འཇིག་རྟེན་གྱི་ཁམས་སེམས་ཅན་གྱི་རྟེན་དུ་གྱུར་པ་དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་སོ་སོར་རྟོག་པའི་ཡེ་ཤེས་ཀྱང་ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་དང་། སོ་སོ་ཡང་དག་པར་རིག་པ་དང་། སྤོབས་པ་སྟོན་པ་དང་། སངས་རྒྱས་ཀྱི་ཆོས་
རྣམས་ཀྱི་རྟེན་དུ་འགྱུར་རོ་ཞེས་གསུངས་སོ། །འཁོར་གྱི་དཀྱིལ་འཁོར་རྣམས་སུ་ཡང་། །འབྱོར་པ་ཐམས་ཅད་རབ་ཏུ་སྟོན། །ཞེས་བྱ་བ་ལ་སོ་སོར་རྟོག་པའི་ཡེ་ཤེས་ཀྱིས་བྱང་ཆུབ་སེམས་དཔའི་སར་ཞུགས་པའི་འཁོར་གྱི་དཀྱིལ་འཁོར་དུ་ཕྱིའི་ལོངས་སྤྱོད་ཀྱི་འབྱོར་པ་རིན་པོ་ཆེའི་ས་གཞི་དང་།
རིན་པོ་ཆེའི་ཤིང་དང་། ལྡ་ལྡི་རྣམ་པ་སྣ་ཚོགས་སྟོན་པར་བྱེད་དེ། དེ་བས་ན་སངས་རྒྱས་ཀྱི་སའི་མདོ་ལས་ཀྱང་། དེ་འདི་ལྟ་སྟེ། འཇིག་རྟེན་གྱི་ཁམས་ནི་སེམས་ཅན་རྣམས་ཀྱིས་ཡོངས་སུ་ལོངས་སྤྱོད་པར་འགྱུར་བ་དེ་བཞིན་དུ། དེ་བཞིན་གཤེགས་པ་རྣམས་ཀྱི་སོ་སོར་རྟོག་པའི་ཡེ་ཤེས་
ཀྱང་རྣམ་པ་ཐམས་ཅད་དུ་ཕུན་སུམ་ཚོགས་པ་སངས་རྒྱས་ཀྱི་དཀྱིལ་འཁོར་ཐམས་ཅད་དུ་སྟོན་ཅིང་ཆོས་རིན་པོ་ཆེ་རྫོགས་པར་ལོངས་སྤྱོད་པར་འགྱུར་རོ་ཞེས་གསུངས་སོ། །ཐེ་ཚོམ་ཐམས་ཅད་གཅོད་པ་སྟེ། །ཞེས་བྱ་བ་ལ། སོ་སོར་རྟོག་པའི་ཡེ་ཤེས་དེས་ཐེག་པ་ཆེན་པོའི་ཆོས་ཀྱི་རང་བཞིན་དང་སྤྱིའི་

མཚན་ཉིད་ལ་ཐེ་ཚོམ་དུ་གྱུར་པའི་ཐེ་ཚོམ་གཅོད་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །ཆོས་ཆེན་ཆར་ནི་ཤིན་ཏུ་འབེབས། །ཞེས་བྱ་བ་ལ། སོ་སོར་རྟོག་པའི་ཡེ་ཤེས་དེས་བྱང་ཆུབ་སེམས་དཔའ་སར་ཞུགས་པ་རྣམས་ལ་ཐེག་པ་ཆེན་པོའི་ཆོས་ཟབ་ཅིང་རྒྱ་ཆེ་བ་རྣམས་ཀྱང་སྟོན་པར་
མཛད་དེ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་སངས་རྒྱས་ཀྱི་སའི་མདོ་ལས་ཀྱང་། དེ་འདི་ལྟ་སྟེ། འཇིག་རྟེན་གྱི་ཁམས་ནི་རི་རབ་ལ་སོགས་པ་རིན་པོ་ཆེའི་རི་སྣང་བས་ཉེ་བར་དམིགས་པ་དེ་བཞིན་དུ། དེ་བཞིན་གཤེགས་པ་རྣམས་ཀྱི་སོ་སོར་རྟོག་པའི་ཡེ་ཤེས་ལ་སངས་རྒྱས་དང་བྱང་ཆུབ་སེམས་
དཔའ་མཐུ་དང་ལྡན་པ་ཆོས་རྒྱ་ཆེན་པོ་བསྟན་པ་རབ་ཏུ་སྣང་ངོ་ཞེས་གསུངས་སོ། །བྱ་བ་སྒྲུབ་པའི་ཡེ་ཤེས་ཀྱི་རང་བཞིན་བསྟན་པའི་ཕྱིར། བྱ་བ་སྒྲུབ་པའི་ཡེ་ཤེས་ནི། །ཐམས་ཅད་ཁམས་སུ་སྤྲུལ་པ་དང་། །སྣ་ཚོགས་དཔག་མེད་བསམ་ཡས་པས། །སེམས་ཅན་ཀུན་གྱི་དོན་སྒྲུབ་པའོ། །ཞེས་བྱ་
བ་སྨོས་ཏེ། བྱ་བ་སྒྲུབ་པའི་ཡེ་ཤེས་ཀྱིས་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ། སྐུ་སྤྲུལ་པ་དང་། ཐུགས་སྤྲུལ་པ་དང་། གསུང་སྤྲུལ་པས་འཕགས་པ་དང་། འཕགས་པ་མ་ཡིན་པའི་སེམས་ཅན་ཀུན་གྱི་དོན་སྒྲུབ་པར་མཛད་དོ་ཞེས་བྱ་བའི་དོན་ཏོ། །སྤྲུལ་པ་དེ་ཡང་སྣ་ཚོགས་
ཀྱིས་