Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 125
Văn bản gốc(Tây Tạng)
Trang 10 / 19 (50.000 ký tự/trang)
སེམས་ཅན་གྱི་དོན་སྒྲུབ་པ་དང་། བསམ་གྱིས་མི་ཁྱབ་པའི་སེམས་ཅན་གྱི་དོན་སྒྲུབ་པའོ། །དེ་ལ་ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་ལ་སོགས་པ་སེམས་ཅན་སྣ་ཚོགས་ཀྱི་སྐུར་སྤྲུལ་པས་ན་སྣ་ཚོགས་ཀྱིས་སེམས་ཅན་གྱི་དོན་སྒྲུབ་པའོ། །དེ་ཡང་གྲངས་ཀྱིས་གཅིག་གཉིས་སམ་བརྒྱ་སྟོང་ཞེས་ གྲངས་བཅད་པར་མི་ནུས་པ་ཞིག་སྤྲུལ་པར་མཛད་པས་ན། དཔག་ཏུ་མེད་པ་སེམས་ཅན་གྱི་དོན་སྒྲུབ་པའོ། །སྤྲུལ་པ་མང་པོ་སྤྲུལ་པ་དེ་དག་ཀྱང་སེམས་ཅན་སྤྲུལ་པ་ལས་འདས་པ་ཇི་སྙེད་ཅིག་སྤྲུལ་པར་མཛད་པས་ན། བསམ་གྱིས་མི་ཁྱབ་པའི་སེམས་ཅན་སྒྲུབ་པའོ། །དེ་ལ་སྣ་ཚོགས་དང་དཔག་ ཏུ་མེད་པ་དང་བསམ་གྱིས་མི་ཁྱབ་པ་གསུམ་གྱིས་དོན་རིམ་བཞིན་དུ་བསྟན་པའི་ཕྱིར། བྱ་བ་སྒྲུབ་པའི་བྱེ་བྲག་དང་། །གྲངས་དང་ཞིང་གིས་རྟག་ཏུ་སྟེ། །སངས་རྒྱས་སྤྲུལ་པ་བསམ་མི་ཁྱབ། །དེ་ཡང་རྣམ་པ་ཀུན་རིག་བྱ། །ཞེས་སྨོས་ཏེ། སྤྱིར་ན་སངས་རྒྱས་ཀྱི་སྤྲུལ་པ་ནི་རྟག་པའང་བསམ་གྱིས་མི་ ཁྱབ་པའི་རྣམ་པས་སེམས་ཅན་གྱི་དོན་བྱེད་པར་རིག་པར་བྱ་སྟེ། ཇི་ལྟར་བསམ་གྱིས་མི་ཁྱབ་ཅེ་ན། བྱ་བ་སྒྲུབ་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་དང་། གྲངས་བསམ་གྱིས་མ་ཁྱབ་པ་དང་། ཞིང་བསམ་གྱིས་མི་ཁྱབ་པའི་ཕྱིར་རོ། །དེ་ལ་ལྷ་དང་མིའི་ལུས་སུ་སྤྲུལ་པར་མ་ཟད་ཀྱི་སེམས་ཅན་ཐམས་ ཅད་ཀྱི་ལུས་སུ་སྤྲུལ་ནས་སེམས་ཅན་གྱི་དོན་མཛད་པས་ན་བྱ་བ་སྒྲུབ་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་སྟེ། འདིས་ནི་སྣ་ཚོགས་ཀྱི་དོན་བསྟན་ཏོ། །སྤྲུལ་པ་ཡང་གཅིག་གཉིས་གཅིག་སྤྲུལ་པར་མ་ཟད་ཀྱི་ཚིག་གི་སྒོ་ནས་གྲངས་མི་ཆོད་པ་ཞིག་སྤྲུལ་ནས་སེམས་ཅན་གྱི་དོན་མཛད་པས་ན་གྲངས་ བསམ་གྱིས་མི་ཁྱབ་པ་སྟེ། འདིས་ནི་དཔག་ཏུ་མེད་པའི་དོན་བསྟན་ཏོ། །དེའང་སངས་རྒྱས་ཀྱི་ཞིང་གཅིག་གཉིས་སུ་འཇུག་པ་མ་ཡིན་གྱི་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་རབ་འབྱམ་མཐའ་ཡས་པར་འཇུག་པས་ན་ཞིང་བསམ་གྱིས་མི་ཁྱབ་པ་འདིས་ནི་མཐའ་ཡས་པའི་དོན་བསྟན་ཏོ། །དེ་བས་ ན་དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བ་བསྟན་པའི་མདོ་ལས། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཡེ་ཤེས་ཀྱི་སྤྱན་ཆེན་པོ་དང་ལྡན་པ་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་ནད་ཞི་བར་བྱེད་པའི་ཕྱིར་རོ་ཞེས་གསུངས་སོ། །ད་ནི་ཡེ་ཤེས་བཞིའི་རྒྱུ་བསྟན་ཏེ། དེའང་མེ་ལོང་ལྟ་བུའི་ཡེ་ ཤེས་ཀྱི་རྒྱུ་བསྟན་པའི་ཕྱིར། འཛིན་དང་ཞེས་སྨོས་ཏེ། དང་པོ་སོ་སོའི་སྐྱེ་བོའི་དུས་ན་དགེ་བའི་བཤེས་གཉེན་ལ་བརྟེན་ནས། དམ་པའི་ཆོས་མཉན་པ་དང་། མཉན་ནས་ཚིག་དང་དོན་གཟུང་བ་དང་། གཟུང་བ་རྣམས་བསམ་ཞིང་བསྒོམས་ཏེ་སྒྲིབ་པ་གཉིས་སྤངས་ནས་ཀུན་གཞི་ གནས་གྱུར་པ་ལ་མེ་ལོང་ལྟ་བུའི་ཡེ་ཤེས་འཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྒྱུ་བསྟན་པའི་ཕྱིར། སེམས་ཀྱང་མཉམ་པ་དང་ཞེས་སྨོས་ཏེ། སོ་སོའི་སྐྱེ་བོའི་དུས་ན་བྱམས་པ་ཆེན་པོའི་སེམས་ཀྱིས་བདག་གི་དོན་ཇི་ལྟར་སྒྲུབ་ཅིང་བྱ་བ་བཞིན་དུ་སེམས་ ཅན་གཞན་གྱི་དོན་ཀྱང་དེ་བཞིན་དུ་བསྒྲུབ་པར་བྱའོ་ཞེས་བདག་དང་གཞན་གྱི་དོན་སྒྲུབ་པ་ལ་ཐ་དད་པ་མེད་པར་བསྒྲུབ་པར་སེམས་པ་ལས་མཉམ་པ་ཉིད་ཀྱི་ཡེ་ཤེས་འབྱུང་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་ཀྱི་རྒྱུ་བསྟན་པའི་ཕྱིར། ཡང་དག་ཆོས་ཀྱང་རབ་ བསྟན་དང་། །ཞེས་བྱ་བ་ལ། ཇི་ལྟར་ཐོས་པའི་ཆོས་དང་དོན་རྣམས་ཕྱིན་ཅི་མ་ལོག་པར་གཞན་ལ་བསྟན་པ་ལས། སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་འབྱུང་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །བྱ་བ་སྒྲུབ་པའི་ཡེ་ཤེས་ཀྱི་རྒྱུ་བསྟན་པའི་ཕྱིར། བྱ་བ་དག་ནི་སྒྲུབ་པ་ལ། །ཞེས་ སྨོས་ཏེ། སོ་སོའི་སྐྱེ་བོའི་དུས་ན་སེམས་ཅན་གྱི་བྱ་བ་ཞིང་རྨོ་བ་དང་ཚོང་བྱ་བ་ལ་སོགས་པའི་གྲོགས་བྱས་ནས་བྱ་བ་སྒྲུབ་པའི་ཡེ་ཤེས་འབྱུང་ངོ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་གཅིག་མ་ཡིན་པ་དང་ཐ་དད་པ་མ་ཡིན་པའི་ཚིགས་སུ་བཅད་པ་དེ་ལ་ཁ་ཅིག་འཇིག་རྟེན་གྱི་ཁམས་གཅིག་ཏུ་སངས་ རྒྱས་གཅིག་མངོན་པར་རྫོགས་པར་སངས་རྒྱས་ན་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གཞན་དག་ཏུ་སངས་རྒྱས་གཞན་མི་འབྱུང་མི་སྐྱེ་ཞེས་ཟེར་རོ། །ལ་ལ་དག་ནི་འཁོར་བ་ཐོག་མ་མེད་པའི་དུས་ནས་སངས་རྒྱས་གཅིག་ཅིག་ཏུ་ཟད་དེ་དེས་སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་དུ་སེམས་ཅན་གྱི་དོན་མཛད་ ཅིང་སངས་རྒྱས་ཀྱི་ཕྲིན་ལས་མཛད་དོ་ཞེས་སྨྲའོ། །ཁ་ཅིག་ནི་སངས་རྒྱས་མང་དུ་ཡོད་དེ། ཆོས་ཀྱི་སྐུ་ལ་གནས་པའི་ཚེ་ཡང་ང་དང་བདག་ཏུ་རྟོག་པ་སྤངས་པ་དང་ཤེས་བྱ་དང་ཉོན་མོངས་པའི་སྒྲིབ་པ་དང་བྲལ་བའི་ཆོས་ཀྱི་སྐུ་མང་དུ་ཡོད་དོ་ཞེས་ཟེར་ཏེ། དེ་ལ་སངས་རྒྱས་གཅིག་ཏུ་ཡང་མ་ཟད་ དུ་མར་ཡང་མེད་པར་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་གཅིག་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །ཐ་དད་རིག་དང་ཞེས་བྱ་བ་ལ། སངས་རྒྱས་ནི་གཅིག་ཁོ་ནར་ཟད་པར་མི་རུང་སྟེ། ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀྱི་རིགས་ཐ་དད་པའི་ཕྱིར་ཏེ། ཐ་དད་ཅེས་བྱ་བའི་དོན་ནི་སེམས་ཅན་གྱི་ཁམས་ན་སངས་ རྒྱས་ཀྱི་རིགས་དང་ལྡན་པའི་སེམས་ཅན་མཐའ་ཡས་ཞེས་བྱ་བའི་དོན་ཏོ། །དེ་ལ་དཔེར་ན་ས་བོན་གྱི་ཕུང་པོ་ཆེན་པོ་ལས་ས་བོན་འབྲུ་གཅིག་གིས་མྱུ་གུ་སྐྱེད་ཀྱི། གཞན་གྱིས་མི་བསྐྱེད་དོ་ཞེས་བྱ་བར་མི་རིགས་པ་དེ་བཞིན་དུ་སེམས་ཅན་གྱི་ཁམས་ནས་འཚང་རྒྱ་བར་འགྱུར་བའི་རིགས་ཅན་བསམ་ གྱིས་མི་ཁྱབ་པ་དག་ཅིག་ཡོད་པ་ལས་གཅིག་ཅིག་འཚང་རྒྱའི་གཞན་ཅིའི་ཕྱིར་འཚང་རྒྱ་བར་མི་འགྱུར་ཏེ། འཚང་རྒྱ་བར་མི་འགྱུར་བས་སྨྲ་བར་མི་རིགས་སོ། །དོན་མེད་དང་ཞེས་བྱ་བ་ལ། དཔེར་ན་གནས་གཅིག་ཏུ་ཁ་ཟས་ལ་སོགས་པ་གཡོས་པས་འགྲངས་པ་དང་ཕན་པར་འགྱུར་བ་ དེ་བཞིན་དུ་གཞན་དག་གཡོས་པ་དང་འགྲངས་པ་དང་ཕན་པར་འགྱུར་བ་དང་འདྲ་བར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སུས་བསགས་པ་དེ་དག་ཐམས་ཅད་འཚང་རྒྱ་བར་འགྱུར་བ་ཡིན་གྱི། ཆུད་མི་ཟ་བ་ལས་གལ་ཏེ་གཅིག་ཅིག་འཚང་རྒྱའི་གཞན་འཚང་མི་རྒྱ་ན་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ ཁམས་ན་བྱང་ཆུབ་སེམས་དཔའ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པ་རྣམས་དོན་མེད་པར་འགྱུར་ཏེ། དོན་མེད་པ་མ་ཡིན་པས་ན་སངས་རྒྱས་གཅིག་ཏུ་ཟད་པར་མི་རུང་ངོ་། །རྫོགས་དང་ཞེས་བྱ་བ་ལ་དེ་བཞིན་གཤེགས་པ་རྣམས་དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ན་སེམས་ ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ལ་བཞག་གོ་ཞེས་སེམས་བསྐྱེད་པ་ལ་མངོན་པར་སངས་རྒྱས་པའི་དུས་ན་སེམས་ཅན་འཚང་རྒྱ་བ་ལ་འཇོག་པར་ཟད་ན་གལ་ཏེ་གཅིག་ཅིག་འཚང་རྒྱའི་གཞན་འཚང་མི་རྒྱ་ན་ནི་སངས་རྒྱས་ཀྱི་དུས་ན་ཡང་སེམས་ཅན་སུ་ཡང་སངས་རྒྱས་སུ་མ་བཀོད་པས་དེ་ བཞིན་གཤེགས་པས་སེམས་ཅན་གྱི་དོན་བྱ་བ་རྫོགས་པར་མ་གྱུར་པ་སྟེ། དེ་ལྟ་བུ་ཡང་མི་རིགས་པས་ནི་སངས་རྒྱས་གཅིག་ཏུ་མི་རུང་སྟེ། དེ་བས་ན་ཚིག་འདི་ཡན་ཆད་ཀྱིས་འཇིག་རྟེན་གྱི་ཁམས་གཅིག་ཏུ་སེམས་ཅན་གཅིག་མངོན་པར་སངས་རྒྱས་པའི་དུས་ན་གཞན་སངས་མི་རྒྱའོ་ཞེས་ བཤད་པ་དེ་མི་རིགས་པར་བསྟན་ཏོ། །ཐོག་མ་མེད་པའི་ཕྱིར་ཞེས་བྱ་བ་ལ། དང་པོ་ནས་སངས་རྒྱས་གཅིག་ཅིག་ཏུ་ཟད་དེ། སངས་རྒྱས་དུ་མ་མེད་དོ་ཞེས་ཐོག་མའི་སངས་རྒྱས་ཞེས་བྱ་བ་གང་ཡང་མེད་དེ། ཅིའི་ཕྱིར་ཞེ་ན། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མ་བསགས་པར་ འཚང་རྒྱ་བར་ནི་མི་རིགས་ལ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱང་དེའི་ལུང་འབོགས་པའི་སངས་རྒྱས་གཞན་མེད་དུ་མི་རུང་བས་སངས་རྒྱས་དེའི་ལུང་འབོགས་པའི་སངས་རྒྱས་གཞན་ཡང་དགོས་ལ། དེ་ལ་ཡང་སངས་རྒྱས་གཞན་དག་ཀྱང་དགོས་ཏེ། དེ་ལྟར་བརྒྱུད་ནས་ སངས་རྒྱས་གཅིག་ཏུ་མི་རུང་བས་འདིས་ནི་ཐོག་མ་མེད་པ་ནས་སངས་རྒྱས་གཅིག་ཏུ་ཟད་དོ་ཞེས་ཟེར་བ་བཀག་གོ། །སངས་རྒྱས་གཅིག་མིན་ཞེས་བྱ་བ་ལ། གོང་དུ་བཤད་པ་ལྟར་ན་སངས་རྒྱས་ནི་གཅིག་ཏུ་མ་ཟད་ཀྱི་གྲངས་མེད་དཔག་ཏུ་མེད་དོ་ཞེས་བྱ་བའི་དོན་ཏོ། །ཐ་དད་མེད། དྲི་མེད་གནས་ལ་མང་པོ་མེད། །ཅེས་བྱ་བའི་དོན་ལ། དྲི་མེད་གནས་ནི་ཆོས་ཀྱི་དབྱིངས་ཟག་པ་མེད་པའི་དབྱིངས་ལ་བྱ་སྟེ། ཆོས་ཀྱི་དབྱིངས་ལ་ཞུགས་པའི་དུས་ན་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་སྐུ་ལ་མི་མཐུན་པ་དུ་མར་མེད་པས་ན་ཆོས་ཀྱི་སྐུ་ནི་མང་པོར་ཡོད་པ་ཡང་མི་ འདོད་དེ་འདིས་ནི་ཆོས་ཀྱི་སྐུ་མང་དུ་ཡོད་པར་སྨྲ་བ་བཀག་གོ། །སངས་རྒྱས་སུ་འགྱུར་བའི་ཐབས་ཀྱི་ཚིགས་སུ་བཅད་པ་བཞིའོ་ཞེས་བྱ་བ་ལ་ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང་། ཡེ་ཤེས་བཞི་ལ་སངས་རྒྱས་ཞེས་བྱ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་བར་ ཕ་རོལ་ཏུ་ཕྱིན་པ་ལྔ་ནི་སངས་རྒྱས་སུ་འགྱུར་བ་ཞེས་བྱའོ། །ཕ་རོལ་ཏུ་ཕྱིན་པ་ལྔ་དག་པར་བྱེད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་བཞི་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །གང་རྣམས་མེད་པ་དེ་ཉིད་ནི། །ཡོད་པ་ཡི་ནི་དམ་ པའོ། །ཞེས་བྱ་བ་ལ། ས་དང་པོའི་དུས་ན་ཀུན་བརྟགས་ཀྱི་རང་བཞིན་མེད་པར་ཁོང་དུ་ཆུད་དོ། །གཟུང་བ་དང་འཛིན་པའི་རང་བཞིན་ཀུན་བརྟགས་པ་དང་པོར་མེད་པར་གྱུར་པ་དེ་ཉིད་ཡོད་པའི་མཆོག་ཅེས་གདགས་ཏེ། ཅིའི་ཕྱིར་ཞེ་ན། གཟུང་འཛིན་དང་བྲལ་བའི་ཡོངས་སུ་གྲུབ་པའི་མཚན་ཉིད་ ཡོད་པའི་ཕྱིར། རྣམ་པ་ཀུན་དུ་མི་དམིགས་པ། །དམིགས་པ་ཡི་ནི་མཆོག་ཏུ་འདོད། །ཅེས་བྱ་བ་ལ། ས་དང་པོའི་དུས་ན་ཀུན་བརྟགས་པའི་རང་བཞིན་དང་བདག་དང་བདག་གིར་རྟོག་པ་དང་། ཆོས་སུ་རྟོག་པ་མི་དམིགས་ཏེ་མ་མཐོང་བ་ཉིད་དམིགས་པའི་མཆོག་ཅེས་བྱ། ཅིའི་ཕྱིར་ཞེ་ན། གཟུང་འཛིན་དང་བྲལ་བའི་ཡོངས་སུ་གྲུབ་པའི་མཚན་ཉིད་དེ་དེའི་ཚེ་དམིགས་ཏེ། མཐོང་བའི་ཕྱིར་རོ། །སྒོམ་པ་དག་ནི་མི་མཐོང་སྟེ། །སྒོམ་པ་ཡི་ནི་མཆོག་ཏུ་འདོད། །ཅེས་བྱ་བ་ལ། ས་གཉིས་ནས་ས་བཅུ་མན་ཆད་ཀྱི་ཚེ་གཟུང་བ་དང་འཛིན་པ་དང་ང་དང་བདག་གིར་རྟོག་པ་སྤངས་ཏེ། སྒོམ་པར་བྱེད་པ་དང་སྒོམ་པར་བྱེད་པ་གཉིས་མི་མཐོང་བར་སྒོམ་པ་གཉིས་སྒོམ་པའི་མཆོག་ཏུ་འདོད་དེ། ཅིའི་ཕྱིར་ཞེ་ན། དམིགས་སུ་མེད་པའི་མཚན་ཉིད་བསྒོམ་པའི་ཕྱིར། །རྙེད་པ་དག་ནི་མ་མཐོང་ན། །རྙེད་པ་ཡང་ནི་མཆོག་ཏུ་འདོད། །ཅེས་བྱ་བ་ལ། སངས་རྒྱས་ཀྱི་སའི་དུས་ན་ རྫོགས་ལོངས་སྤྱོད་པའི་སྐུ་དང་། སྤྲུལ་པའི་སྐུ་དང་། སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཆོས་རྙེད་པར་མ་མཐོང་བ་ཉིད་རྙེད་པའི་མཆོག་ཅེས་བྱ་སྟེ། ཅིའི་ཕྱིར་ཞེ་ན། ཆོས་ཀུན་གྱི་མཆོག་ཆོས་ཀྱི་སྐུ་རྙེད་པའི་མཆོག་གོ། །དེ་ལྟར་དམིགས་སུ་མེད་པའི་མཚན་ཉིད་དུ་བསྒོམས་པ་ ན་འཚང་རྒྱ་བའི་ཐབས་སུ་འགྱུར་བར་བསྟན་ནས་དམིགས་པ་དང་བཅས་པ་རྣམས་ལ་འཚང་རྒྱ་བ་མེད་པར་བསྟན་པའི་ཕྱིར། ལྕི་བ་དང་ནི་རིང་བ་དང་། །མཚན་མ་དག་གིས་བརྩོན་འགྲུས་མཐོང་། །བྱང་ཆུབ་སེམས་དཔའ་ང་རྒྱལ་ཅན། །བྱང་ཆུབ་ལས་ནི་རིང་ཞེས་བྱ། །ཞེས་སྨོས་ ཏེ། ལ་ལ་དག་འདི་སྙམ་དུ་བླ་ན་མེད་པའི་བྱང་ཆུབ་ནི་སྟོབས་དང་མི་འཇིགས་པ་ལ་སོགས་པ་རྨད་དུ་བྱུང་བའི་ཆོས་དང་ལྡན་ཞིང་དེ་ཡང་བསྒྲུབ་དཀའ་བར་མཐོང་བས་ལྕི་བར་ཡང་མཐོང་ལ། བསྐལ་པ་གྲངས་མེད་པ་གསུམ་གྱི་བར་དུ་བསྒྲུབ་དགོས་པས་རིང་པོར་མཐོང་བ་དང་། བསྒོམ་པར་ བྱ་བའི་ཡུལ་འགའ་ཞིག་མཐོང་བས་མཚན་མ་མཐོང་བ་དང་། བླ་ན་མེད་པའི་བྱང་ཆུབ་ནི་བརྩོན་འགྲུས་བརྩམས་པས་འཐོབ་ལ། བདག་ཀྱང་བརྩོན་འགྲུས་བརྩམས་པ་ཡིན་ཏེ། སངས་རྒྱས་འཐོབ་པར་འགྱུར་གྱི། གཞན་དག་ནི་བརྩོན་འགྲུས་མེད་དེ་བདག་དེ་བས་ལྷག་གོ་སྙམ་དུ་ང་རྒྱལ་ བྱེད་ཅིང་དངོས་པོར་དམིགས་པ་དང་བཅས་པ་རྣམས་ལ་བླ་ན་མེད་པའི་བྱང་ཆུབ་ཐོབ་པས་ནི་བྱང་ཆུབ་ལས་རིང་བ་ཞེས་བྱའོ། །དམིགས་སུ་མེད་པའི་སྒོམ་པ་ནི། །སངས་རྒྱས་ཀྱི་ཐབས་སུ་གྱུར་ལ་དམིགས་པ་ཅན་ནི་ཐབས་མ་ཡིན་པར་བསྟན་པ་མཇུག་བསྡུ་བའི་ཕྱིར། ཇི་ལྟར་སྨྲས་པ་ དེ་ཐམས་ཅད། །བཏགས་པ་ཙམ་དུ་མཐོང་ན་ནི། །མི་རྟོག་བྱང་ཆུབ་སེམས་དཔའ་རྣམས། །བྱང་ཆུབ་ཉིད་ནི་ཐོབ་ཅེས་བྱ། །ཞེས་སྨོས་ཏེ། གོང་དུ་བཤད་པའི་ལྕི་བ་དང་རིང་བ་དང་། མཚན་མ་དང་བརྩོན་འགྲུས་བརྩམས་པར་བཤད་པ་རྣམས་བཏགས་པ་ཙམ། སེམས་ཙམ་དུ་ཟད་པ་ མཐོང་ལ། སེམས་ཙམ་པོ་དེ་ལ་ཡང་མི་རྟོག་ན་བྱང་ཆུབ་སེམས་དཔའ་ཆོས་ལ་མི་སྐྱེ་བའི་བཟོད་པ་ཐོབ་པས་རྣམ་པར་མི་རྟོག་པའི་ཡེ་ཤེས་ལྷུན་གྱིས་གྲུབ་པའི་ཕྱིར་དེ་ཐོབ་པ་ཉིད་བྱང་ཆུབ་ཐོབ་པ་ཞེས་བྱའོ། །སངས་རྒྱས་རྣམས་ཕན་ཚུན་དུ་བྱ་བ་གཅིག་བསྡུ་བའི་ཚིགས་སུ་བཅད་པ་བཞི་སྟེ་ཞེས་ བྱ་བ་ལ། ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང་། ཡེ་ཤེས་བཞི་ལའང་སངས་རྒྱས་ཞེས་བྱ་སྟེ། སངས་རྒྱས་དེ་ཐོབ་པ་ན་དེ་བཞིན་གཤེགས་པའི་ཕྲིན་ལས་གཅིག་པར་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་བཞི་བརྩམས་ཞེས་བྱ་བའི་དོན་ཏོ། །ཀླུང་དག་སའི་འོག་ཏུ་སོང་ན་ཞེས་བྱ་བ་ ལ། ཀླུང་གི་སྒྲས་ནི་ཕྱོགས་ཕྱོགས་ནས་འབབ་པའི་ཆུ་བྲན་དང་ཆུ་བོ་རྣམས་ལ་བྱ་སྟེ། དེ་དག་ཇི་སྲིད་དུ་སའི་འོག་ཏུ་མ་སོང་རྒྱ་མཚོར་མ་ཞུགས་མ་འདུས་ཀྱི་བར་དུ་ཞེས་བྱ་བའི་དོན་ཏོ། །གནས་རྣམས་ཐ་དད་ཅེས་བྱ་བ་ནི་ཆུ་བྲན་དང་ཆུ་བོ་དེ་དག་ཤར་དང་། ལྷོ་ལ་སོགས་པའི་གནས་ནས་འབབ་པ་དང་། རི་དང་གཤོངས་ལ་སོགས་པ་ནས་འབབ་པས་གནས་ཐ་དད་པ་ཞེས་བྱའོ། །ཆུ་བོ་དག་ཀྱང་ཁ་ཅིག་དམར། །ལ་ལ་སྔོ་ལ་ལ་ལ་སྐྱ་བས་ན། ཆུ་ཡང་ཐ་དད་པ་ཞེས་བྱའོ། །རྒྱ་མཚོ་ལ་ལྟོས་ནས་ཆུ་བོ་དེ་དག་ཆུ་ཞེང་དང་གཏིང་དཔག་ཏུ་མེད་པ་ཡོད་པས་ཡང་ཆུང་བ་ཞེས་བྱའོ། །ཆུ་བོ་དེ་དག་ལ་ལས་ནི་ བད་ཀན་སྐྱེད་པར་བྱེད། ལ་ལས་ནི་མཁྲིས་པ་སྐྱེད་པར་བྱེད། ལ་ལ་མངར། ལ་ལ་སྐྱུར་བས་ན། ཐ་དད་བྱ་བ་བྱེད་ཅེས་སྨོས་ཏེ། ལས་ཐ་དད་པར་བྱེད་ཅེས་བྱ་བའི་དོན་ཏོ། །ཆུ་གནས་སྲོག་ཆགས་ཕྲ་མོ་ཉེར་སྤྱོད་འགྱུར། །ཞེས་བྱ་བ་ལ། རྒྱ་མཚོར་མ་འདུས་པའི་ཆུ་བོ་དེ་དག་ཇི་སྲིད་དུ་རྒྱ་མཚོར་ མ་འདུས་ཀྱི་བར་དུ་ཆུ་བོ་ལ་བརྟེན་པའི་སྲོག་ཆགས་གྲངས་ཉུང་བ་དང་། བོང་ཆུང་བ་རྣམས་ཀྱི་གནས་དང་ལོངས་སྤྱོད་ཙམ་བྱེད་པས། ཆུ་གནས་སྲོག་ཆགས་ཕྲ་མོ་ཉེར་སྤྱོད་འགྱུར། །ཞེས་བྱའོ། །ཐམས་ཅད་རྒྱ་མཚོར་སོང་བར་གྱུར་ན་ནི། །ཞེས་བྱ་བ་ལ། ཕྱོགས་ཕྱོགས་ཀྱི་ཆུ་བོ་དེ་དག་རྒྱ་ མཚོ་ཆེན་པོར་ཞུགས་ཤིང་འདུས་ན་ནི་ཞེས་བྱ་བའི་དོན་ཏོ། །རྒྱ་མཚོར་ཞུགས་པ་ཐམས་ཅད་ཀྱང་གསེར་གྱི་དཀྱིལ་འཁོར་ལ་བརྟེན་པས་ན། གནས་རྣམས་གཅིག་པ་ཞེས་བྱའི་རྒྱ་མཚོ་ལ་ཆུ་ཞེང་གི་ཁ་ཚོན་དང་གཏིང་དཔག་པར་དཀའ་བས་ན་ཆུ་ཞེང་ཆེ་ལ་གཅིག་པ་ཞེས་བྱའོ། །རྒྱ་མཚོའི་ཆུ་ ཐམས་ཅད་ནི་ལན་ཚྭའི་རོར་རོ་གཅིག་པས་བྱ་བ་གཅིག་པ་ཞེས་བྱ། རྒྱ་མཚོ་ན་གནས་པའི་སེམས་ཅན་གྲངས་མང་བ་དང་བོང་ཆེན་པོ་རྣམས་ཀྱི་གནས་དང་ལོངས་སྤྱོད་དུ་གྱུར་པས་ན་ཆུ་ལ་གནས་པའི་སྲོག་ཆགས་མང་པོ་རྟག་ཏུ་ཉེར་སྤྱོད་ཆེ་ཞེས་བྱ་སྟེ་འདི་ནི་དཔེའོ། །དེའི་དོན་བསྟན་པའི་ཕྱིར། སངས་རྒྱས་ཉིད་དུ་རབ་ཏུ་མ་ཞུགས་པར། །ཞེས་བྱ་བ་སྨོས་ཏེ། བྱང་ཆུབ་སེམས་དཔའ་རྣམས་མངོན་པར་སངས་རྒྱས་ནས་ཆོས་ཀྱི་དབྱིངས་རྣམ་པར་དག་པ་མ་མཐོང་གི་བར་དུ་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་སེམས་དཔའི་དུས་ནས་སོ་སོའི་ཕུང་པོ་ལྔ་ལ་བརྟེན་ནས་གནས་རྣམས་ཐ་དད་པ་ ཞེས་བྱའོ། །སངས་རྒྱས་མ་ཐོབ་ཀྱི་བར་དུ་བྱང་ཆུབ་སེམས་དཔའ་རྣམས་ལ་ཤེས་རབ་ཆེ་ཆུང་ཡོད་པས་བརྟན་པའི་བློ་མི་མཐུན་པ་ཞེས་བྱའོ། །མངོན་པར་སངས་མ་རྒྱས་པའི་བར་དུ་ཤེས་བྱ་ཐམས་ཅད་མངོན་སུམ་དུ་འགྱུར་བའི་ཡེ་ཤེས་ཐམས་ཅད་མཁྱེན་པའི་ཡེ་ཤེས་མེད་པས་ན་ རྟོག་པ་ཆུང་བ་ཞེས་བྱའོ། །སངས་རྒྱས་ཀྱི་བར་དུ་བྱང་ཆུབ་སེམས་དཔའ་ཁ་ཅིག་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད། ཁ་ཅིག་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལ་སོགས་པ་ལ་སྤྱོད་པ་ཐ་དད་པས་ན་བདག་བྱེད་ཐ་དད་དེ་ཞེས་བྱ་སྟེ། ཕྲིན་ལས་ཐ་དད་ཅེས་བྱ་བའི་དོན་ཏོ། ། སེམས་ཅན་གྲངས་ཀྱིས་དཔག་ཏུ་ཡོད་པ་དག་གི་དོན་མཛད་པས་ནི་སེམས་ཅན་དོན་ཆུང་རྟག་ཏུ་ཉེར་སྤྱོད་ཅེས་བྱའོ། །ཐམས་ཅད་སངས་རྒྱས་ཉིད་དུ་ཞུགས་པས་ན། །ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་སངས་རྒྱས་ཀྱི་ས་ཐོབ་སྟེ། མངོན་པར་སངས་རྒྱས་ནས་ཆོས་ ཀྱི་དབྱིངས་རྣམ་པར་དག་པར་ཞུགས་ཤིང་མངོན་སུམ་དུ་བྱས་ནས་ཞེས་བྱ་བའི་དོན་ཏོ། །མངོན་པར་སངས་རྒྱས་པའི་ཚེ་ཐམས་ཅད་ཀྱང་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་གནས་ལ་གནས་ཤིང་རྟོན་པས་ན། གནས་ཀྱང་གཅིག་པ་ཞེས་བྱའོ། །སངས་རྒྱས་ཀྱི་སའི་ཚེ་ཡང་ཤེས་བྱ་ཐམས་ཅད་ མངོན་སུམ་དུ་གྱུར་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པས་ན་རྟོགས་པ་ཆེན་པོ་གཅིག་ཅེས་བྱའོ། །སངས་རྒྱས་པའི་ཚེ་སངས་རྒྱས་གཅིག་ཕྲིན་ལས་སྤྲུལ་པ་སྤྲུལ་པ་མཛད་པ་བཞིན་དུ་སངས་རྒྱས་གཞན་ཡང་ཕྲིན་ལས་དེ་ཁོ་ནར་མཛད་པར་ཟད་ལ། སངས་རྒྱས་གཅིག་གིས་སྤྲུལ་པ་ སྤྲུལ་པ་ན་ཆོས་ཀྱི་སྐུར་སངས་རྒྱས་ཐམས་ཅད་སྐུ་གཅིག་པས་གཞན་གྱིས་ཀྱང་སྤྲུལ་པ་ཡིན་པའི་ཕྱིར་བྱ་བ་གཅིག་ཏུ་འདྲེས་པ་ཞེས་བྱའོ། །མངོན་པར་སངས་རྒྱས་ཕན་ཆད་སེམས་ཅན་གྲངས་མེད་དཔག་ཏུ་མེད་པ་རྣམས་སྐད་ཅིག་མ་གཅིག་ལ་འདུག་ཅིང་སྨིན་པར་བྱེད་པས་ན། རྟག་པར་ཡང་དེ་དག ། སེམས་ཅན་ཚོགས་ཆེ་ལོངས་སྤྱོད་ཆེ། །ཞེས་བྱའོ། །སངས་རྒྱས་ཉིད་ལ་སྤྲོ་བར་བྱ་བའི་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། ཆོས་ལྔ་ལ་སོགས་པ་དང་ལྡན་པ་ནི་སངས་རྒྱས་ཏེ། སངས་རྒྱས་དེ་ནི་གོང་དུ་བཤད་པ་ལྟ་བུའི་ཡོན་ཏན་དཔག་ཏུ་མེད་པའི་ཡོན་ཏན་དང་ལྡན་པས་ན་ སངས་རྒྱས་ཐོབ་པར་བྱ་བ་དཀའ་བ་བསྐྱེད་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །རྣམ་པ་ཐམས་ཅད་མཁྱེན་པ་བསྟན་པའི་དོན་མདོར་བསྡུས་ཏེ་འཆད་པའི་ཚིགས་སུ་བཅད་པ་ཐ་མའི་བསྡུས་པའི་དོན་ནི་རྣམ་པ་གསུམ་སྟེ། བདག་གི་དོན་ཕུན་སུམ་ཚོགས་པ་དང་། གཞན་ གྱི་དོན་ཕུན་སུམ་ཚོགས་པ་དང་། བདེ་བའི་འབྱུང་གནས་སུ་གྱུར་པའོ། །དེ་ལྟར། སངས་རྒྱས་ས་ནི་དཔེ་མེད་ཀྱི། །དཀར་པོའི་ཆོས་དང་ལྡན་ཞེས་བྱ། །ཞེས་བྱ་བ་ལ། དེ་ལྟར་ཞེས་བྱ་བ་ནི་གོང་དུ་བཤད་པའི་ཚུལ་ལམ་རིམ་པ་ལྟར་ན་ཞེས་བྱ་བའི་དོན་ཏོ། །ཆོས་ཀྱི་དབྱིངས་རྣམ་པར་དག་པ་ དང་། ཡེ་ཤེས་བཞི་ལས་སངས་རྒྱས་ཀྱི་ས་ཞེས་བྱ་སྟེ། སངས་རྒྱས་ཀྱི་སའི་ཡོན་ཏན་སྟོབས་དང་མི་འཇིགས་པ་ལ་སོགས་པ་ཡོན་ཏན་བླ་ན་མེད་པ་ནི་ཉན་ཐོས་ལ་སོགས་པ་གཞན་ལ་མེད་པས་དཔེ་མེད་པ་ཞེས་བྱ་སྟེ། དེ་ལྟ་བུའི་ཡོན་ཏན་དཔེ་མེད་པ་སྟོབས་དང་མི་འཇིགས་པ་ལ་སོགས་པ་ དཀར་པོའི་ཆོས་དཔག་ཏུ་མེད་པ་དང་ལྡན་པས་ན་བདག་གི་དོན་ཕུན་སུམ་ཚོགས་སོ་ཞེས་བྱ་བའི་དོན་ཏོ། །སེམས་ཅན་སངས་རྒྱས་པ་ནི་སེམས་ཅན་རྣམས་ཚེ་འདིར་ཟང་ཟིང་སྣ་ཚོགས་ཀྱིས་ཕན་བཏགས་པས་བདེ་བར་བྱས་པ་དང་། ཚེ་རབས་གཞན་དུ་མཐོ་རིས་དང་ཐར་པ་ལ་བཀོད་པས་ཕན་པར་བྱས་ པའི་ཕྱིར་ཕན་པ་དང་བདེ་བའི་རྒྱུ་ཞེས་བྱ་སྟེ། འདིས་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྟན་ཏོ། །དགེ་མཆོག་བདེ་བ་མི་ཟད་འབྱུང་གནས་ཕྱིར། །ཞེས་བྱ་བ་ལ། སོ་སོའི་སྐྱེ་བོ་བརྒྱ་བྱིན་དང་ཚངས་པ་ལ་སོགས་པ་ལ་བདེ་བ་ཡོད་ཀྱང་ཟག་པ་དང་བཅས་པའི་བདེ་བ་ཡིན་པས་དགེ་བའི་མཆོག་ ཅེས་མི་བྱའི། མངོན་པར་སངས་རྒྱས་པ་ན་ཟག་པ་མེད་པའི་བདེ་བ་དང་ལྡན་པས་དགེ་བའི་མཆོག་གི་འབྱུང་གནས་ཞེས་བྱའོ། །འཕགས་པ་ཉན་ཐོས་ལ་སོགས་པ་ལ་ཟག་པ་མེད་པའི་བདེ་བ་ཡོད་ཀྱང་ཕུང་པོའི་ལྷག་མ་མ་ལུས་པར་སྤངས་པའི་མྱ་ངན་ལས་འདས་པར་ཞུགས་པའི་ཚེ། མེད་པར་ གྱུར་པས་ན་བདེ་བ་ཟད་པ་ཞེས་བྱ་བ་ལ། སངས་རྒྱས་ཀྱི་སའི་དུས་ན་བདེ་བ་ཇི་སྙེད་པ་ཐམས་ཅད་འཁོར་བའི་མཐའི་བར་དུ་ཡང་མེད་པར་མི་འགྱུར་བའི་ཕྱིར་བདེ་བ་མི་ཟད་པའི་འབྱུང་གནས་ཞེས་བྱ་སྟེ། འདིས་བདེ་བའི་འབྱུང་གནས་སུ་འགྱུར་བ་བསྟན་ཏོ། །དགེ་བའི་བློ་གྲོས་བྱང་ཆུབ་སེམས་ བསྐྱེད་རིགས། །ཞེས་བྱ་བ་ལ། ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱོད་པའི་ཤེས་རབ་དང་ལྡན་པས་བྱང་ཆུབ་སེམས་དཔའ་རྣམས་ལ་དགེ་བའི་བློ་གྲོས་ཞེས་བྱ་སྟེ། བླ་ན་མེད་པའི་བྱང་ཆུབ་ནི་གོང་དུ་བཤད་པ་ལྟ་བུར་བདག་གི་དོན་ཕུན་སུམ་ཚོགས་པ་དང་། གཞན་གྱི་དོན་ཕུན་སུམ་ཚོགས་པ་དང་བདེ་བའི་ འབྱུང་གནས་སུ་གྱུར་པས་ན་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་བྱང་ཆུབ་ཏུ་སེམས་བསྐྱེད་དོ་ཞེས་བྱ་བའི་དོན་ཏོ། །མདོར་གཟུང་བ་ནི་ཞེས་བྱ་བ་ལ། མདོ་སྡེའི་རྒྱན་དང་པོ་ནས་བརྩམས་ཏེ་འདི་ཡན་ཆད་དུ་དོན་ཅི་འབྱུང་བ་བསྡུས་ཏེ་བསྟན་ན་ཞེས་བྱ་བའི་དོན་ཏོ། །མདོར་བསྡུས་དང་པོ་ ཞེས་བྱ་བ་ལ། མདོར་བསྡུས་ན་འདི་ཡན་ཆད་དུ་དོན་བཅུ་བཞི་བསྟན་ཏེ། དེ་ལ་དང་པོ་བསྟན་བཅོས་འདི་ཅིའི་ཕྱིར་མདོ་སྡེའི་རྒྱན་ཞེས་བྱ་སྟེ་ཞེས་དྲིས་པ་ལ། འདིའི་ཕྱིར་མདོ་སྡེའི་རྒྱན་ཞེས་བྱའོ། །ཚིགས་བཅད་ལྔ་བསྟན་ཏེ། གྲུབ་ཅེས་བྱ་བ་ལ། དེའི་རྗེས་ལ་ཚིགས་བཅད་བཅོ་ལྔས་ ཐེག་པ་ཆེན་པོ་གྲུབ་པ་བསྟན་ཏོ། །སྐྱབས་ཞེས་བྱ་བ་ལ། དེའི་རྗེས་ལ་ཐེག་པ་ཆེན་པོ་ལ་སྐྱབས་སུ་འགྲོ་བ་ཚིགས་བཅད་བཅུ་གཉིས་ཀྱིས་བསྟན་ཏོ། །རིགས་ཞེས་བྱ་བ་ལ་རིགས་ཀྱི་སྐབས་ཀྱང་ཚིགས་བཅད་བཅུ་གསུམ་གྱིས་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་བྱང་ཆུབ་སེམས་ བསྐྱེད་དང་། །ཞེས་བྱ་བ་ལ། གོང་མ་དང་འདྲ་བར་བྱང་ཆུབ་ཏུ་སེམས་བསྐྱེད་པའི་སྐབས་ཀྱང་ཚིགས་བཅད་ཉི་ཤུ་བདུན་གྱིས་བསྟན་ཏེ་ཞེས་བྱ་བའི་དོན་ཏོ། །བདག་དང་ཞེས་བྱ་བ་ལ་བདག་གི་སྐབས་ཀྱང་ཚིགས་བཅད་གསུམ་གྱིས་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །གཞན་དོན་ཞེས་བྱ་བ་ལ་ གཞན་གྱི་དོན་སྒྲུབ་པ་ཡང་ཚིགས་བཅད་དྲུག་གིས་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །ཡང་དག་དོན་ཞེས་བྱ་བ་ལ། །དེ་ཁོ་ནའི་དོན་ཀྱང་ཚིགས་བཅད་བཅུས་བཤད་དོ་ཞེས་བྱ་བའི་དོན་ཏོ། །མཐུ་ཞེས་བྱ་བ་ལ། མཐུའི་དོན་ཀྱང་ཚིགས་བཅད་བཅུས་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །ཡོངས་སྨིན་ཞེས་ བྱ་བ་ལ་བདག་ཡོངས་སུ་སྨིན་པ་དང་། སེམས་ཅན་ཡོངས་སུ་སྨིན་པ་ཉི་ཤུས་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་དེ་ཞེས་བྱ་བ་ལ། བྱང་ཆུབ་ཀྱི་སྐབས་ཀྱང་ཚིགས་སུ་བཅད་པ་བརྒྱད་ཅུ་བདུན་གྱིས་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་ཀྱི་སྐབས་འདི་དང་པོ་ནས་བརྩམས་ ཏེ་བྱང་ཆུབ་ཀྱི་ལེའུ་དང་སྦྱར་བར་རིག་པར་བྱའོ་ཞེས་བྱ་བ་ལ། དང་པོའི་སྐབས་ནས་བརྩམས་ཏེ་བྱང་ཆུབ་ཀྱི་སྐབས་ཀྱི་བར་དུ་བཤད་པ་འདི་དག་རྣལ་འབྱོར་སྤྱོད་པའི་ས་བྱང་ཆུབ་སེམས་དཔའི་ས་ལས་རིམ་པ་ཇི་སྐད་དུ་འབྱུང་བ་དེ་བཞིན་དུ་འདིར་ཡང་སྦྱར་བར་བྱའོ་ཞེས་བྱ་བའི་དོན་ཏོ། །མདོ་སྡེའི་རྒྱན་ བམ་པོ་གཉིས་པའི་བཤད་པ་རྫོགས་སོ།། །།མོས་པའི་མཚན་ཉིད་རྣམ་པར་དབྱེ་བ་ལ། །ཚིགས་སུ་བཅད་པ་གཉིས་ཏེ་ཞེས་བྱ་བ་ལ། བྱང་ཆུབ་ཀྱི་སྐབས་ཀྱི་རྗེས་ལ་མོས་པའི་སྐབས་བཤད་པར་འབྲེལ་པ་ཅི་ཡོད་ཅེ་ན། འདི་ཡན་ཆད་དུ་བདག་དང་གཞན་གྱི་དོན་བྱས་ནས་བྱང་ ཆུབ་ཀྱི་སྐབས་ཀྱི་བར་དུ་བྱང་ཆུབ་སེམས་དཔའི་བསླབ་པ་དམིགས་པའི་ཁྱད་པར་བཤད་ནས། ད་ནི་དམིགས་པའི་ཡུལ་དེ་ལ་ཇི་ལྟར་བསླབ་པར་བྱ་བ་དེ་སྟོན་ཏོ། །དེ་ལ་ཇི་ལྟར་བསླབ་པར་བྱ་ཞེ་ན། རྣམ་པ་གཉིས་ལ་བསླབ་པར་བྱ་སྟེ། བསམ་པའི་ཁྱད་པར་དང་སྦྱོར་བའི་ཁྱད་པར་གྱིས་སོ། ། དེ་ལ་སྦྱོར་བའི་ཁྱད་པར་ལ་ཡང་རྣམ་པ་བཞི་སྟེ། ཆོས་ཡོངས་སུ་ཚོལ་བ་དང་། བདག་དང་གཞན་ལ་ཕན་པ་བསྒྲུབ་པ་དང་། བདག་དང་གཞན་ལ་ཕན་པ་རྣམ་པར་དག་པ་དང་། བདག་དང་གཞན་ལ་ཕན་པ་མཐར་བྱུང་བའོ། །དེ་ལ་བསམ་པའི་ཁྱད་པར་གྱིས་བསླབ་པ་ནི་དམ་པའི་ཆོས་ལ་ མོས་པ་དང་། དད་པ་བསྐྱེད་པར་བྱ་བ་སྟེ། ཡང་བདག་དང་གཞན་གྱི་དོན་ལ་བརྩམས་ནས་བྱང་ཆུབ་ཀྱི་དོན་གྱི་བར་དུ་རྒྱུ་དང་འབྲས་བུར་གྱུར་པ་ཕྱིན་ཅི་མ་ལོག་པ་ཆོས་ལྔ་རྣམས་ཀྱི་རང་བཞིན་གང་ཡིན་པ་མཐོང་བ་རྣམས་ཀྱིས་ཟབ་ཅིང་རྒྱ་ཆེ་བའི་ཆོས་དེ་དག་ལ་དང་པོ་ཉིད་དུ་དད་པ་དང་མོས་པ་མང་བར་ བྱ་སྟེ། དེ་བས་ན་བྱང་ཆུབ་ཀྱི་སྐབས་ཀྱི་རྗེས་ལ་མོས་པའི་སྐབས་བཤད་པར་འབྲེལ་ཏོ། །ཡང་ན་གོང་དུ་རིགས་ལ་གནས་པའི་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཏུ་སེམས་བསྐྱེད་ནས། བྱང་ཆུབ་སེམས་དཔའི་བསླབ་པ་ལ་བསླབ་པར་བྱའོ་ཞེས་གླེངས་སོ། །དེ་ལ་བྱང་ཆུབ་སེམས་དཔའི་བསླབ་ པ་གསུམ་སྟེ། གང་ལ་བསླབ་པར་བྱ་བ་དང་། ཇི་ལྟར་བསླབ་པར་བྱ་བ་དང་། གང་གིས་བསླབ་པར་བྱ་བ་ལས་བདག་དང་གཞན་གྱི་དོན་བསྒྲུབས་ནས་བྱང་ཆུབ་ཀྱི་བར་དུ་བསླབ་པར་བྱ་བ་ནི་བསྟན་ཟིན་ཏོ། །ད་ནི་ཇི་ལྟར་བསླབ་པར་བྱ་བ་དེ་སྟོན་ཏོ། །དེ་ལ་ཡང་ཇི་ལྟར་བསླབ་པར་བྱ་ཞེ་ན། ཆོས་ལ་ མོས་པ་མང་བ་དང་། ཆོས་བཙལ་བ་དང་། ཆོས་བཤད་པ་དང་། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་བསྒྲུབ་པ་དང་། བསྟན་པ་དང་། གདམས་ངག་འཆད་པ་དང་། གདམས་ངག་ལ་གནས་པར་བྱ་བ་དང་། ཐབས་ཀྱིས་ཡོངས་སུ་ཟིན་པའི་ལུས་དང་། ངག་དང་ཡིད་ཀྱི་ལས་དང་ལྡན་པར་བྱ་ བའི་རིམ་པས་བསླབ་པར་བྱ་སྟེ། དེ་བས་ན་བྱང་ཆུབ་ཀྱི་སྐབས་ཀྱི་རྗེས་ལ་མོས་པའི་སྐབས་བཤད་པར་འབྲེལ་ཏོ། །དེ་ལ་མོས་པ་དང་དད་པ་དང་ཡིད་ཆེས་པ་ཞེས་བྱ་བ་དག་ནི་དོན་གཅིག་སྟེ་ཚིག་གི་རྣམ་གྲངས་ཙམ་དུ་ཟད་དོ། །དེ་ལ་གཟུགས་ལ་སོགས་པའི་ཕུང་པོ་ལ་སོགས་པ་བརྩམས་ནས་ཕུང་ པོའི་དོན་གང་ཞེ་ན། གང་ཅུང་ཟད་གཟུགས་འདས་པ་དང་། མ་འོངས་པ་དང་། ད་ལྟར་གྱི་དང་། རགས་པ་དང་། ཕྲ་བ་དང་། ངན་པ་དང་། བཟང་པོ་དང་། ཉེ་བ་དང་། རིང་བ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ནས་གཟུགས་ཀྱི་ཕུང་པོའི་གྲངས་སུ་འགྲོའོ་ཞེས་བྱ་བ་བཞིན་དུ་མདོ་སྡེ་ལས་མོས་པ་ལ་ ཡང་འདས་པ་དང་། ད་ལྟར་དང་། མ་འོངས་པ་དང་། ནང་དང་། ཕྱི་དང་། རགས་པ་དང་། ཕྲ་བ་དང་། ངན་པ་དང་། བཟང་པོ་དང་། ཉེ་བ་དང་རིང་བ་ཞེས་ཕྱེ་ནས་བསྟན་ཏེ། དེ་ལྟར་མོས་པའི་མཚན་ཉིད་ཀྱི་དཔེ་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་གཉིས་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །སྐྱེས་ དང་ཞེས་བྱ་བ་ལ། ལས་དང་། འབྲས་བུ་དང་། བདེན་པ་དང་། དཀོན་མཆོག་ལ་སོགས་པ་ལ་ཡིད་ཆེས་པ་འདས་པའི་དུས་སུ་བྱུང་བ་དང་། ད་ལྟར་གྱི་དུས་སུ་འབྱུང་བ་ལ་སྐྱེས་པའི་མོས་པ་ཞེས་བྱའོ། །ལས་དང་འབྲས་བུ་ལ་སོགས་པ་ལ་ཡིད་ཆེས་པའི་དད་པ་མ་འོངས་པ་ནས་འབྱུང་བར་འགྱུར་ བ་ལ་མ་སྐྱེས་པའི་མོས་པ་ཞེས་བྱའོ། །མོས་པ་ནི་སེམས་ལས་བྱུང་བའི་ཆོས་ཡིན་ཏེ། སེམས་ལས་བྱུང་བའི་ཆོས་ཆེས་མོས་པ་ནི་ཐེག་པ་ཆེན་པོའི་ཆོས་ལ་དམིགས་ནས་འདི་ནི་དེ་བཞིན་དུ་བདེན་ནོ་ཞེས་དད་ཅིང་ཡིད་ཆེས་པར་འགྱུར་བའི་འཛིན་པ་ཞེས་བྱའོ། །འདི་ནི་ནང་གི་མོས་པས་སོ། །ལས་ དང་འབྲས་བུ་ལ་སོགས་པ་ལ་ཡིད་ཆེས་པ་ནི་མོས་པ་དང་འདས་པའི་དུས་སུ་བྱུང་བ་ལ་དམིགས་ནས་དགའ་བ་སྐྱེས་ཏེ། མོས་པ་སྔོན་དུ་བྱུང་བ་ནི་ལེགས་སོ་ཞེས་རོ་མྱང་བ་དང་། རྗེས་སུ་ཡི་རང་བ་དང་། མངོན་པར་དགའ་བར་བྱེད་པ་ནི་གཟུང་བར་འགྱུར་བའི་མོས་པ་ཞེས་བྱ་སྟེ། འདིས་ནི་ཕྱི་རོལ་གྱི་མོས་པ་བསྟན་ཏོ། །ནམ་དགེ་བའི་བཤེས་གཉེན་གྱིས་བསྟན་པའི་བསླབ་པ་ལས་མོས་པ་དང་། དད་པ་སྐྱེས་པ་ནི་གྲོགས་ལས་བླངས་པའི་མོས་པ་ཞེས་བྱ་སྟེ། དེ་ནི་མོས་པ་རགས་པའོ། །བདག་ཉིད་ལ་མོས་པ་དང་། དད་པའི་ས་བོན་དང་། རིགས་ཡོད་པ་ལས་མོས་པ་ སྐྱེས་པ་ནི་བདག་ཉིད་ཀྱི་མོས་པ་ཞེས་བྱ་སྟེ། མོས་པ་འདི་ནི་ཕྲ་བའོ། །མུ་སྟེགས་པའི་ཆོས་བདག་དང་སེམས་ཅན་ཡོད་པར་བཤད་པ་ལ་ཡིད་ཆེས་ཤིང་དད་པའི་མོས་པ་ནི་ནོར་བའི་མོས་པ་ཞེས་བྱ་སྟེ། འདི་ནི་མོས་པ་ངན་པའོ། །དེ་བཞིན་གཤེགས་པའི་གསུང་རབ་མི་རྟག་པ་དང་སྡུག་བསྔལ་ བར་འཆད་པ་ལ་ཡིད་ཆེས་པའི་མོས་པ་ནི་གཞན་དུ་མ་ནོར་བའི་མོས་པ་ཞེས་བྱ་སྟེ། མོས་པ་དེ་ནི་བཟང་པོའོ། །མོས་པ་སྐྱེ་བའི་རྒྱུ་རྐྱེན་ཀུན་ཚོགས་ནས་མོས་པ་སྐྱེས་པར་གྱུར་པ་དང་མངོན་དུ་མོས་པ་ཞེས་བྱ་སྟེ། འདི་ནི་མོས་པ་ཉེ་བའོ། །མོས་པ་སྐྱེ་བའི་རྒྱུ་རྐྱེན་མ་ཚོགས་པས། མོས་པ་མངོན་དུ་ མ་སྐྱེས་པ་དེ་ནི་གཞན་ཞེས་བྱ་སྟེ། འདི་ནི་མོས་པ་རིང་བའོ། །དགེ་བའི་བཤེས་གཉེན་ལ་བརྟེན་ནས་དམ་པའི་ཆོས་ཉན་པ་ལས་མོས་པ་འབྱུང་བ་ནི་སྒྲ་སྤྱོད་པའི་མོས་པ་ཞེས་བྱའོ། །ཇི་ལྟར་ཐོས་པའི་ཆོས་རྣམས་རིག་པ་བཞིས་སེམས་དང་སེམས་ལས་བྱུང་བའི་མོས་པ་ལ་ནི་ཚོལ་བའི་མོས་ པ་ཞེས་བྱའོ། །སྒོམ་སྒོམ་སྟེ་ཆོས་ཀྱི་དོན་རྟོགས་པ་ལས་བྱུང་བའི་མོས་པ་ལ་ནི་ལྟ་བའི་མོས་པ་ཞེས་བྱའོ། །མོས་པ་སྐྱེས་ཀྱང་བདུད་དང་མུ་སྟེགས་ལ་སོགས་པས་དྲངས་ནས་མོས་པ་གྱུར་ན་ནི་འཕྲོག་པའི་མོས་པ་ཞེས་བྱ་སྟེ། འདི་ནི་མོས་པ་ཆུང་ངུའོ། །སྐབས་སུ་དད་པ་ཡང་འབྱུང་ལ་མ་དད་ པ་ཡང་འབྱུང་བ་ལ་ནི་མོས་པ་ཡང་རྣམ་པར་འདྲེས་པའི་མོས་པ་ཞེས་བྱ་སྟེ། འདི་ནི་མོས་པ་འབྲིང་ངོ་། །དད་པ་འབའ་ཞིག་རྒྱུན་དུ་འབྱུང་གི་མ་དད་པ་ནི་མི་འབྱུང་བའི་མོས་པ་ལ་ནི་མི་མཐུན་ཕྱོགས་མ་འདྲེས་པའི་མོས་པ་ཞེས་བྱ་སྟེ། དེ་ནི་མོས་པ་ཆེན་པོའོ། །སྐབས་སུ་དད་པ་ཡང་འབྱུང་། ཉན་ ཐོས་དང་རང་སངས་རྒྱས་ཀྱི་ཆོས་ལ་མོས་པ་ནི་ཆུང་ངུའི་མོས་པ་ཞེས་བྱའོ། །ཐེག་པ་ཆེན་པོའི་ཆོས་ལ་དད་པ་ནི་རྒྱ་ཆེ་བའི་མོས་པ་ཞེས་བྱའོ། །མོས་པ་སྤྱོད་པའི་ས་དྲོད་ནས་ས་བཅུ་མན་ཆད་ཡོན་ཏན་ཁྱད་པར་ཅན་གོང་མ་ཐོབ་པར་མོས་པ་ལས་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ལས་བར་ དུ་གཅོད་པ་ཡོད་པའི་མོས་པ་ནི་བསྒྲིབས་པའི་མོས་པ་ཞེས་བྱའོ། །ཡོན་ཏན་གོང་མ་ཐོབ་པར་བྱ་བ་ལ། བར་དུ་གཅོད་པ་མེད་པའི་མོས་པ་ནི་མ་བསྒྲིབས་པའི་མོས་པ་ཞེས་བྱའོ། །མོས་པ་གུས་པ་དང་བཅས་པ་དང་། རྒྱུན་མི་འཆད་པར་འབྱུང་བའི་མོས་པ་ནི་ལྡན་པའི་མོས་པ་ཞེས་བྱའོ། མོས་ པ་གུས་པ་དང་བཅས་པ་དང་། རྒྱུན་འཆད་པ་ལ་ནི་མི་ལྡན་པའི་མོས་པ་ཞེས་བྱའོ། །ས་དང་པོར་ཆོས་ཀྱི་དབྱིངས་རྟོགས་པའི་རྒྱུར་འགྱུར་བའི་མོས་པ་སྤྱོད་པའི་སར་བསྐལ་པ་གྲངས་མེད་པ་གཅིག་ཏུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པ་དང་ལྡན་པ་ལ་ནི་ཚོགས་བསགས་པའི་མོས་པ་ཞེས་ བྱའོ། །ཆོས་ཀྱི་དབྱིངས་རྟོགས་པར་འགྱུར་བའི་རྒྱུ་བསྐལ་པ་གྲངས་མེད་པ་གཅིག་ཏུ་བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་བསགས་པ་དང་ལྡན་པའི་མོས་པ་མེད་པ་ནི་ཚོགས་མེད་པའི་མོས་པ་ཞེས་བྱའོ། །ས་དང་པོ་ནས་ས་བདུན་མན་ཆད་ཀྱི་བྱང་ཆུབ་སེམས་དཔའི་མོས་པ་ནི་བརྟན་པར་ཞུགས་ པའི་མོས་པ་ཞེས་བྱ་སྟེ། མོས་པ་ལ་བྲི་བ་དང་ཉམས་པ་མེད་པའི་ཕྱིར་རོ། །ས་བརྒྱད་ནས་ས་བཅུའི་བར་གྱི་བྱང་ཆུབ་སེམས་དཔའི་མོས་པ་ལ་ནི་རིང་དུ་སོང་བའི་མོས་པ་ཞེས་བྱ་སྟེ། རྣམ་པར་མི་རྟོག་པ་ལྷུན་གྱིས་གྲུབ་པ་དང་ལྡན་པའི་མོས་པ་ཡོད་པའི་ཕྱིར་རོ། །མོས་པའི་བར་དུ་གཅོད་པ་ལ་ ཚིགས་སུ་བཅད་པ་གསུམ་མོ་ཞེས་བྱ་བ་ལ། ཚིགས་སུ་བཅད་པ་གཉིས་ཀྱིས་མོས་པའི་མཚན་ཉིད་དང་རབ་ཏུ་དབྱེ་བ་བསྟན་ནས་ཚིགས་སུ་བཅད་པ་གསུམ་གྱིས་མོས་པ་ཕྱེ་སྟེ་བཤད་པ་དེ་དག་གིས་བགེགས་དང་བར་དུ་གཅོད་པ་སྟོན་ཏོ་ཞེས་བྱ་བའི་དོན་ཏོ། །ཡིད་ལ་མི་བྱེད་པ་མང་པོ་དང་ཞེས་བྱ་བ་ལ། སྐྱེས་པའི་མོས་པ་ལ་ནི་ཡིད་ལ་མི་བྱེད་པ་མང་བར་བར་དུ་གཅོད་དེ། ཅིའི་ཕྱིར་ཞེ་ན། འདས་པ་དང་ད་ལྟར་གྱི་དུས་སུ་མོས་པ་འབྱུང་བ་ལ་ཡང་དེ་ཉིད་ལ་མངོན་སུམ་དུ་མ་བྱས་ན་མེད་པར་འགྱུར་བའི་ཕྱིར་རོ། །ལེ་ལོ་ཞེས་བྱ་བ་ལ་མ་སྐྱེས་པའི་མོས་པ་ལ་ནི་ལེ་ལོ་བར་དུ་གཅོད་དེ་བསྐྱེད་པར་བྱ་བའི་ཕྱིར་ བརྩོན་འགྲུས་བརྩམས་ཏེ། གཞན་ན་སྐྱེ་བར་མི་འགྱུར་བའི་ཕྱིར་རོ། །རྣལ་འབྱོར་འཁྲུགས་པ་དང་ཞེས་བྱ་བ་ལ། གཟུང་བ་དང་འཛིན་པར་འགྱུར་བའི་མོས་པ་ལ་ནི་རྣལ་འབྱོར་འཁྲུགས་པ་བར་དུ་གཅོད་དེ་རྣལ་འབྱོར་འཁྲུགས་པ་ཞེས་བྱ་བ་ནི་འདས་པའི་སེམས་བསྐྱེད་པ་ལ་གཟུང་ བའི་དངོས་པོ་ལ་ཆགས་པ་དང་ད་ལྟར་གྱི་མོས་པའི་སེམས་བསྐྱེད་པ་ལ་ནི་འཛིན་པའི་དངོས་པོར་ཆགས་པ་ནི་རྣལ་འབྱོར་འཁྲུགས་པ་ཞེས་བྱ་སྟེ། དེ་ལྟར་གྱུར་ན་གཟུང་འཛིན་དང་བྲལ་བའི་ཏིང་ངེ་འཛིན་གྱིས་ཐོབ་པས་བར་དུ་གཅོད་པ་ཡིན་ནོ། །གྲོགས་པོ་ངན་དང་ཞེས་བྱ་བ་ལ། གྲོགས་ལས་བླངས་པའི་ མོས་པ་ལ་ནི་གྲོགས་པོ་ངན་པས་བར་དུ་གཅོད་དེ། སྔོན་དགེ་བའི་བཤེས་གཉེན་གྱིས་ཡང་དག་པར་འཛིན་དུ་བཅུག་ཀྱང་ཕྱིས་སྡིག་པའི་གྲོགས་པོས་བླངས་པའི་ཆོས་འཛིན་དུ་བཅུག་པས་སྔར་གཟུང་བ་ཆུད་ཟོས་པའི་ཕྱིར་རོ། །དགེ་གཞན་ཞེས་བྱ་བ་ལ། བདག་ཉིད་ལས་བྱུང་བའི་མོས་པ་ལ་ནི་དགེ་བ་གཞན་ ལ་བར་དུ་གཅོད་དེ། བདག་ལ་མོས་པའི་ས་བོན་དང་རིགས་ཡོད་ཀྱང་དེ་ལྡང་ཞིང་སྐྱེ་བར་འགྱུར་བའི་དགེ་བ་ཆེར་མ་བསགས་ན་རིགས་ཡོད་པས་ཀྱང་སྐྱེ་བར་མི་འགྱུར་བས་ན་བར་དུ་གཅོད་དོ། །ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་ཅེས་བྱ་བ་ལ། མ་ནོར་བའི་མོས་པ་ལ་ནི་ཚུལ་བཞིན་མ་ཡིན་པས་ ཡིད་ལ་བྱེད་པ་བར་དུ་གཅོད་དེ། རྟག་པ་དང་། བདེ་བ་དང་། གཙང་བ་དང་། བདག་ཏུ་ཡིད་ལ་བྱས་ན་བདག་མེད་པ་དང་མི་རྟག་པ་ལ་སོགས་པར་ཡིད་ལ་བྱེད་པ་མེད་པར་འགྱུར་བའི་ཕྱིར་རོ། །བག་མེད་པ་དང་ཞེས་བྱ་བ་ལ། མངོན་དུ་བའི་མོས་པ་ལ་ནི་བག་མེད་པས་བར་དུ་གཅོད་དེ། ཅིའི་ ཕྱིར་ཞེ་ན། མངོན་དུ་བའི་མོས་པ་ནི་འདོད་མ་ཆགས་པ་དང་། ཞེ་མི་སྡང་བ་དང་། གཏི་མི་མུག་པ་དང་། བརྩོན་འགྲུས་ཀྱི་རྐྱེན་ལས་སྐྱེ་ལ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་ལེ་ལོ་བཞི་ནི་བག་མེད་པ་ཡིན་ཏེ། བག་མེད་པ་དེ་བྱུང་ན་མངོན་དུ་བའི་མོས་པ་དེ་མི་འབྱུང་བས་བར་དུ་གཅོད་པ་ཡིན་ ནོ། །ཐོས་ཉུང་བ་ཞེས་བྱ་བ་ལ། སྒྲ་སྤྱོད་པའི་མོས་པ་ལ་ནི་ཐོས་པ་ཉུང་བས་བར་དུ་གཅོད་དོ། །ཅིའི་ཕྱིར་ཞེ་ན། བཀྲི་བའི་དོན་གྱི་མདོ་སྡེ་ཙམ་ཐོས་ཀྱི་ངེས་པའི་དོན་གྱི་མདོ་སྡེ་མ་ཐོས་ན་སྟོང་པ་དང་བདག་མེད་པར་བཤད་པ་ཐོས་པ་དང་། སྐྲག་པར་འགྱུར་བའི་ཕྱིར་རོ། །ཐོས་དང་བསམ་པ་ཉུང་ ངུས་དགའ། །ཞེས་བྱ་བ་ལ། ཚོལ་བའི་མོས་པ་ལ་ནི་ཐོས་པ་ཙམ་གྱིས་ཆོག་པར་འཛིན་པ་དང་། ཐོས་པ་ལ་ཡང་ཅུང་ཟད་ཙམ་གྱིས་བསམ་པ་ཆོག་པར་འཛིན་པ་བར་དུ་གཅོད་དོ། །ཐོས་པ་དེ་ལ་མ་བསམས་པ་དང་། བསམས་པ་ལ་ཡང་བསམ་པ་རྒྱ་ཆེར་མ་བྱས་ན་ནི་བསམས་པའི་དོན་ཀུན་རྟོགས་པར་ མི་འགྱུར་བས་བར་དུ་གཅོད་དོ། །ཞི་བ་ཙམ་གྱིས་ང་རྒྱལ་དང་། །ཞེས་བྱ་བ་ལ་ལྟ་བའི་མོས་པ་ལ་ནི་བསམས་པ་ཙམ་གྱིས་ཆོག་པར་འཛིན་པ་དང་། ཞི་གནས་བསྒོམས་པ་ཙམ་གྱིས་ཆོག་པར་འཛིན་ཅིང་ང་རྒྱལ་བྱས་ཏེ། ལྷག་མཐོང་མི་བསྒོམ་པར་བར་དུ་གཅོད་དེ། བསམས་པ་ཙམ་གྱིས་ཆོག་ པར་འཛིན་པ་ལ་མ་བསྒོམས་ན་བསྒོམ་པས་མཐོང་བར་བྱ་བའི་དོན་མི་ཐོབ་པ་དང་། ཞི་གནས་ཙམ་བསྒོམས་ཏེ་ལྷག་མཐོང་མ་བསྒོམས་ན་བདེན་པ་རྟོགས་པར་མི་འགྱུར་བའི་ཕྱིར་བར་དུ་གཅོད་དོ། །མ་འདྲེས་པ་ཡང་དེ་བཞིན་རིགས། །ཞེས་བྱ་བ་ལ། དེ་བཞིན་དུ་འཕྲོགས་པ་དང་རྣམ་པར་འདྲེས་ པའི་རིགས་པ་ལ་ནི་འདྲེས་པར་མ་བྱས་པས་བར་དུ་གཅོད་དེ། ཡང་ནས་ཡང་དུ་གོམས་པར་བྱས་ཤིང་འདྲིས་པར་མ་བྱས་ན་མོས་པ་གཞན་གྱིས་འཕྲོགས་པར་ཡང་འགྱུར་ལ་མ་དད་པ་དང་དད་པར་འདྲེས་པའི་མཚན་མ་འབྱུང་བས་མ་འདྲེས་པ་ལ་ཡང་བར་དུ་གཅོད་དོ། །མི་སྐྱོ་བ་དང་ཞེས་བྱ་བ་ལ་ཐེག་པ་ ཆུང་ངུའི་མོས་པ་ལ་ནི་འཁོར་བའི་མཐའི་རྐྱེན་གྱིས་མི་སྐྱོ་བར་བར་དུ་གཅོད་དེ་འཁོར་བའི་ཆོས་ཀྱིས་མི་སྐྱོ་བ་མེད་དེ་འཁོར་བར་དགའ་ནས་འཁོར་བ་ལས་འདས་པའི་མྱ་ངན་ལས་འདས་པ་མི་འཐོབ་པའི་ཕྱིར་རོ། །དེ་བཞིན་དུ་སྐྱོ་ཞེས་བྱ་བ་ལ། རྒྱ་ཆེན་པོ་ཐེག་པ་ཆེན་པོའི་ཆོས་ལ་མོས་པ་ལ་ནི་འཁོར་བར་སྐྱོ་ བར་བར་དུ་གཅོད་དེ། འཁོར་བར་སྐྱོ་བར་གྱུར་པ་ན་འཁོར་བ་ན་བདག་དང་གཞན་གྱི་དོན་མི་བྱེད་ཅིང་མྱ་ངན་ལས་འདས་པའི་ཕྱིར་རོ། །མ་བསྒྲིབས་པའི་མོས་པ་ནི་བསྒྲིབས་པའི་མོས་པས་བར་དུ་གཅོད་དེ། མོས་པ་སྤྱོད་པའི་ས་དྲོད་ནས་ས་བཅུ་མན་ཆད་དུ་ཁྱད་པར་དུ་འགྲོ་བའི་མོས་པ་ལ་འདོད་ཆགས་ དང་ཞེ་སྡང་དང་བཅས་པའི་མོས་པ་ཡོད་པར་གྱུར་ན་སྒྲིབ་པ་མེད་པའི་མོས་པ་མི་འབྱུང་བའི་ཕྱིར་རོ། །མི་ལྡན་པ་ཞེས་བྱ་བ་ལ་ལྡན་པའི་མོས་པ་ལ་ནི་མི་ལྡན་པའི་མོས་པ་བར་དུ་གཅོད་དེ། གུས་པར་བྱེད་པ་མེད་པ་དང་། རྟག་པར་བྱེད་པ་མེད་པའི་མོས་པ་བྱུང་ན་གུས་པ་དང་བཅས་པ་དང་། རྟག་པ་དང་བཅས་པའི་མོས་པ་མི་འབྱུང་བའི་ཕྱིར་རོ། །ཚོགས་རྣམས་བསགས་པ་དག་ཀྱང་ཞེས་བྱ་བ་ལ་སོགས་པའི་མོས་པ་ནི་ཚོགས་མ་བསགས་པས་བར་དུ་གཅོད་དེ། ས་དང་པོ་ཐོབ་པར་འགྱུར་བའི་རྒྱུ་བསྐལ་པ་གྲངས་མེད་པ་གཅིག་ཏུ་བསོད་ནམས་དང་ཡེ་ཤེས་ བསགས་པ་མེད་ན་ས་དང་པོར་ཆོས་ཀྱི་དབྱིངས་རྟོགས་པར་འགྱུར་བའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསྐལ་པ་གྲངས་མེད་པ་གཅིག་ཏུ་བསགས་པའི་ཚོགས་དང་མི་ལྡན་པའི་ཕྱིར་རོ། །མོས་པའི་བར་དུ་གཅོད་པར་བྱ། །ཞེས་བྱ་བ་ལ་ཡིད་མི་བདེ་བ་མང་པོ་ནས་བརྩམས་ཏེ། ཚོགས་མ་ བསགས་པའི་བར་དུ་ནི་འདི་དག་མོས་པའི་རབ་ཏུ་དབྱེ་བའི་བར་དུ་གཅོད་པ་ཡིན་པར་རིག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །མོས་པའི་ཡོན་ཏན་ལ་ཚིགས་སུ་བཅད་པ་ལྔ་སྟེ་ཞེས་བྱ་བ་ལ་ཚིགས་སུ་བཅད་པ་གཉིས་ཀྱིས་མོས་པའི་རབ་ཏུ་དབྱེ་བ་བསྟན། ཚིགས་སུ་བཅད་པ་གསུམ་གྱིས་མོས་པའི་བར་ དུ་གཅོད་པ་བསྟན་ཏེ། ད་ནི་ཚིགས་སུ་བཅད་པ་ལྔས་མོས་པའི་ཡོན་ཏན་རབ་ཏུ་ཕྱེ་བ་ལ་བར་ཆད་དེ་དག་གིས་བར་དུ་གཅོད་པར་མ་བྱས་ན་མོས་པ་ཡོན་ཏན་དང་ལྡན་པར་འགྱུར་རོ་ཞེས་བྱ་བ་སྟོན་ཏོ་ཞེས་བྱ་བའི་ཡོན་ཏན་ནོ། །བསོད་ནམས་ཆེ་ཞིང་ཞེས་བྱ་བ་ལ་སྐྱེས་པའི་མོས་པ་རྣམ་པ་གཉིས་ཏེ། ད་ལྟར་ གྱི་མོས་པ་དང་འདས་པའི་མོས་པ་གཉིས་ལས། ད་ལྟར་གྱི་མོས་པ་ལ་ནི་བསོད་ནམས་ཆེ་བའི་ཡོན་ཏན་འཐོབ་སྟེ། ད་ལྟར་གྱི་དུས་ན་ཐེག་པ་ཆེན་པོའི་ཆོས་ལ་མོས་པ་སྐྱེས་མ་ཐག་ཏུ་བསོད་ནམས་ཀྱི་ཚོགས་དཔག་ཏུ་མེད་པ་འཕེལ་བར་འགྱུར་བའི་ཕྱིར་རོ། །འགྱོད་པ་མེད་པའི་བྱ་བ་ལ། །འདས་པའི་ མོས་པ་ནི་འགྱོད་པ་མེད་པའི་ཡོན་ཏན་འཐོབ་སྟེ། ཅིའི་ཕྱིར་ཞེ་ན། སྔོན་ཐེག་པ་ཆེན་པོའི་ཆོས་ལ་མོས་པ་བྱུང་བ་མཐོང་ན་དགའ་བའི་ཁྱད་པར་སྐྱེ་བའི་སེམས་གདུང་བ་མི་སྐྱེ་བའི་ཕྱིར་རོ། །ཡིད་བདེ་བ་ཆེན་པོ་སྟེ་ཞེས་བྱ་བ་ལ་གཟུང་བའི་མོས་པ་དང་། འཛིན་པའི་མོས་པ་གཉིས་ལ་ནི་ཡིད་བདེ་བ་དང་བདེ་བ་ ཆེན་པོའི་ཡོན་ཏན་འཐོབ་སྟེ། ཇི་ལྟ་ཞེ་ན། གཟུང་བའི་དངོས་པོ་ལ་དངོས་པོར་མ་ཆགས་པ་དེ་ཁོ་ན་ཕྱོགས་གཅིག་པའི་ཏིང་ངེ་འཛིན་གྱི་བདེ་བ་ཐོབ་པས་ཡིད་བདེ་བའི་ཡོན་ཏན་འཐོབ་བོ། །འཛིན་པ་ལ་དངོས་པོ་ལ་ཆགས་པ་སྤངས་ན་དེ་མ་ཐག་པའི་ཏིང་ངེ་འཛིན་གྱི་བདེ་བ་འཐོབ་སྟེ། དེ་བས་ན་བདེ་བ་ཆེན་ པོའི་ཡོན་ཏན་འཐོབ་བོ། །ཆུད་མི་ཟ་དང་ཞེས་བྱ་བ་ལ་གྲོགས་ལས་བླངས་པའི་མོས་པ་ལ་བར་དུ་གཅོད་པ་རྣམས་ཀྱིས་བར་ཆད་མ་བྱས་པ་ཆུད་མི་ཟ་བའི་ཡོན་ཏན་འཐོབ་སྟེ། འགྱུར་བ་མེད་པ་དང་། ཉམས་པར་མི་འགྱུར་བའི་ཕྱིར་རོ། །བརྟན་པ་དང་ཞེས་བྱ་བ་ལ་བདག་ཉིད་ཀྱི་མོས་པ་ལ་བར་ དུ་གཅོད་པ་རྣམས་ཀྱིས་བར་ཆད་མ་བྱས་ན་བརྟན་པའི་ཡོན་ཏན་འཐོབ་བོ། །ཉམས་པ་དང་མེད་པར་མི་འགྱུར་བའི་ཕྱིར་རོ། །ཁྱད་པར་འགྲོ་དང་དེ་བཞིན་དུ། །ཞེས་བྱ་བ་ལ་ནོར་བ་མེད་པ་དང་། མངོན་དུ་བ་དང་། སྒྲ་སྤྱོད་པ་དང་། ཚོལ་བ་དང་། ལྟ་བ་དང་། འཕྲོགས་པ་དང་། མ་འདྲེས་པའི་མོས་ པ་རྣམས་ལ་གལ་ཏེ་དེ་དག་གི་མི་མཐུན་པའི་ཕྱོགས་ཀྱིས་བར་དུ་མ་བཅད་ན་ཁྱད་པར་དུ་འགྲོ་བའི་ཡོན་ཏན་འཐོབ་སྟེ། ནོར་བ་མེད་པའི་མོས་པ་ལ་ནི་ནོར་བས་བར་ཆད་མ་བྱས་ན་ནོར་བ་མེད་པ་འབྲིང་ལས་ནོར་བ་མེད་པ་ཆེན་པོ་སྐྱེ་བར་འགྱུར་བ་དང་། མངོན་དུ་བ་ལ་བག་མེད་པར་བར་ཆད་མ་བྱས་ན་མངོན་དུ་ བ་འབྲིང་ལས་མངོན་དུ་བ་ཆེན་པོ་སྐྱེ་བར་འགྱུར་བ་དང་། དེ་བཞིན་ལྷག་མ་རྣམས་ལ་ཡང་བར་དུ་གཅོད་པས་བར་ཆད་མ་བྱས་ན་འབྲིང་ལས་ཆེན་པོ་སྐྱེ་བར་འགྱུར་རོ། །ཆོས་རྣམས་མངོན་པར་རྟོགས་པ་དང་། །ཞེས་བྱ་བ་ལ། མི་མཐུན་པའི་ཕྱོགས་ཀྱིས་མ་འདྲེས་པའི་མོས་པ་ལ་བར་དུ་གཅོད་ པའི་ཆོས་ཀྱིས་བར་ཆད་མ་བྱས་ན་ཆོས་རྣམས་མངོན་པར་རྟོགས་པར་འགྱུར་ཏེ། ས་དང་པོར་འཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །བདག་དང་གཞན་དོན་ཐོབ་པའི་མཆོག །ཅེས་བྱ་བ་ལ། ཉན་ཐོས་ཀྱི་ཐེག་པ་ལ་མོས་པ་ལ་བར་དུ་གཅོད་པས་བར་ཆད་མ་བྱས་ན་བདག་གིས་དོན་མཆོག་ཐོབ་པར་འགྱུར་ ཏེ་ཞེས་བྱ་བའི་དོན་ཏོ། །ཐེག་པ་ཆེན་པོ་མོས་པ་ལ་བར་དུ་གཅོད་པས་བར་ཆད་མ་བྱས་ན་བདག་དང་གཞན་གྱི་དོན་མཆོག་འཐོབ་པར་འགྱུར་ཏེ་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །མངོན་པར་ཤེས་པ་ཞེས་བྱ་བ་ལ་སྒྲིབ་པ་མེད་པའི་མོས་པ་དང་ལྡན་པའི་མོས་པ་དང་། ཚོགས་བསགས་པའི་མོས་པ་དང་། བརྟན་པར་ཞུགས་པའི་མོས་པ་དང་། རིང་དུ་སོང་བའི་མོས་པ་རྣམས་ལ་བར་དུ་གཅོད་པའི་ཆོས་ཀྱིས་བར་ཆད་མ་བྱས་ན་མངོན་པར་ཤེས་པ་མྱུར་བའི་ཡོན་ཏན་འཐོབ་སྟེ། སྒྲིབ་པ་མེད་པ་དང་ལྡན་པ་དང་ཚོགས་བསགས་པ་གསུམ་གྱིས་དང་པོ་རྣོ་བའི་མཆོག་ཐོབ། བརྟན་པར་ཞུགས་པ་དང་། རིང་དུ་སོང་བ་ཉིད་ཀྱིས་མྱུར་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་བོ་ཞེས་བྱ་བའི་དོན་ཏོ། །དེ་དག་ནི་མོས་པར་མི་འགྱུར་བའི་ཡོན་ཏན་ནོ་ཞེས་བྱ་བ་ལ་བསོད་ནམས་ཆེ་བ་ནས་མངོན་པར་ཤེས་པ་མྱུར་བའི་བར་དག་གི་ཡོན་ཏན་བཤད་པ་དེ་དག་ནི་མོས་པ་རབ་ཏུ་ དབྱེ་བའི་ཡོན་ཏན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཡན་ཆད་དུ་མོས་པའི་མཚན་ཉིད་རབ་ཏུ་དབྱེ་བ་དང་། མོས་པའི་བར་དུ་གཅོད་པ་དང་། མོས་པའི་ཡོན་ཏན་བསྟན་ནས་དེ་ཚིགས་སུ་བཅད་པ་གསུམ་དང་རྐང་པ་གཅིག་གིས་འཇིག་རྟེན་པའི་མོས་པ་དང་། འཇིག་རྟེན་ལས་འདས་པའི་མོས་པ་པས་ བྱང་ཆུབ་སེམས་དཔའི་མོས་པ་ཁྱད་ཞུགས་པར་བསྟན་ནས་དེ་ནས་ཐེག་པ་ཆེན་པོའི་མོས་པ་སྒྲུབ་དགོས་པ་སྟོན་ཏེ། དེ་ལ་ཡང་དང་པོའི་ཚིགས་བཅད་གཅིག་གིས་ནི་དོན་མདོ་ཙམ་དུ་བསྟན། དེའི་ལྷག་མ་རྣམས་ཀྱིས་དོན་དེ་ཉིད་ཞིབ་ཏུ་འཆད་དོ། །དེ་ལ་འདོད་པའི་ཁམས་ཀྱི་མོས་པ་དང་གཟུགས་ཀྱི་ཁམས་ ཀྱི་སེམས་ཅན་གྱི་མོས་པ་དང་། གཟུགས་མེད་པའི་ཁམས་ཀྱི་སེམས་ཅན་གྱི་མོས་པ་ནི་འཇིག་རྟེན་པའི་མོས་པ་ཞེས་བྱའོ། །འཕགས་པ་ཉན་ཐོས་ཀྱི་མོས་པ་དང་རང་སངས་རྒྱས་ཀྱི་མོས་པ་ནི་འཇིག་རྟེན་ལས་འདས་པའི་མོས་པ་ཞེས་བྱའོ། །འདོད་པ་ཅན་ནི་དེ་ཁྱི་འདྲ། །ཞེས་བྱ་བ་ལ། འདོད་ པའི་ཡོན་ཏན་ལྔ་ལ་ཆགས་པ་དང་ལྡན་པ་རྣམས་ནི་འདོད་པ་ཅན་ཞེས་བྱ་སྟེ། དོན་དུ་འདོད་པའི་ཁམས་ཀྱི་མོས་པ་ནི་ཁྱིའི་མོས་པ་དང་སེམས་དང་འདྲའོ་ཞེས་བྱ་བའི་དོན་ཏོ། །ཏིང་ངེ་འཛིན་པའི་རུས་སྦལ་བཞིན། །ཞེས་བྱ་བ་ལ་གཟུགས་ཀྱི་ཁམས་ཀྱི་བསམ་གཏན་བཞི་དང་། གཟུགས་མེད་པའི་ ཁམས་ཀྱི་སྙོམས་པར་འཇུག་པ་བཞི་ལ་ཆགས་པའི་སེམས་ཅན་རྣམས་ཀྱི་མོས་པ་ནི་རུས་སྦལ་གྱི་སེམས་དང་མོས་པ་དང་འདྲའོ་ཞེས་བྱ་བའི་དོན་ཏོ། །བདག་གི་དོན་བྱེད་བྲན་ལྟ་བུ། །ཞེས་བྱ་བ་ལ། བདག་གི་དོན་ལ་ཞུགས་པའི་འཕགས་པ་ཉན་ཐོས་དང་རང་སངས་རྒྱས་ཀྱི་མོས་པ་ནི་བྲན་གྱི་ སེམས་དང་མོས་པ་ལྟ་བུ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་གཞན་དོན་བྱེད་རྒྱལ་པོ་འདྲ། །ཞེས་བྱ་བ་ལ། གཞན་དོན་བྱེད་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མོས་པ་ནི་རྒྱལ་པོའི་སེམས་དང་མོས་པ་འདྲའོ་ཞེས་བྱ་བའི་དོན་ཏོ། །འདིས་ནི་ཁྱད་ཞུགས་པའི་དོན་མདོར་བསྟན་ཏོ། །འདི་ཉིད་ མན་ཆད་དེ་ཉིད་ཞིབ་ཏུ་འཆད་དེ། འདོད་པ་ཅན་གྱི་ཁྱི་དང་ཇི་ལྟ་བུ་འདྲ་ཞེ་ན། དེའི་ཕྱིར་ཇི་ལྟར་དུ། ཁྱི་ནི་སྡུག་བསྔལ་དག་གིས་ཉེན། །ཞེས་སྨོས་ཏེ། དེ་བཞིན་གཡེམ་དང་ཞེས་བྱ་བར་སྦྱར་ཏེ། དཔེར་ན་ཁྱི་ནི་དུས་ཐམས་ཅད་དུ་ཁ་ཟས་འབའ་ཞིག་ལ་སེམས་ཤིང་ཁ་ཟས་ཀྱི་ཕྱིར་སེམས་འཇུག་པས་སྡུག་ བསྔལ་གྱིས་ཉེན་པ་དེ་དང་འདྲ་བར་གཡེམ་སྟེ་འདོད་པའི་ཁམས་ན་གནས་པའི་སེམས་ཅན་འདོད་པ་ལྔའི་ཡུལ་ལ་ཆགས་པ་རྣམས་ཀྱང་རྟག་ཏུ་དེ་འབའ་ཞིག་ལ་སེམས་འཇུག་པས་སྡུག་བསྔལ་ལས་ཉེན་པ་ཞེས་བྱའོ། །རྟག་ཏུ་ལྟོགས་པས་ཆོག་མི་ཤེས། །ཞེས་བྱ་བ་ལ། གཞན་ཡང་ཁྱི་ནི་རྟག་ ཏུ་ཡང་བཀྲེས་པའི་རང་བཞིན་ཅན་ཏེ་ཁ་ཟས་ཀྱིས་ཆོག་མི་ཤེས་པ་དེ་བཞིན་དུ་འདོད་པ་ལྔའི་ཡོན་ཏན་ལ་ཆགས་པ་རྣམས་ཀྱང་རྟག་ཏུ་འདོད་པ་ལྔའི་ཡོན་ཏན་ལ་སེམས་ལ་འདོད་པ་ལྔའི་ཡོན་ཏན་ལ་སྤྱད་ན་ཡང་། ཚྭ་ཆུ་འཐུང་བ་བཞིན་དུ་ངོམས་པའི་མཐའ་མེད་པས་ན་ཁྱིའི་སེམས་དང་འདྲའོ་ཞེས་ བྱ་བའི་དོན་ཏོ། །ཏིང་ངེ་འཛིན་པ་ཇི་ལྟར་རུས་སྦལ་འདྲ་ཞེ་ན། དེའི་ཕྱིར་ཇི་ལྟར། རུས་སྦལ་དེ་ནི་ཆུ་ཡི་ནང་ན་བསྐུམ་ཞིང་འདུག །ཅེས་བྱ་བ་སྨོས་ཏེ། གནས་དང་ཞེས་བྱ་བར་སྦྱར་རོ། །དཔེར་ན་རུས་སྦལ་དེ་ནི་རྒྱ་མཚོ་ཆེན་པོའི་ནང་ན་གནས་ཀྱང་རྐང་ལག་བརྐྱང་སྟེ་མི་འདུག་གི་བགུར་དང་གསབ་གསེབ་ དང་ཕུག་དག་ན་རྐང་ལག་བསྐུམ་ནས་རང་གི་ཁོག་པ་ཉིད་ཀྱི་ནང་དུ་བསྡུས་ཏེ་འདུག་པ་དེ་བཞིན་དུ་གཟུགས་ཀྱི་བསམ་གཏན་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་ལ་གནས་པའི་བསམ་གཏན་པ་རྣམས་ཀྱང་སེམས་དང་སེམས་ལས་བྱུང་བ་ནང་དུ་བསྡུས་ནས་གང་ཟག་ལ་བདག་མེད་པ་དང་ཤེས་བྱ་ རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་རྒྱ་མཚོ་སྙེད་ཡོད་པ་ལ་ཤེས་རབ་ཀྱིས་འཇུག་པ་མེད་པས་ན་རུས་སྦལ་གྱི་སེམས་དང་འདྲའོ་ཞེས་བྱ་བའི་དོན་ཏོ། །ཡང་ན་སེམས་ཅན་དེ་དག་ནི་བསམ་གཏན་དང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་ཐོབ་པ་ཙམ་གྱིས་ཆོག་པར་འཛིན་གྱི་ཡོན་ཏན་ཁྱད་པར་ཅན་མ་ཐོབ་པ་དང་། བདེན་པ་བཞི་ཁོ་ན་མ་རྟོགས་པས་ན་རུས་སྦལ་གྱི་སེམས་དང་འདྲའོ། །བདག་གི་དོན་བྱེད་པ་ཇི་ལྟར་བྲན་ལྟ་བུ་ཡིན་ཞེ་ན། དེའི་ཕྱིར། ཇི་ལྟར་བྲན་ནི་རྟག་ཏུ་འཇིགས་ཤིང་སྐྲག་པས་ལུས་ཀྱིས་ཞེས་བྱ་བ་སྨོས་ཏེ། བདག་གི་དོན་ཞེས་བྱ་བ་དང་སྦྱར་རོ། །དཔེར་ན་བྲན་ནི་རྗེ་བོའི་སེམས་སམ་ཚིག་དང་འགལ་ བ་བྱས་ན་ཆད་པས་གཅོད་པ་དང་གནོད་པ་བྱེད་དུ་འོང་ཞེས་རྟག་ཏུ་འཇིགས་པ་དང་བཅས་པས་གནས་པ་དང་། ལུས་ཀྱིས་རྗེ་བོ་ལ་སྲི་ཞུ་བྱེད་ཅིང་རྗེ་བོའི་འཁོར་ན་རྒྱུ་ཞིང་གནས་པ་དང་འདྲ་བར་ཉན་ཐོས་དང་རང་སངས་རྒྱས་རྣམས་གང་ཟག་ལ་བདག་མེད་པར་ཁོང་དུ་ཆུད་པ་དང་། ཆོས་རྣམས་ ཀྱི་རང་དང་སྤྱིའི་མཚན་ཉིད་ཁོང་དུ་ཆུད་པས་རུས་སྦལ་གྱི་མོས་པ་ལྟ་བུ་མེད་དུ་ཟིན་ཀྱང་བདག་གི་དོན་ལྷུར་བྱེད་པས་ན་འཁོར་བའི་ཆོས་ཀྱིས་རྟག་ཏུ་འཇིགས་པར་གནས་ཤིང་དེ་བཞིན་གཤེགས་པའི་བསླབ་པ་བཅས་པ་ལས་ཅུང་ཟད་ཅིག་ཉམས་པར་བྱས་ན་ཡང་བཀའ་དང་འགལ་བར་འགྱུར་བ་དང་བརླག་པར་འགྱུར་རོ་ ཞེས་རྟག་ཏུ་ཡང་སྲུང་བ་བྱེད་པ་ཙམ་དུ་ཟད་ཀྱི་གཞན་གྱི་དོན་མི་བྱེད་པས་ན་བྲན་གྱི་སེམས་དང་འདྲའོ་ཞེས་བྱ་བའི་དོན་ཏོ། །གཞན་གྱི་དོན་བྱེད་པ་ཇི་ལྟར་རྒྱལ་པོ་དང་འདྲ་ཞེ་ན། དེའི་ཕྱིར། རྒྱལ་པོ་ཡང་ནི་ཇི་ལྟར། བཀའ་ཡིས་ཡུལ་དང་དབང་བྱེད་གནས་པ་ལྟར། །ཞེས་སྨོས་ཏེ། སྐྱེ་བོ་གཞན་དག་ལ་ཞེས་བྱ་ བར་སྦྱར་རོ། །དཔེར་ན་རྒྱལ་པོ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེ་བས་དབང་དང་བཀས་ཆབ་འོག་ཏུ་དབང་བའི་འབངས་དང་། དཀོར་ལ་ཅི་དགར་བྱེད་པ་བཞིན་དུ་གཞན་གྱི་དོན་བྱེད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱང་ཤེས་རབ་དང་སྙིང་རྗེ་དང་ལྡན་པའི་ཕྱིར་ཆོས་གཉིས་ལ་དབང་བྱེད་དེ་འཁོར་བ་ལ་དབང་ བྱེད་པ་དང་མྱ་ངན་ལས་འདས་པ་ལ་དབང་བྱེད་པའོ། །དེ་ལ་ཤེས་རབ་དང་ལྡན་པས་ནི་འཁོར་བ་ལ་དབང་བྱེད་དེ་ཇི་ལྟ་ཞེ་ན། ཤེས་རབ་དང་ལྡན་པས་འཁོར་བ་ན་གནས་ཀྱང་འཁོར་བའི་ཉོན་མོངས་པ་རྣམས་ཀྱིས་མི་གོས་པའི་ཕྱིར་རོ། །སྙིང་རྗེ་དང་ལྡན་པས་ནི་མྱ་ངན་ལས་འདས་པ་ལ་དབང་བྱེད་དེ། ཇི་ལྟ་ཞེ་ན། སྙིང་རྗེ་དང་ལྡན་པས་མྱ་ངན་ལས་འདས་པ་འབའ་ཞིག་ལ་མི་གནས་ཀྱི། སེམས་ཅན་གྱི་དོན་དུ་འཁོར་བར་འཇུག་པའི་ཕྱིར་ཏེ། དེ་བས་ན་རྒྱལ་པོའི་སེམས་དང་འདྲའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཐེག་པ་ཆེན་པོའི་མོས་པ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མོས་པ་བས་ཁྱད་ཞུགས་པར་བསྟན་ ནས། ད་ནི་ཚིགས་བཅད་རྐང་པ་གསུམ་གྱིས་ཐེག་པ་ཆེན་པོའི་མོས་པ་བསྒྲུབ་པར་རིགས་པར་བསྟན་པའི་ཕྱིར། རྟག་ཏུ་མོས་པ་མང་པོའི་ཁྱད་པར་ཤེས་པར་བྱ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རྟག་ཏུ་ཞེས་བྱ་བ་ནི་དུས་ཐམས་ཅད་དུ་མོས་པ་ཁྱད་ཞུགས་ཞེས་བྱ་བའི་དོན་ཏོ། །མོས་པ་མང་པོ་ནི་ འདོད་པའི་ཁམས་ཀྱི་སེམས་ཅན་གྱི་མོས་པ་དང་། གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་སེམས་ཅན་གྱི་མོས་པ་དང་ཉན་ཐོས་དང་རང་སངས་རྒྱས་ཀྱི་མོས་པ་ཁྱད་ཞུགས་པར་ཤེས་པར་བྱའོ། །ཐེག་པ་ཆེན་པོ་མཆོག་ཚུལ་དེ་བཞིན་རིག་ནས་ནི། །དེ་ལ་བརྟེན་ལ་དེ་ལྟ་རྟག་ཏུ་དེ་ཉིད་ཚོལ། །ཞེས་བྱ་བ་ ལ། གོང་དུ་བཤད་པ་ལྟར་ན་ཐེག་པ་ཆེན་པོའི་ཆོས་ལ་མོས་པ་ནི་མོས་པའི་མཆོག་ཡིན་པ་དང་ཚུལ་བཞིན་གྱི་མོས་པ་ཡིན་པར་རིག་ནས་ཐེག་པ་ཆེན་པོའི་ཆོས་དེ་ལ་བརྟེན་པ་བྱང་ཆུབ་སེམས་དཔའ་རྣམས་དུས་ཐམས་ཅད་དུ་ཡང་ཐེག་པ་ཆེན་པོའི་ཆོས་ལ་མོས་པ་དེ་ཉིད་ཚོལ་ཞིང་དེ་ཉིད་སྒྲུབ་པར་བྱེད་དོ་ཞེས་ བྱ་བའི་དོན་ཏོ། །ཐེག་པ་ཆེན་པོའི་ཆོས་ལ་མོས་པ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མོས་པ་བས་ཁྱད་ཞུགས་པ་ཡིན་པས་མཆོག་ཅེས་བྱའོ། །བདག་དང་གཞན་གྱི་དོན་གྱི་ཐབས་འབྱུང་བས་ཚུལ་བཞིན་ཞེས་བྱའོ། །དོན་དེ་ཉིད་ཅེས་བྱ་བ་ལ། འདོད་པ་ཅན་གྱི་དེ་ཁྱི་འདྲ། །ཞེས་བྱ་བ་ལ། གཞན་དོན་བྱེད་པ་རྒྱལ་པོ་འདྲ། །ཞེས་བྱ་བ་ཡན་ཆད་ཀྱིས་རྒྱལ་པོ་ཁྱད་ཞུགས་པའི་དོན་དེ་ཉིད་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །གཞན་གྱིས་བསྒྲུབས་ནས་ཞེས་བྱ་བ་ལ། ཇི་ལྟར་ཁྱི་ནི་ཞེས་བྱ་བ་ནས་བརྩམས་ཏེ། གཞན་གྱི་དོན་སྟོན་སྐྱེ་བ་གཞན་དག་ཅེས་བྱ་བ་ཡན་ཆད་ཀྱིས་སྔར་བཤད་པའི་དོན་ ཉིད་ཕྱི་མས་ཞིབ་ཏུ་འཆད་དེ་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །ཐེག་པ་ཆེན་པོ་ལ་ཡང་དག་པར་འཛུད་དོ་ཞེས་བྱ་བ་ལ། རྟག་ཏུ་མོས་པ་ཞེས་བྱ་བ་ནས་བརྩམས་ཏེ། རྟག་ཏུ་དེ་ཉིད་ཚོལ་ཞེས་བྱ་བ་ཡན་ཆད་ཀྱིས་ཐེག་པ་ཆེན་པོའི་མོས་པ་ལ་འཛུད་པར་བྱེད་པའི་དོན་སྟོན་ཏོ་ཞེས་བྱ་བའི་དོན་ཏོ། །མོས་ ལ་ཞུམ་པ་ལ་དགག་པ། །ཞེས་བྱ་བའི་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། ཁ་ཅིག་འདི་སྙམ་དུ་བླ་ན་མེད་པའི་བྱང་ཆུབ་ནི་ལྷ་འཕགས་པས་ཐོབ་པར་འགྱུར་གྱི། མིས་ཐོབ་པར་མི་འགྱུར་རོ་སྙམ་ནས་ཞུམ་པ་དང་མིས་ཐོབ་ན་ཡང་བསྐལ་པ་གྲངས་མེད་པ་གསུམ་གྱིས་ཐོབ་པས་སྒྲུབ་དཀའོ་སྙམ་ནས་ ཞུམ་པ་དང་། དེ་ལྟར་དུས་རིང་དུ་བསྒོམས་ཀྱང་ལ་ལས་ཐོབ་ཀྱི་ཀུན་གྱིས་མི་ཐོབ་བོ་སྙམ་ནས་ཞུམ་པ་དེ་དག་ལ་རྒྱུ་རྣམ་པ་གསུམ་གྱིས་ན་ཞུམ་པར་མི་རིགས་པར་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །རྒྱུ་དང་པོ་བསྟན་པའི་ཕྱིར་མིར་གྱུར་པ་ལས་ཞེས་བྱ་བ་སྨོས་ཏེ། བླ་ ན་མེད་པའི་བྱང་ཆུབ་ནི་མིར་གྱུར་པ་ལས་ཐོབ་ཀྱི་ལྷ་ལ་སོགས་པའི་གནས་ནས་ཐོབ་པ་མ་ཡིན་པས་ནི་ཞུམ་པར་བྱ་བ་མི་རིགས་སོ་ཞེས་བྱ་བའི་དོན་ཏོ། །རྒྱུ་གཉིས་པ་བསྟན་པའི་ཕྱིར། བྱང་ཆུབ་ནི་སྐད་ཅིག་མ་རེ་རེར་འཐོབ་པར་འགྱུར་ཞེས་སྨོས་ཏེ། བྱང་ཆུབ་དེ་ཡང་དུས་རིང་པོར་བསྟན་ མི་དགོས་ཀྱི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དག་ན་སྐད་ཅིག་མ་རེ་རེ་ལ་ཡང་འཐོབ་པས་ན་ཞུམ་པར་མི་རིགས་སོ་ཞེས་བྱ་བའི་དོན་ཏོ། །རྒྱུ་གསུམ་པ་བསྟན་པའི་ཕྱིར། སེམས་ཅན་ཚད་མེད་ཅེས་སྨོས་ཏེ། །དེ་ལའང་སེམས་ཅན་ལ་ལས་ཐོབ། །ལ་ལས་མི་ཐོབ་པ་མ་ཡིན་གྱི་སེམས་ཅན་ཚད་མེད་ གྲངས་མེད་དཔག་ཏུ་མེད་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་བྱང་ཆུབ་ཐོབ་པས་ན་ཞུམ་པར་བྱར་མི་རིགས་སོ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར། ཞུམ་པ་ལ་ནི་བཟོད་མི་བྱ། །ཞེས་བྱ་བ་ལ། དེ་ལྟར་རྒྱུ་རྣམ་པ་གསུམ་གྱི་ཕྱིར་ན་ཞུམ་པའི་སེམས་སྐྱེས་པར་གྱུར་པ་དང་། བཟོད་པར་མི་བྱ་དངང་བར་མི་བྱ་བའི་ རིགས་སོ་ཞེས་བྱ་བའི་དོན་ཏོ། །མོས་པ་བསོད་ནམས་ཀྱི་ཁྱད་པར་ལ་ཚིགས་སུ་བཅད་པ་གཉིས་སོ་ཞེས་བྱ་བ་ལ། འདི་ཡན་ཆད་དུ་མོས་པའི་མཚན་ཉིད་དབྱེ་བ་ནས། མོས་པ་ལ་ཞུམ་པ་དགག་པའི་བར་དུ་བསྟན་ནས། ད་ཚིགས་སུ་བཅད་པ་གཉིས་ཀྱིས་ཉན་ཐོས་དང་རང་སངས་རྒྱས་དག་ཐེག་པ་ཆུང་ ངུ་ལ་མོས་པའི་བསོད་ནམས་པས་བྱང་ཆུབ་སེམས་དཔའ་རྣམས་ཐེག་པ་ཆེན་པོའི་ཆོས་ལ་མོས་པ་ལྷག་པར་བསོད་ནམས་དཔག་ཏུ་མེད་པ་ཇེ་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་སྨོས་སོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་བསོད་ནམས་འཕེལ་བ་ནི། །གཞན་ལ་བཟའ་བ་བྱིན་པས་སོ། །དེ་ལྟར་དེ་དག་ཟོས་པ་ ནི། །བསོད་ནམས་ཆེན་པོ་འབྱུང་མ་ཡིན། །ཞེས་བྱ་བ་ལ། འདི་ལྟར་ཁ་ཟས་ཀྱི་རོ་ལ་ཆགས་པ་དང་། ལུས་མཛེས་པར་འདོད་པ་དང་། རྒྱགས་པའི་ཕྱིར་ཁ་ཟས་ཟོས་ན་ནི་ཁ་ཟས་དེ་ཉིད་བསོད་ནམས་མ་ཡིན་པར་འགྱུར་རོ། །འགྲངས་པར་བྱ་བ་ཙམ་གྱི་བསམ་པས་ཟོས་ན་ནི་བསོད་ནམས་སུ་ ཡང་མི་འགྱུར། བསོད་ནམས་མ་ཡིན་པར་ཡང་མི་འགྱུར་རོ། །གང་གི་ཚེ་རྒྱགས་པ་ལ་སོགས་པའི་བསམ་པས་ཟ་བ་ནི་མ་ཡིན་གྱི། དཔེར་ན་ཤིང་རྟ་ཁལ་དགལ་བའི་ཕྱིར་མིག་དང་སྲོག་ཤིང་མར་གྱིས་བསྐུས་པ་དེ་བཞིན་དུ། བདག་གི་དོན་དུ་དགེ་བ་སྤྱད་པའི་ཆེད་དུ་ལུས་བརྟན་པར་བྱ་བའི་ཕྱིར་བདག་ ཉིད་ཟོས་ན་བསོད་ནམས་སུ་འགྱུར་ཡང་བསོད་ནམས་ཆེན་པོར་མི་འགྱུར་ཏེ། ཁ་ཟས་དེ་ཉིད་སེམས་ཅན་ལ་ཕན་པར་བྱ་བའི་ཕྱིར་གཞན་ལ་བྱིན་ན་བསོད་ནམས་ཆེ་ཞིང་དཔག་ཏུ་མེད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འདི་ནི་དཔེའོ། །དེའི་དོན་བསྟན་པའི་ཕྱིར། ཕ་རོལ་དོན་གནས་བསྟན་པས་ནི། ། མདོ་ལས་གསུངས་པའི་ཆོས་ཐོབ་འགྱུར། །ཞེས་བྱ་བ་སྨོས་ཏེ། ཐེག་པ་ཆེན་པོའི་མདོ་སྡེའི་ནང་ནས་ནི་ཕ་རོལ་གྱི་དོན་བྱ་བའི་ཐབས་སྟོན་པས་ཁྱད་པར་ཐེག་པ་ཆེན་པོའི་ཆོས་ལ་མོས་པར་གྱུར་པ་དང་། ཐེག་པ་ཆེན་པོའི་མདོ་སྡེ་དེ་དང་དེ་དག་གི་ནང་ནས་ཐེག་པ་ཆེན་པོའི་ཆོས་བཀླགས་ཤིང་མཉན་ནས་རྗེས་ སུ་བསྔགས་པ་བཅུ་ཐོབ་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པའི་ཡོན་ཏན་དེ་དང་དེ་དག་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རང་དོན་གནས་པའི་ཆོས་བསྟན་པས་འཐོབ་པར་འགྱུར་བ་མ་ཡིན་ནོ་ཞེས་བྱ་བ་ལ་ཉན་ཐོས་ཀྱི་ཐེག་པའི་ནང་ནས་ནི་བདག་གི་དོན་དུ་འགྱུར་བ་ཙམ་གྱི་ཐབས་ཤིག་སྟོན་པར་ཟད་ པས་ན་ཐེག་པ་ཆེན་པོའི་ཆོས་ལ་མོས་པ་ཙམ་གྱིས་བསོད་ནམས་དང་ཡོན་ཏན་ཐོབ་པར་འགྱུར་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །མོས་པའི་འབྲས་བུ་བསྡུ་བར་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། དེ་ལྟར་ཐེག་པ་ཆེན་པོའི་ཆོས་ལ་མོས་པ་བསོད་ནམས་ཆེ་བར་བསྟན་ནས་སྤྱིར་ནི་ཐེག་པ་ཆེན་པོའི་ཆོས་ ལ་མོས་པའི་འབྲས་བུ་དཔག་ཏུ་མེད་པས་འཁོར་བའི་མཐའི་བར་དུ་བརྗོད་ཀྱང་ཟད་པར་མི་འགྱུར་མོད་ཀྱི་མདོར་བསྡུས་ན་འདི་དག་འཐོབ་པོ་ཞེས་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །ཚིགས་སུ་བཅད་པ་འདིའི་བསྡུས་པའི་དོན་ནི་གང་དུ་མོས་པ་དང་། གང་གིས་མོས་ པ་དང་། ཇི་ལྟ་བུས་མོས་པ་དང་། མོས་པའི་འབྲས་བུས་གང་ཡོངས་སུ་འཛིན་པ་དེ་སྟོན་ཏོ། །དེ་ལྟར། འཕགས་པ་ཆེན་པོའི་ཆོས་ནི་ཡང་འགྱུར་བས། །ཞེས་བྱ་བས་དེ་ལྟར་ཞེས་བྱ་བ་ནི་གང་དུ་བཤད་པ་ལྟར་ན་ཞེས་བྱ་བའི་དོན་ཏོ། །ཉན་ཐོས་དང་རང་སངས་རྒྱས་ཀྱང་འཕགས་པ་ ཡིན་མོད་ཀྱི་བྱང་ཆུབ་སེམས་དཔའ་དང་དེ་བཞིན་གཤེགས་པ་དག་ནི་དེ་དག་ལས་ཀྱང་ཁྱད་ཞུགས་པ་ཡིན་པས་འཕགས་པ་ཆེན་པོ་ཞེས་བྱའོ། །དེ་དག་གི་ཆོས་ནི་ཐེག་པ་ཆེན་པོ་ལ་བྱ་སྟེ། ཐེག་པ་ཆེན་པོ་དེའི་ནང་ནས་ཀྱང་ཉན་ཐོས་དང་རང་སངས་རྒྱས་ལ་མེད་པའི་ས་དང་ཕ་རོལ་ཏུ་ཕྱིན་པས་ཡང་ འགྱུར་བ་ཞེས་བྱ་བ་སྟེ། འདིས་ནི་གང་དུ་མོས་པ་བསྟན་ཏོ། །བློ་དང་ལྡན་པས་ཞེས་བྱ་བ་ལ་བློ་དང་ལྡན་པ་ནི་བྱང་ཆུབ་སེམས་དཔའ་ལ་བྱ་སྟེ། ཐབས་དང་ཤེས་རབ་ཟུང་དུ་འབྲེལ་པའི་ཤེས་རབ་དང་ལྡན་པའི་ཕྱིར་ཏེ། འདིས་ནི་གང་གིས་མོས་པ་བསྟན་ཏོ། །རྟག་ཏུ་མོས་པ་ཆེ་ བསྐྱེད་ནས། །ཞེས་བྱ་བ་ལ། ཐེག་པ་ཆེན་པོའི་ཆོས་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྒྱུན་མ་ཆད་པར་ཞུམ་པ་དང་། སྤ་བཀོང་བ་མེད་པའི་སེམས་ཀྱིས་མོས་པ་དང་དད་པ་ཆེར་བསྐྱེད་ནས་ཞེས་བྱ་བའི་དོན་ཏོ། །འདིས་ནི་ཇི་ལྟར་མོས་པ་བསྟན་ཏོ། །དེ་ལྟར་མོས་པ་བྱས་ན་འབྲས་བུ་རྣམ་པ་གསུམ་ ཐོབ་པའི་ཕྱིར་རོ། །བསོད་ནམས་རྒྱ་ཆེན་དག་ནི་རྟག་ཏུ་རྣམ་འཕེལ་དང་། །མཚུངས་མེད་ཡོན་ཏན་དག་གིས་བདག་ཉིད་ཆེན་པོར་འགྱུར། །ཞེས་སྨོས་ཏེ། འབྲས་བུ་གསུམ་ནི་བསོད་ནམས་རྒྱ་ཆེར་འཕེལ་བ་དང་། །དེ་ཉིད་འཕེལ་བ་དང་སངས་རྒྱས་པའོ། །དེ་ལ་ཐེག་པ་ཆེན་པོའི་ཆོས་ལ་དང་པོ་མོས་ཤིང་ དད་པ་སྐྱེས་ན་བསོད་ནམས་དཔག་ཏུ་མེད་པ་སྐྱེ་བར་འགྱུར་བས་བསོད་ནམས་རྒྱ་ཆེར་འཕེལ་བ་ཞེས་བྱའོ། །དེ་ནས་ཀྱང་སངས་རྒྱས་སུ་མ་གྲུབ་ཀྱི་བར་དུ་ས་བཅུ་མན་ཆད་ཀྱི་དུས་ན་ཡང་མོས་པ་ཡང་སྦར་ཞིང་ཇེ་ཆེ་ཇེ་ཆེར་འཕེལ་བ་ལ་བསོད་ནམས་ཀྱི་ཚོགས་ཀྱང་ཆེར་འཕེལ་བར་འགྱུར་བས་ན་དེ་ནི་རྟག་ཏུ་ རྣམ་པར་འཕེལ་ཞེས་བྱའོ། །དེ་ནས་སངས་རྒྱས་ཀྱི་སའི་དུས་ན། ཉན་ཐོས་དང་རང་སངས་རྒྱས་ལ་མེད་པའི་ཡོན་ཏན་སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་ཐོབ་པས་ན་བདག་ཉིད་འཚང་རྒྱ་བར་འགྱུར་བའི་ཕྱིར། མཚུངས་མེད་ཡོན་ཏན་དག་གིས་བདག་ཉིད་ཆེན་པོར་འགྱུར། །ཞེས་བྱ་སྟེ། ཚིག་དེ་དག་གིས་ནི་མོས་པའི་འབྲས་བུས་གང་ཡོངས་སུ་འཛིན་པ་བསྟན་ཏོ། །མོས་པའི་སྐབས་བཤད་པ་རྫོགས་སོ།། །།ཆོས་ཡོངས་སུ་ཚོལ་བའི་སྐབས་ལས་ཞེས་བྱ་བ་ལ། མོས་པའི་སྐབས་བཤད་པའི་རྗེས་ལ། ཆོས་ཡོངས་སུ་ཚོལ་བའི་སྐབས་བཤད་པར་འབྲེལ་པ་ཅི་ཡོད་ཅེ་ན། ཐེག་པ་ཆེན་པོའི་ཆོས་ལ་མོས་པ་དང་དྲན་པ་མང་བའི་བྱང་ཆུབ་སེམས་དཔའི་ཆོས་ལ་མོས་པར་བྱ་བ་ཙམ་གྱིས་ཆོག་པར་བྱ་བ་མ་ཡིན་གྱི་ཆོས་བཙལ་བར་ཡང་བྱ་དགོས་ཏེ། དེ་བས་མོས་པའི་རྗེས་ལ་ཆོས་བཙལ་བའི་སྐབས་བཤད་པར་འབྲེལ་ཏོ། །དམིགས་པའང་ཡོངས་སུ་ཚོལ་བ་ཚིགས་སུ་ བཅད་པ་བཞིའོ་ཞེས་བྱ་བ་ལ། ཆོས་བཙལ་བ་ལ་ཡང་རྣམ་པ་གསུམ་བཙལ་བར་བྱ་སྟེ། དམིགས་པ་ཡོངས་སུ་བཙལ་བ་དང་། དམིགས་པ་རྙེད་པ་ཡོངས་སུ་བཙལ་བ་དང་། ཡིད་ལ་བྱེད་པ་ཡོངས་སུ་བཙལ་བའོ། །དེ་ལས་ཉན་པའི་ཤེས་རབ་དང་། བསམ་པའི་ཤེས་རབ་དང་། བསྒོམ་པའི་ ཤེས་རབ་ཀྱིས་ཡུལ་གང་ལ་དམིགས་པར་བྱ་བའི་དམིགས་པ་ཇེ་བཙལ་ཏེ། ཡུལ་འདི་ནི་དམིགས་པར་བྱའོ་ཞེས་ཤེས་རབ་རྣམ་པ་གསུམ་གྱིས་དམིགས་པར་བྱ་བའི་ཡུལ་བཙལ་བ་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་བཞི་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །སྡེ་སྣོད་དག་ནི་གསུམ་མམ་གཉིས་ཀྱང་རུང་། ། ཞེས་བྱ་བ་ལ། ཤེས་རབ་རྣམ་གསུམ་གྱིས་དམིགས་པར་བྱ་བའི་ཡུལ་ནི་རྒྱ་ཆེར་བཤད་ན་སྡེ་སྣོད་གསུམ་གྱི་ཆོས་དག་སྟེ། སྡེ་སྣོད་གསུམ་ནི་མདོ་སྡེའི་སྡེ་སྣོད་དང་། འདུལ་བའི་སྡེ་སྣོད་དང་། མངོན་པའི་སྡེ་སྣོད་དོ། །དམིགས་པར་བྱ་བའི་ཡུལ་མདོར་བསྟན་ན་ནི་ཐེག་པ་ཆུང་ངུ་དང་། ཐེག་པ་ མཆོག་གི་བྱེ་བྲག་དང་། སྡེ་སྣོད་རྣམ་པ་གཉིས་སུ་གཞག་སྟེ། ཉན་ཐོས་ཀྱི་སྡེ་སྣོད་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་དོ། །དེ་ལ་གསུང་རབ་ཡན་ལག་བཅུ་གཉིས་ལ་ཤིན་ཏུ་རྒྱས་པ་དང་། སྐྱེས་པ་རབས་ཀྱི་སྡེ་སྣོད་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཅེས་བྱའོ། །ལྷག་མ་རྣམས་ལས་ ཕལ་ཆེར་ནི་ཉན་ཐོས་ཀྱི་སྡེ་སྣོད་དེ། ཕལ་ཆེར་སྨོས་པ་ནི་ལྷག་མ་ལ་ཐེག་པ་ཆེན་པོ་དང་། ཉན་ཐོས་ཀྱི་ཐེག་པའི་ཆོས་ཅན་ཐུན་མོང་དུ་གྱུར་པའང་ཡོད་པར་སྟོན་ཏོ། །ཅིའི་ཕྱིར་གསུམ་པོ་དང་། གཉིས་པོ་དེ་དག་ལ་སྡེ་སྣོད་ཅེས་བྱ་ཞེ་ན། དེའི་ཕྱིར་བསྡུ་བའི་ཕྱིར་ཏེ། དཔེར་ན་སྣོད་གང་དུ་འབྲུ་བྲེ་ བཅུ་ཤོང་ཞིང་འདུས་པའི་སྣོད་དེ་ལ་སྣོད་ཅེས་བྱ་བ་དང་འདྲ་བར་གསུམ་པོ་དང་གཉིས་པོ་འདིར་ཡང་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་དོན་དང་ཚིག་ཐམས་ཅད་འདུས་པས་སྡེ་སྣོད་ཅེས་བྱའོ། །ཡང་ན་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་ཆོས་ནས་སྐུ་དང་ཡེ་ཤེས་ལ་སོགས་པའི་བར་དུ་ཤེས་པར་བྱ་བའི་ དོན་ཐམས་ཅད་འདུས་པས་ནི་དེའི་ཕྱིར་སྡེ་སྣོད་ཅེས་བྱའོ། །ཅིའི་ཕྱིར་སྡེ་སྣོད་གསུམ་དུ་གཞག་ཅེ་ན། དེའི་ཕྱིར་རྒྱུ་ཡང་དགུར་འདོད་དོ། །ཞེས་སྨོས་ཏེ། སྡེ་སྣོད་གསུམ་དུ་བཞག་ན་ནི་རྒྱུ་རྣམ་པ་དགུའི་ཕྱིར་སྡེ་སྣོད་གསུམ་དུ་གཞག་པར་འདོད་དོ་ཞེས་བྱ་བའི་དོན་ཏོ། །སྡེ་སྣོད་གསུམ་དུ་གཞག་པ་ལ་ དགོས་པ་ཅི་ཡོད་ཅེ་ན། དེའི་ཕྱིར་རྣམ་པར་གྲོལ་ཞེས་སྨོས་ཏེ། སྡེ་སྣོད་གསུམ་དུ་གཞག་པ་ནི་སེམས་ཅན་རྣམས་འཁོར་བ་ལས་འབྱུང་ཞིང་མྱ་ངན་ལས་འདས་པ་ཐོབ་པར་བྱ་བ་དང་། སངས་རྒྱས་ཐོབ་པར་བྱ་བའི་ཕྱིར་སྡེ་སྣོད་གསུམ་དུ་གཞག་གོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་གྲོལ་ བར་འགྱུར་ཞེ་ན། དེའི་ཕྱིར། བག་ཆགས་ཤེས་བྱེད་ཞི་བར་བྱེད་པ་དང་། །རབ་ཏུ་རྟོགས་པར་ཞེས་བྱ་བ་སྨོས་ཏེ། རྣམ་པར་གྲོལ་བར་བྱེད་པ་ནི་སྡེ་སྣོད་གསུམ་མཉན་པ་དང་། བསམས་པ་དང་། བསྒོམས་པའི་ཤེས་རབ་ཀྱིས་རྣམ་པར་གྲོལ་བར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལ་མཉན་པའི་ཤེས་རབ་ ཀྱིས་ནི་བག་ཆགས་སུ་བྱེད། ནམ་ཐོས་པའི་དུས་ན་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་རྒྱུ་མཐུན་པ་ལས་བྱུང་བའི་མོས་པའི་བག་ཆགས་འཇོག་པར་བྱེད་པའི་ཕྱིར་རོ། །བསམ་པའི་ཤེས་རབ་ཀྱིས་ནི་ཤེས་པར་བྱེད། དེ་ཇི་ལྟ་ཇི་ལྟར་བསམ་པ་དེ་ལྟ་དེ་ལྟར་དེ་དག་གི་དོན་རྟོགས་པར་འགྱུར་བའི་ཕྱིར་རོ། ། ཆོས་རྟོགས་པ་དང་ལྡན་པའི་ཤེས་རབ་ཅན་ནི་བསྒོམ་པ་ལ་འཇུག་སྟེ། བསྒོམ་པ་ལ་ཞུགས་པའི་ཏིང་ངེ་འཛིན་གྱི་མཚན་ཉིད་ཞི་གནས་འཐོབ་པར་འགྱུར་རོ། །ཞི་གནས་ཀྱི་སྟོབས་ཀྱིས་ནི་ཉོན་མོངས་པ་ཞི་བར་བྱེད་དེ་ཉོན་མོངས་པ་རྣམས་འཇིལ་བར་བྱེད་ཅེས་བྱ་བའི་དོན་ཏོ། །ཏིང་ངེ་འཛིན་ཐོབ་པས་ སེམས་རྩེ་གཅིག་ཏུ་གྱུར་ན་ལྷག་མཐོང་གི་མཚན་ཉིད་ཀྱི་ཤེས་རབ་སྐྱེ་བར་འགྱུར་ཏེ། ཤེས་རབ་ཀྱིས་ནི་བདེན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱེད་དེ། བདེན་པ་རྟོགས་ན་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་རྩ་བ་ནས་འབྱིན་པས་ན་དེ་ལྟར་རྣམ་པར་གྲོལ་བར་འགྱུར་རོ། ། རྒྱུ་དགུའི་ཕྱིར་ཏེ་ཞེས་བྱ་བ་ལ་ཉོན་མོངས་པ་རྣམ་པ་གསུམ་སྟེ། ཐེ་ཚོམ་ཉེ་བའི་ཉོན་མོངས་པ་དང་། འདོད་པ་ལ་ཆགས་པས་རྗེས་སུ་སྦྱོར་བའི་མཐའ་དང་། བདག་ངལ་བ་ལ་རྗེས་སུ་སྦྱོར་བ་མཐའི་ཉེ་བའི་ཉོན་མོངས་པ་དང་། བདག་ཉིད་ལྟ་བའི་ཉེ་བའི་ཉོན་མོངས་པ་དང་ལྔ་སྟེ། ཉོན་མོངས་པ་ དེ་དག་སྤངས་པའི་ཕྱིར་སྡེ་སྣོད་གསུམ་བཤད་དེ་ཞེས་བྱ་བའི་དོན་ཏོ། །ཐེ་ཚོམ་གྱི་གཉེན་པོ་ནི་མདོ་ཡིན་ཏེ་ཞེས་བྱ་བ་ལ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པའི་ཆོས་རྣམས་ལ་ཐེ་ཚོམ་གྱུར་པའི་ཉོན་མོངས་པའི་གཉེན་པོར་ནི་མདོ་སྡེའི་སྡེ་སྣོད་བཤད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། ། ཇི་ལྟར་ཐེ་ཚོམ་གྱི་གཉེན་པོར་འགྱུར་རོ་ཞེ་ན། དེའི་ཕྱིར། གང་དོན་གང་ལ་ཐེ་ཚོམ་ཟ་བ་དེ་ལ་རྣམ་པར་གདོན་མི་ཟ་བར་བྱ་བའི་ཕུང་པོ་བཤད་པས་སོ་ཞེས་བྱ་བ་སྨོས་ཏེ། གང་ཞེས་བྱ་བ་ནི་གང་ཟག་གང་ཞེས་བྱ་བའི་དོན་ཏོ། །དོན་གང་ལ་ཞེས་བྱ་བ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དེ། རྟེན་ཅིང་འབྲེལ་ཏེ་ འབྱུང་བ་དང་། བདེན་པ་དང་ས་དང་ཕ་རོལ་ཏུ་ཕྱིན་པའི་རང་དང་སྤྱིའི་མཚན་ཉིད་ཀྱི་དོན་གང་ལ་ཞེས་བྱ་བའི་དོན་ཏོ། །ཐེ་ཚོམ་ཟ་བ་ནི་ཡིན་ནམ་མ་ཡིན་སྙམ་དུ་ཡིད་གཉིས་ཟ་བའོ། །གདོན་མི་ཟ་བར་བྱ་བའི་དོན་ནི་ཐེ་ཚོམ་ཟ་བ་དེ་དག་གི་ཐེ་ཚོམ་མེད་པར་བྱས་ནས། ཆོས་ཀྱི་མཚན་ཉིད་གཏན་ལ་ཕབ་པར་ཤེས་ པར་བྱ་བའི་ཕྱིར། མདོ་སྡེ་བཤད་དོ་ཞེས་བྱ་བའི་དོན་ཏོ། །འདུལ་བ་ནི་མཐའ་གཉིས་རྗེས་སུ་སྦྱོར་བའི་ཉེས་པ་གཉེན་པོ་གཉིས་པོ་སྟེ་ཞེས་བྱ་བ་ལ། འདུལ་བའི་སྡེ་སྣོད་ནི་འདོད་པ་ལ་ཆགས་པས་རྗེས་སུ་སྦྱོར་བའི་མཐའ་དང་བདག་ངལ་བ་ལ་རྗེས་སུ་སྦྱོར་བ་ལ་མཐའི་ཉེ་བའི་ཉོན་མོངས་པའི་གཉེན་པོར་བཤད་དོ་ཞེས་བྱ་བའི་དོན་ ཏོ། །ཇི་ལྟར་མཐའ་གཉིས་རྗེས་སུ་སྦྱོར་བའི་ཉེས་པའི་གཉེན་པོར་འགྱུར་ཞེ་ན། འདོད་པ་ལ་ཆགས་པས་རྗེས་སུ་སྦྱོར་བའི་མཐའི་གཉེན་པོར་འགྱུར་བར་བསྟན་པའི་ཕྱིར་ཁ་ན་མ་ཐོ་དང་བཅས་པ་ལ་ཀུན་དུ་སྤྱོད་པ་དགག་པའི་ཕྱིར་འདོད་པ་ལ་ཆགས་པས་རྗེས་སུ་སྦྱོར་བའི་མཐའ་དང་ཞེས་སྨོས་ཏེ། འདོད་ པ་ལ་ཆགས་པ་ནི་གང་བཅོམ་ལྡན་འདས་ཀྱིས་སྤྱོད་དུ་མི་གནང་བར་བསླབ་པ་ཚིགས་སུ་བཅད་པ་ལས་འདས་ནས་ཡོ་བྱད་སྣ་ཚོགས་ལ་སོགས་པའི་ཚུལ་གྱིས་བདག་ཆགས་པ་དང་རྒྱགས་པར་བྱ་བའི་དོན་དུ་ཀུན་དུ་ལོངས་སྤྱོད་པར་བྱེད་པ་སྟེ། དཔེར་ན་འདོད་པ་ལ་ཞེན་པའི་ཁྱིམ་ན་གནས་པ་ལ་སོགས་པ་ལྟ་བུའོ། ། དེའི་གཉེན་པོ་ནི་ཁ་ན་མ་ཐོ་བ་དང་བཅས་པ་ལ་ཀུན་དུ་སྤྱོད་པ་སྤྱོད་དུ་མི་གནང་བར་བཀག་སྟེ། དེ་ལ་སྤྱོད་པ་གང་གིས་ཕས་ཕམ་པ་དང་། ལྟུང་བ་དང་ཉེས་བྱས་ལ་སོགས་པ་འབྱུང་བར་འགྱུར་བའི་སྤྱོད་པ་ནི་ཁ་ན་མ་ཐོ་བ་དང་བཅས་པའི་སྤྱོད་པ་ཞེས་བྱ་སྟེ། དེ་བཀག་པ་ཡང་འདི་དང་འདི་རྣམས་ནི་སྤྱོད་པ་མི་གནང་ ངོ་ཞེས་བཀག་པ་དང་། བསླབ་པ་ཚིགས་སུ་བཅད་པ་རྣམས་ལ་ནི་བག་དང་བཅས་པ་དང་གུས་པ་དང་བཅས་པ་དང་། བསྒྲིམས་ཏེ་སྲུངས་ཤིག་ཅེས་བཀའ་སྩལ་པའོ། །བདག་ངལ་བ་ལ་རྗེས་སུ་སྦྱོར་བའི་མཐའི་གཉེན་པོར་གྱུར་པའི་ཕྱིར། ཁ་ན་མ་ཐོ་བ་མེད་པ་ལ་ཀུན་དུ་སྤྱོད་པར་རྗེས་སུ་གནང་བའི་ཕྱིར། བདག་ ངལ་བ་ལ་རྗེས་སུ་སྦྱོར་བའི་མཐའོ་ཞེས་བྱ་བ་སྨོས་ཏེ། ཁ་ན་མ་ཐོ་བ་མེད་པ་ལ་ཀུན་དུ་སྤྱོད་པར་གནང་བ་ནི་གང་། བཅོམ་ལྡན་འདས་ཀྱིས་ལྷུང་བཟེད་དང་། ཆོས་གོས་ལ་སོགས་པའི་ཡོ་བྱད་སྤྱོད་དུ་གནང་བ་རྣམས་ལ་བྱ་སྟེ། དེ་ཡང་མུ་སྟེགས་ཅན་གྱི་དཀའ་ཐུབ་ཐལ་བ་དང་ཚེར་མར་ཉལ་ བ་དང་། ཟས་སྤྱོད་པ་ཁྱི་དང་བ་ལང་ལ་སོགས་པའི་དཀའ་ཐུབ་ཀྱིས་བདག་གི་ལུས་སྡུག་བསྔལ་བར་བྱེད་པའི་གཉེན་པོར་གསུངས་ཏེ། དེ་བས་ན་འདུལ་བ་ལས་ཀྱང་། བཅོམ་ལྡན་འདས་ཀྱིས་ཚུལ་ཁྲིམས་དང་ལྡན་པ་དང་། ཡོན་ཏན་དང་ལྡན་པའི་དགེ་སློང་ནི་ཁ་ཟས་རོ་བརྒྱ་དང་ལྡན་པ་དང་། བརྒྱ་སྟོང་རི་བའི་ གོས་དང་། ཁང་པ་གཙང་མ་དག་ཀྱང་སྤྱོད་དུ་གནང་ངོ་ཞེས་གསུངས་སོ། །མདོར་ན། ཁ་ཟས་རོ་བརྒྱ་པ་ཟོས་ནས་ཀྱང་། ཆགས་པ་དང་རྒྱགས་པ་མེད་ན་དེ་ཉིད་ཁ་ན་མ་ཐོ་བ་མེད་པར་སྤྱོད་པ་ཡིན་ལ། སྔོ་རྔད་ཀྱི་བག་ཟོས་ནས། ཆགས་པ་དང་རྒྱགས་པ་ཡོད་ན་དེ་ཉིད་ཁ་ན་མ་ཐོ་བ་དང་བཅས་པར་སྤྱོད་པའོ། །བརྒྱ་ སྟོང་རི་བའི་གོས་གྱོན་ནས་ཀྱང་ཆགས་པ་དང་རྒྱགས་པ་མེད་པར་སྤྱོད་ན་དེ་ཉིད་ཁ་ན་མ་ཐོ་བ་མེད་པར་སྤྱོད་ལ། ཕྱག་དར་ཁྲོད་པ་རྣམས་ལ་སྤྱོད་དེ། གལ་ཏེ་ཆགས་པ་དང་རྒྱགས་པ་ཡོད་ན་དེ་ཉིད་ཁ་ན་མ་ཐོ་བ་དང་བཅས་པར་སྤྱོད་པ་ཡིན་ནོ། །མངོན་པའི་ཆོས་ནི་བདག་ཉིད་ལྟ་བ་བསྙེམས་པའི་གཉེན་པོར་ཏེ་ཞེས་བྱ་བ་ལ། ཉུང་ཟད་ཙམ་ཐོས་ལ་མང་དུ་ཐོས་པ་མེད་པར་ཅུང་ཟད་ཙམ་ཤེས་པའི་ཆོས་ཀྱིས་ང་རྒྱལ་བྱེད་ཅིང་ལྟ་བ་དང་། ཚུལ་ཁྲིམས་ཕྱིན་ཅི་ལོག་ལ་ཆགས་ནས་དགེ་བའི་བཤེས་གཉེན་དག་གི་ཐད་ནས་མང་དུ་ཐོས་པ་མི་ཚོལ་བ་ནི་བདག་ཉིད་ལྟ་བ་བསྙེམས་པ་ཞེས་བྱ་སྟེ། དེའི་གཉེན་པོར་མངོན་པའི་ཆོས་བཤད་དོ་ཞེས་བྱ་བའི་ དོན་ཏོ། །ཇི་ལྟར་ལྟ་བ་བསྙེམས་པའི་གཉེན་པོར་འགྱུར་ཞེ་ན། དེའི་ཕྱིར། ཆོས་ཀྱི་མཚན་ཉིད་མ་ལོག་པར་བསྟན་པའི་ཕྱིར་ཞེས་སྨོས་ཏེ། མངོན་པའི་ཆོས་ཀྱི་ནང་ནས་ནི་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ཕྱིན་ཅི་མ་ལོག་པར་བཤད་ལ། དེ་ཐོབ་པར་གྱུར་ན་ཆོས་ཀྱི་མཚན་ཉིད་ཕྱིན་ཅི་མ་ལོག་པར་ཁོང་དུ་ཆུད་པར་ འགྱུར་བས་ལྟ་བ་དང་། ཚུལ་ཁྲིམས་ལ་ཕྱིན་ཅི་ལོག་ཏུ་འཛིན་པ་སྤོང་བར་བྱེད་པའི་ཕྱིར་ཏེ། འདི་ཡན་ཆད་རྒྱུ་རྣམ་པ་གསུམ་འཆད་དོ། །ཡང་མདོ་སྡེ་ནི་བསླབ་པ་གསུམ་བཤད་དོ་ཞེས་བྱ་བ་ལ། བསླབ་པ་གསུམ་ནི། ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་དང་། ལྷག་པའི་སེམས་ཀྱི་བསླབ་པ་དང་། ལྷག་ པའི་ཤེས་རབ་ཀྱི་བསླབ་པའོ། །དེ་ལ་ཉན་ཐོས་ཀྱི་ཚུལ་ཁྲིམས་ཀྱིས་ནི། ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ནི་ཚུལ་དང་ལྡན་པ་ཡིན། སོ་སོར་ཐར་པའི་སྡོམ་པས་བསྡམས་པ་སྤྱོད་ཡུལ་དང་སྤྱོད་པ་ཕུན་སུམ་ཚོགས་པ་ཁ་ན་མ་ཐོ་བ་ཕྲ་མོ་ལ་ཡང་འཇིགས་པར་ལྟ་བ་སྟེ། ཡང་དག་པར་བླངས་པའི་གནས་ རྣམས་ལ་སློབ་བོ་ཞེས་གསུངས་པའོ། །ལྷག་པའི་སེམས་ཀྱི་བསླབ་པ་ནི་གཟུགས་ཀྱི་ཁམས་ཀྱི་བསམ་གཏན་བཞི་དང་། གཟུགས་མེད་པའི་ཁམས་ཀྱི་སྙོམས་པར་འཇུག་པ་བཞིའོ། །ལྷག་པའི་ཤེས་རབ་ཀྱི་བསླབ་པ་ནི། འཕགས་པའི་བདེན་པ་བཞི་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པར་བྱའོ། །ཐེག་ པ་ཆེན་པོའི་ཚུལ་གྱིས་ན། སྡོམ་པའི་ཚུལ་ཁྲིམས་དང་། དགེ་བ་སྡུད་པའི་ཚུལ་ཁྲིམས་དང་། སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་གསུམ་ལ་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཞེས་བྱའོ། །ནམ་མཁའ་མཛོད་དང་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་སོགས་པ་ནི་ལྷག་པའི་སེམས་ཀྱི་བསླབ་པ་ ཞེས་བྱའོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་ནི་ལྷག་པའི་ཤེས་རབ་ཀྱི་བསླབ་པ་ཞེས་བྱ་སྟེ། ཉན་ཐོས་དང་ཐེག་པ་ཆེན་པོའི་མདོ་སྡེའི་ནང་ནས་བསླབ་པ་གསུམ་འཆད་དོ་ཞེས་བྱ་བའི་དོན་ཏོ། །འདུལ་བས་ནི་ལྷག་པའི་ཚུལ་ཁྲིམས་དང་། ལྷག་པའི་སེམས་བསྒྲུབ་པ་ཡིན་ཏེ་ཞེས་བྱ་བ་ལ། འདུལ་བས་ནི་ ལྷག་པའི་ཚུལ་ཁྲིམས་དག་པར་བྱེད་པ་དང་། ལྷག་པའི་སེམས་མངོན་སུམ་དུ་བྱེད་པ་ཡིན་ཏེ། ལྷག་པའི་ཚུལ་ཁྲིམས་དག་པར་བྱེད་པ་ནི་འདུལ་བ་ལས་འབྱུང་བ་བཞིན་དུ་སྤྱད་ན་ཚུལ་ཁྲིམས་ལ་སྐྱོན་མེད་པའི་ཕྱིར་རོ། །ཚུལ་ཁྲིམས་དང་ལྡན་པ་ནི་འགྱོད་པ་མེད་པ་ལ་སོགས་པའི་རིམ་གྱིས་ཏིང་ངེ་འཛིན་ཐོབ་ པའི་ཕྱིར་རོ་ཞེས་བྱ་བ་ལ་ཚུལ་ཁྲིམས་དང་ལྡན་ན་འགྱོད་པ་མེད་པར་འགྱུར་རོ། །འགྱོད་པ་མེད་ན་ལུས་བག་ཡངས་ཐོབ་བོ། །ལུས་བག་ཡངས་ཐོབ་ན་བདེ་བ་སོ་སོར་མྱོང་བར་འགྱུར་རོ། །བདེ་བ་སོ་སོར་མྱོང་ན་སེམས་རྩེ་གཅིག་ཏུ་འགྱུར་ཏེ། དེ་བས་ན་ཏིང་ངེ་འཛིན་མངོན་སུམ་དུ་འགྱུར་རོ། །མངོན་པའི་ ཆོས་ནི་ལྷག་པའི་ཤེས་རབ་ཏུ་སྒྲུབ་པ་ཡིན་ཏེ་ཞེས་བྱ་བ་ལ། མངོན་པའི་ཆོས་ཀྱིས་ནི་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་མ་ནོར་བར་ཤེས་པའི་ལྷག་པའི་ཤེས་རབ་སྒྲུབ་ཅིང་མངོན་སུམ་དུ་བྱེད་པ་ཡིན་ཏེ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ལྷག་པའི་ཤེས་རབ་སྒྲུབ་ཅེ་ན། དེའི་ཕྱིར། མ་ནོར་བ་རྣམ་པར་རབ་ ཏུ་སྣང་བར་བྱེད་པའི་ཕྱིར་རོ་ཞེས་སྨོས་ཏེ། མངོན་པའི་ཆོས་ཀྱི་ནང་ནས་ནི་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་མ་ནོར་བར་ཕྱེ་སྟེ་བཤད་པས་ན་དེ་ཐོས་པའི་སྒོ་ནས་ཆོས་ཀྱི་མཚན་ཉིད་ལ་མ་ནོར་བར་ཤེས་པའི་ཤེས་རབ་སྐྱེ་བར་འགྱུར་ཏེ། འདི་ཡན་ཆད་ཀྱིས་རྒྱུ་དྲུག་བསྟན་ཏོ། །ཡང་ མདོ་སྡེས་ནི་ཆོས་དང་དོན་བཤད་དོ་ཞེས་བྱ་བ་ལ། མིང་དང་ཚིག་དང་ཡི་གེ་རྣམས་ལ་ནི་ཆོས་ཞེས་བྱའོ། །དེས་བརྗོད་པར་བྱ་བ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ལ་ནི་དོན་ཞེས་བྱའོ། །ཡང་ན་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་ལ་ནི་ཆོས་ཞེས་བྱའོ། །དགོངས་པ་བཞི་དང་ལྡེམ་པོ་ ངག་བཞི་ལ་ནི་དོན་ཞེས་བྱའོ། །ཡང་ན་མཐོ་རིས་ཐོབ་པར་བྱེད་པའི་རྒྱུ་དགེ་བ་བཅུ་ལ་ནི་ཆོས་ཞེས་བྱའོ། །མྱ་ངན་ལས་འདས་པ་ཐོབ་པར་བྱེད་པའི་རྒྱུ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་སོགས་པ་ལ་ནི་དོན་ཞེས་བྱ་སྟེ། མདོ་སྡེའི་ནང་ནས་ནི་ཆོས་དང་དོན་གཉིས་འཆད་དོ་ཞེས་བྱ་བའི་དོན་ཏོ། ། འདུལ་བས་ནི་ཆོས་དང་དོན་སྒྲུབ་པ་སྟེ་ཞེས་བྱ་བ་ལ། འདུལ་བས་ནི་ཆོས་དང་དོན་མངོན་སུམ་དུ་བྱེད་དོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་མངོན་སུམ་དུ་བྱེད་