Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 125
Văn bản gốc(Tây Tạng)
Trang 4 / 19 (50.000 ký tự/trang)
་ཡང་མྱ་ངན་ལས་འདའ་བ་མི་འཐོབ་པོ། །འདི་ཡང་དེའི་དུས་ན་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་ཡིན་པས་རིགས་མེད་པ་ཞེས་བྱ་སྟེ། འདི་ནི་རྣམ་པ་གསུམ་པའོ། །དཀར་པོ་ཆུང་ཡོད་ཅེས་བྱ་བ་ལ། གང་ཟག་ལ་ལ་བྱང་ཆུབ་སེམས་དཔའི་རིགས་ཡོད་ཀྱང་བསོད་ ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པར་མི་སོགས་ཀྱི་དཀར་པོའི་ཆོས་མྱ་ངན་ལས་མི་འདའ་བའི་རྒྱུ་ཅུང་ཟད་ཙམ་བསགས་པས་བསྐལ་པ་དུ་མར་ཡང་ཡོངས་སུ་མྱ་ངན་ལས་མི་འདའོ། །འདི་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་ཡིན་པས་རིགས་མེད་པ་ཞེས་བྱ་སྟེ། འདི་ནི་རྣམ་པ་བཞི་ པའོ། །དེའི་དུས་ན་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་ཞེས་བྱ་བ་ནི་མཚམས་མེད་པ་བྱེད་པ་རྣམས་ཀྱང་མཚམས་མེད་པ་བྱེད་པའི་ལས་མ་བཏང་གི་བར་དུ་མྱ་ངན་ལས་མི་འདའ་བ་དང་། ལོག་པའི་ལྟ་བས་དགེ་བའི་རྩ་བ་ཆད་པ་རྣམས་ལོག་པའི་ལྟ་བ་དང་ བྲལ་ཏེ། དགེ་བའི་རྩ་བ་མ་སྐྱེས་ཀྱི་བར་དུ་ཡོངས་སུ་མྱ་ངན་ལས་མི་འདའ་བ་དང་། ཕྱོགས་ཐར་པའི་ཕྱོགས་ཀྱི་དགེ་བའི་རྩ་བ་མི་སོགས་པ་རྣམས་ཀྱང་ཐར་པའི་ཕྱོགས་ཀྱི་དགེ་བའི་རྩ་བ་མ་བསགས་ཀྱི་བར་དུ་མྱ་ངན་ལས་མི་འདའ་བ་དང་། དཀར་པོ་ཆུང་བའི་རྣམས་ཀྱང་བསོད་ནམས་དང་ཡེ་ ཤེས་ཀྱི་ཚོགས་མ་རྫོགས་ཀྱི་བར་དུ་མྱ་ངན་ལས་མི་འདའ་བས་དེའི་དུས་ན་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་ཞེས་བྱའོ། །ཡོངས་སུ་མྱ་ངན་ལས་མི་འདའ་བ་ནི་གཅིག་ཡོད་དེ། དེ་བསྟན་པའི་ཕྱིར་རྒྱུ་དང་བྲལ་ཞེས་བྱ་བ་སྨོས་ཏེ། རྒྱུ་ཞེས་བྱ་བ་ནི་ཐེག་པ་གསུམ་དུ་མྱ་ངན་ལས་འདའ་ བའི་དགེ་བའི་རྩ་བ་དང་རིགས་མེད་པ་སྟེ། དེ་ལྟར་རིགས་མེད་པས་ན་གང་ཟག་དེ་ཐེག་པ་གསུམ་གྱི་མྱ་ངན་ལས་འདས་པ་རྣམས་ཀྱང་མི་འཐོབ་པའི་ཕྱིར་རོ། །ཡོངས་སུ་མི་འདའ་བའི་ཆོས་ཅན་ཞེས་བྱ་སྟེ། དཔེར་ན་རྡོ་དང་ཤིང་ལ་སོགས་པའི་རང་བཞིན་འདི་རྣམས་ཀྱང་སེམས་དང་སེམས་ལས་བྱུང་བ་ ལྟ་བུར་ཤེས་པའི་རང་བཞིན་ཅན་དུ་མི་འགྱུར་བ་དང་འདྲའོ། །འདིར་རིགས་མེད་པ་ལ་གནས་པ་ནི་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་དུ་འདོད་དོ་ཞེས་བྱ་བ་ལ། རིགས་མེད་ཅེས་སྨྲས་པ། མེད་པའི་སྒྲས་འདི་སྨད་པའི་དོན་དུ་ཡང་མཐོང་སྟེ། བུ་ངན་པ་དང་ཆུང་མ་ངན་པ་ལ་བུ་མེད་ཆུང་མ་མེད་ཅེས་བྱ་བ་ལྟ་བུའོ། ། ཆུང་མའི་དོན་དུ་ཡང་མཐོང་སྟེ། བུ་མོ་རྐེད་པ་འཕྲ་བ་ལ་རྐེད་པ་མེད་ཅེས་བྱ་བ་ལྟ་བུའོ། །ཡོང་མེད་པའི་དོན་དུ་ཡང་མཐོང་སྟེ་རྙེད་པ་མེད་བཀུར་སྟི་མེད་ཅེས་བྱ་བ་ལྟ་བུའོ། །འདིའི་སྐབས་སུ་ནི་མེད་པའི་སྒྲ་སྨད་པའི་དོན་དང་པོ་དེ་ཡེ་མེད་པའི་དོན་དུ་བལྟ་སྟེ། དེ་ལ་གཅིག་ཏུ་མི་དགེ་བ་སྤྱོད་པ་ནས་བརྩམས་ཏེ། དགེ་བ་ཆུང་བ་ཡན་ཆད་ཀྱིས་དེའི་དུས་ན་ཡོངས་སུ་མྱ་ངན་ལས་མི་འདའ་བས་རིགས་མེད་པར་བཤད་པའི་དོན་དེ་སྨད་པའི་དོན་དུ་བལྟ་སྟེ། བུ་ངན་པ་ལ་བུ་མེད་ཅེས་བྱ་བ་བཞིན་དུ་རིགས་དེ་ཡང་དེའི་དུས་ན་ངན་ཅིང་ཞེན་པར་གྱུར་པས་རིགས་མེད་པ་ཞེས་བཏགས་སོ། །གང་རྒྱུ་དང་བྲལ་བས་ཡོངས་སུ་མྱ་ངན་ལས་ མི་འདའ་བའི་ཕྱིར་རིགས་མེད་པར་བཤད་པའི་རིགས་མེད་པའི་སྒྲ་འདི་ནི་ཡོང་ཡེ་མེད་པའི་དོན་དུ་བལྟ་སྟེ། དེ་ནི་གཏན་དུ་མྱ་ངན་ལས་འདས་པ་མི་འཐོབ་པའི་ཕྱིར་རོ། །རང་བཞིན་ཡོངས་སུ་རྒྱས་པའི་རིགས་ཀྱི་ཆེ་བ་ཉིད་བསྒྲུབ་པ་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། ཉན་ཐོས་ཀྱི་རིགས་དང་རང་སངས་རྒྱས་ཀྱི་ རིགས་དག་གིས་ནི་བྱང་ཆུབ་ཆེན་པོ་འཐོབ་པར་མི་ནུས་པས་ཤིན་ཏུ་རྒྱ་ཆེ་བ་དང་། མཐུ་ཆེ་བ་ཞེས་མི་བྱའོ། །བྱང་ཆུབ་སེམས་དཔའི་རིགས་ཀྱིས་ནི་བྱང་ཆུབ་ཆེན་པོ་འཐོབ་པར་བྱེད་པས་ན་རང་བཞིན་གྱིས་རྒྱ་ཆེ་བ་དང་། མཐུ་ཆེ་བར་བསྒྲུབ་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །ཟབ་ཅིང་རྒྱ་ ཆེར་སྨྲ་བ་གཞན་ལ་ཕན་ཕྱིར་བཤད་པ་ཆོས་ཆེན་ལ། །མི་ཤེས་པར་ནི་དད་འགྱུར་ཤིན་ཏུ་རྒྱ་ཆེ་ལ། །ཞེས་བྱ་བ་ལ། ཆོས་ཆེན་པོ་ནི་ཐེག་པ་ཆེན་པོའི་ཆོས་ལ་བྱའོ། །ཆོས་དེའི་ནང་ནས་གང་ཟག་དང་ཆོས་ལ་བདག་མེད་པ་དང་། མ་སྐྱེས་པ་དང་། མི་འགག་པ་ལ་སོགས་པ་འབྱུང་བས་ཟབ་པའོ། །ས་ དང་ཕ་རོལ་ཏུ་ཕྱིན་པ་དང་། སྟོབས་དང་མི་འཇིགས་པ་ལ་སོགས་པ་འབྱུང་བས་རྒྱ་ཆེ་བའོ། །ཡང་ན་ཡེ་ཤེས་ཀྱི་ཚོགས་འབྱུང་བས་ཟབ་པའོ། །བསོད་ནམས་ཀྱི་ཚོགས་འབྱུང་བས་སྒྲ་ཆེ་བའོ། །དེ་ལྟར་ཟབ་ཅིང་རྒྱ་ཆེ་བ་འབྱུང་བའི་ཆོས་དེ་དང་སེམས་ཅན་རྣམས་ཚེ་འདི་ལ་བསོད་ནམས་དང་ཡེ་ཤེས་ཀྱི་ ཚོགས་ལ་བཞག་པ་དང་། ཚེ་རབས་གཞན་དུ་མྱ་ངན་ལས་འདས་པ་ཐོབ་པར་བྱ་བའི་ཕྱིར་བཤད་པས་ན་གཞན་ལ་ཕན་པའི་ཕྱིར་བཤད་པ་ཞེས་བྱའོ། །འདི་ལྟར་བྱང་ཆུབ་སེམས་དཔའི་རིགས་ཀྱི་མཐུས་ཟབ་ཅིང་རྒྱ་ཆེ་བའི་ཐེག་པ་ཆེན་པོའི་དོན་མ་རྟོགས་ཤིང་མི་ཤེས་པར་ཡང་ཐོས་པ་ཙམ་ གྱི་སྒོ་ནས་དད་པ་དང་མོས་པ་རྒྱ་ཆེ་ཞིང་རླབས་ཆེན་པོ་འབྱུང་བས་ན། མི་ཤེས་པར་ནི་དད་འགྱུར་ཤིན་ཏུ་རྒྱ་ཆེ་བ། །ཞེས་བྱའོ། །ལེགས་པར་བསྒྲུབ་ལ་བཟོད་ཅེས་བྱ་བ་ལ། སེམས་ཅན་གྱི་དོན་དུ་མགོ་དང་རྐང་ལག་ལ་སོགས་པ་བཏང་བའི་དཀའ་བ་སྤྱད་པ་དང་། ས་དང་ཕ་རོལ་ཏུ་ཕྱིན་པ་བསྒྲུབ་པ་ནི་ ལེགས་པར་བསྒྲུབ་པ་ཞེས་བྱ་སྟེ། རིགས་ཀྱི་མཐུས་དེ་དག་ཐམས་ཅད་ཀྱང་བསྒྲུབ་ནུས་པས་ན་ལེགས་པར་བསྒྲུབ་བཟོད་ཅེས་བྱའོ། །ཕུན་སུམ་ཚོགས་པའི་མཐའ་དང་ཞེས་བྱ་བ་ལ། དེ་ལྟར་ཐེག་པ་ཆེན་པོའི་ཆོས་ལ་ཡང་མོས། ལེགས་པར་བསྒྲུབ་པ་ལ་ཡང་མི་སྐྱོ་བར་བསྒྲུབ་པས་བསོད་ནམས་དང་ཡེ་ ཤེས་ཀྱི་ཚོགས་ཕུན་སུམ་ཚོགས་པར་བསྒྲུབས་པའི་མཇུག་ཏུ་བླ་ན་མེད་པའི་བྱང་ཆུབ་ཆེན་པོའི་ཕུན་སུམ་ཚོགས་པ་རྣམ་པ་གཉིས་ལས་ཁྱད་པར་དུ་གྱུར་པ་ཐོབ་པར་འགྱུར་ཏེ། འདི་ཡང་རིགས་རྒྱ་ཆེ་བ་དང་། མཐུ་རྒྱ་ཆེ་བ་ལས་འཐོབ་བོ་ཞེས་བྱ་བའི་དོན་ཏོ། །བླ་ན་མེད་ པའི་བྱང་ཆུབ་ཀྱི་ཕུན་སུམ་ཚོགས་པ་དེ་ཅི་འདྲ་བ་ཞིག་ཅེ་ན། དེའི་ཕྱིར་རྣམ་གཉིས་མཆོག་སྟེ་ཞེས་བྱ་བ་སྨོས་ཏེ། བླ་ན་མེད་པའི་བྱང་ཆུབ་ཀྱི་ཕུན་སུམ་ཚོགས་པ་དེའང་ཕུན་སུམ་ཚོགས་པ་རྣམ་པ་གཉིས་ལས་ཁྱད་པར་དུ་གྱུར་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཕུན་སུམ་ཚོགས་པ་གཉིས་ནི་བརྒྱ་བྱིན་ ལ་སོགས་པ་འཇིག་རྟེན་གྱི་ཕུན་སུམ་ཚོགས་པ་དང་། ཉན་ཐོས་ལ་སོགས་པ་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པའོ། །དེ་དག་དེ་ལྟར་འགྱུར་ཞེས་བྱང་ཆུབ་སེམས་དཔའ་དེ་དག་གི་རིགས་དེ་ནི་ཐེག་པ་ཆེན་པོའི་ཆོས་ལ་མོས་པ་སྐྱེ་བ་དང་། བསྒྲུབ་པ་ལ་སྐྱོ་བ་མེད་པ་དང་། མཐར་བྱང་ཆུབ་ ཆེན་པོའི་ཕུན་སུམ་ཚོགས་པར་འགྱུར་ཏེ། དེའི་ཕྱིར་མཐུ་ཆེའོ་ཞེས་བྱ་བར་སྦྱར་རོ། །དེ་ཡི་རང་བཞིན་ཡོན་ཏན་ལྡན་པ་བྱང་ཆུབ་ཆེན་པོའི་རིགས་རྒྱས་ཤེས་པར་བྱ། །ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་རིགས་དེ་ནི་གོང་དུ་བཤད་པའི་ཚུལ་ལྟར་ན་རང་བཞིན་གྱིས་ཡོན་ཏན་དང་ལྡན་པ་ཞེས་བྱ་སྟེ། དེ་ལྟར་ རང་བཞིན་གྱིས་ཡོན་ཏན་དང་ལྡན་པས་རིགས་དེ་ཤིན་ཏུ་རྒྱ་ཆེ་བ་དང་། མཐུ་ཆེ་བར་བྱ་བའི་དོན་ཏོ། །རིགས་ཀྱི་འབྲས་བུའི་ཁྱད་པར་དུ་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། ཉན་ཐོས་ཀྱི་རིགས་དང་རང་སངས་རྒྱས་ཀྱི་རིགས་ཀྱིས་རང་རང་གི་འབྲས་བུ་ཐོབ་པ་བས་བྱང་ཆུབ་སེམས་དཔའི་རིགས་ཀྱིས་བྱང་ ཆུབ་ཆེན་པོའི་འབྲས་བུ་ཐོབ་པ་ཁྱད་ཞུགས་པར་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །ཤིན་ཏུ་ཡངས་པའི་ཡོན་ཏན་བྱང་ཆུབ་ཤིང་སྐྱེས་པས། །སྟུག་པོས་བདེ་ཞིང་སྡུག་བསྔལ་ཞི་བས་དམིགས་པའི་ཕྱིར། །བདག་དང་གཞན་ལ་ཕན་བདེ་བྱ་བ་འབྲས་བུ་བས། །རྩ་བ་བཟང་ པོ་བཞིན་དུ་རིགས་འདི་མཆོག་ཡིན་ནོ། །ཞེས་བྱ་བ་ལ། རྩ་བ་བཟང་པོ་ནི་རྩ་བ་བརྟན་པ་དང་། རྩ་བ་མ་རུལ་བའོ། །དཔེར་ན་རྩ་བ་བཟང་པོའི་ཤིང་ལས་སྡོང་པོ་དང་། མེ་ཏོག་ལ་སོགས་པ་བརྟན་ཞིང་བཟང་པོ་འབྱུང་བ་དང་། ཡལ་ག་དང་། འདབ་མ་ལ་སོགས་པ་སྡུག་ཅིང་མཛེས་པ་འབྱུང་བ་དང་། དེའི་རྒྱུས་གྲིབ་མ་བསིལ་བ་ཡོད་པ་དང་། འབྲས་བུ་ཕུན་སུམ་ཚོགས་པས་གཞན་ལ་ཕན་པ་བྱེད་པ་བཞིན་དུ་བྱང་ཆུབ་ཀྱི་རིགས་འདི་ལས་ཀྱང་དེ་དང་མཐུན་པའི་ཡོན་ཏན་དག་འབྱུང་བས་བྱང་ཆུབ་ཀྱི་རིགས་འདི་ནི་ཤིང་གི་རྩ་བ་བཟང་པོ་དང་འདྲའོ། །དཔེར་ན་ཤིང་རྩ་བ་བཟང་པོ་ལས་སྡོང་པོ་སྦོམ་ཞིང་བསྐམས་ པ་དང་སུངས་བ་མེད་པ་འབྱུང་བ་དང་། མེ་ཏོག་སྣ་ཚོགས་པ་འབྱུང་བ་དེ་བཞིན་དུ། རིགས་དེ་ལས་ཀྱང་སྟོབས་དང་མི་འཇིགས་པ་དང་། མ་འདྲེས་པ་ལ་སོགས་པའི་ཡོན་ཏན་རྒྱ་ཆེན་མེ་ཏོག་དང་འདྲ་བར་འབྱུང་བ་དང་། ཟད་ལ་མི་སྐྱེ་བའི་ཡེ་ཤེས་ཀྱང་བྱང་ཆུབ་ཆེན་པོ་ཅིས་ཀྱང་མི་ཚུགས་པ་ཤིང་སྡོང་ལྟ་བུ་སྐྱེས་ པས་ན་ཤིང་གི་རྩ་བ་མ་ཟད་པར་ཤེས་པར་བྱའོ། །དཔེར་ན་ཤིང་རྩ་བ་བཟང་པོ་ལས་ཡལ་ག་དང་འདབ་མ་སྟུག་པོ་ཡོད་པས་གྲིབ་མའི་བསིལ་བ་དང་ལྡན་པའི་ཕྱིར། སེམས་ཅན་རྣམས་ཀྱི་ཚ་བའི་སྡུག་བསྔལ་ནི་སེལ། བསིལ་བའི་བདེ་བ་ཐོབ་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའི་རིགས་འདི་ལས་ ཀྱང་ས་དང་ཕ་རོལ་ཏུ་ཕྱིན་པའི་ཡལ་ག་དང་འདབ་མ་སྟུག་པོ་བྱུང་བས་སེམས་ཅན་གྱི་བདེ་བ་སྟུག་པོ་རྒྱ་ཆེ་བ་ནི་ཐོབ་པར་བྱེད་པ་མཐོང་། སྡུག་བསྔལ་སྟུག་པོ་མི་བཟད་པ་ནི་ཞི་བར་བྱེད་པར་མཐོང་བས་རྩ་བ་བཟང་པོ་དང་འདྲའོ། །དཔེར་ན་རྩ་བ་བཟང་པོའི་ཤིང་ལ་འབྲས་བུ་ཕུན་སུམ་ཚོགས་པ་ཡོད་པས་ སེམས་ཅན་གྱི་དོན་ཕུན་སུམ་ཚོགས་པར་བྱེད་པ་དེ་བཞིན་དུ་བྱང་ཆུབ་ཀྱི་རིགས་འདི་ལས་ཀྱང་བདག་ལ་ཕན་པ་དང་བདེ་བར་བྱ་བ་དང་། གཞན་ལ་ཕན་པ་དང་བདེ་བར་བྱ་བའི་འབྲས་བུ་འབྱུང་བས་ན་རྩ་བ་བཟང་པོ་དང་འདྲའོ། །དེ་ལ་ཤིང་རྩ་བ་བཟང་ན་སྡོང་པོ་ལ་སོགས་པ་འགྱེལ་བར་མི་འགྱུར་བས་རྩ་ བ་བཟང་པོ་ཉིད་བདག་གི་དོན་ཏོ། །ཡལ་ག་དང་འདབ་མ་དང་མེ་ཏོག་དང་འབྲས་བུ་རྒྱ་ཆེ་ཞིང་སྟུག་པས་ནི་གཞན་ལ་ཕན་པར་བྱེད་པས་གཞན་གྱི་དོན་ཏོ། །དེ་བཞིན་དུ་བྱང་ཆུབ་ཀྱི་རིགས་ལ་ཡང་ཤིན་ཏུ་ཡངས་པའི་ཡོན་ཏན་གྱི་བྱང་ཆུབ་ཀྱི་ཤིང་སྐྱེས་པ་ནི་བདག་གི་དོན་ཏོ། །སྟུག་པོས་བདེ་ ཞིང་སྡུག་བསྔལ་ཞི་བ་དམིགས་པ་ནི་གཞན་གྱི་དོན་ཏོ། །བདག་དང་གཞན་ལ་ཕན་པའི་འབྲས་བུ་ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་ཀྱི་ཤིང་གི་རྩ་བར་བྱང་ཆུབ་ཀྱི་རིགས་འདི་གྱུར་པས། རིགས་དེ་ལས་བདག་དང་གཞན་ལ་ཕན་པའི་འབྲས་བུ་འབྱུང་བས་ན་བྱང་ཆུབ་ཀྱི་རིགས་ཀྱི་ཡོན་ཏན་ བསྔགས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རིགས་ཀྱི་སྐབས་བཤད་པ་རྫོགས་སོ།། །།རིགས་ཀྱི་སྐབས་ཀྱི་རྗེས་ལ། སེམས་བསྐྱེད་པའི་སྐབས་བཤད་པར་ཅིས་འབྲེལ་ཞེ་ན། གོང་དུ་རིགས་བཤད་པའི་རྗེས་ལ། ཤིན་ཏུ་ཡངས་པའི་ཡོན་ཏན་བྱང་ཆུབ་ ཤིང་སྐྱེས་པས། །སྟུག་པོ་བདེ་ཞིང་སྡུག་བསྔལ་ཞི་བ་དམིགས་པའི་ཕྱིར། །བདག་དང་གཞན་ལ་ཕན་བདེ་བྱ་བས་འབྲས་བུ་བས། །རྩ་བ་བཟང་པོ་བཞིན་དུ་རིགས་འདི་མཆོག་ཡིན་ནོ། །ཞེས་བཤད་དེ་ཇི་ལྟར་རྩ་བ་བཟང་པོའི་ཤིང་དང་རྩ་བ་བཟང་པོ་ཉིད་རང་གི་དོན་ཕུན་སུམ་ཚོགས་པའོ། །དེ་ལ་ཡལ་ ག་དང་འདབ་མ་དང་མེ་ཏོག་དང་འབྲས་བུ་ལ་སོགས་པ་རྒྱ་ཆེན་པོ་ཡོད་པས་ནི་འགྲོ་བ་མང་པོའི་ལོངས་སྤྱོད་དུ་གྱུར་པས་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཞེས་བྱའོ། །དེ་བཞིན་དུ་རང་བཞིན་ལ་གནས་པའི་རིགས་ཡོད་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བདག་དང་གཞན་གྱི་དོན་གཉིས་འགྲུབ་པར་འགྱུར་རོ། ། དེ་ལ་རྣམ་པ་གཉིས་འགྲུབ་པ་ཡང་རིགས་འབའ་ཞིག་ཡོད་པ་ཙམ་གྱིས་མི་ཆོག་གི་རིགས་ལ་བརྟེན་ནས་སེམས་བསྐྱེད་པ་ལ་སོགས་པའི་རིམ་པས་བསྒྲུབས་ན་འདོད་པ་འགྲུབ་ཀྱི་སེམས་མ་བསྐྱེད་ན་ནི་མི་འགྲུབ་བོ། །སེམས་བསྐྱེད་པ་ལ་སོགས་པ་ལ་ཡང་རིགས་ཡོད་ན་འདོད་པ་འབྱུང་སྟེ་གང་ལ་རིགས་ཡོད་པ་དེ་ གདོན་མི་ཟ་བར་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་བས་ན་རིགས་ཀྱི་སྐབས་ཀྱི་རྗེས་ལ་སེམས་བསྐྱེད་པར་འགྱུར་བའི་སྐབས་བཤད་པར་འབྲེལ་ཏོ། །ཡང་ན་སེམས་བསྐྱེད་པའི་རང་བཞིན་ནི་འདི་ལྟར་གྱུར་ཅིག་ཅེས་སྨོན་ལམ་འདེབས་པའི་མཚན་ཉིད་དོ། །སྨོན་ལམ་འདེབས་པ་དེ་ཡང་ བདག་ཉིད་བླ་ན་མེད་པའི་བྱང་ཆུབ་འདོད་པ་དང་། སེམས་ཅན་གྱི་དོན་བྱེད་པར་འདོད་པའི་ཕྱིར་སྨོན་ལམ་འདེབས་ཏེ། སེམས་ཅན་གྱི་དོན་བྱ་བའི་ཐབས་ནི་བླ་ན་མེད་པའི་བྱང་ཆུབ་ཏུ་སངས་རྒྱས་པ་ཐོབ་པའོ། །དེ་བས་ན་སེམས་ཅན་གྱི་ཐབས་སུ་གྱུར་པས་བླ་ན་མེད་པའི་བྱང་ཆུབ་བསྒྲུབས་ན་བྱང་ཆུབ་ཏུ་ སེམས་བསྐྱེད་པ་ལ་སོགས་པའི་རིམ་པས་བསྒྲུབ་པའོ། །དེ་ལ་ཡང་རིགས་དང་བཅས་པའི་སྟོབས་ཀྱིས་བྱང་ཆུབ་ཏུ་སེམས་བསྐྱེད་ན་ནི་སེམས་ཅན་དེ་ལྡོག་པ་མེད་པའི་ཆོས་སུ་འགྱུར་རོ་ཞེས་བསྟན་པའི་ཕྱིར་རིགས་ཀྱི་རྗེས་ལ་སེམས་བསྐྱེད་པའི་སྐབས་བཤད་པར་འབྲེལ་ཏོ། །སེམས་བསྐྱེད་ པའི་མཚན་ཉིད་དུ་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། བྱང་ཆུབ་ཏུ་སེམས་བསྐྱེད་པའི་མཚན་ཉིད་དུ་རང་བཞིན་བསྟན་པར་བྱ་བའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །སྤྲོ་བ་ཆེ་ཞིང་རྩོམ་པ་ཆེ། །དོན་ཆེན་པོ་དག་འཐོབ་པ་ཆེ། །བྱང་ཆུབ་སེམས་དཔའ་སེམས་དཔའ་སྟེ། ། དོན་གཉིས་དང་ནི་སེམས་བསྐྱེད་པའོ། །ཞེས་བྱ་བ་ལ། བྱང་ཆུབ་ཀྱི་སེམས་ཀྱི་མཚན་ཉིད་ནི་སྤྲོ་བ་ཆེ་བའི་མཚན་ཉིད་དང་། རྩོམ་པ་ཆེ་བའི་མཚན་ཉིད་དང་། དོན་ཆེ་བའི་མཚན་ཉིད་དང་། ཐོབ་པ་ཆེ་བའི་མཚན་ཉིད་དང་། དོན་གཉིས་ལ་དམིགས་པའི་མཚན་ཉིད་དེ། གོང་དུ་བཤད་པ་ རྣམས་བསྒྲུབ་པར་བྱའོ་སྙམ་དུ་སེམས་བསྐྱེད་པའི་སེམས་ལས་བྱུང་བས་སེམས་དཔའ་ཞེས་བྱ་བའི་སེམས་ལས་གཡོ་བའི་རང་བཞིན་ལ་སེམས་བསྐྱེད་པ་ཞེས་བྱའོ། །སྤྲོ་བ་ཆེ་བ་ནི་གོ་ཆའི་བརྩོན་འགྲུས་ཀྱིས་ཐེག་པ་ཆེན་པོའི་ཆོས་ལ་ཟབ་ཅིང་རྒྱ་ཆེ་བའི་ཆོས་རྣམས་མཉན་པ་དང་། བསམ་པ་ལ་སོགས་ པའི་སྒོ་ནས་རྟོགས་པར་བྱའོ་ཞེས་སེམས་སྤྲོ་ཞིང་མི་ལྡོག་པ་དང་། སེམས་ཅན་གྱི་དོན་དུ་བསྐལ་པ་གྲངས་མེད་པར་མགོ་དང་རྐང་ལག་ལ་སོགས་པ་གཏོང་བའི་དཀའ་བ་སྤྱོད་པ་ལ་སྤྲོ་ཞིང་མི་ལྡོག་པའི་སེམས་བསྐྱེད་པ་དང་པོ་ལ་སྤྲོ་བ་ཆེ་བ་ཞེས་བྱའོ། །རྩོམ་པ་ཆེ་བ་ནི་དེ་ལྟར་གོ་ཆའི་བརྩོན་འགྲུས་བརྩམས་ ནས་གོ་ཆ་བརྩམས་ཤིང་ཁས་བླངས་པ་བཞིན་དུ་སྦྱོར་བའི་བརྩོན་འགྲུས་ཀྱི་ཇི་ལྟར་གོ་ཆ་བགོ་ཞིང་ཁས་བླངས་པ་བཞིན་དུ་ཟབ་ཅིང་རྒྱ་ཆེ་བའི་ཆོས་རྟོགས་པར་བྱ་བའི་ཕྱིར་ནི་ཆོས་ཉན་པ་དང་། སེམས་པ་གོམས་པ་ལ་འཇུག །སེམས་ཅན་གྱི་དོན་དུ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་དང་དཀའ་ བ་སྤྱད་པ་རྣམ་པ་སྣ་ཚོགས་བསྒྲུབ་པའི་ཕྱིར་རྩོམ་པ་ཆེ་བ་ཞེས་བྱའོ། །སེམས་བསྐྱེད་པ་དེའང་བདག་གི་དོན་ཕུན་སུམ་ཚོགས་པ་བསྒྲུབ་པར་བྱ་བ་དང་། གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྒྲུབ་པར་བྱ་བའི་ཕྱིར་སེམས་བསྐྱེད་པས་ན་དོན་ཆེ་བའོ། །དེ་ལྟར་སེམས་བསྐྱེད་ནས་མཇུག་ཏུ་འབྲས་བུ་བླ་ན་ མེད་པའི་བྱང་ཆུབ་ཐོབ་པས་ན་ཐོབ་པ་ཆེ་བ་ཞེས་བྱའོ། །བྱང་ཆུབ་ཀྱི་སེམས་དེ་ཡང་སེམས་གཡོ་ཞིང་འགུལ་བར་བྱེད་པའི་མཚན་ཉིད་སེམས་ལས་བྱུང་བས་སེམས་པ་ཞེས་བྱ་བས་བསྐྱོད་ནས་བྱང་ཆུབ་ཀྱི་སེམས་བསྐྱེད་པས་ན་བྱང་ཆུབ་སེམས་དཔའི་སེམས་ཞེས་བྱ་སྟེ། བྱང་ཆུབ་ཀྱི་སེམས་དེ་ནི་ སེམས་དཔའ་ཞེས་བྱ་བའི་སེམས་བསྐྱེད་དོ་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་ཀྱི་སེམས་དེ་ཅི་ལས་དམིགས་ནས་སེམས་སྐྱེ་ཞེ་ན། དེ་ཉིད་དོན་གཉིས་ལ་དམིགས་ནས་སེམས་སྐྱེ་སྟེ། དོན་གཉིས་ནི་བདག་ཉིད་བྱང་ཆུབ་ཆེན་པོ་ཐོབ་པར་བྱ་བར་དམིགས་པ་དང་། སེམས་ ཅན་ལ་ཕན་པ་དང་བདེ་བའི་དོན་བྱ་བར་དམིགས་ནས་བྱང་ཆུབ་ཀྱི་སེམས་བསྐྱེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ཡན་ཆད་ཀྱིས་མདོར་ན་བྱང་ཆུབ་ཀྱི་སེམས་དེ་ཡོན་ཏན་གསུམ་དང་ལྡན་པ་དང་། དོན་གཉིས་ལ་དམིགས་པ་ཡིན་པར་བསྟན་ཏོ། །དེ་ལ་ཡོན་ཏན་རྣམ་པ་གསུམ་ནི། སྐྱེས་བུ་བྱེད་པའི་ཡོན་ ཏན་དང་། དོན་བྱེད་པའི་ཡོན་ཏན་དང་། འབྲས་བུ་ཡོངས་སུ་འཛིན་པའི་ཡོན་ཏན་ནོ། །དོན་གཉིས་ནི་བྱང་ཆུབ་ཀྱི་དོན་ལ་དམིགས་པ་དང་། སེམས་ཅན་གྱི་དོན་ལ་དམིགས་པའོ། །དེ་ལ་སྤྲོ་བ་ཆེ་ཞིང་རྩོམ་པ་ཆེ། །ཞེས་བྱ་བའི་ཚིག་གཉིས་ཀྱིས་སྐྱེས་བུ་བྱེད་པའི་ཡོན་ཏན་བསྟན་ཏེ། དང་པོ་ སེམས་བསྐྱེད་པ་ན་ཡང་སེམས་ཀྱི་ཤུགས་དྲག་ཏུ་བསྐྱེད་ལ་ཕྱིས་སྒྲུབ་པའི་ཚེ་ན་ཡང་དཀའ་བ་སྤྱོད་པ་ཐམས་ཅད་དེ་བཞིན་དུ་བསྒྲུབ་པའི་ཕྱིར་རོ། །དོན་ཆེན་པོ་ཞེས་བྱ་བས་དོན་ཆེན་པོའི་ཡོན་ཏན་བསྟན་ཏེ། བདག་དང་གཞན་གྱི་དོན་བྱེད་པའི་ཕྱིར་རོ། །ཐོབ་པ་ཆེ་ཞེས་བྱ་བས་འབྲས་བུ་ཡོངས་སུ་ འཛིན་པའི་ཡོན་ཏན་བསྟན་ཏེ་མཐར་བླ་ན་མེད་པའི་བྱང་ཆུབ་ལེན་པའི་ཕྱིར་རོ། །དོན་གཉིས་ཞེས་བྱ་བས་གཉིས་ལ་དམིགས་པ་བསྟན་ཏེ། བྱང་ཆུབ་དང་སེམས་ཅན་གྱི་དོན་ལ་དམིགས་པའི་ཕྱིར་རོ། །སེམས་བསྐྱེད་པ་རབ་ཏུ་དབྱེ་བའི་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། བྱང་ཆུབ་ཀྱི་སེམས་ཀྱི་ མཚན་ཉིད་ནས་བྱང་ཆུབ་ཀྱི་སེམས་ལ་ཕྱེ་ན་དུ་ཡོད་པའི་རབ་ཏུ་དབྱེ་བ་འཆད་དེ། བྱང་ཆུབ་ཀྱི་སེམས་ལ་ཕྱེ་ན་མོས་པའི་སེམས་བསྐྱེད་པ་དང་ལྷག་པའི་བསམ་པ་རྣམ་པར་དག་པའི་སེམས་བསྐྱེད་པ་དང་། རྣམ་པར་སྨིན་པའི་སེམས་བསྐྱེད་པ་དང་། སྒྲིབ་པ་སྤངས་པའི་སེམས་བསྐྱེད་པ་དང་ཕྱེ་ན་རྣམ་པ་ བཞི་ཡོད་དོ་ཞེས་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ། །སེམས་བསྐྱེད་དེ་ནི་མོས་པ་དང་། །ཞེས་བྱ་བ་ལ། མོས་པས་སྤྱོད་པའི་ས་དྲོད་དང་། སྤྱི་བོ་དང་། བཟོད་པ་དང་འཇིག་རྟེན་གྱི་ཆོས་ཀྱི་མཆོག་གི་ཚེ་ན་སེམས་བསྐྱེད་པ་ནི་ཐེག་པ་ཆེན་པོའི་ཆོས་ཟབ་ཅིང་རྒྱ་ཆེ་བ་རྟོགས་ནས་སེམས་བསྐྱེད་པ་ནི་མ་ ཡིན་གྱི་ཐེག་པ་ཆེན་པོའི་ཆོས་ཟབ་ཅིང་རྒྱ་ཆེ་བ་ལ་དད་པའི་སྒོ་ནས་སེམས་བསྐྱེད་པས་ན། མོས་པའི་སེམས་བསྐྱེད་པ་ཞེས་བྱའོ། །ལྷག་པའི་བསམ་པ་དག་པ་གཞན། །ཞེས་བྱ་བ་ལ། གཞན་གྱི་སྒྲ་ནི་ས་དང་པོ་ཡན་ཆད་ས་བདུན་པ་མན་ཆད་ཀྱི་ས་ལ་བྱ་སྟེ། ས་བདུན་པོ་དེ་དག་གི་སེམས་ པ་ལ་ནི་ལྷག་པའི་བསམ་པ་དག་པའི་སེམས་བསྐྱེད་པ་ཞེས་བྱའོ། །ཅིའི་ཕྱིར་ཞེ་ན། གང་བདག་ཡིན་པ་དེ་བཞིན་གཞན་གང་ཡིན་པ་དེ་བདག་ཅེས་གཞན་དུ་མཉམ་པ་ཉིད་ཀྱི་སེམས་ཐོབ་པས་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་འཐོབ་པར་བྱ་བའི་ཕྱིར་ལྷག་པའི་བསམ་པ་ཞེས་བྱའོ། །གཟུང་ བ་དང་འཛིན་པའི་དྲི་མ་དང་བྲལ་བར་བྱ་བའི་ཕྱིར་དག་པ་ཞེས་བྱའོ། །རྣམ་པར་སྨིན་པའི་ས་འདོད་དེ། །ཞེས་བྱ་བ་ལ། ས་བརྒྱད་པ་དང་། ས་དགུ་པ་དང་། བཅུ་པར་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་རྣམ་པར་སྨིན་པའི་བྱང་ཆུབ་ཀྱི་སེམས་ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན། ས་དེ་དག་ལ་རྣམ་ པར་མི་རྟོག་པའི་ཡེ་ཤེས་ལྷུན་གྱིས་གྲུབ་པ་ཐོབ་པས། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་ཡང་། བརྩལ་འབད་མེད་པར་ལྷུན་གྱིས་གྲུབ་པར་སྤྱོད་པས་ན། རྣམ་པར་སྨིན་པའི་སེམས་བསྐྱེད་པ་ཞེས་བྱའོ། །དེ་བཞིན་སྒྲིབ་པ་སྤངས་པའོ། །ཞེས་བྱ་བ་ལ། སངས་རྒྱས་ ཀྱི་ས་ཀུན་ཏུ་འོད་ཀྱི་དུས་ན་ཟད་པ་དང་། མི་སྐྱེ་བའི་མཚན་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་སྐྱེས་པ་ལ་ནི་སྒྲིབ་པ་མེད་པའི་སེམས་སྐྱེས་པ་ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན། དེའི་ཚེ་བྱང་ཆུབ་ཀྱི་སེམས་དེ་ནི་ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་མ་ལུས་པར་སྤངས་པའི་མཚན་ཉིད་ཡིན་པའི་ཕྱིར་ རོ། །དེ་བས་ན་འཕགས་པ་ག་ཡའི་རྩེ་མོའི་མདོ་ལས་ཀྱང་། ལྷའི་བུ་གཞན་ཡང་སེམས་བསྐྱེད་པ་དང་པོ་ནི་རྒྱུ་ལས་ཡང་དག་པར་འབྱུང་བའོ། །སེམས་བསྐྱེད་པ་གཉིས་པ་ནི་ཡེ་ཤེས་ལས་ཡང་དག་པར་འབྱུང་བའོ། །སེམས་བསྐྱེད་པ་གསུམ་པ་ནི་སྤོང་བ་ལས་ཡང་དག་པར་འབྱུང་ བའོ། །སེམས་བསྐྱེད་པ་བཞི་པ་ནི་འབྲས་བུ་ལས་ཡང་དག་པར་འབྱུང་བའོ་ཞེས་གསུངས་སོ། །སེམས་བསྐྱེད་པ་རྣམ་པར་དབྱེ་བ་གདོན་མི་ཟ་བའི་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། བྱང་ཆུབ་ཏུ་སེམས་བསྐྱེད་པ་རྣམ་པ་བཞིར་ཕྱེ་བ་ལ་བཞི་པོ་དེ་དག་གི་རྩ་བ་ནི་གང་། བསམ་པ་ནི་གང་ ཞེས་དོན་བཅུ་གཅིག་དྲིས་པ་དང་། དེ་བཞིན་དུ་ལན་བཏབ་པ་ལ་གདོན་མི་ཟ་བ་ཞེས་བྱ་བ་སྟེ། དེ་ལས་བརྩམས་ནས་ཚིགས་སུ་བཅད་པ་སྟོན་ཏོ། །དེ་ཡི་རྩ་བ་སྙིང་རྗེར་འདོད། །ཅེས་བྱ་བ་ལ། བྱང་ཆུབ་ཀྱི་སེམས་རྣམ་པ་བཞིའི་རྩ་བ་གང་ཞེ་ན་ཞེས་དྲིས་པ་དང་། དེའི་ ལན་དུ་བྱང་ཆུབ་ཀྱི་སེམས་རྣམ་པ་བཞིའི་རྩ་བ་ནི་སྙིང་རྗེ་ཡིན་པར་འདོད་པའི་ཕྱིར་རོ་ཞེས་སྙིང་རྗེས་སེམས་ཅན་གྱི་སྡུག་བསྔལ་བསལ་བར་བྱའོ་སྙམ་དུ་སེམས་པ་སྟེ། དེས་སེམས་ཅན་ཐམས་ཅད་བསྡུས་ནས་གནས་སོ། །གལ་ཏེ་སྙིང་རྗེ་རྩ་བར་གྱུར་པ་མེད་ན་ནི་སེམས་ཅན་རྣམས་ཀྱི་དོན་དུ་བྱང་ཆུབ་ ཀྱི་སེམས་རྣམས་ཀྱང་མི་སྐྱེད་ཀྱི་ཉན་ཐོས་བཞིན་དུ་མྱ་ངན་ལས་འདས་པར་འཇུག་པར་འགྱུར་ཏེ། དེ་བས་ན་རྩ་བ་ནི་སྙིང་རྗེའོ། །བྱང་ཆུབ་ཀྱི་སེམས་དེ་བཞིའི་བསམ་པ་གང་ཇི་ལྟར་ཞེ་ན། དེའི་ཕྱིར། རྟག་ཏུ་སེམས་ཅན་ཕན་པར་སེམས། །ཞེས་བྱ་བ་སྨོས་ཏེ། འཁོར་བའི་མཐའི་བར་དུ་སེམས་ ཅན་ཐམས་ཅད་ཟང་ཟིང་རྣམ་པ་སྣ་ཚོགས་ཀྱིས་ཕན་བཏགས་ཏེ། ཚེ་འདིར་མི་དགེ་བ་ལས་བཟློག་ཅིང་དགེ་བ་ལ་གཞག་པ་དང་། ཚེ་རབས་གཞན་དུ་མྱ་ངན་ལས་འདས་པ་ལ་འགོད་དོ་སྙམ་དུ་སེམས་པ་ནི་བྱང་ཆུབ་ཀྱི་སེམས་དེ་དག་གི་བསམ་པའོ། །བྱང་ཆུབ་ཀྱི་སེམས་དེ་དག་ཅི་ལ་མོས་ཤེ་ན། དེའི་ ཕྱིར་ཆོས་ལ་མོས་ཞེས་སྨོས་ཏེ། བྱང་ཆུབ་ཀྱི་སེམས་བཞི་པོ་དེ་དག་ཀྱང་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཆོས་ལ་ནི་མ་དད་ཀྱི། ཐེག་པ་ཆེན་པོའི་ཆོས་ཟབ་ཅིང་རྒྱ་ཆེ་བ་ལ་དད་དེ། དེ་ནི་བྱང་ཆུབ་ཀྱི་སེམས་དེ་དག་གི་མོས་པའོ། །བྱང་ཆུབ་ཀྱི་སེམས་དེ་དག་ཅི་ལ་དམིགས་ཤེ་ན། དེའི་ཕྱིར་ཡེ་ཤེས་ཚོལ་ བར་དམིགས་པ་དེ་བཞིན་ནོ་ཞེས་བྱ་བ་སྨོས་ཏེ། དེའི་ཡེ་ཤེས་ནི་ཐེག་པ་ཆེན་པོའི་ཡེ་ཤེས་ཏེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་བྱའོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་ཐེག་པ་ཆེན་པོའི་ཆོས་ཉན་པ་དང་། སེམས་པ་དང་། བསྒོམ་པ་ལ་སོགས་པའི་སྒོ་ནས་ཚོལ་བ་ཉིད་ བྱང་ཆུབ་ཀྱི་སེམས་ཀྱི་དམིགས་པ་ཞེས་བྱའོ། །བྱང་ཆུབ་ཀྱི་སེམས་དེ་དག་གི་ཐེག་པ་གང་ཞེ་ན། དེའི་ཕྱིར། གོང་དུ་འདོད་པ་ཐེག་པ་སྟེ། །ཞེས་བྱ་བ་སྨོས་ཏེ། མོས་པས་སྤྱོད་པའི་ས་ལ་གནས་ན་ས་དང་པོ་ཇི་ལྟར་ཐོབ་པར་བྱ་ཞེས་བྱ་བ་དང་། ས་བཅུ་པ་ཐོབ་པ་དང་། སངས་རྒྱས་ཀྱི་ས་ཇི་ ལྟར་ཐོབ་པར་བྱ་ཞེས་འདོད་པ་ནི་བྱང་ཆུབ་ཀྱི་སེམས་དེ་དག་གི་ཐེག་པ་ཡིན་ཏེ། འདོད་པ་དེས་ས་གོང་ནས་གོང་དུ་འཕར་བའི་ཕྱིར་རོ། །བྱང་ཆུབ་ཀྱི་སེམས་དེ་དག་གི་རྟེན་གང་ཞེ་ན། དེའི་ཕྱིར། སྡོམ་པ་རྒྱ་ཆེན་དེ་ཡི་རྟེན། །ཞེས་བྱ་བ་སྨོས་ཏེ། བྱང་ཆུབ་སེམས་དཔའི་སྡོམ་པ་དང་། སྡོམ་ པའི་ཚུལ་ཁྲིམས་དང་། སེམས་ཅན་དོན་བྱེད་པའི་ཚུལ་ཁྲིམས་དང་། དགེ་བ་སྡུད་པའི་ཚུལ་ཁྲིམས་ནི་བྱང་ཆུབ་ཀྱི་སེམས་དེ་དག་གི་རྟེན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་ཀྱི་སེམས་དེ་དག་གི་བར་དུ་གཅོད་པ་གང་ཞེ་ན། དེའི་ཕྱིར་མི་མཐུན་པའི་ཕྱོགས་རྣམས་སྐྱེ་བ་ལ་བར་དུ་གཅོད་པའོ་ ཞེས་བྱ་བ་སྨོས་ཏེ། བྱང་ཆུབ་ཀྱི་སེམས་དེ་ནི་བདག་དང་གཞན་ལ་ཕན་པར་སེམས་པ་ཡིན། སེམས་དེ་དང་མི་མཐུན་པ་ནི་བདག་འབའ་ཞིག་མྱ་ངན་ལས་འདས་པར་འགྲོ་བར་སེམས་པའི་སེམས་ཉན་ཐོས་དང་རང་སངས་རྒྱས་ཀྱི་སེམས་ལ་བྱ་སྟེ། ཐེག་པ་ཆུང་ངུའི་སེམས་བསྐྱེད་པར་ གྱུར་པ་ཉམས་སུ་བླངས་ཏེ་མ་སྤངས་ན་བྱང་ཆུབ་ཀྱི་སེམས་མི་འབྱུང་བས་དེ་ནི་བར་དུ་གཅོད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་དེ་དག་གི་སེམས་ཀྱི་རང་བཞིན་གང་ཞེ་ན། དེའི་ཕྱིར། བསོད་ནམས་ཡེ་ཤེས་རང་བཞིན་ཏེ། །ཞེས་བྱ་བ་སྨོས་ཏེ། བྱང་ཆུབ་ཀྱི་སེམས་ནི་རྣམ་པ་གཉིས་ ཏེ། སྙིང་རྗེའི་མཚན་ཉིད་དང་། ཤེས་རབ་ཀྱི་མཚན་ཉིད་དོ། །དེ་ལ་སྙིང་རྗེའི་མཚན་ཉིད་ནི་སེམས་ཅན་ཐམས་ཅད་མྱ་ངན་ལས་འདའོ་སྙམ་དུ་སེམས་པ་སྟེ། དེ་ནི་བསོད་ནམས་ཀྱི་རང་བཞིན་ནོ། །ཤེས་རབ་ཀྱི་མཚན་ཉིད་ནི་ཆོས་ཐམས་ཅད་སྟོང་པ་ཡིན་པས་སེམས་ཅན་གང་ཡང་མྱ་ངན་ ལས་འདས་པ་མེད་དོ་སྙམ་དུ་སེམས་པ་སྟེ། དེ་ནི་ཡེ་ཤེས་ཀྱི་རང་བཞིན་ནོ། །བྱང་ཆུབ་ཀྱི་སེམས་དེ་དག་གི་ལེགས་པ་གང་ཞེ་ན། དེའི་ཕྱིར། དགེ་བ་འཕེལ་བ་ལེགས་པའོ། །ཞེས་བྱ་བ་སྨོས་ཏེ། བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལས་ནམ་མཁའི་ཁམས་ཇི་ཙམ་པ་དང་། སེམས་ཅན་ གྱི་ཁམས་ཇི་ཙམ་པ་དང་། འཇིག་རྟེན་གྱི་ཁམས་ཇི་ཙམ་པ་དེ་ཙམ་གྱི་བསོད་ནམས་འཕེལ་བར་འགྱུར་རོ། །དེ་ནི་བྱང་ཆུབ་ཀྱི་སེམས་ཀྱི་ལེགས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་ཀྱི་སེམས་དེ་དག་གི་འཁོར་བ་ལས་ཇི་ལྟར་འབྱུང་ཞེ་ན། དེའི་ཕྱིར། རྟག་ཏུ་ཕ་རོལ་ཕྱིན་པ་སྦྱོར། ། དེ་ནི་འབྱུང་བར་བརྗོད་པའོ། །ཞེས་བྱ་བ་སྨོས་ཏེ། ཁམས་གསུམ་ནས་འབྱུང་བ་དང་། བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་ཅིང་སྦྱོར་ན་འཁོར་བ་ལས་འབྱུང་བར་འགྱུར་བས་ན་འབྱུང་བར་བྱེད་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡིན་ནོ་ཞེས་བྱ་ བའི་དོན་ཏོ། །བྱང་ཆུབ་ཀྱི་སེམས་དེ་དག་གི་མཐར་ཐུག་པ་གང་ཞེ་ན། དེའི་ཕྱིར། སོ་སོ་རང་གི་སྦྱོར་བ་ཡིས། །དེ་ནི་ས་ཡི་མཐར་ཐུག་སྟེ། །ཞེས་བྱ་བ་སྨོས་ཏེ། ས་བཅུ་རེ་རེ་ནས་རྫོགས་པར་ཐོབ་པ་ལ་སའི་མཐར་ཐུག་པ་ཞེས་བྱའོ། །དེ་ལྟར་སའི་མཐར་ཐུག་པར་འགྱུར་བ་ཡང་ས་དང་པོ་ལ་ སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱར་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྫོགས་ནས་ས་དང་པོ་མཐར་ཕྱིན་པ་ཞེས་བྱ་བ་ནས། ས་བཅུ་པ་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱར་ཏེ། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས་པ་དང་། ས་བཅུ་པ་མཐར་ཕྱིན་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའི་སེམས་ བསྐྱེད་པ་གདོན་མི་ཟ་བར་རིག་པར་བྱའོ་ཞེས་བྱ་བ་ལ། རྣམ་པ་བཅུ་གཅིག་དྲིས་པ་ལས་དེ་བཞིན་དུ་ལན་བཏབ་པ་དེ་ནི་བྱང་ཆུབ་སེམས་དཔའི་སེམས་བསྐྱེད་པ་རྣམ་པ་བཞི་གདོན་མི་ཟ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བརྡའི་དམ་བཅའ་བར་སེམས་བསྐྱེད་པ་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། བྱང་ཆུབ་ཏུ་སེམས་བསྐྱེད་པ་རྣམ་པ་གཉིས་ཡོད་དོ། །བརྡའི་དམ་བཅའ་བར་སེམས་བསྐྱེད་པ་དང་། དོན་དམ་པའི་བྱང་ཆུབ་ཀྱི་སེམས་སོ། །དེ་ལ་བརྡའི་དམ་བཅའ་བར་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི་སོ་སོའི་སྐྱེ་བོའི་དུས་ན་སེམས་བསྐྱེད་པས་ན་མོས་པས་སྤྱོད་པའི་ས་འཇིག་རྟེན་ཆོས་མཆོག་ མན་ཆད་ཀྱི་ཚེ་སེམས་བསྐྱེད་པ་ལ་བྱ་སྟེ། དེ་ཡང་དགེ་བའི་བཤེས་གཉེན་གྱིས་བྱང་ཆུབ་ཏུ་སེམས་བསྐྱེད་ན་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པར་འགྱུར་བས་སེམས་བསྐྱེད་པའི་རིགས་ཞེས་བསྐུལ་བའམ། བདག་ཉིད་ཀྱི་དགེ་བའི་རྩ་བའི་མཐུས་བྱང་ཆུབ་ཏུ་སེམས་བསྐྱེད་པ་སྟེ། དེ་ཡང་མཁན་པོ་དང་སློབ་དཔོན་ལ་སོགས་པས་སེམས་བསྐྱེད་པའི་ཚིག་ཇི་སྐད་བརྗོད་པ་བཞིན་དུ་ཚིག་བྱུང་བ་ན་སེམས་བསྐྱེད་པ་ནི་བརྡའི་དམ་བཅའ་བར་སེམས་བསྐྱེད་པ་ཞེས་བྱའོ། །དེ་ལ་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ནི་ས་དང་པོ་ཡན་ཆད་ཀྱི་དུས་ནས་སྐྱེའོ། །གྲོགས་སྟོབས་རྒྱུ་སྟོབས་རྩ་ བའི་སྟོབས། །ཐོས་པའི་སྟོབས་དང་ཐོས་གོམས་སྟོབས། །བརྟན་དང་མི་བརྟན་སྐྱེ་བར་གསུངས། །སེམས་བསྐྱེད་གཞན་གྱིས་བསྟན་པའོ། །ཞེས་བྱ་བ་ལ། གྲོགས་སྟོབས་ཞེས་བྱ་བའི་ཚིག་དང་། སེམས་བསྐྱེད་གཞན་གྱིས་བསྟན་པ་ཞེས་བྱ་བའི་ཚིག་གཉིས་སུ་སྦྱར་ཏེ། སེམས་ བསྐྱེད་པ་གང་མཁན་པོའམ་སློབ་དཔོན་ནམ། དགེ་བའི་བཤེས་གཉེན་ལ་ལ་ཞིག་གིས་བྱང་ཆུབ་ཏུ་སེམས་བསྐྱེད་ན་ཕན་པ་དང་ལེགས་པ་རྒྱ་ཆེན་པོ་འབྱུང་བས་སེམས་བསྐྱེད་པའི་རིགས་སོ་ཞེས་བྱ་བའི་ཆོས་བསྟན་པ་ལས་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི་གྲོགས་ཀྱི་སྟོབས་ཀྱིས་སེམས་བསྐྱེད་པ་ ཞེས་བྱའོ། །བྱང་ཆུབ་སེམས་དཔའི་རིགས་ཡོད་པས་རིགས་ཀྱི་མཐུས་ཤུགས་ཀྱིས་བསྐུལ་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི་རྒྱུའི་སྟོབས་ཀྱིས་སེམས་བསྐྱེད་པ་ཞེས་བྱའོ། །རྒྱུ་དང་རིགས་དག་ནི་དོན་གཅིག་གོ། །ཚེ་རབས་སྔ་མ་ལ་ཐེག་པ་ཆེན་པོའི་ཆོས་དོན་ཟབ་ཅིང་རྒྱ་ཆེ་བ་རྟོགས་པར་འགྱུར་ བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་བའི་དགེ་བའི་རྩ་བ་དང་། བསོད་ནམས་ཀྱི་ཚོགས་བསགས་པས་རིགས་བརྟས་པར་གྱུར་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི་རྩ་བའི་སྟོབས་ཀྱིས་སེམས་བསྐྱེད་པ་ཞེས་བྱའོ། །ཚེ་རབས་སྔ་མ་ལ་ཐེག་པ་ཆེན་པོའི་ཆོས་ཉན་པ་དང་། བསམ་པ་དང་། བསྒོམ་ པ་བྱ་སྟེ། ཡེ་ཤེས་ཀྱི་ཚོགས་བསགས་པས་ཚེ་འདིར་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི་ཐོས་པའི་སྟོབས་ཀྱིས་སེམས་བསྐྱེད་པ་ཞེས་བྱ་སྟེ། ཡང་ན་དེ་བཞིན་གཤེགས་པས་ལང་ཀར་གཤེགས་པ་ལ་སོགས་པའི་མདོ་སྡེ་དེ་དང་དེ་དག་བཤད་པ་ན་ལྷ་དང་མི་ལ་སོགས་པའི་འགྲོ་བ་མང་པོ་བྱང་ཆུབ་ཏུ་སེམས་ བསྐྱེད་པ་ནི་ཐོས་པའི་སྟོབས་ཀྱིས་སེམས་བསྐྱེད་པ་ཞེས་བྱའོ། །ཚེ་འདི་ལ་དགེ་བའི་བཤེས་གཉེན་མང་པོ་ལས་ཆོས་ཐོས་པ་ཡང་ལན་གྲངས་མང་དུ་མཉན་ཏེ། ཆོས་དང་དོན་ཤེས་ཀྱིས་མཐོང་ནས་སེམས་བསྐྱེད་པ་ནི་ཐོས་པ་གོམས་པའི་སྟོབས་ཀྱིས་སེམས་བསྐྱེད་པ་ཞེས་བྱའོ། །དེ་ལྟར་བརྡའི་ དམ་བཅས་པར་སེམས་བསྐྱེད་པ་རྣམ་པ་ལྔ་ལས་གྲོགས་ཀྱིས་སེམས་བསྐྱེད་པ་ནི་མི་བརྟན་པའི་མཚན་ཉིད་དུ་སྐྱེ་བར་གསུངས་པ་སྟེ། ཕྱི་ནས་དེ་ལ་ལྡོག་པ་ཡོད་པའི་ཕྱིར་རོ། །རྒྱུའི་སྟོབས་དང་ཐོས་པའི་སྟོབས་དང་ཐོས་པ་གོམས་པའི་སྟོབས་ཀྱིས་སེམས་བསྐྱེད་པ་ནི་བརྟན་པའི་མཚན་ཉིད་དུ་ གསུངས་པ་སྟེ། དེ་དག་ལ་སླར་ལྡོག་པ་མེད་པའི་ཕྱིར་རོ། །གཞན་གྱིས་བསྟན་པ་ལ་སེམས་བསྐྱེད་པ་ནི་གཞན་གྱིས་གོ་བར་བྱས་པ་ལས་བརྡས་ཡི་དམ་འཛིན་པ་ཞེས་བྱའོ་ཞེས་བྱ་བ་ལ། མཁན་པོའམ་སློབ་དཔོན་ནམ་དགེ་བའི་བཤེས་གཉེན་འབའ་ཞིག་གིས་ འདི་སྙམ་དུ་སེམས་ལ། ཚིག་ཏུ་འདི་སྐད་བརྗོད་ཅིག་ཅེས་བསྒོ་སྟེ། གོ་བར་བྱས་པས་འདི་བཞིན་དུ་བརྗོད་ན་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི་བརྡས་ཡི་དམ་འཛིན་པའི་སེམས་བསྐྱེད་པ་ཞེས་བྱའོ། །དེའི་རིགས་རྒྱས་པས་ཞེས་བྱ་བ་ལ། ཐེག་པ་ཆེན་པོ་རྟོགས་པའི་དགེ་བའི་རྩ་བ་དང་བསོད་ནམས་ བསགས་པས་བྱང་ཆུབ་ཀྱི་རིགས་བརྟས་པར་གྱུར་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི་རྩ་བའི་སྟོབས་ཀྱིས་སེམས་བསྐྱེད་པ་ཞེས་བྱའོ། །དོན་དམ་པའི་སེམས་བསྐྱེད་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། གང་གི་ཚེ་གང་ཟག་དང་ཆོས་ལ་བདག་མེད་པར་རྟོགས་ནས་ཆོས་ཀྱི་དབྱིངས་ཐམས་ཅད་དུ་འགྲོ་ བའི་མཚན་ཉིད་དུ་ཁོང་དུ་ཆུད་དེ་གཟུང་བ་དང་འཛིན་པ་གཉིས་སྤངས་ནས་གཟུང་བ་ལ་ཡང་མི་རྟོག །འཛིན་པ་ལ་ཡང་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེས་པས་ན། དོན་དམ་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཞེས་བྱ་སྟེ། དེ་ཡང་ས་དང་པོ་ཐོབ་པའི་ཚེ་ན་དོན་དམ་པའི་བྱང་ཆུབ་ཀྱི་སེམས་སྐྱེའོ། །དོན་དམ་ པའི་བྱང་ཆུབ་ཀྱི་སེམས་དེ་རྒྱུ་དང་ཡོན་ཏན་དང་རང་བཞིན་ལ་སོགས་པའི་ཚིགས་སུ་བཅད་པ་བདུན་པ་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་ལ་ཅིའི་ཕྱིར་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཞེས་བྱ་ཞེ་ན། ལུང་དམ་པ་ལ་མནོས་པ་དང་། རྒྱུ་དམ་པ་བསྒྲུབ་པ་དང་། རང་བཞིན་ དམ་པ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཞེས་བྱའོ་ཞེས་བསྟན་པར་འདོད་ནས། རྫོགས་པའི་སངས་རྒྱས་རབ་བསྙེན་བྱས། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་སྨོས་ཏེ། ཤེས་བྱ་ཐམས་ཅད་ཐུགས་སུ་ཆུད་པས་ན་རྫོགས་ཞེས་བྱ་བ་ལ་དེ་ཡང་ཕྱིན་ཅི་མ་ ལོག་པར་ཐུགས་སུ་ཆུད་ནས་སངས་རྒྱས་ཞེས་བྱའོ། །མོས་པས་སྤྱོད་པའི་སར་བསྐལ་པ་གྲངས་མེད་པ་གཅིག་ཏུ་དེ་བཞིན་གཤེགས་པ་རྣམས་ལ་གདུགས་དང་རྒྱལ་མཚན་དང་། མེ་ཏོག་དང་བདུག་པ་ལ་སོགས་པའི་མཆོད་པ་དང་དེ་བཞིན་གཤེགས་པ་དེ་དག་གི་ཐད་ནས་དམ་པའི་ཆོས་ཉན་ པ་རྣམས་བསམས་པ་རྣམས་བསྒོམས་པར་བྱས་པ་ནི། རྫོགས་པའི་སངས་རྒྱས་རབ་བསྙེན་བྱ། །ཞེས་སྨོས་ཏེ་འདིས་ནི་ལུང་དམ་པ་མནོས་པར་བསྟན་ཏོ། །བསོད་ནམས་ཡེ་ཤེས་ཚོགས་རབ་བསགས། །ཞེས་བྱ་བ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་ལས། སྦྱིན་པ་དང་ཚུལ་ཁྲིམས་དང་བཟོད་ པ་གསུམ་ནི་བསོད་ནམས་ཀྱི་ཚོགས་སོ། །བསམ་གཏན་དང་ཤེས་རབ་གཉིས་ནི་ཡེ་ཤེས་ཀྱི་ཚོགས་ལ་བརྩོན་འགྲུས་གཉིས་ཀའི་ཚོགས་ཏེ་དེ་གཉིས་ཀྱང་བསྒྲུབས་ཞེས་བྱ་བའི་དོན་ཏོ། །ཡང་ན་དེ་བཞིན་གཤེགས་པ་རྣམས་ལ་གདུགས་དང་རྒྱལ་མཚན་ལ་སོགས་པས་མཆོད་པ་ནི་བསོད་ ནམས་ཀྱི་ཚོགས་ལ་དམ་པའི་ཆོས་མཉན་པ་དང་བསམ་པ་ལ་སོགས་པ་བྱས་པ་ནི་ཡེ་ཤེས་ཀྱི་ཚོགས་ཏེ་དེ་གཉིས་ཀྱང་བསྒྲུབས་ཞེས་བྱ་བའི་དོན་ཏོ། །འདིས་ནི་རྒྱུ་དམ་པ་བསྒྲུབ་པ་བསྟན་ཏོ། །ཆོས་ལ་མི་རྟོག་ཡེ་ཤེས་བསྐྱེད། །དེ་ཕྱིར་དེ་ནི་དམ་པའོ། །ཞེས་བྱ་བ་ལ། དེ་ལྟར་རྫོགས་པའི་ སངས་རྒྱས་ལ་ཡང་རབ་བསྙེན་བྱས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པས་ཆོས་རྣམས་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཏེ། འདིས་ནི་རང་བཞིན་དམ་པ་ཁོང་དུ་ཆུད་པར་བསྟན་ཏོ། །དེ་ལ་ཆོས་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་བསྟན་པ་དང་གསུང་རབ་ཡན་ལག་བཅུ་གཉིས་ ལ་བྱ་སྟེ། དེ་དག་ལ་གཟུང་བའི་མཚན་ཉིད་ལ་ཡང་མི་རྟོག། འཛིན་པའི་མཚན་ཉིད་དུ་ཡང་མི་རྟོག་རྟག་པར་ཡང་མི་རྟོག་མི་རྟག་པར་ཡང་མི་རྟོག་པ་ནི། ཆོས་ལ་མི་རྟོག་པའི་ཡེ་ཤེས་སྐྱེས་པ་ཞེས་བྱ་སྟེ། དོན་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་པ་ལ་བྱའོ། །དེ་ལྟར་ལུང་དམ་པ་དང་རྒྱུད་དམ་པར་ བསྒྲུབས་པས་ན་རང་བཞིན་དམ་པ་རྟོགས་པའི་ཕྱིར་རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་ལ་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཞེས་བྱའོ། །དོན་དམ་པའི་བྱང་ཆུབ་ཀྱི་སེམས་དེ་ས་དང་པོའི་ཚེ་ཐོབ་ནས་དགའ་བའི་མཆོག་སྐྱེ་བར་འགྱུར་ཏེ། དེར་དགའ་བའི་མཆོག་སྐྱེས་པས་ས་དང་པོ་ཡང་མིང་དུ་ས་རབ་ཏུ་དགའ་ བ་ཞེས་བཏགས་སོ། །ཅིའི་ཕྱིར་དེའི་ཚེ་དགའ་བ་སྐྱེ་ཞེ་ན། དེའི་ཕྱིར། ཆོས་དང་སེམས་ཅན་རྣམས་དང་ནི། །དེ་ཡི་བྱ་བ་དམ་པ་དང་། །སངས་རྒྱས་དང་ཡང་སེམས་མཉམ་ཉིད། །དེ་ནི་དེ་ཡི་དགའ་བའི་མཆོག །ཅེས་བཤད་དེ། ས་དང་པོ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་པའི་ཚེ། ཆོས་ ཐམས་ཅད་ལ་སེམས་མཉམ་པ་རྙེད་པ་དང་། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་རྙེད་པ་དང་། དེའི་བྱ་བ་དམ་པ་ལ་སེམས་མཉམ་པ་རྙེད་པ་དང་། སངས་རྒྱས་དང་ཡང་སེམས་མཉམ་པ་རྙེད་དོ། །མཉམ་པ་བཞི་རྙེད་པས་བརྒྱ་བྱིན་དང་ཚངས་པ་ལ་སོགས་པ་ འཇིག་རྟེན་གྱི་འབྱོར་པ་རྙེད་དེ་དགའ་བ་དང་། འཕགས་པ་ཉན་ཐོས་པས་འཇིག་རྟེན་ལས་འདས་པའི་འབྱོར་པ་རྙེད་དེ་དགའ་བ་བས་བྱང་ཆུབ་སེམས་དཔའི་དགའ་བའི་མཆོག་རྙེད་པས་ན་ས་ཡང་རབ་ཏུ་དགའ་བ་ཞེས་བྱའོ། །དེ་ལ་ཕུང་པོ་ལྔ་ཇི་ལྟར་རང་བཞིན་གྱིས་སྟོང་པ་ཡིན་པ་དེ་བཞིན་དུ་ཁམས་དང་ སྐྱེ་མཆེད་རྣམས་ཀྱང་རང་བཞིན་གྱིས་སྟོང་པ་ཡིན་ཞེས་ཆོས་ལ་བདག་མེད་པ་ཁོང་དུ་ཆུད་པས་སེམས་མཉམ་པ་ཉིད་རྙེད་པ་ཞེས་བྱའོ། །ཇི་ལྟར་བདག་གང་ཡིན་པ་སེམས་ཅན་གཞན་ཡང་དེ་བཞིན་ནོ། །གཞན་གང་ཡིན་པ་བདག་ཀྱང་དེ་ཡིན་ཞེས་བདག་དང་གཞན་མཚུངས་པར་ཁོང་དུ་ཆུད་པས་སེམས་ཅན་ རྣམས་ལ་སེམས་མཉམ་པ་ཉིད་རྙེད་པ་ཞེས་བྱའོ། །དེའི་བྱ་བ་ཞེས་བྱ་བ་ནི་སེམས་ཅན་རྣམས་ཀྱི་དོན་བྱ་བ་སྟེ། སེམས་ཅན་གྱི་ཉོན་མོངས་པ་དང་། སྡུག་བསྔལ་སེལ་བར་བྱེད་པ་ནི་དེའི་བྱ་བ་དམ་པ་ཞེས་བྱའོ། །ཇི་ལྟར་བདག་གི་ཀུན་འབྱུང་གི་མཚན་ཉིད་ཉོན་མོངས་པ་དང་། སྡུག་བསྔལ་གྱི་མཚན་ ཉིད་སྐྱེ་རྒ་ན་འཆི་སྤང་བར་བྱ་བ་དེ་བཞིན་དུ་སེམས་ཅན་རྣམས་ཀྱི་ཀུན་འབྱུང་གི་མཚན་ཉིད་ཉོན་མོངས་པ་དང་། སྡུག་བསྔལ་གྱི་མཚན་ཉིད་སྐྱེ་རྒ་ན་འཆི་སྤང་བར་བྱའོ་སྙམ་དུ་སེམས་པས་དེའི་བྱ་བ་དམ་པ་ལ་སེམས་མཉམ་པ་ཉིད་རྙེད་པ་ཞེས་བྱ་སྟེ། དེའང་ས་བཅུའི་ས་དང་པོའི་ནང་ནས་སེམས་ ཅན་གྱི་དོན་རབ་ཏུ་ཐོབ་པར་བྱ་བ་རྗེས་སུ་དྲན་ཅིང་རབ་ཏུ་དགའ་བ་ཡིན་ཞེས་བྱ་བ་དང་། བདག་ནི་སེམས་ཅན་ཐམས་ཅད་ཀྱི་གནས་སུ་གྱུར་ཏོ་ཞེས་རབ་ཏུ་དགའ་བ་བསྐྱེད་དོ་ཞེས་གསུངས་པ་ལྟ་བུའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཀྱི་སྐུ་གང་ཡིན་པ་དང་། བདག་གིས་རྟོགས་པའི་ ཆོས་ཀྱི་དབྱིངས་ཀྱི་ཆོས་ཀྱི་སྐུ་གང་ཡིན་པ་གཉིས་སུ་ཐ་དད་པ་མེད་པར་ཁོང་དུ་ཆུད་པས་སངས་རྒྱས་དང་སེམས་མཉམ་པ་རྙེད་པ་ཞེས་བྱ་སྟེ། དེ་བས་ན་ས་བཅུའི་མདོ་ལས་ཀྱང་བདག་ནི་སངས་རྒྱས་ཀྱི་ས་དང་ཉེ་བར་གྱུར་ཏོ་ཞེས་རབ་ཏུ་དགའ་བ་བསྐྱེད་དོ་ཞེས་བྱ་བ་དང་། བདག་གིས་དེ་བཞིན་གཤེགས་ པ་ཐམས་ཅད་མཐོང་བར་འགྱུར་བ་དང་ཉེ་བར་གྱུར་ཏོ་ཞེས་རབ་ཏུ་དགའ་བ་བསྐྱེད་དོ། །བདག་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུལ་ལ་ཡང་དག་པར་འབྱུང་ངོ་ཞེས་རབ་ཏུ་དགའ་བ་བསྐྱེད་དོ་ཞེས་གསུངས་པ་ལྟ་བུའོ། །དོན་དམ་པའི་བྱང་ཆུབ་ཀྱི་སེམས་དེ་དོན་རྣམ་པ་དྲུག་དང་ལྡན་པར་བསྟན་ པའི་ཕྱིར། སྐྱེ་བ་རྒྱ་ཆེ་དེ་ལ་སྤྲོ། །བསམ་པ་ཡང་ནི་རྣམ་པར་དག །ལྷག་མ་དག་ལ་མཁས་པ་དང་། །འབྱུང་བ་ཉིད་དུ་ཤེས་པར་བྱ། །ཞེས་བཤད་དོ། །དོན་རྣམ་པ་དྲུག་ནི་སྐྱེ་བའི་དོན་དང་། རྒྱ་ཆེ་བའི་དོན་དང་། སྤྲོ་བའི་དོན་དང་། བསམ་པ་རྣམ་པར་དག་པའི་དོན་དང་ལྷག་མ་ལ་མཁས་པའི་དོན་ དང་། འབྱུང་བ་ཉིད་ཀྱི་དོན་ཏོ། །བྱང་ཆུབ་ཀྱི་སེམས་དེ་གནས་གང་ནས་སྐྱེ་བ་བསྟན་པ་ནི་སྐྱེ་བའི་དོན་ཏོ། །ཉན་ཐོས་དག་ནི་བདག་གི་དོན་དུ་སེམས་བསྐྱེད་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ནི་བདག་དང་གཞན་གཉི་གའི་དོན་དུ་སེམས་བསྐྱེད་པས་རྒྱ་ཆེ་བའི་དོན་དང་ལྡན་ནོ། །ཉན་ཐོས་དག་ནི་བདག་ གི་དོན་བྱ་བར་སྤྲོའོ། །བྱང་ཆུབ་སེམས་དཔའ་རྣམས་ནི་བདག་གཞན་གཉི་གའི་དོན་བྱ་བར་སྤྲོ་བས་སྤྲོ་བའི་དོན་དང་ལྡན་ནོ། །ཉན་ཐོས་རྣམས་ནི་ཉོན་མོངས་པའི་སྒྲིབ་པ་དག་ནས་རང་གི་བྱང་ཆུབ་ཀྱི་འབྲས་བུ་ཐོབ་པ་ཙམ་དུ་ཟད་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ གཉིས་དག་ནས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་ཤེས་པས་ན་བསམ་པ་རྣམ་པར་དག་པའི་དོན་དང་ལྡན་ནོ། །ཉན་ཐོས་དག་ནི་རྒྱུན་དུ་ཞུགས་པ་ཐོབ་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པའི་ས་ལ་མཁས་པ་ཙམ་དུ་ཟད་དེ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་ པོ་ཐོབ་པ་དང་། ས་གཉིས་པ་ཡན་ཆད་ས་བཅུ་པ་མན་ཆད་ཀྱི་སའི་རང་བཞིན་དང་ཡོན་ཏན་ལ་མཁས་པ་དང་། ས་གོང་མ་རྣམས་ཇི་ལྟར་ཐོབ་པར་བྱ་བའི་ཐབས་ལ་མཁས་པས་ན་ལྷག་མ་དག་ལ་མཁས་པའི་དོན་དང་ལྡན་ནོ། །ས་དང་པོ་མཐར་ཕྱིན་ཏེ་བོར་ནས་ས་གཉིས་པ་ལ་འཇུག་པ་ནི་འབྱུང་ བ་ཉིད་ཀྱི་དོན་དང་ལྡན་པ་ཞེས་བྱ་སྟེ། ས་དང་པོ་ཡང་ཇི་ལྟར་འདོར་བར་འགྱུར་ཞེ་ན་ས་དང་པོ་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་དང་དེ་བཞིན་གཤེགས་པ་བརྒྱའི་ཞལ་ལྟ་བ་ལ་སོགས་པ་ཡོན་ཏན་བརྒྱ་ཕྲག་བརྒྱ་བྱེད་པ་ཡང་ཡིད་ལ་བྱེད་ལ། དེ་དག་ཐམས་ཅད་ཀྱང་སེམས་ཙམ་དུ་ཟད་ དེ་རྣམ་པར་རྟོག་པ་ལས་སྐྱེས་སོ་ཞེས་རྟོག་ཅིང་སེམས་ཙམ་དུ་རྟོག་པ་དེ་ཡང་སྤངས་ཏེ་རྣམ་པར་མི་རྟོག་པ་ལ་གནས་པས་ས་དང་པོ་བོར་ནས་ས་གཉིས་པ་ལ་འཇུག་པར་འགྱུར་བར་ཤེས་པར་བྱའོ། །སྐྱེ་བའི་དོན་རྒྱ་ཆེར་བསྟན་པའི་ཕྱིར། ཆོས་ལ་མོས་པ་ས་བོན་དང་། །ཞེས་བྱ་བ་ ལ་སོགས་པ་ཚིག་གཅིག་ཙམ་དུ་སྨོས་སོ། །དེ་ལ་སྐྱེ་བའི་དོན་ཀྱང་རྣམ་པ་བཞིར་རིག་པར་བྱ་སྟེ། ས་བོན་གྱི་བྱེ་བྲག་དང་། མའི་བྱེ་བྲག་དང་། མངལ་གྱི་བྱེ་བྲག་དང་། མ་མའི་བྱེ་བྲག་གོ། །དེ་ལ་ཐེག་པ་ཆེན་པོའི་ཆོས་ཟབ་ཅིང་རྒྱ་ཆེ་བ་ལ་མོས་ཤིང་དད་པ་ལས་བྱང་ཆུབ་ཀྱི་སེམས་བསྐྱེད་པས་ ན་ཆོས་ལ་མོས་པ་ནི་ས་བོན་ནོ། །མ་མཆོག་ཕ་རོལ་ཕྱིན་མཆོག་སྐྱེས། །ཞེས་བྱ་བ་ལ། ཕ་རོལ་ཏུ་ཕྱིན་པའི་མཆོག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཆོས་ཐམས་ཅད་སྟོང་པར་རྟོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དོན་དམ་པའི་བྱང་ཆུབ་ཀྱི་སེམས་སྐྱེས་པས་མ་ནི་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པའོ། །དེ་བས་ན་འཕགས་པ་དྲི་མ་མེད་པར་གྲགས་པའི་མདོ་ལས་ཀྱང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། །ཐབས་ལ་མཁས་པ་ཕ་ཡིན་ཏེ། །མ་ནི་ཤེས་རབ་ཕ་རོལ་ཕྱིན། །ཞེས་གསུངས་སོ། །ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་ལས་ཀྱང་། །མཁའ་མཉམ་རྡུལ་ བྲལ་གཟུགས་མཆོག་འཆང་། །སྐུ་མེད་མཚན་བྲལ་ཤེས་རབ་སྲས། །རབ་ཟབ་ཡོན་ཏན་རྒྱ་མཚོའི་ཐུགས་རྗེ་ཅན། །དཔེ་མེད་བདག་གི་སྤྱི་བོར་ཕྱག་ཞོག་ཅིག །ཅེས་གསུངས་སོ། །བསམ་གཏན་བདེ་བའི་མངལ་དུ་སྟེ། །ཞེས་བྱ་བ་སྟེ། དཔེར་ན་མཁྲིས་པ་དང་བད་ཀན་ལ་སོགས་ པའི་ནད་མེད་པའི་མངལ་དེ་བདེ་བ་བཞིན་དུ་རྣམ་པར་རྟོག་པའི་གནོད་པ་ཐམས་ཅད་སྤངས་པའི་བསམ་གཏན་དེ་ཡང་བྱང་ཆུབ་སེམས་ཀྱི་མངལ་བདེ་བ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། སེམས་རྩེ་གཅིག་པའི་མཚན་ཉིད་ཀྱིས་བསམ་གཏན་ཡོད་པ་དང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའི་ཤེས་རབ་ སྐྱེས་པས་བསམ་གཏན་ནི་མངལ་ལྟ་བུར་བཤད་དོ། །སྙིང་རྗེ་སྐྱེད་པ་མ་མའོ། །ཞེས་བྱ་བ་ལ་དཔེར་ན་མ་མ་དམ་པས་བུ་གཡང་ས་དང་མི་བདེ་བའི་གནས་སུ་མི་ལྟུང་བར་སྲུང་བར་བྱེད་པ་བཞིན་དུ་སྙིང་རྗེ་ཆེན་པོས་ཀྱང་བྱང་ཆུབ་ཀྱི་སེམས་དེ་ཉན་ཐོས་ཀྱི་མྱ་ངན་ལས་འདས་པའི་གཡང་སར་ལྟུང་བར་ བྱེད་པ་སྲུང་བར་བྱེད་པས་ན་སྙིང་རྗེ་ཆེན་པོ་ནི་མ་མའོ། །རྒྱ་ཆེ་བའི་དོན་ཞིབ་ཏུ་བསྟན་པའི་ཕྱིར། རྒྱ་ཆེར་ཤེས་པར་བྱ་བ་ནི། །སྨོན་ལམ་ཆེན་པོ་བཅུ་བསྒྲུབ་ཕྱིར། །ཞེས་བྱ་བ་སྨོས་ཏེ། ས་དང་པོར་བདག་དང་གཞན་གྱི་དོན་དུ་སྨོན་ལམ་ཆེན་པོ་བཅུ་བསྒྲུབས་ཏེ་བཏབ་པས་ན་བྱང་ཆུབ་ཀྱི་སེམས་ དེ་རྒྱ་ཆེ་བར་རིག་པར་བྱའོ། །སྨོན་ལམ་བཅུ་ཡང་ས་བཅུའི་ས་དང་པོ་ལས་དེ་བྱང་ཆུབ་སེམས་དཔའ་ས་རབ་ཏུ་དགའ་བ་དེ་ལ་ཤིན་ཏུ་གནས་ཤིང་རྣམ་པ་འདི་ལྟ་བུའི་སྨོན་ལམ་ཆེན་པོ་དང་བརྩོན་འགྲུས་ཆེན་པོ་དང་། མངོན་པར་བསྒྲུབ་པ་ཆེན་པོ་འདི་དག་མངོན་པར་བསྒྲུབས་ཏེ། འདི་ལྟར་སངས་རྒྱས་ ཐམས་ཅད་མ་ལུས་པར་ལྷག་མ་མེད་པ་མཐའ་དག་ལ་མཆོད་ཅིང་རིམ་གྲོའི་ཕྱིར་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པ་མོས་པ་རྒྱ་ཆེན་པོས་རྣམ་པར་དག་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྤྲོ་བའི་དོན་རྒྱ་ཆེར་བསྟན་པའི་ཕྱིར། སྤྲོ་བར་རིག་པར་བྱ་བ་ནི། །དཀའ་བྱེད་རྒྱུན་རིངས་མི་སྐྱོ་བར། ། ཞེས་སྨོས་ཏེ། བསྐལ་པ་གྲངས་མེད་པ་གསུམ་གྱི་བར་དུ་སེམས་ཅན་གྱི་དོན་དུ་མགོ་དང་རྐང་ལག་ལ་སོགས་པ་གཏོང་བའི་དཀའ་བའི་སྤྱོད་པ་ལ་སྐྱོ་བ་ཅུང་ཟད་ཀྱང་མེད་པའི་ཕྱིར་དོན་དམ་པའི་བྱང་ཆུབ་ཀྱི་སེམས་དེ་སྤྲོ་བ་དང་ལྡན་པར་རིག་པར་བྱའོ། །བསམ་པ་རྣམ་པར་དག་པའི་དོན་རྒྱ་ཆེར་བསྟན་ པའི་ཕྱིར། བྱང་ཆུབ་བསྙེན་པར་རིག་པ་དང་། །དེ་ཡི་ཐབས་ཤེས་རྙེད་པས་ཀྱང་། །བསམ་པ་དག་པར་ཤེས་པར་བྱ། །ཞེས་བྱ་བ་སྨོས་ཏེ། ས་དང་པོ་ཐོབ་པ་ནས་སངས་རྒྱས་ཀྱི་ས་ཐོབ་ཏུ་ཉེ་བར་ཁོང་དུ་ཆུད་པས་ཀྱང་བསམ་པ་རྣམ་པར་དག་པར་ཁོང་དུ་ཆུད་པར་རིག་པར་བྱ་སྟེ། དེའི་ཕྱིར་ས་དང་པོ་ ལས་ནི་བདག་ནི་སངས་རྒྱས་ཀྱི་སར་ཉེ་བར་གྱུར་ཏོ་ཞེས་རབ་ཏུ་དགའ་བ་སྐྱེད་དོ་ཞེས་གསུངས་སོ། །གཞན་ཡང་ཐབས་གང་གིས་སངས་རྒྱས་ཀྱི་ས་དེ་ཐོབ་པར་བྱ་བའི་རྒྱུ་དང་ཐབས་ཀྱང་རྟོགས་ཏེ། དེའི་ཕྱིར་ཡང་བསམ་པ་རྣམ་པར་དག་པར་རིག་པར་བྱའོ། །དེ་བས་ན་ས་དང་པོ་ལས་དེ་བཞིན་གཤེགས་ པ་ཐམས་ཅད་ཀྱི་ཡེ་ཤེས་ལ་འཇུག་པའི་ཐབས་རྗེས་སུ་དྲན་ཞིང་རབ་ཏུ་དགའ་བ་ཡིན་ནོ་ཞེས་གསུངས་སོ། །ལྷག་མ་ལ་མཁས་པའི་དོན་བསྟན་པའི་ཕྱིར། ས་གཞན་ལ་ནི་མཁས་པའོ། །ཞེས་བྱ་བ་སྨོས་ཏེ། ས་དང་པོ་ལ་གནས་པའི་ཚེ་ས་གཉིས་པ་ཡན་ཆད་ས་བཅུ་པ་མན་ཆད་ཀྱི་རང་བཞིན་དང་ཡོན་ཏན་གང་ ཡིན་པ་ལ་ཡང་མཁས། ས་གཉིས་པ་ཡན་ཆད་ཇི་ལྟར་ཐོབ་པར་བྱ་བའི་ཐབས་ལ་མཁས་པས་ན་ལྷག་མ་ལ་མཁས་པ་ཞེས་བྱའོ། །འབྱུང་བའི་དོན་རྒྱ་ཆེར་བསྟན་པའི་ཕྱིར། འབྱུང་བར་ཤེས་པར་བྱ་བ་ནི། །མཉམ་པར་གཞག་བཞིན་ཡིད་བྱེད་པར། །བརྟགས་པ་ཙམ་དུ་ དེ་ཤེས་ཕྱིར། །དེ་ཡང་རྣམ་པར་མི་རྟོག་ཕྱིར། །ཞེས་སྨོས་ཏེ། ས་དང་པོ་ལས་བྱུང་ནས་ས་གཉིས་པར་འཇུག་པར་འབྱུང་བ་ཡང་དང་པོའི་རང་བཞིན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ཡིན་པ་དང་། དེའི་ཡོན་ཏན་སངས་རྒྱས་བརྒྱའི་ཞལ་ལྟ་བ་ལ་སོགས་པ་ཀུན་རྫོབ་ཏུ་ སའི་མཚན་ཉིད་ཇི་ལྟར་གཞག་པ་ཡང་ཡིད་ལ་བྱེད་ལ། སའི་མཚན་ཉིད་དེ་དག་ཀྱང་སེམས་ཙམ་དུ་ཟད་དེ། སེམས་ཀྱིས་བརྟགས་པ་ཙམ་དུ་ཟད་དོ་ཞེས་རྟོག་ཅིང་སེམས་ཙམ་དུ་རྟོགས་པ་དེ་ཡང་སྤངས་ཏེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་གནས་ནས་ས་དང་པོ་བོར་ནས་ས་གཉིས་པ་ལ་འཇུག་པར་ འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དཔེའི་མཚན་ཉིད་ཆེན་པོ་ལ་ཚིགས་སུ་བཅད་པ་དྲུག་གོ་ཞེས་བྱ་བ་ལ་གོང་དུ་བརྡའི་སེམས་བསྐྱེད་པ་དང་། དོན་དམ་པའི་སེམས་བསྐྱེད་པ་གཉིས་ཀྱི་རྒྱུ་དང་། རང་བཞིན་དང་ཡོན་ཏན་ལ་སོགས་པ་བཤད་ནས་ད་ཚིགས་བཅད་དྲུག་གིས་དཔེའི་ཡོན་ཏན་དང་སྦྱར་ཏེ་སེམས་ བསྐྱེད་པ་རྣམ་པ་གཉིས་ཀྱི་བདག་ཉིད་ཆེ་བ་དང་། ཡོན་ཏན་ཆེ་བ་སྟོན་ཏོ་ཞེས་བྱ་བའི་དོན་ཏོ། །ས་དང་མཚུངས་པར་བསྐྱེད་པ་སྟེ། །ཞེས་བྱ་བ་ལ། སོ་སོའི་སྐྱེ་བོའི་དུས་ནས་བརྩམས་ནས་ཏེ་མོས་པས་སྤྱོད་པའི་ས་ཆོས་མཆོག་མན་ཆད་ཀྱི་དུས་ན་བསྐྱེད་པ་ནི་ས་དང་མཚུངས་པར་ཤེས་པར་བྱ་སྟེ། དཔེར་ན་ས་ཆེན་པོ་ལ་བརྟེན་ནས་རྩྭ་དང་ཤིང་དང་སྨན་དང་འབྲུ་རྣམ་པ་སྣ་ཚོགས་སྐྱེ་བ་དེ་བཞིན་དུ་དང་པོར་སེམས་བསྐྱེད་པ་དེ་ལ་བརྟེན་ནས་ཀྱང་བསམ་པ་དང་སྦྱོར་བ་ལ་སོགས་པ་དང་ཕ་རོལ་ཏུ་ཕྱིན་པ་དང་། བྱང་ཆུབ་ཀྱི་ཕྱོགས་དང་། སངས་རྒྱས་ཀྱི་ཆོས་ཀྱི་སྟོབས་དང་། མི་འཇིགས་པ་དང་། མ་འདྲེས་ པ་ལ་སོགས་པ་འབྱུང་བས་ན་དང་པོ་སེམས་བསྐྱེད་པ་ནི་ས་དང་མཚུངས་པར་རིག་པར་བྱའོ། །གཞན་ཡང་གསེར་གྱི་མཆོག་དང་འདྲ། །ཞེས་བྱ་བ་ལ། གཞན་གྱི་སྒྲས་ནི་བསམ་པ་ལ་སྙེགས་ཏེ་བསམ་པ་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་ནི་གསེར་གྱི་མཆོག་དང་འདྲ་བར་རིག་པར་བྱ་སྟེ། ཅིའི་ཕྱིར་ཞེ་ ན། དཔེར་ན་གསེར་གྱི་མཆོག་བསྲེགས་པ་དང་། གཅོད་པ་དང་བདར་བ་ལ་སོགས་པ་རྣམ་པ་མང་པོས་བརྟགས་ན་ཡང་ཁ་དོག་དང་རང་བཞིན་ལ་འགྱུར་བ་མེད་པ་དེ་བཞིན་དུ། སེམས་ཅན་རྣམས་ལ་ཕན་པ་དང་བདེ་བར་བྱ་བར་སེམས་པའི་བསམ་པ་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་ལ་ཡང་ ནམ་ཇི་ལྟར་ཡང་འགྱུར་བ་མེད་པས་ན་བསམ་པ་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་ནི་གསེར་མཆོག་དང་འདྲའོ། །ཡར་གྱི་ཟླ་བ་ཚེས་པ་བཞིན། །ཞེས་བྱ་བ་ལ། སྦྱོར་བ་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་ནི་ཡར་གྱི་ཟླ་བ་ཚེས་པ་དང་འདྲ་སྟེ་དཔེར་ན་ཟླ་བ་ཚེས་གཅིག་ནས་ཉའི་བར་དུ་ཡང་ཞེང་་ཇེ་ ཆེ་ཇེ་ཆེར་སྐྱེ་བ་དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་ཞིང་སྤྱོད་པའི་སྦྱོར་བའི་ཤུགས་ཀྱིས་ཕུལ་ན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ཕ་རོལ་ཏུ་ཕྱིན་པ་འཕེལ་ཞིང་རྒྱས་པར་འགྱུར་བས་ན་སྦྱོར་བ་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་ནི་ཟླ་བ་ཚེས་པ་དང་འདྲའོ། །གཞན་ཡང་། མེ་དང་འདྲ་བར་ ཤེས་པར་བྱ། །ཞེས་བྱ་བ་ལ། གཞན་གྱི་སྒྲས་ནི་ལྷག་པའི་བསམ་པ་ལ་སྙེགས་ཏེ་ལྷག་པའི་བསམ་པ་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་ནི་མེ་དང་འདྲ་བར་ཤེས་པར་བྱ་སྟེ། ཅིའི་ཕྱིར་ཞེ་ན། དཔེར་ན་མེར་ཤིང་ཇི་ཙམ་ཇི་ཙམ་དུ་བསྣན་པ་མེ་ལྕེ་དང་འོད་ཀྱང་དེ་ཙམ་དེ་ཙམ་དུ་ཆེར་འགྱུར་ བ་དེ་བཞིན་དུ་ལྷག་པའི་བསམ་པ་ཞེས་བྱ་བ་ནི་མོས་པས་སྤྱོད་པའི་ས་དྲོད་ལ་གནས་ན་གོང་མའི་རྩེ་མོ་ཐོབ་པར་བྱའོ་སྙམ་དུ་སེམས་ནས་ས་བཅུ་ལ་གནས་ནས་སངས་རྒྱས་ཀྱི་ས་ཐོབ་པར་བྱའོ་སྙམ་དུ་སེམས་པ་ལ་བྱ་སྟེ། སེམས་དེས་ཡོན་ཏན་གོང་མ་ཁྱད་པར་ཅན་རྣམས་མངོན་སུམ་དུ་བྱེད་པས་ན་ ལྷག་པའི་བསམ་པ་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་ནི་མེ་དང་འདྲ་བར་ཤེས་པར་བྱའོ། །གཏེར་བཞིན་དུ་ཤེས་པར་བྱ་སྟེ་ཞེས་བྱ་བ་ལ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་སེམས་ནི་གཏེར་ཆེན་པོ་དང་འདྲ་བར་ཤེས་པར་བྱ་སྟེ། གཏེར་ཆེན་པོ་ནི་མདོ་ལས་དུང་དང་པདྨོ་དང་། པདྨོ་ ཆེན་པོ་ལ་སོགས་པ་རྣམ་པ་བཞི་ཡོད་དོ་ཞེས་གསུངས་སོ། །གཏེར་དེ་དག་ནས་ཡོ་བྱད་ཕྱུང་སྟེ་བཟའ་བ་དང་བགོ་བ་ལ་སོགས་པ་སེམས་ཅན་ལ་བྱིན་ན་སེམས་ཅན་རྣམས་ཚིམ་པར་བྱེད་ལ། ཡོ་བྱད་ཇི་སྙེད་ཅིག་ཕྱུང་ན་ཡང་གཏེར་དེ་ཟད་པར་མི་འགྱུར་བ་དེ་བཞིན་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་ ཆོས་དང་ཟང་ཟིང་ལ་སོགས་པའི་ལོངས་སྤྱོད་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་མཐའ་མེད་པ་རྣམས་ཚིམ་པར་བྱེད་ལ། བྱང་ཆུབ་སེམས་དཔའི་སྦྱིན་པ་དེ་ཕུང་པོ་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡང་ཟད་པར་མི་འགྱུར་བས་ན་སྦྱིན་ པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་སེམས་བསྐྱེད་པ་ནི་གཏེར་ཆེན་པོ་དང་འདྲའོ། །གཞན་ནི་རིན་ཆེན་འབྱུང་གནས་བཞིན། །ཞེས་བྱ་བ་ལ། གཞན་གྱི་སྒྲས་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྙེགས་ཏེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་ནི་རིན་པོ་ ཆེའི་འབྱུང་གནས་དང་འདྲ་སྟེ། དཔེར་ན་རིན་པོ་ཆེ་རྣམ་པ་སྣ་ཚོགས་འབྱུང་བའི་འབྱུང་ཁུངས་ནས་རིན་པོ་ཆེ་དཔག་ཏུ་མེད་པ་སྣ་ཚོགས་འབྱུང་བ་དེ་བཞིན་དུ། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་དང་ལྡན་པའི་སེམས་བསྐྱེད་པ་ལ་ཡང་ས་དང་ཕ་རོལ་ཏུ་ཕྱིན་པ་དང་བྱང་ཆུབ་ཀྱི་ཕྱོགས་དང་སྟོབས་དང་ མི་འཇིགས་པ་ལ་སོགས་པའི་ཆོས་རིན་པོ་ཆེ་དཔག་ཏུ་མེད་པ་འབྱུང་བས་ན་ཚུལ་ཁྲིམས་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་ནི་རིན་པོ་ཆེའི་འབྱུང་གནས་དང་འདྲའོ། །གཞན་དག་རྒྱ་མཚོ་འདྲ་བ་སྟེ། །ཞེས་བྱ་བ་ལ། གཞན་གྱི་སྒྲས་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་བྱ་སྟེ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་ནི་རྒྱ་མཚོ་དང་འདྲ་བར་ཤེས་པར་བྱ་སྟེ། དཔེར་ན་རྒྱ་མཚོ་གྲུ་དང་། ཉ་དང་། ཆུ་སྲིན་ལ་སོགས་པས་དཀྲུགས་ན་ཡང་རྙོག་མ་ཅན་དུ་མི་འགྱུར་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་བཟོད་པ་དང་ལྡན་པའི་སེམས་ལ་ཡང་གྲང་བ་ དང་ཚ་བ་དང་བཀྲེས་པ་དང་སྐོམ་པ་གཞན་གྱིས་གནོད་པར་བྱ་བ་ལ་སོགས་པས་དཀྲུགས་ཀྱང་ཞེ་སྡང་གི་རྙོག་མ་མི་ལྡང་བས་ན་བཟོད་པ་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་ནི་རྒྱ་མཚོ་དང་འདྲའོ། །རྡོ་རྗེ་དང་འདྲ་ཞེས་བྱ་བ་ལ་བརྩོན་འགྲུས་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་ནི་རྡོ་རྗེ་དང་འདྲ་སྟེ་ཇི་ལྟར་ཞེ་ན། དཔེར་ན་རྡོ་རྗེ་ལ་ ཅིས་ཀྱང་མི་ཚུགས་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་བརྩོན་འགྲུས་དང་ལྡན་པའི་སེམས་ལ་ཡང་ལེ་ལོའི་མཚོན་གྱིས་མི་ཚུགས་པས་ན་བརྩོན་འགྲུས་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་ནི་རྡོ་རྗེ་དང་འདྲ་བའོ། །རི་རབ་དང་འདྲ་ཞེས་བྱ་བ་ལ་བསམ་གཏན་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་ནི་རི་རབ་དང་འདྲ་བར་ ཤེས་པར་བྱ་སྟེ། ཇི་ལྟར་ཞེ་ན། རིའི་རྒྱལ་པོ་རི་རབ་ཕྱོགས་བཞིའི་རླུང་གང་གིས་ཀྱང་མི་བསྐྱོད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་རྩེ་གཅིག་པའི་ཏིང་ངེ་འཛིན་དང་ལྡན་པའི་སེམས་ལ་གཡེང་བའི་རྣམ་པར་རྟོག་པའི་རླུང་གིས་མི་བསྐྱོད་པས་ན་བསམ་གཏན་དང་ལྡན་པའི་ སེམས་བསྐྱེད་པ་ནི་རི་རབ་དང་འདྲ་བའོ། །རྩི་ཡི་རྒྱལ་པོ་འདྲ་བ་དང་། །ཞེས་བྱ་བ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་ནི་རྩིའི་རྒྱལ་པོ་དང་འདྲ་བར་ཤེས་པར་བྱ་སྟེ། ཇི་ལྟར་ཞེ་ན། དཔེར་ན་རྩིའི་རྒྱལ་པོ་མཐོང་བ་དང་། བསྣམས་པ་དང་མྱངས་པ་དང་ རེག་པས་ཀྱང་། བད་ཀན་དང་། མཁྲིས་པ་དང་། རླུང་ལས་གྱུར་པའི་ནད་ཐམས་ཅད་ཞི་བར་བྱེད་པ་དེ་བཞིན་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་མཉན་པ་དང་བསམ་པ་དང་། བསྒོམས་པའི་སྒོ་ནས་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པའི་ནད་ཐམས་ཅད་ཞི་བར་བྱེད་པས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་སེམས་ནི་སྨན་གྱི་རྒྱལ་པོ་དང་འདྲའོ། །མཛའ་ཆེན་བཞིན་དུ་གཞན་རིག་བྱ། །ཞེས་བྱ་བ་ལ། ཚད་མེད་པ་བཞི་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་ནི་མཛའ་བོ་ཆེན་པོ་དང་འདྲ་བར་རིག་པར་བྱ་སྟེ། ཇི་ལྟར་ཞེ་ན། དཔེར་ན་མཛའ་བོ་ཆེན་པོ་དུས་གསུམ་དུ་ ཡང་གྲོགས་བྱེད་དེ། བདེ་བའི་ཚེ་ཡང་གྲོགས་བྱེད་ལ། སྡུག་བསྔལ་གྱི་ཚེ་ཡང་གྲོགས་བྱེད་དེ། བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ཚེ་ན་ཡང་གྲོགས་བྱེད་པ་དེ་བཞིན་དུ་ཚད་མེད་པ་བཞི་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་ཀྱིས་ཀྱང་དུས་ཐམས་ཅད་དུ་སེམས་ཅན་ཡལ་བར་མི་ འདོར་ཏེ་བདེ་བའི་དུས་ན་ཡང་སེམས་ཅན་མི་འདོར། སྡུག་བསྔལ་གྱི་དུས་ན་ཡང་སེམས་ཅན་མི་འདོར། བདེ་བ་དང་སྡུག་བསྔལ་གཉི་གའི་དུས་ན་ཡང་སེམས་ཅན་མི་འདོར་རོ། །ཇི་ལྟར་ཞེ་ན། སྙིང་རྗེས་ནི་སྡུག་བསྔལ་གྱི་དུས་ན་སེམས་མི་འདོར་ཏེ། སེམས་ཅན་སྡུག་བསྔལ་ལས་འབྱིན་པར་ བྱེད་པའི་ཕྱིར་རོ། །བྱམས་པས་ནི་བདེ་བའི་དུས་ན་ཡང་སེམས་ཅན་མི་འདོར་ཏེ་སེམས་ཅན་བདེ་བ་ལ་འཇོག་པར་བྱེད་པའི་ཕྱིར་རོ། །དགའ་བས་ནི་གང་བདེ་བའི་དུས་ན་སེམས་ཅན་མི་འདོར་ཏེ། སེམས་ཅན་རྣམས་རྟག་ཏུ་བདེ་བ་དང་ལྡན་པར་དགའ་བའི་ཕྱིར་རོ། །བཏང་སྙོམས་ཀྱིས་ནི་བདེ་བ་ དང་སྡུག་བསྔལ་གཉི་གའི་དུས་ན་སེམས་ཅན་མི་འདོར་ཏེ། ཇི་ལྟར་ཞེ་ན། སེམས་ཅན་བདེ་བ་བྱུང་བ་རྣམས་འདོད་ཆགས་དང་ལྡན་པར་མ་གྱུར་ཅིག་ཅེས་སེམས་པ་དང་། སྡུག་བསྔལ་གྱི་དུས་ན་ཞེ་སྡང་དང་ལྡན་པར་མ་གྱུར་ཅིག་ཅེས་སེམས་པའི་ཕྱིར་རོ། །ཡིད་ བཞིན་ནོར་བུ་འདྲ་བ་དང་། །ཞེས་བྱ་བ་ལ། མངོན་པར་ཤེས་པ་ལྔ་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་ནི་ཡིད་བཞིན་གྱི་ནོར་བུ་དང་འདྲ་བར་ཤེས་པར་བྱ་སྟེ། དཔེར་ན་ཡིད་བཞིན་གྱི་ནོར་བུ་ལས་བཟའ་བ་དང་བགོ་བ་ལ་སོགས་པའི་ཡོ་བྱད་ཅི་དང་ཅི་བསམ་པ་རྣམས་འབྱུང་བ་དེ་བཞིན་དུ་འགྲུབ་པ་དང་ འདྲ་བར་རྫུ་འཕྲུལ་མངོན་པར་ཤེས་པ་དང་། རྫུ་འཕྲུལ་གྱི་མིག་དང་། རྫུ་འཕྲུལ་གྱི་རྣ་བ་དང་། གཞན་གྱི་སེམས་ཤེས་པ་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་དང་། འཆི་འཕོ་ཤེས་པས་ཀྱང་ལུས་རྣམ་པ་སྣ་ཚོགས་སུ་སྤྲུལ་པ་དང་། སེམས་ཅན་གྱི་གཟུགས་མཐོང་བར་བྱས་པ་དང་། སྒྲ་ཐོས་པར་བྱ་བ་དང་། སེམས་ཤེས་པར་བྱ་བ་དང་། སྔོན་གྱི་དུས་ཤེས་པར་བྱ་བ་དང་། ཕྱི་མའི་དུས་ཤེས་པར་བྱ་བ་ལ་སོགས་པ་ཅི་དང་ཅི་བསམ་པ་དེ་བཞིན་དུ་འགྲུབ་པས་མངོན་པར་ཤེས་པ་ལྔ་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་ནི་ཡིད་བཞིན་གྱི་ནོར་བུ་དང་འདྲའོ། །ཉི་མ་འདྲ་བར་གཞན་རིག་བྱ། ། ཞེས་བྱ་བ་ལ། གཞན་གྱི་སྒྲ་བསྡུ་བའི་དངོས་པོ་བཞི་དང་སྦྱར་ཏེ། བསྡུ་བའི་དངོས་པོ་བཞི་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་ནི་ཉི་མ་དང་འདྲ་བར་རིག་པར་བྱ་སྟེ། དཔེར་ན་ཉི་མས་ལོ་ཏོག་རྣམ་པ་སྣ་ཚོགས་སྨིན་པར་བྱེད་པ་དེ་བཞིན་དུ། སྦྱིན་པ་དང་། ངག་སྙན་པ་དང་། དོན་སྤྱོད་པ་དང་། དོན་ མཐུན་པས་ཀྱང་སེམས་ཅན་རྣམས་བསྡུས་ནས་སྨིན་པར་བྱེད་དེ། ཇི་ལྟར་ཞེ་ན། སེར་སྣ་ཅན་རྣམས་ནི་སྦྱིན་པས་བསྡུས་ནས་དགེ་བ་ལ་བཀོད། ཞེ་སྡང་ཅན་རྣམས་ནི་ངག་སྙན་པས་བསྡུས་ནས་དགེ་བ་ལ་བཀོད། གཏི་མུག་ཅན་རྣམས་ནི་དོན་སྤྱོད་པས་བསྡུས་ནས་དགེ་བ་ལ་བཀོད། ང་རྒྱལ་ ཅན་རྣམས་ནི་དོན་མཐུན་པས་བསྡུས་ནས་དགེ་བ་ལ་བཀོད་པས་ན་བསྡུ་བའི་དངོས་པོ་དང་འདྲ་བའི་བྱང་ཆུབ་ཀྱི་སེམས་ནི་ཉི་མ་དང་འདྲ་བའོ། །དྲི་ཟའི་དབྱངས་དང་འདྲ་བ་དང་། །ཞེས་བྱ་བ་ལ། དཔེར་ན་དྲི་ཟ་དབྱངས་སྙན་པ་སྙན་ཅིང་འཇམ་པ་སེམས་ཅན་རྣམས་ཀྱིས་ཐོས་ན་སེམས་དགའ་བ་དང་ བདེ་བ་སྐྱེ་བ་དེ་བཞིན་དུ་ཆོས་སོ་སོ་ཡང་དག་པར་རིག་པ་དང་། དོན་སོ་སོ་ཡང་དག་པར་རིག་པ་དང་། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་དང་། སྤོབས་པ་སོ་སོ་ཡང་དག་པར་རིག་པ་བཞིས་སེམས་ཅན་རྣམས་ལ་ཆོས་དང་དོན་གང་འདོད་པ་དེ་དག་སོ་སོའི་སྐད་ཀྱིས་ཆོས་བཤད་ནས་དགའ་ བ་དང་སིམ་པར་འགྱུར་བས་ན་སོ་སོ་ཡང་དག་པར་རིག་པ་བཞི་དང་ལྡན་པའི་སེམས་ནི་དྲི་ཟའི་དབྱངས་དང་འདྲའོ། །རྒྱལ་པོ་ལྟ་བུར་གཞན་ཞེས་བྱ་བ་ལ། གཞན་གྱི་སྒྲས་ནི་སོ་སོར་བརྟེན་པ་བཞི་ལ་བྱ་སྟེ། སོ་སོར་བརྟེན་པ་བཞི་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་ནི་རྒྱལ་པོ་ལྟ་བུར་ཤེས་ པར་བྱ་སྟེ། ཇི་ལྟར་ཞེ་ན། རྒྱལ་པོ་ནི་ཆུད་ཟ་བའི་རྒྱུ་ཡང་བྱེད། ཆུད་མི་ཟ་བའི་རྒྱུ་ཡང་བྱེད་དེ། གལ་ཏེ་བསྟེན་ལེགས་ན་ནི་སྲིད་དང་ལོངས་སྤྱོད་ལ་སོགས་པ་སྦྱིན་པར་བྱེད་པས་ཆུད་མི་ཟ་བའི་རྒྱུ་བྱེད་དོ། །བསྟེན་ཉེས་ན་ནི་སྲིད་དང་སྲོག་ལ་བབས་པས་ཆུད་ཟ་བའི་རྒྱུ་བྱེད་དོ། །དེ་བཞིན་ དུ་གང་ཟག་དང་། ཡི་གེ་དང་། དྲང་བའི་དོན་གྱི་མདོ་དང་། རྣམ་པར་ཤེས་པ་ལ་བརྟེན་ན་ནི་ཆུད་ཟ་བའི་རྒྱུར་འགྱུར། ཆོས་དང་དོན་དང་ངེས་པའི་དོན་གྱི་མདོ་དང་ཡེ་ཤེས་ལ་བརྟེན་ན་ནི་ཆུད་མི་ཟ་བའི་རྒྱུར་འགྱུར་བས་སོ། །བང་མཛོད་དང་འདྲ་ཞེས་བྱ་བ་ལ། བསོད་ནམས་དང་ཡེ་ཤེས་ཀྱི་ ཚོགས་དང་འདྲ་བའི་བྱང་ཆུབ་ཀྱི་སེམས་ནི་བང་མཛོད་དང་འདྲ་སྟེ། ཇི་ལྟར་ཞེ་ན། བང་མཛོད་ཀྱི་ནང་ན་འབྲུ་དང་ནོར་ལ་སོགས་པ་རྣམ་པ་མང་པོ་ཡོད་པ་དེ་བཞིན་དུ་བསོད་ནམས་ཀྱི་ཚོགས་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་ལ་ཡང་བསོད་ནམས་ཀྱི་ཚོགས་དཔག་ཏུ་མེད་པ་ཡོད་པ་དང་། ཡེ་ཤེས་ ཀྱི་ཚོགས་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་ལ་ཡང་ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པ་ཡོད་པའི་ཕྱིར་བང་མཛོད་དང་འདྲ་བའོ། །ལམ་པོ་ཆེ་ཞེས་བྱ་བ་ལ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་ནི་ལམ་ཆེན་པོ་དང་འདྲ་སྟེ། ཇི་ལྟར་ཞེ་ན། ལམ་པོ་ ཆེར་དུས་གསུམ་གྱི་སེམས་ཅན་རྣམས་ཀྱང་འགྲོ་ལ་རྒྱལ་པོ་དང་བློན་པོ་དང་འབངས་ལ་སོགས་པ་ཡང་འགྲོའོ། །དེ་བཞིན་དུ་འདས་པའི་དེ་བཞིན་གཤེགས་པ་དང་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱང་ལམ་འདི་ནས་མྱ་ངན་ལས་འདས་པར་གཤེགས། ད་ལྟར་གྱི་དེ་བཞིན་གཤེགས་པ་དང་ ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱང་ལམ་འདི་ནས་མྱ་ངན་ལས་འདས་པར་གཤེགས། མ་འོངས་པའི་དེ་བཞིན་གཤེགས་པ་དང་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱང་ལམ་འདི་ནས་མྱ་ངན་ལས་འདས་པའི་གནས་སུ་གཤེགས་པར་འགྱུར་བས་ན་ལམ་པོ་ཆེ་ དང་འདྲ་བའོ། །དེ་དང་འདྲ་བར་དེ་བཞིན་གཞན། །ཞེས་བྱ་བ་ལ། གོང་དུ་སྐྱེས་པ་དག་དཔེ་དང་སྦྱར་ཏེ་བཤད་པ་དེ་དང་འདྲ་བར་དེ་བཞིན་དུ་འོག་ནས་འབྱུང་བའི་སེམས་བསྐྱེད་པ་རྣམས་ཀྱང་དཔེ་དང་སྦྱར་ཏེ་བཤད་དོ་ཞེས་བྱ་བའི་དོན་ཏོ། །ཐེག་པ་འདྲ་བར་རྣམ་རིག་བྱ། །ཞེས་བྱ་བ་ལ། ཞི་གནས་དང་ ལྷག་མཐོང་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་ནི་ཐེག་པ་དང་འདྲ་བར་རིག་པར་བྱ་སྟེ། དཔེར་ན་རྟ་དང་གླང་པོ་དང་ཤིང་རྟ་ལ་སོགས་པའི་ཐེག་པས་ཁུར་ཁལ་རྣམས་ཁྱེར་ནས་གང་ལ་འགྲོ་བར་བྱ་བའི་གནས་སུ་ཕྱིན་པར་འགྲོ་བ་དེ་བཞིན་དུ་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བ་དང་ལྡན་པའི་སེམས་ ཀྱིས་ཀྱང་བདག་དང་གཞན་གྱི་དོན་གྱི་ཁུར་བདེ་བར་ཁྱེར་ནས་མྱ་ངན་ལས་འདས་པའི་གནས་སུ་འགྲོ་བར་བྱེད་པའི་ཕྱིར་ཐེག་པ་དང་འདྲའོ། །བཀོད་མ་འདྲ་བར་སེམས་སྐྱེས་ནས། །ཞེས་བྱ་བ་ལ། བཀོད་མ་ནི་ཆུ་མིག་གི་ཁྱད་པར་ལ་བྱ་སྟེ། གཟུངས་དང་སྤོབས་པ་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་ ནི་ཆུ་མིག་ཁྱད་པར་ཅན་དང་འདྲ་སྟེ། ཇི་ལྟར་ཞེ་ན། དཔེར་ན་ཆུ་མིག་ཁྱད་པར་ཅན་གྱིས་སྔོན་བྱུང་བའི་ཆུ་དག་ཀྱང་ལྟེང་ཀ་ནས་འཛིན་ཅིང་། སྔོན་མ་བྱུང་བའི་ཆུ་ཡང་རྒྱུན་མི་འཆད་པར་འབྱུང་བར་བྱེད་པ་དེ་བཞིན་དུ་གཟུངས་ཀྱིས་ནི་སྔོན་ཐོས་པའི་ཆོས་དང་དོན་མི་བརྗེད་པར་བྱེད་ལ། སྤོབས་པས་ནི་ སྔོན་མ་ཐོས་པའི་ཆོས་དང་དོན་རྟོགས་པར་བྱེད་ཅིང་བསྐལ་པར་བཤད་ན་ཡང་སྤོབས་པ་ཟད་པར་མི་འགྱུར་བས་བཀོད་མ་དང་འདྲའོ། །དགའ་བའི་སྒྲ་དང་མཚུངས་པ་དང་། །ཞེས་བྱ་བ་ལ། ཆོས་ཀྱི་མདོ་བཞི་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་ནི་དགའ་བའི་སྒྲ་དང་འདྲ་སྟེ། ཇི་ལྟར་ཞེ་ན། སེམས་ ཅན་ལ་ལ་ཞིག་ཉེ་དུ་དང་ནོར་རྫས་ལ་སོགས་པ་དང་བྲལ་བ་མི་དགའ་ཞིང་གནས་པ་ལས། འགའ་ཞིག་གིས་ཉེ་དུ་དང་ནོར་རྫས་ལ་སོགས་པ་དང་ཕྲད་པར་འགྱུར་རོ་ཞེས་གཏམ་སྙན་པ་སྨྲས་ནས་སེམས་དགའ་བ་སྐྱེ་བ་དེ་བཞིན་དུ་མྱ་ངན་ལས་འདས་པ་དང་ཐར་པ་ཐོབ་པར་འདོད་པ་རྣམས་ཀྱིས་འདུས་ བྱས་ཐམས་ཅད་མི་རྟག་པ་དང་། ཟག་པ་དང་བཅས་པ་ཐམས་ཅད་སྡུག་བསྔལ་བ་དང་། ཆོས་ཐམས་ཅད་བདག་མེད་པ་དང་། ཞི་བ་དང་མྱ་ངན་ལས་འདས་པའོ་ཞེས་བྱ་བའི་སྒྲ་ཐོས་ནས་བདུད་རྩིས་ཚིམ་པར་བྱས་པ་དེ་བཞིན་དུ་སེམས་དགའ་བ་སྐྱེ་བས་ན་ཆོས་ཀྱི་མདོ་བཞི་ནི་དགའ་བའི་སྒྲ་དང་ མཚུངས་སོ། །ཀླུང་ཆེན་རྒྱུན་དང་འདྲ་བའོ། །ཞེས་བྱ་བ་ལ། བགྲོད་པ་གཅིག་པའི་ལམ་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་ནི་ཆུ་བོའི་རྒྱུན་དང་འདྲ་སྟེ། ཇི་ལྟར་ཞེ་ན། དཔེར་ན་ཆུ་བོ་ཡང་འབད་རྩོལ་མེད་པར་རང་བཞིན་གྱིས་ལྷུན་གྱིས་གྲུབ་པ་བཞིན་དུ་ས་བརྒྱད་པའི་དུས་ན་མི་སྐྱེ་བའི་ཆོས་ལ་བཟོད་ པ་ཐོབ་སྟེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ལྷུན་གྱིས་གྲུབ་པས་བདག་ཉིད་ཀྱིས་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱ་བ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་འབད་རྩོལ་མེད་པར་རང་བཞིན་གྱིས་ལྷུན་གྱིས་གྲུབ་པར་བྱེད་པས་ན་ཆུ་བོའི་ཀླུང་དང་འདྲའོ། །རྒྱལ་སྲས་རྣམས་ཀྱིས་ སེམས་བསྐྱེད་པ། །སྤྲིན་དང་འདྲ་བར་རབ་བསྟན་ཏེ། །ཞེས་བྱ་བ་ལ། ཐབས་དང་ལྡན་པའི་སྲས་རྣམས་ཀྱི་བྱང་ཆུབ་ཀྱི་སེམས་ནི་སྤྲིན་དང་འདྲ་བར་བསྟན་ཏེ། དཔེར་ན་སྤྲིན་ཆེན་པོ་ལས་ས་གཞི་དང་ལོ་ཏོག་ལ་སོགས་པའི་འཇིག་རྟེན་གྱི་འབྱོར་པ་སྣ་ཚོགས་འབྱུང་བ་དེ་བཞིན་དུ་ཐབས་དང་ཤེས་ རབ་ཟུང་དུ་འབྲེལ་བའི་ཐབས་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་ལས་ཀྱང་དགའ་ལྡན་གྱི་ཕོ་བྲང་ནས་འཆི་འཕོ་བ་བསྟན་པ་དང་ལྷུམས་སུ་གཤེགས་པ་ནས་མྱ་ངན་ལས་འདས་པ་བསྟན་པའི་བར་དག་འབྱུང་བ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་དང་མཐོ་རིས་དང་། མྱ་ངན་ལས་འདས་ པར་འགྱུར་བའི་ཆོས་རྣམ་པ་སྣ་ཚོགས་འབྱུང་བས་སྤྲིན་དང་འདྲའོ། །དེའི་ཕྱིར་དེ་ལྟར་ཡོན་ཏན་ཕྱུག །ཅེས་བཤད་པ་ལ། གོང་དུ་བཤད་པ་ལྟར་དཔེ་རྣམ་པ་ཉི་ཤུ་རྩ་གཉིས་ཀྱི་ཚུལ་གྱིས་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཀྱི་སེམས་དེ་ཡོན་ཏན་གྱིས་ཕྱུག་པ་ཡིན་ཏེ་དེ་བས་ན་དད་པ་ དང་དགའ་བའི་སེམས་ཀྱིས་བྱང་ཆུབ་ཀྱི་སེམས་དེ་བསྐྱེད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་ཀྱི་ཆོས་རྣམས་ཀྱི་ཚོགས་ཞེས་བྱ་བ་ལ། སངས་རྒྱས་ཀྱི་ཆོས་ནི་སྟོབས་དང་མི་འཇིགས་པ་དང་མ་འདྲེས་པ་ལ་སོགས་པའི་སངས་རྒྱས་ཀྱི་སར་གཏོགས་པའི་ཡོན་ཏན་ལ་བྱའོ། །ཚོགས་ཀྱི་སྒྲས་ ནི་ས་བཅུ་དང་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་སོགས་པ་ལ་བྱའོ། །རང་གི་རྒྱུན་གྱིས་འབབ་པའི་ཕྱིར། །ཞེས་བྱ་བ་ལ། དཔེར་ན་ཆུ་ཀླུང་འབད་རྩོལ་མེད་པར་རང་གི་ངང་གིས་འབབ་པ་དེ་བཞིན་དུ་བགྲོད་པ་གཅིག་པའི་དུས་ན་ཡང་རྣམ་པར་མི་རྟོག་པ་ལྷུན་གྱིས་གྲུབ་པས་བདག་དང་གཞན་ གྱི་དོན་ལ་འབད་རྩོལ་མེད་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །བགྲོད་པ་གཅིག་པའི་ལམ་གང་གི་ཚེ་ན་རྟོགས་ཤེ་ན། དེའི་ཕྱིར་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ན་བགྲོད་པ་གཅིག་སྟེ་ཞེས་སྨོས་ཏེ། ས་བརྒྱད་པ་ཐོབ་པའི་ཚེ་ཆོས་ཐམས་ཅད་མ་སྐྱེས་པའོ་ཞེས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་སྟེ། དེའི་ཚེ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལྷུན་གྱིས་གྲུབ་པ་རྙེད་པས་བགྲོད་པ་གཅིག་པ་ཞེས་བྱའོ། །བགྲོད་པ་གཅིག་པའི་དོན་བསྟན་པའི་ཕྱིར་ས་དེར་སོང་བའི་བྱང་ཆུབ་སེམས་དཔའ་རྣམས་བྱ་བ་བྱེད་པ་ཐ་མི་དད་པའི་ཕྱིར་རོ་ཞེས་སྨོས་ཏེ། ས་བརྒྱད་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་རྣམ་པར་ མི་རྟོག་པ་ལྷུན་གྱིས་གྲུབ་པས་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱ་བ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་ལྷུན་གྱིས་གྲུབ་པ་ཉིད་དུ་བྱེད་པར་འདྲ་སྟེ། ཐ་དད་པ་མེད་པས་ན་བགྲོད་པ་གཅིག་པའོ་ཞེས་བྱའོ། །སེམས་མ་བསྐྱེད་པ་ལ་སྨད་པར་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། གོང་ དུ་བྱང་ཆུབ་ཀྱི་རྒྱུ་དང་རང་བཞིན་ལ་སོགས་པ་ཡང་བཤད། དཔེའི་སྒོ་ནས་ཡོན་ཏན་ཆེ་བར་ཡང་བརྗོད་ནས་བྱང་ཆུབ་ཀྱི་སེམས་དམ་པ་དེ་མ་བསྐྱེད་ན་སྐྱོན་ཡོད་པ་དང་བདེན་པ་བཞི་མ་ཐོབ་པར་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །ཕ་རོལ་དོན་སེམས་དེ་ཐབས་རྙེད། །དགོངས་ ཆེན་དོན་མཆོག་དེ་ཉིད་ཐོབ། །ཆེར་འོས་སེམས་བསྐྱེད་སྤངས་པ་ཡིས། །སྐྱེ་བོས་བདེ་སྤངས་ཞི་བར་འགྲོ། །ཞེས་བྱ་བ་ལ། ཐེག་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་དེ་བྱང་ཆུབ་སེམས་དཔའ་དང་དེ་བཞིན་གཤེགས་པས་བསྐྱེད་པར་འོས་པས་ཆེར་འོས་སེམས་བསྐྱེད་པ་ཞེས་བྱ་སྟེ། ཉན་ཐོས་ དང་རང་སངས་རྒྱས་གང་གིས་བྱང་ཆུབ་ཀྱི་སེམས་དེ་སྤངས་ནས་ཡང་སྐྱེས་ན་དེ་དག་གིས་བདེ་བ་བཞི་སྤངས་ཤིང་། བདེ་བ་བཞི་དང་བྲལ་ནས། ཞི་བ་མྱ་ངན་ལས་འདས་པ་འབའ་ཞིག་ཏུ་འགྲོ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཕ་རོལ་གྱི་དོན་ནི་ཕ་རོལ་ལ་ཕན་པར་བྱ་བ་སྟེ། དེའང་སྤངས་པ་ཕུན་སུམ་ ཚོགས་པ་དང་། ཡེ་ཤེས་ཕུན་སུམ་ཚོགས་པ་ལ་བཞག་པའོ། །དེ་ལ་སྤངས་པ་ལ་ཡང་རྣམ་པ་གཉིས་ཏེ། ཉོན་མོངས་པའི་སྒྲིབ་པ་སྤངས་པ་དང་། ཤེས་བྱའི་སྒྲིབ་པ་སྤངས་པའོ། །ཡེ་ཤེས་ཀྱང་རྣམ་པ་གཉིས་ཏེ། གང་ཟག་ལ་བདག་མེད་པར་ཁོང་དུ་ཆུད་པའི་ཡེ་ཤེས་དང་། ཆོས་ ལ་བདག་མེད་པར་ཁོང་དུ་ཆུད་པའི་ཡེ་ཤེས་སོ། །བྱང་ཆུབ་སེམས་དཔའ་དག་ཕ་རོལ་གྱི་དོན་ལ་སེམས་པ་ལས་བདེ་བ་མཆོག་སྐྱེ་སྟེ། བྱང་ཆུབ་ཀྱི་སེམས་དང་བྲལ་བ་དེ་ནི་བདེ་བ་དེ་ཡང་མི་འཐོབ་བོ་ཞེས་བྱ་བའི་དོན་ཏོ། །དེ་ཐབས་རྙེད་ཅེས་བྱ་བ་ལ། དེའི་སྒྲས་ནི་ཕ་རོལ་གྱི་དོན་དང་སྦྱར་ཏེ། ཕ་རོལ་གྱི་དོན་བསྒྲུབ་པར་བྱ་བའི་ཐབས་རྙེད་པ་ལས་བྱང་ཆུབ་སེམས་དཔའ་བདེ་བ་མཆོག་སྐྱེ་སྟེ་ཕ་རོལ་གྱི་དོན་གྱི་ཐབས་དང་ཤེས་རབ་བོ། །གང་གི་བྱང་ཆུབ་ཀྱི་སེམས་དེ་སྤངས་པ་དེས་བདེ་བ་ཡང་མི་འཐོབ་བོ་ཞེས་བྱ་བའི་དོན་ཏོ། །དགོངས་ཆེན་དོན་མཆོག་ཅེས་བྱ་བ་ནི་ཐེག་པ་ཆེན་པོའི་ཆོས་ཟབ་ མོ་མ་སྐྱེས་པ་དང་མ་བྱུང་བ་དང་། ཕ་བསད་པ་དང་མ་བསད་པ་དང་ཞེས་བྱ་བ་ལ་སོགས་པ་དགོངས་པ་ཟབ་མོ་ཅི་ལས་དགོངས་ནས་བཤད་པའི་དོན་རྟོགས་པ་ལས་བྱང་ཆུབ་སེམས་དཔའ་རྣམས་བདེ་བ་མཆོག་སྐྱེ་སྟེ། བྱང་ཆུབ་ཀྱི་སེམས་མ་བསྐྱེད་པ་དེ་ནི་བདེ་བ་དེ་ཡང་མི་འཐོབ་བོ་ཞེས་བྱ་བའི་ དོན་ཏོ། །དེ་ཉིད་མཐོང་ཞེས་བྱ་བ་ལ། དེ་ཉིད་ནི་ཆོས་ལ་བདག་མེད་པ་ལ་བྱ་སྟེ། ཆོས་ལ་བདག་མེད་པ་མཐོང་བ་ལས་བྱང་ཆུབ་སེམས་དཔའ་རྣམས་བདེ་བ་སྐྱེ་སྟེ། བྱང་ཆུབ་ཀྱི་སེམས་སྤངས་པས་ནི་བདེ་བ་དེ་ཡང་མི་འཐོབ་བོ་ཞེས་བྱ་བའི་དོན་ཏོ། །སེམས་བསྐྱེད་པ་དང་བསྔགས་པས་ངན་འགྲོ་ དང་ཡོངས་སུ་སྐྱོ་བས་མི་འཇིགས་པའི་ཕྱིར་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། དོན་དམ་པའི་བྱང་ཆུབ་ཀྱི་སེམས་དེ་ཡང་ཡོན་ཏན་དང་ལེགས་པ་བརྗོད་པ་དང་། ཡོན་ཏན་ལེགས་པ་ཡོད་པས་དོན་དམ་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་ནས་ངན་སོང་གསུམ་དུ་སྐྱེ་བའི་འཇིགས་པ་ཡང་མེད། སེམས་ ཅན་གྱི་དོན་གྱི་ཕྱིར་དཀའ་བ་རྣམ་པ་སྣ་ཚོགས་སྤྱོད་པས། སྐྱོ་བའི་འཇིགས་པ་མེད་པར་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ། །བློ་ལྡན་སེམས་མཆོག་སྐྱེས་མ་ཐག་ཏུ་ཡང་། །མཐའ་ཡས་ཉེས་པ་བྱེད་ལས་སེམས་རབ་བསྡམས། །བདེ་དང་སྡུག་བསྔལ་ལ་ཡང་རྟག་ཏུ་དགའ། ། དགེ་ལྡན་སྙིང་རྗེ་གཉིས་ནི་རྟག་པར་འཕེལ། །ཞེས་བྱ་བ་ལ། བློ་ལྡན་ནི་བྱང་ཆུབ་སེམས་དཔའ་ལ་བྱ་སྟེ། བདག་མེད་པ་གཉིས་ཁོང་དུ་ཆུད་པའི་ཡེ་ཤེས་ཡོད་པས་སོ། །སེམས་མཆོག་ནི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ལ་བྱ་སྟེ། ས་དང་པོར་དོན་དམ་ པའི་བྱང་ཆུབ་ཀྱི་སེམས་དེ་སྐྱེས་ནས། ཆོས་ཀྱི་དབྱིངས་ཐམས་ཅད་དུ་འགྲོ་བའི་མཚན་ཉིད་དུ་མཐོང་མ་ཐག་ཏུ་ནམ་མཁའི་མཐས་གཏུགས་པའི་སེམས་ཅན་མཐའ་ཡས་པ་རྣམས་ལ་ལུས་དང་ངག་དང་ཡིད་གསུམ་གྱི་སྒོ་ནས་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་ལ་སོགས་པ་ཉེས་ པར་བྱེད་པ་ལས་སེམས་བསྡམས་ཏེ། དེ་ཕན་ཆད་མི་བྱེད་པའི་སྡོམ་པ་ཐོབ་པའོ། །ཇི་ལྟར་སྡིག་པ་མི་བྱེད་པའི་སྡོམ་པ་ཐོབ་པས་ན་བྱང་ཆུབ་སེམས་དཔའ་དེ་ངན་སོང་གསུམ་དུ་སྐྱེ་བའི་འཇིགས་པ་མེད་དོ། །བྱང་ཆུབ་སེམས་དཔའ་རྣམས་ལྷ་དང་མི་ལ་སོགས་པའི་ལོངས་སྤྱོད་ཀྱི་བདེ་བ་ མྱོང་བའི་ཚེ་ན་ཡང་ཡིད་བདེ་བ་ལ། ངན་སོང་ལ་སོགས་པ་དང་། སེམས་ཅན་གྱི་དོན་དུ་མགོ་དང་རྐང་ལག་ལ་སོགས་གཏོང་བ་སྡུག་བསྔལ་མྱོང་བའི་དུས་ན་ཡང་ཡིད་བདེ་སྟེ། ཅིའི་ཕྱིར་ཞེ་ན། རྟག་ཏུ་དགེ་བའི་ཆོས་འཕེལ་བར་བྱས་པ་དང་། རྟག་ཏུ་སྙིང་རྗེ་ཉིད་འཕེལ་བར་བྱ་བའི་ ཕྱིར། བདེ་བ་དང་སྡུག་བསྔལ་གཉི་གའི་དུས་ན་བདེ་བའོ། །དེ་ལ་དགེ་བ་འཕེལ་བར་བྱས་པས་ལྷ་དང་མི་ལ་སོགས་པའི་བདེ་བ་མྱོང་བའི་དུས་ན་ཡང་ལོངས་སྤྱོད་ལ་གནས་པའི་ཕྱིར་བདེ་བའོ། །སྙིང་རྗེ་འཕེལ་བར་བྱ་བའི་ཕྱིར་སེམས་ཅན་གྱི་དོན་དུ་ངན་སོང་གསུམ་དུ་གྲང་བ་དང་ཚ་བ་ལ་ སོགས་པ་མང་པོ་མྱོང་ཡང་སྐྱོ་བ་མེད་པས་ན་སྡུག་བསྔལ་གྱི་དུས་ན་ཡང་བདེའོ། །མི་བྱ་བར་བསྡམས་པར་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། མི་བྱ་བ་ནི་མི་དགེ་བཅུ་མི་བྱ་བ་སྟེ། གང་དུ་དོན་དམ་པ་བྱང་ཆུབ་ཀྱི་སེམས་སྐྱེས་མ་ཐག་ཏུ་མཐའ་ཡས་པའི་ཉེས་པ་བྱེད་པ་ལས་སེམས་བསྡམས་ སོ་ཞེས་མདོ་ཙམ་དུ་བསྟན་པ་དེ་ཇི་ལྟར་བསྡམས་པ་ཚིགས་སུ་བཅད་པ་གཅིག་གིས་ཞིབ་ཏུ་བཤད་དོ་ཞེས་བྱ་བའི་དོན་ཏོ། །ནམ་ཞིག་ལུས་དང་སྲོག་ལ་མི་ལྟ་ཞིང་། །ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་རྣམས་ནི་བདག་པས་ཆེས་སེམས་ཅན་ཕ་རོལ་པོ་གཅེས་ཤིང་ཕོངས་པར་འཛིན་ཏེ། སེམས་ཅན་གྱི་དོན་ཞིབ་ཏུ་གྱུར་ནས་ལུས་ལ་ཡང་མི་ལྟ་སྟེ་ལུས་གཏོང་བ་དང་སྲོག་ལ་ཡང་མི་ལྟ་སྟེ་སྲོག་ཀྱང་འདོར་རོ་ཞེས་བྱ་བའི་དོན་ཏོ། །གཞན་གྱི་དོན་ཕྱིར་རབ་ཏུ་ངལ་མེད་ན། །ཞེས་བྱ་བ་ལ། གཞན་ཡང་སེམས་ཅན་མི་དགེ་བ་ལས་བཟློག་ཅིང་དགེ་བ་ལ་གནས་པ་དང་། བླ་ན་ མེད་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར། བསྐལ་པ་གྲངས་མེད་པར་མགོ་དང་རྐང་ལག་ལ་སོགས་པ་གཏོང་བའི་དུས་སུ་སྡུག་བསྔལ་གྱིས་ཀྱང་སྐྱོ་བ་མེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བུ་དག་གཞན་གྱིས་གནོད་བྱས་པས། །ཉེས་པ་བྱས་པའི་ལས་ལ་ག་ལ་འཇུག །ཅེས་བྱ་བ་ ལ། དེ་ལྟར་གཞན་གྱི་དོན་དུ་ལུས་དང་སྲོག་ལ་ཡང་མི་ལྟ་ཞིང་སྡུག་བསྔལ་རྣམ་པ་སྣ་ཚོགས་ཉམས་སུ་ལེན་པ་དེ་སེམས་ཅན་གཞན་གྱིས་བྱང་ཆུབ་སེམས་དཔའ་དེ་ལ་སྲོག་གཅོད་པ་ལ་སོགས་པའི་ཉེས་པ་བྱས་པས་དེའི་ལན་དུ་སྲོག་གཅོད་པ་ལ་སོགས་པའི་ཉེས་པ་བྱེད་པ་དང་། བདག་ གི་དོན་དང་སེམས་ཅན་གཞན་ལ་སྲོག་གཅོད་པ་ལ་སོགས་པའི་ཉེས་པ་བྱེད་པ་ལ་གང་ཞིག་འཇུག་སྟེ། ཅུང་ཟད་ཀྱང་མི་འཇུག་གོ་ཞེས་བྱ་བའི་དོན་ཏོ། །སེམས་མི་ལྡོག་པར་ཚིགས་སུ་བཅད་པ་གཉིས་སོ་ཞེས་བྱ་བ་ལ། གལ་ཏེ་བྱང་ཆུབ་སེམས་དཔའ་དེ་ལུས་དང་སྲོག་ལ་ཡང་མི་ལྟ་ བར་སེམས་ཅན་གྱི་དོན་བྱེད་དུ་ཟིན་ཀྱང་སྐབས་སུ་བྱང་ཆུབ་ཀྱི་སེམས་ལས་བཟློག་གོ་སྙམ་དུ་སེམས་པ་ལ། བྱང་ཆུབ་སེམས་དཔའ་རྣམས་ནི་ཡེ་ཤེས་ཀྱི་ཚོགས་དང་། བསོད་ནམས་ཀྱི་ཚོགས་ཀྱིས་བརྟན་པས་བྱང་ཆུབ་ཀྱི་སེམས་ལས་བཟློག་མི་སྲིད་དོ་ཞེས་བསྟན་པའི་ཕྱིར་ཚིགས་སུ་བཅད་ པ་གཉིས་སྨོས་སོ། །དེས་ནི་ཆོས་ཀུན་སྒྱུ་མ་ལྟ་བུར་བརྟགས། །ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་ཚོགས་ཀྱིས་ཕྱི་དང་ནང་གི་ཆོས་ཐམས་ཅད་སྒྱུ་མ་དང་སྨིག་རྒྱུ་དང་། རྨི་ལམ་ལྟ་བུར་རང་བཞིན་གྱིས་སྟོང་པར་མ